Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།

19 occurrences of བྱས་པ་གང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
ཟབ་པ་སྐོར་བདུན་ལས་དྲག་སྔགས་ཟབ་པ་གཤིན་རྗེའི་གཤེད་མ་ཧཱ་ཡོ་ག་ལྟར་སྒྲུབ་པའི་དབང་བསྐུར་འཁོར་ལོ་རོལ་པའི་བཅུད་འདྲེན། བློ་གྲོས་མཐའ་ཡས།
  
  
  
 
  
 
  
 
  
  
  
 
  
  
  
 
  
  
  
  
  
  
  
 
 
 
 
  
  
  
  


19 occurrences of བྱས་པ་གང་
[Clear Hits]

 
previousཟབ་པ་སྐོར་བདུན་ལས་དྲག་སྔགས་ཟབ་པ་གཤིན་རྗེའི་གཤེད་མ་ཧཱ་ཡོ་ག་ལྟར་སྒྲུབ་པའི་དབང་བསྐུར་འཁོར་ལོ་རོལ་པའི་བཅུད་འདྲེན། བློ་གྲོས་མཐའ་ཡས།next

ཟབ་པ་སྐོར་བདུན་ལས་དྲག་སྔགས་ཟབ་པ་གཤིན་རྗེའི་གཤེད་མ་ཧཱ་ཡོ་ག་ལྟར་སྒྲུབ་པའི་དབང་བསྐུར་འཁོར་ལོ་རོལ་པའི་བཅུད་འདྲེན། བློ་གྲོས་མཐའ་ཡས།


RTZ018_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་སྐོར་བདུན་ལས། དྲག་སྔགས་ཟབ་པ་གཤིན་རྗེའི་གཤེད་མ་ཧཱ་ཡོ་ག་ལྟར་སྒྲུབ་པའི་དབང་བསྐུར་འཁོར་ལོ་རོལ་པའི་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ། །


RTZ018_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུའི། །མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ། །བླ་མ་དུས་དགྲའི་དབང་པོ་ལ། །བཏུད་ནས་སྨིན་བྱེད་ལག་ལེན་དགོད། །འདི་ལ་སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། དབང་རྟེན་འདུ་བྱ་བ་ནི། སྟེགས་བུའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་ཁྲིའུའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་གྱིས་སྤྲས་པ་བཀོད། ཕྱོགས་བཞིར་དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། མདུན་ནམ་དབུས་སུ་ལྷ་ཙཀ་ཚང་མ། གཡས་གཡོན་དུ་སྔགས་བྱང་དང་རཀྴའམ་ཐོད་ཕྲེང་། དཔལ་དང་དུར་ཁྲོད་ཆས་ཕྱོགས་བསྡུས། རྒྱབ་ཏུ་སྨན་གཏོར་རཀྟ། དྲག་མཆོད་བསྐོར་བཤམ། ལས་བུམ། སྒྲོལ་ཕུར་རྣམས་བཤམ། མིག་དར་མེ་ཏོག །སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཚོགས་པར་བྱའོ། །དབང་དོན་བསྙེན་སྒྲུབ་ནི། གསོལ་འདེབས་རིགས་སྔོན་དུ་འགྲོ་བས། ཟབ་བདུན་སྤྱི་ལྟར་སྒྲུབ་ཁོག་དཀར་གཏོར། སྐྱབས་སེམས་ཡན་ལག་བདུན་པ་ཁ་བསྒྱུར་ཅན། བགེགས་གཏོར་བཏང་ཞིང་སྔོན་འགྲོའི་སྤྱི་ཆིངས་ལྟར་བགེགས་བསྐྲད་ནས་མཆོད་པ་བྱིན་རླབས་ཡན་བཏང་། དེ་ནས་འཁོར་ལོ་རོལ་པའི་རང་གཞུང་ལྟར། ཆོས་རྣམས་སྐྱེ་མེད་རྣམ་དག་མཁའ་ལྟར་དག༔ སོགས་ཏིང་འཛིན་རྣམ་གསུམ་ནས། ཀུན་ཀྱང་ཡེ་ཤེས་ཆེན་པོའི་རོལ་པར་བསམ༔ ལྷ་བསྐྱེད་ཚང་བ་བྱ། དེ་ནས་གཤིན་རྗེ་ཚེ་བདག་ཤོག་དྲིལ་བཞི་པའི་ནང་། སྐུ་


RTZ018_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་ཡིག་འབྲུའི་འོད་ཟེར་གྱིས༔ སོགས་གནས་གསུམ་བྱིན་རླབས། དབང་བསྐུར། སྤྱན་འདྲེན་ནས་མཆོད་བསྟོད་རྫོགས་ཀྱི་བར་བཏང་། ཛཔ྄་ཁང་ཕྱེས་ལ་བདག་མདུན་སེམས་དཔའ་སུམ་བརྩེགས་ཀྱི་ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པའི་དམིགས་པ་སྤྱི་ལྟར་གསལ་བཏབ་ལ་ཨ་ཀྲོ་བཅུ་བདུན་མ་ཅི་འགྲུབ་བཟླ། བུམ་པ་བསྐྱེད་བཟླས་སྟོང་ཚིགས་འོད་ཞུ་རྣམས་སྤྱི་མཐུན་དང་། ལས་བུམ་དུ་འཁྱིལ་པའམ་ལས་གཤིན་གྱི་བསྐྱེད་བཟླས་བྱས་ལ་བྱིན་བརླབ། གཏེར་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་སོང་ནས་རིག་མེ་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་དངོས་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། མཚམས་སྦྱོར་ཁྱད་པར། དེའང་གསང་སྔགས་སྔ་འགྱུར་བ་ལ་ཡོངས་སུ་གྲགས་པའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ཕྱི་མ་ལ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། དེ་ལའང་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་སོ་སོར་སྒྲུབ་པའི་རྒྱུད་ལུང་མན་ངག་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟུང་འཇུག་སྙན་བརྒྱུད་ཀྱི་བཀའ་སྲོལ་ལས་བྱོན་པ་མང་དུ་མཆིས་པ་རྣམས་ཀྱི་ནང་ནས་འཇིག་རྟེན་ལས་འདས་པའི་སྒྲུབ་ལུགས་ཆེན་པོ་ལྔའི་ནང་ཚན་འཇམ་དཔལ་སྐུའི་སྐོར་ལ། རྩ་བ་དང་ཡན་ལག་གི་རྒྱུད་སྡེ་མཐའ་ཡས་པ་བཞུགས་པ་རྣམས་


RTZ018_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འཇམ་དཔལ་བཤེས་གཉེན་གཙོས་གྲུབ་པའི་སློབ་དཔོན་རྣམས་ལ་བཀའ་བབས་ཤིང་། མན་ངག་གི་བཀའ་སྲོལ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་གཙོ་བོར་གྱུར་པ་བཀའ་བབས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་བོད་ཡུལ་ལས་ཅན་རྗེ་འབངས་རྣམས་དང་། ཁྱད་པར་བཀའ་བབས་ལས་ཅན་བུ་དགུའི་ནང་ཚན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་དང་གདམས་སྐོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་མང་དུ་བསྩལ་པ་སོགས། གདམས་ཟབ་སྤྱི་དང་ཁྱད་པར་མཐའ་དག་གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་མས་བཀའི་བསྡུ་བ་མཛད་ནས་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་ཁ་ཟབ་མོ་མང་དུ་སྦས་པ་ལས། སྐབས་སུ་བབས་པ་འདི་ནི་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་འོག་མིན་གསུང་གི་འཁོར་ལོ་ཀརྨའི་གནས་དང་། ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གསང་མཛོད་ཆེན་མོ་ནས་སྤྱན་དྲངས་པའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྡེ། བྱང་བུ་ལྔ་སྐོར་གྱི་གདམས་པ་ལ་རྩ་བ་དང་ཡན་ལག་གི་ཆོས་སྡེ་གཉིས་སུ་བཞུགས་པའི་ནང་ཚན། རྩ་བའི་ཆོས་སྐོར་དྲག་སྔགས་ཀྱིས་ཟབ་པ་གཤིན་རྗེའི་གཤེད་རྒྱུད་ལུགས་ལྟར་སྒྲུབ་པའི་ཐབས་འཁོར་ལོ་རོལ་པ་དང་རྗེས་སུ་འབྲེལ་བའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ས་ཕྱོགས་འདི་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་གནས་ཁང་མཐིང་ནག་གྲུ་གསུམ་འབར་བའི་གཞལ་མེད་ཁང་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་


RTZ018_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པ། ཁྱེད་རང་ཡང་འཇམ་དཔལ་གཤིན་རྗེའི་གཤེད་པོ་རྩ་བའི་ལྷ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཁོད་པར་མོས་ཤིག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུ་རྦྷནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་འཆིང་། ཨཱཿཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། ཞེས་ཞུས་པ་ལ་གནང་བ་བསྩལ་ཞིང་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། ཧོ༔ ཧེ་རུ་ཀ་ཡི་གྲོང་ཁྱེར་དུ༔ ཞུགས་པ་བསྐལ་པ་དུ་མར་མིན༔ དེ་བས་ཁྱོད་ཞུགས་དངོས་གྲུབ་ཐོབ༔ དམ་ཚིག་རིགས་རྣམས་ཐུབ་པར་གྱིས༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་རྩ་གསུམ་རྒྱལ་བ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་བདག་གཞན་འགྲོ་བ་མ་ལུས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སོགས་ལན་གསུམ། ནམ་མཁས་ཁྱབ་པའི་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་མ་བསྒྲལ་བ་ཐམས་ཅད་བཅོམ་ལྡན་འདས་གསང་བའི་བདག་པོའི་གོ་འཕང་མཆོག་ཏུ་བསྒྲལ་བར་བྱའོ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་དཀྱིལ་འཁོར་


RTZ018_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོ་འདིར་ཞུགས་ཤིང་ལམ་རིམ་པ་གཉིས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལ་བློ་སྦྱོང་བ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་སོགས་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚིག་རྗེས་སུ་དོན་དྲན་པའི་སྒོམ་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སོགས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདེ་གཤེགས་རིགས་མཆོག་ཆེན་པོ་ཡི༔ སྐུ་ཡི་དམ་ཚིག་རྣམ་པ་གསུམ༔ བདེ་གཤེགས་གསུང་གི་དམ་ཚིག་གཉིས༔ གསང་བ་བཅུ་ལ་སོགས་པ་ཡི༔ རྩ་བའི་དམ་ཚིག་བདག་གིས་བསྲུང༔ ཉི་ཤུ་རྩ་ལྔ་ཡན་ལག་སོགས༔ དཔལ་ཆེན་བླ་མས་གང་བསྒོས་པ༔ སྲོག་གི་ཕྱིར་ཡང་མི་གཏང་བསྲུང༔ ལན་གསུམ། དམ་བསྒྲག་པ་ནི། རྡོ་རྗེ་དང་བཅས་པའི་ཕྲེང་བ་སྤྱི་བོར་བཞག་ལ། ཧོ༔ རིགས་ཀྱི་བུ་ཁྱོད་དེང་ཕྱིན་ནས༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ཧེ་རུ་ཀ་དཔལ་བལྟ་བར་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཡེ་ཤེས་བསྐྱེད་ཅིང་ལམ་སྣ་འདྲེན༔ མ་བསྲུང་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་


RTZ018_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ཞིང་དམྱལ་བར་ལྟུང༔ དེ་ཕྱིར་དམ་ཚིག་ཐུབ་པར་གྱིས༔ ས་མ་ཡ་བཀྴ་སི་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ འདི་ནི་གསང་བ་ཆེས་གསང་བ༔ བླ་མེད་ཡང་གསང་བྱིན་བརླབས་ཏེ༔ དམ་ཚིག་ཉམས་ལ་སྨྲ་མི་བྱ༔ དབང་མ་ཐོབ་ལའང་དེ་བཞིན་ཏེ༔ དད་མི་ལྡན་ལའང་མ་ཡིན་ནོ༔ གསང་བ་དམ་པ་ཐུབ་པར་གྱིས༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ ཅེས་བསྒོས་པ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན་བཛྲ་ས་མ་ཡ་ཏིཥྛན༔ དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ཁྱེད་རང་གི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླ་ཆུ་གླང་གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཏེ་ཐིམ་པ་ལས་ཁྱེད་རང་སྐད་ཅིག་གིས་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ག །ཁྲོ་གཏུམ་མི་བཟད་པའི་རྣམ་པ་ཅན་ཕྱག་དྲུག་གཡས་གསུམ་རྡོ་རྗེ་རལ་གྲི་དགྲ་སཏྭ། གཡོན་གསུམ་སྡིགས་མཛུབ་མདུང་ཐུང་བྷན་དམར་བསྣམས་པ། རྡོ་རྗེའི་གཤོག་


RTZ018_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྗིད་པ། ཞབས་བཞི་འདོར་སྟབས་སུ་བགྲད་ཅིང་ཡུམ་བེ་ཏཱ་ལི་ནག་མོ་དགྲ་སཏྭ་དང་དུང་དམར་སྟོབ་པས་འཁྱུད་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་གནས་གསུམ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ཀྱི་ནང་ཁེངས། གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཕེབ་པར་མོས་ཤིག །སྙིང་པོའི་གཤམ་དུ། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་རོལ་མོ་དང་སྤོས་སྦྱོར་བྱ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་བར་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག་ལ་བརྟན་པར་བྱ། འགྲིམ་དཀྱིལ་འདུ་བྱས་ལ། ཧོ༔ ཧེ་རུ་ཀ་ཡི་ཕོ་བྲང་འདིར༔ དཔལ་ཆེན་པོ་རྣམས་དངོས་སུ་བཞུགས༔ ཁྱོད་ཀྱི་འབྲེལ་བ་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ འབྲེལ་བ་གང་ཡོད་མཐོང་བར་འགྱུར༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སོ་སོར་དབྱེ་རུ་མི་འཚལ་ཡང༔ ཡེ་ཤེས་སོ་སོར་སྣང་བ་ཡི༔ དཔལ་ཆེན་ཧེ་རུ་ཀ་དཔལ་ཚོགས༔ བདག་ནི་གང་དུ་འབྲེལ་བ་ཡི༔ དཔལ་ཆེན་པོ་ཡིས་རྗེས་སུ་ཟུངས༔ པུཥྤེ་པྲ་ཏཱིཙྪ་ཧོ༔


RTZ018_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོར་དུ་གཞུག་ལ་གསང་མཚན་བཏགས། མེ་ཏོག་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་བ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་སྟེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་ཐུར་མས་གདོང་བསལ། དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། ཧཱུྃ༔ རིགས་ཀྱི་བུ་རྣམས་ལེགས་པར་གསོན༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་འདི༔ ལན་གཅིག་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྒྲིབ་པ་འདག༔ དེ་བས་དཀྱིལ་འཁོར་བཟང་པོར་ལྟོས༔ མཐོང་ན་ངོ་མཚར་ཨེ་མ་ཧོ༔ ཧོཿ རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ལ་ལྟོས་ཤིག །འདི་ན་རས་བྲིས་དང་བུམ་པ་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་དཔལ་ཆེན་པོའི་གྲོང་ཁྱེར་མངོན་སུམ་དུ་གསལ་པ་འདི་ནི་མཚོན་བྱེད་ཀྱི་དཔེ་ཙམ་ལས་མི་འདུག་གི །མཚོན་བྱ་རང་རིག་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་གསལ་རྫོགས་སུ་བཞུགས་པ་མངོན་སུམ་དུ་མཐོང་བའི་མོས་


RTZ018_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད་ཅིག །ནང་འཇུག་དཀྱིལ་འཁོར་བ་ལ་གསོལ་བ་ གདབ་པ་ནི། ཧོ༔ འདུས་པའི་གཙོ་བོ་འཇམ་དཔལ་གཤིན་རྗེའི་གཤེད༔ སྐལ་བར་ལྡན་པའི་སློབ་མ་དེང་བྱུང་གིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་རྗེས་བཟུང་དུ་གསོལ༔ མྱུར་བ་ཉིད་དུ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅེས་གསོལ་བ་བཏབ་པས་གནང་བ་བསྩལ་བར་བསམ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་སྒོ་བཞི་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཧཱུྃཿ རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་བྱས་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་ནི་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཧེ་རུ་ཀ་དཔལ་དགོངས༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཕྱིར༔ བུམ་པའི་དབང་མཆོག་སྩོལ་བ་དང༔ རྗེས་གནང་རིགས་ཀྱང་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་


RTZ018_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་བ་མི་བསྐྱོད་པའི་ངོ་བོས་དབང་བསྐུར་བསྩལ་བའི་མོས་པ་མཛོད་ཅིག །རྣམ་བུམ་ཐོགས་ལ། ཧཱུྃ༔ མཉམ་ཉིད་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ རྩ་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཅོད་པན་དབུ་ལ་བཅིངས་པར་མོས་ཤིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཅོད་པན་ནི༔ ཡེ་ཤེས་ལྔ་ལས་རྣམ་པར་གྲུབ༔ དུག་ལྔ་རྣམ་པར་དག་པ་ཆེ༔ ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་རཏྣ་སམྦྷ་བ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ འོད་དཔག་མེད་ཀྱི་ངོ་བོ་རྡོ་རྗེ་ལག་གཡས་སུ་གསོར་ཅིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཆེ༔ གཞོམ་གཞིག་མེད་ཅིང་དུག་ལྔ་འཇོམས༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ ཀུན་ཏུ་གསོར་ཕྱིར་དབང་བསྐུར་རོ༔ པདྨ་ཨ་མི་ཏ་བྷཱ་ཝ་བཛྲ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་ལག་གཡོན་གྱིས་དཀྲོལ་ནས་དཀུ་ལ་བརྟེན་པར་གྱིས་ཤིག །ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་ནི༔ རྒྱུན་མི་ཆད་ཅིང་རྒྱ་ཆེ་བ༔ སོ་སོར་མ་འདྲེས་ཀུན་ཏུ་རིག༔ ཤེས་རབ་དྲིལ་བུའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཨ་མོ་གྷ་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་གི་དབང་བསྐུར་བྱིན་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་སེམས་


RTZ018_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་མིང་ཆེ་བ༔ ཡེ་ཤེས་ཡེ་ཤེས་རྣམ་པར་ལྡན༔ ས་གསུམ་ཀུན་ཏུ་གྲགས་གྱུར་པའི༔ རྡོ་རྗེའི་མིང་གི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་རྡོ་རྗེ་སྐུ་མཆོག་རྩལ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ། དེས་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱས། རིགས་ལྔའི་ས་བོན་གསོས་བཏབ་སྟེ་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷ་རྣམས་ལས་སོ་སོའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་གཙོ་བོ་བཞི་ལུས། རིགས་བཞི་གནས་བཞི། ཕྱོགས་སྐྱོང་རྣམས་ལྷུ་ཚིགས། སྒོ་བ་བཞི་ཡན་ལག་མཐིལ་བཞི་ལ་ཐིམ་པར་མོས་ཤིག །སྐུ་ཙཀ་རྣམས་སྤྱི་བོ་སོགས་གནས་སོ་སོར་བཞག་ལ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སོགས་གཏེར་གཞུང་ལྟར་ཚང་བར་བརྗོད། དེ་ལྟར་ལུས་ལ་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་པས། སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པ་དང་། དྲེགས་པ་ཅན་རྣམས་བྲན་དུ་ཁོལ་བའི་ནུས་པ་ཐོབ་པ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ལན་གསུམ། ཕྲེང་བ་སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བས་


RTZ018_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་དབྱངས་གནད༔ གཅིག་ཏུ་བསྡུས་པ་དྲག་པོའི་སྔགས༔ གཞོམ་མེད་རྡོ་རྗེའི་སྒྲ་དང་ལྡན༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་པས། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་བརྗོད་བྱ་བ་དང་། དྲག་སྔགས་ཀྱི་ནུས་མཐུ་ཐོགས་པ་མེད་པ་འགྲུབ་པ་ཡིན་ནོ། །རང་རིག་ཟང་ཐལ་འོད་དུ་གསལ་བ་ཐབས་ཧེ་རུ་ཀ །ངོ་བོ་སྟོང་ཉིད་སྤྲོས་དང་བྲལ་བ་ཤེས་རབ་དབྱིངས་ཕྱུག་མ། གདོད་ནས་འབྲལ་མེད་ཟུང་དུ་འཇུག་པ་རང་བབས་ཀྱི་གནས་ལུགས་སུ་ཤེས་པར་གྱིས་ལ་མཉམ་པར་ཞོག་ཅིག །རྡོར་དྲིལ་སྙིང་གར་འཇོག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་རང་ལ་གནས༔ གཉིས་སུ་མེད་ལ་ཅི་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་ཡིད་ལ་ལྟ་བའི་རྩལ་དབང་བསྐུར་པས། རིག་སྟོང་ཀ་དག་གི་དགོངས་པས་སྟོང་སྲོག་གཅིག་ཆར་དུ་འཕྲོག་པའི་རྩལ་ཆེན་རྫོགས་པར་འགྱུར་རོ། །དཔལ་གྱི་ཆས་བཅུ་དང་དུར་ཁྲོད་གྱི་ཆས་བརྒྱད་སྐུའི་གནས་སོ་སོར་བགོས་པར་མོས་ཤིག །ཙཀ་ལི་གནས་སོ་སོར་བགོ་ཚུལ་བྱས་ལ། ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ དཔལ་དང་


RTZ018_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆས་རྣམས་ཀྱིས༔ སྐུ་ལ་བརྒྱན་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དྲག་པོའི་ཆས་ཆེན་རྣམས་ཀྱིས་མངའ་གསོལ་བས། འཁོར་འདས་ཀྱི་ཞིང་ན་ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་པ་ཡིན་ནོ། །སྨན་རཀ་གཏོར་གསུམ་ལག་ཏུ་གཏད་ལ། ཧཱུྃ༔ སྨན་རཀ་གཏོར་གསུམ་མཆོད་པའི་རྫས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་རྣམས་སྒོམ་སྒྲུབ་བསྙེན་པ་དང༔ ལས་སྦྱོར་བྱེད་པའི་དབང་ཐོབ་ཤོག༔ ཤྲཱི་ཧེ་རུ་ཀ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་ཕུར་གཏད་ལ། ཧཱུྃ༔ སྙིང་རྗེའི་སྲོག་དང་ལྡན་པ་ཡི༔ གསལ་བ་གསུམ་གྱི་ཏིང་འཛིན་ལྡན༔ དགོངས་པ་གསུམ་དང་ལྡན་པ་ཡིས༔ དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག༔ དྲག་སྔགས་སོ་ལྔ་པ་བརྗོད། ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ་པས་བསྙེན་སྒྲུབ་མཆོད་བསྟོད་ལས་སྦྱོར་སྤྱི་དང་། ཁྱད་པར་རྫོང་འཕྲང་སྲོག་གི་གནད་དང་ལྡན་པས་དྲག་པོ་མངོན་སྤྱོད་ཀྱིི་ལས་རབ་འབྱམས་ལ་མཐུ་ཐོབ་པ་ཡིན་ནོ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་འཕེལ་ཞིང་ལུས་སེམས་བདེ་བས་ཁྱབ་པར་གྱུར། བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔


RTZ018_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་སྐྱེད་མཛད་པ༔ དུས་གསུམ་རྒྱལ་བའི་བྱང་སེམས་དབང༔ འདི་མྱང་བདེ་ཆེན་ཡེ་ཤེས་རྒྱས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་ཞིང་འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་རིག་མ་ལང་ཚོས་བརྒྱན་པ་འཕྲོས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་གསང་ཆེན་རྒྱལ་བའི་ལམ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཕྱིར༔ དགའ་ཆེན་ལྷ་མོ་འདི་ལོངས་ལ༔ མཉམ་སྦྱོར་བདེ་ཆེན་ཡེ་ཤེས་རྒྱས༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་ཞིང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་ བྱས་པའོ། །རང་གི་སེམས་ཉིད་མ་བཅོས་་འདི་ཀ་དཔལ་ཧེ་རུ་ཀར་ངོ་ཤེས་པས་གང next hit་ཤར་གྱི་ངོ་བོ་ལ་བཅོས་བསླད་མེད་པར་ཞོག་ཅིག །ཧཱུྃ༔ ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ དེས་ཚིག་དབང་རིན་པོ་ཆེ་ཐོབ། བག་ཉལ་གྱི་སྒྲིབ་པ་རྣམས་དག །ལམ་རྫོགས་ཆེན་བསྒོམ་པ་ལ་དབང་།


RTZ018_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །གསུམ་པ་ནི། དེ་རྣམས་ཀྱིས་འཇམ་དཔལ་སྐུའི་སྒྲུབ་པ་ཁྲག་འཐུང་གཤིན་རྗེའི་གཤེད་པོའི་སྒྲུབ་ཐབས་འཁོར་ལོ་རོལ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་མཇུག་གི་སྤྱི་ཆིངས་ལྟར་ལ། རྟ་བྲོའི་རྗེས་མཆོད་བསྟོད་བྱས་ནས་དངོས་གྲུབ་བླང་། ནོངས་བཤགས་བྱ། དཀྱིལ་འཁོར་རས་བྲིས་སོགས་རྟེན་ཡོད་ན་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐའ་རྒྱས་བྱའོ། །སྟོབས་ལྡན་དུས་དགྲའི་དབང་པོའི་གོམ་སྟབས་ཀྱིས། གདུག་ཅན་ལྷ་མིན་ཀླ་ཀློ་ས་འོག་ཏུ། །བཅིངས་ནས་རྒྱལ་བསྟན་རྒྱལ་བའི་རུ་མཚོན་ཆེ། །སྲིད་པའི་རྩེ་མོར་སྒྲེང་བའི་རྒྱུར་གྱུར་ཅིག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་ཇི་ལྟར་བསྩལ་བའི་ཕྱག་བཞེས་དང་སྨིན་བྱེད་ཀྱི་རྒྱུན་མི་ནུབ་པའི་སླད་དུ་དམིགས་ཏེ། ཟབ་ཆོས་འདིའི་བདག་པོར་རྡོ་རྗེའི་ལུང་གིས་དབུགས་དབྱུང་ཐོབ་པའི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།


previousཟབ་པ་སྐོར་བདུན་ལས་དྲག་སྔགས་ཟབ་པ་གཤིན་རྗེའི་གཤེད་མ་ཧཱ་ཡོ་ག་ལྟར་སྒྲུབ་པའི་དབང་བསྐུར་འཁོར་ལོ་རོལ་པའི་བཅུད་འདྲེན། བློ་གྲོས་མཐའ་ཡས།next