Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
གཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་རིག་འཛིན་གྲུབ་པའི་ཞལ་ལུང་། པདྨ་ཕྲིན་ལས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section


1 occurrence of ཁྲོལ་བུ་
[Clear Hits]

 
previousགཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་རིག་འཛིན་གྲུབ་པའི་ཞལ་ལུང་། པདྨ་ཕྲིན་ལས།next

གཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་རིག་འཛིན་གྲུབ་པའི་ཞལ་ལུང་། པདྨ་ཕྲིན་ལས།


RTZ049_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་རིག་འཛིན་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །


RTZ049_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །གཤིན་རྗེའི་གཤེད་དུ་རབ་ཁྲོས་ཁྲག་འཐུང་རྒྱལ། །རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་ཆེན་པོ་དེ། །རིགས་ཀྱི་བདག་པོར་བསྟེན་ནོ་བྱིན་གྱིས་རློབས། །གསང་ཆེན་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །ཐམས་ཅད་མཁྱེན་པ་བླ་མེད་རྡོ་རྗེ་རྩལ། །བཀའ་དྲིན་མཉམ་མེད་ཟུར་ཆེན་པདྨ་དབང་། །དེང་ནས་བྱང་ཆུབ་བར་དུ་སྙིང་དབུས་བཞུགས། །འགྲོ་རྣམས་འཆི་བདག་བདུད་སྡེའི་གཡུལ་ངོ་ལས། །རྣམ་པར་རྒྱལ་བྱེད་ཟབ་དོན་ཆོ་གའི་ཁྲིགས། །གབ་སྦས་མངོན་ཕྱུང་ལེགས་པར་འཆད་པ་ལ། །བཀའ་སྲུང་དམ་ཅན་ཚོགས་ཀྱིས་གནང་བ་སྩོལ། །དེ་ལ་འདིར་བྱང་གཏེར་སྙིང་མཛོད་སྨུག་པོ་ནས་བྱོན་པའི་འཆི་བདག་ཟློག་བྱེད་སྟོབས་ཆེན་གྱད་ཀྱི་འཁོར་ལོའི་ཆོ་ག་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ཁྲིགས་སུ་བྱ་བ་ལ། སྤྱིར་ན་གཤིན་རྗེ་འཆི་བདག་ཟློག་བྱེད་ཆོ་ག་འདི་ལ་རང་ལུགས་ཀྱི་རྗེས་འཇུག་ཐོས་ཆུང་འགས་ཐུགས་སྒྲུབ་ཀྱི་ཆོས་ཚན་ཉེར་ལྔའི་ནང་ཚན་ཡིན་པར་སྨྲ་ཡང་ཐེམ་བྱང་དུ་མི་གསལ་ཞིང་། ཁྱད་པར་སྙིང་མཛོད་ནས་བྱོན་པས་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཆ་ལག་ཁོ་ནར་གཏོགས་ལ། འོན་ཀྱང་གཏེར་ཁ་འདི་ཁའི་སྦས་བྱང་གུ་རུ་རིན་པོ་ཆེ་ཉིད་ཀྱི་གསུང་ལས། ཕྱི་ཡི་འཆི་བདག་གཤིན་རྗེ་དེ༔ གྱད་ཀྱི་མན་ངག་འདི་ཡིས་བཟློག༔ ནང་གི་དབང་པོ་སྲོག་གི་རྟེན༔ བཅུད་ལེན་རྫས་དང་སྨན་གྱིས་གསོ༔ གསང་བ་ཚེ་ཡི་དྭངས་མ་དེ༔ བསྐྱེད་རིམ་དབང་དང་རླུང་གིས་གསོ༔ ཞེས་གསུངས་


RTZ049_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་སྒྲུབ་ཀྱི་སྐོར་ལས་འཕྲོས་ཏེ། རྫོགས་ཆེན་ཁོ་ན་དང་འབྲེལ་བའི་སྙན་བརྒྱུད་འཆི་མེད་འོད་སྣང་དང་། རྫོགས་ཆེན་དང་། ཐུགས་སྒྲུབ་ཀྱི་ཆོས་ཚན་ཉེར་ལྔའི་དགུ་པར་ཉིས་འགྲོ་ཚེ་དཔག་མེད་ལོངས་སྐུ་མའི་སྐོར་སོགས་ཤུགས་ལས་བསྟན་པར་ཤེས་དགོས་སོ། །དེ་ལྟ་བུའི་གདམས་པ་ཁྱད་པར་ཅན་འདི་ཉིད་བྱུང་བའི་ལོ་རྒྱུས་ངོ་མཚར་ཅན་གཏེར་གཞུང་ཉིད་ཀྱི་སྐབས་ལས་བྱུང་བ་ལྟར་དང་། ཁྱད་པར་འཆི་བདག་གིས། དེ་རིང་གཤིན་རྗེའི་གྲོང་ཁྱེར་དུ༔ ང་ཉིད་ཁྱོད་ཀྱིས་བཟློགས་གྱུར་ཏེ༔ མ་འོངས་བསྐལ་པ་ཐ་མ་ལ༔ ང་ཉིད་བཟློག་པ་སུ་ཞིག་ཡོད༔ དམ་ཚིག་ཆེན་པོ་བརྩེར་དགོངས་ལ༔ ང་དང་ང་ཡི་འཁོར་རྣམས་ཀུན༔ རྫས་དང་རྟེན་འབྲེལ་གནད་བཅིངས་ལ༔ ཟློག་པའི་ཆོ་ག་མཁས་པར་མཛོད༔ ཕྱི་རབས་ཁྱོད་ཀྱི་བཀའ་ཉན་པས༔ བྱང་ཆུབ་སེམས་བསྐྱེད་རྒྱ་ཆེན་བྱ༔ ལོ་ཟད་ཟླ་ཟད་གཤིན་རྗེའི་དུས༔ བཟློག་ན་འཇིག་རྟེན་ཀུན་ལ་ཕན༔ སེམས་བསྐྱེད་རྒྱ་ཆེན་མེད་གྱུར་ཀྱང༔ སྔགས་དང་ཕྱག་རྒྱ་རབ་ལྡན་ན༔ རང་རང་གང་བྱེད་འཆི་བ་བསླུས༔ ཨེ་མ་ངོ་མཚར་ཆེན་པོ་ཉིད༔ འཆི་བདག་ཟློག་པའི་ཆོ་ག་མཛོད༔ ཅེས་གླེང་བསླང་བ་ལ། སླར་ཡང་སློབ་དཔོན་ཆེན་པོས། ཡ་མ་འཆི་བདག་ནག་པོ་ཁྱོད༔ རང་གི་དམ་ཚིག་དེ་སྨྲས་ན༔ འཆི་བདག་གཤིན་རྗེ་ཟློག་པའི་ཐབས༔ ཁྱོད་ཀྱིས་ལེགས་པར་སྟོན་པར་གྱིས༔ ཞེས་སོགས་བཀའ་བསྩལ་པར་བརྟེན། འཆི་བདག་རང་གིས་དེ་ལྟ་བུའི་ཚུལ་རྒྱས་པར་སྨྲས་པའི་གདམས་པ་དངོས་ལ་ནང་གསེས་ཀྱིས་དབྱེ་ན་འཆི་བ་བསླུ་བ་དང་།


RTZ049_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་པ་གཉིས་ལས། དང་པོ་འཆི་བསླུ་ནི། འཆི་བདག་རང་གིས་སློབ་དཔོན་ཆེན་པོའི་སྤྱན་སྔར་དམ་བཅས་ཏེ་སྨྲས་པ་ལས། ལོ་ཟད་ཟླ་ཟད་གཤིན་རྗེའི་དུས༔ འབྱུང་བ་ལྔ་ཡི་ས་བོན་བྲིས༔ ཁམ་ས་ནག་པོའི་གྭ་འུར་གཞུག༔ ཅེས་སོགས་ནས། དེ་ཉིད་རང་གི་མཛོད་དུ་སྦོས༔ ཞེས་པའི་བར་གྱི་བཤད་པའི་རྩ་ཚིག་ལས། ཨོ་རྒྱན་ཆེན་པོའི་མན་ངག་གི་དོན་འགྲེལ་དུ། གཤིན་རྗེ་ཟློག་པའི་ཆོ་ག་སྟོབས་ཆེན་གྱད་ཀྱི་འཁོར་ལོ་བསྟན་པར་བྱ་སྟེ༔ རས་སམ་རྒྱ་ཤོག་ལ་ཕྱི་ཡི་འབྱུང་བ་ལྔ་རིམ་བཞིན་བྲིས་ཏེ༔ ཞེས་སོགས་ནས། མཛོད་ཕུག་ཏུ་སྦའོ༔ ཞེས་གསུངས་པའི་བར་ལྟར་བླ་མ་བརྒྱུད་པའི་ཕྱག་བཞེས་བཞིན་ལག་ཏུ་ཁེལ་ངེས་པས་ནམ་དགོས་ཀྱི་ཚེ་འབྱུང་བ་ལྔའི་འཁོར་ལོ་དང་། རྫས་སྣ་ཚང་བའི་གཟུགས་བརྙན་སོགས་ཚུལ་བཞིན་དུ་སྦས་ཏེ་མཛོད་དུ་སྦས་པས་དོན་གྲུབ་པར་འགྱུར་རོ། །གཉིས་པ་འཆི་བདག་ཟློག་པ་ལ་ཡང་རྩ་འགྲེལ་གཉིས་ལས། རྩ་བ་ནི་འཆི་བདག་རང་དམ་བཅས་པའི་གོང་གི་འཕྲོས་ལས། རང་གི་དྲི་མ་སྣ་ཚོགས་དང༔ འབྲུ་སྣའི་ངར་ཕྱེ་བསྲེས་པ་ལས༔ ཞེས་སོགས་ཀྱིས་བསྟན་པའི་འཆི་བསླུའི་དོད་དུ་སྔོན་འགྲོའི་གླུད་ཅི་ལྟར་གཏང་ཐབས་དང་། འཆི་ཟློག་དངོས་ལ། འཆི་བདག་ཟློག་པའི་ཐབས་བྱེད་ན༔ དྲག་པོའི་ས་ལ་ཁྲག་སྣ་དང༔ ཞེས་སོགས་ཀྱི་སྒོ་ནས་རྒྱས་པར་བཤད་པ་ལྟར་རོ། །ཨོ་རྒྱན་ཆེན་པོས་གནས་སྐབས་དེ་ཉིད་དུ་སྲིན་པོ་ནག་པོ་ཁྲག་མིག་བསྒྲལ་པའི་ཤ་ཁྲག་དང་། ལངྐའི་ཡུལ་གྱི་འབྲུ་སྣ་དང་། རྒྱ་མཚོའི་མཐའི་སྲོག་ཆགས་ཀྱི་རུས་པ་དང་། རིན་པོ་ཆེའི་


RTZ049_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ནས་གླུད་རྫས་སོགས་བསྡུས་ཏེ་གཤིན་རྗེ་འཁོར་བཅས་དངོས་སུ་ཡོད་བཞིན་པ་ལ་བྱིན་གྱིས་བརླབས་ཏེ་བྱིན་པས་མི་ལོ་བཅུ་གསུམ་དུ་ཁམས་གསུམ་སེམས་ཅན་གྱི་སྲོག་བསླུས་ཤིང་། མ་འོངས་པའི་རྗེས་འཇུག་རྣམས་ལ་བརྩེ་བས་དགོངས་ཏེ་འཆི་ཟློག་གི་ཆོ་ག་ཁྱད་པར་ཅན་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད། འཆི་བདག་རང་གི་ཚིག་རྩ་བར་བྱས་ཏེ་འགྲེལ་པའི་ཚུལ་དུ་མཛད་པ་ལས། དེ་ཉིད་ཉམས་སུ་བླང་བ་ལ་གཞུང་ཉིད་གསལ་པོ་ཡོད་ཀྱང་། རང་བཟོ་མཁན་རྣམས་ཀྱིས་དགོངས་པ་འགྲེལ་ཚུལ་སྣ་ཚོགས་ཀྱིས་ལག་ལེན་འཆོལ་བར་སྤྱོད་པའི་ཚུལ་དུ་མཐོང་ནས། འདིར་འཁྲུལ་མེད་ཀྱི་ལག་ལེན་བཞིན་བྲི་བ་ལ་དོན་གསུམ་སྟེ། སྦྱོར་བ་བཅས་གཤོམ་ཇི་ལྟར་བྱ་བ་དང་། དངོས་གཞི་ཆོ་ག་ཉམས་སུ་བླང་བ། རྗེས་ལས་ཀྱི་མཇུག་བསྡུ་བ་གསུམ་གྱིས་བསྟན་ནོ། །དེ་ཡང་སྤྱིར་དབང་ཐོབ་ཅིང་དམ་ཚིག་མ་ཉམས་ཤིང་བསྙེན་སྒྲུབ་ལས་སུ་རུང་བ་དང་། གཙོ་བོ་ཀ་དག་སྤྲོས་པའི་མཐའ་དང་བྲལ་བའི་དགོངས་པ་ལེགས་པར་རྟོགས་ཤིང་གོ་ལ། དེའི་ངང་ལས་ལྷུན་གྲུབ་སྒྱུ་མའི་རིག་རྩལ་འགག་པ་མེད་པའི་ལྷ་སྔགས་ཏིང་འཛིན་བརྟན་ཅིང་སྙིང་རྗེའི་བློ་ཅན། བླ་མེད་མན་ངག་ལ་སྒྲོ་འདོགས་ཆོད་པའི་གང་ཟག་གིས། རང་གཞན་གྱི་དོན་དུ་ཕྲིན་ལས་བྱ་བའི་སྐབས་སུ་བབས་པའི་ཚེ། དང་པོ་བཅས་བཤམ་ཇི་ལྟར་བྱ་བ་ནི། གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་ལྟ་བུའམ། སྐྱེ་བོ་རྒྱུ་བའི་ལམ་པོ་ཆེ་བླ་གབ་མེད་པའི་སར་ཡང་རུང་སྟེ། འོག་ཐོག་སོགས་མེད་པའི་ས་གཞིའི་སྟེང་ཁོ་ནར་བྱ་བ་ནི་དགོས་པ་ཆེ་ཞིང་གནད་


RTZ049_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པས་ཕྱོགས་དེར་ཕྱགས་བདར་སོགས་བྱ། དེ་ཡང་གཞུང་ལས། རང་ཉིད་ཤིས་པའི་ཕྱོགས་སུ་ལྟོས༔ དཀྱིལ་འཁོར་མི་ཤིས་ཕྱོགས་སུ་བྲིས༔ ཞེས་གསུངས་པ་ལྟར་རྡོ་རྗེ་སློབ་དཔོན་ཕྱོགས་ཆེན་གྱི་ཤར་དུ་ལྟ་བའི་གཡས་ངོས་ཕྱོགས་ཆེན་གྱི་ལྷོར་གཤིན་རྗེའི་དཀྱིལ་འཁོར་གྲུ་གསུམ་ནག་པོ་ལོགས་རེར་འདོམ་རེ་ཡོད་པ། ཐ་མར་མེ་རི་འབར་བའི་རྩེ་མོ་བྱང་དུ་བལྟ་བའི་དབུས་དབུ་ཅན་གྱི་ཡིི་གེ་དུ་ནག་པོ་མགོ་ལྷོར་བསྟན་པ་བྲིས་པའི་སྟེང་དུ་གཤིན་རྗེའི་གཟུགས་བཅའ་བ་ནི། རྩ་བ་ལས། དྲག་པོའི་ས་ལ་ཁྲག་སྣ་དང༔ ལྕགས་དང་ཡུངས་ནག་ལི་ཤི་རྫས༔ བསྲེས་ཏེ་ཤུལ་ཆགས་ཆུ་ཡིས་སྦྲུས༔ དེ་ལ་འཆི་བདག་ང་ཡི་གཟུགས༔ རྔམས་ཤིང་ཆེ་ལ་རགས་པ་བྱ༔ སྲིད་པའི་འཁོར་ལོ་ལྟོ་བར་གཞུག༔ རོ་གཡམ་ནག་པོའི་ཚལ་པ་ལ༔ གྲི་ཁྲག་རོ་སོལ་བསྲེས་པ་ཡིས༔ ཀྲཾ་དང་ཛ་དང་དུ་དང་མ༔ ཏི་ཞེས་བྲིས་པ་འགོད་པ་ནི༔ ཡན་ལག་དབང་པོའི་སྒོ་ལ་གདབ༔ ཅེས་གསུངས་པའི་འགྲེལ་པར་ཇི་ལྟར་བྱ་བ་གསལ་པོར་ཡོད་ཀྱང་གོ་སླ་བའི་ཕྱིར་ཅུང་ཟད་བཀྲོལ་ཏེ་བཤད་ན། དུར་ཁྲོད་ཀྱི་ས། རོ་བསྲེགས་པའི་ཐལ་བ། གཡུལ་བཀྱེས་པའི་ས། མཁར་བརྡིབས་པའི་ས། རབས་ཆད་ཀྱི་ཁང་ས། ལམ་རྒྱ་གྲམ་གྱི་ས་རྣམས་འཇིམ་ནག་པོ་དང་བསྲེས་པའི་ཁུ་བ། ཁྲོན་པའི་ཆུ། ལུ་མའི་ཆུ། མཚོ་ལྐུག་པའི་ཆུ། རྟ་བོང་དྲེའུ་རྣམས་ཀྱི་ཆུས་སྦྲུས་ལ། ཁྲག་སྣ་ཚོགས་དང་། གྲི་ལྕགས་ལ་སོགས་པའི་ལྕགས་སྣ་ཚོགས་ཀྱི་ཕྱེ་མ། ཡུངས་ནག །སྲན་མ་ལ་སོགས་པ་དྲག་པོའི་འབྲུ་སྣ། མཛེ་


RTZ049_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ། དམེ་ཕོ། མོན་པ།་་་དཔེ་ལ་ལར་འོན་པ་འདུག་པས་དཔྱད། རབས་ཆད་ནག་པོ། བྱི་ཕོ་སྟེ་ནལ་ཕྲུག །ཡུགས་ས་སོགས་བཀྲ་མི་ཤིས་པའི་མི་རྣམས་ཀྱི་ཤ་རུས་སྐྲ་སེན་མོ་གོས་དང་དྲི་མ་གང་རྙེད་བསྲེས་ལ། འཆི་བདག་གི་གཟུགས་ཆེ་ན་འདོམ་གང་། ཆུང་ནའང་གྲུ་གང་ཙམ་དགོས་པར་གསུངས་པ་བཞིན་བྱ། དེ་ཡང་མ་ཧེ་ནག་པོ་རྭ་གཟིངས་པའི་སྟེང་དུ་གཤིན་རྗེ་ནག་པོ་ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། མིག་གསུམ་བགྲད་པ། རལ་པ་སྤྱི་བོར་བཅིངས་པ། ཡན་ལག་ཉྭ་སུལ་རགས་ཤིང་སེན་མོ་ལྕགས་ཀྱུ་ལྟར་གུག་པ། ཐོད་སྐམ་གྱི་དབུ་རྒྱན་སོགས་འཇིགས་པའི་ཆས་བརྒྱད་ཀྱིས་བརྒྱན་པ། གཡས་པས་ཁྲམ་ཤིང་མིག་དགུ་དང་ཞགས་པ་ནག་པོ་ཐོགས་ཤིང་། གཡོན་ན་རལ་གྲི་ནག་པོ་སོ་གཅིག་པ་འཛིན་པ། སྨད་ལ་སྟག་ལྤགས་དཀྲིས་པ་རྔམས་གཟུགས་དང་ལྡན་པ་དཔེ་བྲིས་ལྟར་བཞེངས་པའི་ལྟོ་བར་སྲིད་པ་ལུགས་འབྱུང་ལུགས་ལྡོག་གི་འཁོར་ལོ་དང་། སྙིང་གར་སྔགས་ཕྲེང་སོགས་ཀྱང་གཏེར་གཞུང་གི་འཁོར་ལོ་བྲི་ཡིག་དང་དཔེ་ལྟར་བྲིས་ལ་ལྟེབ་ཆིངས་བྱས་ཏེ་གཞུག །རོ་གཡམ་ནག་པོའི་ཚལ་པའམ། རོ་རས་ལ་གྲི་ཁྲག་དང་རོ་སོལ་བསྲེས་པས་ཀྲཾ་གསུམ་བྲིས་ལ་ཁ་ཕྱིར་བསྟན་ལ་བཅུག།་་་ལ་ལར་ཏྲཾ་ཞེས་པའང་སྣང་། དེ་བཞིན་དུ་ཛཿགཉིས་བྲིས་ལ་མཁུར་ཚོས་གཉིས་ལ། མཆུར་དུ་སོ་ལ་མ། ཏི་བཞི་བྲིས་ལ་ཡན་ལག་བཞི་ལའོ། །དེའི་འཁོར་དུ་སྐྱེ་འགྲོ་ལས་ཀྱི་བདུད་བཞི་ནི། མདུན་དུ་གཤིན་རྗེ་


RTZ049_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཁྲོ་གཟུགས་ཅན་རྒྱན་མེད་གཅེར་བུ་ལིངྒ་བསྒྲེང་བ། ཁ་གདངས་ཤིང་མཆེ་བ་གཙིགས་པ། ཡན་ལག་བཞི་པོ་བགྲད་པ། གཡས་སུ་སྡིག་པ་ནག་པོ་རྭ་དང་ཁ་གདངས་པ་མིག་དང་ཡན་ལག་བགྲད་པ། རྔ་མ་ལྕགས་ཀྱུ་ལྟར་བཀུག་པ། རྒྱབ་ཏུ་ལྕགས་ཀྱི་ཕྱེ་མ་ལེབ་རུ་དང་གཤོག་པ་གདེངས་པ། གཡོན་དུ་དྲེད་མོ་དམར་ནག་འཇིགས་གཟུགས་ཅན། དེ་བཞི་ཤོག་བུ་ལ་བྲིས་ཏེ་ཕྱོགས་བཞི་ལ་གཟུག །གཞུང་ལས། གཤིན་རྗེའི་རྒྱབ་ནས་ཡར་ལས་ཀྱི་འཚུབ་མ་ནག་པོ༔ འཇའ་རིས་དུད་པ་འཁྱིལ་བ་ལྟ་བུ་ཞིག་ཡོད༔ དེའི་རྟགས་སུ་རམ་ནག་པོས་འཇའ་རིས་བཏང་ལ་འཚུབ་མའི་དབྱིབས་བལ་ནག་པོའམ༔ རྔ་མ་ནག་པོའམ༔ ཤིང་གི་ལོ་མ་ནག་པོར་བསྒྱུར་ལ་བྱའོ༔ ཞེས་གསུངས་པས། ལ་ལ་དག་གིས་ནམ་མཁའ་འཇའ་རིས་འཛུགས་པ་སོགས་ཡོད་འདུག་ཀྱང་། དེང་སང་ཕྱག་ལེན་ལ་ཤོག་བུ་ལ་རླུང་ནག་འཚུབ་མ་བྲིས་པ་རྒྱབ་ཡོལ་གྱི་ཚུལ་དུ་བཙུགས། ཡང་གཞུང་ལས། གཤིན་རྗེའི་འཁོར་ཐམས་ཅད་ཀྱི་གཞི་མ་ནི་འཇིམ་པ་ནག་པོ་ལ་ཆུའི་སྦ་རིས་སུ་བྱའོ༔ ཞེས་གསུངས་པ་ལྟར་མ་ཧེའི་འོག་ཏུ་འཇིམ་པས་ཆུ་ནག་རྦ་ཀློང་འཁྲུགས་པའི་གཟུགས་བརྙན་མཚོན་ཙམ་བྱེད། དེ་ལྟར་བཅས་ཟིན་པ་དང་། གོང་གི་དཀྱིལ་འཁོར་གྱི་ཁར་ཁ་བྱང་དུ་བསྟན་ལ་བཞག་གོ །དེའི་མདུན་དུ་གཞི་མ་ནག་པོར་དགོས་པར་བཤད་པ་ལྟར་ཕྱར་བ་ནག་པོ་ལྟ་བུ་གཙང་མ་རྒྱ་ཆེ་བར་བཏིང་བའི་སྟེང་། ཐོག་མར་གཤིན་རྗེའི་མདུན་དུ་ཁྲག་གི་ཨརྒྷཾ། དབང་པོ་ལྔའམ་འབྲུ་ནག་གི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས།


RTZ049_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཙིཏྟའི་ཞལ་ཟས་ཀྱི་དོད་གཏོར་མ་གྲུ་གསུམ་ནག་པོ་རྣམས་ཀོང་བུ་ཟུར་གསུམ་ནང་དུ་བཤམས་པ་ནི་རང་ལུགས་ཀྱི་ཕྱག་ལེན་ཡིན་ལ། ཞལ་ཟས་དང་གཏོར་མ་གཉིས་སུ་བྱ་བ་འཐད་པ་འདྲ་ཞིང་། གཞུང་ལས། ཐོག་མར་གཅིག་ཏུ་བྱས་པ་འདྲ་བ་ལ། དངོས་ཀྱི་སྐབས་འབུལ་ཚིག་གཉིས་སུ་བྱུང་བས་སྔ་མ་ཞལ་ཟས་དང་། ཕྱི་མ་གཏོར་མ་ཡིན་འདུག་པས་གཏོར་མ་ནག་པོ་ཐོག་གཟུགས་ཅན་ཞིག་ཤ་ཁྲག་གིས་བརྒྱན་ཏེ་བཤམ། གཞན་ཡང་ཕྱར་བའི་སྟེང་དུ་ཤ་སྣ། ཁྲག་སྣ། འབྲུ་སྣ། དར་སྣ། གོས་སྣ། རིན་པོ་ཆེའི་རིགས། ཟས་སྣ་ཚོགས། དྲི་མ་དང་གླུད་སྣ་ཚོགས་སོགས་ཅི་འབྱོར་ཚན་པར་སྤུངས་ལ་གཞག་གོ །ཁྲག་དང་འོ་མ་ཆུ་ལ་སོགས་པ་བཏུང་བའི་རིགས་ཀྱང་སྣོད་ཁེངས་པར་བཀོད། གཞུང་ལས། ཀོང་བུ་སྡོང་བུ་བཅས་པ་བཤམ་པར་གསུངས་པ་ནི་གོང་གི་མཆོད་པའི་གྲས་དེས་འཐུས། བྲེ་སྲང་ནག་པོ་དགོས་པར་བཤད་པ་ལྟར་ལག་ལེན་བཞིན་བཟོ་ཞིང་རིག་འཛིན་ངག་གི་དབང་པོའི་གསུང་རྒྱུན་དུ་མ་ལྕོགས་ན་བྲེ་སྲང་གི་འཁོར་ལོ་བྲི་བར་འཐད་པར་གསུངས་བཞིན་ལུགས་སྲོལ་མང་ཡང་། འདིར་རང་ལུགས་རིག་འཛིན་ལེགས་ལྡན་རྗེའི་ཟབ་གཏེར་ལས་བྱུང་བ་ལྟར་དཔེ་བྲིས་ལོགས་སུ་བཀོལ་བ་ལྟར་མཚལ་ལམ་བ་བླ་ལྟ་བུ་མི་ཟློས་པའི་ཚོན་གྱིས་བྲི་འོ། །གཞུང་དུ་གླུད་སྣ་ཚོགས་བཤམས་པར་གསུངས་པ་དང་འདི་གའི་སྔོན་འགྲོ་འཆི་བསླུའི་དོད་དུ་གླུད་སྡེ་ལྔ་བྱ་བར་བཤད་པས་དེའི་ཚུལ་ནི། རྩ་བར། རང་གི་དྲི་མ་སྣ་ཚོགས་དང༔ འབྲུ་


RTZ049_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་ངར་ཕྱེ་བསྲེས་པ་ལ༔ མི་གཟུགས་དཀར་སེར་དམར་དང་ལྗང༔ ཁྲ་བོའི་གཟུགས་དང་ལྔ་བྱས་ལ༔ དར་སྣ་བལ་ཚོན་འབྲུ་སྣ་དང༔ ཆངས་ཟན་ལོ་ཡིི་གྲངས་སུ་བྱ༔ གཙང་མའི་སྣོད་དུ་འབྲུ་སྣའི་ཁར༔ གཟུགས་ལྔ་བཞག་ལ་གོས་ཀྱིས་བཀབ༔ ཅེས་གསུངས་པའི་འགྲེལ་པར་དེ་ནས་རང་གི་ཁ་ཆུ་སྣ་ཆུ། མིག་རྣག །སྣབས་ལུད། དྲི་ཆེན། དྲི་ཆུ། སྐྲ་དང་སེན་མོ། འབྲུ་སྣའི་ངར་ཕྱེ་རྣམས་ལ་རང་ལུས་བཀྲུས་པའི་ཁུ་བས་སྦྲུས་ཏེ། མི་གཟུགས་དཀར། སེར། དམར། ལྗང་། ཁྲ་བོ་དང་ལྔ་བསླངས་ལ། དར་སྣ་དང་བལ་ཚོན་གྱི་རྒྱན་གདགས། སྣོད་གཙང་མར་འབྲུའི་ཕུང་པོ་སྤུངས་པ་དེའི་ཁར་བཞག །རང་གི་གོས་དུམ་བུ་བཀོན། ཆངས་ཟན་ལོ་གྲངས་དང་མཉམ་པས་སྐོར༔ ཅེས་གསུངས་པ་ལྟར། འབྲུ་སྣའི་ངར་ཕྱེ་ལ་རང་ངམ་ཡོན་བདག་གང་ཡིན་གྱི་ལུས་རིལ་པོའམ་ཡན་ལག་ལྔ་བཀྲུས་པའི་དྲི་ཁུ་ལ། མཆིལ་མ། སྣབས་ལུད། མིག་རྣག །རྣ་སྤབ། དྲི་ཆེན། དྲི་ཆུ་རྣམས་ཀྱིས་སྦྲུས་ཏེ་རང་གཟུགས་དབུས་སུ་ཆེ་བ་གཅིག་དང་། ཕྱོགས་བཞིར་ཆུང་བ་རེ་རེ་སྟེ་ལྔ་ཀ་འགྲེང་ཞིང་ལག་གཉིས་མཆོག་སྟེར་བའི་ཕྱག་རྒྱ་བྱས་ཤིང་། དབང་པོ་དང་སྐྱེ་མཆེད་དོད་པར་བྱ། སྐྲ་སེན་རྣམས་སོ་སོའི་གནས་སུ་གཟུག །གཞུང་ལས། དབུས་ཁྲ་བོ་དང་། གཞན་ཕྱོགས་མདོག་ཏུ་བཤད་པ་ལྟར་མདོག་ཀྱང་རང་རང་གི་ཁ་དོག །རྒྱན་གོས། ཞྭ་སོགས་ཀྱི་རྣམ་པ་གསལ་བའི་སྟེང་། གཞུང་བཞིན་དབུས་ཁྲ་བོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་རྣམས་ཀྱིས་ཤས་ཆེ་བར་བྱ། དེའི་དགོས་པ་ནི་


RTZ049_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པའི་འཆི་ཟློག་ལས། འབྱུང་ལྔའི་བདག་པོ་རྣམས་ལ་དབུས་ཀྱི་གླུད་ཁྲ་བོས་ནམ་མཁའ། ཤར་དཀར་ཆུ། ལྷོ་སེར་ས། ནུབ་དམར་མེ། བྱང་ལྗང་རླུང་སྟེ། ཡོན་བདག་གི་སེམས་ཤ་ཁྲག་དྲོད་དབུགས་རྣམས་ཀྱི་གླུད་དུ་གཏོང་བར་མཚོན་པར་གསུངས་པ་གནད་ཆེ་ཞིང་མན་ངག་གི་དགོས་དོན་ཟབ། གླུད་གོས་དྲི་མ་ཅན་གྱིས་གཡོགས། གཞན་ཡང་དར་སྣ་དང་བལ་ཚོན་གྱི་རྒྱན་གདགས། ཟས་ལྷག་གིས་ལག་གཡོན་པས་བཟོས་པའི་ཆངས་བུ་ལོ་གྲངས་ལས་གསུམ་གྱིས་ལྷག་པ་དང་། ཟས་སྐོམ་གྱི་ལྷག་མ་སྣ་ཚོགས་བླུགས། རིན་པོ་ཆེའི་བདར་ཕྱེ་བཏབ་སྟེ། ཀ་ཊོ་ར་ལྟ་བུ་རིན་པོ་ཆེའི་སྣོད་འབྲུ་སྣས་གང་བར་བཤམས་ལ། གཤིན་རྗེའི་མདུན་གྱི་གླུད་རྫས་སྣ་ཚོགས་པའི་དབུས་སུ་བཞག །དེའི་མཐར་གྲྭ་སློབ། ཡོན་བདག་ལ་སོགས་ཀྱི་ཆངས་ཟན་གླུད་སྐྱེལ་མི་གང་འབྱོར་བཀོད། འདིར་གླུད་རྫས་སོགས་ཕོན་ཆུང་ན་འོག་ཏུ་གླུད་ཕད་མི་ཁེངས་པ་ལ་སོགས་མི་བཟང་བས་ཕོན་ཆེ་བར་བྱ་བ་གནད་ཡིན། ལོགས་ཤིག་ཏུ་རྒྱབ་ཆོག་གི་ལས་གཞུང་གང་ཡིན་གྱི་མཆོད་གཏོར་རྣམས་དང་། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། ཁ་ཊྭཱཾ་ག་རྩེ་གསུམ། སྲན་མ་ནག་པོའི་མེ་ཏོག་གི་སྣོད་སོགས་དང་། གཞན་ཡང་གཞུང་ལས། བྱང་ཕྱོགས་སུ་ཚེའི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་བསྟོད་པ་འབུལ༔ ཤར་དུ་གཏོར་མ་བརྒྱ་རྩ་གཅིག་གཏང༔ གནས་ཀྱི་ཕྱིའི་ཕྱོགས་བཞིར་གསུར་དུད་གཏང༔ ཞེས་སོགས་དང་། ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་འབུལ༔ ཞེས་གསུངས་པ་ལྟར་ཕྱག་བཞེས་སུ་གནས་ཁང་ཡངས་


RTZ049_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་ཚེ་དེ་རྣམས་ཐམས་ཅད་གནས་ཁང་དེ་གའི་ནང་དུ་བགོས་ཏེ་བྱ་བའམ། དེ་མིན་ཕྱོགས་མ་འཁྲུལ་ཕྱིན་གང་བདེར་མཛད་སྲོལ་ཡོད་པས། ཤར་དུ་བྱང་གཏེར་བཀའ་བརྒྱད་རང་ཤར་ལས་བྱུང་བ་ལྟ་བུའི་གཏོར་མ་བརྒྱ་རྩ་གཏོང་མཁན། ལྷོ་ཕྱོགས་འཆི་བདག་ཟློག་པ་བྱེད་མཁན་རྣམས་བཞུགས་པའི་དབང་དུ་བྱས། ནུབ་ཕྱོགས་སུ་ཡི་དམ་དང་ཆོས་སྐྱོང་གཏོར་མ་འབུལ་བའི་དགོངས་པ་ལྟར། ཨེ་ཝཾ་ལྕོག་སྒར་བའི་རྒྱུན་སྐོང་གི་བདག་བསྐྱེད་ཕུར་པས་བྱས་ཏེ་སྐོང་གསོ་བྱེད་པའི་ལག་ལེན་བཞིན་སྐོང་གསོ་གཞན་རྣམས་དཀྱུས་བཞིན་ལ། རྡོ་རྗེ་གླིང་པའི་ཟབ་གཏེར་ལྟར་རྩ་གསུམ་སྐོང་གསོ་ཅི་མང་གཏོང་སྲོལ་ཡོད། གཞན་དུ་སྐབས་སྦྱར་གྱིས་རང་གཞན་གང་བྱེད་ཀྱི་རྩ་བ་གསུམ་གྱི་ཕྲིན་ལས་གང་བྱས་ཀྱང་ཆོག་པར་གོ །བྱང་གི་ཚེ་ཆོག་པ་ཕལ་ཆེར་སྟབས་བདེ་བའི་དབང་གིས་ཚེ་སྒྲུབ་ལྕགས་སྡོང་མ་མཛད་པ་ཤས་ཆེ་ཞིང་། འོད་དཔག་མེད་ཡིན་པས་སྐབས་སུ་བབས་ནའང་། རང་གཞུང་ལས། དབེན་ཞིང་ཉམས་དགའ་ལ་བཀྲ་ཤིས་པའི་གནས་སུ་བཟང་པོའི་ས་ལ་མཎྜལ་བྱས་ཏེ་ཚེ་རབས་ཀྱི་སྡིག་སྒྲིབ་སྦྱངས༔ བསོད་ནམས་ཀྱི་ཚོགས་བསགས༔ ཐིག་གདབ་ཚོན་བྱིན་རླབས་བྱས་ཏེ་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་བྲིས་ཚེའི་བུམ་པ་བཅས་ཏེ་ཚེ་བསྒྲུབ་པར་བྱའོ༔ ཞེས་གསུངས་པ་ལྟར་གོང་དུ་སྨྲོས་པ་བཞིན་སྙིང་མཛོད་ནས་ལྷན་ཅིག་ཏུ་བྱོན་པའི་འཆི་མེད་འོད་སྣང་ངམ། ཁྱད་པར་ནང་ལོངས་སྤྱོད་རྫོགས་སྐུའི་ལྷ་ལ་བརྟེན་ཏེ་ཚེ་སྒྲུབ་པ་འདི་ཉིད་ཤིན་ཏུ་སྐབས་སུ་བབས་པས། དེའི་ཚུལ་ནི་ཁོ་བོའི་བླ་མའི་སྙན་བརྒྱུད་ཇི་བཞིན་པར་ལོགས་སུ་བྲིས་ཡོད་པས་དེར་བལྟ་ཞིང་།


RTZ049_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་གི་ཕྱིའི་ཕྱོགས་བཞིར་གསུར་དུད་སོགས་ཀྱང་སྟ་གོན་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ཉམས་སུ་བླང་བ་ནི། གཞུང་ལས། དེ་ནས་བདག་ཉིད་གཤིན་རྗེའི་བྱང་ཕྱོགས་སུ་ཁ་ཤར་དུ་བལྟས་ཏེ་སྟན་བདེ་བ་ལ་འདུག་པས་སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པ་བྱ༔ རང་ཡི་དམ་གང་བྱེད་ཀྱི་ལྷར་བསྒོམ༔ ཞེས་གསུངས་པས། གུ་རུ་ཞི་དྲག །བཀའ་བརྒྱད། ཚེ་ཕུར་སོགས་རྙིང་མ་རང་ལུགས་ཀྱི་ཡི་དམ་གང་ཡིན་གྱི་ཆོག་ཕྲིན་གཏང་བས་འཐུས་མོད། འོན་ཀྱང་བྱང་གཏེར་གྱི་རྩ་གསུམ་ཀུན་འདུས་ཐུགས་སྒྲུབ་དྲག་པོ་རྩལ་ཁོ་ན་ཡིན་པས། རིག་འཛིན་གོང་མ་ཕལ་ཆེར་གྱིས་ཐུགས་སྒྲུབ་ཀྱི་ལས་གཞུང་བསྲང་བར་མཛད་འདུག་པ་བཞིན་སྔོན་འགྲོ་གཟེར་ལྔ་ནས་བརྩམ་རྩ་གསུམ་སྐོང་གསོ་ཡན་ཆད་གྲུབ་པར་བྱའོ། །དེ་རྗེས་འཆི་ཟློག་དངོས་ལ། ཐོག་མར་སྔོན་འགྲོའི་གླུད་གཏང་བ་ནི། གཞུང་ལས། སྔགས་དྲུག་དང་ཕྱག་རྒྱ་དྲུག་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ༔ ཞེས་གསུངས་པས་གླུད་ཡས་རྣམས་ལ་ཆབ་ཀྱིས་བྲན་ཏེ། ཧཱུྃ༔ སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ ཞེས་སོགས་ཀྱི་སྒོ་ནས་བསང་གཏོར་དང་། སྔགས་དྲུག་ཕྱག་རྒྱ་དྲུག་གིས་གླུད་ཡས་ཐམས་ཅད་སྦྱོང་སྤེལ་བསྒྱུར་ཚིམས་དགྱེས་དབང་སོགས་ནུས་ལྡན་དུ་བྱ་ཞིང་། ཕྱག་ལེན་གསུང་རྒྱུན་ལ། ཨོཾ་སརྦ་བིཏྤུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཞེས་ཆོས་ཐམས་ཅད་འདོད་དགུ་འབྱུང་བ་རིན་པོ་ཆེའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་ཡང་ལན་གསུམ་མཛད་དོ། །


RTZ049_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་གཤིན་རྗེའི་བསྐྱེད་བསྟིམ་ཚིག་གིས་མ་ཟིན་ཡང་རྣམ་རྟོག་གི་རང་གཟུགས་ཡིན་ཕྱིར་མི་འགལ་བས། རང་ཉིད་ལྷར་གསལ་བའི་མདུན་དུ་གཤིན་རྗེ་སྡེ་བརྒྱད་འབྱུང་པོ་ལན་ཆགས་ཐམས་ཅད་གླུད་ལེན་པར་བསམ་ལ། རྡོ་རྗེ་དྲིལ་བུ་འཛིན་ཅིང་གདངས་དང་བཅས་པས་ཏིང་ངེ་འཛིན་གསལ་བར་འདི་སྐད་དོ། །ཧཱུྃ༔ འཆི་བདག་ནག་པོ་གཤིན་རྗེའི་གཙོ༔ བགེགས་ཀྱི་རྒྱལ་པོ་ཆེན་པོ་དང༔ སྟེང་གདོན་ལྷ་འདྲེ་དྲེགས་པ་ཅན༔ འོག་གདོན་ཀླུ་སྲིན་ཀླུ་གཉན་དང༔ བར་གདོན་རྒྱལ་པོ་བདུད་དང་བཙན༔ སྲིད་པའི་ཕོ་འདྲེ་མོ་འདྲེ་དང༔ འགོང་པོ་དམ་སྲི་མ་ནིང་གདོན༔ གཤིན་རྗེའི་ཕོ་ཉ་འབུམ་ཕྲག་དང༔ དྲེགས་པ་སྡེ་བརྒྱད་མ་ལུས་པ༔ དཔོན་གཡོག་འཁོར་དང་བཅས་པ་ལ༔ བདག་ལས་ལྷག་པའི་གླུད་དང་གཟུགས༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ སྲིད་པའི་ལྷ་འདྲེ་ཀུན་ལ་འབུལ༔ ཁྱེར་ཅིག་ཁྱེར་ཅིག་གདོན་གྱི་ཚོགས༔ འདོད་སྲེད་ཆགས་སྡང་བྲལ་བར་གྱིས༔ ཞེན་བཅིངས་འཛིན་པ་བྲལ་བར་གྱིས༔ མཐོང་དང་རེག་པའི་བསམ་ངན་རྟུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ འཛིན་པའི་ཞེན་པ་ད་ ཁྲོལ་ཅིག༔ སྔོན་གྱི་ལན་ཆགས་ཤ་མཁོན་དང༔ བུ ་ལོན་འཕྲལ་གྱི་རྐྱེན་རྣམས་ཀུན༔ ཐམས་ཅད་མ་ལུས་འཁོར་བར་གྱིས༔ བདག་གི་བསམ་པའི་སྟོབས་དང་ནི༔ དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ གདོན་བགེགས་མ་ལུས་ཐམས་ཅད་ཀྱི༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ ཅེས་ལན་གསུམ་བརྗོད། གསུམ་པའི་ཚེ་ཁ་བསྒྱུར་ཞིང་མཇུག་ཏུ་དཔལ་འབར་


RTZ049_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་ཕྱིར་གཏོང་ཞིང་རོལ་མོ་བྱའོ། །དེ་ཡང་ནག་རྩིས་སོགས་འགའ་ཞིག་ཏུ་གླུད་འདྲེ་ལྔའི་ཕྱོགས་སུ་གཏོང་བར་བཤད་ཀྱང་། འདིར་ནི་གཞུང་ལས། ཁ་ལྷོ་ཕྱོགས་སུ་བསྟན་ཏེ་ལྷོ་རུ་འགྲོ་བའི་ཆུ་བོའི་གཞུང་ངམ༔ ལྷོར་འགྲོ་བའི་ལམ་པོ་ཆེའམ༔ ལྷོ་ཕྱོགས་གངས་གསུམ་གྱི་རྩེར་བསྐྱལ་ལོ༔ ཞེས་གསུངས་པས། གཞུང་བཞིན་ལྷོ་ཕྱོགས་ཁོ་ནར་གླུད་སྐྱེལ། འདི་སྐྱེལ་མི་ཕྱི་མིག་མི་ལྟ་བར་ལོག །སློབ་དཔོན་གྱིས་མཚམས་གཅོད་དང་སྲུང་འཁོར་བསྒོམ། ཕན་ཡོན་ནི་གཞུང་ལས། དེ་ལྟར་བྱས་པས་གཤིན་རྗེའི་ཕོ་ཉ་དང༔ སྡེ་བརྒྱད་གདོན་གྱི་ཞགས་པས་བཏབ་པ་ཡང་ལོ་གསུམ་གྱི་བར་དུ་འཆི་བ་བཟློག་པར་འགྱུར༔ འཆི་ལྟས་ངན་པའམ་བར་ཆད་མེད་ཀྱང་ལོ་ཟད་ཟླ་ཟད་ཀྱི་དུས་ལ་འདི་བྱས་ན༔ རིམ་གྲོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཐར་བར་འགྱུར་རོ༔ ཞེས་གསུངས་ཤིང་། ཡང་ནད་པ་སོགས་ལ་འཆི་ཟློག་དངོས་གཞི་མ་གྲུབ་ཀྱང་། གླུད་འདི་ག་སྒེར་དུ་མཛད་སྲོལ་ཡོད་པས་དེ་བཞིན་བྱའོ། །འཆི་ཟློག་དངོས་ལ་བདག་མདུན་གཉིས་ལས། དང་པོ་བདག་བསྐྱེད་ནི་གཞུང་ལས། རང་ཡི་དམ་གང་བྱེད་ཀྱི་ལྷར་སྒོམས་ཤིང་རྣམ་པ་བསྒྱུར་བ་ནི༔ ཞེས་གསུངས། འདི་ཡན་ཆོད་རྒྱབ་ཆོག་གི་ཡི་དམ་གང་ཡིན་གྱི་ཏིང་ངེ་འཛིན་ལ་གནས་བཞིན་པ་ཡིན་པ་ལ། སྐབས་འདིར་གནས་འགྱུར་དུ་བཤད་པས། དེས་ན་གོང་དུ་ཐུགས་སྒྲུབ་བཏང་ཕྱིན་འདི་ཡན་རྡོ་རྗེ་དྲག་པོ་རྩལ་གྱི་བསྐྱེད་རིམ་གསལ་བཞིན་པ་དེ་ཉིད་སྔོན་འབྱུང་ཡང་ཨོ་རྒྱན་ཆེན་པོས་འཆི་བདག་


RTZ049_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་ཕྱིར་གཤིན་རྗེའི་སྐུར་བསྟན་པ་དང་ཚུལ་མཚུངས་པར། ངོ་བོ་ཐུགས་སྒྲུབ་དྲག་པོ་རྩལ་ལ་རྣམ་པ་གཤིན་རྗེའི་གཤེད་དུ་གྱུར་པ་ཡིན་པས། དེ་ལྟར་བསྒོམ་པའི་ཚུལ་གཏེར་གཞུང་དངོས་ལ་འདི་ལྟར། འབྱུང་བའི་ནམ་མཁའ་མཐིང་ནག་གྲུ་གསུམ་དང༔ རླུང་ནག་འཁྲུགས་པའི་རྒྱ་གྲམ་དང༔ བསྐལ་པའི་མེ་ཀློང་གྲུ་གསུམ་དང༔ མཚོ་ནག་རྦ་ཀློང་དུ་འཁྱིལ་བ་དང༔ སྲ་བརྟན་རྡོ་རྗེའི་ས་གཞི་བཀྲ་ལམ་གསལ་བར་གྱུར༔ དེའི་སྟེང་དུ་ཡ་མ་རཀྴ་ནན་ཞེས་པས༔ གཤིན་རྗེ་ཕོ་མོ་ཟུང་ལྔ་བསྒྱེལ་བའི་སྟེང་དུ་པདྨ་དང་ཟླ་བ་ཉི་མའི་ཁར་ཡ་མ་མེ་ཏ་ཀྵེ་ཞེས་བརྗོད་པས་ཡི་གེ་ཁ་དོག་ལྔར་ལམ་གྱུར༔ དེ་ལས་འོད་འཕྲོས་འདུས་པ་ལས་དབུས་ཀྱི་ཡ་མཐིང་ག་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཡ་མཱནྟ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ཆེ་ཡན་ལག་རགས་པ་རི་རབ་ལྷུན་པོ་ལ་བསྙེས་ཏེ་བཞེངས་པ་དབུ་ཡིས་ཚངས་པའི་འཇིག་རྟེན་ཁེངས་པ༔ སྤྱན་སྡང་མིག་ཏུ་གཟིགས་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་དུ་འབར་བ༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ༔ དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ༔ ཕྱག་གཡས་ཞིང་ཆེན་གྱི་བེ་ཅོན་བར་སྣང་ལ་ཕྱར་བ༔ གཡོན་པ་སྡིགས་མཛུབ་མཛད་ནས་ཞགས་པ་བསྣམས་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ༔ ཞབས་གཉིས་


RTZ049_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་དུ་བཞུགས་ནས་གཤིན་རྗེ་ཕོ་མོ་གནོན་པའི་བདག་ཉིད་ཅན་དུ་གྱུར༔ གཙོ་བོ་དང་ཚུལ་མཐུན་པའི་མདུན་གྱི་གདན་སྟེང་དུ་ཡ་མ་རཱ་ཛ་སྨུག་ནག་ལྕགས་ཀྱི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ གཡས་སུ་མྱོས་བྱེད་འབར་བ་སེར་ནག་གསེར་གྱི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ རྒྱབ་ཀྱི་གདན་སྟེང་དུ་ཁྲོ་བོ་ཨཱརྱ་མ་རུ་དམར་པོ་ཟངས་ཀྱི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ གཡོན་གྱི་གདན་སྟེང་དུ་ཁྲོ་བོ་རལ་པ་ཚར་དགུ་ལྗང་གུ་གཡུའི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ་སྣང་ལ་རང་བཞིན་མེད་པར་གསལ་བར་གྱུར༔ གཞུང་ལས། བཟླ་བྱའི་སྔགས་ནི་ངོ་བོ་ཡེ་ཤེས་ཀྱི་ལྷའི་སྙིང་པོ་ཡིན་ཏེ༔ འཇིག་རྟེན་ལྷ་སྲིན་ཐམས་ཅད་ཀྱི་སྲོག་འཕྲོག་པར་ནུས་པས་ནུས་པ་མེ་དང་འདྲ༔ ཞེས་པས། ཨོཾ་ཡ་མཱནྟ་ཀ་ཡ་མ་མེ་ཏ་ཀྵེ༔ ར་ཙ་སཏྭ་རུ་ན་ཡོ་ནི༔ ར་ཡ་ཙ་ནི་ཧཱུྃ་ཕཊ༔ དུ་རཾ་ཧྲི་ཡཾ་འདྲིད་ཕྱུངས་ཧ་ལ་གཟིར་ཕྱུངས་གཤིན་རྗེ་འཆི་བདག་ནག་པོའི་གནོད་པ་ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་བཟླས་པ་བརྒྱ་སྟོང་གང་རིགས་ལོང་སྐབས་དང་སྦྱར་རོ། །སྲན་མའི་ཐུན་ལ་སྔགས་སོ། །དེ་ཡང་གཞུང་ལས། ཏིང་ངེ་འཛིན་དཔའ་རྩལ་བསྐྱེད་ལ་གཞན་གྱིས་མི་ཤིགས་པའི་སྐུ༔ འདུས་མ་བྱས་ཀྱི་ལྷ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་བཤིགས་རྒྱུ་མེད༔ དེའི་ངང་ལས་ལྷ་བཀུག་ན་ཁུག༔ རྦད་ན་འགྲོ༔ བཟློག་


RTZ049_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཟློག་པ་ཡིན་ནོ༔ ཞེས་གསུངས་པ་ལྟར་དོན་ངེས་པ་གལ་ཆེ། དེ་ནས་མདུན་བསྐྱེད་གཤིན་རྗེའི་ཆོ་ག་ནི་གཞུང་ལས་གསུངས་པ་ལ། གོང་གི་བཅའ་གཞི་དཔེ་སྦྱར་ཏེ་གཏེར་གཞུང་བཅོས་མེད་ཉིད་ལྟར་ཟུར་འདེབས་ཕྲན་བུ་སྦྱར་ཏེ་འཆད་པ་ནི་འདི་ལྟར། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་འོག་གི་ཆ་ལ་ལྕགས་མཁར་གྲུ་གསུམ་ནག་པོ་བསྐལ་པའི་མེ་འབར་བ། དེའི་ནང་དུ་ཨེ་རཾ་ཞེས་བརྗོད་པས་སྲོག་ཆགས་འབུམ་ཕྲག་མང་པོའི་རོ་ཡི་སྟེང་དུ་ཡི་གེ་ཡཿདང་དུཿཡི་འཕྲོ་འདུ་ལས། འོག་མ་ཧེ་ནག་པོ་ལུས་ཤིན་ཏུ་ཆེ་ཞིང་རྒྱ་མཚོ་ཁེབས་པ། རྭ་གཉིས་གཟེངས་པའི་སྟེང་དུ་གཤིན་རྗེ་འཆི་བདག་ནག་པོ་རྔམས་ཤིང་ཁྲོ་གཉེར་ཅན། མཆེ་བ་གངས་རི་ལྟར་གཙིགས་པ། མིག་གསུམ་སྡང་མིག་ཏུ་ལྟ་བ། རལ་པ་སྤྱི་བོར་བཅིངས་པ། སྐུ་མདོག་ཆར་སྤྲིན་ལྟར་གནག་པའི་ཕྱག་གཉིས་ཀྱི་གཡས་ན་ཞགས་པ་ནག་པོ་དང་ཁྲམ་ཤིང་ཐོགས་པ། གཡོན་ན་རལ་གྲི་སོ་གཅིག་པ་འཛིན་པ། རོ་སྨད་སྟག་གི་པགས་པ་དཀྲིས་པ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་སོགས་འཇིགས་པའི་རྒྱན་དུ་མས་བརྒྱན་པ། ཡན་ལག་གི་སེན་མོ་ལྕགས་ཀྱུ་ལྟར་བཀུག་པ། མ་ཧེ་ལ་ཞོན་པ་ཤིན་ཏུ་ཞེ་སྡང་ལངས་པའི་ཚུལ། ཁྲོ་ཞིང་ཉྭ་སུལ་ཐམས་ཅད་ཧྲིང་ངེ་ཡོད་པའི་རྣམ་པ་ཞིག་ཏུ་གྱུར། དེའི་འཁོར་དུ་སྐྱེ་འགྲོ་ལས་ཀྱི་བདུད་བཞི་


RTZ049_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མདུན་དུ་གཤིན་རྗེ་ནག་པོ་ཁྲོས་པའི་གཟུགས་ཅན་ལག་ཆ་མེད་པར་ཁ་གདངས་ཤིང་མཆེ་བ་གཙིགས་པ། ཡན་ལག་བཞི་པོ་བགྲད་པའི་ཚུལ་ཅན་དབྱིབས་འཆི་བདག་ཉིད་དང་ཚུལ་མཐུན་པ། གཡས་ཕྱོགས་སུ་ཕྲག་དོག་འཁྲུགས་པའི་བདུད་སྡིག་པ་ནག་པོ་རྭ་དང་ཁ་གདངས་པ། མིག་དང་ཡན་ལག་བགྲད་ཅིང་རྔ་མ་ལྕགས་ཀྱུ་ལྟར་བཀུག་པ། རྒྱབ་ཏུ་གཏི་མུག་འཐིབས་པའི་བདུད་ལྕགས་ཀྱི་ཕྱེ་མ་ལེབ་རུ་དང་གཤོགས་པ་གདེངས་པ། གཡོན་དུ་འདོད་ཆགས་ཞེན་པའི་བདུད་དྲེད་མོ་དམར་ནག་འཇིགས་པའི་གཟུགས་ཅན་རྣམས་ཀྱིས་བསྐོར་བ། གཞན་ཡང་གཤིན་རྗེའི་ཕོ་ཉ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་གསལ་བར་གྱུར། དེ་ལྟར་དམ་ཚིག་པ་ལ་འཆི་བདག་འགུགས་པ་ནི་གཞུང་ལས་གསུངས་པ་ལྟར། བདག་ཉིད་གཤིན་རྗེའི་གཤེད་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་ནས༔ འཆི་བདག་རྒྱལ་པོ་འཁོར་བཅས་ལྷུན་པོའི་རྨང་འོག་རྒྱ་མཚོའི་གཏིང་མུན་པའི་ཀློང་རུམ་ནས་འདིར་སྐད་ཅིག་ཉིད་ལ་མཆིས་པར་གྱུར༔ གཞུང་ལས། ཐུན་ནག་པོ་ལ་སྔགས་འདི་བཟླས་པ་ལས་གཞི་ལ་བརྡབ་སྟེ༔ ཞེས་གསུངས་པས། ཨོཾ་བཛྲ་ཏཱིཀྵ་ཁཏྒ་ཧཱུྃ༔ ཞེས་བརྒྱ་ཙམ་སྲན་མ་ལ་བསྔགས་ཏེ་སློབ་དཔོན་གྱིས་སྔགས་དེ་ཉིད་བཟླ་ཞིང་གཤིན་རྗེའི་གཟུགས་ཀྱི་འོག་ཏུ་བྲབ་པས། ས་


RTZ049_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གས་ཏེ་འོག་གི་རྒྱ་མཚོ་ནག་མེར་བྱུང་བར་གྱུར༔ དེ་ནས་ལྕགས་ཀྱུའི་ཕྱག་རྒྱར་བཅས་ཏེ། ཨོཾ་ཀྲྀཥྞ་ཛ་མཱ་རི་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ་ཛ༔ བདུན་ཙམ་བརྗོད་པས། གཤིན་རྗེ་འཁོར་བཅས་མངོན་སུམ་དུ་བྱུང་སྟེ་རྟེན་དང་གཉིས་སུ་མེད་པར་གྱུར༔ སྤོས་དང་མར་མེ་སྦར་ལ་ཕྱག་རྒྱར་བཅས་ཏེ། ཨོཾ་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱཿཧཱུྃ༔ བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཏྲཱཾ༔ བཛྲ་ཨཱ་ལོ་ཀེ་ཧྲཱི༔ བཛྲ་གནྡྷེ་གན༔ ཀྲྀཥྞ་ཛ་མཱ་རི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མཐར་རྔ་རོལ་བྱའོ། །དེ་ནས་སློབ་དཔོན་གྱིས་རྡོར་དྲིལ་དང་། གཞན་རྣམས་ཀྱིས་རྔ་དང་རོལ་མོར་བཅས་ཏེ་བསྟོད་པ་ནི། ཧྲཱི༔ ཡ་ལས་གྲུབ་པའི་སྟོབས་པོ་ཆེ༔ དུ་ལས་གྲུབ་པའི་རྫུ་འཕྲུལ་ཅན༔ ཁམས་གསུམ་སྲིད་པའི་དབང་པོ་ཆེ༔ མ་རུངས་དྲེགས་པ་ཀུན་གྱི་གཙོ༔ འབྱུང་བའི་འཁོར་ལོས་ཐམས་ཅད་འཇོམས༔ སྐྱེ་འགྲོའི་ཤ་ཁྲག་དབུགས་ལ་ཟ༔ སྲོག་འཕྲོག་གཤིན་རྗེ་ནག་པོ་ནི༔ སྐུ་མདོག་སྨུག་ནག་མུན་རུམ་འཁྱིལ༔ སྤྱན་གསུམ་ཁྲོ་གཉེར་གློག་ལྟར་འཁྱུག༔ ལྕགས་ཀྱི་རལ་པ་མི་མགོས་བརྒྱན༔ ལྗགས་འདྲིལ་མཆེ་བ་གཙིགས་པ་ཡིས༔ དུས་གསུམ་སངས་རྒྱས་མ་གཏོགས་པའི༔ ཚངས་པའི་འཇིག་རྟེན་མན་ཆད་ནས༔ འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ སྲོག་དབུགས་ཟ་བའི་སྟོབས་པོ་ཆེ༔


RTZ049_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདག་གཤིན་རྗེ་ནག་པོ་ཁྱོད༔ གཡས་པས་ཁྲམ་ཤིང་མིག་དགུ་ཡིས༔ སྐྱེ་འགྲོ་སྲོག་དབུགས་ཁྲམ་ལ་འདེབས༔ མུན་ནག་ཞགས་པ་མདའ་ལྟར་འཕེན༔ རླུང་ལྟར་མགྱོགས་པས་འགྲོ་དྲུག་འཆིང༔ གཡོན་པས་གྲི་ནག་སོ་གཅིག་གིས༔ འགྲོ་བའི་སྲོག་རྩ་ཉལ་ཐག་གཅོད༔ སེན་མོ་ལྕགས་ཀྱུའི་མཚོན་ཆ་ཡིས༔ འགྲོ་དྲུག་རོ་ཡི་ལུས་ཀུན་གཏུབས༔ རྔམས་པའི་སྟབས་ཀྱིས་ཕྱོགས་བཅུར་རྒྱུག༔ འཇིག་རྟེན་ཁམས་ཀྱི་སྟོབས་པོ་ཆེ༔ ཀུན་གྱི་གཟི་བརྗིད་སྟོབས་ཟ་བ༔ དྲག་ཤུལ་ཅན་ལ་མཆོད་པ་འབུལ༔ གཞུང་ལས། སྐབས་འདིར་གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཏེ་འབུལ་བར་གསུངས་པས། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་གོང་དུ་གླུད་ཡས་ཐམས་ཅད་ཐུན་མོང་དུ་གྲུབ་པས་འདིར་མི་དགོས། ཕྱག་ལེན་དུ་གཏོར་མ་གཤིན་རྗེའི་ཞལ་གདོང་མ་ཧེའི་སྒལ་པའི་སྟེང་དུ་ཕུལ་ལ་སྨན་རཀ་བྲན་ཏེ། སླར་ཡང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་འདོད་ཡོན་ལྔར་གྱུར་པ་དེ་ཉིད་འཆི་བདག་འཁོར་བཅས་ལ་ཕུལ་བས་དགྱེས་ཏེ་རྐན་སྒྲ་དང་བཅས་གསོལ་བར་དམིགས་ལ། ཨོཾ་དུ་ཏི་བི་ཛ་ཧཱུྃ་ཋ་ཀྲྀཥྞ་ཛ་མཱ་རི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་ལྔ་གསུམ་གང་རིགས་ཀྱིས་ཕྱག་རྒྱར་བཅས་ཏེ་འབུལ་ཞིང་སེ་གོལ་གཏོགས། དེ་ནས་ཕྲིན་ལས་བཅོལ་བ་ནི། ཐམས་ཅད་ཀྱིས་གཤིན་རྗེའི་གཟུགས་བརྙན་


RTZ049_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་མེ་ཏོག་གཏོར་ཞིང་འདི་སྐད་དོ། །ཀྱེ༔ འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་དགོངས་སུ་གསོལ༔ བདག་དང་ཁམས་གསུམ་གྱི་སེམས་ཅན་དང༔ དེང་ཡོན་གྱི་བདག་པོ་མིང་འདི་ཞེས་བྱ་བ་ལ༔ འཆི་བདག་གི་རྒྱལ་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཐོག་མ་ནས་དུས་ད་ལྟ་ཡན་ཆད་དུ༔ བུ་ལོན་དང༔ ལན་ཆགས་དང༔ སྟོང་ཁྲིན་དང༔ ཉོན་མོངས་པའི་ལས་ཀྱི་རྐྱེན་ཅི་ཡོད་པ་ཐམས་ཅད་ད་ལྟ་ཉིད་དུ་འཇལ་བ་གྱིས༔ ཚེ་དང་སྲོག་ལ་བར་དུ་གཅོད་པའི་རྐྱེན་དུ་འགྲོ་བ༔ འགལ་བར་བྱེད་པའི་ལས་གང་ཡང་མ་བྱེད་ཅིག༔ ལན་གསུམ། དེ་རྗེས་དམིགས་པ་ནི། གཞུང་ལས། འཆི་བདག་གཤིན་རྗེ་འཇིགས་སུ་རུང་བའི་འཁོར་དཔག་ཏུ་མེད་པའི་ཚོགས་ཐམས་ཅད་མཚོན་ཆ་སྣ་ཚོགས་ཐོགས་ཏེ་བུ་ལོན་ལན་ཆགས་ལེན་པར་བསམ་ལ༔ བྱང་ཕྱོགས་སུ་ཚེའི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་བསྟོད་པ་འབུལ༔ ཤར་དུ་གཏོར་མ་བརྒྱ་རྩ་གཏོང༔ གནས་ཀྱི་ཕྱོགས་བཞིར་གསུར་དུད་གཏོང༔ མདུན་ནས་གླུད་འཇལ་བའི་ལག་ལེན་ལ་ཚོགས་ཏེ༔ ནུབ་ཏུ་སློབ་དཔོན་བྱིན་རླབས་ཅན་གྱིས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་དགོངས་པ་བྱས་ལ་བྱིན་གྱིས་བརླབ༔ དེ་ནས་གཤིན་རྗེ་འཆི་བདག་གི་དྲུང་དུ་གཞི་མ་ནག་པོའི་ཁར་གླུད་རྫས་ཐམས་ཅད་བྲེ་སྲང་ལ་འཇལ་གྱིན་སྤུངས་པར་བྱ་སྟེ༔ འབྲུ་སྣ་དང༔ ཟས་སྣ༔ སྐོམ་ཐམས་ཅད་བྲེ་ལ་


RTZ049_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་ཏེ༔ བྲེ་གཅིག༔ གཉིས༔ གསུམ༔ བཞི༔ ལྔ༔ དྲུག༔ བདུན༔ བརྒྱད༔ དགུ༔ བཅུ༔ བརྒྱ༔ སྟོང༔ ཁྲི༔ འབུམ༔ བྱེ་བ༔ ས་ཡ༔ དུང་ཕྱུར༔ ཞེས་ཐེར་འབུམ་ནས་གྲངས་མེད་ཀྱི་བར་བགྲངས་ཤིང་གཞལ་ལོ༔ མར་གསེར་དངུལ་དར་ཟབ་རྣམས་སྲང་ལ་གོང་བཞིན་འཇལ་ལོ༔ མང་པོར་སྤེལ་བའི་སྔགས་ཀྱང་བཟླས་སོ༔ དེ་ནས་ཚེའི་དཀྱིལ་འཁོར་ལྷ་ལ་ཛཔ྄་བསྙེན་བྱ༔ ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་འབུལ༔ མཆོད་བསྟོད་དྲག་པོ་བྱ༔ ཞེས་གསུངས་པས། དེའི་དོན་བྱང་ཕྱོགས་ཀྱི་ཚེ་ཆོག་པ་རྣམས་ལ་བརྡ་སྦྱར་ཏེ་མཆོད་བསྟོད་ཕུལ། སྐོང་བརྒྱ་དང་གཏོར་མ་གཏོང་བཞིན་པ་དང་། གསུར་གཏོང་མཁན་རྣམས་ཀྱིས་གསུར་དུད་བཏང་ཞིང་བསོ་སྒྲ་དང་ཀུ་སྒྲ་བྱ། དཔོན་སློབ་རྣམས་ཀྱིས་སླར་ཡང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བདུན་ཙམ་གྱིས་གླུད་རྫས་རྣམས་མང་པོར་སྤེལ། བྲེ་དང་སྲང་ཤིང་ལ་མིག་བསྒྱུར་གྱི་སྔགས་བཟླ་དགོས་པར་གསུངས་པས་བྲེ་སྔགས་ལ། ཨོཾ་ཨསྨ་སརྦ་པརྩི་མུར་ཏི་ཐིབས་སྭཱ་ཧཱ༔ ཞེས་པ་ཉེར་གཅིག་བཟླ་བར་གསུངས་པས་ཉེར་གཅིག་བཟླས་ཏེ་བྲེ་ལ་བཏབ། བཅད་ཤིང་སྔགས། ཨོཾ་ཐིབས་ཏི་མཐོང་བའི་རྒྱལ་པོ་སྭཱ་ཧཱ༔ ཞེས་ཚར་ལྔ་བཟླས་ཏེ་བཏབ། སྲང་གི་སྔགས། ཨོཾ་མ་ཏི་སྤཱ་མ་ནི་ཏ་ན་ཐིབས་སྭཱ་ཧཱ༔ ཞེས་ལན་གསུམ་བཟླས་ཏེ་སྲང་གི་སྲང་དམིགས་རྣམས་ལ་ལན་གསུམ་རེ་གདབ། དེ་ལྟར་བྱིན་གྱིས་བརླབས་པའི་བྲེ་ལ་འབྲུ་དང་ཟས་སྐོམ་ཐམས་ཅད་བཅལ་ཏེ་ཐམས་


RTZ049_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་སྐད་གསང་མཐོན་པོས། གཅིག །གཉིས། གསུམ། བཞི། ལྔ། དྲུག །བདུན། བརྒྱད། དགུ། བཅུ། བརྒྱ། སྟོང་། ཁྲི། འབུམ། བྱེ་བ། ས་ཡ། དུང་ཕྱུར། ཞེས་ལན་མང་དུ་སྒྲོགས་ཤིང་འཇལ། ཡང་གསེར། དངུལ། དར་ཟབ་རྣམས་སྲང་ལ་བཏེགས། རྡོ་རྗེ་སློབ་དཔོན་གྱིས་མང་པོར་སྤེལ་བའི་སྔགས་ཁོ་ན་བཟླ་ཞིང་གཞུང་ལྟར་དམིགས་པ་བྱ་བ་ལས་གྲངས་མི་འདྲེན། གཞལ་ཟིན་ནས་བྲེ་སྲང་རྣམས་སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་བརྡུང་ཞིང་བཅག །གླུད་ཡས་རྣམས་གླུད་ཕད་ཀྱི་ནང་དུ་གཞུག་པ་སོགས་བྱའོ། །དེ་ནས་བཀའ་བསྒོ་ཞིང་དམ་ལ་བཞག་པའི་ཕྱིར་རྔ་རོལ་དང་བཅས་ཏེ། ཧཱུྃ༔ རི་རྒྱལ་ལྷུན་པོའི་རྨང་འོག་ན༔ རྒྱ་མཚོ་ཆེན་པོའི་གཏིང་རུམ་ན༔ རླུང་ནག་འཚུབ་མའི་སྟེང་ཤེད་ན༔ བསྐལ་པའི་མེ་དང་རྒྱ་མཚོའི་བར༔ ལྕགས་སྲེག་ནག་པོའི་ས་གཞི་ལ༔ ལྕགས་ཀྱི་ཁང་པ་སྒོ་མེད་ནང༔ གཤིན་ཡུལ་འཇིག་རྟེན་རྨེ་ནག་ཅེས༔ ཟིན་ནས་ཐར་ས་མེད་པའི་གནས༔ འཇིགས་སུ་རུང་བའི་གནས་དེ་ན༔ འཆི་བདག་ཆོས་ཀྱི་རྒྱལ་པོ་ཁྱོད༔ མངོན་ཤེས་མཐུ་དང་རྫུ་འཕྲུལ་ལྡན༔ དགེ་སྡིག་ཆོས་བཞིན་སྤྱོད་པ་པོས༔ ཁྱོད་ལ་ལན་ཆགས་སྟོང་ཁྲིན་སྦྱིན༔ འབྱོར་པའི་ལོངས་སྤྱོད་གླུད་འབུལ་གྱིས༔ འཇིག་རྟེན་ས་སྟེང་ལྷ་མིའི་ཡུལ༔ དགེ་བཅུ་དམ་ཆོས་སྤྱོད་པའི་སར༔ དེང་ནས་མི་ལོ་བཅུ་གསུམ་དུ༔ འཆི་བདག་


RTZ049_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་མ་འདེབས་ཤིག༔ གཤིན་རྗེའི་ཕོ་ཉ་མ་གཏོང་ཞིག༔ འཇམ་དཔལ་ཡ་མཱནྟ་ཀ་ཡི༔ བཀའ་དང་དམ་ལ་མ་འདའ་ཞིག༔ ཅེས་བརྗོད། གཞུང་ལས། ལྷའི་ང་རྒྱལ་གྱིས་འཆི་བདག་གཤིན་རྗེའི་ལྕེ་སྟེང་དུ་ཏྲི་ཤུལ་ཞེས་བྱ་སྟེ་རལ་གྲི་རྩེ་གསུམ་པ་གཅིག་གིས་བདུད་རྩི་བཞག་པར་བསྒོམ༔ ཞེས་གསུངས་པས་དེང་སང་ཕྱག་ལེན་དངོས་སུ་མཛད་པས། སློབ་དཔོན་གྱི་ཕྱག་གཡོན་པས་དྲིལ་བུ་དང་བཅས་ཏེ་ཁ་ཊཱཾ་གཤིན་རྗེའི་གཟུགས་བརྙན་གྱི་ལྕེ་སྟེང་དུ་བཞག །གཡས་པས་རྡོ་རྗེ་དང་བཅས་པའི་བདུད་རྩི་ཁ་ཊྭཱཾ་གའི་རྭ་དབུས་མ་ནས་བརྒྱུད་དེ་ལྕེར་བླུད་ཅིང་། ཨོཾ་ཡ་མཱནྟ་ཀ་ཡ་བ་ཏི་ས་མ་ཡ་ན་ར་ཀན༔ ཞེས་བརྗོད་དམིགས་པ་གསལ་བས་དམ་ལ་བཞག་གོ །དེ་རྗེས་གླུད་ཡས་རྣམས་གཏོང་བ་ནི། གཞུང་ལས། དེ་ནས་རོལ་མོའི་ཚོགས་དང་བཅས་ཏེ་འཆི་བདག་ཁ་ལྷོ་རུ་བསྒྱུར་ནས༔ སྐྱེས་པ་ཆས་གོས་ནག་པོ་གྱོན༔ མཚོན་ཆ་ཐོགས་པ་མང་པོས་བཏེགས་ལ༔ བསམ་པ་ནི༔ དྷི་ཨ་ཡཾ༔ ཞེས་བརྗོད་པས་རླུང་གི་ཤུགས་དང་ལྡན་པའི་རྔ་མོ་མང་པོས་བསྐྱོད་ཅིང་འཆི་བདག་གཤིན་རྗེ་གླུད་དང་བཅས་པ་བཏེགས་ནས་ལྷོ་ཕྱོགས་སུ་འགྲོ་བར་བསམ༔ ཁྲོ་བོའི་ང་རྒྱལ་དང་ལྡན་པས་རོལ་མོ་མང་པོའི་ཚོགས་དང་བཅས་འདི་སྐད་ཅེས་བརྗོད་དོ༔ ཞེས་གསུངས་པས་གཞུང་བཞིན་སྐྱེས་པ་གོ་མཚོན་ཅན་ཤོམ་ན་བྱེད། མ་གྲུབ་ན་གླུད་ཡས་རྣམས་བསྒྱུར་ཞིང་དཔོན་སློབ་རྣམས་བཞེངས་ཏེ་ལྷའི་ང་རྒྱལ་གྱིས་རོལ་མོར་བཅས་ཏེ་འདི་སྐད་དོ། །ཧཱུྃ༔ འཆི་བདག་


RTZ049_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ནག་པོའི་ཚོགས༔ ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན༔ འགྲོ་བའི་སྲོག་བདག་ཆེན་པོ་ཁྱོད༔ མ་རུངས་གཤིན་རྗེའི་འཁོར་གྱིས་བསྐོར༔ བགེགས་ཀྱི་རྒྱལ་པོ་འཁོར་བཅས་ལ༔ མཆོད་སྦྱིན་གཏོར་གླུད་བཟང་པོ་འདིས༔ བུ་ལོན་ལན་ཆགས་བཅལ་ཟིན་གྱིས༔ གླུད་དང་གཏོར་མ་འདི་ལོངས་ལ༔ ང་ཡི་སེམས་བསྐྱེད་གནས་འདི་རུ༔ གཤིན་རྗེའི་གནོད་པ་མ་གཏང་ཞིག༔ བདུད་ཀྱི་ཁྲམ་ལ་བཏབ་པ་ཕྱིས༔ འཆི་བདག་ཞགས་པས་མ་ཆིངས་ཤིག༔ སྔོན་ཆད་བཅིངས་ན་ད་ལྟ་ཁྲོལ༔ སྐྱེ་འགྲོ་གསོད་པའི་ལས་མ་བྱེད༔ བདུད་ཀྱི་ཁྲམ་ཁ་སླར་ལ་བརྟུལ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ ལན་ཆགས་སྟོང་ཁྲིན་བཅལ་ཟིན་གྱིས༔ གླུད་དང་གཏོར་མ་འདི་ལོངས་ལ༔ འདི་ནས་ལྷོ་ཡི་ཕྱོགས་སུ་སྐྱོད༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི༔ ཕ་རོལ་རྒྱ་མཚོ་ནག་པོའི་སྟེང༔ ཉི་མ་ཟླ་བ་མེད་པའི་གནས༔ མུན་རུམ་འཁྱིལ་པའི་ནང་ཤེད་ན༔ འཆི་བདག་གཤིན་རྗེའི་རང་གནས་ཡོད༔ སྐྱོད་ཅིག་གཤིན་རྗེ་དེ་རུ་སྐྱོད༔ གཤེགས་ཤིག་འཆི་བདག་འཁོར་བཅས་གཤེགས༔ བགེགས་ཀྱི་རྒྱལ་པོ་ད་སྐྱོད་ཅིག༔ འདི་ཡང་ཕྱག་ལེན་དུ་ལན་གསུམ་མཛད་ཅིང་འདུག །དེ་རྗེས་གཞུང་ལས། ཆུ་བོ་ཆེན་པོའི་གཞུང་ངམ༔ ལམ་པོ་ཆེའི་བཞི་མདོར་ཁ་ལྷོ་རུ་བལྟས་ཏེ་བསྐྱལ་


RTZ049_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལོ༔ རྔ་མོ་མང་པོའི་ཤུགས་ཀྱིས་ལྷོ་ཕྱོགས་སུ་བསྐྱོད་དོ༔ ཕྱིའི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུགས་པའི་རྩ་བར་ཁྱེར་བར་བསམ་མོ༔ ཡི་དམ་ལྷའི་ང་རྒྱལ་གྱིས༔ ཨོཾ་ཡ་མ་མེ་ཏ་ཀྵེ༔ ར་ཙ་སཏྭ་རུ་ན་ཡོ་ནི༔ ར་ཡ་ཙ་ནི་སརྦ་ཙ་ཏུར་ནན༔ སྙིང་གཟེར་བྲེང་ཤག་ཡཾ་རྦད༔ ཅེས་བརྗོད་པས་ཁམས་གསུམ་ཐམས་ཅད་འཇམ་དཔལ་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ཀྱིས་ཁེངས་ཏེ༔ ལྷ་ལས་འོད་ཟེར་མཚོན་ཆ་སྣ་ཚོགས་སུ་འཕྲོས་ནས༔ འཆི་བདག་གཤིན་རྗེ་བདུད་དང་བགེགས་ཀྱིས་བསྐོར་པ་ཐམས་ཅད་རྒྱ་མཚོ་ཆེན་པོའི་ཀློང་དུ་བསྐྱལ་ཏེ༔ མཚོ་ཐོག་ཏུ་བྲག་ཞིག་པ་ལྟར་ཆོལ་སྒྲ་དང་བཅས་ཏེ་གཤིན་རྗེ་རང་གི་ཡུལ་དུ་སིལ་ཏེ་སོང་ནས༔ བསྐལ་པ་འདི་མ་འདས་ཀྱི་བར་ཕྱིར་མི་ཐོན་པར་བསམ་མོ༔ ཞེས་གསུངས་པ་ལྟར་སྔགས་དམིགས་རྣམས་བྱ། སློབ་དཔོན་ནང་དུ་བཞུགས། གཞན་རྣམས་ཀྱིས་རོལ་མོར་བཅས་ཏེ་གླུད་ཡས་རྣམས་ཆུ་བོ་ཆེན་པོའི་གཞུང་ངམ། ལམ་པོ་ཆེའི་གཞི་མདོར་ཁ་ལྷོར་བསྟན་ཏེ་བསྐྱལ་ལོ། །མཱ་ར་ཡའི་དྲག་བརྡུང་བྱས་ཏེ་ཕྱིར་ལོག །སྒོ་དྲུང་དུ་མེ་ཆུའི་རྒྱས་འདེབས་སོགས་བྱའོ། །ས་བཅད་གསུམ་པ་རྗེས་ལས་ཀྱི་མཇུག་བསྡུ་བ་ནི། སློབ་དཔོན་གྱིས་གླུད་ཡས་རྣམས་སོང་འཕྲལ་དམིགས་པ་རྣམས་གསལ་གདབ་རྗེས། གཞུང་ལས། འཆི་བདག་གི་དཀྱིལ་འཁོར་ནག་པོ་གྲུ་གསུམ་བསྡུ༔ ས་གཞི་གས་ནས་འཆི་བདག་ནག་པོ་སྤྱན་དྲངས་པའི་སྒོ་དེ་བཀག་པར་བསམ་མོ༔ ལྷའི་ང་རྒྱལ་གྱིས་བྲོ་བརྡུང༔ ཞེས་གསུངས་པ་ལྟར་དཀྱིལ་འཁོར་ཕྱག་ཤུལ་


RTZ049_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱས་པར་ན་ཚེ་བདག་ལྟར། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ཀུན། །ཞེས་སོགས་སམ། བསྡུ་ན་རང་གཞུང་ལྟར། ཨེ་ནན་བྷིག་ནན༔ སཏྭམྦྷ་ཡ་ནན༔ ཞེས་བརྗོད་པས་རྡོ་རྗེ་རྒྱ་གྲམ་གྱི་ས་གཞིར་གྱུར་ནས་བསྐལ་པ་མ་སྟོངས་ཀྱི་བར་དུ་མི་ཐར་བར་བསམ་མོ༔ ཞེས་གསུངས་པ་ལྟར་བྱའོ། །དེ་ནས་ལྷག་མ་ཆད་ཐོ་སོགས་མཇུག་གི་ཆོ་ག་རྣམས་དང་། ཁྱད་པར་ལོང་ཡོད་ན་ཚེའི་ཆོ་གའི་སར་ཕྱིན་ཏེ་སློབ་དཔོན་གྱི་ཆོ་ག་བསྡུས་ཙམ་ཞིག་བཏང་སྟེ། འཆི་ཟློག་པ་རྣམས་ལ་དབང་བསྐུར་བ་སོགས་མཛད་སྲོལ་ཡོད་པས། མདོར་ན་ཐམས་ཅད་སླ་ཆོས་སུ་མ་སོང་བར་བྱ་ཞིང་། གཙོ་བོར་གཏེར་གཞུང་ཉིད་ལ་ཞིབ་ཏུ་བལྟ་བར་གཅེས་སོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། རྩ་བ་ལས། ཐབས་དང་ཆོ་ག་དེ་བྱས་ན༔ འཆི་བདག་ལག་ཏུ་ཚུད་པ་ཡང༔ ལོ་ལྔའི་བར་དུ་བཟློག་པར་འགྱུར༔ དེ་ཚེ་དག་པའི་ལྷ་བསྒྲུབས་ན༔ ཕུང་པོ་ལྷ་ཡི་སྐུར་གྱུར་ན༔ དེ་དང་འཕྲད་པར་ག་ལ་འགྱུར༔ ཞེས་དང་། མན་ངག་འགྲེལ་པ་ལས། དེ་ལྟར་བྱས་པའི་རྣལ་འབྱོར་པའི་སེམས་བསྐྱེད་ཆེ་ཆུང་གང་ཡིན་པའི་ཁོངས་སུ་འཆི་བདག་གི་ཞགས་པས་མི་ཐེབས་ཏེ། འཆི་བའི་རྐྱེན་དང་ནད་དང་རིམས་དང་འཁྲུག་པ་ལ་སོགས་པའི་འཆི་རྐྱེན་ཐམས་ཅད་ལོ་བཅུ་གསུམ་གྱི་བར་དུ་འབྱུང་བར་མི་འགྱུར་རོ། །འཆི་བདག་ཟློག་པའི་ཆོ་ག་འདིས་འཆི་བདག་གི་ལག་ཏུ་ཚུད་པ་ཡང་ལོ་ལྔའི་བར་དུ་འཆི་བ་བསླུ་བར་འགྱུར་རོ། །ཞེས་གསུངས་པས་བྱིན་རླབས་ངོ་མཚར་རྨད་དུ་བྱུང་བའོ། །རྣམ་དག་ཟབ་མོའི་གཏེར་


RTZ049_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདུད་རྩིའི་སྨན། །འགྲོ་བའི་ལུས་སེམས་ནད་སེལ་ཕན་བདེའི་གཏེར། །རིག་འཛིན་བརྒྱུད་པའི་ཞལ་ལུང་དྲོད་པོ་ཆེ། །མ་ཉམས་རང་གཞན་དོན་དུ་ཡི་གེར་སྤེལ། །གནས་སྐབས་དུས་མིན་འཆི་བའི་རྐྱེན་བཟློགས་པས། །དལ་འབྱོར་དོན་ཡོད་རང་གཞན་ཕན་བདེ་འགྲུབ། །མཐར་ཐུག་འཆི་མེད་དོན་གྱི་འབྲས་སྟེར་བ། །འདི་འདྲའི་གདམས་ངག་གཞན་ལས་ངོ་མཚར་རྨད། །རྒྱ་བོད་པཎ་གྲུབ་རྒྱུ་སྐར་བྱེ་བའི་དབུས། །བོད་ཁམས་མུན་གླིང་སྐྱོང་བའི་ཉིན་བྱེད་དབང་། །མཚོ་སྐྱེས་པདྨ་རྒྱལ་པོའི་རྣམ་ཐར་ལ། །མི་ཕྱེད་དད་པའི་ཡི་རངས་ལན་བརྒྱར་འབུལ། །སྐྱེ་བ་ཀུན་ཏུ་ཁྱེད་བསྟན་འཛིན་སྐྱོང་སྤེལ། །གསུང་རབས་འཆད་རྩོད་རྩོམ་པའི་སྐལ་བཟང་ཐོབ། །མཐོང་ཐོས་དྲན་རེག་སྨིན་གྲོལ་ཕྲིན་ལས་ཀྱིས། ཁྱོད་བཞིན་བསྟན་འགྲོའི་དོན་གཉིས་ལྷུན་གྲུབ་ཤོག །སྔོན་བྱོན་མཁས་དང་གྲུབ་པའི་སྐྱེ་སྤྲུལ་རྣམས། །དེང་སང་དབྱངས་གསལ་བཞུགས་གྲལ་ངོ་མི་མཁྱེན། །སྔགས་འཆང་གོས་དཀར་ཕུར་ཕྲེང་ནུས་པར་རློམ། །གྲོང་ཆོག་འགྲིམས་རྣམས་ལག་ལེན་མན་ངག་བྲལ། །དེ་ཕྱིར་དབེན་པར་ཟབ་དོན་སྒོམ་པ་ལས། །གཞན་པའི་ཉིང་དགོས་ཅུང་ཟད་མ་མཆིས་ཀྱང་། །ལྷ་བྲག་ཐུགས་གཏེར་བསྟན་པ་རིན་པོ་ཆེར། །ཕན་ཕྱིར་ཟབ་གནད་ལག་ལེན་གསལ་བར་བྱས། །དེ་ལྟའི་དགེ་བ་ཉིན་མོར་བྱེད་པ་ཡིས། །བསྟན་འགྲོར་ཕན་བདེའི་པད་ཚལ་རྒྱས་པ་དང་། །སྲིད་པའི་མུན་ཁང་སྟུག་པོ་རབ་བཅོམ་སྟེ། །དགེ་ལེགས་སྣང་བ་ཆེན་པོས་ཁྱབ་གྱུར་ཅིག །དེ་ལྟར་གཤིན་རྗེ་འཆི་བདག་


RTZ049_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཟློག་པའི་ཆོག་ཁྲིགས་སུ་བྱས་པ་རིག་འཛིན་གྲུབ་པའི་ཞལ་ལུང་ཞེས་བྱ་བ་འདི་ཡང་གཙོ་བོར་གཏེར་གཞུང་ཉིད་དང་། ༧སྐྱབས་མགོན་རྒྱལ་དབང་མཆོག་གིས་མཛད་པའི་འཆི་བདག་གཡུལ་ལས་རྒྱལ་བའི་རུ་མཚོན་སོགས་རིག་འཛིན་བརྒྱུད་པའི་བླ་མའི་མན་ངག་རྣམས་ཀྱི་དགོངས་དོན་གསལ་བར་བྱས་ཏེ། ནོར་འཁྲུལ་གབ་སྦས་དང་རང་བཟོའི་དྲི་མས་མ་སྦག་པར། རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་སོགས་འགའ་ཞིག་གིས་བསྲེ་བསླད་སྣ་ཚོགས་བྱས་པའི་ཆོག་སྒྲིག་འབྱམས་པ་སོགས། འཆོལ་བར་དཔྱད་པའི་ཉེས་པ་རྣམས་ལས་ལྡོག་པའི་ཕྱིར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་པདྨ་ཕྲིན་ལས་ཀྱིས་རང་གནས་སུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་སྨན་མཆོག་གོ །སརྦ་མངྒ་ལཾ།། །།


previousགཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་རིག་འཛིན་གྲུབ་པའི་ཞལ་ལུང་། པདྨ་ཕྲིན་ལས།next