རིག་པའི་རྒྱལ་པོ་ནཱ་ག་རཀྴའི་སྒྲུབ་ཐབས་སྙིང་གི་དུམ་བུ། ངག་དབང་ཆོས་ཀྱི་རྒྱ་མཚོ།
རིག་པའི་རྒྱལ་པོ་ནཱ་ག་རཀྴའི་སྒྲུབ་ཐབས་སྙིང་གི་དུམ་བུ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ཡང་མི་ཕྱེད་དད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། འདི་ལྟར་འཁོར་འདས་ཆོས་རྣམས་མ་ལུས་པ། །སྟོང་ཞིང་བདག་མེད་སྤྲོས་བྲལ་བདེ་བ་ཆེ། །བསམ་བརྗོད་དམིགས་བཅས་བློ་ཡི་ཡུལ་ལས་འདས། །གདོད་ནས་རྣམ་དག་རང་བཞིན་འོད་གསལ་ངང་། །སྐད་ཅིག་རང་རིག་ངོ་བོ་ཕེ་ཡིག་ནག །དེ་ལས་འོད་ཟེར་མཐིང་ནག་རབ་འཕྲོས་པས། །སངས་རྒྱས་ཀུན་མཆོད་སེམས་ཅན་སྡིག་སྒྲིབ་སྦྱངས། །ཚུར་འདུས་རྒྱལ་ཀུན་བྱིན་རླབས་ཕེ་ལ་ཐིམ། །ཕེ་རཀྵ་ཀུ་རུ་བྷྲཱུྃ། ཕྱོགས་ཀུན་དུག་གི་རྒྱ་མཚོ་ཁོལ་བའི་ཀློང་། །ཐམས་ཅད་སྦྲུལ་ལས་བྱས་པའི་གཞལ་ཡས་ཁང་། །སྣ་ཚོགས་རིན་པོ་ཆེ་ཡིས་མཛེས་པའི་དབུས། །ས་བདག་ཀླུ་གཉན་རྒྱལ་བསེན་གཅལ་དུ་བཀྲམ། །འབྱུང་པོ་ཕོ་མོ་བསྣོལ་བའི་གདན་གྱི་ཁར། །པདྨ་ཉི་མ་འབར་བའི་དཀྱིལ་འཁོར་སྟེང་། །ཕེ་ཡིག་ཡོངས་གྱུར་འཆི་བདག་གཤིན་རྗེ་གཤེད། །རིག་པའི་རྒྱལ་པོ་དམར་ནག་ཁྲག་རུལ་མདོག །མི་སྲུན་གཤིན་རྗེ་དྲག་ཏུ་ཁྲོས་པའི་
གདོང་། །སྤྱན་གསུམ་སྡང་མིག་ཁྲག་གི་མཚོ་ལྟར་ཁོལ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟང་ཡག་གཙིགས། །ཤངས་ནས་བསྐལ་པ་འཇིགས་པའི་འཐོར་རླུང་འཕྱོ། །སྙན་ནས་སྟོང་གསུམ་འཆི་བའི་དུད་སྤྲིན་འཐུལ། །ཞལ་ནས་ཚ་གྲང་འཁྲུག་པའི་དུག་རླངས་འཕྱོ། །འཇིག་དུས་མེ་ལྟར་དབུ་སྐྲ་དམར་སེར་འབར། །ཤིན་ཏུ་མི་བཟད་སྦྲུལ་གྱི་གདེངས་ཀ་དགུ །འཇིགས་པའི་ཞལ་གདངས་མཆེ་གཙིགས་གློག་ལྕེ་བསྐྱོད། །ཕྱོགས་མཚམས་ཀུན་གཟིགས་ཞལ་ནས་ཨིག་ཤ་སྒྲོག །དབུས་མར་རིན་པོ་ཆེ་ཡི་པྲོག་ཞུ་བཅིངས། །བླ་མ་མི་བསྐྱོད་རྡོ་རྗེ་འཆང་གིས་བརྒྱན། །རལ་པའི་གསེབ་ནས་ཁྱུང་ཆེན་སྐར་ལྟར་འཁྲུག །སྤུ་གསེབ་སྡོམ་སྡིག་སྦལ་སྦྲུལ་ཆར་ལྟར་འབེབ། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་འདོར་སྟབས་བགྲད། །སྦྲུལ་མཇུག་སྔོ་དམར་དུག་གི་རྒྱ་མཚོར་འཁྱིལ། །བཅུ་དྲུག་གཡས་ཀྱི་ཕྱག་བརྒྱད་གྲི་གུག་གདེངས། །དགྲ་དང་བགེགས་ཀྱི་མགོ་སྙིང་དུམ་བུར་གཏུབས། །གཡོན་གྱི་ཕྱག་བརྒྱད་སྦྲུལ་ཞགས་ནད་རྐྱལ་གྱིས། །དགྲ་བགེགས་འཆིངས་ཤིང་མཛེ་ནད་བཅོ་བརྒྱད་འབེབ། །ཆེ་བའི་ཀླུ་བརྒྱད་སྐུ་ཡི་རྒྱན་དུ་བྱས། །རུས་པའི་ཁོག་སྦུབས་སྦྲུལ་ལྤགས་ན་བཟའ་གསོལ། །དུག་གི་མེ་རླུང་འཇིག་དུས་བཞིན་འཁྲིགས་དབུས། །རྒྱབ་ཡོལ་རི་རབ་ལྷུན་པོར་མཛད་དེ་
བཞུགས། །དཔྲལ་བར་ཨོཾ་ལས་བཅོམ་ལྡན་འདས་འཇམ་དཔལ། །གསེར་མདོག་ཕྱག་གཡས་འབར་བའི་རལ་གྲི་འཛིན། །མགྲིན་པར་ཨཱཿལས་འཕགས་པ་སྤྱན་རས་གཟིགས། །དམར་པོ་ཕྱག་ན་པདྨའི་དབྱུག་ཏོ་བསྣམས། །ཐུགས་ཀར་ཧཱུྃ་ལས་དཔལ་ཆེན་གསང་བའི་བདག །མཐིང་ནག་འབར་བའི་རྡོ་རྗེ་རྩེ་དགུ་གསོར། །ཀུན་ཀྱང་སྤྱན་གསུམ་ཕྱག་ གཡོན་སྡིགས་མཛུབ་མཛད། །ཉི་གདན་ལ་བཞུགས་རིན་ཆེན་རུས་རྒྱན་སྤྲས། །རིག་རྒྱལ་སྙིང་དབུས་ཉི་མར་ག་རུ ་ཌ། །གསེར་མདོག་བརྐྱང་བསྐུམ་སྦྲུལ་ཞགས་ནད་རྐྱལ་འཛིན། །དེ་ཡི་སྙིང་དབུས་ཕ་ལམ་རྡོ་རྗེ་ཡི། །ལྟེ་བར་ཕེ་ཡིག་མཐའ་མར་སྔགས་ཕྲེང་འཁོར། །གནས་གསུམ་འོད་ཀྱིས་དེ་བཞིན་གཤེགས་ཀུན་གྱི། །སྐུ་གསུང་ཐུགས་བྱིན་མ་ལུས་གཅིག་བསྡུས་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨཱཿཧཱུྃ། ཞེས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། ཞེས་རིགས་ལྔས་དབང་བསྐུར། ཨོཾ་ནཱ་ག་རཀྴ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾཿ ཛཿཧཱུྃ་བཾ་ཧོཿ ནཱ་ག་རཱ་ཛ་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཧྲིཾ་ཛཿ ཞེས་ཡེ་ཤེས་པ་སྤྱན་དྲངས། སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་ལ་ལ་ཧོཿ བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་
སྥོ་ཊ་བཾ། བཛྲ་གཎྜེ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་དམ་ཚིག་པ་ལ་བསྟིམ། ཨ་ཏི་པཱུ་ཧོཿ པྲ་ཏཱི་ཛ་ཧོཿ ཞེས་ཕྱག་འཚལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱ་ ཤབྡ་ཨཱཿཧཱུྃ། ཞེས་ཕྱི་མཆོད། རྩ་སྔགས་ལ་སྨན་རཀ་གཏོར་སྔགས་སྦྲེལ་བ་ནང་མཆོད། མ་ཧཱ་བཛྲ་པདྨོ་ཡོ་གི་ནཱི་ཨ་ཧོ་མ་ཧཱ་སུ་ཁ་ཧོཿ མ་ཏྲཾ་རུ་དྲ་པྲ་བྷཉྩཀྲ་ཧཱུྃ་ཕཊ། སྦྱོར་སྒྲོལ་གསང་བའི་མཆོད་པའོ། །དེ་ནས་བསྟོད་པ་ནི། ཧཱུྃ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་དེར་འདུད། །ཀླུ་གཉན་ས་བདག་དྲེགས་པ་འདུལ་མཛད་པ། །རིག་པའི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཕེ་ལཾ་ཧཱུྃ། ཞེས་ཞི་སྔགས་དང་། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཕེ་ལཾ་ཧཱུྃ། ཞེས་པའམ། ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཙཀྲ་ཕེ་ལཾ་ཧཱུྃ་ཕཊ། ཅེས་དྲག་པོའི་སྔགས་རང་བཞིན་དུ་ཅི་ནུས་དང་། གཞན་སྒང་གཤོང་འཐེན་གསུམ་གྱི་མན་ངག་དང་ལྡན་པར་བཟླའོ། །ཐུན་བསྡུ་ན་སྣོད་བཅུད་ལྷའི་དཀྱིལ་འཁོར་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་བཅིལ་ཞིང་། སླར་ཡང་སྒྱུ་མ་བཞིན་སྔར་ལྟར་ལྷར་ལྡང་། དགེ་བ་བསྔོ། སྨོན་ལམ་གདབ། ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། ཨཱཿལས་གཏོར་སྣོད་ཀ་པཱ་ལའི་ནང་དུ། ཨོཾ་ལས་གཏོར་མ་ཤ་
ལྔ་བདུད་རྩི་ལྔ། ཧཱུྃ་གིས་ཡེ་ཤེས་བདུད་རྩི་བཀུག་ཅིང་དམ་ཚིག་གི་བདུད་རྩི་དང་འདྲེས། ཧ་ཧོ་ཧྲཱིཿ འདོད་ཡོན་ནམ་མཁའི་ཁམས་ཁེངས་པར་གྱུར། བཛྲ་ས་མཱ་ཛཿ ཞེས་པས་གཏོར་མགྲོན་མདུན་དུ་བཀུག །སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་མམ་བདུན་གྱིས་འབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ན། །རྒྱ་མཚོ་ཆེན་པོའི་ཀློང་ཡངས་དྭངས་པའི་དབུས། །བསྐལ་པའི་སྦྲུལ་ནག་འཁྱིལ་བའི་དཀྱིལ་འཁོར་ནས། །རིག་པའི་རྒྱལ་པོ་ཀླུ་བདུད་མགོ་དགུ་པ། །བདུད་ཀྱི་བདུད་གཅིག་འཆི་བདག་ཀླུ་ཡི་བདུད། །སྐུ་ནི་རི་རབ་ངོས་ལ་བརྟེན། །མཇུག་མ་རྒྱ་མཚོའི་གཏིང་དུ་འཁྱིལ། །དབུ་ནི་བར་སྣང་ཁམས་སུ་འཕྱོ། །ཞལ་ནས་གདུག་པའི་སྒྲ་སྐད་ནི། །འཇིགས་པའི་ཨིག་ཤའི་སྒྲ་ཡང་སྒྲོག །སྤྲུལ་ནག་རལ་པ་སྤྲུགས་པ་ལས། །སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །སྤྱན་ནི་དྲག་པོ་ཧུར་ཐུམས་གཟིགས། །མཆེ་བ་རྣོ་དབལ་དམར་ནག་གཏམས། །ཀླུ་གཉན་ས་བདག་གདུག་པ་ཅན། །བ་སུ་རིགས་དྲུག་ཟས་སུ་ཟ། །རྒྱལ་རིགས་མགུལ་ཆུ་དོ་ཤལ་བྱས། །བྲམ་ཟེའི་རིགས་ཀྱི་ཕྱག་གདུབ་བྱས། །དམངས་རིགས་ཀླུ་ཚོགས་སྐེད་ལ་དཀྲིས། །རིགས་ངན་གདོལ་པ་ཞབས་འོག་གནོན། །གདུག་པའི་ས་བདག་ཀླུ་གཉན་རྣམས། །སྐད་ཅིག་ཙམ་ལ་བརླག་པར་
མཛད། །འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི། །ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད། །ཅེས་པས་བསྟོད་པའི་མཐར། རིག་པའི་རྒྱལ་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་སྩོལ་ཞིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་བསྟབས་ཤིང་ཕྲིན་ལས་བཅོལ། ཨོཾ་བཛྲ་མུཿས་གཏོར་མགྲོན་གཤེགས་སུ་གསོལ། བཀྲ་ཤིས་བསྔོ་སྨོན་བྱའོ། །བསྙེན་སྒྲུབ་སྐབས་སུ་རང་ངམ་མཐུན་པའི་གྲོགས་ཀྱིས་ཆུ་གཏོར་ཀླུ་གཏོར་བཏང་བ་ཡང་ངེས་པར་དགོས། རིག་པའི་རྒྱལ་པོའི་སྒྲུབ་ཐབས་འདི་ནི་འཆི་བདག་སྲོག་གི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཇི་ལྟ་བ་བཀའ་གཏེར་དུ་མ་མཐུན་པར་འབྱུང་བཞིན་གཞིར་བཞག །མན་ངག་སྙན་བརྒྱུད་འགའ་ཡང་ད་ནི་ཆད་པར་ཉེ་ན་ལྷག་བསམ་བཟང་པོས་ཇི་རིགས་པར་གསལ་བར་བཀོད་པ་ཡིན་ནོ། །རིག་
རྒྱལ་ནཱ་ག་རཀྴ་ཡི། །སྒྲུབ་ཐབས་རྣོ་ལ་ཚན་ཆེ་བ། །སྙིང་གི་དུམ་བུ་ཇི་འདྲ་བའི། །མན་ངག་དཀོན་ནོ་ལྷུག་པར་སྤེལ། །དེ་ལས་བྱུང་བའི་དགེ་བ་ཡིས། །ལུས་ཅན་མ་རིག་ནད་ལས་གྲོལ། །རང་རིག་འཇམ་དཔལ་དཔའ་བོའི་སྐུ །མྱུར་བ་ཉིད་དུ་ཐོབ་གྱུར་ཅིག །ཅེས་པའང་རབ་བྱུང་བཅུ་གསུམ་པ་མེ་ཡོས་གྲོ་ཞུན་ཟླ་བའི་དམར་ཕྱོགས་བཟང་པོ་གསུམ་པ་ལ་བོད་ཡུལ་གངས་རིའི་ཁྲོད་ཀྱི་རྡོ་རྗེ་གདན་ལྷ་ལྡན་གཙུག་ལག་ཁང་ཆེན་པོའི་འདབས་རྒྱལ་པོའི་ཕོ་བྲང་དུ། སའི་དབང་ཕྱུག་གནམ་བསྐོས་ཆོས་རྒྱལ་མཆོག་གི་དགོངས་བཞེད་བསྐང་སླད་ཡི་གེར་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་བཀོད་པའོ།། ༈ ཨོཾ་སྭསྟི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་སེམས་ཕེ་མཐིང་ནག །ཕེ་ཡིག་གྲངས་མེད་འཕྲོ་འདུས་ཡོངས་གྱུར་པས། །ཕེ་རཀྵ་ཀུ་རུ་བྷྲཱུྃ། རིན་ཆེན་བཀྲམ་པའི་རྒྱ་མཚོར་སྦྲུལ་རིགས་ཀྱི། །གཞལ་ཡས་ཁང་དབུས་ས་བདག་ཀླུ་གཉན་སྟེང་། །རང་ཉིད་རིག་རྒྱལ་ནཱ་ག་རཀྴ་ནག །དབུ་དགུ་སྲིན་པོ་ལྟ་བུར་ཆེས་ཆེར་ཁྲོས། །སྦྲུལ་མགོ་དགུ་ཡི་གདེངས་ཀ་དབུས་མ་ལ། །རིན་ཆེན་པྲོག་ཞུ་མི་བསྐྱོད་རྒྱལ་བས་བརྒྱན། །ཕྱག་རྒྱ་བཅུ་དྲུག་གཡས་བརྒྱད་རལ་གྲི་དང་། །གཡོན་བརྒྱད་སྦྲུལ་ཞགས་ཞབས་གཉིས་བརྐྱང་བསྐུམ་བཞུགས། །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་འཁྱིལ། །
རི་རབ་ལྷུན་པོར་རྒྱབ་ཡོལ་ཚུལ་དུ་མཛད། །དབུ་སྐྲའི་གསེབ་ནས་གདུག་པའི་སྲོག་ཆགས་འགྱེད། །ཨིག་ཤའི་སྒྲ་སྒྲོག་མེ་དཔུང་ཀློང་དུ་བཞུགས། །གནས་གསུམ་འབྲུ་གསུམ་རྡོ་རྗེ་གསུམ་རང་བཞིན། །སྙིང་དབུས་མཁའ་ལྡིང་གསེར་གྱི་ཁ་དོག་ཅན། །དེ་ཡི་སྙིང་གར་པད་སྟེང་རྡོ་རྗེའི་ལྟེར། །ཕེ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། །ཨོཾ་ཕེ་ལཾ་ཧཱུྃ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ། ཐུན་མཚམས་སུ་དགེ་བའིརྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་དམིགས་མེད་དུ་བཞག །ཅེས་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་རྒྱུན་གྱི་ཉམས་ལེན་ཤིན་ཏུ་ཁྱེར་བདེར་བྱས་པ་འདིའང་གཙང་རུ་ལག་གི་ཆ། པྲད་རིན་ཆེན་རྩེའི་སྐྱེད་མོས་ཚལ་དུ་རབ་མྱོས་སྣྲོན་ཟླ་བའི་དཀར་ཕྱོགས་ཀྱི་གང་བ་ལ་རིག་པ་འཛིན་པས་སྦྱར་བའོ།། ༈ ནཱ་ག་རཀྴའི་དམིགས་པའི་མན་ངག་ཞལ་རྒྱུན་ཤིན་ཏུ་ཟབ་པ་བཞུགས་སོ། །ཨོཾ་སྭསྟི། བླ་མ་དང་འཇམ་དཔལ་རྡོ་རྗེ་གཉིས་སུ་མེད་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་འཇམ་དཔལ་ནཱ་ག་རཀྴའི་ཐུན་མོང་མ་ཡིན་པའི་བཟླས་དམིགས་སྙན་བརྒྱུད་ཞལ་ཤེས་ཟིན་བྲིས་སུ་བཀོད་པར། ཕྱག་རྒྱ་བཞིའི་རྒྱས་བཏབ་པ་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་ལ་བཏབ་པ། དམ་ཚིག་གི་ཕྱག་རྒྱ་རང་ལ་འདེབས་པ། ལས་ཀྱི་ཕྱག་རྒྱ་ཀླུ་ལ་འདེབས་པ། ཀླུའི་ཕྱག་རྒྱ་དགྲ་ལ་འདེབས་པ་དང་བཞིའོ། །དེ་ལ་དང་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་ལ་
བཏབ་པ་ནི། བསྐྱེད་རིམ་མ་བྱས་པར་གནས་ལུགས་ཀྱི་ངང་ནས་འབྲུ་བཞི་ས་ཡ་ཙམ་འགྲུབ་ན་རབ། ཐ་མའང་འབུམ་གཅིག་བཟླ། གཉིས་པ་དམ་ཚིག་གི་ཕྱག་རྒྱ་རང་ལ་འདེབས་པ་ནི། བསྐྱེད་རིམ་གསལ་ཞིང་། ཡེ་ཤེས་སེམས་དཔའ་གསེར་གྱི་བྱ་ཁྱུང་། དེའི་ཐུགས་ཀར་པདྨ་འདབ་མ་བརྒྱད་པའི་སྦུབས་སུ་རྡོ་རྗེ་རྩེ་ལྔ་ཕྱེད་པ། ལྟེ་བར་ཡི་གེ་ཕེ་ནག་པོའི་མཐར་འབྲུ་བཞི་བཀོད། འདབ་མ་བརྒྱད་ལའང་ཀླུའི་སྲོག་སྔགས་ཐུན་མོང་མིན་པ་སྤྲོ་ན་བཀོད་དེ། ས་ཡའམ་འབྲུ་འབུམ་ཕྲག་སོགས་བཟླས་པས་སྡེ་བརྒྱད་ཐམས་ཅད་བཀའ་འོག་ཏུ་འདུས་སོ་སྙམ་པ་དང་། རྐང་མཐིལ་ཟ་བ་དང་། ལུས་ལ་ཚ་ཞུམ་པ་དྲོད་སྐྱེ་བའོ། །དེ་ལས་ཐལ་ན་དམ་ཚིག་གི་ཕྱག་རྒྱ་དངོས་སུ་ཐེབས་རྟགས་འོང་། གསུམ་པ་ལས་ཀྱི་ཕྱག་རྒྱ་ཀླུ་ལ་འདེབས་པ་ནི། རང་འཇམ་དཔལ་གྱི་ཞབས་གཡས་བསྐུམ་ གཡོན་བརྐྱང་བའི་འོག་ཏུ་རུ ་སྦལ་ཆེན་པོ་ཞིག་བསམ། དེ་ལ་གནོད་བྱེད་ཀླུ་རིགས་ཐམས་ཅད་བསྟིམས་ནས་རང་གི་ལུས་ལས་ཀླུའི་དུག་རྣམས་དེ་ལ་བསྟིམ། བཞི་པ་ཀླུའི་ཕྱག་རྒྱ་དགྲ་ལ་འདེབས་པ་ནི། དེ་ཉིད་རང་གི་དགྲ་བོ་ལ་བསྟིམ་པར་བྱ། ཐུན་མོང་མ་ཡིན་པའི་མན་ངག་གི་གནད་གལ་པོ་ཆེ་སྒང་གཤོང་འཐེན་གསུམ་ལས། དང་པོ་ཞག་བདུན་གྱི་རིང་ལ་ཤིན་ཏུ་བརྩོན་པས་སྔགས་བཟླ་བ་ནི་སྒང་། དེ་ནས་ཞག་བདུན་གྱི་རིང་སྔགས་ཅུང་ཟད་ལས་མི་བཟླ་བ་ནི་གཤོང་། དེ་ནས་ཞག་བདུན་གྱི་རིང་སྔགས་ཡེ་ནས་མི་བཟླ་བར་རང་དང་ཀླུ་གདོན་གཉིས་ཀའི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམས་
ནས་ཡིག་བརྒྱ་བཟླས་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུ་བའི་དམིགས་པ་ལ་འབད་པ་ནི་འཐེན་པ་སྟེ། ཚུལ་དེ་བཞིན་དུ་འབད་པ་ཤིན་ཏུ་གལ་ཆེ། འདིའི་སྒོ་ནས་ཀླུ་གཏད་བྱེད་སྐབས་སུ་ཀླུ་རྒྱལ་རིགས་ཀྱི་སྤྱི་གཙུག་ནོར་བུ་དབང་རྒྱལ། རྗེའུ་རིགས་ཀྱི་ཕྲག་པ་གཡས་སུ་ནོར་བུ་འབར་བ། བྲམ་ཟེའི་ནུ་མ་གཡས་སུ་ཁྲུས་ཀྱི་བུམ་པ། དམངས་རིགས་ཀྱི་བྱིན་པ་དང་། གདོལ་པའི་གསང་གནས་རྣམས་སུ་ཀླུ་གཏད་བྱས་ཀྱང་དགྲ་ལ་མི་གནོད་པར་བཟང་བར་འགྱུར་བས་སྤང་བར་བྱ་དགོས། ཞེས་པ་དེ་རྣམས་དཔལ་རིག་པ་འཛིན་པ་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་སྔ་ནས་ཇི་ལྟར་བསྩལ་པ་རྣམས་ངག་དབང་ཆོས་ཀྱི་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ་མངྒ་ལཾ།། །།