Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།

27 occurrences of གཡོན་དུ་
[Clear Hits]


collapse section
  
  
  
  
  
  
  
 
བླ་མའི་མཆོད་ཆོག་ནམ་མཁའ་ཡེ་དྭངས་ཀྱི་སྨིན་དབང་དང་བསྐང་བཤགས་ལྷན་ཐབས་སུ་བསྡེབས་པ།
  
  
  
  
  
 
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
expand section
  
  
expand section
  
expand section
 
 
 
 
 
 
  


27 occurrences of གཡོན་དུ་
[Clear Hits]

 
previousབླ་མའི་མཆོད་ཆོག་ནམ་མཁའ་ཡེ་དྭངས་ཀྱི་སྨིན་དབང་དང་བསྐང་བཤགས་ལྷན་ཐབས་སུ་བསྡེབས་པ། next

བླ་མའི་མཆོད་ཆོག་ནམ་མཁའ་ཡེ་དྭངས་ཀྱི་སྨིན་དབང་དང་བསྐང་བཤགས་ལྷན་ཐབས་སུ་བསྡེབས་པ།


SPN001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མཆོད་ཆོག་ནམ་མཁའ་ཡེ་དྭངས་ཀྱི་སྨིན་དབང་དང་བསྐང་བཤགས་ལྷན་ཐབས་སུ་བསྡེབས་པ་བཞུགས་སོ། །གུ་རུ་དྷརྨ་ཀཱ་ཡ་ན་མཿའདིར་བླ་སྒྲུབ་མཆོད་པ་དང་འབྲེལ་བའི་སྤྲོས་མེད་དོན་གྱི་དབང་བཞི་ལེན་པ་ནི་གཞུང་དུ་གསལ་ནའང་། སྤྲོས་པ་ལ་དགའ་བའི་སྐལ་བ་དང་ལྡན་པ་རྣམས་ཀྱི་ངོར་གསང་སྔགས་བླ་མེད་ལུགས་ཀྱི་སྨིན་དབང་གིས་རྒྱུད་བརླན་པའི་གདམས་པ་སྤེལ་བ་བྱ་སྟེ། དེའང་དང་པོ་བཤམས་བཀོད་ལ། བུམ་སྟེགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ལྔ་ཚན་ལྔའི་རྫས་དང་རྒྱུན་འབབ་ཆུས་སུམ་གཉིས་བཀང་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལ་ཁ་རྒྱན་དང་། དུང་ཆོས། གཟུངས་རྡོར་སོགས་བཤམས། གཞན་ཡང་དབང་རྫས་ཀྱི་རིགས་དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་གི་རྡོར་དྲིལ། ཐོད་པ་བདུད་རྩི་དམ་


SPN001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱིས་གཏམས་པ། གཟུངས་མའི་ཙཀླི། དམ་ཆུ། མཎྜལ་བཀྱེ་བསྡུའི་ཆས་སོགས་དང་ཉེ་བར་མཁོ་བ་རྣམས་ཀྱང་འདུ་བགྱིད་ཅིང་། ལས་བུམ་ཡང་གང་བདེར་བཞག །སླར་དགོས་རྒྱུའི་སྔོན་གཏོར་ཞིག་ཀྱང་བཤམས། སློབ་དཔོན་གྱི་མདུན་ དུགཡོན next hit་ནས་བརྩམས་ཏེ་ནང་མཆོད། ཅང་ཏེའུ། རྡོར་དྲིལ། ནས་བཟེད་རྣམས་བཀོད་ལ། གཉིས་པ་གཞུང་ལྟར་གྱི་གདོན་བྱ་རྣམས་མཐར་ཆགས་སུ་བཏོན་ཏེ་མདུན་བསྐྱེད་བསྙེན་པ་བཅས་ཟིན་ནས་བུམ་པ་བདུད་རྩིས་བསངས་ཞིང་། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་དང་། ཆོས་རྣམས་མི་དམིགས་སྟོང་པ་ཉིད་དུ་གྱུར། །བྷྲཱུྃ་ལས་རིན་ཆེན་བུམ་པ་མཚན་རྫོགས་ཀྱི། །དབུས་སུ་པད་སྡོང་ཡལ་ག་ལྟར་གྱེས་པའི། །སོགས་མདུན་བསྐྱེད་ཇི་བཞིན་ལ། མི་མངོན་ཆོས་དབྱིངས་གནས་ནས་རྩ་གསུམ་གྱི། །དཀྱིལ་འཁོར་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་བུམ་ལྷར་གཉིས་སུ་མེད་པར་ཐིམ། །རྡོ་རྗེ་བསྡུ་བའི་རྒྱས། ༀ་ཤྲཱི་མཱན་གུ་རུ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཞེས་སྤྱན་དྲངས་ཏེ། ཛཿཧཱུྃ་བྃ་ཧོཿདབྱེར་མེད་དུ་གྱུར་པར་མོས་ལ་དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །དབང་ལྷ་སྤྱན་དྲངས་ཁྲུས་གསོལ་ཞིང་། །ཆུ་ཞབས་གྱེན་བརྟེན་རིགས་ལྔ་ཡིས། །རྒྱས་གདབ་ལྷ་རྣམས་རང་ཐིམ་གྱུར། །གཞུང་ལྟར་མཆོད་པ་བྱིན་གྱིས་བརླབས་ལ། མཐའ་ཡས་ཞིང་ཁམས་རབ་འབྱམས་ཀྱི། །དག་ཅིང་དྲི་མེད་མཆོད་པའི་རྫས། །སྣ་ཚོགས་བློ་ཡིས་བླངས་ནས་སུ། །དཀྱིལ་འཁོར་ལྷ་ལ་འབུལ་བར་བགྱི། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ།


SPN001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ། པཱ་དྱཾ་ནས། ཤབྡའི་བར་གྱིས་མཆོད། གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུྃ། །དེ་མཐར་སྔགས་ཕྲེང་འོད་ཟེར་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་ཞིང་སླར་འོད་འཕྲོས། །བདག་གཞན་འགྲོ་བའི་སྡིག་སྒྲིབ་ཀུན་དག་གྱུར། །པར་བསམས་ལ་སྔགས་ཚན་ལྔ་པོ་སོ་སོར་བཟླའོ། །མཐར་དུང་ཆོས་ཀྱི་ཆུ་བུམ་བར་ཕུལ་ལ། ༀ་ཤྲཱི་མཱན་གུ་རུ་མཎྜལ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། །ཞེས་མཆོད་ཡོན་འབུལ་ཞིང་། བུམ་ལྷ་འོད་ཞུ་དག་བྱེད་ལྷ་ཆུར་གྱུར། །པུཥྤེ་སོགས་ནས། ནཻ་ཝི་དྱེ་ཨཱཿཧཱུྃ་གིས་མཆོད། དེ་ནས་གཟུངས་རྡོར་ལས་བུམ་ཁར་སྤོ་ནས་ལས་ལྷ་བསྐྱེད་པ་ནི། བིགྷྣཱན་གྱིས་བསངས་། སྭ་བྷཱ་ཝས་སྦྱངས། ལས་བུམ་དབུས་སུ་པད་ཉིའི་སྟེང་། །བགེགས་མཐར་བྱེད་པ་སྐུ་མདོག་མཐིང་། །རྡོ་རྗེ་ཞགས་བསྣམས་ཁྲོ་ཆས་རྫོགས། །ཐུགས་ཀར་ཧཱུྃ་མཐར་སྔགས་ཕྲེང་གསལ། ༀ་ཨཱཿབིགྷྣཱན་སོགས་ཉེར་གཅིག་བརྗོད་ལ་མཐར་བུམ་ཆུའི་བསང་གཏོར་བཅས། བསྲུང་དང་བཟློག་པའི་ཕྲིན་ལས་མཛོད། །ཁྲོ་རྒྱལ་འོད་ཞུ་བུམ་ཆུར་གྱུར། །པར་མོས་ལ། གསུམ་པ་བདག་ཉིད་འཇུག་ཅིང་དབང་ལེན་པ་ནི། རང་ཡི་དམ་དུ་གསལ་བཞིན་པར། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱིས་དབང་གི་བྱ་བ་མཛད་པར་དམིགས་ལ། ལས་བུམ་གྱི་ཁྲུས། ཇི་ལྟར་བལྟམས་པ་སོགས་ནས། ས་མ་ཡ་ཤྲི་ཡེ་ཧཱུྃ་བར་དང་། གཞུང་གི་མཎྜལ། ཞིང་ཁམས་ཡང་དག་སོགས་ནས། ས་མ་ཡེ་ཨཱཿཧཱུྃ། བར་གྱིས་ཕུལ། དེ་ནས་གསོལ་བ་གདབ་བ་ནི། ཀྱཻ། དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །དཀྱིལ་འཁོར་ཀུན་བདག་


SPN001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ། བདག་ལ་སྨིན་བྱེད་ཟབ་མོའི་དབང་། །རྒྱུད་གྲོལ་ཐུགས་རྗེས་བཟུང་དུ་གསོལ། །འདི་རིགས་ལན་གསུམ་མམ་རེ་རེས་འཐུས་སོ། །སློབ་དཔོན་གྱིས། ཀྱེ་ཧོཿའདིར་ཚོགས་རིགས་ལྡན་གྱི། །རྡོ་རྗེ་སློབ་མ་ཁྱེད་རྣམས་ཉོན། །གསང་སྔགས་དབང་བཞིའི་ལམ་ཟབ་མོའི། །སྣོད་དང་ལྡན་པའི་ལས་ཅན་དག །ཞུགས་ཀྱི་དེ་བས་སྐལ་དམན་རྣམས། བལྟ་བར་མི་དབང་དེངས་པར་རིགས། །དེའི་ལན་དུ། ཨེ་མ། བདག་ཅག་ངེས་པར་འཁོར་བ་ལས། །ཐར་འདོད་བྱང་ཆུབ་སེམས་བསྐྱེད་ཅིང་། །གསང་བ་སྔགས་ཀྱི་དམ་ཚིག་རྣམས། །ནམ་ཡང་མི་སྤང་སྲོག་ལྟར་བསྲུང་། །ཞེས་ཞུའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག་ལ། ཧོཿགསང་བ་ཆེན་པོའི་དཀྱིལ་འཁོར་དུ། །དེང་ནས་འཇུག་གོ་དམ་མེད་ལ། །སྨྲ་བར་མི་རུང་དམ་བཅའ་བཟུང་། །དེ་ཕྱིར་ཐ་ཚིག་ངོ་བོར་འཚལ། །སློབ་མས། བཛྲ་ས་མ་ཡ་རཀྵཿབརྗོད་ལ་དམ་ཆུ་བླུད། དེ་ནས་གཞུང་ལྟར་གྱི་སྔོན་གཏོར་བྱིན་གྱིས་བརླབས་ལ་བསྔོ་ཞིང་འབུལ་ཏེ་སྲུང་འཁོར་བཅས་ཟིན་ནས། ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་བསྐྱེད་ཕྱིར། །སྙིང་གར་ཟླ་སྟེང་རྡོ་རྗེ་རྩེ་ལྔ་བསྒོམ། །ༀ་སརྦ་ཡོ་ག་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། །ལན་གསུམ་སྙིང་གར་རྡོ་རྗེས་རེག་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཡེ་ཤེས་དབབ་ཕྱིར་གསོལ་བ་གདབ་པ་ནི། བཀའ་བརྒྱུད་བླ་མ་དཔའ་བོ་རྣལ་འབྱོར་ཚོགས། །ཡེ་ཤེས་ཆོས་སྐྱོང་རྣམས་ཀྱིས་བདག་བྱིན་རློབས། །ལན་གསུམ། དེ་ནས་དབང་གི་གཞི་འགོད་པའི་དོན་


SPN001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དམིགས་པ་ནི། སྔར་བསྐྱེད་པ་ཇི་ལྟར་སླར་ཡང་སློབ་མའི་དོན་དུ་གསལ་གདབ་པ་ནི། མདུན་མཁར་གཞལ་ཡས་དཀྱིལ་འཁོར་གྲུ་བཞི་པ། །སྒོ་བཞི་རྟ་བབས་སོགས་མཐར་ཆགས་སུ་བཏོན་ལ། རབ་འབྱམས་ཞིང་རྣམས་མ་ལུས་སྐུ་ལ་རྫོགས། །བར་དང་། བདག་ཉིད་གཞན་ལ་དབང་བསྐུར་དུས་ཁྱེད་རང་བརྗོད་ལྷར་གསལ་ཐུགས་ཀའི་འོད་ཟེར་གྱིས། །སློབ་དཔོན་ཐུགས་རྒྱུད་བསྐུལ་ཞིང་སླར་འོད་འཕྲོས། །དཀྱིལ་འཁོར་ལྷ་ཚོགས་བདེ་ཆེན་རྡོ་རྗེའི་དབྱིངས། །ཟག་མེད་ཐུགས་དམ་རྒྱུད་བསྐུལ་འོག་མིན་དང་། །རང་བཞིན་གནས་ནས་ཡེ་ཤེས་སྤྱན་དྲངས་ཏེ། །མཚོ་ལ་ཆར་བབས་ལྟ་བུ་སློབ་མ་ལ། །སིབ་སིབ་ཐིམ་པས་དབྱེར་མེད་རོ་གཅིག་གྱུར། །གུ་གུལ་དང་སྤོས་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས། སྟེང་དག་པ་འོག་མིན་སོགས་ཀྱིས་བྱིན་འབེབས་ཤིང་དབྱངས་དང་བཅས། དབང་བསྐུར་ལ་བྱིན་ཆེན་དབབ་དུ་གསོལ། །བར་དང་། ༀ་ཨཱཿགུ་རུ་བཛྲ་དྷྲྀཀྲ་དེ་ཝ་ཌཱཀྐཱི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཿལན་ཁ་ཤས་བརྗོད་ཅིང་སྣང་བ་འགྱུར་ངེས་སུ་བྱིན་ཕབ། དེ་ནས་ངོ་སྤྲད་རྡོ་རྗེའི་གླུ་བླང་བ། ལྟོས་ཤིག་རང་སེམས་སྣང་བའི་རྩལ། །མ་སྐྱེས་མི་འགགས་བརྗོད་བ་བྲལ། །བློ་འདས་བདེ་ཆེན་གཉུག་མའི་གཤིས། །གསལ་ལ་དེར་འཛིན་མེད་པར་སྐྱོངས། །ཡེ་ཤེས་བརྟན་ཕྱིར་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད། དབང་དངོས་གཞིའི་དོན་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ལ། གསོལ་གདབ་ནི། ཨེ་མ། དཔའ་བོ་རྣལ་འབྱོར་མ་


SPN001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཚོགས། །བདག་ལ་དགོངས་མཛོད་དབང་བཞི་ཡི། །ཆུ་བོ་ཆེན་པོས་རྒྱུད་སྨིན་ཅིང་། །གྲོལ་བ་མངོན་གྱུར་བྱིན་རློབས་མཛོད། །ལན་གསུམ། དེ་ནས་དབང་རྫས་རྣམས་རིམ་བཞིན་ཐོགས་ལ། དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས། །དྲངས་པའི་དབང་ལྷ་རིགས་ལྔས་དགོངས་པ་མཛད། །སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་པའི། །མེ་ཏོག་འཐོར་ཞིང་མཆོད་པའི་ལྷ་མོས་མཆོད། །ཁྲོ་བོ་ཁྲོ་མོས་སྲུང་བའི་ལས་མཛད་ཅིང་། །རིགས་ཀྱི་ཡུམ་ལྔས་ཕྱག་ན་བུམ་པ་བཟང་། །ཡེ་ཤེས་བདུད་རྩིའི་བཅུད་བཀང་འཛིན་པ་དང་། །རིན་ཆེན་པྲོག་ཞུ་ཅོད་པན་དར་ཆུན་འཕྱངས། །རྩེ་མོ་དགུ་པའི་རྡོ་རྗེ་འོད་འབར་བ། །དྲིལ་བུ་གྲག་སྟོང་རང་སྒྲ་སྒྲོག་པ་དང་། །མིང་གི་དབང་མཆོག་རྡོ་རྗེ་དྲིལ་བུ་སོགས། །བསྣམས་ནས་དབང་མཆོག་དམ་པ་སྦྱིན་པར་བྱ། །དང་པོ་བུམ་པས་དབང་བསྐུར་བ་ནི་མགོར་བཞག་ལ། ཇི་ལྟར་བལྟམས་པ་སོགས་ནས། ས་མ་ཡ་ཤྲི་ཡེ་ཧཱུྃ་བར་དང་། བུམ་ཆུ་བཏུང་གཞུག་ལ། ༀ་བཛྲོ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏེ་སྟྭཾ་ཨ་ཧཾ། བུམ་ཆུས་བསང་གཏོར་ཡང་བྱ་ཞིང་། དེ་ནས་པྲོག་ཞུ་ཐོགས་ལ། ལོངས་སྤྱོད་ཡོངས་རྫོགས་དབུ་རྒྱན་དབང་། །རིན་ཆེན་དཔལ་དང་ལྡན་དབང་བསྐུར། །ༀ་ཨཱཿམུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། སྤྱི་བོར་བཅིངས་ལ། ༀ་བཛྲོ་ད་ཀ་སོགས་ཆུ་དབང་སྔར་ལྟར་དང་། རྡོ་རྗེའི་དབང་ནི། སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ། །ཆོས་བདུན་ཡོན་ཏན་ལྡན་པར་ཤོག །ༀ་བཛྲ་ཨ་བྷི་ཥཉྩ་ཧཱུྃ། ལན་གསུམ་དུ་རྡོ་རྗེ་


SPN001_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གསོར། ༀ་བཛྲོ་ད་ཀ་སོགས་དང་། དྲིལ་བུ་ཐོགས་ལ། ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ཀྱིས། །འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག །ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དྲིལ་བུ་བཀྲོལ། ༀ་བཛྲོ་ད་ཀ་སོགས་དང་། མིང་དབང་ནི། བདེར་གཤེགས་ཀུན་གྱིས་དབུགས་དབྱུང་ཞིང་། །ལུང་བསྟན་མིང་དབང་མཆོག་ཐོབ་ཤོག །ༀ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བའོ། །རྡོར་དྲིལ་སྤྱི་བོར་བཞག་ནས་བཀྲོལ། ༀ་བཛྲོ་ད་ཀ་སོགས་སྔར་ལྟར་ཆུ་དབང་ཡང་བསྐུར། དེ་ལྟར་ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་དབང་བསྐུར་བས་ཉོན་མོངས་ལྔ། །རྣམ་པར་དག་ཅིང་ཕུང་ལྔ་གནས་འགྱུར་ནས། །ཡེ་ཤེས་ལྔ་ཐོབ་རིགས་ལྔས་རྒྱས་གདབ་གྱུར། །དེ་ལྟར་རིག་པའི་དབང་ལྔ་བསྐུར་བ་ཡིས། །ལུས་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་པར་དབང་། །འབྲས་བུ་སྤྲུལ་སྐུའི་ས་བོན་རྒྱུད་ལ་སྨིན། །དེ་ནས་མཆོག་དབང་གོང་མ་རྣམ་གསུམ་ཆེད་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ལ་གསང་དབང་ནི། ཀ་པཱ་ལ་དམ་རྫས་ཀྱིས་བཀང་བ་སྤྱི་བོ་དང་མགྲིན་པར་བཞག་སྟེ། དཀྱིལ་འཁོར་ལྷ་ཚོགས་བདེ་སྟོང་རང་བཞིན་གྱི། །ཐབས་ཤེས་བྱང་སེམས་རྒྱུན་གྱིས་དབང་བསྐུར་རོ། །བདུད་རྩི་བཏུང་ལ། ཨ་ཧོཿམ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཏུ་མཱཾ། དེ་ལྟར་གསང་དབང་ཐོབ་ནས་ངག་སྒྲིབ་བྱང་། །རྫོགས་རིམ་བསྒོམ་དབང་འབྲས་བུ་ལོངས་སྐུ་འགྲུབ། །དེ་ནས་ཤེར་དབང་ནི། རིག་མའི་ཙཀླི་གཏད་ལ། དཀྱིལ་འཁོར་པ་ལས་གཟུངས་མ་མཚན་ལྡན་སྤྲོས། །སློབ་མར་སྙོམས་ཞུགས་


SPN001_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞིའི་ཡེ་ཤེས་མྱོང་། །དེ་ལྟར་ཤེར་ཡེའི་དབང་ཐོབ་སྡིག་སྒྲིབ་དག །བདེ་སྟོང་བསྒོམ་དབང་འབྲས་བུ་ཆོས་སྐུ་འགྲུབ། །དེ་ནས་བཞི་པ་ཚིག་དབང་ནི། སློབ་མ་རྣམས་ལུས་གནད་བཅས་ལ། སློབ་དཔོན་གྱིས། སྣང་སྲིད་འཁོར་འདས་ཆོས་ཐམས་ཅད། །སེམས་ལས་གུད་དུ་མ་གྲུབ་ཅིང་། །སྤྲོས་བྲལ་ནམ་མཁའི་རྡོ་རྗེ་ཆེ། །ཡང་དག་ཡེ་ཤེས་ངོ་བོར་གསལ། །ཅེས་ངོ་སྤྲད། ཕྱག་ཆེན་ལ་བསྟེན་བཞི་པའི་དབང་བསྐུར་ཐོབ། །སྒོ་གསུམ་སྒྲིབ་དག་ངོ་བོ་ཉིད་སྐུ་འགྲུབ། །དེ་ནས་སློབ་དཔོན་དུ་བསྒྲུབ་པའི་དབང་གི་དོན་དུ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། སློབ་མ་སླར་ཡང་བཛྲ་ས་ཏྭ་གསལ། །རང་འོད་ཡུམ་འཁྱུད་དབང་ལྷ་བུམ་པའི་ཆུས། །ཇི་ལྟར་བཅོམ་ལྡན་བལྟམས་ཚེ་ཁྲུས་གསོལ་བཞིན། །དྲི་མེད་ལྷ་ཆུས་དེང་འདིར་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། །ཞེས་བུམ་དབང་བསྐུར་ཞིང་བཏུང་དུའང་བཅུག །རྡོར་དྲིལ་གཏད་ལ། ཧཱུྃ་དང་ཨཱཿལས་བྱུང་བའི་རྡོ་རྗེ་དྲིལ། །བསྣོལ་ཐབས་སུ་འཛིན་ལ། མ་ཧཱ་བཛྲ་ཧཱུྃ་བཛྲ་གྷཎྜེ་ཨཱཿདཀྲོལ་ལ། གསང་གསུམ་དམ་ཚིག་བརྟན་ཞིང་དེང་ཕྱིན་ཆད། །འགྲོ་བའི་སློབ་དཔོན་དམ་པར་དབུགས་དབྱུང་ངོ་། །ལུང་བསྟན་པ་ནི། སློབ་དཔོན་གྱིས་རྡོར་དྲིལ་དང་བཅས། གཡོན་པས་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན། གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས། ཀྱེ། དེང་ནས་སངས་རྒྱས་སྲས་སུ་གྱུར། །སེམས་ཅན་དོན་ཆེན་བླ་མེད་སྤྱོད། །མ་འོངས་བྱང་ཆུབ་བདུད་རྩི་བརྙེས། །ཆོས་འཁོར་


SPN001_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་རྒྱལ་མཆོག་ཏུ་འགྱུར། །དེ་ནས་དབང་གི་རྗེས་ནི། སློབ་མས། ཧོཿདུས་གསུམ་སངས་རྒྱས་ངོ་བོ་ཉིད། །གང་གི་དྲིན་ལས་ཟབ་ལམ་གྱི། །སྨིན་གྲོལ་དེང་ཐོབ་རྩ་བ་དང་། །ཡན་ལག་དམ་ཚིག་ཚུལ་བཞིན་བསྲུང་། །ལན་གསུམ་དང་། །གཏང་རག་གི་མཎྜལ། ཞིང་ཁམས་ཡང་དག་ནས། སངས་རྒྱས་མྱུར་ཐོབ་ཤོག །བར་ཚང་མ་བརྗོད་ལ་ཕུལ། སླར་ཡང་། དེང་བཟུང་སྙིང་པོ་བྱང་ཆུབ་བར། །རྡོ་རྗེ་ཅན་ཞབས་ཚེ་རབས་སུ། །མི་འབྲལ་བསྒྲུབས་པའི་མཆོད་པ་ཡིས། །བསྙེན་ཅིང་ཐུགས་རྗེས་སྐྱོང་གྱུར་ཅིག །ལན་གསུམ་སོགས་ཀྱིས་གསོལ་བ་སྙིང་ནས་གདབ་བར་བྱ་ཞིང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་ཀྱང་བརྗོད་པར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་བྱའོ།། །།དེ་ནས་ཐུགས་དམ་བསྐང་མཆོད་སྤྲོ་ན། འཆད་འགྱུར་ཇི་བཞིན་བསྐང་རྫས་མཆོད་པའི་བྱེ་བྲག་རྣམས་གང་འབྱོར་འདུ་བྱས་ལ། མར་མེ་རྣམས་སྤར་ཞིང་སྤོས་བསྲེག །ནང་མཆོད་སྦྲེང་། གཞུང་གི་ཚོགས་ཕུད་འབུལ་བའི་འདོད་གསོལ་གྱིས། བཅོལ་པའི་ཕྲིན་ལས་མཛོད་ཅིག །ཅེས་པའི་མཐར་རོལ་མོའི་སྒྲ་སྣ་ཚོགས་ཀྱིས་གཟི་བྱིན་བསྐྱེད་ཅིང་། རྣལ་འབྱོར་པ་རྣམས་ལྟ་སྒོམ་དང་ལྡན་པས་དད་པའི་སེམས་ཀྱིས་དྲངས་ནས། གདུང་བའི་ང་རོས་བསྐུལ་བའི་དབྱངས་དང་བཅས་འདི་སྐད་དོ། །ཧཱུྃ་ཧྲཱིཿའགྱུར་མེད་སྤྲོས་བྲལ་བདེ་ཆེན་ཀློང་། །རང་བྱུང་ལྷུན་གྲུབ་འོད་གསལ་བ། །དངོས་ཀུན་སྣ་ཚོགས་མཉམ་ཉིད་ངང་། །འཁོར་འདས་ཀ་ནས་དག་པའི་དབྱིངས། །ཀུན་བཟང་བརྡལ་ཁྱབ་ཆེན་པོའི་མདངས། །དོན་དམ་ཡེ་ཤེས་དཀྱིལ་


SPN001_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྷ། །གཤེགས་བཞུགས་མཚན་མ་མི་མངའ་ཡང་། །ཀུན་རྫོབ་སྒྱུ་མའི་སྣང་ཆ་ལས། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་པས། །མོས་གུས་གདུང་བས་བསྐུལ་ལགས་ན། །ཆུ་ཟླའི་གར་གྱིས་བརྩེ་བ་ཡི། །ཐུགས་རྗེ་བྲི་གང་དང་བྲལ་བ། །རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས། །འགྲོ་བའི་དོན་དུ་སྐུ་བསྐྱོད་ལ། །བླ་མེད་གསང་ཆེན་རོལ་པ་ཡི། །ཧེ་རུ་ཀ་གནས་དུར་ཁྲོད་ཀྱི། །གཞལ་ཡས་ཚོགས་ཁང་འབར་བ་འདིར། །གསང་བ་མཆོག་གི་མཆོད་པ་རྣམས། །གཞུང་བཞིན་ཇི་ལྟར་བཀྲམ་ནས་སུ། །ཚར་དུ་དངར་བའི་དམ་ཚིག་རྫས། །གདོད་ནས་རྣམ་དག་ར་ས་ཡ། །མ་ཧཱ་པཉྩ་ཨ་མྲྀ་ཏ། །ཚེ་གལ་བ་ལིཾ་རི་ལྟར་བརྗིད། །ཐབས་ཤེས་དབྱེར་མེད་རྒྱན་དང་ལྡན། །དམར་ཆེན་རཀྟའི་རྒྱ་མཚོ་བསྐྱིལ། །རྦ་རླབས་ཕྲེང་བ་ཆལ་ཆིལ་གཡོ། །ག་ཎ་ཙཀྲ་ཟག་མེད་ཀྱི། །ཡེ་ཤེས་བདུད་རྩིའི་རང་བཞིན་ཅན། །རྡོ་རྗེའི་མཆོད་ཡོན་ཞབས་བསིལ་བ། །ཆུ་དང་ཐང་སྐྱེས་སྤོས་ངད་ལྡང་། །སྣང་ཞིང་གསལ་བྱེད་དྲི་ཡི་ཆབ། །བཤོས་གཙང་རྒྱུད་མངས་རོལ་སྙན་སྒྲོགས། །གཟུགས་སྒྲ་དྲི་རོ་རེག་ཆོས་དང་། །རྡོ་རྗེ་ལྷ་མོ་བཅུ་དྲུག་སོགས། །མཉེན་ལྕུག་འཁྲིལ་ལྡེམ་གར་སྟབས་བསྒྱུར། །བདེ་སྟོང་མཆོད་པས་དགྱེས་བསྐྱེད་ཅིང་། །སྟོང་གསུམ་འཇིག་རྟེན་སྣང་སྲིད་ཞིང་། །རི་དབང་ལྷུན་པོ་གླིང་ཆེན་བཞི། །གླིང་ཕྲན་ཁོར་ཡུག་མུ་ཁྱུད་མཛེས། །ཉི་ཟླ་བཀྲ་ཤིས་རྫས་རྟགས་


SPN001_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། །རྒྱལ་སྲིད་ཉེ་བའི་རིན་ཆེན་བདུན། །རྩེ་མོར་ཆོས་བཟང་ལྷའི་ཕོ་བྲང་། །ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་རྣམས། །བཀོད་ལེགས་ཕྱུར་བུར་སྤུངས་ནས་སུ། །ཕྱི་ནང་གསང་བའི་བསྐང་མཆོད་རྫས། །ཀུན་བཟང་རྣམ་ཐར་ལས་ལྷག་པ། །དངོས་འབྱོར་ཡིད་ཀྱིས་མངོན་སྤྲུལ་ནས། །དད་དང་མོས་བློ་རྣམ་དག་པའི། །དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཡིས། །དྲངས་པའི་མི་ཤིགས་ནཱ་དའི་སྒྲ། །མཐའ་ཡས་ཞིང་ཁམས་རྒྱས་འགེངས་པས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །འོག་མིན་སྟོན་པ་ཆོས་ཀྱི་སྐུ། །གདོད་མའི་མགོན་པོ་ཡེ་སངས་རྒྱས། །བཛྲ་དྷ་རའི་ཐུགས་དམ་བསྐང་། །རྣམ་གྲོལ་ཐར་མཆོག་ལམ་སྟོན་གསོལ། །པོ་ཏ་ལ་ཡི་རི་བོ་ནས། །ཚེ་དབང་ཡིད་བཞིན་དཔལ་སྟེར་ཡུམ། །ཨཱཪྱ་ཏཱ་རེའི་ཐུགས༴ རྡོ་རྗེའི་ཆོས་བདུན་ལྡན་བྱིན་རློབས། །མཁའ་སྤྱོད་པདྨ་འོད་ཞིང་དུ། །འཆི་མེད་གྲུབ་བརྙེས་ཨོ་རྒྱན་རྗེ། །པྲ་ཝ་ཀ་རའི༴ མི་འགྱུར་རྟག་བརྟན་ཚེ་དངོས་སྩོལ། །ཡོངས་རྫོགས་ཐུབ་བསྟན་རྒྱལ་མཚན་འཛིན། །དུས་གསུམ་ཀུན་མཁྱེན་ཀརྨ་ཀ། དྷརྨ་ཀཱིརྟིའི༴ ཤེས་བྱ་ཐོགས་པ་མེད་བྱིན་རློབས། །སྣང་སྲིད་ཟིལ་གནོན་རྫུ་འཕྲུལ་ཅན། །གདུལ་དཀའ་མཐར་བྱེད་དཔའ་བོ་ཆེ། །ཆོས་ཀྱི་བླ་མའི༴ ཁམས་གསུམ་དབང་སྒྱུར་མཐུ་སྟོབས་སྩོལ། །མཁྱེན་རབ་ཀེ་ལཱ་ཤ་རིའི་ངོགས། །གཞན་སྟོང་སྨྲ་བའི་གདོང་ལྔ་པ། །རང་བྱུང་རྡོ་རྗེའི༴ མི་འཇིགས་སྤོབས་པ་ཐོབ་བྱིན་རློབས། །


SPN001_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རིགས་དཔུང་ཚོགས་ཡན་ལག་བཞིས། །ལོག་ལྟའི་རྒོལ་པ་སྤ་བཀོང་བའི། །འཛམ་གླིང་ཆོས་གྲགས༴ ཕྱོགས་ལས་རྣམ་རྒྱལ་བློ་གྲོས་སྩོལ། །མཚན་དཔེ་རང་བཞིན་ལྷུན་གྱིས་གྲུབ། །རྩོལ་མེད་འགྲོ་དོན་རྒྱུན་མི་ཆད། །དེ་བཞིན་གཤེགས་པའི༴ འབྲེལ་ཚད་རྫོགས་སངས་རྒྱས་བྱིན་རློབས། །ཐེག་གསུམ་མཐར་ཐུག་ཟབ་མོའི་དོན། །ལེགས་བཤད་ཆོས་ཀྱི་རྒྱལ་ཐབས་འཆང་། །མཐོང་བ་དོན་ལྡན༴ སྒྲིབ་བྲལ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཐུགས་རྗེའི་འོད་དཀར་ཞི་བསིལ་གྱིས། །ཉོན་མོངས་གདུང་སེལ་སྨན་གཅིག་པུ། །རང་བྱུང་མཚོ་སྐྱེས༴ གནས་ལུགས་མངོན་གྱུར་བྱིིན་གྱིས་རློབས། །ཟབ་གསལ་ངོ་བོ་ཉིད་དབྱིངས་ལས། །ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན། །དབྱངས་ཅན་དགའ་བའི༴ ཤེས་རབ་གསུམ་གྱི་སྣང་བ་སྩོལ། །ཨེ་ཝྃ་ཟུང་འཇུག་རོལ་བའི་ཀློང་། །བདེ་སྟོང་མི་ཕྱེད་རྡོ་རྗེ་ཅན། །མི་ཕམ་ཆོས་དབང༴ སྐྱེ་འགགས་གནས་བྲལ་བྱིན་གྱིས་རློབས། །ཀུན་ཁྱབ་འགྱུར་མེད་མཁའ་ཡངས་པོར། །བདེ་ཆེན་དྲྭ་བ་སྡོམ་པའི་གར། །ཆོས་དབྱིངས་རྡོ་རྗེའི༴ མི་རྟོག་ཏིང་འཛིན་རྒྱུད་སྨིན་སྩོལ། །སྲིད་མཚོ་སྒྲོལ་བའི་དེད་དཔོན་ཆེ། །ཡང་དག་ཡེ་ཤེས་ལྔའི་བདག་ཉིད། །ཛྙཱ་ན་བཛྲེ༴ ལས་ཉོན་འཁྲུལ་འཁོར་བཟློག་བྱིན་རློབས། །སྲིད་ཞིའི་དགོས་འབྱུང་དཔག་བསམ་དབང་། །དོན་གཉིས་ཕུན་ཚོགས་ཆར་འབེབས་པ། །བོ་དྷི་བཛྲེ༴ བྱང་ཆུབ་སྙིང་བོར་དབུགས་དབྱུང་སྩོལ། །རིགས་དཀྱིལ་


SPN001_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་འཁོར་ལོས་སྒྱུར། །ངེས་དོན་རྡོ་རྗེ་སློབ་དཔོན་མཆོག །བདུད་ལས་རྣམ་རྒྱལ༴ དབང་བཞི་ཡེ་ཤེས་ཐོབ་བྱིན་རློབས། །ལོངས་སྐུ་ངེས་པ་ལྔ་ལྡན་བདག །གར་དབང་རྡོར་འཆང་རྣམ་པར་འཕྲུལ། །ཆོས་གྲུབ་རྒྱ་མཚོའི༴ ཕྱག་རྒྱ་ཆེན་པོས་རྒྱུད་གྲོལ་སྩོལ། །སྒྲུབ་པའི་སྲོལ་གཏོད་བསྟན་པ་སྤེལ། །རྩོད་ལྡན་འགྲོ་བའི་དོན་སྤྱོད་པ། །རྩ་བརྒྱུད་བླ་མའི༴ དག་སྣང་ཕྱོགས་མེད་འབྱོང་བྱིན་རློབས། །གསང་མཆོག་དགྱེས་པའི་རོལ་པ་ན། །བྱ་སྦྱོད་རྣལ་འབྱོར་བླ་མེད་ཀྱི། །ཡི་དམ་ལྷ་ཚོགས༴ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །སྣང་སྟོང་རྩ་རླུང་ཐིག་ལེ་དང་། །འདུ་འབྲལ་མེད་པར་གནས་ཞིང་སྐྱོང་། །དཔའ་བོ་འཁའ་འགྲོའི༴ བདེ་གསལ་ཉམས་རྟོགས་འཆར་བྱིན་རློབས། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཚོགས། །དམ་ཅན་སྲུང་མའི༴ ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད། །དེ་ལྟར་ཡེ་ཤེས་དཀྱིལ་འཁོར་བའི། །རྩ་གསུམ་རབ་འབྱམས་རྒྱ་མཚོ་རྣམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །འགལ་རྐྱེན་བར་ཆད་རྦོད་གཏོང་ཟློག །ཧོཿདགོངས་སུ་གསོལ་ལོ་རྩ་བ་གསུམ། །མི་མངོན་ཕྱོགས་བཅུའི་ཞིང་བཞུགས་པའི། །རྒྱལ་དང་རྒྱལ་བའི་གདུང་འཚོབ་རྣམས། །དེང་འདིར་གསན་ཅིང་དགོངས་བར་མཛོད། །བདག་སོགས་འཁྲུལ་བློ་གཟུང་འཛིན་དབང་། །བག་ཆགས་བརྟས་པས་ནོངས་གྱུར་པ། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །རྩ་བ་ཡན་ལག་དམ་ཉམས་པ། །


SPN001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རྡོ་རྗེ་རྒྱལ་པོ་ལ། །ལོག་ལྟ་ཕ་མར་མ་གུས་དང་། །སྣོད་མིན་རྣམས་ལ་གསང་སྒྲོག་སོགས། །ཉམས་ཆག་བསྐང་ངོ་དག་ཚངས་སྩོལ། །འཁོར་འདས་གཉིས་ཆོས་ཐམས་ཅད་ཀུན། །ཡེ་ནས་མ་བཅོས་སྤྲོས་མཚན་དབེན། །རྣམ་དག་བདེ་ཆེན་གཉུག་མའི་གཤིས། །རང་རིག་སྐྱེ་བ་མེད་པའི་ཀློང་། །བསྐང་དང་བཤགས་བྱ་མ་གྲུབ་ཀྱང་། །ཆོས་ཉིད་འོད་གསལ་རྫོགས་པ་ཆེ། །དབྱེར་མེད་མ་ཧཱ་མུ་དྲའི་མདངས། །ཆོས་ཅན་རྟེན་འབྲེལ་རང་བཞིན་ལས། །འདའ་དཀའ་རྡོ་རྗེའི་བཀའ་གསང་གཉན། །སྤྱོད་པའི་རྣལ་འབྱོར་མཆེད་རྣམས་ཀྱིས། །རྨད་བྱུང་དམ་རྫས་ཚོགས་འཁོར་ལོའི། །བསྐང་མཆོད་བླ་མེད་ཕུལ་བའི་མཐུས། །བདག་དང་མཐའ་ཡས་སེམས་ཅན་གྱི། །དམ་ཚིག་ཉམས་ཆག་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །ཀུན་བཟང་མཁའ་ཀློང་དབྱིངས་སུ་བསྐང་། །ཆོས་ཉིད་ངང་དུ་སོར་ཆུད་ཤོག །ས་མ་ཡ་ཨ་ཨ་ཨཱཿདེ་ནས་ཞིང་སྐྱོང་བ་རྣམས་དང་མཁའ་འགྲོའི་གཏོར་འབུལ་གཏང་། ཚོགས་ལ་ལོངས་སྤྱོད་པ། ལྷག་མ་དང་རྗེས་ཆོག་བྱིན་རླབས་བསྡུ་བ་སོགས་ཀྱང་བྱའོ། །དེ་ལྟར་སྨིན་དབང་དང་སྐོང་བཤགས་ཀྱི་རིམ་པ་འདི་དག་ཟབ་ལམ་སྤྱོད་པའི་སྐལ་བ་ཅན་རྡོ་རྗེའི་སློབ་མ་མཚན་ལྡན་དགེ་སློང་ཀརྨ་བཀྲ་ཤིས་པའི་བཞེད་ངོར། རྒྱལ་དབང་པདྨའི་མཚན་གྱི་བྱིན་རླབས་ཐོབ་པའི་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་ཚུལ་འདིར་འབྲེལ་ཚད་སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་རང་གྲོལ་ཕྱག་རྒྱ་ཆེན་པོ་མངོན་དུ་ཐོབ་པར་གྱུར་ཅིག །སརྦ་ཐཱ་མདྒ་ལཾ་བྷ་ཝ་ནྟུ།། །།


previousབླ་མའི་མཆོད་ཆོག་ནམ་མཁའ་ཡེ་དྭངས་ཀྱི་སྨིན་དབང་དང་བསྐང་བཤགས་ལྷན་ཐབས་སུ་བསྡེབས་པ། next