ཐུགས་རྗེ་གསང་འདུས་ཀྱི་སྒོ་ནས་བུམ་སྒྲུབ་ཆེན་མོའི་ཕྱག་ལེན་རྣམས་ཟིན་བྲིས་སུ་བཀོད་པ།
ཐུགས་རྗེ་གསང་འདུས་ཀྱི་སྒོ་ནས་བུམ་སྒྲུབ་ཆེན་མོའི་ཕྱག་ལེན་རྣམས་ཟིན་བྲིས་སུ་བཀོད་པ་བཞུགས་སོ། །ན་མོ་ལོ་ཀཱི་ཤྭ་ར་ཡ། འདིར་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་ཆོས་ཐུགས་རྗེ་གསང་འདུས་ཀྱི་སྒྲུབ་ཆེན་སྐབས་སུ་ཉེར་མཁོའི་ཕྱག་ལེན་གོ་བདེ་བར་བཀོད་པ་ལ། ཉིན་དང་པོར། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས་མཐར་རོལ་མོ་བྱིན་རླབས་ཆེད་དུ་
བརྒྱ་བརྡུང་བྱས་ལ་མཐར་རོལ་མོ་བཞག །སྤྱི་གཙུག་པད་སྡོང་འདོན་སྣང་ཡང་དམིགས་པ་གསལ་འདེབས་ཉིད་དུ་ངེས་པའི་ཡིག་རྙིང་རྣམས་ལའང་ཡིག་ཆུང་གྲས་བཀོད་ལྟར་འདོན་པར་མི་བྱའོ། །ཐལ་མོ་སྦྱར་ལ། ན་མོ་བླ་མ་དཀོན་མཆོག་སོགས་སྐྱབས་འགྲོ་སེམས་བསྐྱེད་རྣམས་ལན་གསུམ་རེ། དེ་ནས་གསར་བསྒྲིགས་ནང་གི། རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་སོགས་དང་། ༀ་ཧྲཱིཿཔདྨ་ཏ་ཀྲིཏ་སོགས་བསྙེན་བ་བརྒྱ་རྩ་བརྒྱད་བཟླས། དེ་ཚེ་མཆོད་བཤམས་པས་སྟེགས་བུའི་དབུས་སུ་ས་ལྷའི་ཚོམ་བུ་བཀོད། མདུན་དུ་ཟླུམ་གཏོར་ཆུ་གཉིས་ཉེར་སྤྱོད་བཅས་སྐོར་བཤམས་བྱ། ཆ་གསུམ་གཏོར་མ་བཤམས། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི། དང་པོ་ཐལ་མོ་ཁོང་སྟོང་གི་རྒྱས། ༀ་སྭ་བྷཱ་ཝ་སོགས་གསུམ། རལ་གྲིའི་རྒྱས། ༀ་ཨ་ཀཱ་རོ་སོགས་གསུམ། རྡོར་ཐལ་གྱེན་བསྟན་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་གསུམ། མཐེ་བོང་དང་མཐེའུ་ཆུང་ལུག་རྒྱུད་ཀྱི་ནང་དུ་སྦྲེལ། ལྷག་མ་རྣམས་སྦྲེངས་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས་གསུམ། ལག་གཉིས་རྒྱབ་བསྣོལ་འཁོར་ལོའི་རྒྱས། ༀ་རུ་རུ་སྥུ་རུ་སོགས་གསུམ། མཆོག་སྦྱིན་པའི་རྒྱས། ན་མཿསརྦ་སོགས་གསུམ། ཞེས་པས་བྱིན་བརླབས་ནས། ཕྱོགས་སྐྱོང་
འཇིག་རྟེན་སོགས་ལ་རྒྱུན་གདངས་ཀྱིས་འགེབ་ཚིག་བཞིའི་མཚམས་དྲིལ་གསིལ་ཀུན་ལ་རིགས་འགྲེ་དགོས། ཤབྡའི་བར་མཆོད་རོལ་སུམ་འཕར་ཀུན་ལ་འགྲེའོ། །དབང་པོ་རྡོ་རྗེ་ནས། མཆིས་པར་མཛོད་མཐར་མཆོད་རོལ། ལྷ་དང་ལྷ་མིན་དང་། ཤབྡའི་མཐར་མཆོད་རོལ། འབྱུང་པོ་གང་དག་སོགས་མཆོད་རོལ། སྐད་ཅིག་གིས་རང་ཉིད་རྟ་མཆོག་སོགས་དང་། རྗེ་བཙུན་རྩ་བ་དང་སོགས་ནས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་ཞེས་ཁ་བསྒྱུར་བ་འདི་ཕྱིན་དགུག་གཞུག་རྣམས་ལའང་འགྲེའོ། །ཤབྡའི་མཐར་མཆོད་རོལ། གང་ཞིག་མའི་ༀ་ཆེན་པོའི་སྐབས་སམ་གང་བདེར་སློབ་དཔོན་དབུ་ཞྭ་ཆོས་གོས་རྡོར་དྲིལ་བཅས་བཞེངས་ནས་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་ཕྱོགས་ལ། གཙྪ་ནས་མཆོད་རོལ་བྱ། ཧཱུྃ་ཧཱུྃ་ཧྲཱི་ཧྲཱིཿ སོགས། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡེག །ཧཱུྃ་ཇི་ལྟར་སྔོན་གྱི་སོགས་འདི་རིགས་གོང་འོག་ལ་དྲིལ་གསིལ་དགོས། སྔགས་མཐར་མཆོད་རོལ་བྱ། ཧཱུྃ་ཧྲཱིཿ སྔོན་ཡང་བཅོམ་ལྡན་སོགས། མཐར་མཆོད་རོལ་ཟླུམ་གཏོར་དང་མཆོད་པ་རྣམས་བསྡུ། ཁྱོད་ནི་ཤཱཀྱ་སོགས་ཐིམ་པར་གྱུར། ཚོམ་བུའང་བསྡུ། སློབ་དཔོན་གཡས་སྐོར་གྱིས་ཤར་དུ་
བཞེངས། ཞལ་ཤར་ལ་ཕྱོགས་པས། བདག་ཉིད་དབང་ཆེན་སོགས་ནས། རེ་རེར་གྱུར་བར། དེ་ནས་དཔྱིད་གསུམ་ལྷོ། དབྱར་གསུམ་ནུབ། སྟོན་གསུམ་བྱང་། དགུན་གསུམ་ཤར་ཏེ། དེ་དག་དང་མཚུངས་པའི་ཞལ་ཕྱོགས་ལ། ཧ་ཧ་ཧཱུྃ་གི་མཐར་རྡོ་རྗེ་གསོར་ཞིང་ དྲིལ་བུ ་དཀྲོལ། འབྱུང་པོ་རྐང་པའི་མེས་སོགས། ཞི་བར་གྱུར་བར། གཡས་བསྐོར་གྱིས་ཤར་ལྷོ་ནས། ཧཱུྃ་ང་ནི་དབང་ཆེན་སོགས། མཐར་རྡོ་རྗེ་གསོར་ཞིང་དྲིལ་གསིལ་བཅས། ནུབ་ཏུ་བྱོན་ལ་ཤར་དུ་ཕྱོགས་པས། ལས་རྡོར་གྱིས་སྤྲོ་ན། སྣོད་ཀྱི་ནང་དབང་མཆོག་ཕུར་པས་གཙོས་ཕུར་པ་བཅུ་བཀོད། བསྡུ་ན་གཅིག་གིས་ཆོག །སློབ་དཔོན་གྱིས་གཙོ་ཕུར་འཛིན་བཞིན། བདག་གིས་ཐུགས་ཀ་ནས་སོགས། ཕྱོགས་བཅུར་བསྒྲིལ་བའི་སྟངས་སྟབས་བཅས། ༀ་གྷ་གྷ་སོགས་ཀྱི་སྐབས་སྟེགས་བུའི་དབུས་སུ་གསུངས་ཀྱང་ཤར་ལ་གདབ། ཕུར་པ་བཅུ་ཡོད་ན་ལས་རྡོར་རྣམས་ཀྱིས་ཕྱོགས་དང་མཚམས་སུ་དུས་གཅིག་གདབ་དགོས། ཕུར་བུ་ལས་སོགས་འདོན། ས་སྦྱོང་བ་ནི། འོ་མ་རྩི་སྨན་རྣམས་ཀུ་ཤའི་ཆུན་པོས་སྟེགས་བུ་ལ་འཐོར། བདག་དབང་ཆེན་སོགས་ཀྱི་མཐར། ཚོགས་ཐེངས་བྱ། དལ་བྲེལ་སྐབས་བསྟུན་གྱིས། སེར་སྦྲེངས་ཆས་བསྒྲིག །རྒྱལ་ཐོ་བཞིའི་མཆོད་
པ། མཆོད་ཡོན་མེ་ཏོག་ཞལ་ཟས་སོགས་དང་། ཟླུམ་གཏོར། ཆུ་བུམ། འཐོར་གཡབ། ཕྱག་ནས། ཐོ་བྱང་རྣམས་རིམ་པས་སྔོན་དུ་བསྐུར་ལ། མཆོད་བཤམས་པ་གཉིས་ཀྱིས་རེས་མོས་བྱེད་ལ་བཤམས། སེར་སྦྲེངས་ལ་དང་པོ་སྤོས་སྣ་དང་རྒྱ་གླིང་། རག་དུང་། དེ་ནས་ཡོ་བྱད་རྣམས་དང་རྔ་པ་ཁ་ཤས། རོལ་མོ་བ། སྤོས་འཛིན་པ། རྡོ་རྗེ་རྒྱལ་པོ། དབུ་གདུགས་པ། རྒྱལ་ཐེབས་བཞི། ཡང་རྔ་པ་ཁ་ཤས་བཅས། དེ་ཡང་དང་པོ་རོལ་མོ་འབེབས་ཀྱི་མཐར་སུམ་བརྡུང་ཁོ་ནས་ཕྱི་རོལ་ལ་གཤར་ཞིང་། ཤར་ཐོའི་རྩ་བར་སླེབས་ནས་རོལ་མོ་འབེབས་མཐར་བཞག །གོ་རིམ་སྔོན་ལྟར་གྱིས་འགྲེང་བཞིན་ཟླུམ་སྐོར་ལྟ་བུ་བྱས་ལ། རྃ་ཡྃ་ཁྃ་འབྲུ་གསུམ་ལན་གསུམ། བདག་ཉིད་སོགས་ནས། ས་མཱ་ཛཿ རྡོ་རྗེ་བསྡུ་བའི་རྒྱ་སུམ་བརྡུང་འཛག་མེད་ཀྱིས། ཧཱུྃ། སྔོན་ཚེ་སོགས་རང་གདངས་དང་། ཧཱུྃ། རི་རབ་ཆེན་པོ་ཡང་སྦྲེལ། མཐར་རོལ་ཚིག་གོང་ལྟར་གྱིས་བཞག །སྔགས་ལན་གསུམ། སྔགས་མཐར་ཨརྒྷཾ་པུཥྤེ་སོགས་སྦྱར་བའི་མཐར་དྲིལ་གསིལ་དང་། གཏོར་སྔགས་ལན་གསུམ། སུམ་བརྡུང་གིས། ཧཱུྃ། ཤར་ཕྱོགས་རྒྱལ་པོ་སོགས་གདངས་མཐར་སུམ་བརྡུང་དང་འབེབས་ཀྱིས་ཞབས། སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར་ཞིང་། སྔར་ལྟར་རོལ་
མོ་དང་བཅས་ལྷོ་དང་། ནུབ་དང་། བྱང་སོགས་ལའང་དེ་ལྟར་རིགས་འགྲེའོ། །འདིའི་སྔོན་ཙམ་ལྕགས་རིའི་སྒོ་འགྲམ་ནས་གོམ་གསུམ་མམ་བདུན་གྱི་མཚམས་དོང་གྲུ་གསུམ་གཏིང་ཟབ་པ་བརྐོ་བཅུག །དེར་ཤོག་ལིང་བཞག །གསེར་སྐྱེམས་ཆས་འབྲུ་སྣ་ཆང་ཕུད། ཕུད་ཕོར་དར་བཏགས་པ་དང་གཡབ་དར། རྐང་གླིང་། ཟངས་ལྕགས། རྡོ་ཕྱེ། ཡུངས་ཀར་སོགས་ཐུན་རྫས་རྣམས་དང་། སྐྱེར་ཕུར། གུ་གུལ། རླུང་གཡབ། མེ། ཆུ། ས། དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་སྟེང་རི་རབ་བྲིས་པ་སོགས་འདུ་བྱས་ལ། སེར་སྦྲེང་་དེ་གར་སླེབས་བསྟུན་རོལ་མོ་འབེབས་མཐར་བཞག །སློབ་དཔོན་ནམ་ལས་རྡོར་གྱིས་གསེར་སྐྱེམས་འཛིན་བཞིན། ཧཱུྃ་རིག་འཛིན་རྩ་བརྒྱུད་སོགས་གདངས་ཐུང་བྱེད་ལ་བསྐུལ་མཚམས་རྣམས་སུ། རོལ་མོ་འབེབས་སྔོན་མར་མཆོད་ཅིང་། འབེབས་རྗེས་མར་སྐྱེམས་ཕུད་བླུགས་པ་བཅས་མཐར་རོལ་མོ་བཞག །ༀ་ཧྲཱིཿ པདྨ་ཏ་ཀྲིཏ་སོགས་ཀྱིས་ང་རྒྱལ་བཟུང་། གསང་འདུས་ལེ་བརྒྱད་ལྟར། ན་མོ་རྗེ་བཙུན་སོགས་ནས་ཁ་བསྒྱུར་ནི། ཁྱད་པར་དུའང་ཐུགས་རྗེ་ཆེན་པོ་སོགས་ནས། མཐར་སྒྲུབ་པ་ཟབ་མོ་ལ་སོགས་ཁུག་ཅིག་གི་བར། རོལ་མོ་དྲག་འབེབས། གཡབ་དར་གཡབ། བཤུག་པ་བཅས་དེ་ལྟར་ལན་གསུམ། རྗེས་མའི་
མཐར་བདུན་བརྡུང་འཐེང་པོ་གཉིས་མཐར། དམ་སྲི་བྱ་བའི་སོགས་གནུབས་གདངས། ད་ནི་ཁྲོ་བོའི་སྐབས་ཚིགས་རྔ་མཚམས་རྒྱག་བྱེད་ལ་སྐྱེར་ཕུར་ཡང་གདབ། ཐུན་རྫས་རྣམས་ཀྱང་བརྡེག །གུ་གུལ་བདུག །རི་རབ་བརྗིད་པའི་སྐབས་མཚམས་རྒྱག་མཐར་གོང་ལྟར་བདུན་བརྡུང་གཉིས་མཐར་འུར་བརྡུང་ཚེ། རླུང་། མེ། ཆུ། ས་རྣམས་ཀྱིས་མནན། དུར་རྡོས་བཀབ་ལ་དོང་ཁ་བསྡོམས། དེ་ཚེ་རོལ་ཆེན་གང་རུང་ཞིག་བརྡུང་མཐར་རོལ་མོ་བཞག །རྟ་བྲོའི་གདངས་ཐུང་གིས། ཧཱུྃ་གཅིག་ནི་བརྗོད་མེད་སོགས་འདོན་སྐབས། མནན་པའི་སྟེང་དུ་རྡོ་རྗེ་བཞག་ལ་དེ་ཚེ་མཆོད་གཡོག་རྣམས་ཀྱིས་རྔ་རོལ་རྣམས་བསྡུས་ནས་བྲོ་རའི་གཞུང་དུ་བཞག །ༀ་སུམྦྷ་ནི་བརྗོད་ཚེ་བྲོ་ར་ཟླུམ་པོ་མཆོད་དཔོན་གྱིས་ལེགས་པར་བསྒྲིགས། དེའང་ལག་གཉིས་བསྣོལ་ལ། ཞི་བར་མཛུབ་མོ། རྒྱས་པར་གུང་མོ། དབང་ལ་སྲིན་ལག །དྲག་པོར་མཐེའུ་ཆུང་སྟེ་དེ་དག་གི་གོ་རིམ་མ་ནོར་བས་ཕྲེང་བ་འཛིན་ལ་སྦྲེལ་ཞིང་། ཧཱུྃ་རྡོ་རྗེ་འབར་བའི་སོགས་གདངས་བཅས་མཐར། སུམྦྷ་ནི་བརྗོད་སྐབས་བྲོ་ར་གྲུ་བཞི། ཟླ་གམ། ཟུར་གསུམ་བཅས་བཅད་ཁ་ནང་བསྟན་བྱ། དེ་ཚེ་སྒྲུབ་ཁང་སྒོ་བྱང་ཕྱི་ནང་གི་མཆོད་པ་དང་གཏོར་མ་བཤམས།
རྟ་བྲོའི་མཐར་སེར་སྦྲེངས་རོལ་མོ་སྔར་ལྟར་བཅས་སྒྲུབ་ཁང་སྒོ་དྲུང་ནས་རོལ་མོ་བཞག་ལ་སྒོ་བྱང་བྲན། རྃ་ཡྃ་ཁྃ་སོགས་ནས་ས་མ་ཛཿའི་མཐར་དྲིལ་གསིལ་དང་སྔགས་ལན་བདུན། གཏོར་སྔགས་ལན་གསུམ། ཨརྒྷཾ་སོགས་མཐར་དྲིལ་གསིལ་དང་སུམ་བརྡུང་གིས། ཧཱུྃ་གསང་འདུས་མཆོག་སོགས། མཐར་རོལ་མོ་འབེབས་ཀྱི་ཞབས་སྔགས་སྐབས་མེ་ཏོག་འཐོར། རོལ་མོ་སྔར་ལྟར་བཅས། སྒོ་བྱང་ནང་མར་ཡང་རོལ་ཚིག་གདངས་སོགས་སྔར་ལྟར་མཐར་རོལ་མོ་བཞག་ནས། སེར་སྦྲེངས་ཆས་བསྡུ། ཚོགས་ཐེངས་བྱ། དེ་ནས་དཀྱིལ་འཁོར་བྱང་ཤར་ངོས་སུ་མ་ཊཾ་གི་མགོ་ལྷོ་ནུབ་བསྟན་ལ་བཞག །དཀྱིལ་འཁོར་དབུས་སུ་སློབ་དཔོན་རྡོར་དྲིལ་འཛིན་བཞིན་ཁྲིའུ་ཁར་བཞུགས་གསུངས་ཀྱང་གང་བདེར་འཁོད་ལ། ཉེ་སྐོར་དུ་གཡབ་དར་ཡུངས་ཀར་དང་རལ་གྲི་བཞག །གསར་བསྒྲིགས་ནང་གི། ༀ་པདྨ་ཏ་ཀྲིཏ་སོགས་དང་། མ་ཊཾ་ཀ་རུ་ཚར་བདུན་དང་། དེ་ནས་དགུག་གཞུག་སྔར་ལྟར་ཁ་བསྒྱུར་བཅས་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣམ་པ་མ་ཊཾ་རུ་དྲ་སོགས་ནས་སྔགས་དང་བཅས་རོལ་མོ་དྲག་འབེབས། དེ་ལྟར་ལན་གསུམ་བྱ། ཧཱུྃ་ཊ་ཀི་རཱ་ཛ་སོགས་ཉེར་གཅིག་བརྗོད་ཅིང་ཡུངས་ཀར་སྔགས་རལ་གྲི་ལ་གཏོར། ༀ་བཛྲ་ཀཱི་ལི་སོགས་གསུམ། དེ་ཚེ་རྡོ་རྗེས་བསྒྲལ་ཚུལ་དང་། མཐར་
རོལ་མོ་འུར་བརྡུང་དང་ཉིས་བརྡུང་གིས། གཟུགས་ཕུང་སོགས་ལ་རོལ་མོ་མཚམས་རྒྱག་གིས་འདོན་བཞིན། བྷྲཱུྃ་ཛྙཱ་ན་ལན་བརྒྱད། དེ་སྐབས་རལ་གྲིས་ལྷུ་ཕྲལ་བའི། སྙིང་ཤར། མགོ་བོ་ལྷོ། ནང་ཁྲོལ་ནུབ། མཚན་མ་བྱང་། ལག་གཡས་ཤར་ལྷོ། གཡོན་ལྷོ་ནུབ། རྐང་གཡོན་ནུབ་བྱང་། གཡས་བྱང་ཤར། ཁོག་པ་དཀྱིལ་འཁོར་འོག་ཏུ་བཅུག །མཐར་རོལ་མོ་འབེབས་ཀྱི་རྗེས་བདུན་བརྡུང་འཐེང་པོ་ལན་གཉིས་ཀྱིས། ཧཱུྃ་མ་ཊཾ་བྱ་བའི་སོགས་གནུབས་གདངས་གྱེར། མཐའི་ཚིག་ལ་མཚམས་རྒྱག་དང་འབེབས་མཐར་བཞག །དེ་ཚེ་སློབ་དཔོན་མདུན་འབྲུའི་ཁར་ཁྲོ་བཅུའི་ཕུར་པ་རྣམས་ཕྱོགས་མཚམས་མ་འཁྲུལ་བར་བཞག་ཅིང་ཕུར་གདན་བཅུ་དང་དཀྱིལ་འཁོར་ཕྱོགས་མཚམས་ལ་བཀོད། ༀ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་དང་། གཞལ་ཡས་ཁང་དུ་གྱུར་བར། ཧཱུྃ། གུ་གུལ་བྱིན་སྐྱེད་སོགས་ཀྱི་ཚེ། མཆོད་དཔོན་པས་གུ་གུལ་བདུག །ཡུངས་ཀར་བྲབ། རཀྟ་དཔལ་ལ་བྲན། ༀ་ཧྲཱིཿཔདྨ་ཏ་ཀྲིཏ་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། ཕུར་བུ་མི་དམིགས་པ་སོགས་ནས། མཐར་རོལ་མོ་འབེབས་དང་དགུ་བརྡུང་འཐེང་པོ་ཐོག་མཐའ་ཛབ་གཉིས་བཅས་ཟློག་གདངས་ཁུག་མ། ཧཱུྃ། སྟེང་གི་ཕྱོགས་སོགས། སློབ་དཔོན་ལ་ཕུར་པ་
ཕུལ། དཀྱིལ་འཁོར་ཤར་ཕྱི་གཡས་ངོས་སུ་གདབ། མཐའི་ཚིག་ཅིག་རིང་བར་བྱེད་ནས་མཚམས་རྒྱག་ཞབས་སྔགས་རྣམས་འདོན་མཐར་གོང་བཞིན་དགུ་བརྡུང་འཐེང་པོ་སྔོན་ལྟར་གྱིས་ཤར་ལ་སོགས་པར་རྒྱས་བཀབ་པའི་ཕུར་པ་ཤར་རང་ལ་གདབ། དེ་ནས་ཤར་ལྷོ། ལྷོ། ལྷོ་ནུབ། ནུབ། ནུབ་བྱང་། བྱང་། བྱང་ཤར། འོག་གི་ཕུར་པ་ནུབ་ཀྱི་གཡོན་དུ་གདབ་པར་བྱའོ། །རོལ་མོ་སྔར་ལྟར། ཧཱུྃ་ཁྲོ་ཆེན་འབར་བ་སོགས་སྔགས་ཀྱི་མཐར་དགུ་བརྡུང་འ ཐེང་པོ་དང་འབེབས་ཀྱིས་བཞག །དེ་ནས་ཆག་ཆག་གདབ་པ་ནི། རྒྱུན་གདངས་ཀྱིས། ཧཱུྃ། བླ་མེད་གསང་བ་སོགས། ལས་རྡོར་གྱིས་ནང་མཆོད་འཛིན། སློབ་དཔོན་གྱིས་འཐོར་ཞིང་མཆོད་བཤམས་པ་རྣམས་ཀྱིས་བྱུགས། མཐར་ཞི་རོལ་བྱ། ཚོགས་གྲོལ། གུང་གསེང། དེ་ཚེ་ལྷ་སྟ་གོན་ནི། སློབ་དཔོན་ནམ་ལས་རྡོར་གྱིས་དྲི་བཟང་ཆུས་མུ་ཁྱུད་ཕྱི་ནང་རིམ་པ་ལྔ་བསྐོར་བའི་དབུས་སུ་དྲིའི་ཐིག་ལེ་གཉིས། དེ་ཕྱིར་བཞི། དེ་ཕྱིར་བཅུ་དྲུག། དེ་ཕྱིར་དྲུག །དེ་ཕྱིར་སྟོང་རྩ། དེ་ཕྱིར་བཞི། དེ་རྣམས་ཀྱི་སྟེང་དུའང་ཚོམ་བུའང་སོ་སོར་བཀོད། མཆོད་པ་དང་སྨན་གཏོར་རཀྟ་ཡང་བཤམས། དེ་ནས་ལས་བྱང་གི་བརྡའ་བསྒོ། ཧཱུྃ་ཐུགས་རྗེའི་རང་རྩལ་ནས། བྱིན་འབེབས། ལྷ་བསྐྱེད། སྤྱན་འདྲེན། མཆོད་འབུལ།
བསྟོད་པ་ཡོངས་རྫོགས་ལྷའི་མཐར་རོལ་མོ་འབེབས་བཅས་བཞག གསར་བསྒྲིགས་ནང་གི། ཧོ་དུས་གསུམ་བླ་མ་སོགས་ཐལ་མོ་སྦྱར་ལ་རྒྱུན་གདངས་བཅས་མཐར། སློབ་དཔོན་གྱིས་སེ་གོལ་གསུམ་བཏབ་ལ་སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས། ཚོམ་བུ་དང་མཆོད་པའང་བསལ། ཚོགས་མང་གྲོལ། དེ་ནས་ཐིག་གདབ་ནི། དང་པོ་ཚངས་ཐིག་སློབ་དཔོན་དཀྱིལ་འཁོར་ནུབ་ནས་ཤར་དུ་ཕྱོགས། ལས་རྡོར་ཤར་ནས་ནུབ་དུ་ཕྱོགས་ལ། སློབ་དཔོན་གྱིས། ཧཱུྃ་བཅོམ་ལྡན་བཀྲ་ཤིས་སོགས་འདོན་བཞིན་ཐིག་སྣ་གཏད། སྔགས་མཐར་གནམ་ཐིག་གདབ། ཧཱུྃ་སྟོང་ཉིད་ནམ་མཁའ་སོགས་དང་། སྔགས་མཐར་ས་ཐིག་གདབ། སླར་ཡང་སློབ་དཔོན་གཡས་བསྐོར་གྱིས་ལྷོ་དང་། ལས་རྡོར་བྱང་དུ་གནས་པས་གནམ་ཐིག་དང་ས་ཐིག་གདབ་བོ། །དེ་ནས་ཟུར་ཐིག་ལ། སློབ་དཔོན་ཤར་ལྷོ། ལས་རྡོར་ནུབ་བྱང་དུ་གནས་པར་གནམ་ཐིག་དང་ས་ཐིག་གདབ། ཡང་སློབ་དཔོན་ལྷོ་ནུབ། ལས་རྡོར་བྱང་ཤར་འཁོད་བས་གནམ་ཐིག་དང་ས་ཐིག་གདབ་ལ། རས་བྲིས་དཀྱིལ་འཁོར་ཡང་ལེགས་པར་བཀྲམ། རིལ་བུའི་བུམ་པ་དགུའམ་ལྔ་གང་འཛོམས་ལ་དར་ཕྱོགས་མདོག་གི་མགུལ་ཆིངས་སམ་བུམ་གོས་ཅི་བདེ་དང་། ཁར་དབུ་རྒྱན་བཅིངས་ལ་ཟུར་
ཞིག་ཏུ་ནངས་བར་བཤམས་བདེའི་ཕྱིར་བཀོད། དེ་ནས་གཏོར་བསྔོས་སོགས་སྐབས་བསྟུན་གྱིས་འཚོགས། ཉིན་གཉིས་པར་འདོན་བྱ་རྣམས་སྔ་མ་ལྟར་ལ་སྐྱབས་སེམས་མཐར། ཧྲཱིཿཔདྨན་སོགས་སྔོན་འགྲོ་དང་། ཧཱུྃ་ཉོན་ཅིག་སོགས་དང་། མཚམས་གཅོད་ནས་ལས་བྱང་གཞུང་བསྲང་། འདི་སྐབས་རྒྱན་བཀོད་རྣམས་སྟེགས་ཟུར་པ་ཞིག་ལ་བཤམས་བཀོད། བསྙེན་པ་སྔགས་རིང་བཟླ་སྐབས། སློབ་དཔོན་གྱིས་དབུ་ཞྭ་ཆོས་གོས་བཅས། སྐུ་གཟུགས། ཡིག་འབྲུ། ཤེལ་རྡོ། སྒྲོ་མདོངས། མེ་ལོང་། མར་མེ། དབང་གཏོར་དང་བུམ་པ། མཆོད་བཤམས་པ་རྣམས་ཀྱིས་རྩེ་ཞྭ་བཅས། སྨན་གཏོར་རཀྟ་སྤོས་ཕོར་བཅས་འཛིན་བཞིན། ཡེ་ཤེས་ལྷ་ཚོགས་མཐར་ཞི་རོལ་རིང་བ་བྱེད་ནས། དེ་ཚེ་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས་མཐར་རོལ་མོ་བཞག་ལ། དཀྱིལ་འཁོར་མདུན་དུ་ཕྱོགས་བཞིན་པས་གསར་བསྒྲིགས་ནང་གི། ཧཱུྃ། བླ་མེད་གསང་བ་སོགས་རྒྱུན་གདངས་ཀྱི་ཚེ་རྟེན་རྣམས་ཟིན་པར་དགོས་པའི། དང་པོ་ལྡིང་ཁྲི་གོང་མར་སྐུ་གཟུགས། །ཡིག་འབྲུ། ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས། མར་མེ། རྒྱ་གྲམ། ཙཀླི། ཀཱ་པ་ལ་བདུད་རྩིས་བཀང་བ་ཆོས་སྨན་དང་མངར་གསུམ་བཏབ་པ། དབང་གི་དཔལ་གཏོར་རིན་
ཆེན་འབར་བ་ཅན། གཙོ་བུམ་དང་ལས་བུམ་མགུལ་ཆིིངས་དམར་པོ་ཅན་བུམ་རྫས་དང་ཆུ་གཙང་གིས་བཀང་བ་རྒྱན་དང་བཅས་པ། ཚེ་གཏོར་བུམ་བཟང་ཁར་རྟ་མགོས་མཚན་པ་རྩེ་རྒྱན་ཅན། ཚེ་རིལ་ཆང་། ཚེ་མདའ་དར་དང་རིན་ཆེན་རྒྱན་ལྡན་བཅས་པ། སངས་རྒྱས་སྟོང་དབང་སྤྲོ་ན་དེའི་ཙ ཀླི་དང་དགོས་ཆས་རྣམས་གཞུང་ལྟར་བཀོད། བཤམས་བཀོད་བདེ་བའི་ཕྱིར། ལྡིང་ཁྲི་འོག་མར་སྔོན་དུ་དཀྱིལ་ཐང་བཀྲམ་པའི་སྟེང་གི་མཐའ་སྐོར་གྱི་ཕྱོགས་བཞིར་ལས་བཞིའི་གཏོར་མ་དང་། བྱང་ཤར་དུ་ཆད་ཐོ་དང་། སྔགས་སྲུང་མ། བརྟན་མ། ཤར་ལྷོར་སྨྱོ་ཁ། ཀུན་ཐུབ་རྒྱལ་མོ། མཁའ་རི་ལྕམ་དྲལ། ལྷོ་ནུབ་ངས་ནུས་མ། དམ་ཅན། ལུང་བཙན་ལྕམ་དྲལ། ནུབ་བྱང་ཨ་པ་ར་ཙིཏྟ། ཡེ་ཤེས་གྲགས། ནོར་སྙགས་སོགས་ཀྱི་གཏོར་མ་བཞག །སོ་སོར་རང་མདོག་གི་གཏོར་གདུགས་བཙུགས། དེའི་སྟེང་ཐོག་འགེབ་བཀོད་པའི་ལྡིང་ཁྲི་བར་མའི་སྟེང་རིལ་བུའི་བུམ་བ་རྣམས་དབུས་དང་ཕྱོགས་མཚམས་ལ་བཀོད། གཙོ་བུམ་གཡས་སུ་རྩ་བརྒྱད་སྟོང་སྦྱར་གྱི་ཐོད་པ་དར་སྣ་ལྔའི་ཐུམ་ཅན། གཡོན་དུ་རཀྟ་དམ་རྫས་ཀྱི་ཐོད་པ་དར་དམར་གྱི་ཐུམ་ཅན་བཤམས། བུམ་པ་རྣམས་ཀྱི་ཁར་གཟུངས་རྡོར་རེ་རེ་བཞག་པའི་གཟུངས་
ཐག་རྣམས་གཙོ་བུམ་ལ་སྦྲེལ་པའི་སྣེ་རིང་བ་གསུམ་བྱས་པའི་རྡོར་རྒྱལ་འཛིན་རྒྱུ་དང་། ཐུན་དཔོན་བླ་མས་འཛིན་རྒྱུ་བཅས་ལྡིང་ཁྲི་ཁ་ནས་ཕན་ཚུན་དྲང་དགོས། གཅིག་ཡིག་བདུན་ཚོགས་པའི་དབུར་བཞུགས་ཀྱིས་འཛིན་རྒྱུ་རྒྱང་རིང་བར་སྟབས་གང་བདེས་འཐེན། དེ་ཕྱིར་སྒབ་སྐོར་ནང་མར་ཡོད་ན་བསྐོར། དཀྱིལ་འཁོར་མཐའ་སྐོར་ལ་མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་བཅས། དེ་རྣམས་ཕྱོགས་རེར་ཉེར་བདུན་རེ་བཀོད་པའི་བརྒྱ་རྩ་བརྒྱད་རེ། དེའི་ཕྱི་རོལ་ལའང་སྒབ་སྐོར་གྱིས་བསྐོར། འགྲམ་གྱི་ཕྱོགས་བཞིར་ཕུར་པ་བཞི། མར་མེ་བཞི། མཚམས་བཞིར་རལ་གྲི་བཞི། མདའ་དར་ཕྱོགས་མདོག་བཞི། སྟེང་གི་ཕྱོགས་བཞི་རུ་དར་བཞི། མཚམས་བཞིར་རྒྱལ་མཚན་བཞི། དེ་རྣམས་ཀྱི་གཡས་གཡོན་འཕན་རེ་རེ་སྟེ་ཁྱོན་བརྒྱད། དབུས་སུ་གདུགས་དཀར་པོ་ཞིག་ཕུབ། དཀྱིལ་འཁོར་མདུན་ནམ་ཤར་གང་བདེར་སྨན་གཏོར་རཀྟ་སོ་སོར་སྒྲོན་ཐུར་བཅས་དང་། ཆུ་གཉིས་ཉེར་བདུན་བཅས་ཕྲེང་ཚར་བཤམས། བཀའ་སྲུང་སྤྱིའི་དམར་གཏོར་དང་། དཀར་གཏོར། ཆད་ཐོ། བརྟན་མ། ཚོགས་ཀྱི་ཡོ་བྱད་སོགས་ཀྱང་བཤམས་ཟིན་པ་དང་བསྟུན། སྔགས་ཀྱི་འདོན་པའི་ཚིག་མཐར་སྔགས་བཅས་ཞི་རོལ་བྱ། འདིར་ཚོགས་ཐེངས། དེ་ནས་གྲལ་བཤམས།
མངའ་གསོལ་འོས་པ་རྣམས་འཁོད་ནས། ལས་རྡོར་ཞིག་གིས་ཐོད་ཆང་དང་སྒྲོན་ཐུར་བཅས་འཛིན་བཞིན། ཚོགས་པས་ཞྭ་བཅས། གཞུང་དུ་ལས་རྡོར་གྱིས་འདོན་གསུངས་ཀྱང་། སློབ་དཔོན་གྱིས་འདོན་སྲོལ་ཞིག་ཀྱང་སྣང་བས་ཅི་བདེར་འགྲེང་བཞིན་དུ། ཧཱུྃ་རྡོ་རྗེ་རྒྱལ་པོ་སོགས་ཚིག་རྐང་རེ་བསྐུལ་ནས། ཚོགས་མང་གིས་རྗེས་ཟློས་ལྟ་བུ་ཚར་རེ་བསྐུལ་ཞིང་། བསྟན་པའི་སྒྲོན་མེའི་སྐབས། སློབ་དཔོན་ལ་བདུད་རྩི་དྲངས། དབུ་ཞྭ་ཕུད་ནས་ཆང་ལ་ཞུགས་ཙམ་བྱེད། དེ་རྗེས་རྒྱལ་ཐེབས་སློབ་དཔོན་སྐབས་དེ་ལྟར་དྲངས། ཀུན་བཟང་ཡུམ་གྱི་སྐབས། ཐིག་སྣ་འཛིན་པའི་ལས་རྡོར་ལ། རྡོ་རྗེ་མཚམས་པའི་སྐབས། ཀུན་ཐུབ་འཆམས་པ་བཞི། རྡོ་རྗེ་གིང་ཆེན་སྐབས། གིང་དང་ཌཱ་ཀི། རྡོ་རྗེ་སྤྱན་མའི་སྐབས། རྒྱལ་ཐོ་བཞི། གིང་གི་ཕྱག་ཚང་སྐབས། ཆོས་ཁྲིམས་པ་དང་། མཆོད་བཤམས་པ་རྣམས་ལའོ། །རྡོ་རྗེ་བྱན་མོའི་སྐབས། མཛོད་པ། གཉེར། གསོལ་དཔོན་རྣམས་དང་མ་ཆེན་ལའོ། །གསལ་དག་ཛ་པྲ་མཁས་སྐབས། ཚོགས་མང་ལ་མཆོད་བཤམས་པ་གཉིས་ཀྱིས་དྲངས། རྡུལ་ཕྱགས་སྐྱེས་བུའི་སྐབས། འགག་པ། སྒོ་སྲུང་པ། ཐལ་སྡུད་སོགས་སོ། །རྡོ་རྗེ་ཐེག་མཆོག་སྐབས། ཡོན་བདག་རྗེ་འབངས་རྣམས་ཡོངས་རྫོགས་ལ་འདྲེན། མཐར་ཞི་རོལ་བཅས་རང་གནས་སུ་བཏང་། དེ་ནས་དངོས་སྟ་བ སྲེ་བ་ནི། སློབ་དཔོན་
རྣམས་བཞེངས་ཞྭ་བཅས། སྦུབ་ཆོལ་འབེབས་ཆེན་ལྟར་སུམ་བརྡུང་གིས། ཧཱུྃ། རང་བཞིན་ལྷུན་གྲུབ་སོགས་དང་། མཐར་འབེབས་དང་སུམ་བརྡུང་གིས། ཧཱུྃ་སྟོང་གསུམ་ཕྱོགས་བཅུ་སོགས། བྱིན་འབེབས་ཀྱི་མཐར་འུར་བརྡུང་ཞབས་སློབ་དཔོན་རྣམས་ཀྱིས་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས། མཐར་རོལ་མོ་བཞག །ཚོགས་གྲོལ། གུང་གསེང་། དེ་ནས་ལོང་སྐབས་བསྟུན་པའི་སླར་ཡང་། བརྡའ་བསྒོ་ནས་ལས་བྱང་ལྟར་མཐར་ཆགས་འདོན་པའི། ཆོས་དབྱིངས་རོལ་པའི་མཐར་ཚོགས་ཐེངས ། དེ་ནས་བསྙེན་པ་དང་། ཚོགས་མཆོད་ནས་བཀྲ་ཤིས་ཀྱི་བར་དང་ཚོགས་ཐེངས། གཏོར་བསྔོས་སོགས་སྐབས་དང་བསྟུན། ཡང་ན་ཚོགས་མཆོད་ཕྱིན་ཆད་ནས་བཀྲ་ཤིས་ཀྱི་བར་བཏོན་པས་འཐུས། ༈ དེ་ནས་ཉིན་བསྟར་ཆགས་ཀྱི་འདོན་སྒྲིག་ལ། ཉིན་དང་པོ་དང་གཉིས་པའི་སྐབས་ཀྱང་འདི་ལྟར་ཕྱོགས་མཚུངས་རྒྱུའི། དང་པོ་ཚིག་བདུན་གསོལ་འདེབས། དེ་ནས་ན་མོ་གུ་རུ་སོགས་བརྒྱུད་འདེབས་རང་གདངས་ལྟར། ལྷོ་བྲག་གནམ་སྐས་ནས་ཐུང་དུ་བཏང་། སྙིགས་མ་ལྔ་བདོ་ནས་སླར་ཡང་ཐུང་ཞིང་མཐར་རོལ་མོ་བརྒྱ་བརྡུང་གིས་བཞག །ཐལ་མོ་སྦྱར་ལ། ན་མོ་བླ་མ་དཀོན་མཆོག་གསུམ། ཀྱེ་མ་བདག་
གིས་སོགས་གསུམ། ༀ་ཧྲཱིཿཔདྨ་ཏ་ཀྲིཏ་སོགས་ནས། ཐམས་ཅད་ཀྱིས་འགུགས་པའི་ཕྱག་རྒྱ་གོང་འོག་ཀུན་ལ་རིགས་མཚུངས་དགོས། ན་མོ་རྗེ་བཙུན་སོགས་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཞེས་ཁ་བསྒྱུར་ཞིང་མཐར་དྲིལ་གསིལ། མཆོད་སྔགས་རྣམས་ལ་ཕྱག་རྒྱ་དང་མཐར་ཞི་རོལ། རྡོར་ཐལ་ཁ་གྱེན་པས། ན་མཿསརྦ་སོགས་གསུམ། གང་དག་དཀྱིལ་འཁོར་སོགས། མཚམས་སུ་དྲིལ་གསིལ་དང་། མཐར་སྦུབ་ཆོལ་ཉིས་བརྡུང་དལ་བས། ཧཱུྃ། ཉོན་ཅིག་སོགས་མཐར་སྔགས་རྣམས་མཚམས་རྒྱག་ཞབས་སུ་བཏོན་པ་ཀུན་ལ་རིགས་འགྲེ་དགོས་ཤིང་། མཐར་གསང་འདུས་ལེ་བརྒྱད་དམ་གྲོ་ལོད་བགེགས་བསྐྲད་རོལ་ཆེན་རེས་མོས་སུམ་བརྡུང་མཐར་སུམ་བརྡུང་གིས། ཧཱུྃ་ང་ནི་ཐུགས་རྗེའི་སོགས། ཚོགས་པར་གུ་གུལ་སྤོས་འགྲིམ་བྱེད། མཐར་མཚམས་རྒྱག་ཞབས་སྔགས་མཐར་འུར་བརྡུང་གིས་བཞག །ཧཱུྃ་ཐུགས་རྗེའི་རང་རྩལ་སོགས། གཞན་རྣམས་ལའང་བསྐུལ་མཚམས་བཅས་སྒོ་དབྱེའི་རྒྱ་དང་། ཐལ་མོ་སྦྱར་ལ། ཧཱུྃ་འཁོར་འདས་སོགས་དང་། ཧཱུྃ་ཐུགས་རྗེའི་སོགས་མཐར་ཌཱ་དྲིལ་དང་། རོལ་ཆེན་འབེབས་བཅས་མཐར་སུམ་བརྡུང་གིས། རྣམ་དག་སྤྲོས་དང་
སོགས་བྱིན་འབེབས། འདི་སྐབས་དང་སྤྱན་འདྲེན་རྣམས་ལ་ལས་རྡོར་གྱིས་ཞྭ་བཅས་སྤོས་ཕོར་ཐོགས་བཞིན་ཚོགས་པར་སྤོས་སྐོར་དང་། དེ་ནས་དཀྱིལ་འཁོར་ཤར་ངོས་སུ་གཡབ་དར་དང་བཅས་འགྲེང་བཞིན། སློབ་དཔོན་རྣམས་ཀྱིས་མཚམས་སུ་དྲིལ་གསིལ་དང་གཡབ་དར་གཡབ། མཐར་རོལ་མོ་འབེབས་ཀྱིས་བཞག །ཐལ་མོ་སྦྱར་ལ། ཧྲཱིཿ གསང་འདུས་ཐུགས་རྗེ་སོགས་མཐར་ཞི་རོལ། བྱིན་རླབས་སྔགས་བཞི་པོ་ལན་གསུམ་རེ། ཐལ་སྦྱར་བཅས། ཧཱུྃ་བླ་མ་གསང་འདུས་སོགས་ལན་གསུམ། ཤུདྡྷེ་ཨ་ནས་རོལ་མོ་སུམ་བརྡུང་གིས། ཧཱུྃ་སྤྲོས་མེད་ཆོས་སོགས། གདངས་ཀྱི་སྐབས་སྔགས་རྣམས་མཚམས་རྒྱག་ཞབས་འདོན། དེ་མིན་ཚིག་རྔ་བྱེད་དགོས། ས་མ་ཏི་ཧཱུྃ་མཐར་བསྐུལ་མཚམས་ཀྱིས། ཧཱུྃ། ཨེ་ལས་སྟོང་གསལ་སོགས་དང་། སྔགས་མཐར་བསྐུལ་མཚམས་ཀྱིས། ཧཱུྃ་ཧྲཱིཿ དལ་བུས་ཧྲཱིཿསོགས་གདངས་ཀྱི་ཚེ། འདབ་བཞི་འཇའ་འོད་ནས་ཐུང་དུ་བཏང་ནས་མཐར་སུམ་བརྡུང་བཅས། ཡི་གེ་དྲུག་གི་ནས་ཧྲུག་འདོན་བྱེད། སྔགས་རྣམས་མཐར་ཌཱ་དྲིལ། རོལ་མོ་འབེབས་ཆེན་དང་། མཐར་ཉིས་བརྡུང་གིས་སྤྱན་འདྲེན། ཧྲཱིཿ རྣམ་དག་བདེ་ཆེན་སོགས། མཐར་འབེབས་ཀྱིས་བཞག །ཧྲཱིཿ དམ་ཚིག་གསང་བའི་སོགས་དང་། གདན་འབུལ་གྱི་རྒྱན་
སྔགས་དང་བཅས། བསྐུལ་མཚམས་དང་ཐལ་སྦྱར་གྱིས། ཧྲཱིཿ ཐུགས་རྗེའི་རང་རྩལ་སོགས་དང་། བསྐུལ་མཚམས་ཀྱིས། ཧྲཱིཿ སྣང་སྟོང་ཟུང་འཇུག་སོགས། ཕྱི་མཆོད་གདངས་བྱས་ན། ཧྲཱིཿ ཐུགས་རྗེ་སོགས་ཕྱག་རྒྱའི་འགྲིགས་མཐོང་རྒྱུན་ལྟར་དང་། དེ་མིན་ཀྱང་ཐལ་སྦྱར་དགོས། མཆོད་སྔགས་མཐར་ཞི་རོལ་བཅས་བཞག། ནང་མཆོད་གདངས་བྱེད་ན་སྦུབ་ཆོལ་སུམ་བརྡུང་བྱེད། དེ་མིན་མི་དགོས། ཧྲཱིཿ ཐུགས་རྗེ་སོགས་ཚིག་རྔ་བཅས་ནས་བསྐུལ་མཚམས་ཀྱིས། ཧྲཱིཿ ཐབས་ཤེས་སོགས་མཐར་རོལ་མོ་བཞག །ནང་མཆོད་བདུད་རྩི་བཀྱེ། ཧྲཱིཿ རང་བྱུང་གདོད་ནས་སོགས་དང་། ཧྲཱིཿ རྩ་བརྒྱད་སོགས་གཉིས་ཀའི་སྔགས་མཐར་བདུད་རྩི་འཐོར། ཆོས་སྐུ་སྣང་བ་མཐའ་ཡས་སོགས་བདུད་རྩི་འཐོར་བཞིན། གདངས་ཀྱི་ཚེ་རྒྱལ་སྲས་ནས་ཐུང་དུ་བཏང་། མཆོད་དཔོན་པས་གཡས་ཀྱིས་ཐོད་ཆང་ཐོགས། གཡོན་སྒྲོན་ཐུར་གྱིས་མཆོད་ཅིང་། འོག་གི་རཀྟ་སོགས་ཀྱང་ཚིག་དང་མཐུན་པར་མཆོད་དགོས། མཐར་རོལ་མོ་ཉིས་བརྡུང་གིས། ཧྲཱིཿ སྣང་སྟོང་བདེ་ཆེན་སོགས་ནས། མཆོད་པ་རྣམས་མཐར་ཆགས་སུ་བཏོན་པའི་སྔགས་མཐར་རོལ་མོ་འབེབས་དང་སུམ་བརྡུང་གིས། ཧྲཱིཿ བདེར་གཤེགས་
སོགས་གདངས་ཀྱི་ཚེ། ཐུགས་སྲོག་ཡེ་ཤེས་ནས་ཐུང་དུ་བཏང་མཐར་འབེབས་དང་ཉིས་བརྡུང་གིས། ཧཱུྃ་ཆོས་དབྱིངས་རོལ་པའི་མཐར་འབེབས་ཀྱིས་བཞག །ཚོགས་ཐེངས ། ཧྲཱིཿ གསང་འདུས་སོགས་དང་། སློབ་དཔོན་གྱིས་གཟུངས་ཐག་འཛིན་ལ་བསྙེན་པ་ཡིག་བདུན་ཕྲེང་སྐོར་གསུམ་གྱི་མཚམས། རྒྱལ་ཐོ་དང་སྒོ་བྱང་གསོ་བར་བཏང་། དེ་ནས་བསྙེན་པ་སྟོང་ཚོ་ལྔ་ཙམ་བཟླ་ཞིང་སྔགས་རིང་ཉེར་གཅིག་བཅས། འདི་སྐབས་རྒྱལ་ཐེབས་ཞིག་གིས་སྔགས་ཆས་སྤྲས། ཚོགས་པར་ཞྭ་གཏད། ཉུ་ལེའི་ཆས་གྲལ་མདོར་བཀོད། སླར་ཞག་བཞི་ལྔའི་མཚམས་ཡིག་བདུན་ལ་སྔགས་ཤམས་སྦྱར་རྒྱུ་དེའང་ཉེར་གཅིག་ཙམ་བཟླའོ། །མཐར་ཐལ་མོ་སྦྱར་ལ་དྲིལ་གསིལ་བཅས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ཚར་གསུམ་དང་། ཧཱུྃ་ཡེ་ཤེས་ལྷ་ཚོགས་མཐར་ཞི་རོལ། སྤོས་སྣ་བཅས། རྒྱལ་ཐེབས་བྱོན་ནས་ཚོགས་འདབས་ཁྲིའུ་ཁར་བཞུགས། ཚོགས་པ་རྣམས་ཞྭ་བཞེས་ལ། ཨེ་ཡཾ་སོགས་ནས་དགུག་གཞུག་གསུམ་ལ་རོལ་མོ་དྲག་འབེབས་བཅས་མཐར་སུམ་བརྡུང་གིས། ཧཱུྃ་ཆོས་དབྱིངས་སོགས། ཕྲིན་ལས་མཛོད་ནས་དྲིལ་གསིལ་དང་མཚམས་རྒྱག་གིས་ཕུར་པ་འཛིན་བཞིན། ཧཱུྃ། ང་ནི་པདྨ་སོགས་ནས་མཚམས་རྒྱག་ཞབས།
ༀ་བཛྲ་མ་ཧཱ་སོགས་དྲིལ་གསིལ་བཅས་མཐར་ཕུར་པ་གདབ། རོལ་མོ་འབེབས་མཐར་དགུ་བརྡུང་འཐེང་པོ་ཐོག་མར་ཛབ་གཉིས་བཅས་ལན་གཉིས་ཀྱིས། ཧཱུྃ་ཤར་ཕྱོགས་སོགས། འདི་སྐབས་ཆབ་བཀྱེ། ས་མ་ཡའི་བར་མཚམས་རྒྱག་ཞབས། ཉུ་ལེ་བསྐྲད་སྔགས་རྣམས་བཏོན་མཐར་འབེབས་ཀྱིས་བཞག །དེ་འཕྲལ་སློབ་དཔོན་རྣམས་ཞྭ། ཆོས་གོས། རྡོར་དྲིལ། གཡབ་དར། སྤོས་སྣ་བཅས། ཚོགས་མང་ཡང་བཞེངས་ལ་དཀྱིལ་འཁོར་ལ་ཕྱོགས་པས་རོལ་ཆེན་འབེབས་མཐར་སུམ་བརྡུང་གིས། ཧཱུྃ། སྟོང་གསུམ་ཕྱོགས་བཅུ་སོགས་གདངས་ཀྱི་སྐབས། ཁྲོ་ཚོགས་ཧཱུྃ་སྒྲ་ནས་ཐུང་ཞིང་མཐར། སྐུ་གསུང་ཐུགས་ནས་རིང་དུ་བཏང་ཞིང་མཐར་སུམ་བརྡུང་དང་འབེབས། སློབ་དཔོན་རྣམས་ཀྱིས་བསྐོར་བ་གསུམ་གྱི་ཚེ་སུམ་བརྡུང་ཁོ་ན་བྱེད་མཐར་འབེབས་ཀྱིས་བཞག །ཚོགས་གུང་གསེང་། ཡར་འཚོགས་ལ་བརྡའ་བསྒོ། ཧཱུྃ། ཐུགས་རྗེའི་རང་རྩལ་ནས་ཐུན་ལྟར་གྱིས་ལས་བྱང་གཞུང་བསྲང་། ཚོགས་ཐེངས་ཡང་སྔར་བཞིན། ཛབ་བསྙེན་ཕྲེང་སྐོར་གསུམ་གྱི་མཚམས། ཆ་གསུམ་འདོན་བར་བཏང་། འདི་སྐབས་ཐུན་དང་པོའི་དབུ་འཛུགས་བུམ་འཛིན་བླ་མ་དང་། ཐུན་པ་རྣམས་ཀྱིས་རོལ་མོ་འབེབས་དང་
སུམ་བརྡུང་གིས། ན་མོ། བླ་མ་སོགས་ནས་དབང་འདུས་བསམ། མཐར་རོལ་མོ་འབེབས་ཀྱིས་བཞག །ཡིག་བདུན་བསྙེན་ཞིང་། དགོངས་ཐུན་སྐབས་དྲེགས་པ་ཚར་གཅོད་ཀྱང་བཏོན་ལ་བསྙེན་པའི་མཐར་ཕཊ་སྦྱར་བ་ཕྲེང་སྐོར་ཙམ་བཏོན་དགོས། ཚོགས་མང་གིས་བསྙེན་པ་སྟོང་ཚོ་ལྔ་དང་སྔགས་རིང་ཉེར་གཅིག །སྔགས་ཤམ་འདོན་སྐབས་ཉེར་གཅིག་བཅས་སྔར་ལྟར་དགོས་ཤིང་། ཚོགས་ཐེངས། སྟག་ལྤགས་སྟེང་དུ་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ། ཡར་འཚོགས་འཕྲལ་ལས་རྡོར་གྱིས་ཕྱག་གསུམ་བཅས་ཐལ་མོ་སྦྱར་ལ། ཧོ་དགོངས་སུ་གསོལ་ལོ་སོགས་ཀྱིས་སྙན་གསན་དབབ། སློབ་དཔོན་འདུས་པ་བཅས་ཀྱིས། ཨེ་མ་ཧོ། སོགས་ནས་མཐར་སིལ་སྙན་འབེབས་དང་སུམ་བརྡུང་གིས། ཧྲཱིཿ རྡོ་རྗེ་ལྟ་བུ་སོགས་ཚིག་དང་བསྟུན་པའི་མེ། རླུང་། ཆུས་བསང་ཞིང་གདངས་ཀྱི་ཚེ་སུམ་བརྡུང་གིས། ཧྲཱིཿ རྡོ་རྗེ་ལྟ་བུ་སོགས་ནང་མཆོད་བདུད་རྩི་བྲན། སྔགས་མཐར་རོལ་མོ་འབེབས་དང་སུམ་བརྡུང་གིས། ཧྲཱིཿ ཆོས་སྐུ་སྐྱེ་མེད་སོགས། གདངས་ཀྱི་ཚེ་འདི་ནས་སྣ་ཚོགས་རི་ནས་ཐུང་ངུ་བཏང་། འདི་སྐབས་ཚོགས་ཕུད་སྨན་གཏོར་དྲུང་དུ་ཕུལ། བདུད་རྩིས་བྲན། མཐའི་ཚིག་གཅིག་རིང་བར་བྱེད་ནས་སུམ་བརྡུང་དང་འབེབས་མཐར་བཞག །
མཆོད་དཔོན་པས་ཚོགས་དང་པོ་ཞུ། ཧྲཱིཿགསང་བ་མཆོག་གི་མཐར་ཞི་རོལ་གྱིས་བཞག །ཚོགས་བར་པ་ཞུ། ཚོགས་བར་པ་སྨན་གཏོར་དྲུང་དུ་ཕུལ། བདུད་རྩིས་བྲན། རྃ་ཡྃ་ཁྃ་སོགས་དང་། འབྲུ་གསུམ་ལན་གསུམ། རོལ་མོ་འབེབས་དང་སུམ་བརྡུང་གིས། ཧྲཱིཿ རིགས་ཀྱི་བདག་པོ་སོགས་གདངས་ཀྱི་ཚེ། ཁྱད་པར་དབང་གི་ནས་ཐུང་དུ་བཏང་། བཀའ་སྲུང་གཏེར་སྲུང་ནས་རིང་དུ་བཏང་མཐར་སུམ་བརྡུང་དང་། སྤྱན་གྱི་དབང་པོ་སོགས་ནས་ཧྲུག་འདོན་མཐར་འབེབས་ཀྱིས་བཞག །ཐལ་མོ་སྦྱར་ལ་སྨྲེ་བཤགས། ཐུགས་རྗེ་ཆེན་པོ་ནས་རྒྱལ་བའི་ལྷ་བར་ལས་ཕུར། གཡབ་དར། ཚོགས་ཐ་མ་ཁྲག་རྒོད་བྲན་པ་བཅས་སློབ་དཔོན་མདུན་དུ་བཞག། ཧྲཱིཿ བླ་མ་ཡི་དམ་ནས་སྔགས་མཐར་ཞི་རོལ་གྱིས་བཞག །ཚོགས་ཐ་མ་ཞུ། སྦུབ་ཆོལ་འབེབས་བཅས་བདུན་བརྡུང་འཐེང་པོ་ཐོག་མཐར་འཛག་གཉིས་ཅན་གྱིས་ཟློག་གདངས་ཁུག་མས། ཧྲཱིཿ སྟོང་གསུམ་འཇིག་རྟེན་སོགས་དང་། མཐའི་ཚིག་གཅིག་རིང་ཞིང་། རོལ་ཚིགས་སྔོན་ལྟར་འབེབས་ཀྱིས་བཞག །ༀ་ཧྲཱིཿ པདྨ་ཏ་ཀྲིཏ་དང་། དགུག་གཞུག་ཚར་གཅིག །མཐར་དྲག་འབེབས་བཅས་དགུ་བརྡུང་མཐར་འཛག་གཉིས་བཅས། ཧཱུྃ་ང་ནི་རབ་འཇིགས་སོགས། ཕུར་སྐོར་བཅས་དྲིལ་གསིལ་དང་། མཐར་མཚམས་རྒྱག་ཞབས་སྔགས་མཐར་འབེབས་དང་། ཕུར་པ་གདབ། སླར་བདུན་བརྡུང་འཛག་མེད་གཉིས་ཀྱིས། ཧཱུྃ།
ཕྱེས་ཤིག་སོགས་དང་། ཚོགས་ཐ་མ་སྨན་གཏོར་དྲུང་དང་། བཀའ་སྲུང་འབུལ་གཏོར་གཉིས་ལ་གསོ་བྲན་བྱས། མཐར་རོལ་མོ་འབེབས་ཀྱི་ཞབས་གཏོར་མ་གཉིས། ཨ་ཀཱ་རོས་བྱིན་རླབས་དང་སུམ་བརྡུང་འཛག་མེད་ཀྱིས། ཧཱུྃ། སྒྲུབ་པ་ལུང་གི་སོགས་སོ་སོར་གདངས་གང་འོས་སྔགས་རྣམས་ཚིག་རྔ་དང་བཅས་མཐར་བསྐུལ་མཚམས། བྷྱོཿ འོག་མིན་སོགས་མཐར་བསྐུལ་མཚམས། ཀྱཻ། ཛཾ་གླིང་ཉི་མ་སོགས་སྔགས་ཚིག་རྔ་དང་བཅས། ཧཱུྃ། དམ་ཅན་སྐྱེས་བུ་སོགས་སྔགས་རྣམས་ཚིག་རྔ་བཅས། ཧཱུྃ་དམ་ཅན་སོགས་ནས་བསྐུལ་མཚམས། ཧཱུྃ་ཡང་ཅིག་བཞེངས་སོགས་མཐར་བསྐུལ་མཚམས། ཀྱཻ། ཡ་ཀི་སོགས་སྔགས་ཚིག་རྔ་བཅས་དམར་གཏོར་ཕུལ་ཞིང་རོལ་མོ་འབེབས་མཐར་སུམ་བརྡུང་གིས། ཧཱུྃ། གླིང་བཞི་བྱང་ཕྱོགས་སོགས་བསྐུལ་མཚམས། བྷྱོཿ བསིལ་བ་ཚལ་སོགས་ནས་སྔགས་མཐར་དཀར་གཏོར་ཕུལ་ཞིང་། རོལ་མོ་འབེབས་ཀྱིས་བཞག །ལས་རྡོར་གྱིས། ཀྱཻ་དཔའ་ཆེན་པོ་སོགས་དང་། སློབ་དཔོན་འདུས་པ་བཅས་པས། ཨ་ལ་ལ་སོགས་ཚོགས་ལ་རོལ། ཐལ་མོ་སྦྱར་ལ། ཧྲཱིཿ བླ་མ་ཡི་དམ་སོགས་ལེ་ཚན་གཉིས་དང་། དེ་ནས་ཞབས་བརྟན་འདོན། གྲལ་
མདོར་སྟག་ལྤགས་བཏིང་། དེ་སྟེང་འབྲུའི་ཚོམ་བུ་བཀོད་པའི་སྟེང་མང་ལྷག་བཞག །དེ་སྟེང་རྐང་གསུམ་ཁར་གཙང་ལྷག་བཤམས་པའི་ཁར་སྨན་གཏོར་ནས་སྐྱུ་གུ་གཅིག་ཕབ་ལ་དེར་བཀོད། བདུད་རྩིས་བྲན། ཧྲཱིཿ དབང་ཆེན་སོགས། སྔགས་མཐར་འབེབས་དང་སུམ་བརྡུང་གིས། ཧྲཱིཿ དང་པོ་ལ་སོགས་ནས། ཐ་མ་གཅིག་ཏུ་ཟེར་སྐབས། གཙང་ལྷག་ནས་ཅུང་ཟད་མང་ལྷག་ཏུ་བསྲེ། ཡར་ཡང་ཅུང་ཟད་དུ་བསྲེ། དེ་ནས་གཙང་ལྷག་མང་ལྷག་ཏུ་བཏབ་ལ། ལས་རྡོར་གྱིས་གཡས་སྒྲོན་ཐུར་གྱིས་བདུད་རྩི་དང་གཡོན་ལྷག་མ་བཏེགས་ལ་སློབ་དཔོན་དྲུང་དུ་འགྲོ་བའི་ལྷག་མ་ཁ་ཆུས་ཟེར་སྐབས། སློབ་དཔོན་གྱིས་མཁའ་གསང་རྒྱས་བདུད་རྩི་ལྷག་མར་བླུགས་ལ་སྔར་ལྟར་ཕྱིར་བཞག །གདངས་ཀྱི་ཚེ་སུམ་བརྡུང་དང་དགུ་བརྡུང་འཛག་བཅས་ཀྱིས། དཔལ་གྱི་བཀའ་ཉན་སོགས་ལྷག་གཏོར་དཀྱིལ་འཁོར་འོག་བྱང་ཤར་དུ་ཟངས་སྣོད་དུ་བསགས་ལ་བཞག །རོལ་མོ་དགུ་བརྡུང་འཛག་བཅས་ཀྱིས་མཐར་འབེབས་དང་སུམ་བརྡུང་གིས། ཧཱུྃ་ཧྲཱིཿ མ་བཅོས་གདངས་གྱི་ཚེ། འགྲོ་འདུལ་ནས་བསྐུལ་མཚམས་གདངས་ཐུང་དུ་བཏང་མཐར་འབེབས་ཀྱིས་བཞག །ཆད་ཐོའི་རྒྱུན་གཏོར་ལ་དགུག་གཞུག་རོལ་མོ་དྲག་འབེབས་དང་སུམ་བརྡུང་དལ་བ་བཅས། ཧཱུྃ་ཧྲཱིཿ སྔོན་ཚེ་
སོགས། གདངས་རྣམས་སྐབས་བསྟུན་རོལ་མོ་དེ་ལྟར་དང་། མཐར་འབེབས་དང་རོལ་ཆེན་གང་རུང་། གཏོར་མ་ཕུལ་ལ་བཤལ་ཆུ་བརྟན་མའི་གཏོར་མར་བླུག་ཅིང་དགུ་བརྡུང་འཐེང་པོ་འཛག་མེད་བཅས་ཀྱི་མཐར། ཧྲཱིཿ དགུང་སྔོན་སོགས་མཐར་དགུ་བརྡུང་གོང་ལྟར་འབེབས་བཅས་གཏོར་མ་བཤལ་ཆུ་ཕུལ། རོལ་མོ་བཞག །གཏོར་སྣོད་སྦུབ་ལ་རྡོ་རྗེས་མནན། དགུག་གཞུག་ལ་གཏོར་གཞོང་རི་རབ་སོགས་འདོན་པ་བསྒྱུར། རོལ་མོ་དྲག་འབེབས་མཐར་བཞག །ཧྲཱིཿ ཐུགས་རྗེ་འགྲོ་འདུལ་སོགས། གཏོར་གཞོང་རྣམས་ཁ་གྱེན་པས་རྣལ་འབྱོར་སོགས་དང་། མཐར་མེ་ཏོག་འཐོར། ཐལ་སྦྱར་དྲིལ་གསིལ་བཅས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སྦྲེལ་མ་ལན་གསུམ། ཧྲཱིཿ བདག་ཉིད་སྒྱུ་མ་སོགས་དང་། བསྐུལ་མཚམས་དང་ཐལ་མོ་སྦྱར་ལ་བླ་མ་དཀྱིལ་འཁོར་སོགས་མེ་ཏོག་འཐོར་ཞིང་བཀྲ་ཤིས། དངོས་གྲུབ་ཀུན་གྱི་སོགས་དྲིལ་གསིལ་བཅས། རྗེས་ཀྱི་སེར་སྦྲེངས་ཆེད་འདི་སྐབས་ཚོགས་པར་ཞྭ་བཀྱེ་མཐར་ཞི་རོལ་བཅས་བཞག །རྒྱལ་བ་རབ་འབྱམས་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་སོགས་དང་། ཚོགས་གུང་གསེང་སྐབས་བསྟུན་བྱའོ། །འདི་སྐབས་མཆོད་དཔོན་པ་རྣམས་ཀྱིས་ཕྱི་ཁྱམས་ལ་ཉུལ་ལེའི་
ལིངྒ་ཧམ་ཁུང་དུ་བཅུག་པ་དང་། རྡོ་ཐུན་དང་། ལས་ཕུར་བཞི། ཕུར་གདན་བཅས་ཁྲིའུ་ལྔ་སོགས་བཀོད་ཅིང་། སེར་སྦྲེངས་ཀྱིི་ཆས་རྣམས་ཀྱང་བསྒྲིག །ཀུན་ཐུབ་བཞི། གིང་གཉིས། ཌཱ་ཀི་གཉིས་བཅས་ཀྱི་འཆམས་ཆས་བསྒྲིག །རྒྱལ་ཐེབས་བཞིས་ཀྱང་ཕོད་ཀ་ཞྭ་ནག་གསོལ། རྡོར་དྲིལ་གཡབ་དར་བཅས། ཚོགས་པ་འདུས་ལ་ཞྭ་བཅས་རོལ་མོ་འབེབས་དང་སུམ་བརྡུང་ཁོ་ནས་སེར་སྦྲེངས་གཤར་ལ་རྡོ་ར་འཁོར་བ་དང་རོལ་མོ་འབེབས་ཀྱིས་བཞག །སློབ་དཔོན་རྣམས་ཁྲིའུ་ཁར་བཞུགས། ལིངྒ་ཆུས་བྲན། ཨེ་ཡཾ་ཛྭ་ལ་སོགས་ནས་དགུག་གཞུག་རོལ་མོ་དྲག་བརྡུང་ལན་གསུམ་རྗེས་མའི་མཐར་འབེབས་དལ་རན་གྱིས་འཆམས་པ་རྣམས་ཟིམ་འགྲོས་སུམ་བརྡུང་ཁོ་ནས་རྡོ་ར་འཁོར་བ་འབེབས་ཀྱི་མཐར་བདུན་བརྒྱད་མ་ལན་གསུམ་དང་སུམ་བརྡུང་གཅིག་དང་ལྔ་བརྡུང་གིས། ཧཱུྃ་ཆོས་ཀྱི་དབྱིངས་ལས་སོགས། དབྱངས་ཀྱི་སྐབས་དུར་ཁྲོད་ཆེན་པོ་ནས་སུམ་བརྡུང་གཅིག་དང་ལྔ་བརྡུང་གིས། ཤིན་ཏུ་མི་བཟད་ནས། ཕྲིན་ལས་མཛོད་བར་སུམ་བརྡུང་གཅིག་དང་ལྔ་བརྡུང་། ཧཱུྃ་ང་ནི་པདྨ་སོགས། དུས་ལ་བབས་ནས་སུམ་བརྡུང་གཅིག་དང་ལྔ་བརྡུང་། གཡས་ཀྱི་ཕྱག་ན། རྡུལ་དུ་རློག་སུམ་བརྡུང་གཅིག་ལྔ་བརྡུང་བཅས། ༀ་བཛྲ་མ་ཧཱ་
སོགས་ཧཱུྃ་ཕཊ་ནས་འབེབས་དལ་བའི་ཚེ་འཆམས་པ་རྣམས་ཀྱིས་ལིངྒ་བསྒྲལ། ཐུན་རྡེག །དེ་ནས་རྒྱལ་ཐབས་རྣམས་ཀྱིས་ཕུར་པས་ལིདྒ་བསྒྲལ། ཐུན་བརྡེག །དེ་ཚེ་འཆམས་པ་རྣམས་རྡོ་ར་འཁོར་བ་དང་བསྟུན་བདུན་བརྡུང་ལན་གསུམ་དང་། དགུ་བརྡུང་དལ་བ་གཅིག་དང་། སླར་ཡང་དགུ་བརྡུང་བྲེལ་ཙམ་རེ་རེས་འཆམས་བསྡུ། མཐར་འབེབས་དང་དགུ་བརྡུང་འཐེང་པོ་ལན་གཉིས་ཀྱིས། ཧཱུྃ། ཤར་ཕྱོགས་དཀར་པོ་དབྱངས་དང་ལན་ཕྲན་ཅན་ནས་དགུ་བརྡུང་འཐེང་པོ་གཉིས། སྤྱན་རྩ་དམར་ཟླུམ་ནས། གོ་སྐབས་འབྱེད། ཡང་དགུ་བརྡུང་འཐེང་པོ་གཉིས་བུ་ཡུག་ཐོག་འབེབས་ཕྱིན་ཟློག་གདངས་འཁྱིལ་མ་བྱ། དཔལ་གྱི་ཕོ་ཉའི་སྐབས་ཚིག་རྐང་མཚམས་རྒྱག །འཆམས་དཔོན་པས་འདོབ་མཆོང་གཅིག་བྱ། ས་མ་ཡཱཿ དགུ་བརྡུང་འཐེང་པོ་གཉིས་མཐར་འབེབས་ཀྱི་སྐབས་འཆམས་པ་རྣམས་ལམ་འགྲོས་སུམ་བརྡུང་གིས་རྡོ་ར་འཁོར་བ་དང་དེ་རྗེས་རྒྱལ་ཐེབས་རྣམས་ཀྱང་འབྱོན་ལ་སྒྲུབ་ཁང་དཀྱིལ་འཁོར་ལ་བསྐོར་བ་གཅིག །ཉུལ་ལེ་བསྐྲད་སྔགས་འདོན་ཞིང་རྡོ་ཐུན་བྲབས། ཕྱིར་འཁོར་བ་དང་། རྒྱལ་ཐེབས་རྣམས་རང་གནས་དང་། འཆམས་པ་རྣམས་རྡོ་ར་འཁོར་བསྟུན་རོལ་མོ་འབེབས་དང་བདུན་བརྡུང་ལན་གསུམ་
བཞི་བརྡུང་དལ་རན་བཞི། དགུ་བརྡུང་དལ་བ་གཅིག །སླར་ཡང་བཞི་བརྡུང་བྲེལ་ཙམ་བཞི་དང་། དགུ་བརྡུང་རེས་འཆམས་བསྡུ་ཐོན་ནས་འབེབས་དང་སུམ་བརྡུང་གིས་སེར་སྦྲེངས་སྒྲུབ་ཁང་ལ་འབྱོན། འབེབས་དལ་རན་དང་སུམ་བརྡུང་གིས་བྱིན་འབེབས་བཏོན། མཐར་སློབ་དཔོན་རྣམས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ། མཐར་འབེབས་ཀྱིས་བཞག །ཆས་རྣམས་བསྡུ། ཚོགས་གྲོལ། ཡར་འཚོགས་ཆོས་སྐྱོང་སྐོང་གསོལ་བཏོན་ལ་གྲོལ། དགོང་མོར་རྒྱ་གླིང་དང་རག་དུང་སུམ་བསྒྲིགས། འདི་སྐབས་མཚན་ཐུན་དང་པོ་བྱ། ནམ་གུང་ཐུན་གཉིས་པ། ཐོ་རངས་ཐུན་གསུམ་པ་བཅས། སྐྱ་རེངས་ཤར་སྐབས་དུང་གླིང་སུམ་བསྒྲིགས་བཏང་། རི་རྩེར་ཉི་ཤར་ལ་འཚོགས། ཉིན་ཐུན་དང་པོ། དེ་བཞིན་ཚོགས་ཐེངས་རེ་དང་ཐུན་བར་བཅས་ལ་ཐུན་པ་རྣམས་བརྗེ་དགོས། གྲོལ་ཉིན་མཚན་ཐུན་གཉིས་པའི་ཕྱེད་ཙམ་ཟིན་དུས་འཚོགས་ལ། ཉིན་ལྟར་གྱི་ལས་བྱང་བཏོན་ཞིང་བསྙེན་པའི་མཐར་ཚོགས་དང་བཀའ་སྲུང་བཏོན་མཐར་རོལ་མོ་བཞག་ནས། དཀྱིལ་འཁོར་ཤར་དུ་སྟེགས་བུའི་ཁར་དངོས་གྲུབ་ཀྱི་རྫས་འབྲང་རྒྱས་ལ་དཀར་གསུམ་མངར་གསུམ་ཟས་སྣས་བསྐོར་བ་མཆེད་ལྕམ་གྲངས་མཉམ་ལ་
དར་མཐིང་ནག་དང་དམར་པོ་བཀབ། མངར་གསུམ་གྱིས་སྦྲུས་པའི་ཟན་རིལ་དང་། བསེ་ཕོར་དུ་བུར་ཆང་། གཞན་ཡང་ཟས་སྣ་བཅས་བཤམས་ལ། སུམྦྷ་ནི་གསུམ་གྱིས་བགེགས་བསྐྲད། གུ་གུལ་བདུག །ཡུངས་ཀར་བྲབ། རྫས་ཀྱི་སྟེང་གཟུངས་ཐག་བཞག་ལ་སློབ་དཔོན་གྱིས་འཛིན། བདག་ཉིད་ཡི་དམ་སོགས་ནས་ཐིམ་པར་གྱུར་བར། ཐམས་ཅད་ཀྱིས་ལག་གཡོན་མཐེབ་སྲིན་སྦྱར། གུང་མཛུབ་གཉིས་བསྒྲེང་ལ་རྟ་མགོའི་ཚུལ་དང་། གཡོས་ཕྲེང་བ་འདྲེན་ལ་ཡིག་བདུན་དང་། ཀཱ་ཡ་སིདྡྷི་སོགས་ཉེར་གཅིག་གི་མཚམས། སློབ་དཔོན་བཞེངས་ལ། ཧཱུྃ། བདེར་གཤེགས་མ་ལུས་སོགས། སློབ་དཔོན་རང་གི་སྤྱི་བོར་ལྷ་སྐུ་བཞག་ལ་དབང་ལེན། སྔགས་བསྒྲིགས་འདོན་གྱིས་ཚོགས་ལའང་འགྲིམ། དེ་ལྟར་འདོན་པའི་གོ་རིམ་ལྟར་བར་གྱི་སྔགས་རྣམས་བཏོན་ལ། སྔགས་བྱང་མགྲིན་པར། ཤེལ་རྡོ་མེ་ལོང་སྙིང་ཁར། རྒྱ་གྲམ་ལྟེ་བ་བཅས་ལ་བཞག་པར་བྱའོ། །དེ་འཕྲལ་ཚོགས་དྲངས་ཤིང་ཞབས་བརྟན་སོགས་བཏོན་ལ། སློབ་དཔོན་གྱིས་ལས་བུམ་བསྐྱེད་བཟླས་གནང་། ཚོགས་གྲོལ། སྐབས་འདིར་སློབ་མར་སྨིན་བྱེད་དབང་བསྐུར་བྱ་སྟེ། སློབ་མ་རྣམས་འཚོགས་ཟིན་ནས། དང་པོ་སློབ་
དཔོན་འདུས་པ་བཅས་ཀྱིས། ༀ་ཧྲཱིཿཔདྨནྟ་ཀྲིཏ་སོགས་སྔོན་འགྲོ་གཞུང་ལྟར། ཉོན་ཅིག་མ་སོགས་བགེགས་བསྐྲད་མཐར་གུ་གུལ་སྤོས་སྐོར་དང་། མཚམས་གཅོད་བཅས་རྔ་རོལ་ཉིན་ལྟར་བྱ། ཁྲུས་ཆབ་བཏང་། མཎྜལ་བཀྱེ་བསྡུ། སློབ་དཔོན་གྱིས་དབང་བཤད་གསུངས་མཚམས་མཎྜལ་ཕུལ། གསོལ་གདབ་རྗེས་གནང་རྣམས་དང་དམ་ཆུ་བཅས། སློབ་དཔོན་དབང་འགྲིམ་སྐབས་རྒྱ་གླིང་བཏང་། བྱིན་འབེབས་སྐབས་སྤོས་འགྲིམ་རོལ་ཆེན་བཅས། རྣམ་དག་སྤྲོས་བྲལ་དབྱངས་དང་མཐར་རོལ་མོ་འབེབས་བཅས་བཞག །གཏོར་དབང་རྣམས་སོ་སོར་བསྐུར་མཐར། རིལ་བུ་བུམ་ཆེན་གྱིས་དབང་བསྐུར། དེ་ཚེ་སྔགས་རིང་དཔོན་སློབ་རྣམས་ཀྱིས་མཉམ་འདོན་བྱ། རྒྱལ་ཐེབས་ཞིག་གིས་རིལ་བུ་གསུམ་རེ་གནང་ཞིང་། ལས་རྡོར་གྱིས་རྣམ་རྒྱལ་བུམ་ཆུ་བཀྱེ། དེ་ཚེ་སྤྲོ་ན་རིལ་བུའི་ཕན་ཡོན་བཤད། དེ་ནས་ཐོད་པའི་དབང་ཡང་བསྐུར་ཞིང་། དམངས་ལ་ལས་རྡོར་གྱིས་བདུད་རྩི་བཀྱེ། ཤེལ་རྡོ་མེ་ལོང་སྔགས་བྱང་སྒྲོ་མདོངས་དབང་དང་། རིག་པའི་རྩལ་དབང་། སླར་ཡང་གཏོར་དབང་བཅས་བསྐུར་མཐར་སྔགས་རིང་མཉམ་འདོན་བྱ། བཟླས་ལུང་དང་དམ་ཚིག་ཁས་ལེན། མཎྜལ། དེང་ནས་བརྩམས་དང་།
བསོད་ནམས་འདི་ཡིས་སོགས་མཐར། ཚོགས་པ་རྣམས་ཐལ་མོ་སྦྱར་ལ། ཧཱུྃ། བྱམས་མགོན་ཐུགས་རྗེ་སོགས་རྒྱུན་གདངས་དང་། ནམ་མཁའི་མཐའ་དང་སོགས་བདེ་སྤྱོད་ཀྱིས་བཀབ་ལ། རིན་ཆེན་གཏེར་གྱི་ནས་བསྐུལ་མཚམས་ཐུང་དུ་བཏང་བས་འདི་སྐབས། དངོས་གྲུབ་རྫས་རྡོར་རྒྱལ་འདུས་པ་བཅས་ལ་དྲངས་ཞིང་། སློབ་མའི་གཙོ་བོ་རྣམས་དང་། དམངས་བཅས་ལའང་། དངོས་གྲུབ་རྫས་དང་ཚོགས་རྫས་ཀྱང་བཀྱེ་བ་དང་བསྟུན་རྒྱུན་གདངས་ཀྱིས། དགོངས་ཤིག་ཐུགས་རྗེ་སོགས་ཚར་གསུམ་མམ་ལྔ་བདུན་བསྐྱར་ཞིང་འདོན་མཐར་སྔགས་དང་བཅས་ཞི་རོལ་ལྡིར། སློབ་མ་གྲོལ། ཚོགས་ཐེངས་བྱ། ཡར་འཚོགས་ལ་གིང་པ་གཉིས་ཆས་སྤྲས་ནས་དཀྱིལ་འཁོར་རྒྱབ་ངོས་སུ་འདུག་ལ། སྔོན་དཀྱིལ་འཁོར་འོག་ཏུ་བསགས་པའི་ལྷག་མ་གྲལ་མདོར་བཤམས་ལ། ལྷག་གཏོར་བཏང་མཐར་རོལ་མོ་འབེབས་རིང་ཙམ་དང་བཤུག་པ་བཅས། དེ་ཚེ་གིང་པས་གར་དང་བཅས་ཕྱི་རོལ་རྒྱང་རིང་པོར་ལྷག་མ་བསྐྱལ། དེ་ནས་བསྐུལ་དང་དགུག་གཞུག་ཆད་ཐོ་བརྟན་སྐྱོང་གཏོར་བྲོ་མཐར་ཚོགས་གྲོལ། ཡར་འཚོགས་ལ། ཧཱུྃ་བྷྲཱུྃ་བཛྲ་སོགས་སྔགས་རྣམས་ཉེར་གཅིག་རེ་བཟླས་ལ། དེ་ཚེ་སློབ་མ་རྣམས་གྲལ་འཁོད་གྲུབ་པ་དང་། ཧཱུྃ།
བཅོམ་ལྡན་མགོན་པོ་སོགས་གདངས་དང་འདོན་བྱ་བསྟུན་པའི་བསྐུལ་མཚམས་བྱ། སློབ་དཔོན་གྱིས་མདའ་དར་གཡབ། དྲིལ་གསིལ་དང་བཅས། ༀ་བྷྲཱུྃ་བཛྲ་ཨཱ་ཡུཿཥེ་ཉེར་གཅིག་དང་། ཧཱུྃ། ནམ་མཁའི་དབྱིངས་ནས་སོགས་སྔར་ལྟར། ༀ་ཏྲ་ཏྲ་ཤག་འདོན་ཚེ་མདའ་དར་སྤྱི་བོར་འགྲིམ་ལ། ཧཱུྃ་སྟོང་ཉིད་བརྟན་པར་སོགས། སྔགས་དང་བསྟུན་པའི། ཚེ་གཏོར་སྤྱི་བོར། དཔྲལ་བར། རྣ་ལྟག་གཡས། ལྟག་པར། རྣ་ལྟག་གཡོན་བཅས་ལ་བཞག་ཅིང་འགྲིམ། རྒྱལ་ཐེབས་ཀྱིས་ཚེ་ཆང་དྲངས། ལས་རྡོར་གྱིས་ཚེ་རིལ་བཀྱེ། གྲལ་ལ་འཁོད་ནས། ཧཱུྃ་དེ་ལྟར་ཚེ་བསྐུལ་སོགས་མདའ་དར་གཡབ། སྐུ་ཡི་སྐུ་སོགས་མེ་ཏོག་འཐོར་ཞིང་མཐར་ཞི་རོལ་བྱ། སྦྱིན་པ་བཏང་ཞིང་སོགས། སློབ་མ་གྲོལ། དེ་ནས་རྗེས་ཆོག །ཧྲཱིཿ ཆོས་སྐུ་སྐྱེ་མེད་སོགས་དང་། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སྦྲེལ་བ་ཚར་གསུམ། ཡེ་ཤེས་ལྷ་ཚོགས་གནས་འདིར་སོགས་མཐར་རྡོ་རྗེ་བསྡུ་བའི་རྒྱ་དང་། ཧྲཱིཿ བདག་ཉིད་སྒྱུ་མ་སོགས། ཚོགས་གྲོལ། དེ་ནས་རྒྱལ་ཐོ་བསྡུ་ཆས་ཟླུམ་གཏོར་དང་། མཆོད་པ་སོགས་ལས་རྡོར་གཉིས་ཀྱིས་རེས་མོས་བྱེད་ལ་རོལ་མོ་དང་བཅས་སེར་སྦྲེངས་གཤར་མཐར་རོལ་མོ་བཞག །རྃ་ཡྃ་ཁྃ་དང་འབྲུ་གསུམ་ལན་གསུམ། སུམ་
བརྡུང་འཛག་མེད་ཀྱིས། ཧཱུྃ་རྒྱལ་པོ་ཆེན་པོ་སོགས་གདངས་དང་མཐར་རོལ་མོ་འབེབས་ཀྱིས་བཞག །གཏོར་སྔགས་ཚར་གསུམ། ཨརྒྷཾ་སོགས། མཐར་དྲིལ་གསིལ། སུམ་བརྡུང་གིས། ཧཱུྃ་ཤར་ཕྱོགས་རྒྱལ་པོ་སོགས། སུམ་བརྡུང་ཞབས་བཛྲཿམུཿབརྗོད། མཆོད་གཏོར་བསྡུ། ཐོ་ལེན། དེ་ནས་འབེབས་བཅས་སེར་སྦྲེངས་རོལ་མོ་ལེན་པ་སོགས་སྔར་ལྟར་འགྲེ འོ། །དེ་ནས་སྒོ་བྱང་ཕྱི་ནང་བསྡུ་བ་ལ་རོལ་མོ་སྔར་ལྟར། འབྲུ་གསུམ་མཐར་གཏོར་སྔགས་ཚར་གསུམ ། ཨརྒྷཾ་སོགས་མཐར་དྲིལ་གསིལ་སུམ་བརྡུང་གིས། བགེགས་ཀྱི་གཉེན་པོ་སོགས་བཛྲ་མུཿ རོལ་ཞབས་བཏོན། སྒོ་བྱང་ལེན། མཆོད་གཏོར་བསྡུ་བ་བཅས་རོལ་མོ་སྔར་ལྟར། ནང་གི་སྒོ་བྱང་བསྡུས་མཐར་རོལ་མོ་བཞག །ཚོགས་པ་གྲལ་ལ་འཁོད། སློབ་དཔོན་དཀྱིལ་འཁོར་ནུབ་ཏུ་གནས་པས། སྐམ་པའི་རྒྱས། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སོགས་འོག་གི་ཕུར་པ་ལེན། རུ་རུ་སྥུ་རུའི་སྐབས་ལས་རྡོར་གྱིས་འོ་མ་རྔ་ཡབ་ཀྱིས་ཕུར་པའི་དབལ་ལས་འཐོར་བ་དང་ཕུར་གདན་ལ་འཐོར་བ་བཅས་བྱ། དེ་ནས་བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོ། བྱང་། ནུབ། ལྷོ། ཤར། སྟེང་བཅས་ཀྱི་ཕུར་པ་གོང་ལྟར་ལེན་མཐར། ཞི་རོལ་བཅས། ཨ་ཀཱ་རོ་ཚར་གསུམ། དེ་ཚེ་སློབ་དཔོན་
དཀྱིལ་འཁོར་ལ་གཡས་བསྐོར་བཅས་དཀྱིལ་ཐང་། མཐར་རོལ་མོ་བཞག །དེ་ནས་སློབ་དཔོན་ཁྲིར་བཞུགས། སློབ་མའི་ཚོགས་པ་རྣམས་ཀྱི་ལུས་ལོངས་སྤྱོད་ཕུལ་བའི་དོད་བགྲང་ཕྲེང་རྣམས་མདུན་དུ་སྤུངས་ལ། ཕྱག་གསུམ་འཚལ། སློབ་དཔོན་ལ་བདུད་རྩི་དྲངས། ཐལ་མོ་སྦྱར་ལ་རྒྱུན་གདངས་ཀྱིས། ཧོཿ བདག་ཅག་རྡོ་རྗེ་མཆེད་དང་སོགས་མཐར་ཚོགས་གྲོལ། དེ་ནས་སློབ་མ་རྣམས་དང་ཚོགས་པ་བཅས་ཀྱིས་གཡས་མར་མེ་རེ་དང་། གཡོན་སྤོས་ཀྱི་རིང་བུ་རེ་ཐོགས་ཏེ་དཀྱིལ་འཁོར་མཐའ་སྐོར་ལ་ཕྲེང་བ་ལུ་གུ་རྒྱུད་དུ་བྱས་ཏེ་མར་མེ་སྨོན་ལམ་ཞི་ཁྲོ་ལྟར་དབྱངས་རིང་ཐུང་གང་བདེས། ཧོ་བླ་མེད་གསང་བ་སོགས་གྱེར། མཐར་ཡིག་བདུན་བཟླ་བཞིན། དང་པོ་སློབ་མ་རྣམས་གཡས་སྐོར་ལན་གསུམ་བྱེད་བཅུག་ལ་གྲོལ། དེ་ནས་སློབ་དཔོན་འདུས་པ་བཅས་ཀྱིས་ཀྱང་བསྐོར་བ་གསུམ་གྲལ་ལ་འཁོད། ལུས་སྲུང་བ། ༀ་བཛྲ་རཀྵ་སོགས་བརྗོད། ལས་བྱང་གི་སྨོན་ལམ། བླ་མ་དཀྱིལ་འཁོར་ལྷ་སོགས་དང་། མེ་ཏོག་འཐོར་ལ་བཀྲ་ཤིས་མཐར་ཞི་རོལ། རྒྱལ་བ་རབ་འབྱམས་དཀྱིལ་འཁོར་དུ་སོགས་དང་། མཆོད་སྦྱིན་གནས་འདིར་སོགས། དཀོན་མཆོག་རིན་ཆེན་སོགས་ནས། སངས་རྒྱས་སྐུ་གསུམ་སོགས། བདེན་གྲུབ་
མ་བཏོན་མཐར། དཀོན་མཆོག་གསུམ་གྱི་སོགས། བཀྲ་ཤིས་དཔལ་འབར་སོགས། ཚོགས་གྲོལ། འདི་མཚམས་བར་དབང་སྤྲོ་ན་གནས་གང་བདེར་སྟེགས་ཀྱི་ཁར་ཁེབས་དང་མཎྜལ་ཚོམ་བུ་ལྔ་པ། དེ་སྟེང་མཉྫའི་ཁར་དབང་གཏོར། གཡས་གཙོ་བུམ། གཡོན་ལས་བུམ། བྷནྡྷ་བདུད་རྩི་རིལ་བུས་བཀང་པ་དར་ཐུམ་ཅན་དང་། ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས་དང་སྔགས་བྱང་རྣམས་བཀོད། དུང་ཆོས་ནང་དམ་ཆུ་དང་། མདུན་ངོས་སུ་སྨན་གཏོར་རཀྟ། མཆོད་པ་ཕྲེང་ཚར་བཅས་བཤམས་ཟིན་པ་དང་། སེང་སྦྲེངས་དང་བཅས་འབྱོན་ནས། སློབ་དཔོན་རྣམས་གྲལ་ལ་འཁོད། དང་པོ་ཚིག་བདུན་མ་དང་། དེ་ནས་རོལ་མོ་འབེབས་དང་སུམ་བརྡུང་གིས། ལས་བྱང་བསྡུས་པའི། ན་མོ་དཀོན་མཆོག་གསུམ་དང་སོགས་ལ། སྤྲོས་མེད་ཆོས་གདངས་འགེབ་དང་། འདི་མཚམས་དགེ་སློང་བཞི་སྡེས་མ་ཎི་དགེ་བསྐུལ་བཏང་། སེམས་བསྐྱེད་དོ། །བར་ལན་གསུམ་མཚམས་རྒྱག་བཅས། ཧཱུྃ་ཉོན་ཅིག་སོགས་ནས། མཛོད་མཐར་སུམ་བརྡུང་དང་འབེབས། ཡང་སུམ་བརྡུང་གིས། ཚེ་སྒྲུབ་གཞུང་གདངས་ཀྱིས། རང་རིག་སོགས་ནས་བཤགས་པ་མཚམས་རྒྱག་བཅས། ཧཱུྃ་སྤྲོས་མེད་སོགས་ནས། འཇའ་ལྟར་གསལ་མཐར། སུམ་
བརྡུང་དང་འབེབས་ཆེན། ཡང་སུམ་བརྡུང་གིས། དལ་བུས་ཧྲཱིཿ གདངས་ཀྱིས། ཧཱུྃ། རྣམ་དག་བདེ་ཆེན་སོགས་ནས། ཕྱག་བགྱིའོ། །མཐར་སུམ་བརྡུང་གིས། ཚིག་རྔ་མཚམས་རྒྱག་དང་བཅས། ཏེ་ཏེ་ནས་པཱུ་ཛཿ ཧོ། མཐར། འབེབས་དང་སུམ་བརྡུང་གིས། ཧྲཱིཿ བདེར་གཤེགས་སོགས་འབེབས་མཐར་གྱིས་བཞག །ཡིག་བདུན་སྟོང་རྩ་གཅིག་བསྙེན་བའི་ཚེ། སྔོན་གྱི་ལས་བུམ་ཆུ་འདྲེས་པའི་ཆུ་བུམ་མང་ཙམ་ཐོགས་ནས་གྲལ་ཕྱི་ནང་ཐམས་ཅད་ལ་ཁྲུས་ཆབ་བཏང་། ཡུན་མི་འགོར་བར་བྱེད། ཟུར་དུ་ཆུ་སྣོད་ཆེ་ཙམ་གཉིས་བཞག་ལ་ཁ་གསབ་དགོས་ན་བྱེད། དེ་ནས་སྔགས་ཤམ་རྣམས་སྦྲེལ་མར་བཟླའོ། །སླར་ལས་བུམ་བསྐྱེད་བཟླས་ཉེར་གཅིག་བྱ། དེ་ནས་སྔོན་འགྲོ་སོགས་ནང་དབང་ཇི་བཞིན་ལ། གོང་འོག་གི་སྤོས་འགྲིམ་གྲལ་ནང་སྐོར་ཙམ་གྱིས་འཐུས། ཁྲུས་ཆབ་ཀྱང་གྲལ་ནང་སྐོར་ཙམ་ལ་བཏང་། མཎྜལ་བཀྱེ་བསྡུ་ཙམ་བྱ། བྱིན་འབེབས་དབྱངས་དང་། རིལ་བུའི་ཕན་ཡོན་བཞག་ཀྱང་ཆོག །དབང་རྫས་རྣམས་རྒྱང་ནས་བསྟན་པ་ཙམ་གྱིས་ཁྱབ། རིལ་བུའི་བུམ་དབང་ཚབ་རྣམ་རྒྱལ་བུམ་པ་འཛིན་པས་ཆོག །གཏོར་དབང་སྔགས་མཐའི་སིདྡྷི་ཧཱུྃ་བར། དེ་ནས་བཞེངས་ལ། ཁྲོམ་གྲལ་གྱི་གཡས་
གཡོན་ལ་རྒྱ་གླིང་པ་ཆ་གཉིས་སྡོད་ནས་རེས་མོས་ཀྱིས་བཏང་། རྔ་རོལ་མི་དགོས། གཞན་ཡོ་བྱད་ཐམས་ཅད་ཀྱི་སེར་སྦྲེངས་དང་ལྡན་པས་མདུན་བདར་ལ། བུམ་པ་དོ་ལིའི་ཁར་བཏེགས་པའི་ཕྱོགས་མཚམས་སུ་རྒྱལ་མཚན་དང་། འཕན་དང་། སྟེང་དུ་གདུགས་འཁོར་བ། ལོགས་སུ་དར་དང་རིན་ཆེན་རྒྱན་གྱིས་བཀླུབས་པ་མི་བཞིས་དྲངས་པའི། བུམ་མགུལ་ལ་དར་སྣ་ལྔ་བཏགས་པ་དེ་སློབ་དཔོན་གྱིས་རྡོ་དྲིལ་དང་བཅས་འཛིན་པའི་མདུན་དུ། སྤོས་སྣ་བ། རྒྱབ་ཏུ་དབུ་གདུགས་པ། རྒྱལ་ཐེབས་བཞི་དང་། གཞན་ཡང་སྲུང་ཟློག་བཅའ་སྒྲུབ་བླ་མ་རྣམས་ཀྱིས་ཀྱང་དབང་རྫས་རེ་རེ་འཛིན་ཅིང་། བུམ་ཆུའང་བཀྱེ་བའི་ཁ་གསབ་ཆུ་སྣོད་ཡང་འགའ་རེ་ཐོགས་ལ། སྟོན་འཁོར་ཐམས་ཅད་ཀྱིས་སྔགས་རིང་སྒྲིག་འདོན་བཅས་དབང་འགྲིམ་ལ་འབྱོན། རིལ་བུ་བཀྱེ། དེ་ནས་ཡར་འཁོར་བ་དང་། ཅུང་ཞིག་ངལ་གསོས་ལ། བཟླས་ལུང་ཕྱིན་གྱི་རྗེས་རྣམས་གྲུབ་ནས། དམིགས་མེད་ཀྱི་ངང་དུ་བཞག་པར་བྱའོ། །དེ་ནས་སེར་སྦྲེངས་གཅས་སྒྲུབ་ཁང་ལ་འབྱོན། སྐབས་དང་བསྟུན་པའི་འདི་མཚམས་ཁྲོམ་ཆེན་ལ་དབང་བསྐུར་གྱི་བཤམས་བཀོད་དང་། སེར་སྦྲེངས་སོགས་བར་དབང་ཅི་བཞིན་པའི་དབང་སྒྲུབ་དང་དགེ་བསྐུལ་བྱ། གྲལ་ནང་མ་གང་ཆེ་གྲས་
ཉེ་སྐོར་རྣམས་ལ་མཎྜལ་བཀྱེ་བསྡུ་ཙམ་རེ་བྱས། དེ་ནས་དབང་གི་སྔོན་འགྲོ་སོགས་གཞུང་ལྟར་དང་། ལས་རྡོར་གྱིས་མེ་ལོང་ལ་ཁྲོམ་ཚོགས་འཆར་བར་བྱས་ལ། མཆོད་གཡོག་པས་ཁྲུས་སྣོད་བཟེད་ལ། ལས་བུམ་གྱིས་ཁྲུས་གསོལ་བྱ། དབང་གཞུང་རྫོགས་མཚམས་སེར་སྦྲེངས་བཅས་དབང་འགྲིམ་པ་ཡང་བར་དབང་བཞིན་ལ་བུམ་པ་མགོར་འཇོག། བུམ་ཆུ་བཀྱེ་མི་དགོས། རིལ་བུ་འགྱེད་ལ། དབང་གི་རྗེས་རིམ་རྣམས་བཅས་གྲུབ་ནས། སླར་ཡང་སེར་སྦྲེངས་དང་བཅས་སྒྲུབ་ཁང་ལ་འབྱོན་བར་བྱའོ། །སྨྲས་པ། དེ་ལྟར་རྒྱལ་རྣམས་ཐབས་མཁས་ཐུགས་རྗེའི་འཕྲུལ། །མཛད་པ་རྨད་བྱུང་རྣམ་མང་ཕྲིན་ལས་ཀྱི། སྒོ་འཕར་ཡངས་པོར་ཕྱེ་བའི་གསང་སྔགས་ཆོས། །ཉེ་ལམ་མཐར་ཐུག་འབྲེལ་ཚད་དོན་ལྡན་ཕྱིར། །མྱོང་གྲོལ་སྒྲུབ་ཆེན་ཐུགས་གསང་གཞུང་ཕྱག་ལེན། །གཙོར་བཏོན་གསུང་རྒྱུན་སླར་ཡང་གོ་བདེ་ཞིང་། །གསལ་བར་བཀྲལ་འདི་བསྟན་འགྲོར་ཕན་བདེའི་ཆེད། །པདྨ་ཉིན་བྱེད་དབང་གིས་སྤེལ་བ་དགེ། །སརྦ་ཐཱ་མདྒ་ལམ། སྔར་གསུང་འདི་ཉིད་ལ་གཞིར་བྱས་ནས་ཕྱིས་དགོན་འདིར་བུམ་སྒྲུབ་གསར་འཛུགས་སྐབས་འཇམ་མགོན་རིན་པོ་ཆེས་ཞིབ་རྒྱས་སུ་བྲིས་མཛད་པ་ཟུར་དུ་ཡོད་པ་དེང་སང་ལག་ལེན་ཏུ་བསྟར་བཞིན་པའོ། །