ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་གཞན་དོན་བུམ་སྒྲུབ་ཀྱི་རྗེས་གནང་ཕྲིན་ལས་དང་བཅས་པ་དོན་གཉིས་འབྱུང་གནས། བསྟན་གཉིས་གཡུང་དྲུང་གླིང་པ།
ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས། གཞན་དོན་བུམ་སྒྲུབ་ཀྱི་རྗེས་གནང་ཕྲིན་ལས་དང་བཅས་པ་དོན་གཉིས་འབྱུང་གནས་བཞུགས་སོ། །
ཞིང་ཁམས་རྒྱ་མཚོའི་འདྲེན་པ་མཆོག །ཁྱད་པར་གངས་ཅན་འགྲོ་བའི་མགོན། །སྤྱན་རས་གཟིགས་ལ་ཕྱག་བྱས་ཏེ། །རྗེས་གནང་ཕྱག་བཞེས་ཇི་བཞིན་འགོད།། འཕགས་པ་ཡིད་བཞིན་འཁོར་ལོའི་གཞན་དོན་བུམ་པ་སྒྲུབ་སྐོར་ལས་སྤྲོས་མེད་ཉམས་ལེན་བསྡུས་པའི་ལུགས་ཀྱི་རྗེས་གནང་ཅུང་ཟད་རྒྱས་པ་བྱ་བའི་ཚུལ་ལ་གསུམ། ཉེར་བསྡོག་བཅས་བཤམ། སྒྲུབ་པའི་ཕྲིན་ལས། རྗེས་གནང་དངོས་སོ། །དང་པོ་ནི། སྟེགས་བུར་རས་བྲིས་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་ལྷ་མཚན་བཀོད་པའམ། མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་རྐང་གསུམ་ལ་བུམ་པ་མགུལ་ཆིངས་དཀར་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་བཅས་པ་བཤམས་པའི་མདུན་ཕྱོགས་སུ་སྐུ་རྟེན་ལྔའི་ཙཀླི །གཡས་སུ་སྔགས་བྱང་ལྔ་དང་ཤེལ་ཕྲེང་། གཡོན་དུ་ཕྱག་མཚན་ལྔ་དང་མེ་ལོང་།
དེ་དག་གི་མདུན་ངོས་སུ་གཏོར་འབུལ་དཀར་ཟླུམ་རྒྱན་ལྡན། ཉེར་སྤྱོད་ཕྲེང་ཚར་དུ་བཀོད། ལས་བུམ། སྔོན་འགྲོ་དཀར་གཏོར། འཐོར་ནས། རྡོར་དྲིལ་སོགས་ཚོགས་པར་བྱའོ། །གཉིས་པ་ཕྲིན་ལས་ཀྱི་ཐོག་མར་ལས་བུམ་ལ་དམིགས་ཏེ། ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿཧཱུྃ་ཕཊ། ཅེས་ཉེར་གཅིག་ཙམ་བཟླས་པས་དཀར་གཏོར་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བདུད་རྩིར་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་འགུགས། བཛྲ་སོགས་དོར་བའི་སྔགས་དེའི་མཇུག་ཏུ། ཨ་ཀ་རོ་སོགས་བཏགས་པ་ལན་གསུམ་གྱིས་འབུལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་བཞེས་དགེ་བའི་སྡོངས་གྲོགས་མཛོད། །ཅེས་ཕྲིན་ལས་བཅོལ་ལ། སརྦ་ལོ་ཀ་གཙྪས་གཤེགས། སྐྱབས་སེམས་ནི། ན་མོ༔ མཆོག་གསུམ་ངོ་བོ་ཐུགས་
རྗེ་ཅན༔ བླ་མར་བཅས་ལ་སྐྱབས་སུ་མཆི༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཡིད་བཞིན་འཁོར་ལོ་མྱུར་དུ་བསྒྲུབ༔ ལན་གསུམ། ཚོགས་གསག་ནི། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་ཀུན་འགྲོ་ལ་བསྔོ༔ ཐམས་ཅད་མངོན་སངས་རྒྱས་གྱུར་ཅིག༔ མཆོད་གཏོར་བྲན་ལ། རཾ་ཡཾ་ཁཾ། བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ ཨོཾ་ལས་ཉེར་སྤྱོད་འདོད་ཡོན་ལྔ༔ ཨ་ལས་ཟླ་བའི་སྣོད་ཡངས་པར༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཞུ༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ ཞེས་བྱིན་བརླབ། དེ་ནས་ཐོག་མར་བདག་མདུན་དབྱེར་མེད་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གདོད་ནས་སྟོང་པ་ཆེན་པོའི་ངང༔ སྙིང་རྗེ་སྒྱུ་མ་རིག་པའི་རྩལ༔ ཧྲཱིཿཡིག་ཟླ་བ་ལྟ་བུར་ཤར༔ ཧྲཱིཿཡི་འོད་ལས་གཞལ་ཡས་ཁང༔ འཇའ་ཚོན་བྲེས་པ་ལྟ་བུའི་དབུས༔ པདྨ་ལྔ་ཚོམ་དབུས་མ་ནི༔ རིན་ཆེན་སེང་ཁྲི་དག་གིས་བཏེག༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ གཡས་མཐིང་གཡོན་དམར་སྤྱན་དགུ་ལྡན༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན༔ དང་པོའི་ཕྱག་གཉིས་ཆོས་དབྱིངས་རྒྱ༔ རྡོ་རྗེ་རྩེ་ལྔ་འོད་
འབར་འཛིན༔ གཉིས་པའི་ཕྱག་གཉིས་རིན་པོ་ཆེ༔ བུམ་པ་བདུད་རྩིས་གང་བ་བསྣམས༔ གསུམ་པའི་ཕྱག་གཉིས་པད་སྡོང་དང༔ ཁ་ཊྭཱཾ་རྩེ་གསུམ་འབར་བ་འཛིན༔ བཞི་པ་གཉིས་ཀྱིས་ལྕགས་ཀྱུ་དང༔ རིན་ཆེན་ཕྲེང་བ་ཞགས་པ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་གཉིས་བཞེངས་སྟབས་འོད་འབར་བཞུགས༔ གཡས་སུ་འཕགས་པ་འཇམ་དཔལ་སེར༔ རལ་གྲི་བརྒྱད་སྟོང་པུསྟི་འཛིན༔ གཡོན་དུ་ཕྱག་ན་རྡོ་རྗེ་མཐིང༔ རྡོར་དྲིལ་པདྨས་བཏེགས་པ་འཛིན༔ མདུན་དུ་ས་ཡི་སྙིང་པོ་དཀར༔ མྱུ་གུ་དང་ནི་དྲིལ་བུ་འཛིན༔ རྒྱབ་ཏུ་བྱམས་པ་མགོན་པོ་དཀར༔ ཀླུ་ཤིང་དང་ནི་དྲིལ་བུ་འཛིན༔ ཀུན་གྱི་ཕྱག་མཚན་པདྨས་བཏེག༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་གཉིས་བཞེངས་སྟབས་གཙོ་ལ་འདུན༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ སྤྱན་འདྲེན་པ་ནི། ཧཱུྃ༔ རང་བཞིན་དག་པའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་ལྷ་ཚོགས་གཤེགས་སུ་གསོལ༔ བྱང་ཆུབ་སེམས་དཔའི་འཁོར་དང་བཅས༔ བདག་ལ་དགྱེས་ཤིང་འདིར་བྱོན་ཅིག༔ ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ བཞུགས་གསོལ་ནི། ཧྲཱི༔ རིན་ཆེན་གཞལ་ཡས་མཛེས་པའི་ནང༔ པདྨ་ཟླ་བའི་གདན་
སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ འགྲོ་བའི་དོན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱི༔ འགྲོ་བའི་མགོན་པོ་ཐུགས་རྗེ་ཅན༔ འཇམ་པའི་དབྱངས་དང་གསང་བའི་བདག༔ ས་ཡི་སྙིང་པོ་བྱམས་མགོན་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ མཆོད་པ་ནི། ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་ལ་སོགས་མཆོད་པའི་སྤྲིན༔ འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མོ་གྷ་པཱུ་ཛ་མ་ཎི་པདྨ་བཛྲེ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ༔ ས་མནྟ་པྲ་ས་ར་ཧཱུྃ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཨཱཿཧཱུྃ༔ གཏོར་འབུལ་ནི། འཕགས་པ་འཁོར་བཅས་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱརྻ་ཨ་བ་ལོ་ཀེ་ཤྭ་ར་ཡ༔ མཉྫུ་ཤྲཱི༔ བཛྲ་པཱ་ཎི༔ ཀྵིཾ་ཧི་རཱ་ཛཱ་ཡ༔ མཻ་དྷཱ་ར༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ལན་གསུམ་གྱིས་ཕུལ། བསྟོད་པ་ནི། ཧཱུྃ༔ སྙིང་རྗེའི་བདག་ཉིད་འགྲོ་བའི་མགོན༔ བསྐལ་བཟང་སངས་རྒྱས་སྟོང་གི་ཡབ༔ སྐྱབས་མཆོག་ཇོ་བོ་གངས་ཅན་མགོན༔ ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད༔ མ་རིག་མུན་སེལ་སྒྲོན་མེ་ཆེ༔ ཤེས་རབ་ཆེན་པོ་མཁྱེན་བརྩེའི་བདག༔ མཁས་རྣམས་ཀུན་གྱི་མགོན་པོ་སྟེ༔ འཇམ་
དཔལ་དབྱངས་ལ་ཕྱག་འཚལ་བསྟོད༔ མཐུ་སྟོབས་ཆེན་པོའི་བདག་ཉིད་དེ༔ བླ་ན་མེད་པའི་གསང་བ་འཛིན༔ བདུད་ཀྱི་སྡེ་རྣམས་ཕམ་མཛད་པའི༔ ཕྱག་ན་རྡོ་རྗེར་ཕྱག་འཚལ་བསྟོད༔ འདོད་པའི་རེ་བ་སྐོང་མཛད་ཅིང༔ སྡུག་བསྔལ་མ་ལུས་ཡོངས་སུ་འཇོམས༔ འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ ས་ཡི་སྙིང་པོར་ཕྱག་འཚལ་བསྟོད༔ མཁྱེན་པའི་ཡེ་ཤེས་དཔག་མེད་དང༔ རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི༔ ཐུགས་རྗེས་མྱུར་དུ་འཛིན་མཛད་པའི༔ བྱམས་པ་མགོན་པོར་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཀུན་གྱི་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཱུཾ་ཧཱུྃ་ཀྵིཾ་མཻ་ཡི་མཐར༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ རྒྱལ་མཆོད་བྱིན་རླབས་ཐམས་ཅད་བསྡུས༔ འགྲོ་བའི་སྡུག་བསྔལ་སྦྱོང་བར་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལས་ཡིད་གཞན་དུ་མ་གཡོས་པར། ཨོཾ་ཨ་མོ་གྷ་ཙིནྟཱ་མ་ཎི་པ་ར་ད་པདྨེ་བཛྲེ་ཛྭ་ལ་ན་བྷུ་ཛེ་ཧཱུྃ༔ རྩ་སྔགས་སོ། །ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ སྙིང་པོ་སྟེ་བཟླས་པའི་དངོས་གཞི་འདི་ལ་བྱའོ། །ཨོཾ་མ་ཎི་པདྨེ་ཧཱུྃ༔ ཉེ་སྙིང་ངོ་། །ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཀྵིཾ་ཧི་རཱ་ཙ་ཡ༔ མཻ་དྷཱ་ར་ཎི༔ འཁོར་བཞི་གཙོ་བོའི་བཅུ་ཆ་རེ་བཟླས་པའི་མཐར། ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་ནས། ནཻ་བིདྱ་ཨཱཿཧཱུྃ༔ བར། ཧྲཱི༔ འགྲོ་བའི་མགོན་པོ་ནས། གུས་པས་ཕྱག་འཚལ་བསྟོད༔ བར་བརྗོད་ལ་
མཆོད་བསྟོད་བྱ། དེ་ནས་ཁྱད་པར་བུམ་པ་སྒྲུབ་པ་ནི། བདག་ཉིད་ལྷར་གསལ་མདུན་གྱི་རྟེན༔ པཾ་ལས་པདྨ་ཨ་ཟླ་བ༔ བྷྲཱུྃ་ལས་རིན་ཆེན་བུམ་པའི་ནང༔ བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་སྟེང༔ པདྨ་ལྔ་ཚོམ་དབུས་མ་ནི༔ རིན་ཆེན་སེང་ཁྲི་དག་གིས་བཏེག༔ སོགས་ནས་བསྟོད་པའི་བར་གོང་བཞིན་ཚང་བར་བཏང་། བཟླས་དམིགས་མཐར། སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་སྦྱར་ལ་བཟླས་པ་རྣམས་དང་མཆོད་བསྟོད་བཅས་གྲུབ་པའི་རྗེས་སུ། བཅོམ་ལྡན་འདས་འཁོར་དང་བཅས་པས་བདག་གི་སློབ་མ་རྣམས་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །གསུམ་པ་རྗེས་གནང་གི་བྱ་བ་ཐོག་མར་སློབ་མ་རྣམས་ལས་བུམ་གྱི་ཆུས་སྒོ་དྲུང་དུ་ཁྲུས་དང་། བགེགས་བསྐྲད། སྲུང་འཁོར་སྤྱི་ལྟར་བྱ། གྲལ་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱས་ནས་སེམས་བསྐྱེད་གསལ་བཏབ། མཚམས་སྦྱོར་གྱི་ཁྱད་པར། དེའང་སྤྱིར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡབ་གཅིག་གངས་ཅན་མགོན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དང་མཚན་གྱི་རྣམ་འགྱུར་བསམ་ལས་འདས་ཤིང་། དེ་དག་གི་སྒྲུབ་ཐབས་རྒྱུད་སྡེ་བཞི་དང་འབྲེལ་བ་ཇི་སྙེད་ཅིག་འཕགས་བོད་དུ་བྱོན་པ་ལས། དཀའ་ཐུབ་དང་ཡུན་རིང་སྒྲུབ་པའི་རྩོལ་བ་ལ་མ་ལྟོས་པར་སྐུའི་རྣམ་པ་ཡིད་ལ་བྱས་པ་དང་། རིག་སྔགས་བཟླས་པ་ཙམ་གྱིས་འདོད་པའི་འབྲས་བུ་དེའི་མོད་ལ་ཐོབ་པར་བྱེད་ཅིང་། ཁྱད་པར་སྙིགས་དུས་ཀྱི་མཐར་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཀུན་གྱི་ནང་
ནས་ཐུགས་རྗེ་མྱུར་བར་ཆེ་ཐང་དུ་བསྔགས་པ་ནི་ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བ་སྟེ། རྒྱ་གཞུང་ལས། འདི་ནི་ཕྱིར་ཟློག་པ་ཆེན་པོ་སྟེ། ཕ་རོལ་གྱི་དཔུང་རབ་ཏུ་འཇོམས་པའོ། །འདི་ནི་གང་གིས་ཡིད་ལ་བྱས་པས་བྱིན་གྱིས་རློབ་པར་འགྱུར་ཏེ་ཡིད་བཞིན་གྱི་ནོར་བུའོ། །འདིས་ནི་སྡིག་པ་ཐམས་ཅད་སྲེག་པར་བྱེད་པས་ཡེ་ཤེས་ཀྱི་མེའོ། །འདིས་ནི་འདུ་བའི་ནད་ལས་གྲོལ་བར་བྱེད་པས་སྨན་ཆེན་པོའོ། །སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའོ། །ཞེས་སོགས་གྲོལ་བ་བཞི་ལྡན་སྲུང་ཟློག་ལའང་ལྷག་པར་བསྔགས་པ་འདིའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྒྱུད་དང་རྟོག་པ་ལ་བརྟེན་ནས་པཎ་ཆེན་དྲི་མ་མེད་པས་མཛད་པ་སློབ་དཔོན་ཨ་བྷཱ་ཡ་དང་དཔལ་ཆེན་རྒ་ལོ་ཙཱ་ནས་བརྒྱུད་པ་དང་། དེ་དང་ཚིག་དོན་མཚུངས་པ་པདྨ་སཾ་བྷ་བའི་རྒྱ་གཞུང་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཆ་ལག་ཏུ་བྱོན་པ་སོགས་མཆིས་ཀྱང་། སྨིན་གྲོལ་ལས་ཚོགས་དང་བཅས་པ་ཁ་ཚང་དོན་འདྲིལ་བྱ་སླ་མཐུ་མྱུར་བྱིན་རླབས་ཚན་ཁ་མ་ཉམས་པས་ཁྱད་པར་དུ་བྱས་པ་འདི་ནི། ལྷ་སྲས་དམ་འཛིན་ཡེ་ཤེས་རོལ་པ་རྩལ་གྱི་ཡང་སྲིད། གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན། གནས་མཆོག་ནམ་མཁའ་
མཛོད་ཀྱི་གུ་རུའི་གསང་ཕུག་ཆེན་མོ་ནས་སྐུ་རྟེན་རྣམ་པ་གསུམ་དང་ཟབ་མོའི་ཆོས་སྡེ་འབྱམས་ཀླས་པ་ཞིག་སྤྱན་དྲངས་པའི་སྡེབས་སུ་བྱོན་པ་སྟེ། འདི་ལའང་ཆོས་སྡེ་རྒྱ་ཆེ་བར་བཞུགས་ཀྱང་དུས་རྟགས་རྟེན་འབྲེལ་དབང་གིས་སྙིང་པོ་ཙམ་ཞིག་གཏན་ལ་ཕབ་ནས་སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བར་མཛད་པ་འདིའི་སྒོ་ནས་རྗེས་སུ་གནང་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ཐུགས་རྗེའི་བདག་ཉིད་དགོངས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ ཡིད་བཞིན་འཁོར་ལོའི་རྗེས་གནང་སྩོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་དེ་གནང་བ་བྱིན་པར་གོ་བར་མཛོད་ཅིག །རྒྱལ་བ་ཀུན་གྱི་གསང་བ་བསམ་མི་ཁྱབ༔ གཅིག་ཏུ་བསྡུས་པའི་བཅོམ་ལྡན་ཐུགས་རྗེ་ཅན༔ བསྐལ་བཟང་སངས་རྒྱས་སྟོང་རྩ་རྣམས་ཀྱི་ཡབ༔ གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་སྲས༔ འཁོར་བ་ལན་མང་དོང་ནས་སྤྲུགས་མཛད་པའི༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡིད་བཞིན་འཁོར་ལོ་ཁྱོད་ལ་སྦྱིན་ལགས་ན༔ བྱང་ཆུབ་བར་དུ་ལྷག་པའི་ལྷ་རུ་ཟུངས༔ ཞེས་ལན་སྦྱིན། བླ་
མ་དང་མདུན་བསྐྱེད་འཕགས་པ་ཡིད་བཞིན་འཁོར་ལོ་གཙོ་འཁོར་ལྔ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་ཞིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དེའི་སྤྱོད་པ་ལ་འཇུག་པར་བྱའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ མཆོག་གསུམ་ངོ་བོ་སོགས་ལས་བྱང་ལྟར་ལན་གསུམ། ཞིང་མཆོག་དེ་དག་གི་མདུན་དུ་གསག་སྦྱོང་སྙིང་པོ་ཡན་ལག་བདུན་པ་ཚིག་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། སྲས་བཅས་རྒྱལ་བ་སོགས་ལན་གསུམ། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་ཀྱི་སྡོམ་པ་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། །འཕགས་པའི་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ནས་རྗེས་གནང་གི་གཞི་དགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་དམ་ཚིག་
པའི་ལྷ་འདི་བཞིན་དུ་གསལ་ཐོབ་ཅིག །བུམ་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས། །གང་དུ་གནས་པའི་གོ་ས་རུ། །པདྨ་ལྔ་ཚོམ་དབུས་མ་ནི༔ རིན་ཆེན་སེང་ཁྲི་དག་གིས་བཏེག༔ དེ་སྟེང་ཁྱེད་རང་སྐད་ཅིག་གིས༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ སོགས་ནས། ཞབས་གཉིས་བཞེངས་སྟབས་གཙོ་ལ་འདུན༔ ཞེས་པའི་བར་མངོན་རྟོགས་ལྟར་བླངས་ལ། གཙོ་འཁོར་ཀུན་གྱི་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས། །མཚན་དང་བདག་མདུན་ཐུགས་ཀ་ནས། །འོད་ཟེར་དཔག་ཏུ་མེད་པ་འཕྲོས། །མཁའ་ཁྱབ་སངས་རྒྱས་ཞིང་ཀུན་དང། །པོ་ཏ་ལ་ནས་སྤྱན་རས་གཟིགས། །ཡིད་བཞིན་འཁོར་ལོ་གཙོ་འཁོར་བཅས། །དཔག་མེད་སྤྱན་དྲངས་སིབ་སིབ་ཐིམ། །ཡེ་ཤེས་བྱིན་ཆེན་ཕེབས་པར་མོས། །ཞེས་བརྡ་སྤྲད། སྤོས་རོལ་བཅས་སྙིང་པོའི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ལན་མང་དུ་བརྗོད་པས་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་དང་། རྡོ་རྗེའི་རྒྱས་གདབ། དེ་དག་གིས་རྗེས་གནང་གི་གཞི་འགོད་པ་སོང་ནས་རྗེས་གནང་དངོས་ཀྱི་ཐོག་མར་བུམ་པའི་དབང་གིས་རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་ག་སྒྲུབ་པ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་
གྱིས་སངས་རྒྱས་སྲས་དང་བཅས་པ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྣམ་རྒྱལ་བུམ་པའི་དབང་བསྐུར་བས། བུམ་ནང་བཞུགས་པའི་འཕགས་པ་གཙོ་འཁོར་གྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པ་ཁྱེད་རང་གི་སྤྱི་བོ་ནས་ཞུགས། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཀྲུས། རྟོགས་བྱ་ལམ་དུ་འབྲས་བུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་བུམ་ཆུ་འཐོར་འཐུང་བྱ། དེ་ནས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གསུམ་དུ་ཡོད་པའི་དང་པོ་ལུས་ལྷ་སྐུ་བསྒོམ་པར་དབང་བའི་རྗེས་གནང་གི་སླད་དུ། མདུན་བསྐྱེད་འཕགས་པ་གཙོ་འཁོར་ལྔ་པོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་ལ་སྐུའི་བྱིན་རླབས་ཞུགས་པར་མོས་ཤིག །གཙོ་འཁོར་ལྔའི་སྐུ་ཙཀ་རིམ་པར་སྤྱི་བོར་བཞག་ལ། ཨོཾ༔ སྐུ་ཡི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོའི་ལྷ་དབང་ལུས་ལ་བསྟིམ༔ ལུས་སྒྲིབ་དག་ནས་སྐུ་མཆོག་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་
རྗེས་འཛིན་པར་ཤོག༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ སྐུ་ཡི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ གསང་བའི་བདག་པོའི་ལྷ་དབང་ལུས་ལ་བསྟིམ༔ ལུས་སྒྲིབ་དག་ནས་སྐུ་མཆོག་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ སྐུ་ཡི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ འཇམ་དཔལ་གཞོན་ནུའི་ལྷ་དབང་ལུས་ལ་བསྟིམ༔ ལུས་སྒྲིབ་དག་ནས་སྐུ་མཆོག་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ སྐུ་ཡི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ས་ཡི་སྙིང་པོའི་ལྷ་དབང་ལུས་ལ་བསྟིམ༔ ལུས་སྒྲིབ་དག་ནས་སྐུ་མཆོག་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཀྵིཾ་ཧི་རཱ་ཙཱ་ཡ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ སྐུ་ཡི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ བྱམས་པ་མགོན་པོའི་ལྷ་དབང་ལུས་ལ་བསྟིམ༔ ལུས་སྒྲིབ་དག་ནས་སྐུ་མཆོག་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ མཻ་དྷཱ་ར་ཎི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལུས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག །ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་བསྒོམ་པ་ལ་དབང་། མཐར་ཐུག་
སངས་རྒྱས་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་ངག་སྔགས་བཟླ་བར་དབང་བའི་རྗེས་གནང་གི་སླད་དུ། སློབ་དཔོན་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ས་བོན་ཧྲཱིཿཡིག་ལ་སོགས་པའི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་མདུན་བསྐྱེད་འཕགས་པ་གཙོ་འཁོར་ལྔ་པོའི་གསུང་ལས་སོ་སོའི་སྔགས་ཀྱི་ཕྲེང་བ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་ལ་གསུང་གི་བྱིན་རླབས་ཞུགས་པར་མོས་ཤིག །སྔགས་བྱང་ལྔ་པོ་རིམ་པར་ཕྲེང་བ་དང་ལྷན་ཅིག་བཞག་ལ། ཨཱ༔ གསུང་གི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོའི་གསུང་དབང་ངག་ལ་བསྟིམ༔ ངག་སྒྲིབ་དག་ནས་སྔགས་ལུང་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཨཱ༔ གསུང་གི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ གསང་བའི་བདག་པོའི་གསུང་དབང་ངག་ལ་བསྟིམ༔ ངག་སྒྲིབ་དག་ནས་སྔགས་ལུང་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་
པར་ཤོག༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཨཱ༔ གསུང་གི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ འཇམ་དཔལ་གཞོན་ནུའི་གསུང་དབང་ངག་ལ་བསྟིམ༔ ངག་སྒྲིབ་དག་ནས་སྔགས་ལུང་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཨཱ༔ གསུང་གི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ས་ཡི་སྙིང་པོའི་གསུང་དབང་ངག་ལ་བསྟིམ༔ ངག་སྒྲིབ་དག་ནས་སྔགས་ལུང་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཀྵིཾ་ཧི་རཱ་ཙཱ་ཡ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཨཱ༔ གསུང་གི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ བྱམས་པ་མགོན་པོའི་གསུང་དབང་ངག་ལ་བསྟིམ༔ ངག་སྒྲིབ་དག་ནས་སྔགས་ལུང་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ མཻ་དྷཱ་ར་ཎི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་གི་སྒྲིབ་པ་བག་ཆགས་དང་བཅས་པ་དག །གསང་སྔགས་གྲགས་སྟོང་ཆུ་བོའི་རྒྱུན་ལྟ་བུར་བཟླ་བ་ལ་དབང་། མཐར་ཐུག་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཡིད་ཏིང་ངེ་འཛིན་བསྒོམ་པར་དབང་བའི་རྗེས་གནང་གི་སླད་དུ། མདུན་བསྐྱེད་འཕགས་པ་གཙོ་འཁོར་ལྔའི་ཐུགས་ལས་སོ་སོའི་ཕྱག་མཚན་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ལ་
ཐུགས་ཀྱི་བྱིན་རླབས་ཞུགས་པར་མོས་ཤིག །ཕྱག་མཚན་ལྔའི་ཙཀླི་མེ་ལོང་དང་ལྷན་ཅིག་རིམ་པར་སྙིང་གར་བཞག་ལ། ཧཱུྃ༔ ཐུགས་ཀྱི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོའི་ཐུགས་དབང་སེམས་ལ་བསྐུར༔ ཡིད་སྒྲིབ་དག་ནས་རྫོགས་རིམ་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐུགས་ཀྱི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ གསང་བའི་བདག་པོའི་ཐུགས་དབང་སེམས་ལ་བསྐུར༔ ཡིད་སྒྲིབ་དག་ནས་རྫོགས་རིམ་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐུགས་ཀྱི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ འཇམ་དཔལ་གཞོན་ནུའི་ཐུགས་དབང་སེམས་ལ་བསྐུར༔ ཡིད་སྒྲིབ་དག་ནས་རྫོགས་རིམ་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐུགས་ཀྱི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ས་ཡི་སྙིང་པོའི་ཐུགས་དབང་སེམས་ལ་བསྐུར༔ ཡིད་སྒྲིབ་དག་ནས་རྫོགས་རིམ་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཀྵིཾ་ཧི་རཱ་ཙཱ་ཡ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐུགས་
ཀྱི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ བྱམས་པ་མགོན་པོའི་ཐུགས་དབང་སེམས་ལ་བསྐུར༔ ཡིད་སྒྲིབ་དག་ནས་རྫོགས་རིམ་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ མཻ་དྷཱ་ར་ཎི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག །སེམས་ཉིད་རིག་སྟོང་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་ པ་ཅན་དུ་བྱས་པའོ། །འདིར་སྤྲོ་ན་བཀྲ་ཤིས་རྫས་རྟགས་ཀྱི་དབང་སྦྱིན། ནམ་མཁའ་གང ་བའི་དབང་གི་ལྷ་སློབ་དཔོན་དང་ལྷན་ཅིག་པས་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་མཛོད། ཨོཾ། ཕུན་སུམ་ཚོགས་པ་སོགས་ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། དེ་དག་གིས་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་ལེགས་པར་གྲུབ་པ་ཡིན་ཅིང་། གཏེར་གཞུང་རྡོ་རྗེའི་གསུང་ལས། འཇུག་བདེ་ཁ་ཚང་དོན་འདྲིལ་བ༔ མཐུ་མྱུར་བྱིན་ཆེ་བཀྲ་ཤིས་པ༔ གཞན་གྱིས་འགྲན་མེད་ངོ་མཚར་ཆེ༔ ཨོ་རྒྱན་བདག་གི་གཡར་དམ་སྟེ༔ ལྷ་སྲས་འཁོར་བཅས་སྙིང་ལ་ཕུར༔ བོད་ཁམས་ཡོངས་ལ་ཅི་མཆེད་མཛོད༔ འགྲོ་ཕན་དེ་ལས་ཆེ་བ་མེད༔ དབང་རེ་ཐོབ་ན་ངན་སོང་མེད༔ བསྒོམ་ན་གནས་སྐབས་མཐར་ཐུག་བདེ༔ ཡི་དམ་རྩེ་གཅིག་འདི་མཛོད་ཅིག༔ ཅེས་ཞལ་གྱི་གདམས་པ་ཕན་ཡོན་
དང་བཅས་པའི་དོན་ཐུགས་ལ་བཞག་སྟེ་འདི་ཉིད་གཡར་དམ་དུ་བཅངས་ཤིང་དམ་ཚིག་དང་སྡོམ་པའི་བསླབ་བྱ་ལ་ཚུལ་བཞིན་དུ་གནས་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། རྗེས་ཆོག་མཆོད་པ་ཁ་གསོས་ཏེ་བྱིན་བརླབ། མཆོད་བསྟོད་འབུལ་ཞིང་ནོངས་བཤགས་བྱ། ཡིག་བརྒྱ་བརྗོད། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་བརྗོད་ལ་བདག་མདུན་བུམ་པའི་ཡེ་ཤེས་པ་དབྱིངས་སུ་གཤེགས། མདུན་བསྐྱེད་དམ་ཚིག་པ་དང་འཁོར་རྣམས་རང་ལ་ཐིམ། རང་ཉིད་གཙོ་བོའི་སྐུ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པས་བགེགས་དང་བར་ཆད་ཐམས་ཅད་བསྲུང་བར་གྱུར། ཨོཾ་ཨཱཿཧཱུྃ། དགེ་བ་འདི་ཡིས་སོགས་དགེ་བསྔོ། སྨོན་ལམ། ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཡིད་བཞིན་འཁོར་ལོ་ཡོངས་གྲགས་ཀྱང་། །བཀའ་སྲོལ་འདི་མཚུངས་སྔར་མེད་པས། །བོད་ཁམས་ཡོངས་ལ་ཁྱབ་ཅིང་བརྡལ། །ལེགས་པའི་བསམ་དོན་ཀུན་འགྲུབ་ཤོག །ཅེས་པའང་སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་ཟུང་གིས་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བ་ཐོབ་པ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའམ་པདྨ་གར་དབང་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་མགུལ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གཏེར་ཆེན་རྣམ་པ་གཉིས་ཀྱི་ཕྱག་བཞེས་གསལ་བར་བསྡེབས་པ་དགེ་ལེགས་འཕེལ།། །།