རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་གསལ་སྙིང་གི་ཐིག་ལེ། ཚེ་དབང་ནོར་བུ།
རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་གསལ་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །
ཨོཾ་བཛྲ་སཏྭ་ཧཱུྃ། རྡོ་རྗེ་འདུས་མ་བྱས་དབྱིངས་གདོད་ནས་རང་བཞིན་མི་འགྱུར་བདག །རྡོ་རྗེ་ཟབ་གསལ་རང་བྱུང་འདུ་འབྲལ་ལས་འདས་མི་ཤིགས་པ། །རྡོ་རྗེ་རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་བདག་དེ་ལ་རྟག་སྐྱབས་མཆིའོ། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའི་བདག །ཁྱེད་ཞབས་ཕྱག་འཚལ་དེ་སྒྲུབ་ཐབས། །ཕྱི་ནང་གསང་ཡང་ཁོ་ན་ཡི། །ཉམས་སུ་ལེན་ཚུལ་འདིར་བཤད་བྱ། །དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྡོ་རྗེ་སེམས་དཔའ་ནི། དོན་དམ་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འཛད་པ་
རྒྱན་གྱི་འཁོར་ལོ་གཅིག་ཏུ་འདུས་པའི་བདག་ཉིད། སྤྱི་དཔལ་ཆེན་པོ་གསང་ཆེན་རིགས་གཅིག་གི་ངོ་བོར་ཡོངས་སུ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཙམ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དུས་ན། གང་ཞིག་ངའི་མིང་ཐོས་པ་ཙམ་གྱིས་མཚམས་མེད་དུཿཁའི་ལས་ལ་སྤྱོད་པ་དང་། སྔགས་ཀྱི་དམ་ཚིག་ཉམས་ཆག་ཞིག་རལ་དུ་གྱུར་ནས་རྡོ་རྗེ་དམྱལ་བ་ཆེན་པོར་སྐྱེ་བའི་སྡིག་ལྟུང་སྒྲིབ་པ་ཅན་རྣམས་དེ་མ་ཐག་པར་བྱང་ཞིང་དག་པར་གྱུར་ཅིག །ཉེས་པ་ཅན་དེ་རྣམས་ཀྱི་རྩར་བདག་གནས་ནས་དེ་ཡི་སྒྲིབ་པ་མཐའ་དག་བསལ་ཏེ་ཐར་པ་མཆོག་ལ་བཀོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ཅིང་དམ་བཅས་པ་ཡིས་ཤིན་ཏུ་དག་པར་དཀའ་བའི་
སྡིག་ལྟུང་ཀུན་སེལ་བར་ཆེས་ཆེར་མཆོག་ཏུ་བསྔགས་པ་སྟེ། དེ་བཞིན་གཤེགས་པ་དེ་ཡི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་མཚན་ཅུང་ཟད་བསྒྱུར་བས་ཧེ་རུ་ཀ་སོགས་ལྷ་རབ་འབྱམས་ཀྱི་ཡིག་བརྒྱར་འགྱུར་བ། སྔགས་རྒྱུད་མང་པོ་ནས་བསྔགས་ཤིང་སྔགས་ཀྱི་མན་ངག་ལ་ཞུགས་པ་ཀུན་གྱི་སྤྱི་ནོར་སྙིང་གི་ཐིག་ལེ་དམ་པར་གྱུར་པ་དེ་ལྟར་ཡི་གེ་བརྒྱ་པའི་གཞུང་རབ་འབྱམས་ལས། འདིར་ནི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བའི་ལུང་བཤགས་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དྲི་མ་མེད་པ་ཞེས་བྱ་བ་ལས་འདི་སྐད་དུ། དེ་ནས་དུས་དེར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་བདག་ཉིད་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོའི་འབྲས་བུས་བརྒྱན་པ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་མངའ་བ། གཞན་ཡང་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བ། དར་དཀར་དང་པ་ཏི་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་སྟོབས་ཆེན་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱིས་རིན་པོ་ཆེའི་ཁྲི་རྐང་བཏེགས་པའི་སྟེང་ན་པདྨ་དང་ཉི་ཟླ་བརྩེགས་པའི་གདན་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤིན་ཏུ་ལྷམ་མེ། ཤིན་ཏུ་ལྷང་ངེ་ལྷན་ནེ་ནམ་མཁའི་འཇའ་འམ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་
ལ་རང་བཞིན་མེད་པ་གསལ་ལ་དངོས་པོར་མ་གྲུབ་པ་གཅིག་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མངོན་སུམ་དུ་བྱོན་ཏེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཀྱི་ཉམས་ཆག་སོར་ཆུད་པར་བྱ་བའི་དོན་དུ། ན་རཀ་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་བཤད་པ་འདི་ནི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་ཡུམ། རྣལ་འབྱོར་པ་སྔ་རབས་འདས་པ་རྣམས་ཀྱི་ལམ་ཆེན་པོ། ད་ལྟར་གྱི་རྣལ་འབྱོར་མ་རིག་པ་རྣམས་ཀྱི་མིག་འབྱེད་པ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་འདྲེན་ཤུལ་ཏེ། རྣལ་འབྱོར་པ་ཡི་སྤྱི་ལམ་འདི་ལྟ་བུ་བཀའ་བསྩལ་པ་ཐུགས་རྗེ་ཆེ་ལ་ངོ་མཚར་ཆེ་ལགས་སོ། །དེ་བས་ན་བདག་གིས་ཀྱང་ཡི་གེ་བརྒྱ་པ་ཞེས་བྱ་བ། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་འདི་བརྗོད་ཀྱིས། རྣལ་འབྱོར་རྟོག་སྒྲིབ་དང་ཉམས་ཆག་ཅན། གསོག་འཇོག་དང་བག་ཆགས་ཅན་རྣམས་ཉོན་ཅིག །བཀའ་བསྩལ་པ། ཨོཾ་བཛྲ་སཏྭ་ས་མ་ཡཱ། མ་ནུ་པཱ་ལ་ཡ་སོགས་ནས། སཏྭ་ཨཱཿ འདི་དག་དུས་གཅིག་ཏུ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་ཐམས་ཅད་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་
ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན་ཚེ་འདི་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ་ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་བརྐྱང་ཕྱག་ལན་སྟོང་དུ་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པའི་ཡེ་གེ་བརྒྱ་པ་བཀའ་བསྩལ་པ་ངོ་མཚར་ཆེ། ཨ་ལ་ལ་ཧོ། ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་བསྩལ་པ། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་ཐབས་ཡི་གེ་བརྒྱ་པ་བཤད་པ་ལེགས་སོ། །དེ་བས་ན་རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །རྣལ་འབྱོར་པ་རྣམས་ལ་ཕན་གདགས་ཤིང་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སེལ་བ་ཡི་གེ་
བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་བརྗོད་པ་ལེགས་སོ་ལེགས་སོ། །ཞེས་ཏེ། དེ་ལྟར་རྒྱུད་སྤྱི་དང་བྱེ་བྲག་དུ་མར་རབ་ཏུ་བསྔགས་པ་དཔལ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཉམས་སུ་ལེན་པའི་ཚུལ་ཇི་སྙེད་པ་ལས།འདིར་བཅུད་དུ་དྲིལ་བར་བྱས་པ་རྣལ་འབྱོར་སྙིང་པོ་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རིམ་པ་སྟེ་ལྔའོ།། དེ་ལ་དང་པོ་ཕྱི་བྱ་རྒྱུད་ལྟར་སྤྱི་བོར་བསྒོམས་ཏེ་ཉམས་སུ་ལེན་པ་ནི། མཐའ་ཡས་པ་མཁའ་མཉམ་གྱི་སེམས་ཅན་ཀུན་སྙིང་ཁོངས་སུ་བཅུག་ནས་དེ་རྣམས་བདག་དང་ལྷན་ཅིག་དཀོན་མཆོག་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་སོང་བའོ་སྙམ་པ་དང་། སྤྱི་བོར་ཡང་རྡོ་རྗེ་སེམས་དཔའ་རེ་རེ་བཞུགས་ནས་བདག་གི་ཇི་བཞིན་སྡིག་སྒྲིབ་སྡུག་བསྔལ་སྦྱངས་ཡོད་སྙམས་པའི་མོས་འདུན་ཐུན་གྱི་ཐོག་མཐར་དུང་པ་རེ་བྱ། དངོས་གཞིར་རང་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོའི་སྟེང་མཁའ་ན་རིན་པོ་ཆེ་སྣ་ཚོགས་རབ་ཏུ་མཛེས་པ་ལས་གྲུབ་པའི་ཁྲི་སྟེགས་བུ། དེ་སྟེང་ཐེམ་པ་གསུམ་བརྩེགས་ལ་ཁྲི་རྐང་བརྒྱད་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་དང་མཚམས་སྣ་ཚོགས་རྡོ་རྗེས་སྤྲས་པ། སྟེང་བད་གསུམ་རིམ་སྟེང་མ་མངོན་པར་འཕྱར་ཞིང་གདོང་རྔམས་རྒྱས་པ། ཁྲི་ཡི་སྟེང་ངོས་སུ་འཁོར་ལོ་རྩིབས་སྟོང་དང་། འོག་ཏུ་པདྨ་འདབ་སྟོང་གི་གཟུགས་བརྙན་བཀྲ་བ། ཁྲི་རྐང་གི་བར་མཚམས་སུ་ཁྲི་འདེགས་ཀྱི་ཚུལ་དུ་བྱང་
ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་གླང་པོ་ཆེའི་གཟུགས་སུ་སྤྲུལ་པ་མཇུག་ནང་དུ་བྱས་ཤིང་གདོང་ཕྱིར་ཕྱོགས་པ། མཆེ་བ་དྲུག་པ་ཁ་དོག་ཐལ་དཀར་ལ་དཔྲལ་བ་ནས་སྣའི་རྩེ་མོའི་བར་སིནྡྷུ་ར་འམ་ཨིནྡྲ་གོ་བ་ལྟར་དམར་བ། རིན་པོ་ཆེའི་མཆོག་ཏུ་གྱུར་པ་སྣ་ཚོགས་དང་གསེར་གྱི་དྲྭ་བས་ཀུན་ནས་ལུས་གཡོགས་པ། དེ་རྣམས་ཀྱི་སྤྱི་བོར་སྔོན་གྱི་སྨོན་ལམ་ཐུགས་རྗེ་ཆེན་པོ་ཚད་མེད་པའི་མཐུ་ལས་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོའི་གཟུགས་ཅན་ལ། ངོ་བོ་རང་རང་གི་རིགས་བདག་དེ་བཞིན་གཤེགས་པ་ཡོངས་ཏེ་མཐའ་ཡས་པའི་འོད་ཟེར་འཕྲོ་བས་བརྒྱན་པ་བརྒྱད་གནས་པའི་ཁྲི་སྟེང་དུ། པདྨ་དཀར་པོ་འདབ་མ་སྟོང་ལྡན་གྱིས་ཁེབས་པའི་དབུས་ཉི་མ་དང་ཟླ་བ་རབ་ཏུ་རྒྱས་པའི་གདན་ལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེའི་རྣམ་པར་གྱུར་པའི་ཧཱུྃ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་དཔལ་མཆོག་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་བ་ལས་ཀྱང་ཆེས་ཆེར་དཀར་བ་སྟོན་ཀའི་ཟླ་བ་འབུམ་ཕྲག་གི་གཟི་བརྗིད་ཟིལ་གྱིས་གནོན་པ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་སྐུ་ཞི་བའི་ཚུལ་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་ཀུན་ཏུ་མཛེས་པ། འཁོར་
ལོས་སྒྱུར་བའི་རྒྱལ་པོ་ཆས་སུ་ཞུགས་པ་ལྟར་གསལ་བའི་ཐུགས་ཀར་ཟླ་བ་ར་རི་མེད་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཤིན་ཏུ་འཚེར་བ། དེ་ཡི་མཐར་ཟླ་བ་ལ་གནས་པའི་ཡི་གེ་བརྒྱ་པའི་སྔགས་ཕྲེང་གསལ་བཏབ་ཅིང་ངག་ཏུ་བཟླས་པས། ཟླ་བ་ཡིག་བརྒྱ་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། རྡོ་རྗེ་སེམས་དཔའི་སྐུའི་ཆ་བ་སྤུའི་བུ་ག་ཁྱད་པར་དུ་ཞལ་དང་མཛོད་སྤུ་གཙུག་ཏོར་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་མ་ལུས་དགྱེས་པར་བྱས། དེ་དག་རྣམས་ཀྱི་ཐུགས་ཀ་ནས་ཐུགས་རྗེ་དང་བྱིན་རླབས་ཀྱི་རང་བཞིན་བདུད་རྩིའི་རྣམ་པར་སྤྱན་དྲངས། རྡོ་རྗེ་སེམས་དཔའི་སྐུའི་ཆ་གང་གི་གནས་རྣམས་ནས་ཚུར་ཞུགས། ཐུགས་ཀའི་ཟླ་བ་ཡིག་བརྒྱ་ཧཱུྃ་ཡིག་རྣམས་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་ཆུ་མིག་ནས་ཆུ་རྒྱུན་བབ་པ་ལྟར་བྱུང་། དེ་ཡང་ཧཱུྃ་ཡིག་ལས་བབ་པ་ཐུགས། ཡིག་བརྒྱ་ལས་གསུང་། ཟླ་བ་ལས་བབ་པ་སྐུའི་བདུད་རྩི་སྟེ། དེ་གསུམ་གྱིས་རྡོ་རྗེ་སེམས་དཔའི་སྐུ་ལུས་ཆེར་ཁེངས་ཏེ་མ་ཤོང་ལུད་པའི་ཚུལ་གྱིས་སྐུའི་ཆ་ཀུན་དང་ཞབས་གཡས་པའི་ཤ་སེན་གྱི་བར་ནས་བདུད་རྩིའི་རྒྱུན་བར་མ་ཆད་པར་བྱུང་། བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་གཟུགས་སུ་སྤྲུལ་པའི་སྟེང་དུ་བབ། དེ་རྣམས་ཀྱི་སྤྱི་བོར་
རིགས་ཀྱི་བདག་པོ་ནོར་བུ་རིན་པོ་ཆེའི་ཚུལ་དུ་གནས་པ་ལས་ཀྱང་བདུད་རྩིའི་རྒྱུན་བྱུང་བ་དང་གཅིག་ཏུ་འདྲེས། བར་མ་ཆད་པར་བདག་སོགས་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་སྤྱི་བོར་བབ་སྟེ། དེས་ལུས་ཀྱི་ཕྱི་ནས་ཁྱབ་ཅིང་བཀྲུས་པས་འཛིན་ཆགས་ཀྱིས་ཀུན་ནས་དཀྲིས་པའི་དྲི་མའི་ཚོགས་དང་ལྷན་ཅིག་ལུས་ཀྱི་གོས་ཀྱང་ཉིལ་གྱིས་ཞུ་བ་བཅས་ཤིང་། ཁྱད་པར་སྤྱི་གཙུག་ནས་ལུས་ཀྱི་ནང་དུ་ཞུགས་པས་བདུད་རྩིའི་རེག་མ་ཐག །ཉོན་མོངས་དུག་གསུམ་གྱི་རང་བཞིན་ཤ་ཁྲག་རུས་པ་དང་ལྷན་ཅིག་རང་རང་གིས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུ་སོལ་ཁུ་འཇའ་ཚོན་སྔོན་དམར་གྱི་རྣམ་པར་ཆེ་བ་རྣམས་ཁ་སྣ་བཤང་ལམ། འབྲིང་བ་རྣམས་མིག་རྣ་བ་སེན་བར། ཆུང་བ་རྣམས་སྐྲ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན། ནམ་ཡང་ལྡང་དུ་མེད་པ་ས་རིམ་པ་དགུའི་འོག་ཏུ་སོང་། དེར་ཡང་ཡེ་ཤེས་ཀྱི་རང་སྣང་བསྐལ་པའི་མེ་ཆུ་རླུང་རྣམས་ཀྱིས་སྦྱངས་ནས་རྡུལ་ཕྲན་ཕྲ་རབ་ཙམ་ཡང་མེད་པར་ལྷག་མེད་དུ་སྟོང་ཞིང་། རང་ལུས་དྭངས་ཤེལ་གྱི་བུམ་པ་རྙོག་པ་མེད་པའི་ཆུ་རྒྱུན་གྱིས་བཀང་བ་ལྟར། ལུས་དང་བདུད་རྩི་གཉིས་ཀས་ཕྱི་ནང་མི་སྒྲིབ་པ་ས་ལེ་སེང་ངེར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པའི་སྐྱོན་ཧ་ཅང་གི་སྐད་ཆེ་ཆུང་དང་། ཚིག་དལ་མྱུར་དང་། ཁྱད་པར་དུ་འབྲུ་ལྷག་ཆད་དུ་མ་སོང་བར་གཙང་ཞིང་དག་པར་བཟླ་བའོ། །གཞན་ཡང་
ནད་སེལ་བ་ལ་བདུད་རྩི་ལུས་ནང་དུ་ཞུགས་པས་ནད་ཐམས་ཅད་རྣག་ཁྲག་ཆུ་སེར་གྱི་རྣམ་པར་བཤང་ལམ་དང་གང་ན་ས་ནས་ཐོན་པར་བསམ་པ་དང་། གདོན་ལ་ཤིག་སྲོ་སྡོམ་སྡིག་སྦལ་སྦྲུལ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་བདས་ཏེ་ས་རིམ་པ་དགུའི་འོག་ཏུ་སོང་ནས་སྦྱངས་པ་སོགས་གོང་ལྟར་དུ་ཤེས་པར་བྱའོ། །ཐུན་མཚམས་ངལ་གསོ་བའི་སྐབས་སུ་མཆོད་པ་དང་བསྟོད་བཤགས་ཀྱི་མཐར་གདན་གླང་པོ་ཆེ་རྣམས་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། རིན་པོ་ཆེའི་ཁྲི་རྐང་ཡང་པདྨར་ཐིམ། རྡོ་རྗེ་སེམས་དཔའ་པད་ཉི་ཟླ་གདན་བཅས་རང་གི་སྤྱི་བོར་བསྟིམས་པ་ཙམ་མམ། འཆད་འགྱུར་ནང་སྒྲུབ་ཀྱི་དམིགས་པ་སྦྱར་བའམ་ཡང་ན་དམིགས་མེད་དུ་བཞག་པ་ཅི་བདེར་བྱ་ཞིང་། གང་ལྟར་རྗེས་བྱང་ཆུབ་ཆེན་པོར་ངེས་པར་བསྔོའོ། །དེ་ནི་རྡོ་རྗེ་སེམས་དཔའི་ཕྱི་སྒྲུབ་བྱ་རྒྱུད་ཀྱི་ཉམས་ལེན་ལྟར་གསལ་བར་བསྟན་པ་སྟེ་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ་གྱིས་ཆོས་འདིའི་སྲུང་མ་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ཨྠྀི། ༈ྂ ད་ནི་གཉིས་པ་ནང་སྤྱོད་རྒྱུད་ལྟར་རྡོ་རྗེ་སེམས་དཔའ་རང་གི་ལུས་ཀྱི་གནས་སུ་བསྒོམ་སྟེ་ཉམས་སུ་ལེན་པ་ནི། ཐོག་མར་གོང་དུ་བསྟན་པ་བྱ་རྒྱུད་ལྟར་བསྒོམ་བཟླས་ཅི་ལྟར་རིགས་པའི་མཐར། མཆོད་བསྟོད་བཤགས་པའི་རྗེས་ཐོག་ཉིད་དུ་རྡོ་རྗེ་སེམས་དཔའ་
རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་བྱོན་ཀླད་པ་དུང་ཁང་གི་གནས་སུ་དར་གཅིག་བཞུགས་ཏེ། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོའི་མཐར་ཡིག་བརྒྱ་དཀར་པོའི་ཕྲེང་བས་བསྐོར་བ་སྟེ་དེ་གསུམ་ལས་འོད་ཟེར་བྱུང་། རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་ཕུལ། སླར་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས། ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་རིགས་བཟླ་འོ། །དེ་ནས་དུང་ཁང་གི་རྡོ་རྗེ་སེམས་དཔའ་མགྲིན་པའི་དབུས་སུ་བྱོན་ཅིང། དེ་མ་ཐག་ཏུ་སྐུ་མདོག་དམར་པོར་གྱུར། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ་ཡིག་བརྒྱ་དམར་པོའི་ཕྲེང་བས་བསྐོར་བ་དེ་གསུམ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་སློབ་མར་བཅས་པ་མཐའ་དག་ལ་མཉེས་པའི་མཆོད་པ་ཕུལ། སླར་ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱིས་ངག་གི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས། ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པའི་བཟླས་པ་ཅི་རིགས་བྱའོ། །དེ་ནས་མགྲིན་པའི་རྡོ་རྗེ་སེམས་དཔའ་མར་སྙིང་ཁར་
བྱོན་མ་ཐག་ཏུ་སྐུ་མདོག་མཐིང་གར་གྱུར། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་ཡི་གེ་བརྒྱ་པ་མཐིང་གས་བསྐོར་བ་དེ་གསུམ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་སློབ་མར་བཅས་པ་མཐའ་དག་ལ་མཉེས་པའི་མཆོད་པ་འབུལ། སླར་ཡང་འོད་ཟེར་དེས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མ་མཐའ་དག་སྦྱངས། ཚུར་འདུས་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པའི་བཟླས་པ་ཅི་ནུས་བྱའོ། །དེ་ཡན་རང་གི་སྒོ་གསུམ་སྡིག་པ་གང་ཆེར་སྤྱད་པའི་གཉེན་པོར་དམིགས་བསལ་བསྒོམ་ན་གནས་དེ་དང་དེར་གཙོ་བོར་བྱས་ན་ལེགས་པའོ། །དེ་ནས་སྙིང་གའི་རྡོར་སེམས་མར་ལྟེ་བར་བྱོན། གསེར་གྱི་པདྨ་དང་ཉི་དཀྱིལ་ལ་བཞུགས་པའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ཟླ་བའི་རྒྱབ་ཡོལ་ཅན། ཐུགས་ཀར་ཉི་ཟླ་ཁ་སྦྱོར་ལ་གནས་པའི་ཧཱུྃ་སེར་པོ་ཡི་གེ་བརྒྱ་པའི་ཕྲེང་བ་ཁ་དོག་དཀར་པོ་སྟེ་དེ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་སངས་རྒྱས་བྱང་སེམས་འཕགས་ཚོགས་འཁོར་དང་བཅས་པ་མ་ལུས་མི་ལུས་ལུས་པ་མེད་པའི་སྐུ་གསུང་ཐུགས་དགྱེས་པར་བྱས། འོད་ཟེར་དེས་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་མི་དགེ་བའི་ལས་སྤྱི་དང་། བྱེ་བྲག་སྡོམ་པ་གསུམ་གྱི་ཉེས་ལྟུང་དྲི་མའི་
ཚོགས་མཐའ་དག་སྦྱངས། ཚུར་འདུས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ། དེ་ལྟ་བུའི་འོད་ཟེར་སྤྲོ་བསྡུ་དང་བཅས་སྤྱི་ཁྱབ་གནས་འདི་གཙོ་བོར་བྱས་ཏེ་ཡི་གེ་བརྒྱ་པ་ནུས་ཚད་དུ་བཟླས་ལ། མཐར་སྔགས་ཀྱི་འོད་ཟེར་རབ་ཏུ་འཚེར་བས་བདག་གི་ལུས་འདི་ཡང་འོད་ཀྱི་གོང་བུ་བལྟ་བས་མི་བཟོད་པ་གཅིག་ཏུ་གྱུར་པར་བསམ་ལ་གསང་སྒྲུབ་ལ་འཇུག་གམ་དམིགས་མེད་དུ་བཞག་པ་ཅི་བདེར་བྱ་ལ། ཐུན་མཚམས་ལ་འཇུག་ན་དགེ་བ་རྫོགས་བྱང་དུ་ངེས་པར་བསྔོའོ། །དེ་ནི་ནང་སྤྱོད་རྒྱུད་ལྟར་ཉམས་སུ་ལེན་པའི་ཚུལ་གསལ་བར་བཤད་པ་སྟེ་ཆོས་འདིའི་སྲུང་མ་གཟའི་དགེ་བསྙེན་སྨུག་ནག་འོད་འཕྲོས་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱ་ཨྠྀི། ༈ྂ གསུམ་པ་གསང་བ་རྣལ་འབྱོར་གྱི་རྒྱུད་སྡེ་ལྟར་སེམས་དཔའ་སུམ་བརྩེགས་སུ་ཉམས་སུ་ལེན་པ་ནི། རང་གི་ལུས་སྣང་སེམས་ཀྱི་རྟོག་ཚོགས་ཀུན་གདོད་མ་ཉིད་ནས་རང་བཞིན་གྱི་སྟོང་པ་ཉིད་དུ་གྱུར། དེ་ལྟ་བུ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དཀར་ཞིང་དྭངས་པ་མཚན་དཔེ་རྫོགས་པའི་སྐུ་རྡོར་དྲིལ་སྙེམ་ཚུལ་གྱིས་འཛིན་ཅིང་རིགས་ལྔའི་དབུ་རྒྱན་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ནོར་
བུ་བསམ་འཕེལ་ལས་གྲུབ་པའི་རིན་པོ་ཆེའི་རྒྱན་བརྒྱད་དང་། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིག་གུའི་སྨད་དཀྲིས་སོགས་དར་གྱི་ཆས་ལྔས་མཛེས་པ། གདན་པད་ཉི་ཟླ་བ་དང་རྒྱབ་ཡོལ་ཡང་ཟླ་བས་བྱས་པ་སྟེ། དེ་ནི་དམ་ཚིག་སེམས་དཔའ་འོ། །དེའི་ཐུགས་ཀར་རང་ཇི་འདྲ་བའི་སྐུ་འོད་ཟེར་ལྔ་འཕྲོ་བ་ནི་ཡེ་ཤེས་སེམས་དཔའ་འོ། །དེའི་ཐུགས་ཀར་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཟླ་བ་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ། ལྟེ་བར་གཞོམ་དུ་མེད་པའི་ཧཱུྃ་ཡིག་དཀར་པོས་སྤྲས་པ་སྟེ་ཏིང་འཛིན་སེམས་དཔའ་འོ། །གོང་གི་ཧཱུྃ་ཡིག་ལས་ཡི་གེ་བརྒྱ་པའི་ཕྲེང་བ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་བདག་གི་སྤྱི་བོའི་གཙུག་བརྒྱུད་ནམ་མཁའ་ལ་ཐོན། དེ་ཡང་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཡི་གེ་བརྒྱ་པའི་སྔགས་རྒྱུ་སྐར་བཀྲམ་པ་ལྟར་ནམ་མཁའི་ཁམས་ཁྱབ་པར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་པའི་འཕགས་པའི་ཚོགས་མ་ལུས་པ་ལ་སྔགས་ཕྲེང་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ཡོངས་སུ་མཆོད། སྐུ་གསུང་ཐུགས་ཀྱི་དགྱེས་པ་བསྐངས་ནས། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་ཡི་གེ་བརྒྱ་པའི་སྔགས་ཕྲེང་གི་རྣམ་པར་ཐུགས་ཞལ་གཙུག་ཏོར་མཛོད་སྤུ་རྣམས་ནས་ཐོན་ཏེ། སྤྲོས་པའི་སྔགས་ཕྲེང་རྣམས་ལ་གཅིག་ཏུ་འདྲེས་
ཏེ་གཙུག་ཏོར་ནས་མར་ཞུགས། སླར་ཡང་དཔྲལ་བའི་མཛོད་སྤུ་ནས་ཐོན་ཏེ་སྔགས་ཀྱི་ཕྲེང་བ་གོང་བཞིན་གྲངས་མེད་པ་འཕེལ། ཁམས་གསུམ་རིགས་དྲུག་གི་མཁའ་མཉམ་སེམས་ཅན་གྱི་གནས་ཀུན་ཏུ་ཁྱབ། སྔགས་ཕྲེང་དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མཛད་དེ་སེམས་ཅན་སོ་སོའི་སྡུག་བསྔལ་མ་ལུས་པ་བསལ། མི་དགེ་བའི་ལས་ཉོན་ཐམས་ཅད་ཞི་བར་བྱས། དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལ་བཀོད་དེ་སྔགས་ཀྱི་ཕྲེང་བ་རྣམས་ཚུར་འདུས། གཅིག་ཏུ་འདྲེས་ཏེ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་རང་གི་སྙིང་ག་ནས་ཚུར་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པ་ལ་འབད་པར་བྱ་ཞིང་། ཐུན་མཐར་རྣལ་འབྱོར་བཞི་པ་ལ་འཇུག་གམ། ཡང་ན་དམིགས་མེད་ཀྱི་ངང་དགེ་བ་རྫོགས་བྱང་དུ་བསྔོ་བ་སོགས་གོང་དང་མཐུན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའ་གསང་བ་རྣལ་འབྱོར་གྱི་རྒྱུད་སྡེ་ལྟར་སེམས་དཔའ་གསུམ་བརྩེགས་ཀྱིས་ཉམས་སུ་བླང་བའི་ཚུལ་ཞིབ་མོར་བཤད་པ་སྟེ་ཆོས་འདིའི་སྲུང་མ་དཔལ་ལྡན་གཉན་གྱི་ལྷ་མོ་རེ་མ་ཏིས་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག ས་མ་ཡཱ་ཨྠྀི་ཟབ་རྒྱ། དེ་ལྟར་སྒྲུབ་ཐབས་གསུམ་རྩ་བའི་མན་ངག་དཀྱུས་སུ་བསྟན་པ་དེ་ཁོ་ནའོ། ༈ྂ །ཡང་ཅུང་ཟད་རྒྱས་པར་མོས་ན་མན་ངག་གི་ཟུར་འདེབས་ཁྱད་པར་ཅན་འདི་རྣམས་
སྦྱར་བར་བྱ་སྟེ། དེ་ཡང་ཕྱི་སྒྲུབ་སྐབས་སྡིག་པ་སྦྱོང་བའི་དམིགས་པ་ནི་གཞུང་བཞིན་པས་འགྲུབ། ནད་སེལ་སྐབས་སྤྱི་བོ་ནས་སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རྒྱུན་རིགས་འདུས་རྡོ་རྗེ་སེམས་དཔའ་ལས་བབ་པའི་བདུད་རྩི་དེ་རེག་བྱ་ཚ་བའི་ནད་ལ་བསིལ་ངད་ཆེ་བ། གྲང་བར་ཚ་བ། རླུང་ལ་མར་ཁུ་ལྟ་བུའི་སྣུམ་བཅུད་ཅན་དྲི་བསུང་བྲོ་བ། ཡང་ག་པུར། སེ་འབྲུ། ཛཱ་ཏི། གུར་གུམ། ཅོང་ཞི་སོགས་ནད་སོ་སོར་འགྲོ་བའི་མཚན་ཉིད་ཅན་དང་། ནད་རྣམས་ཀྱང་ཚད་པར་ཁ་དོག་དམར་སེར་ཁྲག་རྣག་ཆུ་སེར་གྱི་རྣམ་པ། གྲང་བར་སྔོ་སྐྱ་མཆིལ་སྣབས་ཀྱི་རྣམ་པ་འདྲ་བ། རླུང་ནད་ལ་སྔོ་ནག་དུད་རླངས་ཀྱི་ཚུལ་དང་། ནད་ཀྱི་གནས་དང་དབང་པོ་བ་སྤུའི་སྒོ་སོགས་ཇི་ལྟར་འོས་པ་ནས་ཐོན། འོག་གཞི་རིམ་པ་དགུ་བརྒྱུད་རླུང་ནད་གསེར་གྱི་ས་གཞིའི་གཏིང་དུ་ཡལ་ཐིམ། ཚད་པ་ཆུ་དཀྱིལ་གྱི་གཏིང་དང་། གྲང་བ་མེ་དཀྱིལ་གཏིང་དུ་ཡལ་ཐིམ། ནད་ནམ་ཡང་ལྡང་དུ་མེད་པར་བསམ་ངང་ཡིག་བརྒྱ་མང་ཙམ་བཟླས་ཤིང་། ཡང་གོང་ལྟར་བསྒོམ་པ་ལྡབ་ལ་བྱའོ། །གདོན་སེལ་གྱི་སྐབས་སྤྱི་བོའི་བདུད་རྩི་ངོ་བོ་དེ་ཉིད་ལ་རྣམ་པ་ཁྲོ་ཆུ་ཁོལ་མ་ལྟ་བུ་འབར་བའི་མེ་ལྕེ་དང་བཅས་ཤིང་ཁྲོ་ཆུའི་ཟེགས་མ་ཁྲོ་བོའི་གཟུགས་ཅན་སོ་སོའི་གཉེན་པོ། ཕོ་གདོན་ལ་གཤིན་རྗེ་གཤེད། མོ་གདོན་ལ་བཛྲ་ཧེ་རུ་ཀ །གཟའ་ལ་ཕྱག་
རྡོར། རྒྱལ་པོར་རྟ་མགྲིན་ནམ་གུར་དྲག །ཀླུ་ལ་མཁའ་ལྡིང་། རྦོད་གཏོང་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའམ་གདུགས་དཀར་མོ། འགོང་བསེན་ལ་སྒྲོལ་གིང་དམར་པོ་སོགས་སུ་སྣང་བ། མེ་སྟག་འཚུབས་པ་ལྟ་བུས་གདོན་བགེགས་རྣམས་རང་གཟུགས་ཇི་བཞིན་པ་དེ་བདས། བདག་གི་བ་སྤུ་དབང་པོའི་སྒོ་སྤྱི་དང་ཁྱད་པར་འོག་སྒོ་གཉིས་རྐང་པའི་ཤ་སེན་བར་ནས་ཕྱིར་ཐོན། ཁྲོ་བོ་རྣམས་དང་ཡེ་ཤེས་རླུང་ཤུགས་དྲག་པོས་སྟོང་གསུམ་འཇིག་རྟེན་གྱི་ཕ་རོལ་དུ་བསྐྲད། དེར་ཡང་ཕུང་པོ་ཡེ་ཤེས་ཀྱི་མེ་རླུང་ཆུས་སྦྱངས། སེམས་ཉིད་བདེ་བ་ཆེན་པོར་ཐིམ་སྟེ་གནས་པར་བསམ། དེ་ཡང་ལུས་ཀྱི་ནང་དུ་གདོན་གཟུགས་སྲོ་མ་ཙམ་ལ་ཁྲོ་བོ་ཡུངས་དཀར་ཙམ། ཤིག་ཙམ་ལ་ཁྲོ་བོ་ནས་འབྲས་ཙམ་གྱི་རིགས་འགྲེས། ལུས་ཀྱི་ཕྱིར་ཐོན་ནས་ཡང་གདོན་གཟུགས་ལ་གཉེན་པོ་ཁྲོ་བོ་རྣམས་བདུན་འགྱུར་ཙམ་གྱིས་ཆེ་བ་བསྒོམ་དགོས་སོ། །དེ་ལྟར་གདོན་བསྐྲད་ཟིན་ནས། བུམ་པ་ཚད་ལྡན་ཆུས་ཁེངས་པ་ལྟར་བདུད་རྩིའི་རང་བཞིན་ཁྲོ་ཆུ་ཁོལ་མ་དེས་ལུས་ཁེངས། བ་སྤུ་ནས་དེའི་ཟེགས་མ་ཕྱིར་འཕྲོས་པས་བསྲུང་ཡུལ་ཇི་ཙམ་པར་ཁྲོ་ཆུང་རྡོ་རྗེའི་གུར་མེ་དཔུང་གིས་སྲུང་འཁོར་ནང་བདུད་རྩི་ཁྲོ་ཆུའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་གནས་པར་བསམ་ནས་ཡི་གེ་བརྒྱ་པ་བཟླ་བ་ལ་འབད། དེས་ནི་སྟེང་གདོན་ཀླུ་ནད་བྱད་ཁ་རྦོད་གཏོང་
སོགས་རབ་ཏུ་ཞི་བར་བྱེད་པའི་མན་ངག་དམ་པ་ཡིན་ལ། ནད་གདོན་ཞི་བ་ཁོ་ནའི་ཆེད་བཟླས་པ་ཡིན་ན་ཐུན་གང་ཡིན་གྱི་ཕྱེད་བཤད་མ་ཐག་པའི་དམིགས་པ་དལ་གྱིས་གདབ་ཅིང་། ཐུན་ཕྱེད་མན་སྤྱི་བོའི་རྡོར་སེམས་རང་ལ་བསྟིམས་ནས་རང་ལུས་སྐད་ཅིག་གི་རྡོ་རྗེ་སེམས་དཔར་གྱུར། རང་གི་སྙིང་གར་སྔགས་འཁོར་གསལ་བཏབ། དེ་ལས་འོད་ཟེར་མཆོད་སྤྲིན་འཕྲོས་སངས་རྒྱས་སྲས་སློབ་རྩ་གསུམ་ཀུན་མཆོད། ཚུར་འདུས་ཚེ་འཕགས་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ནད་གདོན་སོ་སོར་ཕན་པའི་བདུད་རྩི་གོང་བཞིན་བྱུང་བ་བདག་གི་སྤྱི་བོ་ནས་ཞུགས་སྙིང་གའི་སྔགས་འཁོར་དང་ལུས་སྔར་ནས་བདུད་རྩིའི་ཁེངས་པ་ལ་ཐིམ་པས། ཆན་ལ་ཕབས་ཐེབས་པ་ལྟར་བདུད་རྩི་དེ་རྣམས་ཀྱི་ཡོན་ཏན་ནུས་སྟོབས་གོང་ནས་གོང་དུ་འཕེལ་བར་བསམ་བཞིན་ཡིག་བརྒྱ་འབད་དེ་བཟླས། ཐུན་མཐར་ཐུན་མོང་གི་རྫོགས་རིམ་འོག་ནས་བཤད་པའི་འོད་གསལ་འཇུག་ལྡང་བྱས་ལ་དགེ་བ་བསྔོ་བ་སོགས་བྱའོ། །དེ་ལྟར་ཕྱི་སྒྲུབ་སྐབས་སུ་ནད་གདོན་སེལ་བའི་དམིགས་རིམ་ཉེ་བར་མཁོ་བའི་མན་ངག་ཁྱད་པར་བ་ལྷན་ཐབས་ཚུལ་དུ་གསལ་བར་ཕྱེས་པ་སྟེ། ཆོས་འདི་མ་གཟའ་དམ་ཅན་ལ་གཉེར་དུ་གཏད་དོ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག །ས་མ་ཡཱ་ཟབ་རྒྱ། ༈ྂ དེ་ནས་ནང་སྒྲུབ་ཀྱི་སྐབས་གཙོ་འཁོར་ཅན་དུ་བསྒྲུབ་པར་འདོད་
ན། ཕྱི་སྒྲུབ་ཀྱི་བསྒོམ་བཟླས་མཐར་རྡོ་རྗེ་སེམས་དཔའ་གདན་རིན་པོ་ཆེའི་ཁྲི་རྐང་གླང་པོ་བཅས་སྐུ་ཆུང་ངུར་གསལ་བ། རང་གི་སྤྱི་བོ་ནས་མར་དུང་ཁང་དུ་བྱོན། དེར་རིན་པོ་ཆེའི་ཁྲི་རྐང་པད་གདན་ལ་ཐིམ། པདྨ་འདབ་སྟོང་འདབ་བརྒྱད་དུ་གྱུར། དབུས་ཀྱི་གེ་སར་ཟེའུ་འབྲུར་ཉི་ཟླ་ཁ་སྦྱོར་གྱི་གདན། འདབ་མ་ཤར་དང་ཤར་ལྷོར་རྡོ་རྗེ། ལྷོ་དང་ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་དང་ནུབ་བྱང་དུ་པདྨ། བྱང་དང་བྱང་ཤར་དུ་རལ་གྲི །ཕྱག་མཚན་དེ་རྣམས་ཕྲེད་ཉལ་གྱི་སྟེང་ཟླ་བའི་གདན་རེ་རེ། དབུས་སུ་རིགས་འདུས་རྡོ་རྗེ་སེམས་དཔའ་ཉིད་དང་། ཕྱི་རིམ་འདབ་བརྒྱད་ཀྱི་ཟླ་གདན་ལ་གདན་གྱི་གླང་པོ་ཆེ་བརྒྱད་རང་རང་གི་ངོ་བོ་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ། དེ་ཡང་ཤར་ནས་གཡས་སྐོར་གྱི་བྱང་ཤར་བར། ས་སྙིང། བྱམས་པ། ཀུན་བཟང་། ནམ་སྙིང་། སྤྱན་གཟིགས། འཇམ་དཔལ། སྒྲིབ་སེལ། ཕྱག་རྡོར་རྣམས། སྐུ་མདོག་ཕྱག་མཚན་ཆ་ལུགས་ཀུན་གཙོ་བོ་ཇི་བཞིན་པར་ཐུགས་ཀར་སྔགས་ཕྲེང་བཅས་གསལ་བཏབ་ཅིང་གནས་སོ་སོར་གཙོ་བོའི་ཁ་དོག་བསྒྱུར་ཏེ་བསྒོམ་པ་བཞིན་འཁོར་རྣམས་ཀྱང་དེ་དང་མཐུན་པར་གསལ་བའོ། །མཐར་ཐུན་བསྡུ་ཚེ་འཁོར་རྣམས་གཙོ་བོར་འདུས་ཤིང་གཙོ་བོའི་འོད་ཟེར་གྱིས་རང་ལུས་འོད་ཀྱི་གོང་བུར་བྱེད་པ་ཉིད་དོ། ༈ྂ །གསང་སྒྲུབ་སྐབས་སུ་ལྷ་དགུར་སྤྲོ་ན་གདན་གོང་བཞིན་ལ། ཟླ་བར་
གནས་པའི་ཧཱུྃ་ཡིག་རྡོ་རྗེ་རྩེ་ལྔར་གྱུར་པ་དེ་རྡོ་རྗེ་སེམས་དཔའི་སྐུར་གྲུབ་པ་དང་ལྷན་ཅིག་ཉི་མ་དང་འོད་ཟེར་ལྟར་ཆུ་ལ་ཉ་ལྡང་གི་ཚུལ་དུ་འཁོར་རྣམས་ཀྱང་སྐད་ཅིག་ཏུ་གསལ་བའོ། །བཟླས་པའི་སྐབས་ནུས་ན་འཁོར་རྣམས་ལ་ཡང་གཙོ་བོ་བཞིན་སེམས་དཔའ་གསུམ་བརྩེགས་སུ་བསྒོམ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གྱེན་དུ་འཕྲོ་བ་དང་ལྷན་ཅིག་ཟླ་བ་ཞུན་མ་ལྟ་བུ་ཤས་ཆེ་བའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྙིང་ག་ནས་ཕྱིར་འཕྲོས་འཁོར་རྣམས་ཀྱི་ཐུགས་ཀར་ཕོག །དེ་རྣམས་ཀྱི་ཐུགས་ཀ་ནས་བདག་གི་ཇི་བཞིན་པའི་སྔགས་ཕྲེང་འཕྲོས། རྒྱལ་བ་མཆོད་པ་དང་སེམས་ཅན་གྱི་དོན་བྱས། ཚུར་འདུས་འཁོར་སོ་སོའི་ཐུགས་ཀའི་ཧཱུྃ་ལ་ཞུགས་ནས་སླར་འཕྲོས་རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ་པ་སྟེ། དེ་ཙམ་མི་ལྕོགས་ཚེ་འཁོར་རེ་མོས་སུ་བྱ་ལ་དེ་ཡང་མི་ནུས་དུབ་ན། འཁོར་རྣམས་ཀྱིས་བཟླས་པའི་གྲོགས་མཛད་ཅིང་སོ་སོའི་ཐུགས་ཀ་ནས་འོད་ཟེར་བྱུང་བདག་གི་སྙིང་གའི་སྔགས་འཁོར་ལ་ཕོག་པས་བསྐུལ་བའི་རྐྱེན་གྱིས་སྔགས་ཕྲེང་གྱེན་དུ་འཕྲོས་པར་བསམ་པ་ཙམ་ལས་གཞུང་དམིགས་ཁོ་ནས་ཆོག་པའོ། །འཁོར་གྱི་སེམས་དཔའ་བརྒྱད་སྐུ་མདོག་ཕྱག་མཚན་ཐ་དད་པར་མོས་ན་དྲི་མེད་བཤགས་རྒྱུད་ནས་གསུངས་པ་ན་རཀ་དོང་སྤྲུགས་ལྟར་ཡིན་ལ། འོན་ཀྱང་སྐབས་འདིར་ནི་གསང་ཆེན་རིགས་གཅིག་གི་རང་གཟུགས་རྡོ་
རྗེ་སེམས་དཔའི་རྣམ་པར་བསྒོམ་པ་ཉིད་མི་ལེགས་པ་མེད་དོ། །ཐུན་མཐར་འཁོར་གྱི་གདན་ཕྱག་མཚན་ཟླ་བ་རྣམས་སེམས་དཔའ་སོ་སོར་ཐིམ། སེམས་དཔའ་བརྒྱད་གཙོ་བོའི་ཐུགས་ཀར་ཐིམ་པར་བསམས་ལ་རྗེས་སྤྱོད་དཀྱུས་བཞིན་གང་འདོད་ལ་འཇུག་པའོ། །དྲི་མེད་བཤགས་རྒྱུད་དུ། གདན་གླང་པོ་ཆེ་བརྒྱད་སྤྲུལ་གཞི་བཅས་བསྟན་པས་ལྷ་དགུར་སྒྲུབ་པ་འདི་ཉིད་ཁུངས་མཆོག་ཏུ་ཆེ་བ་ཡང་ཡིན་ནོ། །དེ་ལྟར་ནང་སྒྲུབ་དང་གསང་སྒྲུབ་སྐབས་མན་ངག་ཁྱད་པར་བ་ཟུར་འདེབས་ཚུལ་དུ་གསལ་བར་བཤད་པ་སྟེ་ཆོས་འདི་མ་གཟའ་དམ་ཅན་རྣམས་ལ་གཉེར་དུ་གཏད་དོ། །ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག་ས་མ་ཡཱ་ཟབ་རྒྱ། ༈ྂ དེ་ནས་དོན་བཞི་པ་ཡང་གསང་བླ་ན་མེད་པའི་རྒྱུད་སྡེ་ལྟར་སྣང་གྲགས་རིག་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རོལ་པར་ལ་བཟླ་ཞིང་འོད་གསལ་དུ་ཞུགས་པའི་རིམ་པ་ནི། དེ་ཡང་རྡོར་སེམས་སེམས་དཔའ་གསུམ་བརྩེགས་གོང་ལྟར་གསལ་བའི་ཧཱུྃ་ཡིག་རྡོ་རྗེ་ཟླ་བའི་འོད་ཟེར་གྱིས་སྣང་སྲིད་འཁོར་འདས་གཉིས་བསྡུས་ཀྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྱས། སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཞིང་། སྲིད་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་པ་མཐའ་དག་རྡོ་རྗེ་སེམས་དཔའི་སྐུ་དང་། འབྱུང་བ་དང་སྐྱེ་འགྲོའི་སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པའི་སྔགས་
ཀྱི་རང་སྒྲ །སེམས་ཅན་རྣམས་ཀྱི་རྟོག་ཚོགས་ཀྱི་རོལ་པ་མཐའ་དག་གདོད་ནས་འགྱུར་བ་མེད་པ་ཆོས་ཉིད་ཀྱི་རོལ་རྩལ་དུ་ཡིན་ནས་ཡིན་བཞིན་ངོ་ཤེས་པའི་དྲན་པ་མ་ཉམས་ཙམ་དུ་རང་བབ་ལྷུག་པར་བཞག་ལ། ཡི་གེ་བརྒྱ་པ་འགོག་བཟླས་སོགས་བཟླ་ལུགས་ཡིད་ལ་ཅི་ལྟར་འདོད་པ་བཞིན་བསྒྲང་ངོ་། །དེ་ལྟར་བསྒོམ་བཟླས་ཅི་ལྟར་རིགས་པའི་མཐར་འོད་གསལ་དུ་བསྡུ་བ་ནི། ཧཱུྃ་ཡིག་རྡོ་རྗེ་ཟླ་བའི་འོད་ཟེར་རྣམས་རིམ་པས་སྤྲོས། ཡེ་ཤེས་སེམས་དཔའི་སྐུ་ལུས་ཁེངས། དེ་ཡི་སྐུ་ཤིན་ཏུ་འཚེར་བའི་འོད་ཟེར་གྱིས་རང་གི་ལུས་ཁེངས། རང་ལུས་བལྟ་བས་མི་བཟོད་པའི་འོད་ཟེར་འབར་བས་སྣོད་བཅུད་ཐམས་ཅད་ཁྱབ། དེས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཞུ་བའི་ཚུལ་གྱིས་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔའི་རང་བཞིན་ལ་ཐིམ། དེ་ཐམས་ཅད་བདག་དམ་ཚིག་སེམས་དཔའ་ལ་ཐིམ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཕགས་ཚོགས་ཐམས་ཅད་ཀྱང་རང་ལ་ཐིམ། རང་གི་གདན་རྒྱན་ན་བཟའ་ཡང་སྐུ་ལ་ཐིམ། སྐུ་ཡང་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཡང་གོང་ལྟར། དེ་ཟླ་བ། དེ་རྡོ་རྗེ། དེ་ཧཱུྃ་ཡིག་ལ་ཐིམ། ཧཱུྃ་ཡིག་ཁོག་པ་མགོ་དང་། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་ཤིན་ཏུ་ནས་ཀྱང་ཕྲ་བ་རྟ་རྔ་བརྒྱ་སྟོང་ཚལ་པའི་བར་དུ་སེམས་བཟུང་ལ་མཐར་སྟོང་པ་ཉིད་རྣམ་པར་
མི་རྟོག་པའི་ངང་དུ་ཡུན་ཅི་གནས་སུ་བཞག །སླར་ཡང་ཡི་གེ་བརྒྱ་པའི་སྒྲས་སྐད་ཅིག་གིས་རང་ཉིད་ལྷར་ལྡང་ཞིང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་འཁོར་ལོར་གསལ་བཏབ། དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་ཡང་ནས་ཡང་དུ་བཟླས་ཏེ་བྱ་བ་ཡང་ཤིན་ཏུ་གཅེས་པའི་ལས་རིམ་མོ། །ཐུན་འཇོག་པ་ན་བསྒོམ་བཟླས་ཀྱི་དགེ་བ་རྫོགས་བྱང་དུ་བསྔོ་ཞིང་སྨོན་ལམ་བཟང་པོ་ཡང་རྣལ་འབྱོར་ཀུན་གྱི་མཐར་མ་ཆད་པར་བྱའོ། །དེ་ལྟར་ཡང་གསང་བླ་ན་མེད་པ་ལམ་ཁྱེར་གསུམ་པ་ཐུན་མོང་རྫོགས་པའི་རིམ་པ་དང་བཅས་ཇི་ལྟར་བསྒོམ་པའི་ཚུལ་གསལ་བར་ཕྱེས་པ་སྟེ། ཆོས་འདི་ནི་དཔལ་ལྡན་སྔགས་ཀྱི་སྲུང་མ་རྡོ་རྗེ་རག་གདོང་མས་བདག་ཏུ་མཛོད་ལ་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་གྱིས་ཤིག །ས་མ་ཡཱཿ ཨྠྀི༔ ཟབ་རྒྱ། ༈ྂ ད་ནི་ལྔ་པ་དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི་ཉམས་ལེན་ཀུན་གྱི་སྤྱི་དོན་ངོ་བོ་དེ་ཁོ་ན་ཉིད་རང་བྱུང་རྫོགས་པ་ཆེན་པོ་རྩོད་བྲལ་ཐིག་ལེ་ཉག་ཅིག་ཏུ་ཉམས་སུ་བླང་བ་ནི། དེ་ཡང་རང་རིག་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་ཅན་ལ། ངོ་བོ་ནི་མིང་གིས་མི་མཚོན་པ་དཔེ་དང་བྲལ། བློ་ལས་འདས་ཤིང་སྟོང་པ་མེད། མི་སྟོང་པ་མེད། ཡེ་ཤེས་མེད། འཁྲུལ་པ་མེད། རྣམ་རྟོག་མེད། ཉོན་མོངས་མེད། འཁོར་བ་མེད། མྱང་འདས་མེད། དོན་དམ་མེད། ཀུན་
རྫོབ་མེད་དེ་མདོར་ན་བསམ་བརྗོད་དཔེ་མཚན་རྟག་ཆད་བདག་གཞན་གྱི་མཐའ་ཐམས་ཅད་དང་བྲལ་ལ། རང་བཞིན་དུ་འཁོར་བ་མྱང་འདས། ཡེ་ ཤེས་འཁྲུལ་པ་གསལ་བ་སྟོང་པ་བདེ་བ་སྡུག་བསྔལ་ཀུན་རྫོབ་དོན་དམ་གྱི་རྣམ ་པར་ཐམས་ཅད་དུ་ཤར་ཞིང་རྣམ་པ་དུ་མ་ལ་ལོངས་སྤྱོད་པ་སྟེ། ཐུགས་རྗེ་ཡི་དེ་ལྟར་ངོ་བོ་རང་བཞིན་ཡང་ཡ་མ་བྲལ། ཕྱོགས་སུ་མ་ཆད་རིས་སུ་མ་གྲུབ་པར་གདོད་མ་ནས་རང་བཞིན་གྱིས་ཟུང་འཇུག་ཉིད་དུ་རིག་པའི་ངོ་བོར་རྫོགས་པ་སྟེ། དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་ཞེས་པ་ཡང་མདོར་དྲིལ་ན། སེམས་ཀྱི་ངོ་བོ་སྤྲོས་བྲལ་གྱི་གཤིས་འདི་ལ་གང་གིས་ཀྱང་མཚོན་བྲལ་སྟོང་སང་ངེ་བའི་རང་བཞིན་གདངས་གསལ་མ་འགགས་པར་རང་རྩལ་དུ་སྣང་བ་ལྷ་སྔགས་སུ་ཝལ་ལེར་ཤར་ཞིང་། དེ་ལྟར་བསྐྱེད་རིམ་ཞེས་ལྷ་སྐུ་བསྒོམ་པའི་གསལ་ཆ་དང་། དོན་དམ་ངོ་བོ་སྟོང་པ་གཉིས་ཀྱང་གསལ་སྟོང་རེས་འཇོག་མ་ཡིན་པར། སྟོང་གསལ་ཟུང་འཇུག་སྐུ་དང་ཡེ་ཤེས་དབྱེར་མེད་ཀྱི་ངོ་བོར་གང་ཤར་སེམས་ཀྱི་རྒྱན་དང་རོལ་པར་ལྷུན་གྱིས་གྲུབ་པ་ཐུགས་རྗེ་ཆེན་པོ་སྟེ། དེ་ཡང་རང་རིག་གི་ངང་དུ་མཉམ་པར་བཞག་པ་ལ་དམིགས་འཛིན་ཆེར་གཏད་དེ། རེ་དོགས་བློ་བཅོས་ཀྱིས་མ་རྙོགས་པར་བཟོ་བྲལ་རང་ངོ་ལ་གནས་ན་གནས་ཆུགས། འགྱུ་ན་འགྱུ་ཆུགས། གང་ལ་ཡང་དགག་སྒྲུབ་མེད་པ་རིག་པ་རང་བབ་ཆ་མེད་ཀུན་
འགྲོ་རུ་མཉམ་པར་བཞག་པ་སྟེ། དེ་ལས་གཞན་པའི་ཆེད་གཉེར་གྱི་བསྒོམ་བྱ་མེད་ལ། འཁྲུལ་སྣང་ཡེངས་རྐྱེན་གྱི་དབང་དུ་མ་སོང་བར་རང་བཞིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ཁོ་ན་ཉིད་བསྐྱེད་རྫོགས་དབྱེར་མེད་གནས་ལུགས་རྫོགས་པ་ཆེན་པོར་ཉམས་སུ་ལེན་པའི་ཚུལ་གསལ་བར་ཕྱེས་པ་སྟེ་ཆོས་འདིའི་སྲུང་མ་གཅིག་ཤུར་དུར་ཁྲོད་བདག་པོ་མ་ནིང་མ་ཧཱ་ཀཱ་ལས་མཛད་ནས་ཉམས་སུ་ལེན་པ་རྣམས་ཀྱི་གྲོགས་མཛོད་ཅིག །ས་མ་ཡཱ། ཨྠྀི༔ ཟབ་རྒྱ། རིགས་རྣམས་ཀུན་བདག་གསང་བ་མཆོག །རིགས་གཅིག་དཔལ་ལྡན་རྡོ་རྗེ་སེམས། །སྒྲུབ་ཐབས་ཟབ་མོ་འདིར་བཤད་པས། །འགྲོ་ཀུན་དེ་འབྲས་མྱུར་ཐོབ་ཤོག །བདེ་ཆེན་རྡོ་རྗེ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་རྨད་བྱུང། །བདེ་མྱུར་ཐབས་མང་སྐལ་བཟང་འདྲེན་མཁས་དེ་ཡི་སྲོག་དམ་ཚིག །བདེ་བར་སྤྱོད་ཕྱིར་རྒྱལ་གྱིས་རབ་བསྔགས་ཟླ་མེད་ཛཔ྄་སྔགས་མཆོག །བདེ་མཆོག་འདི་ལ་འགྲོ་ཀུན་སྙིང་ནས་གུས་པས་ལོངས་སྤྱོད་ཤོག །དེ་ལྟར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉམས་སུ་ལེན་པའི་ཚུལ་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་རྣལ་འབྱོར་ལྔ་དང་ཟུར་འདེབས་གཉིས་བཅས་དུམ་བུ་བདུན་ཟབ་གསལ་སྙིང་པོར་དྲིལ་བ་འདི་ནི། རང་ལོ་ཉི་ཤུའི་བགྲང་བྱའི་དཀྱིལ་ནས་འཕར་བ་ཤིང་སྦྲུལ་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔར་བོད་ཡུལ་དབུས་འགྱུར་དབུ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་
གླིང་དུ་རྣལ་འབྱོར་མ་ཡེ་ཤེས་གསལ་སྒྲོན་གྱིས་གསོལ་བ་བཏབ་པའི་ངོར་བཀོད་པ་ལ། དེར་མི་གསལ་སྦས་པའི་ཚུལ་དུ་གནས་པ་རྣམས་སླར་ཡང་གསལ་བར་ཕྱེས་པའི་ཞིབ་མོར་རང་ལོ་ལྔ་བཅུའི་སྣེར་ཟིན་པ་རབ་མྱོས་ལྕགས་རྟའི་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ། གཙང་ཉང་རོ་གནས་གསར་རྩིགས་ཞེས་སྤྲུལ་པའི་གཙུག་ལག་ཁང་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུ་དཔལ་རྣལ་འབྱོར་རབ་ཏུ་དགྱེས་གྱུར་རྡོ་རྗེ་སེམས་དཔའ་རྩལ་གྱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །དགེའོ།། །།