Nitartha Digital Library
Tibetan
རྟ་ནག་རྣམ་འགྲེལ།

1 occurrence of ལོངས་སྤྱོད་རྫོགས་པ་
[Clear Hits]


  
collapse section
  
  
  
  
  
 
མཆོད་བརྗོད་ཀྱི་དོན་ལ་ཤྭཀྱ་བློ་དང་ཐར་ལམ་གསལ་བྱེད་ཀྱི་ལུགས་བཤད་པ།
 expand section
 expand section
 expand section


1 occurrence of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousམཆོད་བརྗོད་ཀྱི་དོན་ལ་ཤྭཀྱ་བློ་དང་ཐར་ལམ་གསལ་བྱེད་ཀྱི་ལུགས་བཤད་པ།next

མཆོད་བརྗོད་ཀྱི་དོན་ལ་ཤྭཀྱ་བློ་དང་ཐར་ལམ་གསལ་བྱེད་ཀྱི་ལུགས་བཤད་པ།

༈ གཉིས་པ་འཆད་པ་ལ། སྐྱེ་བོ་ཕལ་ཆེར། ཞེས་སོགས་བྱུང༌། གཞུང་དེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་བརྗོད་ཚུལ་དེ་ གང་ཞེ་ན། འདི་ལ་ཤཱཀྱ་བློའི་ལུགས་དང༌། ཐར་ལམ་གསལ་བྱེད་ཀྱི་ལུགས་གཉིས། དང་པོ་ལ། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་བརྗོད་བྱས་པའི་དབང་དུ་བྱས་པ་དང༌། ཀུན་ཏུ་བཟང་པོ་ལ་མཆོད་བརྗོད་བྱས་པའི་དབང་དུ་བྱས་པ་གཉིས། དང་པོ་ལ། དགོས་དོན། བསྡུས་དོན། ཚིག་དོན་དང་གསུམ། དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་མཆོད་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དཔལ་ལྡན་ཆོས་གྲགས་རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པར་བྱ་བ་དང༌། བསྟན་བཅོས་རྩོམ་པ་མཐར་ཕྱིན་པར་བྱ་བ་དང༌། བསྟན་བཅོས་རྣམ་འགྲེལ་ལ་འཆད་ཉན་བྱེད་པ་རྣམས་ཀྱང༌། སྔར་བསྟོད་ནས་ཞུགས་པ་ལས་བསོད་ནམས་སྐྱེ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡང༌། ཤཱཀྱ་བློས། ཡ་རབ་དག་ནི་ཕལ་ཆེར་བསྟན་བཅོས་རྩོམ་པ་ལ་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་དེ། དེ་བས་ན་སློབ་དཔོན་འདི་ཡང་བདག་ཉིད་དམ་པ་རྣམས་དང་སྤྱོད་པ་མཐུན་པར་བསྟན་པར་བྱ་བ་དང༌། ཁྱད་པར་དུ་འཕགས་པའི་ལྷ་ལ་བསྟོད་པས་བསོད་ནམས་འཕེལ་ལ། བསོད་ནམས་འཕེལ་བས་ཀྱང་བསྟན་བཅོས་གེགས་མེད་པར་མཐར་ཕྱིན་པ་དང༌། འཆད་པར་བྱེད་པ་དང་ཉན་པར་བྱེད་པ་རྣམས་སྔར་བསྟོད་ནས་ཞུགས་པ་ལ་བསོད་ནམས་སྐྱེ་བའི་ཕྱིར། གཞན་གྱི་དོན་གཟིགས་ནས། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ལྷ་ལ་མཆོད་བརྗོད་བརྩམས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་བསྡུས་དོན་ལ། བསྟོད་པ་དང། ཕྱག་འཚལ་བ་གཉིས། དང་པོ་ལ། རང་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། གཞན་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང་གསུམ། དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་རྐང་པ་གཉིས་ཀྱིས་བསྟན། གཉིས་པ་ནི། ཀུན་ཏུ་བཟང་པོ་ཞེས་པས་བསྟན། གསུམ་པ་ནི། འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པས་བསྟན། ཕྱག་འཚལ་བ་ནི། ཕྱག་འཚལ། ཞེས་པས་བསྟན་ཏེ། དེ་སྐད་དུ་ཡང༌། ཤཱཀྱ་བློས། གང་གི་ཚེ་ན་ཀུན་ཏུ་བཟང་པོ་ཞེས་པའི་སྒྲ་གྲགས་པས་བྱང་ཆུབ་སེམས་དཔའ་ཡིན་པར་མི་བཟུང་བ་དེའི་ཚེ་ན། འདིས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཡིན་ནོ། །དེ་ཡང་བསྟོད་པ་དང་ཕྱག་འཚལ་བ་རྣམ་པ་གཉིས་ཏེ། ཕྱག་འཚལ། ཞེས་པའི་སྒྲ་ནི། ཕྱག་འཚལ་བའོ། །ལྷག་མ་རྣམས་ཀྱིས་ནི་བསྟོད་པའོ། །བསྟོད་པ་ཡང༌། རང་དོན་དང༌། གཞན་གྱི་དོན་དང་ནི་ཐབས་རྣམ་པ་གསུམ་མོ། །ཞེས་གསུངས་པའི་ཕྱིར། རང་དོན་ཕུན་ཚོགས་ལ་ཡང༌། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་དང་གསུམ་མོ། །དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པས་བསྟན། གཉིས་པ་ནི། ཟབ་པའི་སྐུ་མངའ་བ། ཞེས་པས་བསྟན། གསུམ་པ་ནི། རྒྱ་ཆེའི་སྐུ་མངའ་ཞེས་པས་བསྟན་ཏེ། ཤཱཀྱ་བློས། རང་དོན་ཕུན་སུམ་ཚོགས་པ་སྐུ་གསུམ་གྱི་མཚན་ཉིད་ཀྱང་སྒྲིབ་པ་གཉིས་སྤངས་པའི་ཁྱད་པར་དང༌། ཟབ་པའི་ཁྱད་པར་དང༌། རྒྱ་ཆེའི་ཁྱད་པར་དང༌། རྣམ་པ་གསུམ་གྱི་ཁྱད་པར་དུ་འཕགས་པར་བསྟན་ཏེ། ཞེས་དང༌། སྐུ་གསུམ་ངོ་བོ་ཉིད་སྐུ་དང༌།  ལོངསསྤྱོདརྫོགས་སྐུ་དང༌། སྤྲུལ་སྐུ་ཞེས་བྱ་བ་ཡོད་ ་དེ་ནི་རྟོག་པའི་དྲ་བ་རྣམ་བསལ་ཅིང༌། ཟབ་ཅིང་རྒྱ་ཆེ་བའི་སྐུ་མངའ་བ་ཡིན་ནོ། །ཞེས་གསུངས། འདིར་རང་དོན་ཕུན་ཚོགས་སྔ་བར་བསྟན་ནས། གཞན་དོན་ཕུན་ཚོགས་རྗེས་སུ་འཆད་པའི་རྒྱུ་མཚན་ཡོད་དེ། རང་དོན་ཕུན་སུམ་ཚོགས་ན་གཞན་དོན་བྱ་བར་ནུས་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ཤཱཀྱ་བློས། རང་གི་དོན་ཕུན་སུམ་ཚོགས་ན། གཞན་གྱི་དོན་བྱ་བར་ནུས་པར་འགྱུར་བས་དང་པོར་ཕྱེད་གོང་མས་རང་གི་དོན་ཕུན་སུམ་ཚོགས་པ་བཤད་དོ། །ཞེས་གསུངས་པའི་ཕྱིར། །གསུམ་པ་ཚིག་དོན་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་དོན་ཕུན་ཚོགས་མངའ་བ་ཡིན་ཏེ། སྐུ་གསུམ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། རང་དོན་སྤངས་པ་ཕུན་ཚོགས་ཀྱིས་བསྡུས་པའི་ངོ་བོ་ཉིད་སྐུ་མངའ་བ་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ཡིན་པའི་ཕྱིར། བདག་འཛིན་གཉིས་ཆོས་ཅན། དྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུས་ཅན་འཁོར་བར་འཆིང་བྱེད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ་ཡང། ཤཱཀྱ་བློས། རྟོག་པ་ནི་སེམས་ལས་བྱུང་བ་ཁམས་གསུམ་པ་བདག་དང་བདག་གི་བ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། གཟུང་བ་དང་འཛིན་པའི་རྣམ་པར་ཞུགས་པ་རྣམས་སོ། །དེ་ཉིད་དྲ་བ་སྟེ་འཆིང་བའི་བདག་ཉིད་ཡིན་ནོ། །སྐུ་གང་དག་དེ་རྣམ་པར་བསལ་ཅིང་བག་ཆགས་དང་བཅས་པ་ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ཡོད་པས། དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་སྒྲིབ་པ་སྤངས་པའི་ཁྱད་པར་བཤད་དོ། །ཞེས་གསུངས། འོ་ན། ལོངས་སྐུ་ལ་ཟབ་པ་དང་སྤྲུལ་སྐུ་ལ་རྒྱ་ཆེ་བ་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། ལོངས་སྐུ་ཆོས་ཅན། ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གནས་གཟུགས་ཁམས་ཁོ་ནར་བཞུགས། གདུལ་བྱ་སོ་སོ་སྐྱེ་བོ་དང་ཉན་རང་གི་སྤྱོད་ཡུལ་མ་ཡིན་ཅིང༌། ས་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡན་ཆད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། སྤྲུལ་སྐུ་ཆོས་ཅན། རྒྱ་ཆེ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གནས་འདོད་ཁམས་དང༌། གཟུགས་ཁམས་ཅི་རིགས་སུ་བཞུགས་ཤིང༌། གདུལ་བྱ་རིགས་ཅན་གསུམ་གྱི་དོན་དངོས་སུ་མཛད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཤཱཀྱ་བློས། ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་དག་ནི་ཟབ་ཅིང་རྒྱ་ཆེ་བའི་ཞེས་པའི་ཚིག་གཉིས་ཀྱིས་བསྟན་ཏེ། ཞེས་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་དང༌། ཤེས་བྱ་མཐའ་དག་དང༌། སེམས་ཅན་གྱི་དོན་མཐའ་དག་པར་ཁྱབ་པའི་ཕྱིར་རྒྱ་ཆེ་བའི་སྐུ། ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་བ་ཡིན་ཏེ། གདུལ་བྱ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་མངོན་མཐོ་དང་ངེས་ལེགས་ལ་འགོད་པར་མཛད་པ་ཡིན་པའི་ཕྱིར་ཏེ། ཤཱཀྱ་བློས། བཟང་པོ་ནི་དགེ་ལེགས་ཏེ། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་མཚན་ཉིད་དེ། གང་ལ་དེ་དོན་དུ་གཉེར་བ་རྣམས་ལས་ཀུན་ཏུ་སྟེ། མ་ལུས་པར་སྐལ་བ་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་ནི་ཀུན་ཏུ་བཟང་པོའོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་མངའ་སྟེ། གདུལ་བྱ་རྣམས་ལ་སྐལ་བ་དང་འཚམས་པར། མངོན་མཐོ་དང་ངེས་ལེགས་འགྲུབ་པར་མཛད་པའི་ཕྱིར་ཏེ། ཤཱཀྱ་བློས། གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་སྒྲུབ་པའི་ཐབས་ནི། འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པ་འདིས་བཤད། འོད་ཟེར་དག་ནི་འོད་ཟེར་རྣམས་སོ། །འདིར་དངོས་པོ་ཇི་ལྟར་གནས་པ་བཞིན་དུ་གསལ་བར་བྱེད་པ་ཆོས་མཐུན་པའི་ཕྱིར་ཏེ། ཆོས་སྟོན་པ་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྒྲུབ་པའི་ཡུལ་ཅན་དག་ཁོ་ན་འོད་ཟེར་དང་འདྲ་བས་ན་འོད་ཟེར་དག་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཀུན་ཏུ་བཟང་པོ་ཞེས་པའི་སྒྲ་གྲགས་པའི་དབང་དུ་བྱས་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་མཆོད་བརྗོད་བྱེད་པ་ཡིན་ལ། འདི་ལའང་བསྟོད་པ་དང༌། ཕྱག་འཚལ་བ་གཉིས་ལས། ཚིག་དོན་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། སྐུ་གསུམ་རྗེས་མཐུན་པ་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ངོ་བོ་ཉིད་སྐུ་རྗེས་མཐུན་པ་ཐོབ་པ་ཡིན་ཏེ། རང་གི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་བྱང་ཆུབ་སེམས་དཔའི་སྒྲིབ་པ་སྤངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྒྱུད་ཀྱི་ལོངས་སྐུ་རྗེས་མཐུན་པ་ཆོས་ཅན། ཁྱོད་ལ་ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉན་རང་དང་སོ་སོ་སྐྱེ་བོའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེའི་རྒྱུད་ཀྱི་སྤྲུལ་སྐུ་རྗེས་མཐུན་པ་ཆོས་ཅན། རྒྱ་ཆེ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཕྱིན་དྲུག་གི་ཉམས་ལེན་རྒྱ་ཆེན་པོ་དང་ལྡན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། ཤཱཀྱ་བློས། གང་གི་ཚེ་གྲགས་པ་ལ་ལྟོས་པ་དེའི་ཚེ་ན་ཀུན་ཏུ་བཟང་པོའི་ཞེས་བྱ་བའི་སྒྲ་ནི་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའི་ཁྱད་པར་ཞིག་ལ་གྲགས་པས་འདི་བྱང་ཆུབ་སེམས་དཔའ་ལ་མཆོད་པ་ཡིན་ཏེ། ཚིག་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། རྟོག་པའི་དྲ་བ་རྣམ་བསལ་བ་འདི་ནི་བྱང་ཆུབ་སེམས་དཔའི་སྒྲིབ་པ་སྤངས་པ་ལས་ལྟ་བར་བྱའོ། །ཟབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོའི་ཡུལ་མ་ཡིན་པ་ཉིད་ལས་སོ། རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་ལས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་རྗེས་སུ་མཐུན་པའི་སྐུ་གསུམ་ནི་ཡོད་པ་ཁོ་ན་སྟེ། མཐར་ཕྱིན་པའི་ཕྱིར་ན་སངས་རྒྱས་རྣམས་ཀྱི་ཡིན་པའི་ཕྱིར་རྣམ་པར་བཞག་པར་མཛད་དོ། །ཞེས་གསུངས་པའི་ཕྱིར།

༈ གཉིས་པ་ཐར་ལམ་གསལ་བྱེད་ཀྱི་ལུགས་བཤད་པ་ལ། དགོས་དོན། བསྡུས་དོན། ཚིག་དོན་དང་གསུམ། དང་པོ་ནི། ལྷ་དང་ཀླུ་དང་དྲང་སྲོང་ལ་སོགས་པ་རྣམས་ཀྱིས་ཞབས་ཀྱི་པདྨོ་ལ་ཕྱག་བྱས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་ནས་སྐྱབས་སུ་སོང་བ་ལ་ཆོས་ཅན། དགོས་པ་ཡོད་དེ། གནས་སྐབས་བསྟན་བཅོས་རྩོམ་པའི་བར་ཆད་ཞི་བ་དང༌། མཐར་གདུལ་བྱ་རྣམས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་བསྟོད་པ་དང༌། ཕྱག་འཚལ་བ་གཉིས། དང་པོ་ལ། རང་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། གཞན་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་གཉིས། དང་པོ་ལ། རང་དོན་སྤངས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། རང་དོན་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་གཉིས། དང་པོ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པས་བསྟན། གཉིས་པ་ལ། ཇི་ལྟ་བ་མཁྱེན་པའི་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང༌། ཇི་སྙེད་པ་མཁྱེན་པའི་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་གཉིས། དང་པོ་ནི། ཟབ་ཅིང་སྐུ་མངའ་ཞེས་པས་བསྟན། གཉིས་པ་ནི། རྒྱ་ཆེ་སྐུ་མངའ་ཞེས་པས་བསྟན། གཉིས་པ་གཞན་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་ལ། གཞན་དོན་གྱི་ངོ་བོ་དང་། དེ་སྒྲུབ་པའི་ཐབས་གཉིས། དང་པོ་ནི། ཀུན་ཏུ་བཟང་པོ་ཞེས་པས་བསྟན། གཉིས་པ་ནི་འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པས་བསྟན། གཉིས་པ་ཕྱག་འཚལ་བ་ནི། ཕྱག་འཚལ་ཞེས་པས་བསྟན། འོ་ན། ཕྱག་འཚལ་བའི་སྔ་རོལ་དུ་བསྟོད་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ཕྱག་འཚལ་ཞེས་པའི་དོན་ནི། སྒོ་གསུམ་གུས་པའི་སྒོ་ནས་འདུད་པ་ལ་བྱེད་ལ། དེ་ལྟར་འདུད་པ་ལ་ཕྱག་འཚལ་ཡུལ་གྱི་གང་ཟག་དེ་ལ་དང་བ་སྐྱེ་དགོས་ལ། དེ་ལ་ཡང་དེའི་ཡོན་ཏན་ཤེས་པའམ་མཐོང་དགོས་ལ། དེ་ལ་ཡང་དེའི་ཡོན་ཏན་བརྗོད་དགོས་པའི་རྒྱུ་མཚན་གྱིས། ཕྱག་འཚལ་བའི་སྔ་རོལ་ཏུ་བསྟོད་པ་ཡིན་པའི་ཕྱིར། ངག་འདི་བསྟན་བཅོས་འདིའི་ལུས་རྣམ་བཞག་ཡིན་ཏེ། རྟོག་གེའི་ཚིག་དོན་བརྒྱད་ནི། རིགས་སྒོར། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་གསུངས་པ་ལྟར། རང་གིས་གཞལ་བྱ་ངེས་པའི་ཐབས་དང༌། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སུ་ངེས་ལ། རང་གིས་གཞལ་བྱ་ངེས་པའི་ཐབས་ལེའུ་དང་པོ་གསུམ་དང༌། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་ལེའུ་བཞི་པས་བསྟན་ཅིང༌། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་ཚིག་རྐང་དང་པོ་གཉིས་ཀྱིས་རང་དོན་ཕུན་ཚོགས་བསྟན་པས། ལེའུ་དང་པོ་གསུམ་གྱི་ལུས་རྣམ་བཞག་བསྟན། ཀུན་ཏུ་བཟང་པོའི་ཞེས་སོགས་རྐང་པ་ཕྱེད་གཉིས་ཀྱིས། གཞན་དོན་ཕུན་ཚོགས་བསྟན་པའི་སྒོ་ནས་གཞན་དོན་ལེའུའི་ལུས་རྣམ་བཞག་བསྟན་པའི་ཕྱིར། འོ་ན། ལེའུ་དང་པོ་གསུམ་གྱིས་རང་དོན་སྤངས་རྟོགས་ཕུན་ཚོགས་ཇི་ལྟར་བསྟན་ཞེ་ན། དེ་བསྟན་ཏེ། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་ལེའུ་གཉིས་པས་བསྟན། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དང༌། ཆོས་ཀྱི་བདག་འཛིན་སྤངས་པའི་སྤངས་པ་ལེའུ་གསུམ་པས་བསྟན་ཏེ། རྒྱ་ཆེ་བ་ཇི་སྙེད་པའི་རྟོགས་པ་ཕུན་ཚོགས་ལེའུ་དང་པོ་གསུམ་ཀས་བསྟན་པའི་ཕྱིར། ཁོ་ན་རེ། རྩོམ་པར་དམ་བཅའ་བའི་སྔ་རོལ་དུ་ལུས་རྣམ་བཞག་འབྱུང་བ་མི་རིགས་ཏེ། རྩོམ་པར་དམ་བཅའ་བའི་སྔ་རོལ་དུ་ཡན་ལག་རྒྱས་པར་མི་འབྱུང་བའི་ཕྱིར། སྙམ་ན་སྐྱོན་མེད་དེ། ངག་འདི་བསྟན་བཅོས་འདིའི་ལུས་རྣམ་བཞག་མ་ཡིན་ན། བསྟན་བཅོས་འདིའི་ལུས་རྣམ་བཞག་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གསུམ་པ་ཚིག་དོན་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་དོན་སྤངས་པ་ཕུན་ཚོགས་མངའ་སྟེ། ལུས་ཅན་འཆིང་བར་བྱེད་པ་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུངས་ཕྱུང་པའི་ཚུལ་གྱིས་རྣམ་པར་བསལ་ཅིང་སྤངས་པའི་ཕྱིར། དེ་ཆོས་ཅན། རང་དོན་རྟོགས་པ་ཕུན་ཚོགས་མངའ་བ་ཡིན་ཏེ། ཟབ་པ་ཇི་ལྟ་བ་དང༌། རྒྱ་ཆེ་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་སྐུ་མངའ་བའི་ཕྱིར། གང་ཟག་དང་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་ཆོས་ཅན། ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཕགས་པ་རྣམས་ཀྱི་མཉམ་བཞག་སོ་སོ་རང་གིས་མངོན་སུམ་དུ་རིག་པར་བྱ་བ་ཡིན་གྱི། ཆོས་སྟོན་པའི་སྒྲ་ཙམ་ལས་ཇི་ལྟ་བ་བཞིན་དུ་ཤེས་མི་ནུས་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། ཡང་ན། གཟུགས་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། ཟབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་དེ་ཁོ་ན་ཉིད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཤེས་བྱ་ཇི་སྙེད་པ་རྣམས་ཆོས་ཅན། རྒྱ་ཆེ་བ་ཞེས་བྱ་སྟེ། ཡུལ་དང་དུས་དང་མཚན་ཉིད་དང༌། དབྱེ་བ་མཐའ་ཡས་པའི་སྒོ་ནས་རྒྱ་ཆེ་བའི་ཕྱིར༌། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། ཀུན་ཏུ་བཟང་པོའི་གཟུགས་སྐུ་གཉིས་མངའ་བའི་ཕྱིར། གཟུགས་སྐུ་གཉིས་ཆོས་ཅན། གཞན་དོན་ཕུན་ཚོགས་ཞེས་བྱ་སྟེ། གདུལ་བྱའི་རྒྱུད་ཀྱི་མངོན་མཐོ་དང༌། ངེས་ལེགས་གཞན་དོན་ཡིན་ལ། ཁྱོད་ཀྱིས་མངོན་མཐོ་དང་ངེས་ལེགས་འགྲུབ་པར་མཛད་པའི་ཕྱིར། གཟུགས་སྐུ་གཉིས་ཆོས་ཅན། ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། གདུལ་བྱ་ལ་ལེགས་པ་དང༌། ཕན་པ་འབའ་ཞིག་བྱེད་པ་དང༌། ལེགས་པ་མ་ཡིན་པ་དང༌། ཅུང་ཟད་མ་འདྲེས་པ་དང༌། རྒྱ་ཡོངས་སུ་མ་ཆད་པར་ལེགས་པའི་རིགས་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་མངའ་སྟེ། ཉི་མའི་འོད་ཟེར་གྱིས་གཟུགས་གསལ་བར་བྱེད་པ་དང༌། མུན་པ་སེལ་བར་བྱེད་པ་དེ་བཞིན་དུ། ཁྱོད་ཀྱིས་ཀྱང་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་ཅིང༌། མི་ཤེས་པའི་མུན་པ་སེལ་བར་བྱེད་པའི་དམ་པའི་ཆོས་བསྟན་པའི་གསུང་གི་འོད་ཟེར་གདུལ་བྱ་ལ་ཀུན་ནས་འཕྲོ་ཞིང་ཁྱབ་པར་མཛད་པའི་ཕྱིར།

༈ དེ་དེ་ལྟར་ཡིན་ན། བསྟན་བཅོས་འདིར་གཞི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་སོགས་པ་བསྟན་ན། དེ་རྣམས་ཇི་ལྟར་ཡིན་ཞེ་ན། དང་པོ་ལ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད། དེ་ལ་རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུག་ཡོད་ལ། དེ་ཡང་བསྡུ་ན། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞིར་འདུའོ། །དེ་ཡང་བསྡུ་ན། དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་གཉིས་སུ་འདུའོ། །དེ་ལྟར་ཡིན་ན། ཁྱོད་དངོས་པོ་ཡིན་ན། ཁྱོད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་དངོས་པོ་སྟོང་པ་ཉིད་ཡིན་པས་ཁྱབ། ཁྱོད་དངོས་མེད་ཀྱི་ཆོས་ཡིན་ན། ཁྱོད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་དངོས་པོ་མེད་པ་སྟོང་པ་ཉིད་ཡིན་པས་ཁྱབ་ཅིང༌། ཆོས་ཉིད་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ། གཞན་གྱི་ངོ་བོ་སྟོང་པ་ཉིད་དང༌། རང་གི་ངོ་བོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་རྣམས་རེ་རེ་ནས་ཡིན་ནོ། །ཡང་། དེ་ལ་སྒྲ་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དོན་དམ་དང་། ཐོབ་པ་དོན་དམ། སྒྲུབ་པ་དོན་དམ་དང་གསུམ་དུ་ཡོད། དང་པོ་དང་དོན་དམ་བདེན་པ་དོན་གཅིག །གཉིས་པ་དང་འགོག་བདེན་དོན་གཅིག །གསུམ་པ་དང་ལམ་བདེན་དོན་གཅིག །ཡང་། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། མཐུན་པའི་དོན་དམ་དང༌། དོན་དམ་དངོས་གཉིས། དང་པོའི་མཚན་གཞི། གཟུགས་དང་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཚོགས་དོན་ལྟ་བུ། གཉིས་པ་ནི། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ལྟ་བུ་ལ་བྱེད་དོ། །དེ་ལྟར་ན། དོན་དམ་བདེན་པ། སྟོང་པ་ཉིད། དེ་ཁོ་ན་ཉིད། ཆོས་ཉིད། དེ་བཞིན་ཉིད། ཡང་དག་པའི་མཐའ། མཚན་མ་མེད་པ། སྨོན་པ་མེད་པ་རྣམས་དོན་གཅིག་ཡིན་ནོ། །རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱིས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ། ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ཡང་དག་ཀུན་རྫོབ་བདེན་པ་དང༌། ལོག་པའི་ཀུན་རྫོབ་བདེན་པ་གཉིས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཀུན་རྫོབ་བདེན་པ་དང་པོའི་མཚན་ཉིད། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཀུན་རྫོབ་བདེན་པ་དེ་གཉིས་པའི་མཚན་ཉིད། ཡང་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། བཏགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་རྫོབ། བརྗོད་པའི་ཀུན་རྫོབ་དང་གསུམ། དང་པོ་ནི། ཀུན་བཏགས་ལྟ་བུ་ལ་བྱེད། གཉིས་པ་ནི། གཞན་དབང་ལྟ་བུ་ལ་བྱེད། གསུམ་པ་ནི། ཡོངས་གྲུབ་ལྟ་བུ་ལ་བྱེད།

༈ གཉིས་པ་ལམ་ཐབས་ཤེས་གཉིས་ཀྱི་རྣམ་བཞག་ནི། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ། ཤེས་རབ་ཁྱད་པར་ཅན་དང༌། དེས་ཟིན་པའི་སྙིང་རྗེ་ཆེན་པོ་དང༌། དེས་ཟིན་པའི་ཕར་ཕྱིན་དང་པོ་ལྔ་རྣམས་ཐབས་ཁྱད་པར་ཅན་ཡིན་ནོ། །

༈ གསུམ་པ་འབྲས་བུ་སྐུ་གསུམ་གྱི་རྣམ་བཞག་ནི། ཚོགས་གཉིས་གོམས་པ་མཐར་ཕྱིན་པ་ལ་བརྟེན་ནས་ཐོབ་པའི་ཡོན་ཏན་མཐར་ཐུག་དེ། འབྲས་བུ་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན། རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུ་གཉིས། དང་པོ་ལ་དབྱེ་ན། ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ་གཉིས། སྒྲིབ་གཉིས་སྤངས་པའི་དབྱིངས་མཐར་ཐུག་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་དེ་དང༌། གློ་བུར་རྣམ་དག་གི་ཆར་གྱུར་བའི་དེ་གཉིས་སུ་ཡོད་དེ། དང་པོ་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་དང་། གཉིས་པ་ནི། དེའི་རྒྱུད་ཀྱི་འགོག་བདེན་ལྟ་བུ་ལ་བྱེད། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ཏེ་གཟིགས་པ་མཐར་ཕྱིན་པའི་ཡེ་ཤེས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད། དེ་དང་རྣམ་མཁྱེན་དོན་གཅིག །སྒྲིབ་གཉིས་སྤངས་པའི་གང་ཟག་དེ། གཞན་དོན་གཟུགས་སྐུའི་མཚན་ཉིད། དེ་དང་སངས་འཕགས། ཀུན་རྫོབ་པའི་སྐུ་རྣམས་དོན་གཅིག །གཟུགས་སྐུ་རྣམ་པ་གཉིས་སྤྱིར་ཆོས་སྐུ་ཡིན་ཅིང་གཟུགས་སྐུ་དང་ཆོས་སྐུ་གཉིས་སུ་ཕྱེ་བའི་ཆོས་སྐུ་མ་ཡིན་ཏེ། དེ་དང་གཟུགས་སྐུ་འགལ་བའི་ཕྱིར། གཟུགས་སྐུ་ལ་དབྱེ་ན། ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་ཡོད། ངེས་པ་ལྔ་དང་ལྡན་པའི་གཟུགས་སྐུ་མཐར་ཐུག་དེ་དང་པོའི་མཚན་ཉིད། མཚན་གཞི་རྒྱལ་བ་རྡོ་རྗེ་འཆང་ལྟ་བུ་ལ་བྱེད། དེ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་དེ་སྤྲུལ་སྐུའི་མཚན་ཉིད། དེ་ལ་དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་རྣམས་སུ་ཡོད། དང་པོ་ནི། དྲི་ཟའི་རྒྱལ་པོ་རབ་དགའི་དྲེགས་པ་གཞོམ་ཕྱིར་དུ་དྲི་ཟར་སྤྲུལ་པའི་དེ་བཞིན་གཤེགས་པའི་སྤྲུལ་སྐུ་ལྟ་བུ་ལ་བྱེད། གཉིས་པ་ནི། རྗེ་བཙུན་བྱམས་མགོན་ལྟ་བུ་ལ་བྱེད། གསུམ་པ་ནི། བདག་ཅག་གི་སྟོན་པ་ལྟ་བུ་ལ་བྱེད། རང་གི་བདག་རྐྱེན་དུ་གྱུར་པའི་ཡེ་ཤེས་ཆོས་སྐུ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་དང༌། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་གཉིས་སུ་ཡོད།

༈ གཞུང་འདི་གྲུབ་མཐའ་སྨྲ་བ་གང་གི་དབང་དུ་བྱས་ན། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་གཞུང་ཡིན་ཏེ། འདིས་གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་སྤང་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །མདོ་སྡེ་པས་དེ་གཉིས་རྫས་གཞན་དུ་ཁས་ལེན་པའི་ཕྱིར། དེས་ན་གཞུང་འདི་བསྟན་བཅོས་འདིའི་ལུས་རྣམ་བཞག་གི་གཞུང་ཡིན་ཏེ། ལེའུ་བཞི་པོ་འདིས་རང་གིས་གཞལ་བྱ་ངེས་པའི་ཐབས་དང༌། ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་བསྟན་ལ། དེ་བཞིན་དུ་གཞུང་འདིས་ཀྱང་དེ་ལྟར་དུ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། ལེའུ་བཞི་པོ་འདིས། རྟོག་གེའི་ཚིག་དོན་བརྒྱད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག །རྟོག་གེའི་ཚིག་དོན་བརྒྱད་པོ་དེ་གཉིས་སུ་འདུ་བ་ཡིན་པའི་ཕྱིར། དེ་ཡང་འདུ་བ་ཡིན་ཏེ། མངོན་སུམ་ཡང་དག་དང༌། རྗེས་དཔག་ཡང་དག་གཉིས་རང་གིས་གཞལ་བྱ་ངེས་པའི་ཐབས་ཀྱི་གཙོ་བོ་དང༌། མངོན་སུམ་ལྟར་སྣང་དང་། རྗེས་དཔག་ལྟར་སྣང་གཉིས་དེའི་ཐབས་ཙམ་ཡིན་ཅིང༌། སྒྲུབ་ངག་ཡང་དག་དང་། སུན་འབྱིན་ཡང་དག་གཉིས་ངེས་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་ཀྱི་གཙོ་བོ་དང་། ལྟར་སྣང་གཉིས་དེའི་ཐབས་ཙམ་ཡིན་པའི་ཕྱིར།

༈ གཉིས་པ་གཞུང་དེས་དེ་ལྟར་བསྟན་པ་ཡིན་ཏེ། རྐང་པ་དང་པོ་གཉིས་ཀྱིས་བདེན་གཉིས་མངོན་སུམ་དུ་རྟོགས་པའི་མཁྱེན་པ་མཐར་ཐུག་དེ་དངོས་སུ་བསྟན་པའི་ཤུགས་ལ་སློབ་ལམ་གྱིས་བསྡུས་པའི་བདེན་གཉིས་རྟོགས་པའི་མཁྱེན་པ་བསྟན་ཅིང༌། དེ་ནས་རྐང་པ་ཕྱེད་དང་གཉིས་ཀྱིས་གཟུགས་སྐུའི་གོ་འཕང་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དངོས་སུ་བསྟན་པའི་ཤུགས་ལ་སྒྲུབ་ངག་དང༌། སུན་འབྱིན་གྱི་སྒོ་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཚུལ་བསྟན་པའི་ཕྱིར། འོ་ན། གཞུང་འདི་ལེའུ་དང་པོ་གསུམ་གྱི་ལུས་རྣམ་བཞག་གི་གཞུང་ཡིན་ན། དེ་གསུམ་གྱིས་གཞུང་འདིས་བསྟན་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ཇི་ལྟར་བསྟན་ཞེ་ན། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང༌། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་གཉིས་ལེའུ་གཉིས་པས་བསྟན་ལ། ཆོས་ཀྱི་བདག་འཛིན་སྤངས་པའི་སྤངས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་གཉིས། ལེའུ་གསུམ་པས་བསྟན། ཇི་སྙེད་པ་རྟོགས་པའི་རྟོགས་པ་ཕུན་ཚོགས་ལེའུ་དང་པོ་གསུམ་ཀས་ཆ་མཉམ་དུ་བསྟན་པའི་ཕྱིར། དེར་མ་ཟད་གཞུང་འདིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་འབྲས་བུ་དང་བཅས་པ་ཆ་ཚང་བ་གཅིག་བསྟན་པ་ཡིན་ཏེ། རྟོག་པའི་དྲ་བ་རྣམ་བསལ་ཅིང་། །ཞེས་པས་སྤངས་པ་ཕུན་ཚོགས་དངོས་སུ་བསྟན་ལ། ཟབ་ཅིང་སྐུ་མངའ་བ་ཞེས་པས་ཇི་ལྟ་བ་རྟོགས་པའི་རྟོགས་པ་ཕུན་ཚོགས་དངོས་སུ་བསྟན་ནས་སློབ་ལམ་གྱིས་བསྡུས་པའི་ཇི་ལྟ་བ་རྟོགས་པའི་ཤེས་རབ་ཤུགས་ལ་བསྟན། རྒྱ་ཆེ་བའི་སྐུ་མངའ་བ་ཞེས་པས་ཇི་སྙེད་པ་རྟོགས་པའི་རྟོགས་པ་ཕུན་ཚོགས་དངོས་སུ་བསྟན་ནས་སློབ་ལམ་གྱིས་བསྡུས་པའི་རྒྱ་ཆེ་བའི་ལམ་རིམ་ཤུགས་ལ་བསྟན། ཀུན་ཏུ་བཟང་པོ། ཞེས་པ་རྐང་པ་ཕྱེད་དང་གཉིས་ཀྱིས་གཟུགས་སྐུ་གཉིས་དངོས་སུ་བསྟན་ནས་དེ་སྒྲུབ་བྱེད་ཀྱི་བྱང་སེམས་ཀྱི་ལམ་ཤུགས་ལ་བསྟན་པའི་ཕྱིར། གཞན་ཡང༌། མཆོད་བརྗོད་ཀྱི་གཞུང་འདིས་དཀོན་མཆོག་གསུམ་སྐྱབས་ཡུལ་དུ་ཡང་དངོས་སུ་བསྟན་པ་ཡིན་ཏེ། འདིས་སྤངས་པ་ཕུན་ཚོགས་དང༌། རྟོགས་པ་ཕུན་ཚོགས་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་དང་། སངས་རྒྱས་དཀོན་མཆོག་དངོས་སུ་བསྟན་ནས་དེ་སྒྲུབ་བྱེད་ཀྱི་བྱང་འཕགས་ཤུགས་ལ་བསྟན་པ་ཡིན་པའི་ཕྱིར།

༈ ངག་དོན་ནི། དཔལ་ལྡན་ཆོས་གྲགས་ཀྱིས། རང་དོན་དང་གཞན་དོན་གྱི་དགོས་པ་གཉིས་ཀྱི་ཕྱིར་དུ་ཕུན་སུམ་ཚོགས་པ་གསུམ་མངའ་བའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ཕྱག་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སློབ་དཔོན་རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པར་བྱ་བ་དང༌། ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཡང༌། ཚུལ་འདི་ལྟར་བྱེད་དགོས་སོ། །ཞེས་བྱ་བ་དང༌། གདུལ་བྱ་བསྟན་བཅོས་ལ་ཐོས་སོགས་ཀྱིས་འཇུག་པའི་ཚེ་ན་ཡང་དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། དེ་ལྟར་སོང་ནས་འཇུག་དགོས་སོ། ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།

༈ རྩོད་པ་སྤངས་པ་ལ། ཁ་ཅིག་ན་རེ། དེ་རིང་གི་དུས་ཀྱི་ལོངས་སྐུ་ཆོས་ཅན། ངེས་པ་ལྔ་དང་ལྡན་པར་ཐལ། ལོངས་སྐུ་ཡིན་པའི་ཕྱིར། འདོད་ན། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པར་ཐལ། འདོད་པའི་ཕྱིར། འདོད་ན། སང་ཉིན་གྱི་དུས་སུ་ཡང་བཞུགས་པར་ཐལ་ལོ། །ཟེར་ན་མ་ཁྱབ། ཁ་ཅིག་ན་རེ། ཤེས་པ་ཆོས་ཅན། ཡང་དག་ཀུན་རྫོབ་བདེན་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བདེན་པ་ཡིན་པའི་ཕྱིར་ཏེ། སྣང་བ་ལྟར་གྲུབ་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། འོ་ན། ཤེས་པ་དོན་དམ་ཡིན་པར་ཐལ། ཤེས་པ་བདེན་པ་ཡིན་པའི་ཕྱིར། འདོད་ན། ཤེས་པ་འཇལ་བའི་ཚད་མ། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་པར་ཐལ་ལོ། །འདོད་ན། ཤེས་པ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། ཁྱོད་འཇལ་བའི་ཚད་མ་དེ་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཤེས་པ་བདེན་པ་ཡིན་པར་ཐལ། ལས་འབྲས་བདེན་པ་ཡིན་པའི་ཕྱིར་ཏེ། ལས་འབྲས་བདེན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། རྒྱུ་དགེ་བ་བྱས་པ་ལ་བརྟེན་ནས། འབྲས་བུ་བདེ་བ་འབྱུང་བ་དེ་བདེན་པ་ཡིན་པར་ཐལ། ལས་འབྲས་བདེན་པ་ཡིན་པའི་ཕྱིར། འདོད་ན། མེ་ལས་དུ་བ་འབྱུང་བ་དེ་བདེན་པ་ཡིན་པར་ཐལ་ལོ། །འདོད་ན། མེ་དུ་གཉིས་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར་རོ། །


previousམཆོད་བརྗོད་ཀྱི་དོན་ལ་ཤྭཀྱ་བློ་དང་ཐར་ལམ་གསལ་བྱེད་ཀྱི་ལུགས་བཤད་པ།next