རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཆ་ལག་དང་བཅས་པའི་ཁྲིད་ཡིག་ཡིད་བཞིན་དབང་གི་རྒྱལ་པོ།
རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཆ་ལག་དང་བཅས་པའི་ཁྲིད་ཡིག་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས། །
རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལེ་ལག་དང་བཅས་པའི་ཁྲིད་རིམ་གསལ་བར་བྱས་པ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་གུས་པས་ཕྱག་འཚལ་ལོ། །དགོངས་བརྡའ་སྙན་བརྒྱུད་བཀའ་གཏད་ཤོག་སེར་གྱི། །ལྔ་ལྡན་བརྒྱུད་པའི་བླ་མ་མ་ལུས་པ། །མཚོ་སྐྱེས་རྡོ་རྗེ་འཆང་དབང་གང་ཉིད་ཀྱི། །ངོ་བོར་འདུས་ལ་རྣམ་ཀུན་ཕྱག་བགྱིའོ། །ཆིག་ཐུབ་མོས་གུས་ཟོལ་མེད་གསོལ་བཏབ་པས། །བྱིན་རླབས་འཕོ་བས་ཚིག་དང་ཡི་གེ་ཡིས། །མཚོན་མིན་ཀ་དག་རྗེན་པ་རང་ཤར་དུ། །རྟོགས་འདི་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་དྲིན། །ལྷུན་གྲུབ་རང་རིག་རྡོ་རྗེ་ལུ་གུ་རྒྱུད། །མངོན་སུམ་མཛུབ་ཚུགས་སྤྲོད་དང་རྫོགས་པ་ཆེའི། །སྨིན་གྲོལ་རྒྱལ་ཐབས་སྤྱི་བླུགས་མཆོག་སྦྱིན་མཁན། །ནུས་ལྡན་རྡོ་རྗེ་ལས་གཞན་དམིགས་སུ་མེད། །བྱང་ཆུབ་བར་དུ་བཀའ་དྲིན་འཁོར་མེད་གཉིས། །འོག་མིན་རྡོར་འཆང་དཔལ་རིར་ཨོ་རྒྱན་རྗེ། །གཉིས་སུ་སྣང་ཡང་གཉིས་མེད་བདག་རྒྱུད་ཀྱི། །རང་རིག་ངོ་བོར་འདུ་འབྲལ་མེད་པས་མཆོད། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་རྣམས། །ཀུན་འདུས་དྲིལ་སྒྲུབ་གར་དབང་འཆི་མེད་ལྷ། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གུས་པས་འདུད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །མཐའ་ཀླས་ཐེག་པའི་བྱེ་བྲག་ཐམས་
ཅད་ཀྱི། །རྩེ་རྒྱལ་ཨ་ཏི་རྫོགས་པ་ཆེན་པོ་ནི། །འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཟབ་མོའི་ལམ། །འདི་ན་སྐལ་བཟང་དོན་དུ་གསལ་བྱེད་ཁྲིད། །ཡིད་བཞིན་དབང་གི་རྒྱལ་མཚུངས་ཡོངས་སྤེལ་ན། །རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས་པ་དང་། །གར་དབང་ལྷ་ཡིས་དངོས་གྲུབ་ཉེར་སྩོལ་ཞིང་། །ཆོས་བདག་རྣམས་ཀྱི་བཀའ་ཡིས་གནང་བར་མཛོད། །དེ་ལ་འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པའི་ལམ་གཅིག་པུ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ། ཨ་ཏི་རྫོགས་པ་ཆེན་པོའི་རྩེ་རྒྱལ། ཚེ་གཅིག་ལ་རྫོགས་པའི་སངས་རྒྱས་བདེ་བླག་ཏུ་འཐོབ་པར་བྱེད་པའི་མྱུར་ལམ་འོད་གསལ་རྡོ་རྗེ་སྙིང་པོ་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཆ་ལག་ཡོངས་སུ་རྫོགས་པའི་ཁྲིད་ཀྱི་རིམ་པ་གསལ་བར་བྱ་བ་འདི་ལ་དོན་གསུམ་སྟེ། གཏེར་བྱོན་ཀ་དག་གི་གཞུང་ལས། ཇི་སྐད་དུ། སྔོན་དུ་འགྲོ་བའི་རིམ་པ༔ དངོས་གཞི་ཁྲེགས་ཆོད་ཀ་དག་གི་ཉམས་ལེན༔ ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་དང་གསུམ་མོ༔ ཞེས་གསུངས་ཤིང་། དང་པོ་སྔོན་འགྲོ་ལ་ཡང་གཏེར་གཞུང་ཉིད་ལས། དཔོན་སློབ་ཀྱི་མཚན་ཉིད༔ མཐུན་རྐྱེན་གྱི་གཞི༔ ལོ་རྒྱུས་ཀྱི་བབས་ལུགས༔ ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་སྟེ་དོན་ཚན་ལྔའོ༔ ཞེས་གསུངས་པས་དང་པོ་དཔོན་སློབ་ཀྱི་མཚན་ཉིད་ལས་སློབ་དཔོན་ནི། ཚེའི་སྒྲུབ་ཆེན་པྲ་ཁྲིད་ལས། ཐུན་མོང་ཐེག་པ་དང་
བསྟུན་ཏེ་ཞི་དུལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ༔ གསང་སྔགས་དང་བསྟུན་ཏེ་ལྟ་སྒོམ་སྤྱོད་གསུམ་ཁྱེར་སོ་གསུམ་དང་ལས་རབ་འབྱམས་ལ་མཁས་ཤིང་མ་རྨོངས་པའོ༔ ཞེས་གསུངས་པས་མཚན་ཉིད་དེ་ལྡན་ཞིག་དགོས་པ་དང་། སློབ་མ་ནི། པྲ་ཁྲིད་ལས། དད་པ་དང་ཤེས་རབ་བརྩོན་འགྲུས་གསུམ་ཟུང་དུ་འཛོམ་པ་ཐུན་མོང༔ ཐེག་ཆེན་པའི་ལུགས་ལྟར་བྱམས་སྙིང་རྗེ་དང་ལྡན་ཞིང་སྔགས་ལྟར་ན་གསང་ཐུབ་ཅིང་ཁོག་ཡངས་པ་བློ་བརྟན་ཞིང་ངེས་པའོ༔ ཞེས་གསུངས། དེ་ལྟ་བུའི་དཔོན་སློབ་ཀྱི་འབྲེལ་པ་བརྟག་པ་ནི་ཕན་ཚུན་གཉིས་ཀས་ལོ་དང་ཟླ་བའི་བར་དུ་བརྟགས་ཤིང་དཔྱད་ནས་བསྟེན་པའི་ཡུལ་དང་སྣོད་རུང་དུ་ཡིད་ཆེས་ན་བསྟེན་ཞིང་བཟུང་བར་བྱ་དགོས་པར་གསུངས་སོ། །གཉིས་པ་མཐུན་རྐྱེན་གྱི་གཞི་ལ་ནང་གསེས་ཀྱིས་ཕྱེ་ན་བཞིར་ཡོད་དེ་གཞུང་ལས། གནས་དང༔ དུས་དང༔ གྲོགས་དང༔ ཡོ་བྱད་དེ་བཞིའོ༔ ཞེས་གསུངས་པས། དང་པོ་གནས་ནི་གྲུབ་ཐོབ་རིག་འཛིན་གོང་མས་བྱིན་གྱིས་བརླབས་པའི་གནས་དཔའ་བོ་དང་ཌཱ་ཀི་རང་བཞིན་དུ་འདུ་བ་དེ་ལྟ་བུའི་གནས་སུ་ཉམས་སུ་བླངས་པས་གནས་ཀྱིས་རང་བྱིན་གྱིས་རློབ་པ་དང་། ཡང་ས་ཕྱོགས་དཔྱད་བཟང་ཞིང་བཀྲ་ཤིས་ལ་གཙང་བ་རྣམ་གཡེང་མེད་ཅིང་ཏིང་འཛིན་ངང་གིས་འཕེལ་བའི་གནས་རྣམས་སུ་བསྒྲུབས་པས་རང་གིས་གནས་དེ་བྱིན་གྱིས་བརླབ་པའི་གཞིར་རུང་བའོ། །གང་དུ་
ཡང་ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་ཉུང་བ། མཚན་མོ་དགྲ་རྐུན་གྱི་འཇིགས་པ་སོགས་མེད་ཅིང་ས་ཆུ་འཕྲོད་པ་བརྟེན་ནོ། །གཉིས་པ་དུས་ནི་སྤྱིར་གྱིས་དགེ་བ་རྒྱལ་བའི་དུས་ཆེན་བཞི་དང་ཡར་མར་གྱི་ཚེས་བཅུ་ལ་སོགས་པ་དང་། བྱེ་བྲག་མངོན་སུམ་ཡེ་ཤེས་ཀྱི་སྣང་བ་འཆར་བ་བདེ་ཞིང་བསིལ་དྲོད་སྙོམས་པས་སྟོན་མ་དབྱར་དང་དགུན་ཆུང་དཔྱིད་ཀྱི་དུས་དང་བསྟུན་དགོས་པར་གསུངས་སོ། །གསུམ་པ་གྲོགས་ནི་སློབ་མའི་མཚན་ཉིད་དང་ལྡན་པའམ། དམ་ཚིག་དང་ལྡན་པའི་རྡོ་རྗེའི་མཆེད་ལྟ་བུ། དབང་གསུམ་པའི་ཉམས་ལེན་གྱི་སྐབས་སུ་ལས་རྒྱ་མཚན་ཉིད་དང་ལྡན་པ་བསྟེན་པར་བྱ་བའོ། །བཞི་པ་ཡོ་བྱད་ནི་བླ་མ་མཉེས་པར་བྱེད་པའི་རིན་པོ་ཆེའི་མཎྜལ་མེ་ཏོག་ལ་སོགས་པའི་ཡོན་དང་། ཆོས་བདག་དཔའ་བོ་མཁའ་འགྲོ་རྣམས་ཐུགས་དམ་སྐོང་བྱེད་ཚོགས་ཀྱི་འཁོར་ལོའི་ཡོ་བྱད། རང་ཉིད་ཀྱི་སྒྱུ་ལུས་འཚོ་བའི་ཟས་སྐོམ་འདོད་ཡོན་སོགས་ཁམས་ཀྱི་རྟེན་གསོ་མཐུན་པའི་རྐྱེན་ཐམས་ཅད་མ་ཚང་བ་མེད་པར་ཚོགས་པར་བྱའོ། །གསུམ་པ་ལོ་རྒྱུས་ཀྱི་བབས་ལུགས་ནི། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། སྨོན་ལམ་བཀའ་གཏད། ཤོག་སེར་ཚིག་བརྒྱུད་དེ་རྣམ་པ་ལྔར་འདུས་ལ། དེ་ལ་དང་པོ་རྒྱལ་བ་དགོངས་པས་བརྒྱུད་ཚུལ་ནི། པདྨོ་བདེ་བ་ཅན་རྒྱ་ཚད་མེད་བཀོད་པ་ཕྱོགས་ལྷུང་དང་བྲལ་བའི་ཞིང་ཁམས་སུ། ཀ་
དག་ཆོས་ཀྱི་དབྱིངས་ལྷུན་གྲུབ་རང་བྱུང་གི་སྟོན་པ་འོད་མི་འགྱུར་བས་ཡེ་ཤེས་ཐུགས་རྗེའི་རྩལ་རྡོ་རྗེ་སེམས་དཔའ་སོགས་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་སུ་སྣང་བ་རང་གི་དགོངས་པ་བྱ་རྩོལ་དང་བྲལ་བ་རྫོགས་པ་ཆེན་པོའི་ངོ་བོ་ཞལ་ནས་མ་གསུང་ཚིག་དང་དཔེས་མ་མཚོན་པར་དགོངས་པས་བརྒྱུད་དེ་དུས་བཞི་མཉམ་ཉིད་ཆེན་པོར་གསུངས་སོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱ་རྩོལ་དང་བྲལ་བར་གསུངས། དགའ་རབ་རྡོ་རྗེས་དུར་ཁྲོད་རྩུབ་འགྱུར་གྱི་ཚལ་དུ་རིག་འཛིན་ཤྲཱི་སིཾ་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། གཉིས་པ་རིག་འཛིན་བརྡ་བརྒྱུད་ནི་ཤྲཱི་སིཾ་ཧས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་དང་ཡེ་ཤེས་མདོ་གསུམ་ལ་ཡིད་དཔྱོད་དང་བྲལ་བ་བརྡ་དང་བརྡའི་སྒོ་ནས་གསུངས་པའོ། །གསུམ་པ་གང་ཟག་སྙན་བརྒྱུད་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གངས་ཅན་བོད་ཀྱི་ཡུལ་འདིར་རྗེ་འབངས་ཉེར་ལྔ་སྙིང་གི་བུ་དགུ་སོགས་ལ་གསང་སྔགས་སྙིང་པོའི་མཐར་ཐུག་ཐེག་མཆོག་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བ་དང་། བྱེ་བྲག་ཏུ་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཚེ་ཉི་ཟླ་དང་མཉམ་པར་གསོལ་བ་བཏབ་པའི་སྐབས་སུ་གང་ཟག་རབ་འབྲིང་ཐ་མ་ཡང་ཐ་བཞིར་
དགོངས་ཏེ་སྐལ་པ་རབ་རྣམས་ལ་བསྐྱེད་རྫོགས་ཀྱི་གདམས་པ་ཟབ་མོས་ལུས་སྣང་སེམས་གསུམ་འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་ཏུ་སྒྲུབ་པ། འབྲིང་ལ་སྨིན་བྱེད་ཀྱི་དབང་དང་ལྷའི་བཟླས་བརྗོད་ཐུན་མོང་གི་ལས་རབ་འབྱམས་ཙམ་ལ་བརྟེན་ཏེ་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བྱེད་པ། ཐ་མ་ལ་འཆི་མེད་ཚེའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་གི་བྱིན་རླབས་ཀྱིས་ཚེ་སྤེལ་བ། ཡང་ཐ་རྣམས་རྫས་ཀྱི་སྒོ་ནས་མྱང་གྲོལ་བཅུད་ལེན་གྱི་རིལ་བུ་དང་འཆི་མེད་ཀྱི་ཚེ་ཆུ་ཙམ་གྱིས་ཚེ་རིང་པོར་བྱེད་པ་སྟེ། ཚུལ་དེ་ལྟ་བུའི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བ་དུ་མ་ཞིག་སྩོལ་བར་བཞེད་ཀྱང་རྗེ་འབངས་རྣམས་བསོད་ནམས་ཀྱི་སྐལ་པར་མ་ཤོང་བས་དུས་ལས་ཡོལ་ཞིང་། སླད་དུ་སློབ་དཔོན་ཉིད་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་ཀར་ར་ས་འཕྲུལ་སྣང་གི་ཤར་ལྷོ་མཚམས་ཀྱི་གཡུང་དྲུང་ཕུག་ཏུ་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ། རྒྱལ་སྲས་ཆོས་རྗེ་སོགས་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་གོང་དུ་བཤད་པའི་གདམས་པ་དེ་དག་གིས་སྨིན་ཅིང་གྲོལ་བར་མཛད་དོ། །བཞི་པ་སྨོན་ལམ་བཀའ་གཏད་ནི་དེ་ལྟ་བུའི་ཆོས་བཀའ་རྣམས་དུས་མ་འོངས་སྙིགས་མ་རྩོད་ལྡན་གྱི་གདུལ་བྱ་ད་ལྟ་བ་རྣམས་ལ་དགོངས་ནས་གུ་རུའི་གསུངས་བཞིན་དུ་ཨ་ཙརྱ་ས་ལེས་གཏེར་ཤོག་ལ་བཀོད་ཅིང་ཁྱད་པར་དུ་འཕགས་པའི་གཏེར་རྫས་དང་བཅས་ཏེ་མི་
འཇིག་པའི་ཚས་དང་མི་བརླག་པའི་རྒྱས་བསྡམས། ཟབ་གཏེར་གྱི་སྒྲོམ་བུ་རྒྱལ་སྲས་ཀྱི་དབུ་ཐོག་ཏུ་བཞག་སྟེ་མ་འོངས་རྩོད་ལྡན་སྙིགས་མའི་དུས་དེར་འཕྲད་པའི་སྨོན་ལམ་བཀའ་གཏད་མཛད་པ་དཔེར་མཚོན་ན། གཏེར་གཞུང་ཉིད་ཀྱི་ཀ་དག་གི་དབུར། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི༔ ཁྱད་པར་འཕགས་པ་དྭངས་མའི་བཅུད་ལྟ་བུ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་འདི༔ བདག་འདྲ་སྤྲུལ་སྐུས་མ་འོངས་དོན་ཕྱིར་བཀོད༔ ད་ལྟ་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ནམ་ཞིག་སྨོན་ལམ་ལས་སད་སྐལ་ལྡན་པ༔ བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ༔ དེ་དང་འཕྲད་དེ་འགྲོ་དོན་བྱེད་པར་ཤོག༔ ཅེས་གསུངས་ཤིང་རྨ་སྐུང་ལུང་ཟག་མེད་འཇའ་ཚོན་གྱི་ཕུག་པར་གཏེར་བདག་རྣམས་ལ་གཉེར་དུ་བཅོལ་ཏེ་མི་སྣང་བར་རྒྱས་བཏབ། ལྔ་པ་ཤོག་སེར་ཚིག་བརྒྱུད་ནི་ད་ལྟ་སྐལ་ལྡན་ཆོས་ཀྱི་བདག་པོས་སྔོན་སྨོན་གྱི་མཚམས་སྦྱོར་སད་དེ་ཟབ་གཏེར་གྱི་རྒྱ་བཀྲོལ་ནས་སྐལ་ལྡན་རྣམས་ལ་རྒྱ་ཆེར་སྤེལ་བ་སྟེ། དེ་ལྟ་བུའི་ལྔ་ལྡན་གྱི་བརྒྱུད་པ་འདི་ལ་མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་ཡལ་ཞིང་དམ་ཉམས་དང་འདྲེས་ཁྱེར་གྱི་བསྲེ་སླད་མ་ཞུགས་པས་བརྒྱུད་པ་གཞན་དག་ལ་ལྟོས་ན་ཁྱད་པར་དུ་
འཕགས་པ་ཞིག་གོ །བཞི་པ་ཐུན་མོང་གི་སྔོན་འགྲོ་ལ། གཏེར་གཞུང་ཉིད་ལས། ཉན་ཐོས་ཐེག་པ་དང་སྒོ་བསྟུན་ཏེ་ལུས་རྙེད་དཀའ་བསམ་པ༔ དེ་མི་རྟག་པའི་ཚུལ༔ ལས་འབྲས་མི་འཆོལ་བར་སྨིན་ལུགས༔ འཁོར་བའི་སྡུག་བསྔལ་དང༔ ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བལྟ་བ་དང་སྐྱབས་སུ་འགྲོ་བའོ༔ བྱང་ཆུབ་སེམས་དཔའི་ཐེག་པ་དང་བསྟུན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༔ གསང་སྔགས་ནང་པ་དང་བསྟུན་ཏེ་སྒྲིབ་སྦྱོང་རྡོར་སེམས་ཀྱི་རྣལ་འབྱོར༔ ཚོགས་གསག་བླ་མའི་རྣལ་འབྱོར་དང་མཎྜལ༔ མོས་གུས་བྱིན་རླབས་ཀྱིས་རྟོགས་པ་མངོན་སུམ་དུ་བྱ་ཕྱིར་གསོལ་འདེབས་ཏིང་ངེ་འཛིན་གྱི་དབང་བླང་བའོ༔ ཞེས་གསུངས་པ་རྣམས་ལག་ལེན་བདེ་ཁྱད་ནས་ས་བཅད་བཅུར་དྲིལ་ནས་བསྟན་པར་བྱ་བ་ལ། དང་པོ་ལུས་རྙེད་དཀའ་བསམ་པ་ནི། དེ་ཡང་མི་ཁོམ་པ་བརྒྱད་དང་འབྱོར་པའི་ཆོས་བཅུ་སྟེ་དང་པོ་མི་ཁོམ་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ། ལྷ་ཚེ་རིང་པོ་དང་མི་ཡིན་དུ་ཟིན་ཀྱང་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་ཀླ་ཀློ་དང་དབང་པོ་མ་ཚང་བ་དང་ལོག་ལྟ་ཅན་རྣམས་ནི་ཆོས་བྱར་མི་ཁོམ་པ་ཉིད་ཡིན་ལ། དེ་དག་གི་རྩིས་ན་རང་ཉིད་དགེ་བའི་ཆོས་བཅུས་འབྱོར་པ་སྟེ། ཁམས་དྲུག་ལྡན་པའི་མི་ལུས་ཐོབ་པ། དམ་པའི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་ལྔ་ལ་སྐྱོན་མེད་པ།
མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས་པ། དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ། སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་དེས་ཆོས་གསུངས་པ། དེའི་བསྟན་པ་གནས་པ། ཆོས་སྟོན་པའི་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ཡང་ཡོད་ལ་གཞན་དག་ཀྱང་བདག་ལ་རྗེས་སུ་བརྩེ་བའི་སེམས་དང་ལྡན་པས་མཐུན་པའི་རྐྱེན་སྦྱོར་བ་སྟེ་དེས་ན་ཆོས་བྱེད་དུ་ཁོམ་ཞིང་དབང་ཡོད་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་དཀོན་ལ་ཕན་ཡོན་ཆེན་པོ་དང་ལྡན་པ་ཞིག་སྟེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཤིང་དེ་བས་ཀྱང་རྒྱུ་དང་རྐྱེན་དང་ངོ་བོ་དང་དཔེ་སོགས་རྣམ་གྲངས་དུ་མའི་སྒོ་ནས་བསམ་ཞིང་དཔྱད་དེ་དལ་འབྱོར་དོན་ཡོད་ཀྱི་བློ་དང་ལྡན་པར་བྱའོ། །གཉིས་པ་དེ་མི་རྟག་པའི་ཚུལ་ནི། དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་རི་གླིང་དང་བཅས་པ་འདི་ཡང་ཐོག་མར་ཆགས། བར་དུ་གནས། ཐ་མར་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་ཆོས་ཅན་
དང་། བཅུད་ཀྱི་སྐྱེ་འགྲོ་འདི་དག་ཀྱང་དང་པོར་ཕ་མའི་རྐྱེན་གྱིས་ཆགས། བར་དུ་མཚམས་སྤྲིན་གསེབ་ཀྱི་ཉི་མ་བཞིན་ཡུད་ཙམ་གནས། ཐ་མར་འཆི་ཞིང་འདིར་འགྲོའི་གཏད་སོ་མ་མཆིས་པས་ན་མི་རྟག་པ་དང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཉི་ཟླ་འཆར་ནུབ་ཀྱི་ཚུལ་སྐད་ཅིག་མ་སྔ་ཕྱིའི་བྱེ་བྲག་དང་། གཞན་ཡང་སྔར་མ་ཤི་བ་ལུས་པ་མེད་པ། ཚེ་སྐད་ཅིག་མས་འཛད་པ། ལུས་འདུས་བྱས་ཡིན་པས་འཇིག་པར་འགྱུར་བ་སོགས་ནས་ནམ་འཆིའི་ངེས་པ་སྤུ་ཙམ་ཡང་མེད་པ་སྟེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་ལུས་ནི་འཇིག་ཅིང་འབྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་ལ་འཆི་བའི་ཆོས་ཅན་ཏེ། །ཐང་ཅིག་ཡུད་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །ཞེས་གསུངས་པས་འཆི་བ་བསམ་ཞིང་དེའི་ཚེ་དམ་པའི་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པས་འཆི་ཀར་ཕན་ངེས་དམ་པའི་ཆོས་ཤིག་བྱ་བར་བསམ་ཞིང་། དེ་ཡང་སང་བྱ་གནངས་བྱའི་ངང་ལ་ཟད་ན་འཆི་བ་ནམ་ཡོང་གི་གཏད་སོ་མེད་པས། ལ་འུར་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་བྱ་དགོས་ཏེ། བཤེས་སྤྲིང་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་བས་ཚེས་མཆོག་དགོས་
པ་གཞན་མ་མཆིས། །ཞེས་གསུངས་པ་བཞིན་ཉམས་ལེན་ལ་མྱུར་དུ་འཇུག་པར་བྱ་དགོས་པ་ཡིན་ནོ། །གསུམ་པ་ལས་འབྲས་མི་འཆོལ་བར་སྨིན་ལུགས་ཀྱང་། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །དགེ་ལས་བདེ་བ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་དགེ་བ་དག །ཅེས་གསུངས་པས་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་བཟོད་མེད་མྱོང་དགོས་པ་ནི་མི་དགེ་བ་སྤྱད་པ་ལས་བྱུང་ཞིང་། མཐོ་རིས་ཐར་པའི་བདེ་བ་ཡང་དག་པ་ནི་དགེ་བ་བྱས་པ་ལས་བྱུང་བ་དེའི་ཕྱིར་ལས་འབྲས་མི་འཆོལ་བར་སྨིན་ལུགས་ལ་བསམས་ཏེ་དགེ་སྡིག་གི་འདོར་ལེན་ཕྱེད་ཅིང་སྤང་བླང་ཚུལ་བཞིན་དུ་ཤེས་པས་སྲོག་གཅོད་སོགས་མི་དགེ་བ་བཅུ་སྤོང་ཞིང་། སྦྱིན་སོགས་བཅུ་དང་ཆོས་སྤྱོད་བཅུ་ལ་ནན་ཏན་དུ་འབད་པར་བྱ་བ་ཡིན་ནོ། །བཞི་པ་འཁོར་བའི་སྡུག་བསྔལ་ལ་བསམ་པ་ནི། བདག་ཀྱང་སྔོན་ཆད་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཏེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱངས། ད་དུང་ཡང་འཁོར་བ་ལས་ལྡོག་པའི་གདིང་ནི་བདག་ལ་མེད། །འཁོར་བ་མཐའ་མེད་དུ་སྡུག་བསྔལ་མི་བཟོད་པ་དཔག་ཏུ་མེད་པ་མྱོང་དགོས། འདི་ལྟར་རང་ཉིད་གཅིག་པུར་མ་ཟད་ཕ་མ་སེམས་ཅན་འདི་ཀུན་ཡང་རིགས་དྲུག་གི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་ཡོད་དེ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་
བཟོད་པར་དཀའ་བ་དེ་འདྲ་བ་དང་། ཡི་དྭགས་ལ་བཀྲེས་ཤིང་སྐོམ་པ་མི་བཟད་པས་ཉེན་པ་དང་། དུད་འགྲོ་ལ་ཡང་གསོད་པ་དང་ཟ་བ་དང་། བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་དེ་ལྟ་བུ་དང་། མི་ལའང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་པ་དང་། ལྷ་མིན་ཡང་ལྷའི་དཔལ་ལ་སྡང་ཞིང་ཕྲག་དོག་གི་ཟུག་རྔུ་ལྡན་པ་དང་། ལྷ་ཡང་འདོད་ཡོན་ལ་མི་ངོམས་པར་སྲེད་ཅིང་འཕོ་ལྟུང་གི་སྡུག་བསྔལ་མྱོང་བ་སོགས་མདོར་ན་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་ཕོངས་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ཙམ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་སྲིད་པའི་ཚུལ་འདི་ལ་ཡིད་སྐྱོ་བས་ནག་ཅན་ཁྲི་མུན་ནས་འབྲོས་པ་དང་འདྲ་བར་བྱའོ། །ལྔ་པ་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བསམ་པ་ནི། དེ་ཡང་རྣམ་པ་ཀུན་ཏུ་བདེ་བ་དམ་པ་ནི་ཞི་བ་བསིལ་བ་མྱ་ངན་ལས་འདས་པའི་གོ་འཕང་བླ་ན་མེད་པ་ཉིད་དེ་བྲལ་བ་དང་རྣམ་པར་སྨིན་པ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྱི་ཚུལ་དཔག་ཏུ་མེད་པ་ལ་བསམ་ཞིང་སྤྲོ་བ་བསྐྱེད་པར་བྱའོ། །དེ་དག་གི་ཚུལ་རྣམས་ཉམས་སུ་ལེན་
བདེ་ཕྱིར་སྙིང་པོ་ངག་འདོན་དུ་བསྡུས་པ་ནི། དེ་ཡང་ཐོ་རངས་ལ་སོགས་པའི་དུས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ཅིང་རླུང་རོ་དགུ་ཕྲུགས་སུ་བསལ། ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ཚར་གསུམ་བརྗོད་པས་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་བྱང་དག་ཆེན་པོར་གྱུར་པར་བསམ་ནས། ཀྱེ་མ་བདག་ནི་འཁོར་བའི་གནས་འདིར་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་སྡུག་བསྔལ་འཁྲུལ་པའི་སྣང་བ་དོས་དྲགས་ལ་ཡུན་རིང་བ་འདི་ལྟ་བུའི་དུཿཁ་བཟོད་མེད་ཀྱིས་གཙེས་ཤིང་། འདི་ལྟར་བདག་ཉིད་གཅིག་པུར་མ་ཟད་བདག་གི་ཕ་མ་སེམས་ཅན་འདི་ཀུན་ཡང་སྡུག་བསྔལ་འདི་འདྲ་འབའ་ཞིག་ལ་སྤྱོད་ཅིང་། ད་དུང་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་ཤེས་པར་སྨྱོན་པས་བཙན་དུག་ཟ་བ་ལྟར་རང་གིས་རང་ཕུང་སྒྲུབ་པ་འདི་ཚོ་ཨ་རེ་སྡུག །སྙིང་རེ་རྗེ། འདི་རྣམས་བདེ་བ་དང་ལྡན་སྡུག་བསྔལ་བཟོད་དུ་མེད་པ་འདི་དང་བྲལ་བའི་ཐབས་ཤིག་བདག་གིས་འགྲུབ་པ་ཞིག་ཅི་མ་རུང་། དེ་འགྲུབ་པར་བྱེད་པ་ལ་བདག་འཁོར་བ་འདི་ལས་ཐར་ཏེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བཙན་ས་ཟིན་པ་ཞིག་བྱས་ཏེ། ད་གདོད་ཁམས་གསུམ་འཁོར་བ་འདི་ན་འཁྱམས་པའི་ཕ་མ་སེམས་ཅན་འདི་ཀུན་གྱི་དོན་བྱ། དེའི་ཕྱིར་བདག་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་རང་རྒྱུད་ལས་མ་ཐོབ་ཀྱི་བར་དུ་དཀོན་མཆོག་
སྐྱབས་ཡུལ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་བསམ་ཞིང་ངག་ཏུ་ཡང་བརྗོད། དྲུག་པ་སྐྱབས་སུ་འགྲོ་བ་ནི་ནང་པ་སངས་རྒྱས་པའི་བསྟན་པའི་གཞི་མ་ཡིན་ཏེ། དེ་ཡང་སྐྱབས་སུ་འགྲོ་བའི་ཚུལ་ལ་སྐྱབས་ཡུལ་གསལ་འདེབས་པ་དང་སྐྱབས་སུ་འགྲོ་བའོ། །དང་པོ་ནི། རང་ཐ་མལ་པར་གསལ་བའི་མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་རབ་ཏུ་རྒྱས་པའི་སྙིང་པོ་ཡལ་འདབ་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར་བླ་མ་རྡོ་རྗེ་འཆང་ལ་བརྒྱུད་པ་གསུམ་ལྡན་གྱི་བླ་མས་བསྐོར་བ༔ མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཞི་བ་དང་ཁྲག་འཐུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་སུ་དུས་གསུམ་སངས་རྒྱས༔ རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་རྒྱལ་བའི་གསུང་རབ་གླེགས་བམ་གྱི་རྣམ་པ༔ གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན༔ ཕྱི་སྐོར་དུ་བཀའ་སྲུང་དམ་ཅན་རྒྱ་མཚོས་བསྐོར་བ་དང་བཅས་པའི་སྐྱབས་ཡུལ་རྣམས་གསལ་བར་གྱུར༔ ཞེས་འདོན་བསྒོམ་སྦྲགས། དེ་ལྟ་བུའི་སྐྱབས་ཡུལ་རྣམས་ལ་སྙིང་ཐག་པ་ནས་བློ་ཁེལ་ངེས་པའི་གདུང་ཤུགས་བསྐྱེད་དེ། གཉིས་པ་སྐྱབས་འགྲོ་ནི། ན་མོ༔ སངས་རྒྱས་ཀུན་དངོས་ཡང་དག་ལམ་སྟོན་པའི༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ དུས་གསུམ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ༔ ཐེག་གསུམ་ལུང་རྟོགས་ཡི་གེའི་རིས་སུ་བྱོན༔ ཆགས་བྲལ་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ༔ ས་
དང་ལམ་ཞུགས་དག་པའི་ཞིང་མཆོག་སྐྱོང༔ ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེ་བར་སྩོལ༔ ཞི་ཁྲོ་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ༔ བར་ཆད་ཀུན་སེལ་ཆོས་མཐུན་འཕྲིན་ལས་སྒྲུབ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་སྐྱབས་སུ་མཆིའོ༔ ཞེས་བརྒྱ་སྟོང་ཉེར་གཅིག་སོགས་ཅི་འགྲུབ་བྱ། དེ་ལྟ་བུའི་སྐྱབས་སུ་འགྲོ་བའི་ཕན་ཡོན་ཀྱང་། འཆི་མེད་རྔ་སྒྲའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། གཞན་ཡང་ཕན་ཡོན་གྲངས་སུ་ཕྱེ་བ་བརྒྱད་དུ་གསུངས་ཏེ། ཇི་སྐད་དུ། ནང་པའི་རྟེན་དང་སྡོམ་པའི་རྟེན། །སྡིག་སྒྲིབ་དག་དང་བར་ཆད་མེད། །ཚོགས་གཉིས་རྫོགས་དང་བསམ་པ་འགྲུབ། །ངན་སོང་མི་ལྟུང་སངས་རྒྱས་འཐོབ། །ཅེས་གསུངས་པའོ། །བདུན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཅིང་ཞར་ལ་ཚད་མེད་བཞི་བསྒོམ་པ་ནི། སེམས་བསྐྱེད་ཀྱི་རྟེན་ཁམས་གསུམ་འཁོར་བ་འདི་ན་གནས་པའི་ཕ་མ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཚད་མེད་དུ་བསྐྱེད་ཅིང་བསམ་སྦྱོར་མཐུན་པས་ནམ་མཁར་བཞུགས་པའི་སྐྱབས་ཡུལ་རྣམས་དཔང་པོར་བྱས་ཏེ་ངག་ཏུ། བདག་གི་ཕ་མ་
ཁམས་གསུམ་འགྲོ་བ་རྣམས༔ ཐོག་མེད་དུས་ནས་སྡུག་བསྔལ་མཐའ་མེད་མྱོང༔ སྙིང་རྗེའི་རང་བཞིན་འདི་དག་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡུག་བསྔལ་མཚོ་ལས་མ་བསྒྲལ་་་་ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་་་བདག་གིས་བསྒྲལ༔ ཐེག་མཆོག་དབུགས་མ་ཕྱུང་་་ཉན་ཐོས་་་རྣམས་བདག་གིས་དབྱུང༔ ཞི་བདེར་གནས་པའི་་་རང་རྒྱལ་་་སེམས་དཔའ་མྱང་འདས་འགོད༔ བླ་མེད་བྱང་ཆུབ་སེམས་དེའི་ཕན་ཡོན་གྱིས༔ སེམས་ཅན་བདེ་དགེའི་ལམ་ལ་སྤྱོད་པ་་་བྱམས་པ་ཚད་མེད་་་དང༔ སྡུག་བསྔལ་མི་དགེའི་ལམ་ལས་རབ་བཟློག་་་སྙིང་རྗེ་ཚད་མེད་སྟེ༔ སྡུག་བསྔལ་ཡོངས་བྲལ་བདེ་བ་དམ་པ་་་དགའ་བ་ཚད་མེད་་་ཡིས༔ གཉིས་མེད་བྱང་ཆུབ་སེམས་་་བཏང་སྙོམས་ཚད་མེད། ལན་གསུམ་བརྗོད་་་སུ་གནས་གྱུར་ཅིག༔ མཇུག་ཏུ་སྐྱབས་ཡུལ་རྣམས་བདག་ལ་ཐིམ་པས་དཀོན་མཆོག་སྐྱབས་ཡུལ་རྣམས་དང་དབྱེར་མེད་དུ་གྱུར་ཏེ་ཐུགས་རྗེའི་བྱིན་རླབས་ཞུགས་པས་ཆོས་ཆོས་སུ་འགྲོ་ཞིང་བར་ཆད་མེད་པར་བསམ་མོ། །བརྒྱད་པ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱང་དགོས་ཤིང་། དེའི་ཆོ་ག་ནི་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྣལ་འབྱོར་དུ་བྱ་བ་ཡིན་ཏེ་གོང་གི་སྐྱབས་ཡུལ་རྣམས་བདག་ལ་ཐིམ་པའི་རྗེས་
ཐོག་དེ་ཉིད་དུ། རང་ཐ་མལ་པའི་སྤྱི་གཙུག་ཏུ་པད་དཀར་དང་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བསྟེན་པ༔ མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་དར་དང་རིན་པོ་ཆེས་མཛེས་པར་སྤྲས་པ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་སྙིང་པོར་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ༔ བཟླས་པ་ཙམ་གྱིས་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་ཞིང་བསིལ་བ་རེག་ན་བདེ་བ་བབས༔ བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས༔ ལུས་ཀྱི་ཆ་ཐམས་ཅད་ཐེམ་མེར་གྱིས་གང་སྟེ་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་སངས་ཀྱིས་དག༔ ཤེལ་བུམ་ཕྱིས་པ་འོ་མས་བཀང་བ་ལྟ་བུར་གྱུར་པར་མོས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ སོགས། སཏྭ་ཨཱཿཧཱུྃ༔ ཞེས་སྙིང་པོ་ཅི་འགྲུབ་དང་། ཡང་སྙིང་། ཨོཾ་བཛྲ་སཏྭ་ཧཱུྃ༔ ཡང་བཟླ། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་བདག་དང་རོ་གཅིག་ཏུ་གྱུར་པར་མོས། དེ་ཡང་སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེད་ཀྱི་ཐབས། སྦྱོང་མཁན་སྒྲུབ་པ་པོ་གསུམ་ཀ་མི་དམིགས་པ་སྟེ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་རྒྱས་འདེབས་པར་བྱེད་པ་ཡང་བསྒོམ་
བྱའི་སྙིང་པོའོ། །དགུ་པ་ཚོགས་གཉིས་རྫོགས་པར་བྱ་ཕྱིར་མཎྜལ་འབུལ་བ་ནི། སྒྲུབ་པའི་མཎྜལ་སྟེགས་ཀྱི་ཁར་འབྲུ་གསུམ་བརྗོད་པའི་ཚོམ་བུ་ལྔ་ཚོམ་དུ་བཀོད། སྐྱབས་ཡུལ་བཞིན་དུ་བསྒོམ། མཆོད་པའི་མཎྜལ་ལག་ཏུ་ཐོགས། དེ་ཡང་རྒྱུ་རིན་པོ་ཆེ་ལས་གྲུབ་པ་གས་ཆག་མེད་པ་མཐོ་གང་ལས་མི་ཆུང་བ་ཚོམ་བུའང་རིན་པོ་ཆེ་དང་འབྲུ་སྨན་སོགས་ཅི་འབྱོར་གྱིས་བྱ་ཞིང་། དགོད་པའི་ཚུལ་ནི། མཎྜལ་དྲི་བཟང་གི་ཆུས་བྱུག་ཅིང་ལས་སྔགས་ཀྱིས་བསང་། སྐུ་གསུམ་གྱི་མཎྜལ་ལས་དང་པོ་སྤྲུལ་སྐུའི་མཎྜལ་ནི་འབྲུ་སིལ་མའི་མེ་ཏོག་གཅལ་དུ་བཀྲམ་ལ༔ ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུཾ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་གཡས་དང་ལུས་འཕགས་གཡོན། ལྷོར་རྔ་ཡབ་གཡས་དང་རྔ་ཡབ་གཞན་གཡོན། ནུབ་ཏུ་གཡོ་ལྡན་གཡས་དང་ལམ་མཆོག་འགྲོ་གཡོན། བྱང་དུ་སྒྲ་མི་སྙན་གཡས་དང་སྒྲ་མི་སྙན་གྱི་ཟླ་གཡོན། གླང་པོ་རིན་པོ་ཆེ་ཤར། བློན་པོ་རིན་པོ་ཆེ་ལྷོ། རྟ་མཆོག་རིན་པོ་ཆེ་ནུབ། བཙུན་མོ་རིན་
པོ་ཆེ་བྱང་། དམག་དཔོན་རིན་པོ་ཆེ་ཤར་ལྷོ། འཁོར་ལོ་རིན་པོ་ཆེ་ལྷོ་ནུབ། ནོར་བུ་རིན་པོ་ཆེ་ནུབ་བྱང་། གཏེར་ཆེན་པོའི་བུམ་པ་བྱང་ཤར་། ཉི་མ་ཤར། ཟླ་བ་ནུབ། ལྷ་མིའི་འདོད་ཡོན་མ་ཚང་བ་མེད་པ་བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །བཞེས་ནས་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་དགུའི་འབྱོར་པ་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ ཚོམ་བུ་སོ་བདུན་མ་དང་བདུན་མ་སོགས་སྤྱི་ཁྱབ་ཏུ་གྲགས་ཆེ་ནའང་འདིར་ནི་འབྲེལ་ཆགས་པའི་དབང་གིས་ཀུན་མཁྱེན་ཆོས་རྗེའི་ལུགས་བཞིན་ཉེར་གསུམ་བྱས་པའོ། །གཉིས་པ་ལོངས་སྐུའི་མཎྜལ་ནི་མེ་ཏོག་གཅལ་དུ་བཀྲམ་ལ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར། འབྲུ་གསུམ་བརྗོད་པས་མེ་ཏོག་དབུས་དང་ཕྱོགས་མཚམས་ཏེ་དགུར་བཀོད་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་མཆོད་པའི་སྤྲིན་རབ་འབྱམས་
ནམ་མཁའ་གང་བར་གྱུར། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ གསུམ་པ་ཆོས་སྐུའི་མཎྜལ་ནི་འབྲུ་གསུམ་བརྗོད་པས་ཚོམ་བུ་ལྔ་ཚོམ་དུ་བཀོད་ལ། དབུས་སུ་རྣམ་པར་སྣང་མཛད་ཀྱི་ཞིང་འོག་མིན་ལྷུན་གྱིས་གྲུབ་པ། ཤར་དུ་མི་བསྐྱོད་རྡོ་རྗེའི་ཞིང་མངོན་པར་དགའ་བ། ལྷོར་རིན་ཆེན་འབྱུང་ལྡན་གྱི་ཞིང་དཔལ་དང་ལྡན་པ། ནུབ་ཏུ་སྣང་བ་མཐའ་ཡས་ཀྱི་ཞིང་བདེ་བ་ཅན། བྱང་དུ་དོན་ཡོད་གྲུབ་པའི་ཞིང་ལས་རབ་རྫོགས་པ་ཐམས་ཅད་ཀྱང་ཆོས་ཉིད་བདེ་གསལ་གྱི་རང་བཞིན་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་སྣང་ཆ་ཡེ་ཤེས་ལྔའི་རང་འོད་དུ་འཚེར་བ་འཁོར་འདས་རོ་མཉམ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པར་གྱུར་པར་མོས་ལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ དེ་ལྟ་བུའི་མཎྜལ་རྣམས་ཚིག་བརྗོད་ཅིང་ཚོམ་བུ་གསོ་བ་དང་དམིགས་པ་གསལ་འདེབས་པ་རྣམས་སུམ་ཕྲུགས་སུ་བྱའོ། །དངོས་སུ་མཎྜལ་མེ་ཏོག་སོགས་མ་འབྱོར་ན། ཡིད་བྱུང་གིས་སྤྲོས་ཏེ་འབུལ་བ་ཡིན་ནོ། །བཅུ་པ་མོས་གུས་བྱིན་རླབས་ཀྱིས་རྟོགས་པའི་ཡེ་ཤེས་མངོན་
བཀའ་དྲིན་མཉམ་པ་མེད་པ་དང་ལྡན་པ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག༔ ཆོས་རྒྱུད་ཐོག་ཏུ་འབྱོར་པར་བྱིན་གྱིས་རློབས་ཤིག༔ ལྟ་སྤྱོད་ཉོན་མོངས་པའི་གཉེན་པོར་ལྷོངས་པར་བྱིན་གྱིས་རློབས་ཤིག༔ ཉོན་མོངས་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག༔ ཐ་མལ་གྱི་ཤེས་པའི་མཚང་རིག་སྟེ་བློ་འདས་ཆོས་སྐུའི་རང་ཞལ་གཞི་ཐོག་ཏུ་ཕེབས་པར་བྱིན་གྱིས་རློབས་ཤིག༔ ཚེ་གཅིག་ལུས་གཅིག་ལ་བློ་འདས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བདེ་བླག་ཏུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ ཅེས་ཚར་ཅི་མང་དུ་བྱ་ཞིང་དེ་ལྟ་བུའི་གསོལ་འདེབས་ཀྱི་བརྗོད་ཚུལ་ཡང་། གསང་འདུས་ལེའུ་འབུམ་པ་ལས། བླ་མ་ལ་གུས་སློབ་མ་ཡིས། །སྒྲ་རིང་བ་དང་གསལ་བ་དང་། །སྐད་གསང་མཐོན་པོས་གསོལ་འདེབས་ན། །དེ་ལ་བདག་གིས་དངོས་གྲུབ་སྟེར། །ཞེས་གསུངས། ཁྱད་པར་དུ་ཏིང་ངེ་འཛིན་གྱི་དབང་བཞི་ཞུ་བ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་བླ་མ་བརྒྱུད་པ་དང་བཅས་པ་རྩ་བའི་བླ་མ་ཉིད་ལ་ཐིམ༔ བླ་མའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་དེ་གསུམ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པར་འཕྲོས་བདག་གི་གནས་གསུམ་དུ་ཐིམ༔ སྐུ་བུམ་པ་གསུང་གསང་བ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྱིན་རླབས་ཐོབ༔
སུམ་དུ་བྱ་ཕྱིར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱ་བ་ནི་ཤིན་ཏུ་གལ་ཆེ་སྟེ། ཞི་བྱེད་ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཇི་སྐད་དུ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས་དེ་ཉིད་ཉམས་སུ་ལེན་པའི་ཚུལ་ནི། རང་ཉིད་སྐད་ཅིག་གིས་གར་དབང་རྩ་གསུམ་ཡོངས་འདུས་སུ་གསལ་བའི་སྤྱི་བོར་སེང་གེས་བཏེགས་པའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བདག་ལ་བཀའ་ལུང་དབང་དང་མན་ངག་བསྩལ་ཅིང་བདག་རྒྱུད་ལ་ཡོད་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲད་པར་མཛད་པའི་ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན༔ རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་སྙིང་པོ་ལྟར་གསལ་ཞིང་འཚེར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་ལ་རྗེས་སུ་བརྩེ་
བའི་ཞལ་འཛུམ་པ་དང་བཅས་པ༔ གསལ་སྟོང་འོད་ལྔའི་ལམ་དུ་བཀྲ་ལམ་མེར་བཞུགས་པའི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༔ དེའི་དབུ་གཙུག་ཏུ་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ༔ དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ༔ དེའི་དབུ་གཙུག་ཏུ་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་མཁའ་དབྱིངས་ཁྱབ་པའི་སྐུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན༔ གཞན་ཡང་བརྒྱུད་པ་གསུམ་གྱི་བླ་རབས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གྱུར༔ དེ་ལྟ་བུའི་བླ་མ་བརྒྱུད་པའི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་བསམས་ཏེ་སྐྱོན་རྟོག་གི་བློ་ངན་སྤངས་ལ་དད་པ་དང་མོས་གུས་སྙིང་ཐག་པ་ནས་ལུས་འདར་བ་དང་མིག་མཆི་མ་གཡོ་བ་ཙམ་དུ་བསྐྱེད་ཅིང་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ ཆོས་དབྱིངས་འདུས་མ་བྱས་པའི་མཁའ་དབྱིངས་སུ༔ ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང༔ བློ་འདས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ འོག་མིན་རབ་འབྱམས་ཐིག་ལེ་འོད་ལྔའི་ཀློང༔ ཟུང་འཇུག་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་སེམས༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ གསེར་གླིང་ཧེ་ཆེན་གདལ་བའི་དུར་ཁྲོད་དུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ དུར་ཁྲོད་རྩུབ་འགྱུར་ཚལ་གྱི་གནས་མཆོག་ཏུ༔ དགའ་རབ་རྗེས་བཟུང་
རྫོགས་ཆེན་བརྡ་དོན་རིག༔ རིག་འཛིན་ཤྲཱི་སིཾ་ཧ་ལ་གསོལ་བ་འདེབས༔ རྒྱ་བོད་གནས་དང་རྔ་ཡབ་གླིང་དབུས་སུ༔ རྡོ་རྗེའི་སྐུ་བརྙེས་སངས་རྒྱས་འདུས་པའི་སྐུ༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ ཟན་ཡང་གནས་དང་གཡུ་རུ་ཁྲ་འབྲུག་ཏུ༔ པདྨས་རྗེས་བཟུང་བཀའ་འདུས་གདམས་པའི་བདག༔ རྒྱལ་སྲས་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས༔ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ༔ བཀའ་བསྩལ་ལུང་འབོགས་ཆོས་ཉིད་མངོན་སུམ་སྤྲོད༔ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ དམར་གསལ་ཟླ་གམ་ཚེ་ཡི་ཕོ་བྲང་དུ༔ འཆི་མེད་དབང་དང་དངོས་གྲུབ་ཉེར་སྩོལ་བའི༔ གར་དབང་རྩ་གསུམ་ཡོངས་འདུས་ལ་གསོལ་བ་འདེབས༔ རྨ་ལུང་ཟག་མེད་འཇའ་ཚོན་ཕུག་པ་ནས༔ རྒྱལ་བའི་གསེང་ལམ་མཆོག་གསང་ཨ་ཏིའི་ཆོས༔ བློ་འདས་རྫོགས་པ་ཆེན་པོ་ལ་གསོལ་བ་འདེབས༔ རང་བཞིན་གནས་དང་ལྷུན་གྲུབ་ཞིང་ཁམས་སུ༔ མཆོག་གི་བདེ་སྟེར་དམ་ཚིག་ཌཱ་ཀི་མ༔ བསྟན་སྐྱོང་སྔགས་ཀྱི་བདག་མོ་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཀ་དག་རིག་སྟོང་རང་ངོ་འཕྲོད་པ་དང༔ ཐོད་རྒལ་ལྷུན་གྲུབ་སྣང་བ་མཐར་ཕྱིན་ཏེ༔ ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་གྱུར་ཅིག༔ ཅེས་པའི་བརྒྱུད་འདེབས་དང་། ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི།
བཀའ་དྲིན་མཉམ་པ་མེད་པ་དང་ལྡན་པ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག༔ ཆོས་རྒྱུད་ཐོག་ཏུ་འབྱོར་པར་བྱིན་གྱིས་རློབས་ཤིག༔ ལྟ་སྤྱོད་ཉོན་མོངས་པའི་གཉེན་པོར་ལྷོངས་པར་བྱིན་གྱིས་རློབས་ཤིག༔ ཉོན་མོངས་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག༔ ཐ་མལ་གྱི་ཤེས་པའི་མཚང་རིག་སྟེ་བློ་འདས་ཆོས་སྐུའི་རང་ཞལ་གཞི་ཐོག་ཏུ་ཕེབས་པར་བྱིན་གྱིས་རློབས་ཤིག༔ ཚེ་གཅིག་ལུས་གཅིག་ལ་བློ་འདས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བདེ་བླག་ཏུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ ཅེས་ཚར་ཅི་མང་དུ་བྱ་ཞིང་དེ་ལྟ་བུའི་གསོལ་འདེབས་ཀྱི་བརྗོད་ཚུལ་ཡང་། གསང་འདུས་ལེའུ་འབུམ་པ་ལས། བླ་མ་ལ་གུས་སློབ་མ་ཡིས། །སྒྲ་རིང་བ་དང་གསལ་བ་དང་། །སྐད་གསང་མཐོན་པོས་གསོལ་འདེབས་ན། །དེ་ལ་བདག་གིས་དངོས་གྲུབ་སྟེར། །ཞེས་གསུངས། ཁྱད་པར་དུ་ཏིང་ངེ་འཛིན་གྱི་དབང་བཞི་ཞུ་བ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་བླ་མ་བརྒྱུད་པ་དང་བཅས་པ་རྩ་བའི་བླ་མ་ཉིད་ལ་ཐིམ༔ བླ་མའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་དེ་གསུམ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པར་འཕྲོས་བདག་གི་གནས་གསུམ་དུ་ཐིམ༔ སྐུ་བུམ་པ་གསུང་གསང་བ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྱིན་རླབས་ཐོབ༔
མཐར་བླ་མ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་གཉིས་མེད་དུ་གྱུར༔ དེའི་རང་ངོ་ལ་བལྟས་པས་བློ་འདས་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་བླ་མའི་རང་ཞལ་མཇལ༔ སྐུ་གསུམ་བླ་མ་མཆོག་གི་གོ་འཕང་ཐོབ་པར་གྱུར༔ ཞེས་ལམ་དུས་ཀྱི་དབང་བཞི་ཡང་ཡང་བླང་བར་བྱ་ཞིང་ཚུལ་འདི་ནི་མཚན་བཅས་ཀྱི་དབང་བཞི་རྣམས་ལས་ཁྱད་པར་དུ་གྱུར་པ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། སྐྱེ་མེད་རྣམ་དག་སེམས་ཀྱི་དབང་ཐོབ་ནས། །རང་བཞིན་བཅུ་ཡི་དབང་ལ་སེམས་མི་ཆགས། །སྔགས་དང་ཕྱག་རྒྱའི་དབང་ལ་རེ་མི་འཇོག །རྫས་དང་མཚན་མའི་དབང་ལ་རྩོལ་མི་དགོས། །ཞེས་དང་། སྡོམ་འབྱུང་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་རབ་ཏུ་ཞུགས་མཐོང་ན། །དེང་ཁྱོད་སྡིག་པ་ཐམས་ཅད་ལས། །རྣམ་གྲོལ་བཟང་པོར་འགྱུར་བར་གནས། །ཞེས་གསུངས་པའོ། །དེ་དག་གིས་ཐུན་མོང་གི་སྔོན་དུ་འགྲོ་བའི་རིམ་པ་རྣམས་བསྟན་ཟིན་ཏོ། །བར་འདིར་ཚེའི་གསང་བ་སྒྲུབ་ཆེན་གྱི་དཀྱིལ་འཁོར་དུ་སློབ་མ་རྣམས་ཀྱི་རྒྱུད་སྨིན་ངེས་སུ་བྱ་བ་ཡིན་ནོ། །གཉིས་པ་དངོས་གཞི་ལ་དབང་བཞིའི་ལམ་རིམ་དང་འབྲེལ་བའི་ས་བཅད་བཞི་ལས། དང་པོ་བུམ་དབང་དང་འབྲེལ་པ་བསྐྱེད་རིམ་ལ་བརྟེན་པའི་ཚེ་ཁྲིད་ཉམས་སུ་ལེན་པའི་རིམ་པ་ནི། དེ་ཉིད་ཀྱི་གཞུང་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་སྔོན་དུ་འགྲོ་བས་རྒྱུད་སྦྱོང་ཞིང༔ དམིགས་པའི་མཉེན་བཙལ་བ་དང༔ བསྐྱེད་རིམ་
ལས་རུང་དུ་བསྒྲུབས་ནས་རྫོགས་རིམ་དངོས་ལ་འཇུག་པར་བྱའོ༔ ཞེས་གསུངས་པས་དེ་ཡང་རྫོགས་ཆེན་རང་རྐང་གི་སྐབས་སུ་བཤད་མ་ཐག་པའི་སྔོན་འགྲོ་དེ་རྣམས་ལ་ཐུན་མོང་གི་སྔོན་འགྲོ་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་སླར་འཆད་འགྱུར་ལས་ཤེས་ཤིང་། སྤྱི་ཁྱབ་ཏུ་དལ་འབྱོར་རྙེད་དཀའ་ནས་ཐར་པའི་ཕན་ཡོན་གྱི་བར་ཐུན་མོང་གི་སྔོན་འགྲོ་དང་། སྐྱབས་འགྲོ་ནས་དབང་བཞིའི་བར་ཐུན་མོང་མ་ཡིན་པའི་སྔོན་འགྲོར་འཇོག་པ་ཡིན་པས་སྔོན་འགྲོའི་ཡན་ལག་རྣམས་གོང་དུ་བསྟན་པ་དེས་འཐུས་ཤིང་། དམིགས་པའི་མཉེན་བཙལ་བ་ནི་མཚན་ཉིད་དང་ལྡན་པའི་བྲིས་སྐུ་མདུན་དུ་བཤམས་ལ་དེ་ལྟ་བུ་ཡིད་ཡུལ་དུ་ཡང་ཡང་བསྒོམ་པ་དང་། ཤིན་ཏུ་དབང་པོ་བརྟུལ་པོ་རྣམས་དང་པོར་རྩ་ཞལ་ཙམ་དང་དེ་ནས་གཡས་གཡོན་གྱི་ཞལ། མཐར་གྱིས་སྐུ་ལུས་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའི་བར་རིམ་གྱིས་གསལ་གདབ་པས་སེམས་བསྐྱེད་རིམ་ལས་རུང་དུ་བསྒྲུབ་པར་བྱའོ། །དངོས་གཞི་ལ་དཀྱིལ་འཁོར་སྒྲུབ་ཆེན་སོགས་དང་འབྲེལ་ན་མཆོག་ཡིན་ལ་དེ་ལྟར་མ་འབྲེལ་ཀྱང་སྔོན་འགྲོ་རྣམས་ཟིན་པའི་རྗེས་ཐོག་ཏུ་ཏིང་ངེ་འཛིན་རྣམ་གསུམ་གྱི་རྒྱུ་ཏིང་གི་ཧྲཱིཿཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས་རང་ཉིད་བདེ་གཤེགས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྐུ་སྣང་ཡུལ་དུ་གྲུབ་ཅིང་གཟུང་བྱའི་ཡུལ་ལས་འདས་པ་རྒྱན་དང་ཕྱག་མཚན་སོགས་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལྟར་བཀྲ་སལ་ལེ་
བའི་ཐུགས་ཀར་ཚེའི་ཉི་ཟླའི་གའུ་ཐབས་ཤེས་ཁ་སྦྱོར་གྱི་ནང་དུ། ཐུགས་སྲོག་ཧྲཱིཿཡིག་དམར་གསལ་རིང་ཆ་ཚེག་དྲག་དང་བཅས་པའི་མཐའ་སྐོར་དུ་ལྔ་ལྡན་འོད་ཟེར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ནང་དུ་བཟླ་བྱའི་སྔགས་འབྲུ་ཁ་དོག་དམར་གསལ་འབྲུ་རེ་རེ་གསལ་བ། ཡིག་འབྲུ་དེ་རྣམས་ལུ་གུ་རྒྱུད་ཀྱི་ཕྱི་རོལ་དུ་མི་འདའ་ཞིང་ཐུགས་སྲོག་ལུ་གུ་རྒྱུད་དང་བཅས་པ་མི་གནས་པར་མེར་མེར་ཡོམ་ཡོམ་ཤིག་གེར་གཡོ་བ། སྔགས་འབྲུ་རྣམས་ལས་སྔགས་ཀྱི་སྒྲ་དཔེར་ན་བུང་བ་ཚང་ཞིག་པ་ལྟར་ཟི་དི་རི་རི་སྒྲོག་པར་བསྒོམ་ཞིང་འཛབ་བུང་བ་ཚང་ཞིག་གི་ཚུལ་དང་མཐུན་པའི་དབྱངས་ཀྱི་རྟ་ལ་བསྐྱོན་པའམ་ཤུབ་བུར་བཟླའོ། །དེའི་དགོས་པ་ནི་གཞུང་ལས། དེས་ནི་ཏིང་ངེ་འཛིན་གཞན་དུ་མི་གཡོ་བར་བརྟན་པར་བྱེད་པ་སྟེ༔ དཔེར་ན་བུང་བས་མེ་ཏོག་གི་བཅུད་ལེན་པའི་ཚེ་མེ་ཏོག་དེ་ལས་གཞན་དུ་མི་གཡེལ་བར་འཁོར་བ་ལྟར༔ རྣལ་འབྱོར་པས་ཀྱང་ཐུགས་སྲོག་ལུ་གུ་རྒྱུད་ཀྱི་སྔགས་འབྲུ་ལ་རྩེ་གཅིག་ཏུ་མི་གཡེལ་བར་འཛིན་པ་སྟེ༔ བུང་བ་བཅུད་འཁོར་གྱི་དམིགས་པ་ཞེས་བྱ་སྟེ་ཏིང་ངེ་འཛིན་བརྟན་པའི་དགོས་པ་ཡོད་དོ༔ ཞེས་གསུངས། དེ་ལྟ་བུའི་སྒོ་ནས་དམིགས་པའི་ཏིང་ངེ་འཛིན་དེ་ཉིད་ལེགས་པར་བརྟན་པ་ཐོབ་ནས་བོགས་དབྱུང་ཕྱིར་ཚེ་བཅུད་དངོས་གྲུབ་སྡུད་པའི་སྤྲོ་བསྡུ་བུང་བ་བཅུད་སྡུད་ཀྱི་དམིགས་པ་བྱ་བ་ཡིན་ཏེ། ཐུགས་སྲོག་ལུག་རྒྱུད་དང་བཅས་པ་དེ་ལས་མར་མེ་གཅིག་ལས་དུ་
མ་མཆེད་པ་ལྟར་ལྔ་ལྡན་ལུ་གུ་རྒྱུད་ཀྱི་ནང་དུ་སྔགས་ཀྱི་ཡིག་འབྲུ་རེ་སྒྲ་དང་བཅས་པ་གཅིག་རྗེས་གཅིག་མཐུད་བར་མ་ཆད་པ་ཉི་ཟླའི་གའུ་ཁ་སྦྱོར་གྱི་བར་མཚམས་ཕྱེ་ནས་གྱེན་དུ་འཕྲོས། ལྗགས་ཀྱི་པདྨོར་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་གསང་བ་ཡི་གེ་ཨཱཿདམར་གསལ་དེ་ལ་གཡས་བསྐོར་དུ་ལན་གཅིག་བསྐོར་ཏེ། སྤྱི་བོའི་གཙུག་བརྒྱུད་རྟ་མགོའི་ཞལ་ནས་འཐོན་ཏེ་སྣང་སྲིད་སྣོད་བཅུད་བརྟན་གཡོའི་དངོས་པོ་ཐམས་ཅད་ཀྱི་སྟེང་དུ་བབས། བུང་བས་མེ་ཏོག་བཅུད་སྡུད་པ་ལྟར་དངོས་གྲུབ་ཀྱི་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་འུབ་ཀྱིས་བསྡུས་ཏེ་ལུག་རྒྱུད་སྔགས་འབྲུ་དང་བཅས་ཡུམ་གྱི་ཕག་གདོང་གི་ཞལ་ནས་བརྒྱུད་ཚངས་བུག་ནས་མར་ཞུགས་སྐུའི་དབྱིབས་བརྒྱུད་གསང་བའི་པདྨོར་བདུད་རྩི་སྦྲང་རྩི་མཆོག་ཏུ་དྭངས་པའི་རྣམ་པར་བསྐྱིལ་ལོ། །རྒྱས་པར་ན་སྤྲོ་བསྡུའི་དམིགས་པ་བྱིངས་གོང་ལྟར་ལས་དང་པོས་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པ་འབྱུང་ལྔ་སྣོད་ཀྱི་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི་དྭངས་བཅུད། གཉིས་པས་ནང་བཅུད་ཀྱི་སྐྱེ་འགྲོ་ལྷ་ཀླུ་གནོད་སྦྱིན་གྲུབ་པ་དྲང་སྲོང་རིག་འཛིན་ལ་སོགས་པའི་ནུས་མཐུ། གསུམ་པས་གསང་བ་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་ན་བཞུགས་པའི་རྩ་གསུམ་ཞི་ཁྲོ་རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་རྗེ་རྣམས་སོ་སོར་བསྡུ་ཞིང་འདི་དག་གི་སྐབས་བུང་བ་བཅུད་སྡུད་ཀྱི་དབྱངས་ཀྱི་རྟས་དྲང་བའམ་ཤུབ་བུར་བཟླའོ། །དགོས་
པ་ནི་གཞུང་ལས། འདིས་ནི་ཚེའི་དངོས་གྲུབ་སྡུད་ཅིང་ཏིང་ངེ་འཛིན་རྩལ་སྦྱོང༔ ཞེས་གསུངས། དེ་ལྟར་ཡུམ་གྱི་པདྨོར་ཚེ་བཅུད་དངོས་གྲུབ་ཐམས་ཅད་བདུད་རྩི་དྭངས་མ་ཆེན་པོར་བསྐྱིལ་བ་རྣམས་རང་གཙོ་མཆོག་གི་གསང་བའི་རྡོ་རྗེ་རྩེ་ལྔ་པ་ཁོང་གསེང་ཅན་དུ་མོས་པས། འོག་རླུང་ཅུང་ཟད་འཐེན་པའི་སྦྱོར་བ་དང་བཅས་ཏེ་ཚེ་བཅུད་དེ་རྣམས་ནུ་རུ་རུ་རྡོ་རྗེའི་ལམ་ནས་གྱེན་དུ་དྲངས་སྐུའི་ལྟེ་བའི་དབྱིབས་བརྒྱུད་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་གི་ལུག་རྒྱུད་སྔགས་འབྲུ་རྣམས་ལ་བསྟིམས་པས། ཇེ་ཆེར་རྒྱས་ཤིང་འོད་འཚེར་བ་སྔགས་ཀྱི་སྒྲ་གདངས་དི་རི་རི་སྒྲོག་ཅིང་ལུས་ཀྱི་ནང་ཐམས་ཅད་ཀྱང་ལྔ་ལྡན་འོད་ཟེར་ཐིག་ལེ་ཐིག་ཕྲན་ལུག་རྒྱུད་ཡིག་འབྲུ་དང་བཅས་པས་མེར་མེར་ཡོམ་ཡོམ་དུ་གྱུར་ཅིང་། རང་སྒྲ་སྒྲོག་པ་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་ངང་ནས་འཛབ་དབྱངས་ཀྱི་རྟར་བཅུག་པའམ་ཤུབ་བུར་བཟླའོ། །དགོས་པ་ནི་གཞུང་ལས། འདི་རྣམས་ཟབ་ལམ་པདྨའི་བཅུད་ལེན་གྱི་སྔོན་འགྲོའི་སྣ་ཁྲིད་ཡིན་ལ་བདེ་སྟོང་ཟག་མེད་འཇའ་ལུས་སྒྲུབ་པའི་དགོས་པ་ཡོད་དོ༔ ཞེས་གསུངས། དེ་རྣམས་ཀྱིས་ནི་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་བརྟེན་ཏེ་ཚེ་སྲིང་བའི་མན་ངག་གོ །གཉིས་པ་གསང་དབང་དང་འབྲེལ་བ་བདེ་སྟོང་གཏུམ་མོའི་ཉམས་ལེན་གྱི་རིམ་པ་ནི། དེ་ཉིད་ཀྱི་གཞུང་ལས། རྫོགས་རིམ་མཚན་བཅས་མཚན་མེད་གཉིས༔ དང་པོ་བདེ་སྟོང་གཏུམ་མོ་ཡི༔ བདེ་བ་ཆེན་པོ་སྒོམ་པའི་ཐབས༔ གསང་སྔགས་
མ་རྒྱུད་ཟབ་པའི་ལམ༔ ཚེ་བདག་པདྨ་བདག་གིས་བཀོད༔ ཅེས་གསུངས་པའི་གཏུམ་མོ་དང་དབང་གསུམ་པའི་ཉམས་ལེན་གཉིས་མཚན་བཅས་ཀྱི་རྫོགས་རིམ་དུ་བཞག་པ་དང་། ཀ་དག་ལྷུན་གྲུབ་རིན་པོ་ཆེ་གཉིས་མཚན་མེད་ཀྱི་རྫོགས་རིམ་དུ་བཞག་པ་ཡིན་ལ། དང་པོའང་གཞུང་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་གསང་སྔགས་ཀྱི་ཉེ་རྒྱུའི་གྲོང་དུ་འཇུག་པའི་ལམ་དང་སྟེགས་ཀྱི་ཆོས་ཐམས་ཅད་དང་ལྡན་པར་བྱས་ཏེ༔ ཞེས་གསུངས་པས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྨིན་བྱེད་ཀྱི་དབང་བསྐྱེད་རིམ་ཡན་ལག་བཞི་སོགས་དང་ལྡན་དགོས་པར་བསྟན་ཅིང་། དངོས་གཞི་ལའང་གཞུང་ལས། འདི་ལ་གསུམ༔ འཇུག་སྒོ་སྔོན་འགྲོ༔ དངོས་ཀྱི་འཇུག་བྱ་ཉམས་ལེན༔ རྗེས་ཞུགས་པའི་ལམ་རྟགས་དང་ཡོན་ཏན་ནོ༔ ཞེས་དོན་གསུམ་གྱིས་གསུངས་པའི་དང་པོ་ལའང་གསུམ་སྟེ། གནས་གྲོགས་མཐུན་རྐྱེན་བསྟེན་པ། རྩ་ཐིག་རླུང་གསུམ་གྱི་བཞུགས་ཚུལ་ཤེས་པ། དེ་རྣམས་སྦྱང་བའི་རིམ་པའོ། །དང་པོ་གནས་གྲོགས་མཐུན་རྐྱེན་སོགས་སྔར་བཤད་པ་ལྟར་ལས་འདིར་ཁྱད་པར་དུ་ཤ་ལྔ་དང་བདུད་རྩི་ལྔ་སོགས་བཟའ་བར་བྱ་བའི་དམ་རྫས་རྣམས་དང་། རྡོ་རྗེ་དྲིལ་བུ་ཁ་ཊཱཾ་ག་པུས་འཁྱུད་རས་གཟན་ལ་སོགས་ཏེ་འཆང་བར་བྱ་བའི་དམ་རྫས་དང་། གཞན་ཡང་དཔའ་བོ་དང་ཌཱ་ཀི་མཉེས་པའི་འདོད་ཡོན་ཚོགས་དང་
མཆོད་གཏོར་སོགས་རྒྱ་ཆེར་བཤམ་པའོ། །གཉིས་པ་རྩ་ཐིག་རླུང་གསུམ་གྱི་བཞུགས་ཚུལ་ནི་ནང་རྡོ་རྗེའི་ལུས་ཀྱི་རྣམ་གཞག་ཤེས་དགོས་ཏེ། དེ་ཡང་ཀུན་རྫོབ་རྩའི་འཁོར་ལོའི་གྲངས་དང་ཆགས་ལུགས། རླུང་གི་འགྲོ་འོང་དང་བྱེད་ལས། ཐིག་ལེའི་འདུ་འཕྲོ་དང་འཕེལ་འགྲིབ། དོན་དམ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་གྱི་གཟོད་མའི་དེ་ཉིད་རྣམས་ཤེས་པར་བྱ་བ་སྟེ་འདི་དག་གི་རྣམ་བཤད་རྒྱས་པར་ལམ་འབྲས་གཞན་དུ་བལྟ་བར་བྱའོ། །གསུམ་པ་དེ་རྣམས་སྦྱང་བའི་རིམ་པ་ལ་གཉིས། རྩ་སྦྱང་བ་དང་། རླུང་སྦྱང་བ་གཉིས་སོ། །དང་པོ་རྩ་ནི། དེའང་བདག་ཉིད་གཙོ་མཆོག་ཡབ་ཡུམ་གྱི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ནང་དང་མེ་ལོང་དུ་འཆར་བའི་གཟུགས་བརྙན་ལྟ་བུ། སྐུ་ཕྱི་གསལ་ནང་གསལ་དྭངས་ཤིང་སྒྲིབ་པ་དང་བྲལ་བ། སྐུའི་དབུས་དྲང་པོར་གཟུང་འཛིན་རོ་རྐྱང་གིས་བཅིངས་པའི་ཀུན་རྫོབ་རྫས་ཀྱི་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ་ལུག་རྒྱུད་ཀྱི་རྒྱུ་མ་འདྲ་བ་ཁ་དོག་སེར་སྐྱ་མདུད་པ་སུམ་ཅུ་རྩ་གཉིས་དང་ལྡན་པ། ཡར་སྣ་སྤྱི་བོ་དང་མར་སྣ་གསང་རྩེར་ཟུག་པ་རོ་རྐྱང་གཉིས་གྲོ་སོག་སྦོམ་པ་ཙམ་ཡར་སྣ་སྣ་བུག་དང་མར་སྣ་ལྟེ་འོག་སོར་བཞིར་དབུ་མར་འདུས་པའི་འདུས་མདོར་ཨ་ཐུང་དང་སྤྱི་བོར་ཧཾ་ཡིག་རྣམས་བསྒོམ། ལག་ལེན་བཞིན་དུ་ལུས་གནད་བཅས། གཉིས་པ་རླུང་ནི། དང་པོར་རླུང་རོ་དགུ་ཕྲུགས་སུ་གཡས་གཡོན་དབུས་རྣམས་ནས་ལན་གསུམ་གསུམ་འབུད། དེ་ནས་རླུང་འཇམ་དལ་རན་ལ་རླུང་ཞབས་མ་ལུས་པ་ཕྱིར་སི་རི་རི་འབུད་པ་
དང་རང་གི་སྡིག་སྒྲིབ་ནད་གདོན་བར་གཅོད་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་ཐམས་ཅད་དབུ་མའི་ནང་ནས་གཟུང་འཛིན་རོ་རྐྱང་གི་ལམ་བརྒྱུད་སྣ་བུག་གཉིས་སུ་དུ་བ་ལྟ་བུ་སྔོ་ཕྱུ་རུ་རུ་ཐོན་པར་བསྒོམ། ནང་དུ་རྔུབ་པའི་ཚེ་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་སྣ་བུག་ནས་རོ་རྐྱང་གི་ལམ་བརྒྱུད་དབུ་མའི་ནང་དུ་ཞུགས་རྩ་མདུད་རྣམས་རིམ་པར་བཀྲོལ་ཏེ་ཧཾ་ཡིག་ལ་ཐིམ་པར་བསྒོམ། དེ་ལྟ་བུ་ལན་མང་དུ་བྱས་པས་སྡིག་སྒྲིབ་ནད་གདོན་སོགས་དག་ཅིང་རྩ་གསུམ་པོ་ཁ་དོག་དམར་སེར་ཇེ་གསལ་དུ་གྱུར་ཅིང་། མདུད་པ་དང་བྲལ་ཞིང་ཡ་ཡོ་མེད་པ་ལུས་ཀྱི་དབུས་དྲང་པོར་ཁང་སྟོང་གི་ཀ་བ་བཞིན་དུ་ཟང་ཐལ་ལེ་བ་མཚན་ཉིད་ཐམས་ཅད་དང་ལྡན་པར་བསྒོམ་མོ། །དེ་ནི་རྩ་རླུང་སྦྱང་བའི་རིམ་པའོ། །གཉིས་པ་དངོས་གཞི་ལའང་གཉིས། ཐུན་མོང་རྩ་འཁོར་ལོ་བཞི་ལ་བརྟེན་ཏེ་གསང་སྔགས་སྤྱི་ཁྱབ་དང་བསྟུན་པའི་འབར་འཛག །ཐུན་མོང་མ་ཡིན་པ་རྩ་འཁོར་ལོ་ལྔ་ལ་བརྟེན་ཏེ་ཚེ་ལྷ་རིགས་ལྔ་ལ་བརྟེན་པའི་འབར་འཛག་གོ །དང་པོ་ནི། བདག་ཉིད་གཙོ་མཆོག་ཏུ་གསལ་བའི་སྐུའི་དབུས་རྩ་གསུམ་པོ་སྔར་བཞིན་དུ་གསལ་བ་ལས། སྤྱི་བོའི་གནས་སུ་བདེ་ཆེན་གྱི་འཁོར་ལོ་རྩའི་འདབ་མ་བྱང་ཆུབ་ཀྱི་སེམས་མཚོན་པའི་སུམ་ཅུ་རྩ་གཉིས། མགྲིན་པར་རོ་འདུས་ཀྱི་འཁོར་ལོ་རྩའི་འདབ་མ་ཐབས་ཤེས་དགའ་བ་མཚོན་པའི་བཅུ་དྲུག །སྙིང་ཁར་དྲན་པ་རྣམ་བཀོད་ཆོས་ཀྱི་འཁོར་ལོ་ཐུན་ཆེན་མཚོན་པའི་བརྒྱད། ལྟེ་བར་སྲིད་བཅུད་ཆགས་བྱེད་སྤྲུལ་པའི་འཁོར་ལོ་དུས་སྦྱོར་མཚོན་པའི་དྲུག་ཅུ་
རྩ་བཞི། དེ་ཐམས་ཅད་མཚན་ཉིད་དང་ལྡན་པ་དྲྭ་བ་རིས་སུ་བྲེས་པ་ཕྱི་གསལ་ནང་གསལ་ཁ་དོག་དམར་སེར་ཐབས་ཤེས་ཁ་སྦྱོར་གྱི་ཚུལ་དུ་བསྒོམ། སྤྱི་བོར་དབུ་མའི་ནང་དུ་བདེ་བ་ཡབ་ཀྱི་རང་བཞིན་དཀར་ཆའི་ངོ་བོ་ཟླ་བ་ལྟར་དཀར་བའི་ཧཾ་མགོ་ཐུར་དུ་བསྟན་པ་བ་མོ་ལྟར་འཛག་པ། རྩ་གསུམ་འདུས་མདོའི་ནང་དུ་སྟོང་ཉིད་ཡུམ་གྱི་རང་བཞིན་དམར་ཆའི་ངོ་བོ་ཉི་མ་ལྟར་གསལ་བའི་ཨ་ཤད་འཕེལ་ཁ་གྱེན་དུ་བསྟན་པ་མར་མེ་ལྟར་འབར་བའོ། །དེ་ནས་ལུས་གནད་བཅས་རླུང་བུམ་པ་ཅན་ཁ་སྦྱོར་དུ་བསྒོམས་ཏེ། གཞུང་ལས། འདི་ལ་གནད་བཞི་སྟེ༔ རྔུབ་དང་དགང་དང་གཞིལ་བ་འཕང་བའོ༔ ཞེས་གསུངས་པའི་མན་ངག་ལག་ལེན་གྱི་གནད་དང་ལྡན་པས་དམིགས་པ་ནི་གོང་དང་འདྲ་བ་ལས་རླུང་ནང་དུ་རྔུབ་པའི་ཚེ་ཨ་ཤད་ལ་བུས་པས་མེ་ལྕེ་ཕྲ་ལ་འཁྱུག་པ་རེག་བྱ་ཚལ་རྣོ་བ་ཞིག་དབུ་མའི་ནང་ནས་ཡར་བརྒྱུད་ཧཾ་ལ་ཕོག་པས་ཧཾ་འདར་ཕྲི་ལི་ལི་ཞུ་སྟེ་བ་མོ་ལྟར་འཛག་བཞིན་པས་བདེ་ཆེན་གྱི་འཁོར་ལོ་མེར་གྱིས་གང་། དེ་བཞིན་དུ་ཨ་ཤད་ཀྱི་མེས་སྤྲུལ་པའི་འཁོར་ལོའི་རྩ་འདབ་ཀྱི་ནང་ཐམས་ཅད་ཀྱང་གང་། དེས་འགྲེ་བས་ལོངས་སྤྱོད་དང་དྲན་བཀོད་ཀྱི་འཁོར་ལོ་གཉིས་ཀྱང་དཀར་དམར་གྱིས་གང་། དེ་གཉིས་ཀྱི་མཚམས་སུ་དཀར་དམར་འཕྲད་པའི་བདེ་ཆེན་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་བུམ་ཅན་ཁ་སྦྱོར་དུ་བསྒོམ་མོ། །ཐུན་མཚམས་སུ་ལུས་གཅུས་དང་ལུས་སྤྲུགས་དྲག་པོ་བྱས་པས་དཀར་
དམར་གཉིས་ཁྲུག་གིས་འདྲེས་ཏེ་རྩ་སྦུབས་ཐམས་ཅད་དང་ལུས་ཀྱི་བ་སྤུའི་བུ་གའི་མཐར་ཐུག་མ་ལུས་པར་ཞུ་བདེས་ཁྱབ་པར་བསྒོམས་ཏེ་བདེ་སྟོང་ས་ལེ་བའི་ངང་ཉམས་བསྐྱང་ངོ་། །གཉིས་པ་ཁྱད་པར་བ་ཐུན་མོང་མ་ཡིན་པ་རྩ་འཁོར་ལོ་ལྔ་ལ་བརྟེན་ཏེ་ཚེ་ལྷ་རིགས་ལྔ་ལ་བརྟེན་པའི་འབར་འཛག་ནི། རྩ་གསུམ་འཁོར་ལོ་བཞི་སོགས་གོང་དང་འདྲ་བ་ལས་གསང་གནས་བདེ་མཆོག་གི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱང་གསལ་གདབ། སྤྱི་བོའི་རྩ་འཁོར་གྱི་འདུས་མཚམས་སུ་རྣམ་སྣང་དེ་བཞིན་ཉིད་ཀྱི་རིགས་མཆོག་ཚེ་དཔག་མེད་སྐུ་མདོག་དཀར་པོ་རང་འོད་ཀྱི་ཡུམ་སངས་རྒྱས་སྤྱན་མ་དང་སྦྱོར་བ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་རྩེ་མོར་རང་འདྲ་རེ་རེ། མགྲིན་པར་རིན་འབྱུང་རཏྣའི་རིགས་མཆོག་ཚེ་དཔག་མེད་གསེར་མདོག་རང་འོད་ཀྱི་ཡུམ་རིན་ཆེན་སྒྲོལ་མ་དང་སྦྱོར་བ་རྩ་འདབ་བཅུ་དྲུག་པོར་རང་འདྲ་རེ་རེ། སྙིང་གར་མི་བསྐྱོད་རྡོ་རྗེའི་རིགས་མཆོག་ཚེ་དཔག་མེད་མཐིང་གསལ་རང་འོད་ཀྱི་ཡུམ་མཱ་མ་ཀི་དང་སྦྱོར་བ་རྩ་འདབ་བརྒྱད་ལ་རང་འདྲ་རེ། ལྟེ་བར་སྣང་མཐའ་པདྨའི་རིགས་མཆོག་ཚེ་དཔག་མེད་དམར་པོ་རང་འོད་ཀྱི་ཡུམ་ན་བཟའ་དཀར་མོ་དང་སྦྱོར་བ་རྩ་འདབ་དྲུག་ཅུ་རྩ་བཞི་ལ་རང་འདྲ་རེ། གསང་བར་དོན་གྲུབ་ལས་རབ་རྫོགས་པ་ཚེ་དཔག་མེད་ལྗང་གསལ་རང་འོད་ཀྱི་ཡུམ་དམ་ཚིག་སྒྲོལ་མ་དང་སྦྱོར་བ་རྩ་འདབ་སུམ་ཅུ་རྩ་གཉིས་ལ་རང་འདྲ་རེ། དེ་ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་འཆི་མེད་བདུད་རྩིའི་བཅུད་ཀྱིས་གང་བ་བསྣམས་
ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྒོམ། དེ་ལྟར་གསལ་ཐེབས་ནས་ལུས་གནད་བཅས་རླུང་བུམ་ཅན་ཁ་སྦྱོར་སྔར་ལྟར་བསྒོམས་ཏེ། རླུང་ནང་དུ་རྔུབ་པས་རོ་རྐྱང་གི་ལམ་བརྒྱུད་འདུས་མདོའི་ཨ་ཤད་ལ་ཕོག་སྟེ་བུས་པས་དམར་ཆ་གྱེན་དུ་ཅུང་ཟད་འཕྲོས། གསང་བའི་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུ་ལ་ཕོག །བདེ་ཆེན་བསྐུལ་གཙོ་འཁོར་ཐམས་ཅད་རྗེས་སུ་ཆགས་པའི་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་སྤྲོས། རྩ་འདབ་ཐམས་ཅད་ཞུ་བ་དེས་མེར་གྱིས་གང་གྱེན་དུ་ཕྱུར་བ་ལྟེ་བའི་ཚེ་དཔག་མེད་ཡབ་ཡུམ་ལ་ཕོག །བདེ་ཆེན་བསྐུལ་གཙོ་འཁོར་ཐམས་ཅད་རྗེས་སུ་ཆགས་པའི་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་སྤྲོ་བ་སོགས་འཁོར་ལོ་གཞན་རྣམས་ལ་ཡང་རིགས་འགྲེ །མཐར་ལུས་ཀྱི་བ་སྤུའི་བུ་ག་ལ་ཐུག་པའི་ནང་ཐམས་ཅད་ཞུ་བདེས་བཟོད་མེད་དུ་ཁྱབ་པར་བསྒོམ་སྟེ་བདེ་སྟོང་གཉིས་མེད་ཀྱི་ངང་ནས་བུམ་ཅན་ཁ་སྦྱོར་དུ་འཆིང་། ཐུན་མཚམས་སུ་ལུས་གཅུས་དང་ལུས་སྤྲུགས་པ་སོགས་གོང་དང་འདྲ། དེ་ལྟ་བུའི་ཞུ་བ་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་གོང་དུ་སྤེལ་ཕྱིར་ལུས་ཀྱི་འཕྲུལ་འཁོར་བྱ་བ་ནི། གཞུང་ལས། སེང་གེ་དང༔ ཁྱུ་མཆོག་དང༔ གླང་པོ་དང༔ རུས་སྦལ་ཏེ་དུད་འགྲོའི་འགྱུར་བཞི༔ གྱད་ཀྱི་འགྲོས་དང་ལྔའོ༔ ཞེས་གསུངས་ཤིང་། མན་ངག་གིས་སྦྱར་བས།
བག་བཞིའི་ལུས་སྤྲུགས། གེགས་སེལ་ལྔ་སྒྲིལ། རླུང་སྐྱོན་སེལ་བ་སྟེ་རྐང་གྲངས་བརྒྱད་པོ་ལག་ལེན་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །གཞན་ཡང་གཞུང་ལས། རྩ་བའི་རླུང་ལྔ་མ་ཟིན་པ་ཟིན་པར་བྱེད་པ་དམ་ཚིག་གི་རླུང་རྡོ་རྗེའི་བཟླས་པ༔ ཟིན་པ་བརྟན་པར་བྱེད་པ་ཡེ་ཤེས་ཀྱི་རླུང་རྡོ་རྗེའི་བཟླས་པ་དང་གཉིས་སོ༔ ཞེས་གསུངས་པའི་དང་པོ་ནི་རང་གཙོ་མཆོག་ཡབ་ཡུམ་དུ་གསལ་བའི་སྐུའི་དབུས་སུ་འཁོར་ལོ་སྤངས་པའི་རྩ་གསུམ་འདུས་མདོར་ཨ་ཤད་དེ་ཉིད་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རང་བཞིན་ཡི་གེ་ཨཱཿདམར་པོ་གཅིག་གསལ་གདབ། རླུང་བུམ་ཅན་ཁ་སྦྱོར་དུ་བསྒོམས་ཏེ་རླུང་ཕྱིར་འབུད་པའི་སྐབས་སུ་ཨཱཿལས་འབྱུང་ལྔའི་རླུང་འོད་ཟེར་ལྔ་ལྡན་ཟ་འོག་གི་སྣལ་མ་བརྐྱང་བ་འདྲ་བའི་སྣེ་ལ་ཧཱུྃ་མཐིང་ག་འཕྲོས། སྣ་སྒོ་ནས་འདོམ་གང་གི་ཐད་དུ་སླེབ་པར་བསྒོམ། ནང་དུ་རྔུབ་པའི་ཚེ་ཨོཾ་དཀར་པོ་ཟེར་ཐག་དང་བཅས་པ་སྣ་བུག་ནས་ནང་དུ་ཞུགས་ཨཱཿལ་ཐིམ་པར་བསྒོམ། གནས་པའི་ཚེ་ཕྱི་རོལ་དུ་ཧཱུྃ་དང་ནང་དུ་ཨཱཿལ་ཤེས་པ་གཏོད་པ་ཡིན་ནོ། །ཟིན་པའི་རྟགས་ནི་སྣ་སྒོར་རླུང་ལྔའི་ཁ་དོག་མཐོང་བ་སོགས་སོ། །གཉིས་པ་ཟིན་པ་བརྟན་པར་བྱེད་པ་ཡེ་ཤེས་ཀྱི་རླུང་རྡོ་རྗེའི་བཟླས་པ་ནི། དེ་བརྟན་པར་བྱེད་པའི་ཡེ་ཤེས་ཀྱི་རླུང་རྡོ་རྗེའི་བཟླས་པ་ནི་བར་རླུང་ཙམ་ལ་བརྟེན་ཏེ་གོང་བཞིན་ཉམས་སུ་བླང་ངོ་། ཁྱད་པར་གྱི་དམ་ཡེ་གཉིས་མེད་རྡོ་རྗེའི་བཟླས་པ་ནི་གཞན་ལས་ཤེས་སོ། །དེ་ནས་བརྟན་པ་གོང་དུ་བོགས་དབྱུང་བའི་རིམ་པ་ནི། གཞུང་ལས། རང་
ལུས་ཐབས་ལྡན་བདེ་བ་ཆེན་པོ་དང༔ གཞན་ལུས་ཤེས་རབ་ཟབ་ལམ་ཟུང་འཇུག་པདྨའི་བཅུད་ལེན་སོགས་གུད་དུ་གསལ་བ་ལྟར་ཉམས་སུ་བླང་ངོ་༔ ཞེས་གསུངས་སོ། །གསུམ་པ་རྗེས་ཞུགས་པའི་ལམ་རྟགས་དང་ཡོན་ཏན་ལ་གསུམ་སྟེ་གཞུང་ལས། གནས་པ་རྩའི་འཆིང་བྱེད་གྲོལ་ཚུལ༔ གཡོ་བ་རླུང་ལ་རང་དབང་ཐོབ་ཚུལ༔ བཀོད་པ་བྱང་ཆུབ་སེམས་ཀྱི་བརྟན་ཚུལ་ལོ༔ ཞེས་གསུངས་པའི་དང་པོ་ནི། དེ་ལྟ་བུའི་ལུས་ཀྱི་འཁྲུལ་འཁོར་སེམས་ཀྱི་དམིགས་པ་ངག་རླུང་གི་བཅིང་ལུགས་གསུམ་གྱི་སྒོ་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་གཟུང་འཛིན་གྱི་རྩ་མདུད་ཕྲ་རགས་ཐམས་ཅད་གྲོལ་ཏེ་ཡེ་ཤེས་ཀྱི་རྩ་ཁ་བྱེ། གཉིས་པ་གཡོ་བ་རླུང་ལ་རང་དབང་དུ་གྱུར་པས་ཟིན་པ་སོགས་ཐུན་མོང་གི་རྟགས་ལྔ་དང་བརྟན་པ་སོགས་ཁྱད་པར་གྱི་རྟགས་ལྔ་སྟེ་བཅུ་དང་ལྡན། གསུམ་པ་བཀོད་པ་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་བརྟན་པས་རྩ་གནས་ཐམས་ཅད་ཁྱབ་པ་ལ་བརྟེན་ཏེ་ཞུ་བདེ་ཟག་མེད་ཀྱི་བདེ་བ་རྫོགས་ནས། མ་དག་པའི་རྩ་ཐིག་རླུང་གསུམ་དག་པ་ཡེ་ཤེས་ཀྱི་རྩ་ཐིག་རླུང་རྣམས་སུ་སྨིན་ཏེ་ལུས་འཇའ་ཚོན་ལྟ་བུའི་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་དང་། སེམས་རང་འོད་ཀྱི་རིག་མ་དང་ཁ་སྦྱོར་བདེ་སྟོང་དབྱེར་མེད་རང་སྣང་རྣམ་དག་ཡེ་ཤེས་ལྔའི་དབྱིངས་རིག་དབྱེར་མེད་ལོངས་སྐུའི་ཞིང་ཁམས་ལྔ་ལྡན་འོད་ལྔའི་སྦུབས་སུ། འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་ཅིང་
ཡན་ལག་བདུན་ལྡན་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་བ་ཡིན་ནོ། །བདེ་སྟོང་གཏུམ་མོའི་ཉམས་ལེན་བཤད་ཟིན་ཏོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བའི་ཚེ་ལམ་ཕྱག་རྒྱ་པདྨ་ཅན་ལ་བསྟེན་ཏེ་གསུམ་པའི་ཉམས་ལེན་གྱི་ཚུལ་ནི་ལོགས་སུ་འཆད་པ་ལས་ཤེས་པར་བྱའོ། །བཞི་པ་དབང་བཞི་པ་དང་འབྲེལ་བ་ནི་ཀ་དག་ལྷུན་གྲུབ་རིན་པོ་ཆེའི་ཉམས་ལེན་འདི་ཉིད་ཡིན་ཏེ་གཏེར་གཞུང་རྩ་བའི་ས་བཅད་ལྔ་པ་རྫོགས་པ་ཆེན་པོ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བ་ལ་གསུམ་སྟེ། ཀ་དག་གི་གཞུང་ལས། ལྔ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ༔ འཁོར་འདས་རུ་ཤན་དབྱེ་བ༔ སྒོ་གསུམ་གྱི་སྔོན་འགྲོ༔ རྣལ་དུ་དབབ་པའོ༔ ཞེས་གསུངས་པའི་དང་པོ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། ཁམས་གསུམ་ལུས་ངག་ཡིད་གསུམ་དང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས་འདི་ལ་གཉིས། ཕྱི་འཁོར་འདས་རུ་ཤན་དབྱེ་བ་དང་། ནང་འཁོར་འདས་རུ་ཤན་དབྱེ་བའོ། །དང་པོ་ནི། རི་ངོགས་ལུང་སྟོང་སོགས་མིའི་འགྲོ་འོང་མེད་པའི་གནས་དབེན་པར་སོང་སྟེ་གཞི་བདག་ལ་དཀར་གཏོར་སྦྱིན་ཞིང་འཕྲིན་ལས་བཅོལ། དེ་ཡང་ཆོས་ཉིད་ཀྱི་གནས་ལུགས་གཟོད་ནས་རང་ལ་ཡོད་ཀྱང་གནས་སྐབས་མ་རིག་པའི་སྒྲིབ་པས་བསྒྲིབས་ནས་རིགས་དྲུག་གི་གནས་སུ་བར་མེད་དུ་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་ཀྱིས་
མནར་མོད། ད་ནི་སེམས་ཅན་གྱི་དོན་དུ་དུས་ད་རེས་ནས་འཁོར་འདས་ཀྱི་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། འགྲོ་བ་རིགས་དྲུག་སོ་སོའི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་མྱོང་བར་བསམ་ཞིང་ལུས་ཀྱིས་མཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར། ངག་གིས་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་རྟོག་པའི་སྣ་མི་བསྐྱིལ་བར་ཤུགས་འབྱུང་འགག་མེད་དུ་སྤྱད་པས་ངལ་དུབ་འགྱུ་བ་སྤུན་ཐག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་ལྟ་ཞིང་ངལ་གསོ། ཡང་ལུས་ཀྱིས་བདེ་གཤེགས་ཞི་ཁྲོའི་ཚོགས་ཀྱི་སྐུའི་རྣམ་འགྱུར། ངག་གསུང་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་སུ་བྱས་ལ་རྗེས་ཤེས་ཀྱི་ངང་ཉམས་བསྐྱང་ངོ་། །དེ་ལྟར་ཡང་འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིག་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ཅེས་གསུངས། དགོས་པ་ནི་སྒོ་གསུམ་གྱི་སྡིག་སྒྲིབ་འདག །བར་ཆད་ཞི། མངོན་ཞེན་ལྡོག །རྡོ་རྗེ་གསུམ་གྱི་གོ་འཕང་འགྲུབ་པར་བྱེད་པའོ། །གཉིས་པ་ནང་འཁོར་འདས་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པས་སྦྱང་གཞི་རང་གི་ལུས་ཀྱི་
གནས་དྲུག་ཏུ། སྦྱང་བྱ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་ཡོད་དེ། དེ་ཡང་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། འགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿདུད་ཀ་རྣམས་བག་ཆགས་དང་བཅས་པ་ལྷན་སྐྱེས་སུ་གནས་པ་དེ་སྦྱོང་བྱེད་རིག་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་དེ་ལས་ཐུགས་རྗེའི་ཟེར་ཐག་འཕྲོས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་གཞོབ་ཏུ་བསྲེགས། རིགས་དྲུག་གི་རྒྱུ་འབྲས་དྲུངས་ནས་ཕྱུངས་ཏེ་ལུས་ཤེལ་གོང་གཡའ་བྲལ་ལྟ་བུར་བསྒོམ། འབྲུ་གསུམ་གྱི་བསྙེན་པ་བྱའོ། །དེ་ལྟར་ཡང་ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། ཁམས་གསུམ་འཁོར་བར་ལྡོག་པ་མེད། །དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་གསུངས་སོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ནི། གཞུང་ལས། ལུས་རྡོ་རྗེའི་འདུག་སྟངས་བྱ་ཞིང༔ ངག་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལ་སྦྱང༔ སེམས་བྱུང་གནས་འགྲོ་གསུམ་བརྟགས་ཏེ་གཏན་ལ་འབེབས་པར་བྱའོ༔ ཞེས་གསུངས་པའི་དང་པོ་ལུས་ཀྱི་སྔོན་འགྲོ་ནི།
ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པས་རྐང་མཐིལ་གཉིས་སྦྱར་སོར་མོ་བཅུ་ས་ལ་བཙུག །པུས་མོ་ཕྱིར་བརྒྱངས་སྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱངས་མགྲིན་པ་ཨོལ་མདུད་ནོན་པར་བྱས་ཉྭ་བཞི་བསྒྲིམས་ཏེ་རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་དུ་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེ་ལྟར་བྱས་པས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་ལུས་རང་བབས་སུ་ཁྲེས་སེ་བསྐྱུར་ལ་སེམས་རྟོག་མེད་ཀྱི་རང་ངོ་བསྐྱང་ངོ་། །དགོས་པ་ནི་ཐུན་མོང་ལུས་ཀྱི་སྡིག་སྒྲིབ་འདག་ཅིང་མངོན་ཞེན་ལྡོག་མཐར་ཐུག་སྐུ་རྡོ་རྗེ་འགྲུབ་པར་འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡི། །ཞེས་དོན་ཚན་བཞིར་གསུངས་པའི་དང་པོ་ལ་གཉིས། ཕྱི་སྣང་བ་ལ་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པའོ། །དང་པོ་ནི་དབེན་པར་ལུས་གནད་ཆོས་བདུན་བཅས་ཏེ་སྙིང་ཁར་ཧཱུྃ་སྔོན་པོ་ཞིག་བསྒོམ། དེ་ཉིད་གསལ་སྣང་ཐོན་པ་དང་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་ཧཱུྃ་གི་གླུ་སྙན་ལ་རིང་བ་བླངས་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡས་ནས་འཐོན་ཕྱིའི་
སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབས་པའོ། །དེས་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་ཕྱི་རོལ་གྱི་ཧཱུྃ་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་བུམ་ཅན་ཅུང་ཟད་བཟུང་། ལུས་ཧཱུྃ་གིས་གང་བར་འཆར་ཞིང་མི་བདེ་བ་སྙམ་བྱེད་པ་ནི་རྒྱས་ཐེབས་པའོ། །དེས་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ་གཉིས། ཕྱི་སྣང་བ་ལ་རྩལ་སྦྱང་བ་དང་། ནང་ཕུང་པོ་ལ་རྩལ་སྦྱང་བའོ། །དང་པོ་ནི། ཧཱུྃ་དྲག་པོ་ངར་དང་ལྡན་པ་བརྗོད་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་ཤུགས་དང་ལྡན་པ་གང་ལ་སྤྲོ་བ་དེ་དང་འཚམ་པ་མང་པོ་ཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་སང་སེང་ཁྲལ་ཁྲོལ་དུ་བཏང་བར་བསམ། ཕྱིའི་ཡུལ་སྣོད་རྣམས་ལ་ཨ་འཐས་ཀྱི་སྣང་བ་དག་པར་འཆར་བ་ནི་རྩལ་འབྱོངས་པའོ། །དེས་ནི་སྣང་བ་བདེན་མེད་དུ་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སྔར་ལྟར་ཧཱུྃ་བརྗོད་ཅིང་སྤྲོས་པས་རང་ལུས་ཀྱི་རྒྱབ་མདུན་སྟོད་སྨད་ཐལ་བྱུང་དུ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ། ལུས་ཁོལ་བུར་ན་བ་དང་རང་བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ཕུང་པོ་འཇའ་ལུས་སུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་ལྟ་བུའི་དམིགས་རྟེན་བཙུགས་ཏེ་ངག་
ཧཱུྃ་གི་གླུ་རིང་པོར་བརྗོད་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་གི་འཕྲེང་བ་བར་མ་ཆད་དུ་བྱུང་དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབས་པ་དང་དར་གཅིག་གློད་ལ་ངལ་གསོ། ཡང་རིམ་བཞིན་བཤིགས་ནས་ནང་དུ་བསྡུས་ཏེ་སྙིང་ཁའི་ཧཱུྃ་ལ་རྫོགས་པར་བསྟིམ་ནས་ངལ་གསོ། དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་གི་འགྲོ་ལྡོག་ལ་སྦྱངས་པས། རྣམ་རྟོག་གི་ངར་ཞི་ནས་སེམས་ཤིན་སྦྱང་ཐོབ་སྟེ་དམིགས་པ་གང་དུ་ཡང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དགོས་པའོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་བསྒྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་བྱས་ཏེ་མདུན་ནས་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་ཞིང་འཁྱོགས་མཚམས་སུ་ཅུང་ཟད་ངལ་གསོ། རྒྱང་རིང་པོའི་ཕ་རོལ་ཏུ་སོང་བར་བསམ་ཞིང་ངག་ཏུ་ཧཱུྃ་རིང་པོ་བརྗོད། ཡང་སྔར་བཞིན་ཚུར་འོང་ནས་རང་སོར་གནས་པར་བསམ། བར་བར་དུ་ངལ་གསོ། དེས་ཐོག་མར་དགའ་བ་དང་སྐྱོ་བ་སོགས་པའི་ཉམས་མཐོ་དམན་ཅན་དང་མཐར་ལུས་སེམས་བདེ་བས་ཁྱབ་པ་འཆར། དགོས་པ་ནི་ཐུན་མོང་ངག་གི་སྡིག་སྒྲིབ་དང་མངོན་ཞེན་སྦྱོང་། མཐར་ཐུག་གསུང་རྡོ་རྗེ་འགྲུབ་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ །དེ་ལྟར་གསུམ་པོ་བརྟགས་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་
ཤེས། །ཞེས་གསུངས་པས་དང་པོ་བྱུང་ས་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་ལས་བྱུང་ན་དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིགས་ནས་བཙལ་ན་ཨི་རྙེད། ནང་རང་ལུས་ལས་བྱུང་ན་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཆ་ཤས་སུ་བཙལ་བས་ཨི་རྙེད་དམ། ཡང་སྣང་བ་ལས་བྱུང་ན་སྣང་བའི་ཡུལ་ཨི་རྙེད། སྟོང་པ་ལས་བྱུང་ན་སྟོང་པའི་ཡུལ་ཨེ་གྲུབ། མདོར་ན་འཚོལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་རིག་པ་ལ་ཚུར་བལྟས་པས་ངོས་བཟུང་དང་བྲལ་བའི་རང་ངོ་མ་མཐོང་གི་བར་དུ་དཔྱད་དོ། །གཉིས་པ་གནས་པ་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད་པས་གང་དུའང་མ་གྲུབ་པ་ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མེད་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པ་འགྲོ་ས་ལ་བརྟག་པ་ནི། སེམས་རྟོག་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་གང་དུ་ཡང་འགྲོ་བའི་ཡུལ་མེད་དེ། ཡུལ་ཅན་གྱི་སེམས་ཉིད་ཀྱང་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཐ་དད་དུ་མ་གྲུབ་པ་རིག་སྟོང་ཟུང་འཇུག་དང་བྲལ་བར་གཏན་ལ་མ་
ཕེབས་བར་དུ་བསྐྱར་རོ། །དགོས་པ་ནི་ཐུན་མོང་ཡིད་ཀྱི་སྡིག་སྒྲིབ་བར་ཆད་སྦྱོང་། མངོན་ཞེན་ལྡོག །མཐར་ཐུག་ཐུགས་རྡོ་རྗེ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག །ཅེས་གསུངས་སོ། །གསུམ་པ་སེམས་རྣལ་དུ་དབབ་པ་ལ་གཉིས་ཏེ། གཞུང་ལས། རྣལ་དུ་དབབ་པ་དང༔ སོར་གཞུག་པའོ༔ ཞེས་གསུངས་ཤིང་། དང་པོ་ལའང་གཞུང་ལས། ལུས་རང་བབས་ངག་བཅོས་མེད་སེམས་རྟོག་བྲལ་དུ་སྒོ་གསུམ་གཞི་ཐོག་གི་སྟེང་དུ་རང་བབས་སུ་བཞག་པའོ༔ ཞེས་གསུངས་པས་བདེ་བའི་མལ་དུ་ལུས་སེམས་སྐྱིལ་སོགས་གང་བདེར་བསྒུལ་སྐྱོད་མེད་པར་བཞག །ངག་སྨྲ་བརྗོད་དང་བྲལ་བ་རླུང་ཡང་བཟོ་བཅོས་མེད་པར་བཞག །སེམས་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་རྟོག་ཐམས་ཅད་བཏང་ནས་རང་བབས་སུ་འཇོག་སྟེ། དཔེར་ན་ཆུ་མ་རྙོགས་ན་དྭངས་པ་ལྟར་སྒོ་གསུམ་གཞི་ཐོག་ཏུ་དྭངས་པར་འགྱུར་བས་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་སྒྲུབ་པ་ཡིན་ནོ། །དེ་ལྟར་ཡང་འདས་རྗེས་ལས། དེ་ལྟར་ལུས་ངག་ཡིད་གསུམ་པོ། རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་སོ། །གཉིས་པ་སོར་གཞུག་ལ་གསུམ། གཞུང་ལས། ཉན་ཐོས་ཞི་བའི་ལྟ་སྟངས༔ བྱང་ཆུབ་སེམས་དཔའི་ལྟ་ལྟངས༔ ཁྲོ་བོའི་ལྟ་སྟངས་རྣམས་ཀྱིས་རིམ་པ་
བཞིན་སྒོ་གསུམ་གནས་པར་བྱེད་པ༔ གནས་པ་བརྟན་པར་བྱེད་པ༔ བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་པའོ༔ ཞེས་གསུངས་པའི་དང་པོ་ནི་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པས་ལུས་གནད་བསམ་གཏན་གྱི་ཆོས་བདུན་ལྡན་གྱིས་མི་གཡོ་བར་བཅིང་། ངག་གི་བརྗོད་ཚིག་རླུང་གི་འགྲོ་འོང་རང་ཤུགས་སུ་དལ་བར་བཞག །མིག་སྣ་རྩེའམ་ནམ་མཁའ་ལ་ཧྲིག་གེ་གཏད་ནས། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལས་མི་སྤྲོ་མི་སྡུད་པར་རང་སར་བཞག་པས་ཡུལ་རྐྱེན་གྱི་ངོ་བོར་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བར་བྱའོ། །གཉིས་པ་བྱང་སེམས་ལྟ་སྟངས་ནི། ཀློང་གསལ་ལས། བོ་དྷི་སཏྭའི་ལྟ་སྟངས་ཀྱིས། རྣལ་ཕེབ་བདེ་བ་ཉིད་ཐོབ་འགྱུར། །ཞེས་གསུངས་པས་གཞན་སྔར་དང་འདྲ་བ་ལས་མིག་བར་སྣང་ལ་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་གསལ་ལ་མ་འགག་པར་འཆར། ཤར་ཙམ་ཉིད་ནས་རང་བཞིན་མ་གྲུབ་པ་སྣང་སྟོང་དབྱེར་མེད་དུ་རྟོགས་པར་བྱའོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ཡང་ཀློང་གསལ་ལས། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་གསུངས་པས་བསམ་གཏན་གྱི་ངང་མ་ཤོར་བ་ཉིད་ལ་ལངས་ཏེ་གོམ་པ་གྱ་ཚོམ་དུ་དོར་མིག་ཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་
སོགས་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་རྩལ་སྦྱངས་པས། སྣང་རྐྱེན་ཇི་ཙམ་མང་བཞིན་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ་རང་བྱུང་རང་ཤར་སྤྲོས་བྲལ་ལ་བསླབ་པར་བྱའོ། །དེ་དག་གིས་གནས་སྐབས་སུ་བདེ་གསལ་མི་རྟོག་པ་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པའམ་ཉོན་མོངས་པ་རགས་པ་རྣམས་མགོ་ནོན་ཞིང་ཡང་དག་པའི་ལམ་ལ་འཇུག་པ་ཡིན་ནོ། །དེ་དག་གིས་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་རིམ་པ་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལ་གཉིས་ཡིན་ཏེ། གཞུང་ལས། ཁྲེགས་ཆོད་ཀྱི་ལམ་གནས་ལུགས་ཀ་དག་གི་སྤྲོས་བྲལ་དུ་སྟོན་པ༔ ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་དུ་སྟོན་པ་གཉིས་སོ༔ ཞེས་གསུངས་པའི་དང་པོ་ཁྲེགས་ཆོད་ཀ་དག་ལ་གཉིས་ཡིན་ཏེ་གཞུང་ལས། གནས་ལུགས་གཏན་ལ་འབེབས་པ་དང༔ རིག་པ་རང་ངོ་སྤྲོད་པའོ༔ ཞེས་གསུངས་པའི་དང་པོ་ལ་གསུམ། གཞུང་ལས། རྟོག་པ་རྩད་གཅོད་པ་དང༔ སེམས་ཀྱི་མཚང་བཙལ་བ༔ བྱུང་གནས་འགྲོ་གསུམ་བརྟག་པའོ༔ ཞེས་གསུངས་ཤིང་འདས་རྗེས་དོན་ཁྲིད་ལས་ཀྱང་། དང་པོར་རྟོག་པ་རྩད་བཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག །ཅེས་གསུངས་པས་དང་པོར་རྟོག་པ་རྩད་གཅོད་པ་ནི། དེ་ཡང་བྱ་བྱེད་ཐམས་ཅད་
ཀྱི་གཞི་སྒོ་གསུམ་པོ་ལས་འཁོར་བར་འཁྱམས་མཁན་དང་སངས་རྒྱས་བདེ་སྡུག་ཏུ་འཛིན་པ་པོ་སྐྱེ་བ་སྔ་ཕྱིའི་སྲེད་ལེན་རྣམས་ཀྱི་རྩ་བ་དེ་ལུས་སེམས་ཚོགས་པ་གཅིག་པས་སམ། སོ་སོ་བར་བརྟག་ཅིང་དཔྱད་པས་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཐག་ཆོད་པ་ནི། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །ཞེས་དང་། གསང་བ་སྙིང་པོ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་དང་། གསར་མའི་ཕྱག་ཆེན་རྣམས་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོགས་གསུངས་པའང་འདིའི་ཐོག་ཏུ་འབབ་པའོ། །གཉིས་པ་མཚང་བཙལ་བ་ནི། དེ་ལྟར་བརྟགས་ཤིང་དཔྱད་པས་སེམས་ཉིད་གཅིག་པུའི་ཐོག་ཏུ་ཐག་ཆོད་པའི་ཚེ། སེམས་དང་ལུས་གཉིས་པོ་གཅིག་གམ་ཐ་དད། སྣང་བའི་ཡུལ་དང་འཛིན་པའི་སེམས་གཉིས་གཅིག་གམ་ཐ་དད་སོགས་བརྟགས་ཤིང་བརྩལ་པས་གང་དུ་ཡང་གྲུབ་པ་མེད་པའི་མཚང་རིག་པ་སྟེ། ཡུལ་ཡུལ་ཅན་སྐྱེ་འགག་རྟག་ཆད་སོགས་གང་གི་ཡང་ཕྱོགས་སུ་མ་ལྷུང་བ། ཅི་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཧྲིག་གེ་བ་ཇི་བཞིན་བརྗོད་པའི་ཡུལ་ལས་འདས་པ་ཉིད་འཁྲུལ་མ་འཁྲུལ་གྱི་མཚན་མ་དང་བྲལ་བ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་
དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་གསུངས་སོ། །གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། དེ་ལྟར་གཞིའི་མཚང་བཙལ་བས་མ་རྙེད་ཀྱང་བདག་མེད་ལ་བདག་ཏུ་འཛིན་པའི་སེམས་འདི་དང་པོ་གང་ནས་བྱུང་བར་དུ་གང་དུ་གནས་མཐར་གར་འགྲོ་བརྟགས་ཤིང་དཔྱད་པས། བལྟ་ཡུལ་གྱི་སྟེང་དུ་ལྟ་མཁན་གྱི་རིག་པ་སླེབ་ཚེ་རིག་པ་དེ་ཀ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས་འདི་ཞེས་མཚོན་དུ་མེད་ཀྱང་རིག་སྟོང་མྱོང་རྒྱུ་ཡོད་པ་དེ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར་བ་སྟེ། གཞུང་ལས། གནས་ན་གནས་ཐོག་འཕྲོ་ན་འཕྲོ་ཐོག་ཏུ་བལྟས་པས་ཡེ་སྟོང་ཀ་དག་གི་གཤིས་ལུགས་མངོན་སུམ་དུ་གྱུར་པའོ༔ ཞེས་དང་། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་དང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་སྟོང་མངོན་གྱུར་རང་སར་གྲོལ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་བྱུང་གནས་འགྲོ་གསུམ་བརྟག་པ་ལན་གཉིས་སུ་བཤད་པ་ནི། སྔ་མས་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་པ་དང་། ཕྱི་མས་ནི་དེའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་དངོས་བསྟན་པ་ཡིན་ཏེ། ཀུན་མཁྱེན་ཆོས་རྗེས། སྔ་མ་ནི་ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབས་བྱེད་ཡིན་
ལ། འདིར་ནི་ཡུལ་ཅན་ལ་བརྟགས་ནས་ངོ་བོ་ཐོག་ཏུ་འབེབས་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་རིག་པའི་རང་ངོ་སྤྲད་པ་ནི། གཞུང་ལས། གནས་ལུགས་ལྟ་ཐོག་ནས་ངོ་སྤྲད་པ་དང༔ ཉམས་མྱོང་སྒོམ་པའི་ཐོག་ནས་ངོ་སྤྲད་པའོ༔ ཞེས་གཉིས་སུ་བསྟན་པའི་ངོ་སྤྲད་ཀྱི་སྔོན་འགྲོར་བླ་མའི་རྣལ་འབྱོར་ལ་བརྟེན་ཏེ་བྱིན་རླབས་འཕོ་བ་ཐོབ་པའི་ཐབས་ཀྱི་རིམ་པ་གལ་ཤིན་ཏུ་ཆེ་བ་ཡིན་པས། མཆོད་པ་དང་ཚོགས་གཏོར་སོགས་རྒྱ་ཆེར་བཤམ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། ལུས་གནད་བཅས་ཏེ་འདུག་པ་ལ། བླ་མའི་རྣལ་འབྱོར་གྱི་དམིགས་རིམ་རྣམས་ཕོག །བླ་མ་བརྒྱུད་པ་དང་བཅས་པ་ལ་ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ་ཅིང་། བླ་མས་ཌཱ་དྲིལ་འཁྲོལ་ཞིང་སྤོས་བཏུལ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐལ་ལྡན་སློབ་མའི་ཤེས་རྒྱུད་ལ། །ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །དེ་བཞིན་དུ་རིགས་འགྲེ་བར། རྡོ་རྗེ་སེམས་དཔའ་ནས་རྩ་བའི་བླ་མའི་བར་གྱི་བརྒྱུད་པའི་གསོལ་འདེབས་ཀྱིས་བྱིན་དབབ། ཏིང་ངེ་འཛིན་གྱི་དབང་བཞི་ལེན་དུ་བཅུག །བླ་མའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་དེའི་རང་ངོ་ལ་བལྟས་པས་བླ་མ་ཆོས་སྐུའི་རང་ཞལ་དྲི་མེད་དུ་མཇལ་བའི་ངང་ལ་བསལ་བཞག་མེད་པར་རང་བབས་སུ་བསྐྱང་ངོ་། །འདི་ནི་
མན་ངག་གིས་སྦྱར་བ་ཡིན་པས་ཉམས་རྟོགས་སྐྱེ་བ་ལ་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་མྱུར་བ་ཡིན་ནོ། །དེ་ནས་དང་པོ་གནས་ལུགས་ལྟ་ཐོག་ནས་ངོ་སྤྲད་པ་ལ། གཞུང་ལས། དང་པོ་ལ་རྣམ་རྟོག་སེམས་སུ་ངོ་སྤྲད་པ༔ སེམས་སྟོང་པར་ངོ་སྤྲད་པ༔ སྟོང་པ་སྣང་བར་ངོ་སྤྲད་པ༔ སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ༔ གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ༔ དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ༔ ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པའོ༔ ཞེས་བདུན་དུ་གསུངས་པའི་དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། སེམས་ཞེས་བརྗོད་ཀྱང་རྣམ་རྟོག་ལས་གུད་ན་མེད་དེ་རྣམ་རྟོག་ལས་གཞན་པའི་སེམས་ནི་འདི་ཞེས་སངས་རྒྱས་ཀྱིས་ཀྱང་བསྟན་དུ་མེད་པ་སྟེ། ཀློང་གསལ་ལས། སེམས་ཀྱི་དྲན་གསོ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོགས་པ་མེད། །ཅེས་དང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི། དེ་ལྟ་བུའི་སེམས་སམ་རྣམ་རྟོག་ཅི་ལྟ་བུར་ཤར་ཡང་དེའི་རང་ངོ་ལ་བལྟས་པས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་གཟོད་ནས་སྟོང་པ་རྣམ་པ་རྣམ་རྟོག་ཏུ་ཤར་ཡང་ངོ་བོ་མ་དམིགས་པས་སྟོང་ཉིད་ལས་འདའ་བ་མེད་དེ། རྒྱུད་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤང་རང་གྲོལ་
བསེར་བུ་འདྲ། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི། དེ་ལྟ་བུའི་སྟོང་པའི་མདངས་ལས་སྣང་བའི་རྣམ་རྟོག་སྣ་ཚོགས་སུ་ཤར་བ་སྟེ་ཇི་ལྟར་ཤར་བའི་ངོ་བོ་ལ་བལྟས་པས་འདི་ཞེས་མཚོན་མེད་དུ་སྟོང་ཉིད་དེའི་སྟེང་དུ་འགྲོ་ཞིང་སླར་སྟོང་པ་དེ་ཀ་ལས་རྗེས་ཐོབ་ཀྱི་འཆར་སྒོ་ཅིར་ཡང་སྣང་སྟེ། རྒྱུད་ལས། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །ཅེས་གསུངས། བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི། སྣང་དུས་ན་སྟོང་པ་མེད་ལ་སྟོང་དུས་ན་སྣང་བ་མེད་དེ་ཅིའི་ཕྱིར་ན་སྣང་བ་དེ་ཀ་རིག་ཚེ་སྟོང་པར་སོང་། མ་རིག་ཚེ་སྟོང་པ་དེ་སྣང་བར་ལྡང་། དོན་ལ་རིག་མ་རིག་གི་ཁྱད་ལས་གཟོད་ནས་སྣང་སྟོང་དབྱེར་མེད་དེ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས། ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་ལྟ་བུའི་སྣང་སྟོང་དབྱེར་མེད་དེའི་ངོ་བོ་ནི། གཟོད་ནས་སྟོང་པས་ཆོས་སྐུ། རྩལ་སྣང་སྣ་ཚོགས་སུ་ཤར་བས་སྤྲུལ་སྐུ། དེ་གཉིས་ཐ་དད་མ་ཡིན་པར་ཟུང་འཇུག་ལོངས་སྐུ་སྐུ་གསུམ་དུ་རང་གྲོལ་བ་སྟེ། ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ལས། རྫོགས་སངས་
རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །ཅེས་གསུངས་སོ། །དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི། དཔེར་ན་ཞེ་སྡང་གི་རྟོག་པ་ལྟ་བུ་ཤར་བའི་ཚེ་རྟོག་པ་དེ་ཀའི་རང་ངོ་ལ་ཆེར་གྱིས་བལྟས་པས་བལྟ་ཡུལ་མ་འགགས་ལྟ་མཁན་གྱི་རིག་པ་རང་གསལ་ངོ་བོ་འདི་ཞེས་མཚོན་མེད་དུ་གསལ་ཧྲིག་གེ་བ་གསལ་སྟོང་ཡེ་ཤེས་རང་གྲོལ་བའོ། །དེས་མཚོན་ཏེ། གཞུང་ལས། འདོད་ཆགས་བདེ་སྟོང༔ གཏི་མུག་མི་རྟོག་པ༔ ང་རྒྱལ་དང་ཕྲག་དོག་རང་གསལ་གཉུག་མར་འཆར་ཞིང༔ དུག་ལྔ་མ་སྤངས་ཡེ་ཤེས་ལྔ་རུ་རང་གྲོལ་བའོ༔ ཞེས་གསུངས་ཤིང་། དེ་བཞིན་དུ་རྩ་ཉོན་དང་ཉེ་ཉོན་ཉི་ཤུ་སོགས་མི་དགེ་བའི་རྟོག་པ་གང་སྐྱེས་ཀྱང་ཐམས་ཅད་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཚོགས་དྲུག་གི་ཡུལ་དང་ཡུལ་ཅན་དུ་སྣང་བའི་ཚེ་སྣང་ཐོག་དེ་ཀར་བཞག་པས་རང་བཞིན་མེད་པ་ཡེ་སྟོང་རྩ་བྲལ་ཆེན་པོར་རང་གྲོལ་བའོ། །དེ་ཡང་སྐྱེ་མེད་དུ་རྩད་བཅད་ནས་ངོ་རང་ཐོག་ཏུ་སྤྲོད་པ་དང་། འགག་མེད་དུ་གཏན་ལ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ་དང་། གཉིས་མེད་དུ་ཐག་བཅད་ནས་གདིང་གྲོལ་
ཐོག་ཏུ་བཅའ་བ་རྣམས་ཀྱང་གོང་དུ་བསྟན་པའི་དོན་ལས་གཞན་མེད་དོ། །གཞུང་ལས། དེ་དག་གིས་ངོ་རང་ཐོག་ཏུ་སྤྲོད་པ༔ ཐག་གཅིག་ཐོག་ཏུ་བཅད་པ༔ གདིང་གྲོལ་ཐོག་ཏུ་བཅའ་བ་རྣམས་སོ༔ ཞེས་གསུངས། གཉིས་པ་ཉམས་མྱོང་སྒོམ་པའི་ཐོག་ནས་ངོ་སྤྲད་པ་ལ་གཉིས་ཡིན་ཏེ། གཞུང་ལས། བསམ་གཏན་གྱི་རང་ངོ་ལ་ངོ་སྤྲད་པ་དང༔ ཡེ་ཤེས་ཀྱི་རོལ་པ་ལ་ངོ་སྤྲད་པའོ༔ ཞེས་གསུངས་པའི་དང་པོ་ནི་རིན་ཆེན་སྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་གསུངས་པས་སློབ་བུ་རྣམས་རི་བོ་ཅོག་གཞག་ལུས་རྣམ་སྣང་གི་ཆོས་བདུན་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་གཞག་མདའ་གང་ཙམ་གྱི་ནམ་མཁའ་ལ་མིག་འབྲས་མི་འགུལ་བར་ཧྲིག་གེར་བལྟ། རིག་པ་ཅོག་གཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟར་གྱི་ཤེས་པ་གསལ་ལ་ངོས་གཟུང་མེད་པ་རང་བབས་ཆོས་ཉིད་ཀྱི་ངང་ལས་འདའ་བ་མེད་པར་འཇོག་ཏུ་བཅུག་ལ། ངོ་སྤྲད་པ་ནི། ཇི་སྐད་དུ། དྲི་མ་མེད་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །གསལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །ཞེས་དང་། ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་
ཞོག །ཅེས་པས་སེམས་གསལ་དྭངས་ཀྱི་ངང་ལ་གནས་པ་དེ་ཉིད་ཕཊཿདྲག་པོ་ཞིག་བརྗོད་པའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་དྭངས་ཆ་དེ་ཞིག་ཀྱང་རྟོག་པ་དེར་འཛིན་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་ཕྱ་ལེ་བ་ཞིག་འཆར་ཏེ། དེ་ཉིད་འཛིན་མེད་རང་གནས་ཀྱི་བསམ་གཏན་ཡིན་པར་ངོ་སྤྲད། འདི་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་བཟང་ངན་གྱི་རྟོག་པ་གང་ལྟ་བུ་ཞིག་ཤར་ན་ཡང་རང་ངོ་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་འཆར་ཏེ་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ། དེ་ཅུང་ཟད་བརྟན་པ་ན་རྐྱེན་ཕྲ་མོ་དང་བསྲེས་པས་མཉམ་རྗེས་རིས་མེད་ཉིན་མཚན་བར་མེད་བླང་དོར་མེད་པ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་བློ་ཟད་ཆོས་ཟད་དུ་ལ་ཟློས་པ་ཡིན་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ལ་གསུམ་ཡིན་ཏེ། གཞུང་ལས། གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པ༔ འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲད་པ༔ འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲད་པའོ༔ ཞེས་གསུངས་པས། དང་པོ་ནི། སེམས་རང་བབས་སུ་ཆམ་མེ་འཛིན་མེད་དུ་ཧྲིག་གེ་བའི་རང་ངོ་ས་ལེ་བ་དེ་ཀའི་རང་འགྲོས་བསྐྱངས་པས་སྐུ་གསུམ་མམ་ངོ་བོ་རང་
བཞིན་ཐུགས་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པ་ཉིད་དེ། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ནས་རང་སྣང་ཞིང་། །ཞེས་གསུངས་པའོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲད་པ་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་ཡང་རང་ངོ་རིག་ཚེ་སྟོང་གསལ་རིག་པའི་སྙིང་པོ་ཅན་ལས་ནམ་དུ་ཡང་འདར་མེད་པ་སྟེ། ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེའི་ཕྱིར་མ་གྲོལ་བ་ཡང་ཅི། །ཞེས་གསུངས་པའོ། །གསུམ་པ་འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲད་པ་ནི། འཕྲོ་གནས་གཉིས་པོ་རྒྱ་མཚོ་དང་རྦ་རླབས་བཞིན་ཏེ་གང་ལྟར་སྣང་ཡང་ཡེ་ནས་གཅིག་པའི་ཕྱིར་ཐོལ་སྐྱེས་ཐོལ་ནུབ་ཆོས་ཉིད་ཀྱི་ངང་ལས་མི་འདའ་བ་སྟེ། རྨད་དུ་བྱུང་བའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་ནས་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་གཞུང་ལས། དེས་ན་ཇི་ལྟར་ཤར་ཡང་འཛིན་མེད་དགག་སྒྲུབ་བླང་དོར་ལས་འདས་པ་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་མངོན་སུམ་ལག་བཅངས་སུ་ངོ་སྤྲད་པའོ༔ ཞེས་གསུངས་པས་ངོ་སྤྲོད་འདི་རྣམས་སྔར་བཤད་པའི་བསྒོམ་བྱའི་དོན་ལ་ཉམས་མྱོང་སྐྱེ་ངེས་སུ་བྱས་ནས་ངོ་སྤྲོད་རྣམས་རིམ་གྱིས་བཏབ་ན་གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་པར་འགྱུར་བ་ཡིན་ལ། སྒོམ་དོན་ལ་ཉམས་མྱོང་མ་སྐྱེས་པར་ངོ་སྤྲོད་བཏབ་ཀྱང་ངོ་མི་འཕྲོད་ཅིང་གོ་ཡུལ་མཁན་ལ་བྱ་ཤོར་དུ་འགྲོ་བས་ངོ་སྤྲོད་ཚུལ་ཤེས་པར་བྱ་དགོས་པ་ཡིན་ནོ། །གཞན་
ཡང་ཀུན་མཁྱེན་ཆོས་རྗེའི་གསུང་རབ་ལས་འབྱུང་བ་ལྟར་དེ་ཡང་གནས་འགྱུ་ལྟོས་བཞག་ཅན་མ་ཡིན་པར་ཕྱི་ཚོགས་དྲུག་དང་ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་། རྟག་ཆད་ལས་འདས་པ་རང་གསལ་གྱི་ངོ་བོ་འགག་མེད་ཀྱི་སྣང་བ་གུ་ཡངས་སང་ངེ་བ་གསལ་རིག་སྨྲ་བརྗོད་ལས་འདས་པ་དེའི་རང་ངོ་ཡེངས་མེད་དུ་བསྐྱངས་པས། གནས་ལུགས་ཀྱི་རྟོགས་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་བསྒྲིམ་ཞིང་ལྟ་སྟངས་བསྟོད། ཤེས་པ་ལ་ངར་གདགས། རིག་པ་ལ་ཧུར་བཏོན་ནས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་སྨད་ལུས་གནད་ལྷོད་ཆ་འཚོལ། མིག་ཕབ་ཞེ་ཀློད་རང་བབས་སུ་འཇོག །ཡང་རེས་འགའ་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ནམ་མཁའི་མཐོངས་སུ་ལྟ་སྟངས་བཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱིས་གོ་ཕྱེ་ནས་དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་རྡོ་རྗེ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་རོ། །གཞན་ཡང་བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་བ་རྩལ་སྦྱོང་བོགས་འདོན་གྱི་གནད་ཡིན་ནོ། །དེ་དག་གིས་ཁྲེགས་ཆོད་ཀྱི་ལམ་གནས་ལུགས་ཀ་དག་སྤྲོས་བྲལ་དུ་སྟོན་པའི་ཁྲིད་ཀྱི་རིམ་པ་བཤད་ཟིན་ཏོ། །དོན་
གཉིས་པ་ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་དུ་སྟོན་པ་ལ་གསུམ་ཡིན་ཏེ། གཏེར་བྱོན་ཐོད་རྒལ་ཉིད་ཀྱི་གཞུང་ལས། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་བ༔ དངོས་གཞི་ཡེ་ཤེས་རྒྱུད་ལ་བརྟེན་པ༔ རྗེས་ཉམས་ཀྱི་འཆར་ཚུལ་བསྟན་པའོ༔ ཞེས་གསུངས་པའི་དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་གསུམ་དགུ་ཕྲུགས་བཏང་། །ཞེས་གསུངས་པ་དང་། གཏེར་གཞུང་ཉིད་ལས་ཀྱང་། སྒོ་གསུམ་མི་གནས་པ་གནས་པར་བྱེད་པ་དང༔ གནས་པ་བརྟན་པར་བྱེད་པ་དང༔ བརྟན་པ་གྲོལ་བར་བྱེད་པའི་ཕྱིར༔ ཞེས་གསུངས་པས་ལུས་ཀྱིས་ཕྱི་འཇིག་རྟེན་གྱི་བྱ་བྱེད་ཐམས་ཅད། ནང་ཕྱག་དང་བསྐོར་བ། གསང་བ་རྣམ་གཡེང་བསྒུལ་བསྐྱོད་སོགས་ལུས་ཀྱི་བྱ་བ་གསུམ། ངག་གིས་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ། ནང་ཁ་ཏོན་བཟླས་བརྗོད། གསང་བ་སྨྲ་བརྗོད་ཐམས་ཅད་སྤང་བ་སྟེ་ངག་གི་བྱ་བ་གསུམ། ཡིད་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག །ནང་བསྐྱེད་རྫོགས་སེམས་འཛིན། གསང་བ་རྣམ་རྟོག་གི་འདུ་འཕྲོ་སྟེ་ཡིད་ཀྱི་བྱ་བ་གསུམ། དེ་ལྟར་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བས་སྒོ་གསུམ་གནས་པ་བརྟན་པ་གྲོལ་བ་རྣམས་སུ་རིམ་པས་འགྱུར་ཏེ། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་
གཞིའི་ཡེ་ཤེས་རྒྱུད་ལ་བསྟེན་པ་ལའང་གསུམ་སྟེ། གཏེར་གཞུང་ལས། སྒོ་གསུམ་གྱི་གནད་གཟིར་བ༔ གནད་གསུམ་གྱིས་མངོན་སུམ་རང་ཐོག་ཏུ་དབབ་པ༔ དེའི་དོན་ངོ་སྤྲོད་པའོ༔ ཞེས་གསུངས་པས་དང་པོ་ལ། ལུས་ངག་ཡིད་ཀྱི་གནད་གསུམ་གྱི་དང་པོ་ལུས་ཀྱི་གནད་ནི་གཞུང་ལས། དང་པོ་ལུས་ཀྱི་གནད་འབྱུང་བ་རང་སར་དག་ཕྱིར་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ༔ གཡོ་བྱེད་ཀྱི་རླུང་ཟིན་ཕྱིར་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ༔ དྲོད་སྐྱེ་ཞིང་འབྱུང་བ་ཆ་སྙོམས་ཕྱིར་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་སྟེ་སྐུ་གསུམ་གྱི་བཞུགས་སྟངས་བྱའོ༔ ཞེས་གསུངས་ཤིང་། ཀློང་གསལ་ལས་ཀྱང་། །དེ་ཡང་ལུས་ཀྱིས་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། མུ་ཏིག་འཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་གསུངས་པས་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཙོག་པུར་རྐང་མཐིལ་སྤྲད། པུས་མོ་ཕྱིར་དགྱེད། ལག་མཐིལ་སར་བཙུགས་ནས་སྟོད་བསྲང་། མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་སྨིན་ཕྲག་གི་སྟེང་གི་ནམ་མཁའ་ལ་མི་འགུལ་བར་ཧད་པོར་བལྟ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། ཁ་བུག་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བསྟེན་པའི་སོར་མོ་འགྲམ་པ་ལ་སྦྱར།
སྒལ་ཚིགས་དྲང་པོར་བསྲངས་ནས་མིག་ཐད་ཀའི་ནམ་མཁར་ཧྲིག་གེར་བལྟ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ཙོག་པུར་འདུག་པའི་རྐང་པའི་ལོང་བུ་གཤིབས། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། སྒལ་ཚིགས་དྲང་པོར་བསྲངས་ཏེ། ལྟ་སྟངས་ཅུང་ཟད་ཕབ་ལ་ཟིམ་བུས་བར་སྣང་ལ་བལྟའོ། །དེ་རྣམས་ཀྱི་ཕན་ཡོན་ཡང་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་པའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ཏེ། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ངག་གི་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་གསུངས་པས་སྨྲ་བཅད་ཙམ་དང་ཁ་ཏོན་བཟླས་བརྗོད་ཉུང་ངུ་ཙམ་དང་ལག་གི་བརྡ་ཙམ་ལས་ཅུང་ཟད་ཀྱང་མི་སྨྲ་བའོ། །གསུམ་པ་སེམས་ཀྱི་གནད་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་པས་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་མིག་ཤེས་མི་འགྱུར་བར་
གཏད་ཅིང་ནམ་མཁའ་དང་སེམས་འདྲེས་པ་ལྟ་བུའི་ཤེས་པ་དྲག་ཏུ་གཅུན་པས་དབྱིངས་རྣམ་དག་གི་སྒྲོན་མ་གསལ་སྟོང་ལྷག་གེ་བ་ འཆར་བར་འགྱུར་ཏེ། ཀློང་གསལ་ལས། དེ་ལྟར་སེམས ་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས། གཉིས་པ་གནད་གསུམ་གྱིས་མངོན་སུམ་རང་ཐོག་ཏུ་ཕབ་པ་ནི། གཞུང་ལས། སྒོ་དང༔ ཡུལ་དང༔ རླུང་རིག་གཉིས་སོ༔ ཞེས་གསུངས་ཤིང་། འདས་རྗེས་ལས་ཀྱང་། སྒོ་ཡུལ་རླུང་གི་གནད་བསྣུན་པས། །ཡུལ་ལ་ཡེ་ཤེས་མངོན་སུམ་སྣང་། །ཞེས་གསུངས་པས། དང་པོ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས་དེ་ཡང་རིག་པའི་ཡེ་ཤེས་ཙིཏྟའི་སྦུབས་སུ་བུམ་ནང་གི་མར་མེ་ལྟར་གསལ་བའི་ཟེར་རྩ་ཀ་ཏི་ཤེལ་སྦུག་དར་སྐུད་བརྐྱང་བ་ལྟ་བུའི་ནང་ནས་མིག་གི་སྒོར་འཆར་བས་ཆོས་སྐུའི་གཟིགས་སྟངས་གྱེན་དང་། ལོངས་སྐུའི་གཟིགས་སྟངས་ཟུར་ཁྲིད། སྤྲུལ་སྐུའི་གཟིགས་སྟངས་ཐུར་ཕབ་ཀྱིས་ནམ་མཁའ་ལ་མདུང་ཚུགས་སམ་ཟུར་རམ་ཟིམ་བུས་ཉི་མ་ལ་བལྟས་པས་སྔ་མས་ཕྱི་དང་རྗེས་མས་ནང་གི་དབྱིངས་རིག་མཐོང་ཞིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་ཏེ། ལྟ་སྟངས་གསུམ་པོ་གང་རུང་གིས་ལྟ་བ་ལ་
བསླབས་པས་ཇི་ཙམ་བལྟས་ཀྱང་ཚུགས་ནུས་པར་མི་འགྱུར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལས། །ཞེས་གསུངས་པས་གནས་དྭངས་ཤིང་མཐོ་བར་ནམ་མཁའ་གཡའ་དག་པ་ལ་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་རམ། ཟེར་གཉིས་དང་སྦྱར་ཏེ་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟའོ། །གསུམ་པ་རླུང་རིག་གཉིས་ཀྱི་གནད་ནི། འདས་རྗེས་ལས། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་དང་། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བསྟེན། །ཞེས་གསུངས་པས་རླུང་མཆུ་སོ་མ་རེག་ཙམ་ནས་ཁ་ནས་དལ་བུས་གཏོང་ཞིང་ཕྱིར་འཛིན་ཅུང་ཟད་ཙམ་བྱ། རིག་པ་ཕྱིའི་དབྱིངས་སྟོང་པ་མེ་ལོང་དང་འདྲ་བར། ནང་གི་དབྱིངས་སྒྲོན་མ་བྱད་དང་འདྲ་བ་སྨིན་མཚམས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་མཆེད་དེ་འཇའ་ཚོན་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་ནང་དུ་རྡོ་བོར་བའི་རི་མོ་ལྟར་འལ་འོལ་དུ་སྣང་བ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བའི་རྒྱུད་ལས། མཐིང་ག་མི་འགྱུར་སྣང་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །ཞེས་གསུངས། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་ སེམས་དང་འདྲ་བར་འཆར ་ཞིང་། དང་པོར་རྟ་རྔ་ལ་མདུད་པ་བཏབ་པ་འདྲ་བ་དང་།
གསེར་སྐུད་དང་། མུ་ཏིག་གི་འཕྲེང་བ། མེ་ཏོག་གི་ཆུན་པོ་སོགས་ཐོག་མར་སྨིག་རྒྱུ་ལྟར་འལ་འོལ་འགུལ་འཕྲིག་ཅན་དུ་འཆར་རོ། །དེ་ཡང་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ངང་དུ་ཆེ་རེ་བལྟས་པས་ལྟ་མཁན་གྱི་རིག་པ་རང་གི་ངོ་བོ་ལྟ་ཤེས་ཙམ་ལས་མི་གཡོ་བར་བྱའོ། །རིག་པ་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་ཏེ་འོད་གསལ་གྱི་སྣང་བ་སྨིན་ཕྲག་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་འགྲུབ་པའི་རྒྱུར་འགྱུར་རོ། །གསུམ་པ་དེ་ཉིད་ངོ་སྤྲད་པ་ནི། ངོ་སྤྲོད་གྱི་ཁང་པ་ཕྱོགས་ཕྱེད་པར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ་ཚོགས་གཏོར་མཆོད་པ་སོགས་རྒྱ་ཆེན་པོ་བཤམ། བླ་མའི་རྣལ་འབྱོར་གསོལ་འདེབས་བྱིན་འབེབས་རྣམས་སྔར་ལྟར་བྱས་ནས། སློབ་མ་རྣམས་སྒོ་གསུམ་གྱི་གནད་བཅིངས་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ལ་བླ་མས། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་གཞོན་ནུ་བུམ་པའི་ངོ་བོ་དེ་སྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང་། གནད་གསུམ་གྱིས་མཚོན་པར་བྱས་པས་སྙིང་ནང་གི་སྒྲོན་མ་ལྔ་
ལྷུན་གྲུབ་ཏུ་བཞུགས་པ་དེ་རྩ་ཀ་ཏི་ཤེལ་སྦུག་གི་ནང་བརྒྱུད། རྒྱང་ཞགས་ཆུའི་སྒྲོན་མ་ནས་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བར་ནང་དབྱིངས་སྒྲོན་མའི་གདངས་བྱད་དང་འདྲ་བ་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་དང་། དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཁྱིམ་ལྟ་བུ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་རིག་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་ལོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེས་ཤེས་རབ་རང་བྱུང་གི་སྒྲོན་མ་སྣང་སྟོང་འཛིན་མེད་དུ་སྣང་བའོ། །དེ་ཡང་ངོ་བོ་རང་བྱུང་ཐུགས་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་སྙིང་དབུས་སུ་འདུ་འབྲལ་མེད་པར་བཞུགས་པར་ཤེས་པར་གྱིས་ཤིག །དེ་ལྟར་ཡང་ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་གསུངས། དེ་ཡང་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཀྱི་ངོ་བོ་ཀ་དག་ཁྲེགས་ཆོད་ཀྱི་དོན་དང་། རིག་པའི་རང་བཞིན་འོད་གསལ་གྱི་སྣང་བ་ནི་ཐབས་ལྷུན་གྲུབ་ཐོད་རྒལ་གྱི་དོན་ཏེ། དོན་ལ་སྣང་སྟོང་འདུ་འབྲལ་མེད་པ་ཉིད་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་
རབ་སྐུ །རིག་པའི་རང་བཞིན་ཐབས་ཀྱི་སྐུ །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་དང་། སྣང་བ་དེ་ཡང་ཀུན་རྫོབ་འཇིག་པའི་ཆོས་སུ་མེད་དེ་དོན་དམ་འདུས་མ་བྱས་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཉིད་དེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལས། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བསྟན་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པ་འོ། །ཞེས་གསུངས་པས་ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་མཐོང་བ་ཡིན་ཞིང་། དེ་ཉིད་ཀྱང་རྣལ་འབྱོར་བཞིའི་རིམ་པས་ཉམས་སུ་བླང་བར་བྱ་དགོས་ཏེ། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས། དེ་ལྟར་ངོ་ལེགས་པར་འཕྲོད་ངེས་སུ་སྤྲད་པས་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་། མཐར་ཐུག་མངོན་སུམ་མཐོང་བའི་གནད་ཀྱིས་འདི་ཙམ་
ལ་ཚེའི་དུས་བྱས་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་ནུས་པ་ཡིན་ནོ། །གསུམ་པ་རྗེས་ཉམས་ཀྱི་འཆར་ཚུལ་བཞི་དང་། མཐའ་རྟེན། འབྲས་བུའི་གྲོལ་ཚུལ་བསྟན་པ་བཅས་དྲུག་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། གོང་དུ་བསྟན་པའི་སྒོ་གསུམ་གྱི་འཕྲུལ་འཁོར་དང། སྒོ་ཡུལ་རླུང་ངག་གི་གནད་བཅིངས་པས། དབྱིངས་ཀྱི་སྒྲོན་མ་འཇའ་གུར་དང་རྨ་བྱའི་མདོངས་ལྟ་བུའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པར་བཅིངས་པས། གསལ་སྟོང་ཤེས་རབ་རང་བྱུང་གི་སྒྲོན་མ་དེའི་དབྱིངས་སུ་རིག་པ་ཚུད་པས་ཐིག་ལེ་སུམ་སྦྲེལ་མངོན་སུམ་དུ་མཐོང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་སུ་རང་གསལ། ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་གཞི་རྫོགས་སུ་གྱུར་པ་ཡིན་ཏེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། གོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་སྨིན་མཚམས་དང་དྲལ་ཏེ་དབང་པོའི་མངོན་སུམ་པར་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་། གྱེན་བསྒྲེང་། རྩིབས་ཤར། དྲྭ་བ་དྲྭ་ཕྱེད་དང་མིག་མང་རིས། ཉི་ཟླ། མཁར་ཐབས་སོགས་ཞིང་ཁམས་ཐམས་
ཅད་གང་བའི་བར་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ་པ་དང་། མེ་ལོང་དང་། འཁར་ཕོར་དང་། ཕུབ་ཙམ་གྱི་བར་ཇེ་ཆེ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་། འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་རྒྱུ་བའམ་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་དུ་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས་ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཕྱེད་པ་དང་རྐྱང་པ་འགུལ་འཕྲིག་བྲལ་བར་ཤར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང། །ཞེས་དང་། བཏགས་གྲོལ་དོན་ཁྲིད་ལས་ཀྱང་། དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་དྲལ་བའི་དུས་ནས་ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེ་ཡང་སྐབས་འདི་དག་ཏུ་འོད་སྣང་གྱེན་བསྒྲེང་གི་ཚེ་ལྟ་སྟངས་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་། གྲུ་གསུམ་ལ་ཐུར་དུ་གཅུན་པ་ཡང་བྱའོ། །དེ་ལྟར་ཉམས་གོང་འཕེལ་གྱི་སྣང་བའོ། །འདི་དག་མཐོང་བས་གནས་སྐབས་ཉམས་སྣང་གི་ཡོན་ཏན་རྣམས་ཐོབ། མཐར་ཐུག་བར་དོའི་སྣང་བ་རང་སར་
དག་པའི་དགོས་པ་ཡོད་དོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པ་ལས་འབྱུང་བཞིའི་སྣང་བ་དག་སྟེ་འོད་གསལ་གྱི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་ལ་སོགས་པའི་ཡབ་དང་དབྱིངས་ཕྱུག་ལ་སོགས་པའི་ཡུམ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་འཆར་ཞིང་། དེ་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས་མ་བསྒོམས་ཀྱང་ཚད་ལ་ཕེབས་པའོ། །འདིའི་དུས་ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་པས་ལས་དང་བག་ཆགས་ཀྱི་འབྲེལ་ཐག་ཆད་པ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་གསུངས། དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམ་ཡང་ཆོག་ལ་མཐར་ཐུག་ལོངས་སྐུའི་ཞིང་ཁམས་སུ་སྤྱོད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་སྣང་དང་མི་སྣང་དུ་འཛིན་པ་ཟད་ནས་འོད་ཀྱི་ནང་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། ངོ་བོ་རང་བཞིན་མ་གྲུབ་པར་རྟོགས་པས་འབྱུང་བཞིས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ཐོགས་པ་མེད། ཐུགས་རྗེ་ལས་ཡེ་ཤེས་ཀྱི་རྩལ་སྣང་འགག་
མེད་དུ་འཆར་ཞིང་ཕུང་པོའི་ཟག་པ་མི་ལྡང་བར་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་དེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་གསུངས་པས་གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་སོ་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བ་ཡིན་ནོ། །ལྔ་པ་མཐའ་རྟེན་ནི་གཞུང་ལས། མི་འགུལ་བ་གསུམ་ལ་གཞི་བཅའ་བ༔ སྡོད་པ་གསུམ་གྱིས་ཚད་བཟུང་བ༔ ཐོབ་པ་གསུམ་གྱིས་གཟེར་གདབ་པ༔ གདིང་བཞིའི་གྲོལ་ཚད་དོ༔ ཞེས་གསུངས་ཤིང་། ཀློང་གསལ་ལས་ཀྱང་། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པའི་དང་པོ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་བྱ་སྟེ། དེ་ཡང་ལུས་མི་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ །སྒོའི་གནད་སྒྲོན་མ་ཡིན་པས། རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། དེས་སེམས་མ་འགུལ་བས་རྣམ་
རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །དེ་ལྟར་ཡང་ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་ སེམས་གནད་ལ་ཕེབས་པའོ། །ཞེས་གསུངས་པས་ཚུལ་དེས་སྣང་བཞིའི་འཆར ་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད་པ། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད་པ། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །དེ་ལྟར་ཐལ་འགྱུར་ལས། སྡོད་པ་གསུམ་གྱི་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་བཟུང་བའོ། །ཞེས་དང་། གཞུང་ལས། འདི་དག་ཏུ་ཚད་རྨི་ལམ་གྱིས་བཟུང་བ༔ རྟགས་སྒོ་གསུམ་ལ་ཤར་བ་སོགས་རྫོགས་ཆེན་གཞན་དང་མཐུན་ནོ༔ ཞེས་གསུངས་པས་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ངོ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བཞི་རེ་རེ་ལ་རྟགས་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་
ནི། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་གཡོ་འགུལ་མི་ནུས། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་འདབ་ཆགས་རྙིས་ཟིན་པ་བཞིན་འགྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་རྒྱན་གོས་དང་བྱི་དོར་གྱི་སྤྲོས་པ་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ །ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཞིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདིང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་ཡ་ང་བག་ཚ་མེད། ངག་བྲག་ཆ་ལྟར་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་དེ་ཉིད་དུ་ཡལ་འགྲོ་བ་ལྟར་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་གསུངས་པས་སྐྱེ་བ་ལ་རང་དབང་ཐོབ་པས་
གདོས་བཅས་སུ་མི་སྣང་། འཇུག་པ་ལ་རང་དབང་ཐོབ་པས་དངོས་པོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས་དེ་ཉིད་དུ་སྣང་། རླུང་སེམས་ལ་རང་དབང་ཐོབ་པས་རྟགས་བཅུ་ཡོན་ཏན་མ་ལུས་པ་ཐོབ་ཅིང་། ལས་ལ་བཟང་ངན་མེད་པས་མཚམས་མེད་པ་ལྔ་སྤྱད་པའི་སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཉམ་དུ་འཚང་རྒྱ་ནུས་སོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། །ཅེས་དང་། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་གསུངས་པ་འདི་ལ་ཡར་གྱི་གདིང་གཉིས་དང་མར་གདིང་གཉིས་ཏེ། དང་པོ་གཉིས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེད་པ་སྟེ་རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས། གཉིས་པ་གཉིས་ནི་འགྲོ་དྲུག་གི་སྡུག་བསྔལ་མཐོང་ཡང་འཁོར་བར་མི་ལྷུང་དུ་རེ་བ་དང་ལྷུང་གིས་དོགས་པ་མེད་དེ་རང་རིག་ཡེ་ནས་འཁྲུལ་པ་དང་བྲལ་བར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པའོ། །དྲུག་པ་རྗེས་འབྲས་བུའི་གྲོལ་ཚུལ་ནི། གཞུང་ལས། དབང་པོ་རབ་འབྲིང་ཐ་མ་གསུམ་དུ་གསུངས་ཏེ། དེ་ཡང་དབང་པོ་རབ་ཚེ་འདིར་ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་
འབྱུང་ངོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རྣམ་སྨིན་གྱི་ལུས་རྟེན་བོར་ནས་ཟག་མེད་ཀྱི་སྐུ་འགྲུབ་པ་ལ་ལྷག་མེད་དང་། འབྱུང་ལུས་ཟག་མེད་ཡེ་ཤེས་ཀྱི་སྐུར་གནས་འགྱུར་བ་ལ་ལྷག་བཅས་ཀྱི་སྒྲ་དོན་སྦྱར་བའོ། །དབང་པོ་འབྲིང་བར་དོར་གྲོལ་བའི་ཚུལ་ནི། ཐལ་འགྱུར་ལས། སྐྱེ་བ་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་འཆིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོ་དང་བཞིའོ། །དང་པོ་རང་བཞིན་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁ་བར་དོ་ནི། འཆི་བ་ལ་ཕྱོགས་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །དེ་རྣམས་སོ་སོའི་ལམ་ཁྱེར་བསྟན་པའི་དང་པོ་ནི། གཞུང་ལས། སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་འཇུག་ལྟ་བུ༔ ཞེས་གསུངས་པས་བླ་མ་དམ་པ་བསྟེན་ནས་དེས་བསྟན་པའི་གདམས་ངག་གི་དོན་ལ་ཐོས་བསམ་སྒོམ་པས་སྒྲོ་འདོགས་ཆོད་ངེས་སུ་བྱ་དགོས་པ་དང་། གཉིས་པ་ནི། གཞུང་ལས། འཆི་ཀའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུ༔ ཞེས་གསུངས་པས་སྔར་བསྒོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་
ཐེབས་པར་བྱ་བ་དང་། གསུམ་པ་ནི། གཞུང་ལས་ཆོས་ཉིད་ཀྱི་བར་དོ་ལ་ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུ༔ ཞེས་གསུངས་པས་གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་གོ་བར་བྱ་བ་དང་། བཞི་པ་ནི་གཞུང་ལས། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུ༔ ཞེས་གསུངས་པས་འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་འདི་ལྟར་གཞན་ལས་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་སྐྱེ་སྲིད་ལམ་དུ་འཇུག་པ་སྟེ། དེའི་ཚུལ་རྣམས་དཔལ་བདེ་ཆེན་སྙིང་པོའི་སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་གྱི་སྐབས་སུ་རྒྱས་པར་བཤད་པར་བྱས་པས་དེར་ཤེས་པར་བྱོས་ཤིག །དབང་པོ་ཐ་མའི་གང་ཟག་ནི་གཞུང་ལས། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ༔ ད་གདོད་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་མངོན་དུ་གྱུར་ཏེ་འཁོར་བ་ཇི་སྲིད་དུ་འབད་པ་མེད་པར་འགྲོ་དོན་རྒྱུན་མི་ཆད་པ་ཡིན་ནོ༔ ཞེས་གསུངས་པ་དང། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པས་འདིར་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་བར་དོའི་གྲོལ་ཚད་དང་མི་ལྡན་པ་
རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེ་ཡེ་ཤེས་ཀྱི་ཌཱ་ཀི་ཆོས་སྐྱོང་རྣམས་ཀྱིས་སྡོང་གྲོགས་བྱས་ཏེ། རྨི་ལམ་སད་པའི་ཆ་ཙམ་ལ་པདྨ་འོད་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་སྐྱེ་བ་བླངས་ནས་ཨོ་རྒྱན་རྡོ་རྗེ་འཆང་སོགས་བདེ་བར་གཤེགས་པ་རྣམས་ཀྱི་ཞལ་མཐོང་གསུང་ཐོས་དབང་བསྐུར་བ་དང་ལུང་ནོས་དབུགས་དབྱུང་ཐོབ་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་མངོན་གྱུར་ལས་མ་གཡོས་བཞིན་དུ་གདུལ་བྱའི་ཞིང་ཁམས་རྒྱ་མཚོར་ཆུ་ཟླའི་རོལ་པས་གང་འདུལ་གྱི་སྤྲུལ་བསྒྱུར་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་སྔོན་འགྲོ་དངོས་གཞི་མཐའ་རྗེས་དང་བཅས་པས་ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་དུ་སྟོན་པའི་ཁྲིད་ཀྱི་རིམ་པ་བཤད་ཟིན་ཏོ། །འདི་ལྟ་བུའི་གདམས་པ་ཆེས་མཆོག་ཏུ་ཟབ་པས་ན་རྩིས་ཆེ་བའི་ཕྱིར་བཀའ་རྒྱས་བཏབ་པ་ནི། འདས་རྗེས་དོན་ཁྲིད་ལས་ཀྱང་། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏི་ཐིག་ལེ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །ཞེས་དང་། རྫོགས་ཆེན་
པདྨ་གསང་ཐིག་ཏུ། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས། །ཟབ་དང་རྒྱ་ཆེའི་གདམས་པ་མང་ཡོད་ཀྱང་། །ཉམས་ལེན་གནད་འདྲིལ་འདི་འདྲ་སྲིད་པ་ཙམ། །རྒྱལ་དབང་པདྨའི་ཐུགས་ཀྱི་གསང་ཐིག་སྟེ། །ཉམས་སུ་སུས་བླངས་ཚེ་གཅིག་འཇའ་ལུས་འགྲུབ། །ལུང་ཐོབ་ཙམ་གྱིས་བདེ་ཆེན་ཞིང་དུ་བགྲོད། །ཅེས་གསུངས་པ་ལྟར་འདི་ལྟ་བུའི་གདམས་པ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བས་ཀྱང་ཆེས་ཤིན་ཏུ་དཀོན་ཞིང་། འདི་ཉིད་སྤེལ་བའི་སྐལ་ལྡན་སློབ་མའང་འདི་ཉིད་ལས། འདི་འདྲའི་ཉི་འོག་དཀོན་པའི་གདམས་པ་འདི། །ཉམས་ལེན་དམ་བཅའ་ནུས་ཞིང་སྒོམ་སྲན་ཅན། །ཞབས་ཏོག་སྲི་ཞུ་ལུས་སྲོག་གཏོང་ཕོད་པ། །དེ་འདྲའི་ལས་ལྡན་བུ་ལ་གཏད་རྒྱ་གྱིས། །ཞེས་གསུངས་ཤིང་། སྣོད་དང་མི་ལྡན་པའི་རིགས་ནི། དེ་ཉིད་ལས། དེ་མིན་གསར་ངས་ཆེ་ལ་ཕྱི་ཐག་ཐུང་། །དད་མེད་དྲེད་པོ་ཆོས་བརྒྱད་མཁན་གྱི་རིགས། །ཟོལ་འགྲོགས་ལྟ་ལོག་རྣམས་ལ་གསང་བའི་རྒྱ། །ཞེས་གསུངས་པས། ཤིན་ཏུ་གསང་བའི་བཀའ་རྒྱ་དང་ལྡན་དགོས་ཤིང་། སྐལ་ལྡན་དེས་ཀྱང་ཉམས་ལེན་ལ་གོམས་འདྲིས་གདིང་དུ་གྱུར་པ་ཞིག་དགོས་ཏེ། བདེ་ཆེན་སྙིང་པོའི་ཀ་དག་གི་ཁྲིད་ལས། འདི་འབྱིན་དེས་ཀྱང་རང་ཉམས་ཚུད་པར་བླང༔ ཞེས་དང་། དེས་ཀྱང་སྒྲུབ་པའི་དམ་བཅའ་སྙིང་རུས་བསྐྱེད༔ ངེས་པའི་དོན་གྱི་སྙིང་པོ་ལོན་པར་གྱིས༔ ཞེས་རང་དོན་མངོན་དུ་གྱུར་ངེས་ནས་གཞན་ཕན་ཕྲིན་ལས་སྐྱོ་
ངལ་མེད་ཅིང་སྤྲོ་བས་བསྒྲུབ་པར་བྱ་དགོས་པ་ཡིན་ལ། གཞན་ཡང་བཀའི་སྲུང་མ་རྣམས་ལའང་གཉེར་དུ་གཏད་པ་ཡིན་ཏེ། གསང་ཐིག་ལས། གསང་བའི་བཀའ་འདི་ཤ་ཟ་ཧོར་མོ་ཆེ༔ སྔགས་ཀྱི་སྲུང་མ་རྡོ་རྗེ་རལ་གཅིག་མ༔ གནོད་སྦྱིན་ཁྱུང་ཞོན་སྐྱེས་བུ་སྤུན་བདུན་ལ༔ གཏད་དོ་གཉེར་རོ་གཡེལ་མེད་བྱ་ར་གྱིས༔ ཞེས་གསུངས་པས། འདི་ཉིད་ཀྱི་སྒོས་ཀྱི་སྲུང་མ་སྔགས་སྲུང་ཤ་ཟ་ཌཱ་ཀི་དང་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག །གཞན་ཡང་ཇི་སྐད་དུ། སྨུག་ནག་འོད་འཕྲོ་སྡེ་བརྒྱད་ཀུན་འདུས་རྗེ༔ བདག་འདྲ་ཨོ་རྒྱན་པདྨའི་བཀའ་སྲུང་མཆོག༔ གསང་བ་སྙིང་ཐིག་རྫོགས་ཆེན་རྣལ་འབྱོར་སྐྱོང༔ རྣོ་མྱུར་ཐོག་འདྲ་གཞན་གྱིས་མི་ཐུབ་པ༔ ཞེས་གསུངས་པས་ལྷ་ཆེན་དྲག་པོ་རཱ་ཧུ་ལ་སོགས་བཀའ་སྲུང་གཏེར་སྲུང་རྣམས་ལ་ཟབ་ཆོས་བཤད་སྒྲུབ་ཀྱི་ཚེ་མཆོད་གཏོར་ཕྲིན་ལས་བཅོལ་པ་སོགས་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། དེ་དག་ནི་བཀའ་གཙིགས་ཀྱི་རྒྱས་གདབ་པར་བྱ་བའི་རིམ་པ་རྣམས་ཡིན་ནོ། །སྨྲས་པ། དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པའི་ལམ། །མཐའ་ཡས་ཐེག་པའི་ཡང་སྙིང་རྫོགས་པ་ཆེ། །ཚེ་གཅིག་ཟག་མེད་འཇའ་ལུས་རྡོ་རྗེའི་སྲོག །སྒྲུབ་བྱེད་ཟབ་གཏེར་གསང་བ་བླ་ན་མེད། །གང་གི་ཟབ་དོན་དགོངས་པ་ཇི་ལྟ་བ། །འཕགས་པ་རྣམས་ཀྱི་ཡེ་ཤེས་སྤྱོད་ཡུལ་ལས། །བདག་འདྲ་
བློ་རྨོངས་སྐྱེ་བོས་མཚོན་མིན་ཡང་། །སྐལ་མཉམ་དང་པོའི་བློ་ཅན་འགའ་ཞིག་ལ། །ཕན་སྙམ་རིག་འཛིན་ཌཱ་ཀིའི་དགོངས་པའི་མཚོར། །གབ་པའི་མན་ངག་ཡིད་བཞིན་དབང་གི་རྒྱལ། ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་མཆོད་བྱས་འདིས། །ཐར་འདོད་ཡིད་ལ་ཀུན་དགའི་འདོད་པ་འཇོ། །འདི་ལྟར་བགྱིས་པའི་དགེ་ཚོགས་རྨད་བྱུང་དེས། །འགྲོ་ཀུན་བདེ་གཤེགས་སྙིང་པོའི་གནས་ལུགས་གང་། །མངོན་པར་རྟོགས་པའི་རིག་སྟོང་ཀ་དག་དབྱིངས། །སྣང་བཞིའི་ལྷུན་གྲུབ་བཀོད་པ་གསལ་རྫོགས་ཤོག །བདག་ཀྱང་ཚེ་འདིར་ཟབ་དོན་ངེས་པའི་གནད། །གོ་ཡུལ་ལྟར་སྣང་ཆོས་སུ་མི་ལུས་ཤིང་། །འདོད་ཡོན་བདུད་ཀྱི་འཆིང་བས་མ་བཅིངས་པར། །རྒྱལ་བས་བསྔགས་པའི་གངས་འདབས་རི་སུལ་དུ། །ངེས་འབྱུང་མོས་གུས་རྣལ་མས་རྒྱུད་སྦྱངས་ནས། །ཀ་དག་གནས་ལུགས་རྗེན་པ་སྐྱོང་བ་དང་། །ལྷུན་གྲུབ་ཐོད་རྒལ་སྣང་བ་མཐར་སོན་ཏེ། །རིག་འཛིན་གོང་མའི་གཤེགས་ཤུལ་ཟིན་པར་ཤོག །གནས་སྐབས་འགྲོ་ལ་བདེ་སྐྱིད་འབྱུང་བ་དང་། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཨ་ཏི་ཡི། །བསྟན་པ་རིན་ཆེན་ཕྱོགས་མཐར་རབ་གསལ་བས། །སྐལ་བཟང་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལེ་ལག་དང་བཅས་པའི་ཁྲིད་ཡིག་འདི་ལྟ་བུ་ཞིག་རྩོམ་པའི་འདུན་པ་སྔོན་ནས་ཡོད་པ་དང་། རྩེ་ལེ་འོག་མ་སྨིན་གྲོལ་བསྐྱེད་རྫོགས་གླིང་གི་
གདན་ཟུར་པདྨ་ཕྲིན་ལས་གནས་གཞི་ཆོས་རྗེ་སྒམ་པོ་བྱིན་རླབས། དཔལ་ལྡན་བླ་མ་དམ་པ་ལྷུན་གྲུབ་ངེས་དོན་དབང་པོ་སོགས་ཀྱིས་བསྐུལ་བར་མཛད་པ་རྣམ་པར་གཡེང་བས་རིམ་ལུས་ཐོག །མངའ་རིས་ནས་གྲུབ་དབང་མཚོ་སྐྱེས་རྡོ་རྗེའི་གདུང་དང་རྣལ་འབྱོར་དབང་ཕྱུག་རང་རིག་རེས་པའི་རྣམ་འཕྲུལ་ཟུང་འཇུག་ཐུགས་སྲས་རིན་པོ་ཆེ་འཇིག་རྟེན་དབང་ཕྱུག་པད་དཀར་བསྟན་འཛིན་གང་ལ་རྫོགས་པ་ཆེན་པོ་ཀ་དག་གི་ཁྲིད་ཕུལ་སྐབས་བརྗེད་བྱང་ཟིན་ཐོ་དང། སླད་དུའང་རང་གཞན་མང་པོར་སྨན་པའི་སླད། དྷརྨ་སྭ་མཱིས་འོད་གསལ་ཆོས་སྡིངས་རྒྱལ་བའི་རི་ངོགས་སུ་སྦྱར་བའི་ཡི་གེ་པ་ནི་གསང་བ་མཆོག་གི་ཆོས་ཚུལ་ལ་ལྷག་པར་མོས་པ་རྭ་སྟོན་ཀུན་བཟང་ལྷུན་གྲུབ་ཀྱིས་བགྱིས་པའོ། །མངྒ་ལཾ། དགེའོ།། །།