རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭཱེ་བྷྱཿ ཨོཾ་སྭ་སྟི་སརྦ་པྲ་ཛཱ་བྷྱཿ རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྟག་བརྟན་གཡུང་དྲུང་འོད་གསལ་རྡོ་རྗེ་སེམས། །གདོད་ནས་རྣམ་དག་མཁའ་བཞིན་འཕེལ་འགྲིབ་བྲལ། །ཆོས་ཀུན་འབྱུང་བ་སངས་རྒྱས་ས་བོན་ཏེ། །རང་སེམས་གདོད་མའི་མགོན་པོ་རྒྱལ་གྱུར་ཅིག །གང་ཞིག་དངོས་གྲུབ་གཉིས་ཀྱི་རིན་ཆེན་གཏེར་གྱུར་བྱིན་རླབས་རླབས་འཕྲེང་གཡོ་བ་གདམས་པའི་ཆུ་གཏེར་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །
གང་ལས་འགྲོ་རྣམས་སོ་སོའི་བསམ་པ་དང་མཐུན་ཚངས་པའི་འཁོར་ལོ་བསྐོར་མཛད་དོན་གཉིས་ཕུན་སུམ་ཚོགས་གྱུར་རྫོགས་སངས་རྒྱས་རྣམས་དང༌། །གང་འདིར་ཟབ་ཞི་སྤྲོས་བྲལ་རང་བཞིན་གདོད་ནས་དག་ཅིང་དྲི་མ་རྣམ་སྤངས་འགོག་པའི་བདེན་གྱུར་ལུང་རྟོགས་དང་བཅས་དམ་པའི་ཆོས། །སྲིད་འདིར་ནག་ཕྱོགས་མུན་སེལ་མཐའ་དག་ཡོན་ཏན་ཆ་ཤས་རབ་རྫོགས་ཐེག་གསུམ་འཕགས་ཚོགས་རྣམས་ལའང་གུས་པས་དངོས་པོ་ཀུན་གྱིས་འདུད། །སེམས་ཉིད་ཐོག་ཐ་མེད་པའི་བརྗོད་བྲལ་ལས། །སྲིད་ཞི་ཀུན་ཏུ་འཆར་བ་གཉུག་མའི་ངང༌། །འདི་ནི་ཆོ་འཕྲུལ་མཐའ་ཡས་སྟོན་པའི་ཕྱིར། །དེ་འདྲ་མཐའ་དག་སུ་ཡིས་བརྗོད་པར་ནུས། །བླུན་པོས་བརྗོད་པ་ཇི་ལྟར་འབད་ན་ཡང༌། །གཞན་གྱི་དོན་དུ་འགྱུར་བ་མ་མཐོང་བས། །རེ་ཞིག་མི་སྨྲའི་བརྟུལ་ཞུགས་འཛིན་པ་མཆོག །སྨྲ་ན་འཕགས་པའི་
རྣམ་ཐར་བརྗོད་པར་སྨོན། །རང་གི་ཡོན་ཏན་བརྗོད་པ་དམན་པའི་ལུགས། །རྫུན་དུ་བརྗོད་ན་འཕགས་པ་རྣམས་ཀྱིས་ཁྲེལ། ཁྱད་འཕགས་ཡོན་ཏན་བདག་ལ་བརྗོད་རྒྱུ་མེད། །གནས་ཚུལ་སྒྲོ་སྐུར་མེད་པར་བརྗོད་ན་ཀོ །གཞན་གྱིས་ནན་ཏན་བསྐུལ་བའི་ཕྱིར། །རང་གི་རྣམ་ཐར་མདོ་ཙམ་བཤད། །དུས་ཀྱང་དྲོན་དུ་འགྱུར་མོད་ཀྱི། །ཤེས་ལྡན་ཐམས་ཅད་བཟོད་པར་མཛོད། །དེ་ཡང་གདོད་མའི་མགོན་པོ་དང༌། དེ་བཞིན་ཉིད་དང༌། ཟག་པ་མེད་པའི་དབྱིངས་དང༌། ཆོས་ཉིད་ཀུན་ཏུ་འགྲོ་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། རང་བཞིན་གྱི་འོད་གསལ་བ་དང༌། དང་པོའི་སངས་རྒྱས་དང༌། རྒྱུའི་རྡོ་རྗེ་འཆང་བ་ལ་སོགས་པ་མཚན་གྱི་རྣམ་གྲངས་བརྗོད་ཀྱི་མི་ལང་བས་བསྙད་པར་བྱ་བ། སེམས་ཉིད་རིག་པའི་སྐྱེས་བུ་ཆེན་པོ་གང་དེའི་མཛད་འཕྲིན་རྨད་དུ་བྱུང་བ་ནི། རྣམ་པར་བྱང་བའི་ཆོས་མཐའ་དག་ཡོངས་སུ་སྤེལ་བ་དང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། ཡེ་ཤེས་དང༌། ཡོན་ཏན་དང་མཛད་པ་འཕྲིན་ལས་ཐམས་ཅད་འདུས་བྱས་ཀྱི་དབུས་སུ་ཉམས་པར་མི་འགྱུར་བའི་གཏེར་ཆེན་པོ། མི་འདྲུལ་ཞིང་བསྲུང་བར་མཛད་པ་དང༌། ནམ་ཞིག་རིགས་ཡོངས་སུ་སད་པ་ནས་བརྩམས་ཏེ། གཏེར་གྱི་བུམ་བཟང་དེ་ཉིད་རིམ་པས་ཕྱུང་སྟེ། རང་བཞིན་གྱི་འདོད་དགུ་བདེ་བླག་ཏུ་སྩོལ་བར་མཛད་པ་ནི། སྲིད་ཞི་ཐམས་ཅད་ཀྱི་མགོན་པོ་དཔལ་ཡོངས་གྲུབ་ཆེན་པོའི་རྣམ་ཐར་བཟང་པོ་འཕེལ་འགྲིབ་མེད་པའོ། །དེ་ལྟར་ཡང༌། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། འགྲོ་ཀུན་དེ་ཡི་སྙིང་པོ་ཅན། ཞེས་གསུངས་པ་ལྟར། གཅིག་པུར་མ་བས་ཏེ་མཁའ་ཁྱབ་མཁའི་རྡོ་རྗེ་ཅན་དང༌།
ཆ་མེད་དང༌། ཀུན་འགྲོ་དང༌། ཁྱབ་བདག་དང༌། ཀློང་ཡངས་དང༌། ཁྱབ་གདལ་ཆེན་པོ་ཡིན་ནོ། །དེ་ལྟ་བུའི་གདོད་མའི་ཡེ་ཤེས་དེ་དང་ལྷན་ཅིག་སྐྱེས་པ་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ། སྲིད་པའི་བདག་པོ་ཞིག་ཡོད་དེ། ཇི་སྐད་དུ། དེ་བཞིན་ཀུན་གཞིའི་ཆུ་བོ་ཡང༌། །རྟག་ཏུ་ཡུལ་གྱི་རྐྱེན་གྱིས་འབྱུང༌། །རྣམ་ཤེས་རྦ་རླབས་སྣ་ཚོགས་ཀྱིས། །རབ་ཏུ་གཡོ་བས་གར་བྱེད་དོ། །ཞེས་པ་ལྟར། ལས་དང་ཉོན་མོངས་པའི་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་འབབ་ཅིང་བསྟེན་པའི་རྒྱ་མཚོ་ཆེན་པོ་སྲིད་པ་ཐོག་མ་མེད་པ་ནས། ཡང་དག་པའི་མཐའ་མངོན་དུ་མ་བྱས་པ་དེ་སྲིད་དུ་རྟག་ཏུ་འབབ་པ་རྣམ་པར་ཤེས་པའི་ཚོགས་བདུན་དང༌། སྣ་ཚོགས་པའི་ཚོར་བ་དང༌། འདུ་ཤེས་ཐ་དད་པ་དང༌། གཞལ་དུ་མེད་པའི་འདུ་བྱེད་དང་བཅས་པའི་ཚོགས་ཀྱི་རླབས་འཕྲེང་གཡོ་བ། གནས་སྣོད་ཀྱི་འཇིག་རྟེན་དང༌། དོན་གཟུགས་སོགས་ཡུལ་ལྔ་དང༌། ལུས་དབང་པོ་ལྔ་རུ་སྣང་བའི་རྣམ་རིག་གི་གཟུགས་བརྙན་རྣམ་པར་བཀྲ་བ་རྟག་ཏུ་འཆར་ཞིང་ནུབ་པར་བྱེད་པའི་ཀུན་གཞིའི་ཆུ་གཏེར་ཆེན་པོ་དེ་ལས། འགྲོ་བ་དྲུག་ཏུ་བརྒྱུད་མ་ནས་བརྒྱུད་མར་འཁོར་བའི་རྣམ་པར་ཐར་པའི་མཚན་མ་ཡ་མ་ཟུང་བརྗོད་པའི་ཡུལ་ལས་འདས་པ་དག་ཡོད་མོད་ཀྱི། འཁོར་བ་ཐོག་མ་མེད་པ་ནས་སྲིད་པར་འཁྱམས་པའི་སྣང་ཚུལ་དེ་ལྟ་བུ་ནི་བརྗོད་ཀྱིས་ཀྱང་ག་ལ་ལང་ཞིང༌། མ་རིག་པའི་སྒྲིབ་གཡོགས་ཀྱི་གཞན་དབང་ལས་ཕལ་ཆེར་དྲན་པའི་ལམ་ན་མི་སྣང་བས་དེར་བས་ལ། རྫུ་འཕྲུལ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། ཡེ་ཤེས་ལ་སོགས་པ་ས་དང་ལམ་གྱི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་བའི་ཕྱིར། མི་ཆོས་བླ་མ་ལས་གྱུར་པ་ཡང་དག་པ་མ་ཡིན་པའི་ཚིག་གིས་ལས་ཀྱི་སྒྲིབ་པ་མཆོག་ཏུ་ལྕི་བ་སྒྲུབ་བར་ག་ལ་སྤོབས། དེར་མ་ཟད་རྒྱས་བ་སྲས་བཅས་ཀྱི་ཡོན་ཏན་ཁྱད་པར་
ཅན་བརྗོད་དུ་ཡོད་བཞིན་དུ། སོ་སོ་སྐྱེ་བོ་ཉོན་མོངས་པའི་འདམ་དུ་བྱིང་བ། རྨོངས་པས་རྣམ་པར་གཡོགས་པ། སྲིད་པའི་ཆུ་བོ་ལས་མ་བརྒལ་བ། སྲེད་པས་བཅིངས་པ། ཡང་དག་པའི་དོན་ལ་ཁོ་རེ་ཆུང་བ། བདག་ལྟ་བུའི་ལས་སྣང་གི་འཆར་སྒོ་ཡི་གེར་དགོད་པར་རྩོམ་པ་ནི་ངལ་བ་ཁོ་ནའི་རྒྱུ་ཡིན་མོད་ཀྱི། བསྐུལ་བ་པོ་ཤིན་ཏུ་མང་པོ་དག་གི་ངོ་མ་ཆོགས་པས་ཅུང་ཟད་སྨྲ་བར་བགྱི་ན། སྔོན་དམ་པའི་ཆོས་ཀྱི་ཕྱོགས་སུ་ཅུང་ཟད་བྱ་བ་བྱས་ཤིང༌། སྨོན་ལམ་རྣམ་པར་དག་པ་ལན་འགའ་ཟུང་བཏབ་པ་འདྲ་སྟེ། ཚེ་འདིར་དམ་པའི་ཆོས་ཀྱི་བྱ་བ་སྒྲུབ་པ་ལ་བར་ཆད་ཀྱི་སྒོ་མེད་པའི་ཁྱིམ་དུ་སྐྱེས་ཤིང༌། གང་གིས་ཁྱིམ་དུ་སྲོག་གཅོད་པ་སྤངས་ཤིང་དཀོན་མཆོག་གསུམ་དང༌། ཡི་དམ་གྱི་ལྷ་རྣམས་དང་ཆོས་སྐྱོང་དམ་པ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་གུས་པས་བསྟེན་པ་དང་མཆོད་པ་ལ་བརྩོན་ཞིང་བཟླས་བརྗོད་དང་སྒྲུབ་པས་དུས་འདའ་བའི་རིགས་སུ་སྐྱེ་བ་ཉེ་བར་བཟུང༌། ཆུང་ངུ་ནས་རྗེ་བཙུན་ཐུགས་རྗེ་ཅན་རྣམས་ཀྱི་བཀའ་དྲིན་ལས་ཆོས་ཀྱི་སྣང་བས་དུས་འདས་ཆོག་པ་བྱུང་བ་དང༌། ངར་འཛིན་གྱི་སྣང་བ་ཅུང་ཟད་སྲབ་ཅིང༌། དམ་པའི་ཆོས་ཀྱི་གཏམ་ཟབ་མོ་དང༌། སངས་རྒྱས་ཀྱི་མཛད་པ་རྨད་དུ་བྱུང་བ་དང༌། སྐྱེས་པའི་རབས་རྣམས་དང༌། བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་མཐོང་བའམ་ཐོས་ན་ཡིད་དགའ་བ་དང་སྐྱོ་བ་ཟུང་དུ་འབྲེལ་བས་ཁྱབ་ཅིང་བ་སྤུ་ལྡང་བ་དང༌། གཏིང་ནས་མཆི་མ་འཁྲུག་པའི་དད་པ་གསུམ་ལྷག་པར་སྟོབས་སུ་གྱུར་པས། ཆོས་བརྒྱད་ཀྱི་སྣང་བ་རགས་པ་འཕྲལ་དུ་འགོག་ནུས་པ་ཙམ་རྟག་ཏུ་འོང་ཞིང༌། ཁྱད་པར་བྱིས་པ་མནོ་མི་ཤེས་པའི་དུས་ནས་ཀྱང༌། གསང་སྔགས་ཀྱི་ལྷའི་སྐུ་བརྙན་མཐོང་བའམ། ཆོ་ག་དང་བཟླས་བརྗོད་བྱེད་པ་དང༌། ཀུན་སྤང་གི་སྤྱོད་པ་ཅན་དག་མཐོང་བ་དང༌། བསྐྱེད་རྫོགས་ཀྱི་གཏམ་དང་ཆེ་བ་ཅུང་ཟད་ཐོས་པ་དང༌། མི་རྟོག་པ་དང་ལུང་སྒོམ་པ་ལ་སོགས་པའི་རྣམ་ཆ་མཐོང་བའི་ཚེ། བདག་ཀྱང་འདི་ལྟ་བུར་གྱུར་ན་ཅི་མ་རུང་སྙམ་པ་དང༌། དགའ་བདེས་ཉེ་བར་དྲངས་ཏེ་ཉིན་མཚན་གྱི་སྣང་བ་ཡུལ་ཡུལ་པོར་འགྱུར་བ་དང༌།
འགྲོ་བ་ལ་བརྩེ་སེམས་ཀྱང་ཆུང་ངུའི་དུས་ནས་ཅུང་ཟད་འཆར་བ་དང༌། སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་གཏིང་ཚུགས་པ་ཞིག་ཀྱང་དྲན་པ་རྙེད་ཙམ་ཉིད་ནས་ཡོད་ཅིང༌། ད་ལྟ་ཟབ་མོའི་ཆོས་མང་པོ་ལ་སྙིང་ཐག་པ་ནས་ངེས་པ་ཅུང་ཟད་སྐྱེ་བར་སྣང་བའི་ཕྱིར་རོ། །འདིར་སྨྲས་པ། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས། །འདི་དག་རང་གིས་རང་ལ་མ་ཁྲེལ་ཙམ། །འདི་ཙམ་རྫུན་མེད་འདི་ལས་ལྷག་པའང་མེད། །གང་གི་དཔང་པོར་སྤྱན་ལྡན་འཕགས་རྣམས་བཞུགས། །དེ་ལྡར་གླེང་སླང་པའི་དགེ་མཚན་ཡོངས་སུ་སྤེལ་ནས་བདག་ཉིད་ཀྱི་རིགས་རུས་དང་འབྲེལ་བའི་གཏམ་ཅུང་ཟད་ཅིག་བརྗོད་ན། སྐད་གཉིས་སྨྲ་བ་མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ཞེས་མཚན་སྲིད་པ་གསུམ་དུ་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྐུའི་རིགས་སུ་འཁྲུངས་ཤིང་ཐུགས་ཀྱི་སྲས་སུ་གྱུར་པ་ནི། སྐད་གཉིས་སྨྲ་བ་ཆོས་རབ་ཡིན་ལ། དེ་ཉིད་ཀྱི་སྐུའི་རིགས་ལ་རྭ་ཤར་ནུབ་གཉིས་སུ་གྱེས་པ་ལས། ནུབ་པར་མཚན་གསོལ་བ། སློབ་དཔོན་ཆེན་པོ་རྭ་ཡེ་ཤེས་སེང་གེ་དང༌། དེའི་སྲས་རྭ་འབུམ་སེང་སྟེ། ཡབ་སྲས་དེ་དག་ནི་སྤྲུལ་པའི་སྐྱེས་མཆོག་ལུང་དང་རྟོགས་པ་མཐའ་ཡས་པའི་མངའ་བདག་ཆེན་པོ་ཡིན་ནོ། །རྭ་ཤར་པར་གྲགས་པ་དྷརྨ་སེང་གེ་བ། དེའི་སྲས་དཀོན་མཆོག་སེང་གེ དེའི་སྲས་ཤེས་རབ་རྒྱལ་མཚན་ཏེ། དེ་གསུམ་ཡང་མཁས་ཤིང་ནུས་པ་ཐོབ་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཤ་སྟག་ཏུ་བྱོན་ནོ། །རྭ་ཤེར་རྒྱལ་ལ་སྲས་གསུམ་མངའ་བ་ལས། དཀོན་མཆོག་རྒྱལ་མཚན་སྐུ་མཆེད་ནི་གཡས་རུ་ནུབ་མདར་འཁྲུངས་ཤིང༌། གཙང་རོང་དང་རུ་མཚམས་སུ་འགྲོ་བའི་དོན་མཛད་པ་ཞིག་བྱུང་ཞེས་གྲགས་ལ། སྲས་ཆེ་བ་རིན་ཆེན་རྒྱལ་མཚན་ནི། ཡར་འབྲོག་འཕྲང་དུ་ཡོན་བདག་མོ་ནམ་མཁའ་འབུམ་ཞེས་བྱ་བ་ལས་འཁྲུངས་ཤིང༌། ཆེར་སྐྱེས་ནས་ཡབ་ལ་གཤིན་རྗེ་གཤེད་དགྲ་གདོང་འཇིགས་གསུམ་དང་མགོན་ནག་ལ་སོགས་པའི་རྒྱུད་ལུང་མན་ངག་ཐམས་ཅད་གསན་ཏེ་མཁས་པར་སྦྱངས། དུས་འཁོར་ལ་སོགས་པ་ཡབ་ཆོས་གཞན་ཡང་
ཅི་རིགས་པ་མཁྱེན། སྨན་དཔྱད་དང་སྐར་རྩིས་སོགས་ལ་མཁས་པ་ཞིག་བྱུང༌། ཡར་འབྲོག་འཕྲང་རིགས་ཀྱི་ནུབ་སྟོད་དུ་གཉན་དང་ཇོ་བོ་ལ་སོགས་པས་སྦྱིན་བདག་བྱས་ནས་གཤིན་རྗེའི་ལྕགས་མཁར་ལ་དཔེ་བྱས་པའི་མཁར་བརྩིགས་ནས་དེར་བཞུགས་པས། རྭ་ལྕགས་མཁར་བ་ཞེས་ཐོགས་སོ། །སྒྲུབ་པས་ནུས་མཐུ་ཆེན་པོ་ཡང་མངོན་དུ་གྱུར། ཐོང་ལྕགས་ཆག་པ་ལ་ལྗགས་བཏབ་པས་ཞི་ཞིང་འབྲེལ་བ་དང༌། ཐོག་སེར་དང་ཆོ་འཕྲུལ་ལ་སོགས་པ་ཐོགས་མེད་དུ་སྒྲུབ་པ་ཞིག་གོ །འདིར་སྨྲས་པ། དེ་ལ་རིགས་སྲས་ལྔ་ཙམ་ཡོད་པ་ལས། །རྡོ་རྗེ་འཛིན་པའི་མཚན་གྲགས་ཐོན་པ་ནི། །གསུམ་པ་ཆོས་དབྱིངས་པ་ཉིད་ཡིན་ཞེས་ཐོས། །སྔགས་ཀྱི་ལག་ལེན་བཤད་བཀའ་ལ་སོགས་པ། །ལྷད་མེད་ཚིག་གི་བརྒྱུད་པ་མ་ཉམས་ཤིང༌། །བསྒྲུབས་པའི་བྱིན་རླབས་རྒྱུན་ཡང་ཆེ་བར་ཡོད། །ཡར་འབྲོག་ཕྱོགས་དང་གཙང་རོང་ལ་བཞུགས་པའི། །རྭ་ཡི་རིགས་བརྒྱུད་མང་པོ་ཡོད་པ་རྣམས། །ཕན་ཚུན་ཐུགས་མཐུན་གྲྭ་རིགས་མང་བ་དང༌། །ཡོན་བདག་ལ་སོགས་ཕུན་སུམ་ཚོགས་པར་བྱུང༌། །དེ་ཡི་སྲས་ནི་བརྩོན་འགྲུས་སེང་གེ་ཡིན། །གསང་ཕུར་འཇམ་དབྱངས་ཤཱཀྱ་གཞོན་ནུ་ལ། །ཕར་ཚད་བསླབས་ཤིང་ཕ་མེས་ཆོས་ལ་མཁས། །འབའ་ར་བ་ལས་རླུང་ཕྱག་ཞུས་ཏེ་འབྱོངས། །དེ་ལ་སྲས་གཉིས་ཆོས་ཀྱི་བསམ་འགྲུབ་དང༌། །ཆོས་ཀྱི་བཀྲ་ཤིས་ཞེས་བྱས་རྙིང་མ་བསླབས། ཁ་ཐུན་ཚེ་བདག་འཆར་ཁ་ལ་སོགས་པའི། །གཤིན་རྗེ་གཤེད་དང་ཕུར་པ་ཇོ་མོ་ལུགས། །ཉང་གི་གཏེར་ཆོས་སོགས་ལ་མཁས་པར་བྱས། །ཚེ་བདག་བསྒྲུབས་པས་ནུས་པ་ཆེ་བར་བྱུང༌། །དང་པོའི་སྲས་ནི་ཤེས་རབ་སེང་གེ་དང༌། །ཕྱི་མའི་སྲས་ནི་ཚེ་བདག་སྐྱབས་ཞེས་བརྗོད། །ཕྱི་མས་ལ་སྟོད་ཕྱོགས་སུ་བྱོན་ཞེས་ཟེར། །དང་པོའི་སྲས་ནི་ཀུན་དགའ་སེང་གེ་ཡིན། །མངོན་དགའ་ཆོས་སྡེར་པོད་ཆེན་བཞི་ལ་བསླབས། །ཕྱི་ནས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང༌། །གཞན་ཡང་བླ་མ་མང་པོ་བསྟེན་པ་ལས། །གསང་སྔགས་གསར་མའི་ཆོས་ལུགས་མང་པོ་ཐོས། །ཕ་མེས་རྣམས་ལ་ལས་ཚོགས་སྣ་ཚོགས་
པའི། །ལག་ལེན་ཁྲིགས་ཆགས་མཐོང་བརྒྱུད་ཡོད་ན་ཡང༌། །ཕ་ཆོས་རྣམས་ཀྱི་དབང་བཀའ་བར་དུ་ནུབ། །ཆོས་རྗེ་ངག་དབང་པ་ལ་དབང་རྣམས་ཞུས། །མོས་ཞེན་དབང་གིས་རྡོ་རྗེ་འཇིགས་བྱེད་བསྒྲུབས། །རེ་མ་ཏཱི་ཡི་ཞལ་ཡང་མཐོང་བར་གྲགས། །སྐབས་དེར་ཡར་འབྲོག་ཁྲི་དཔོན་དང་ཟློས་ནས། །གཡོར་པོ་སྟོད་ཀྱི་ཕྱོགས་ན་སློབ་མ་དང༌། །ཡོན་བདག་མང་དུ་ཡོད་པའི་ཕྱོགས་སུ་ཕྱིན། །དགྲ་བོའི་ཡུལ་དུ་མཐུ་རྟགས་མང་དུ་བསྟན། །གནས་གཞི་རི་ཁྲོད་ཆུང་ངུ་མང་དུ་བཏབ། །སྡིག་བཤགས་དོན་དུ་བཅོམ་ལྡན་ཀུན་རིག་གི །བསྙེན་སྒྲུབ་བྱས་ཤིང་གཞན་ཡང་བྱེད་དུ་བཅུག །གདུང་ལ་རྡོ་རྗེ་སེམས་དཔའ་རང་བྱོན་བྱུང༌། །དེ་ལ་སྲས་གཉིས་སེང་གེ་དཔལ་ལྡན་དང༌། །ཆོས་ཀྱི་སེང་གེར་བོད་པ་རྣམ་པ་གཉིས། །ཕྱི་མས་ཀུན་མཁྱེན་སངས་རྒྱས་འཕེལ་བ་ཡི། །ཆོས་གྲྭར་བྱོན་ཞིང་རབ་འབྱམས་སྨྲ་བ་དང༌། །རིག་གནས་ཕྲ་མོ་ཡང་ནི་མང་པོ་མཁྱེན། །ཡི་དམ་དམར་ནག་འཇིགས་གསུམ་ཡུན་རིང་བསྒྲུབས། །རབ་འབྱམས་སྨྲ་བ་འཇམ་དཔལ་གྲགས་པ་ལ། །བོ་དོང་ལུགས་ཀྱི་ཆོས་ལུགས་མང་པོ་གསན། །གཡས་རུ་ཤངས་སུ་ཕ་རྒོད་བསོད་བཟང་ལ། །ཤངས་ཆོས་ཡོངས་རྫོགས་ཞུས་ནས་ཡུན་རིང་བསྒོམས། །ཆོས་སྐྱོང་མྱུར་མཛད་ཡེ་ཤེས་མགོན་པོ་དང༌། །དཔལ་མགོན་མ་ནིང་དམ་ཅན་མང་པོར་བཅས། །བསྒྲུབས་པས་གྲུབ་སྟེ་མཐུ་བརྩལ་དཔག་ཏུ་མེད། །དྲག་པོའི་ལས་གྲུབ་དགེ་སློང་ཡིན་ན་ཡང༌། །ལས་སུ་མཐུ་གཏད་སེར་བ་དག་ལ་བརྩོན། །གཡོ་རུ་གཞུང་དུ་དགྲ་བོའི་མཁར་ཁྱིམ་ལ། །དགུན་དུས་གནམ་ལྕགས་ལན་གསུམ་བསྟུད་མར་ཕབ། །ཡུལ་དཔོན་ལ་སོགས་གནོད་བྱེད་ཐམས་ཅད་སྟོངས། །འོན་ཀྱང་ནཻ་གུའི་འཕོ་བ་ཐེབས་ནས་གཤེགས། །སེང་གེ་དཔལ་གྱི་བུ་གཉིས་བྱུང་བ་ནི། །འཇམ་དབྱངས་བློ་གྲོས་དང་ནི་འཇམ་དབྱངས་བཟང༌། །འཇམ་དབྱངས་བཟང་པོས་ཆོས་རྗེ་བསོད་གྲགས་ལ། །སྦྱོར་དྲུག་ཞུས་པས་ཉམས་རྟོགས་བཟང་
པོ་སྐྱེས། །སྔ་མས་གཙང་གི་ཕུང་པོ་རི་བོ་ཆེར། །རྗོགས་ཆེན་ཡུན་རིང་བསྒོམས་པའི་ལོ་རྒྱུས་སྣང༌། །དང་པོའི་སྲས་ནི་བདག་གི་བླ་མ་ཡིན། །མེས་པོའང་ཡིན་ཏེ་རིག་སྔགས་འཆང་ཆེན་པོ། །མཚན་ནི་ཚུལ་ཁྲིམས་རྣམ་རྒྱལ་ཞེས་པ་ཡིན། །བྱིས་པའི་དུས་ན་ཆོས་གྲགས་རྒྱ་མཚོའི་དྲུང༌། །ཡིག་དྲུག་བཟླས་ལུང་ཙམ་ཞིག་གསན་ཞེས་གསུང༌། །ཆོས་རྗེ་འཕྲིན་ལས་པ་ལ་ཕར་ཚད་བསླབས། །རླུང་སེམས་དབྱེར་མེད་ལ་སོགས་ཆོས་འགའ་ཞུས། །དབུས་སྨྱོན་པ་དང་པདྨ་གླིང་པ་དང༌། །ཟུར་དབོན་པ་དང་སོ་སྟོན་ཀུན་གཞོན་སོགས། །སྔ་ཕྱིར་ཕྱག་རྫོགས་བླ་མ་མང་པོ་བསྟེན། །རྙིང་མའི་ཕྱོགས་ལ་མཁྱེན་པ་ཤིན་ཏུ་ཆེ། །འཇིགས་བྱེད་ལ་སོགས་གཤེད་སྐོར་རྣམས་དང་ནི། །སྟོད་འབྲུག་སྐོར་དང་ངན་སོང་སྦྱོང་རྒྱུད་སོགས། །གསར་མའང་མཁྱེན་ཅིང་སྐར་རྩིས་སྨན་དཔྱད་དང༌། །རྟེན་འབྲེལ་ཕྲ་མོ་སྣ་ཚོགས་མང་དུ་མཁྱེན། །རྡོ་རྗེ་འཇིགས་བྱེད་ཕྱག་ན་རྡོ་རྗེ་དང༌། །མ་ནིང་ནག་པོ་བསྒྲུབས་པས་རྟགས་ཀྱང་ཐོན། །སྔ་ཕྱིའི་ཡུལ་ལྷ་བྲན་དུ་འཁོལ་བར་མཛད། །མཁྱེན་བརྩེ་ནུས་མཐུ་གསུམ་ཀ་མངའ་བའི་ཕྱིར། །འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེར་མཛད། །གང་འདིའི་དྲིན་ལས་བདག་གི་ཕ་ཡིས་ཀྱང༌། །ཐོག་སེར་ལ་སོགས་ནུས་པ་འགའ་རེ་ཐོན། །དེ་དག་རྫུན་མེད་བཤུལ་ནི་ད་ལྟའང་ཡོད། །དེ་ལྟར་ཁོ་བོའི་རུས་པའི་བྱུང་ཁུངས་ནི། །རྭ་ལོའི་རིགས་ལས་བྱུང་བ་ཡིན་ཞེས་གླེང༌། །ངེད་ཀྱི་ཕ་མེས་བརྒྱུད་འདི་ཆོས་ནས་གཞལ་ན་ལོ་ཙཱ་བ་ཆེན་པོ་དང་ཆོས་མཁས་པ་དང་མཐུ་བོ་ཆེའི་བརྒྱུད་པ་དེ་ཡིན། འཇིག་རྟེན་གྱི་དཔལ་འབྱོར་ནི། རྭ་ལོ་ཆེན་པོ་ཆོས་རྒྱལ་ཁྲི་རལ་དང་འདྲ་བར་གྲགས་པ་དེ་ལགས། དེ་རྗེས་རྭ་ལོ་འབུམ་སེང་དང་ཤེར་རྒྱལ་ཡན་ཆད་ཀྱང་འཕྲིན་ལས་དཔག་ཏུ་མེད། དཔེར་ན་བླ་ཆེན་འཕགས་པས་ལྡོང་སྟོན་དང་རོང་པ་རྒ་ལོ་གཉིས་རྭའི་བུ་ཆེན་སློབ་བརྒྱུད་ཡིན་པ་དེ་བླ་མར་ཁུར་བ་ལྟ་བུ་ཡིན། བོད་ཀྱི་བླ་མ་བཟང་ཚད་རྭའི་ཆོས་འོག་ཏུ་མ་ཆུད་པ་མེད་པ་དེས་མཚོན། ཕ་མེས་ཕྱིས་ཀྱི་ཚོ་ཁས་དྲག་དཔུང་པ་འཛོམས་པ་དང་
ནོར་ཤེད་ངོམ་ཐུབ་པ་རང་མེད་དེ། རང་རང་སོ་སོའི་ཐད་ཀ་དེར་གྲྭ་སློབ་ཡོན་བདག་སྐྱོང་རྒྱུ་ཡོད་ངེས་ཤེས་པའི་འཕྲིན་ལས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་ཐེབས་ཙམ་གྱི་ནུས་མཐུ་ཡོད་ངེས་པ་ཡིན། དེ་ལ་ངེད་ཀྱི་མེས་དང་ཕ་ཡན་ཆད་ཁྱིམ་བཙུན་སྔགས་པ་ཐམས་ཅད་ཀྱང་དགེ་སློང་ལ་ཕར་ཕྱག་འཚལ། རྟེན་གསུམ་ལ་ཞབས་ཏོག་བྱེད། བཟའ་བ་དང་རིན་གྱི་དོན་དུ་སྲོག་ཆགས་ལ་འཚེ་བ་ནམ་ཡང་སྤངས། ལོ་བཅུའི་བར་དུ་ཀློག་སོགས་སྦྱོང༌། ཉི་ཤུའི་བར་དུ་དཔེ་འཛིན་བཤོར། སུམ་ཅུའི་བར་དུ་སྒྲོ་འདོགས་གཅོད། བཞི་བཅུའི་བར་དུ་བཟླས་སྒོམ་སྒྲུབ་ཟེར། དེ་རྗེས་ཁྱིམ་པ་རྣམས་བག་མའི་བྱ་བ་སོགས་མི་ཆོས་བྱེད། སྔོན་གྱི་བྲམ་ཆེན་དང་བོད་ཀྱིའང་སྔོན་གྱི་སྔགས་པའི་མིག་ལྟོས་བཟང་པོ་དེ་མ་ཉམས་པར་སྐྱོང་མཁན་རང་ཤས་ཆེ། དེང་སང་ངམ་ཕྱིས་ཀྱི་བླ་མ་བརྒྱུད་ཅན་བླ་བྲང་སྔགས་པ་བ་བླ་ཆེན་དང་བླ་ཆུང་ཁྱུ་གཅིག་སྲོག་གཅོད་ལ་ནི་མི་འཛེམ། སྐུ་གསུང་ཐུགས་རྟེན་ལ་རས་ཆོད་བྱེད། མནོ་མ་ཤེས་པའི་བྱས་པ་ནས་ནལ་བུ་རློགཁྱིམ་ཐབ་སྔ་མོ་ནས་ལེན་པ་ལ་དཔའ་དཔའ་མོ་བྱེད་པ་དེ་ཚད་མིན། གསར་མའི་སྤྱོད་པ་ཤས་ཆེ་བའི་སྔགས་པ་མཁན་པོ་ཚད་མ་རང་བྱོན། མི་བརྒྱུད་དེ་རྭ་ཤར་བ་ཡིན། ཆོས་རྭ་ནུབ་པ་ཡིན། གཉེན་གྲ་སྒྲིགས་དང་རྫུན་རིབ་དང་ལག་འཕྲུལ་ལ་སྐྱབས་ཚོལ་མི་དགོས་པའི་སྔགས་པ་ཁ་ཡོད་ལག་ཡོད་རྐྱང་བ་བྱུང་བ་ལགས་སོ། །ད་ནི་ཁོ་བོ་ཉིད་ཀྱི་གནས་ཚུལ་སྒྲག་པར་བྱ་སྟེ། དེ་ལ་བདག་གང་དུ་སྐྱེ་བ་བཟུང་བའི་ཡུལ་ནི། དབུས་གཙང་གི་མཚམས་ན་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་ནང་ཚན་ཁ་རག་ཁྱུང་བཙུན་གྱི་གནས་ཇོ་མོ་ཁ་རག་ཅེས་གྲགས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང༌། །གཉོས་ལོ་ཙཱ་བ་ཡབ་སྲས་རྣམས་དང༌། གཞན་ཡང་ཨཱ་ཙཪྱ་གཉན་དཔལ་དབྱངས་དང༌། ཁ་རག་སྒོམ་ཆུང་ལ་སོགས་སྐྱེས་མཆོག་དུ་མས་བསྟེན་པའི་གནས་
དེ་ཉིད་དང་ཉེ་བ། བོད་ཡུལ་དབུས་ཀྱི་ཆར་གཏོགས་པ། ལུ་ཧི་ཏའི་ཆུ་ཀློང་ལ་སྙེན་པར་འགྲོགས་པ། འབྲང་ཞེས་བྱ་བའི་ཡུལ་གྲོང་ཁྱེར་གྱི་བཀོད་པ་ཡིད་དུ་འོང་བས་བརྒྱན་པ། བཟའ་ཤིང་གི་རྭ་བའི་སྐྱེད་ཚལ་དུ་མས་རྣམ་པར་ཁྱབ་པ། རི་བོ་སྨན་ལྗོངས་ཉམས་དགའ་བ་དུ་མ་དང༌། ཚལ་སྣ་ཚོགས་པས་མཛེས་པ། སྔོན་གཉོས་ཇོ་སྲས་རྡོ་རྗེ་བླ་མ་ལ་སོགས་པས་ཡུན་རིང་དུ་བསྟེན་པའི་གནས་གཞི་ཞིག་ཏུ་ཕྱིས་ཆོས་རྗེ་ཀུན་དགའ་སེང་གེས་ཆོས་འཁོར་སྡིངས་ཞེས་པའི་དགོན་གནས་ཆུང་ངུ་ཞིག་འདེབས་པར་མཛད་པ་འདི་ལགས་ཏེ། བདག་སྐྱེ་བ་འཛིན་རྒྱུའི་ལོ་སྔ་མ་དེ་ཐོ་རངས་ཀེང་རུས་ཆེན་པོ་དངོས་སུ་བྱུང་བ་མི་མང་པོ་རང་གིས་མཐོང་བ་དང༌། སྟེས་དབང་ཡིན་པ་གཞིར་བཅས་ནའང་བཀྲ་ཤིས་བྲག་ཟེར་བ་ཅིག་ཡོད་པ་དེའི་རྡོ་ཆེ་བ་གཅིག་གས་ཤིང་ལྷུང་བ་ལ་མ་ཎི་རང་བྱོན་ཆེན་པོ་ཅིག་བྱུང་བ་ནི་ད་ལྟ་ཡང་བྲག་ལོགས་ལ་ཡོད་པ་འདི་ཡིན། དེ་ལ་སྔགས་འཆང་དམ་པ་ཚུལ་ཁྲིམས་མཚན་ཅན་ལ་རིགས་ཀྱི་སྲས་བཞི་ཡོད་པ་ལས། ཆེ་ཤོས་རྣམ་རྒྱལ་ཕུན་ཚོགས་ཞེས་བྱ་བ་བདག་གི་ཕ་ལགས་ཤིང༌། སྐྱེ་བ་འདི་ཉིད་ཀྱི་ལུས་སྐྱེད་པར་བྱེད་པ་ལ་གཅིག་ཏུ་དྲིན་ཆེ་བ་མར་གྱུར་པ་ནི། མཚན་རྡོ་རྗེ་བུ་དགའ་ཞེས་བྱ་བ་ཡིན་ཞིང༌། བདག་གི་ཕ་ནི་མཁྱེན་རྒྱ་མི་ཆེ་ཡང་ཡི་དམ་ལྷའི་བསྐྱེད་རིམ་དམིགས་པ་ལ་བརྟན་པ་ཅུང་ཟད་ཐོབ་པ་ཡི་དམ་དང་ཆོས་སྐྱོང་གི་བཟླས་བསྙེན་གྲངས་མེད་པ་སོང་ཞིང༌། བྱིན་རླབས་དང་ནུས་མཐུས་བརྒྱན་པ། ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་ནུབ་པའི་འཁྲུལ་ཞིག་ཆེན་པོར་བཞུགས། བདག་གི་མ་ཡང་ཐུགས་སྙིང་རྗེ་ཆེ་ཞིང་དགེ་བ་ལ་དཀར་བ། ཟབ་ཅིང་དཀྱེལ་ཆེ་བའི་ངང་ཚུལ་ཅན་ནོ། །དེ་ལ་ཡབ་ཀྱིས་དགུང་ལོ་བཞི་བཅུ་ཞེ་དྲུགཡུམ་གྱིས་དགུང་ལོ་བཅུ་དགུ་བཞེས་པའི་ཚེ། བདག་གི་ཡང་སྲིད་ཡོངས་སུ་བཟུང་བར་འདུག་ཅིང༌། ཡུམ་གྱི་མནལ་ལམ་དུ་འབྲང་ཕུ་གཟིམས་ཁང་ཁང་པ་བརྒྱ་ཆེ་ཞིང་དཔངས་མཐོ་བ་ཞིག་ཏུ་
གྱུར་པ་ལ་ཡུམ་གྱི་ཐོག་རྩེ་ནས་དུང་དཀར་ཕྱོགས་བཞིར་འབུད་པ་དང༌། ཡང་ལན་ཅིག་རྨི་ལམ་དུ་རིན་པོ་ཆེ་བ་ལ་དབང་ཞུས་པས། གསེར་གྱི་རྡོ་རྗེ་ཞིག་སྤྱི་བོར་བཞགསླར་དེ་སྐུ་འཕྲག་ཏུ་བཅུག་པའི་སྣང་བ་བྱུང་ཞིང༌། དེའི་གནས་ཚུལ་མེས་པོ་རིན་པོ་ཆེ་ལ་ཞུས་པས། དེ་སྲིད་འཁོར་བ་དེའི་ལྟས་ཡིན། འདི་ལ་དགའ་མོ་ཞིག་འོང་བ་ཡིན་ཏེ་འོང༌། ཞེས་གསུང༌། དེ་ནས་བདག་རུམ་ན་ཡོད་པའི་སྐབས་དེ་ཉིད་ལ་རྒྱལ་གྱི་ཟླ་བའི་སྐབས་ལྡུམ་རའི་རྒྱལ་མེན་གྱི་རྩ་བ་འགའ་རེ་ཞིག་ཁ་འབུས་ཤིང༌། ཆོ་འཕྲུལ་གྱི་སྐབས་སུ་རྐང་མི་མངོན་པའི་མེ་ཏོག་ཁ་བྱེ་བ་ཡང་ཐོ་རེ་ལོང་ངེ་བ་བྱུང་འདུག་པ་མཐོང་ཞིང་རྒྱུས་ཡོད་པའི་མི་ད་ལྟ་ཡང་མང་དུ་ཡོད། དེ་ཀུན་ཡང་དགེ་མཚན་གྱི་ལྟས་ཙམ་ཡིན་པར་མངོན་ནོ། །དེ་ནས་ན་ཚོད་ལྡན་ཞེས་པ། ཤིང་མོ་ཕག་ལོ་ཆུ་སྟོད་ཀྱི་ཟླ་བའི་ཚེས་བརྒྱད་ཀྱི་ཉི་མ་རྩེ་ཤར་ལ་བདག་བཙས་པར་འདུག་ཅིང༌། དེ་ཡང་གྲོད་པུས་གཡོགས་པའི་རྣམ་པ་ཅན་དུ་བྱུང༌། ལྟེ་བ་གཅོད་པ་སོགས་ནི་གང་ཡང་མ་དགོས། དེ་ལ་མེས་པོ་རིན་པོ་ཆེས་ལྡེ་མིག་གིས་གྲོད་པུའི་རྒྱ་དྲལ་པ་སོགས་རྟེན་འབྲེལ་མཛད། དེ་སྐབས་སྐྲ་ཕྲ་མོ་གཡེང་གཡེང་བ་ཁ་དོག་དཀར་པོ་ཉག་གཅིག་ཡོད་པ་ཞིག་བྱུང༌། ཕྱིས་རིམ་པས་ཁ་དོག་ནག་པོར་འགྱུར། སྐྲ་དཀར་བོ་ཡེང་ཡེང་འདིའི་རིགས་ལ་ཤེས་རབ་ཆེན་པོ་འོང༌། གྲིབ་གྱིས་མ་བསྒྲིབས་པ་གྱིས་གསུང༌། སྲི་ངན་བཟློག་པའི་ཕྱིར། སྲི་གཅོད་རྡོ་རྗེ་ཞེས་མིང་སྩལ། ཟླ་བ་བརྒྱད་ཙམ་ནས་འགྲོ་བ་དང༌། ལོ་དུས་སྨྲ་ཤེས་པ་ཞིག་བྱུང་འདུག བཙས་ནས་ལོ་གཉིས་སུ་ཉེ་བར་ཙམ་ན། འཁྲུ་ནད་དྲག་པོ་ཞིག་གིས་བཏབ། ཨ་ཁུས་སྨན་དཔྱད་ཤིན་ཏུ་མཁས་པར་མཁྱེན་པས། སྨན་དང་རིམ་གྲོ་སོགས་གང་དྲག་མཛད་འདུག་ནའང༌། ཁྱད་ཅང་མ་བྱུང་ཞིང༌། བྱིས་པ་ནད་ཐེག་ཆུང་བ་ནས་སྣ་ཡང་ཞོམ། དོ་ནུབ་ཙམ་ཐུབ་བམ་སང་ཞོགས་ཙམ་ཐུབ་བམ་ཟེར་བ་ལས། གཞན་འཆི་
བར་ཐག་བཅད་པའི་ཚེ། དེའི་སང་ཞོགས་ནམ་ལངས་ཙམ་ལ་ནང་གི་སྐས་ནས་ཡར་ཨ་ཙ་ར་ལྔ་ཙམ་ཞིག་འཛེགས་ནས་བྱུང་ནས། སྔོན་མ་དེས་པོ་ཏི་ཞིག་གིས་ངེད་ལ་བྱིན་རླབས་བྱེད་ཀྱིན་མང་པོ་ཞིག་ལབ་ཀྱིན་ཡོད་པར་འདུག དེ་རྣམས་སླར་ཡང་སྐས་ལ་བབས། དེ་ཕྱིན་ཆད་གར་སོང་ཆ་མེད། ཕ་དང་ཞང་བོ་སོགས་ནང་མི་ལྔ་ཙམ་ཡོད་འདུག་པ་ཐམས་ཅད་ཀྱིས་མཐུན་པར་མཐོང་ཞིང༌། མཐོང་བ་ལས་བྱ་བྱེད་ཀྱི་བློ་གང་ཡང་མ་བྱུང་བར་འདུག འདི་ནི་དེ་ལྟར་བར་ཆད་ཀྱིས་གཙེས་པ་ལ་སྔ་རོལ་གྱི་སྐྱེ་བ་གཞན་དུ་བླ་མར་གྱུར་པ་རྣམས་ཀྱིས་བར་ཆད་དེ་བཟློག་པར་མཛད་པ་ཡིན་པར་སེམས། དེ་ཁོ་ནས་ནད་དེ་དྲག་སྟེ། ཞག་གསུམ་བཞི་ནས་སོར་ཆུད་པར་སྣང་ངོ༌། །བཙས་ཙམ་ནས་དེ་སྐབས་ཕན་ཆད་དུ་ཉིན་མཚན་ཕལ་ཆེར་མིག་མི་འཛུམ་པར་གཉིད་དུ་འགྲོ་བ་ལ་མི་ཕལ་ཆེར་གྱིས་སྨྲ་བརྗོད་ཉུང་ཞིང་བེམ་ལུགས་འདིས་གླེན་ལྐུགས་ཅིག་འོང་ངམ་ཟེར། མེས་པོ་རིན་པོ་ཆེའི་གསུང་ནས་མིག་མི་འཛུམ་པར་གཉིད་དུ་འགྲོ་བ་ནི་འོད་གསལ་ཟིན་པ་ལ་འོང་བར་གྲགས། གང་ལྟར་ནའང་འདི་མའི་ལུས་ལ་འཁྲིས་པ་ཚུན་ཆད་ནས། དམིགས་ལྟས་དགའ་རབ་ཀྱང་བྱུང་བས་མི་ཕལ་པ་རང་མིན་ཙམ་ཞིག་འོང་ཞེས་ཡང་ཡང་གསུང་ཟེར། དེ་ནས་སྨྲ་ཤེས་ཙམ་གྱི་དུས་ཞིག་ན་ཐོག་ཁར་ཉི་མ་ལ་བསྙལ་བའི་ཚེ། རླུང་སེམས་ཅུང་ཟད་དབུ་མར་ཆུག་པའི་རྟགས་ཡིན་པ་འདྲ། ནམ་མཁའ་ལ་འཇའ་ཚོན་དྲ་བ་རིས་སུ་འབྱུང་ཞིང༌། དེ་དག་གི་བར་བར་ན་ལྷ་སྐུའི་རྣམ་པ་སྐུ་མདོག་དང་དབྱིབས་སྣ་ཚོགས་པ་ཁོ་ནས་ནམ་མཁའ་འཁྲིག་མེར་གྱིས་འགྲོ་བ་ཡང་ནས་ཡང་དུ་མཐོང་བ་བྱུང་ཞིང༌། ད་ལྟའང་བློ་ཡུལ་ན་གསལ་བར་སྣང༌། དེ་དག་དང་དུས་མི་རིང་བར་མེས་པོ་རིན་པོ་ཆེ་ལ་ཇོ་གདན་འགའ་ཞིག་དང༌། ཆུ་བྱང་ཁ་ནས་འོངས་པའི་སྔགས་པ་སོ་སོས་གསོལ་བ་བཏབ་པའི་ངོར། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་དང༌། མགོན་པོ་མ་ནིང་དང་གུ་རུ་དྲག་
དམར་ནག་དང༌། ཕྱག་བཞི་པ་གཏེར་མགོན་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བསྐུར་ལ་སོགས་པ་ཕ་ཆོས་འགའ་ཟུང་སྩལ་ཏེ་དེ་ཀུན་ཞོར་ཆོས་ལ་ཐོབ་ཡོད་པར་འདུག་ཅིང༌། དཀྱིལ་འཁོར་དང་མཆོད་བཤམས་ལ་སོགས་པ་ད་ལྟའང་ཡིད་ཡུལ་ལ་ཅི་རིགས་པར་འདུག་ཅིང་ཆོས་ཀྱི་ཚིག་དོན་ལ་ནི་གོ་རྟོགས་ཅང་མ་བྱུང༌། ཆོས་གྲལ་དུ་སྡོད་ཚུགས་ཤིང་དབང་རྫས་ཞུ་ཚུལ་སོགས་མཁས་པར་བྱུང་བས་རིན་པོ་ཆེས་དགེས་དགེས་མཛད་ཟེར། བསྐང་གསོ་འཆག་མེད་དུ་མཛད་ཀྱིན་འདུག་པས་གཏོར་ཆབ་སྦྲོན་པ་དང༌། རྔ་གཡོག་འབུལ་བ་སོགས་ཕྱག་གཡོག་ཆུང་ཆུང་དགོས་པ་རྣམས་ལ་བརྩོན་པར་བྱས། ཕ་མེས་ཀྱི་འདུ་ཤེས་ཙམ་མིན་པར་བླ་མའི་མོས་གུས་ཀྱང་དགའ་རབ་སྐྱེས་འདུག ཕལ་ཆེར་ཕ་མའི་ཟླ་ལ་མ་ཉལ་བར་མཆོད་ཁང་དུ་མེས་པོའི་དྲུང་དུ་ཉལ། དེ་སྐབས་མཆོད་བཤོམ་ལ་བཅོམ་ལྡན་འདས་ཐུབ་པའི་སྐུ་བརྙན་ཆེ་རབ་ཞིག་བཞུགས་ཀྱིན་འདུག་པས། དེའི་དྲི་རྟོག་ཡང་ཡང་ཞུས་པས་མཛད་བཅུ་ལ་སོགས་པའི་ལོ་རྒྱུས་འགའ་རེ་གསུང༌། ལོ་རྒྱུས་རྩ་རྩེ་ཚང་བ་ནི་བློ་ལ་མ་ཆགས་པ་འདུག་ནའང་དད་མོས་ཆེན་པོ་སྐྱེས་ཤིང་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་བཅོས་མ་མིན་པ་བྱུང༌། གཤེད་དམར་གྱི་ཐང་སྐུ་ལྷ་མགྲོན་ལ་ཀྱཻ་རྡོར་ཡོད་པ་ཞིག་འདུག་པ། ལྷ་དེ་གཉིས་མཐོང་བ་ཙམ་གྱིས་སེམས་དགའ་ཆམ་ཆམ་པ་རྟག་ཏུ་འོང༌། ལྟད་མོ་གཞན་ལ་དགའ་ཚོར་ཆུང་ཞིང༌། ཡི་དམ་ཆོས་སྐྱོང་གི་སྔགས་སྐུ་ཟིང་ཟིང་འདུག་པ་ཀུན་ལ་ཡང་ཡང་བལྟ་འདོད་པའི་དགའ་སེམས་ཆེ་བར་བྱུང་བས། མེས་པོའི་གསུང་ནས་འདི་རྡོ་རྗེ་སློབ་དཔོན་ཞིག་གི་སྐྱེ་བ་ཡིན་པར་འདུག་ཅེས་གསུངས་པའང་དྲན། ཡང་རེ་འགའ་རི་དྭགས་ཤོར་མཁན་འདྲ་མཐོང་བའི་ཚེ། སྙིང་རྗེ་ཆེན་པོ་སྐྱེས་ཏེ་རང་དབང་མེད་པར་མཆི་མ་འཆོར་བ་འབྱུང་
ཞིང་ལུང་བ་འདིའི་རི་དྭགས་རྣམས་ངས་བསྲུང་དགོས་པ་འདུག་སྙམ་པ་དང༌། འདི་བསྲུངས་ཀྱང་དེའི་ཕ་རོལ་ན་ལུང་བ་དང་རི་དྭགས་ཡོད། དེའི་ཕ་རོལ་ནའང་ཡོད་སྙམ་པ་སོགས་མཐའ་མེད་དུ་ཤར་ནས་གཅིག་བསྲུངས་ཀྱང་གཞན་རྣམས་ཇི་ལྟར་དྲག་སྙམ་པའི་གང་དྲག་ཅི་དྲག་མི་ཚུགས་པ་ཙམ་ཡོང་བ་ཞིག་ཡོད་ཅིང༌། ཡང་ལན་ཅིག་སྒོ་རྩ་ན་བྱ་བཏང་འགའ་རེ་སློང་ཞིང་འདུག དེ་ནས་ཕ་ཚད་ཀྱི་ཞིང་ཁ་ན་ལུས་གནད་བཅས་སྒོམ་བྱེད་བྱེད་ལྟར་འདུག་པས་ཡིད་ལ་ངོ་མཚར་དང་དང་བ་ཆེན་པོ་སྐྱེས་ཏེ། ང་ཡང་འདི་ལྟ་བུ་ཞིག་ཏུ་གྱུར་ན་སྙམ་པ་ཡང་ཡང་བྱུང༌། ཡང་མོན་རྩེ་བའི་རྟོགས་ལྡན་འགའ་རེ་རླུང་བཟུང་ཞིང་འཁྲུལ་འཁོར་བྱེད་པ་མཐོང་བས་ཀྱང་དེ་དང་འདྲ་བར་གྱུར། ད་ལྟ་ལྟས་ན་ཁོང་ཚོའི་དེ་རང་ཆོས་གཟུགས་ཀུན་གྱི་སྤྱི་ནོར་དེ་ཀ་ཡིན་པ་འདྲ་སྟེ་རང་རེ་བློ་འགྱུར་བ་ནི་བྱུང༌། དགོན་པ་བ་རྣམས་ཀུན་རིག་གི་དཀྱིལ་འཁོར་བཞེངས་ནས་སྒྲུབ་མཆོད་བྱེད་པ་མཐོང་བ་ལའང་དགའ་བ་ཆེན་པོ་སྐྱེས་ཤིང་ཆོ་གའི་སྒང་ལ་གྲལ་ལ་སྡོད་ཚུགས་པར་བྱས། ལན་ཅིག་ཁ་རག་གམ་ཕུ་བའི་སྔགས་པ་ཆོས་རྗེ་ཡོན་རྒྱམ་བ་དེ། མེས་པོ་རིན་པོ་ཆེའི་དྲུང་དུ་དོན་སྤྱོད་པ་ཞིག་ལ་འདུག མངོན་སྤྱོད་ཀྱི་གསུང་བགྲོས་མང་དག་ཞིག་མཛད་ཀྱིན་འདུག་པས། ང་རང་གིས་ཀྱང་འདི་ལྟ་བུ་མང་པོ་ཞིག་བྱས་སྙམ་པ་སོགས་ཡིད་ལ་ཇི་སྙེད་ཅིག་ཤར། ཡང་ཐོག་ཁ་ན་ཡོད་པའི་སྐབས་ཤིག་འཇོལ་མོ་རྣམས་སྐད་མང་པོ་འདོན་གྱིན་འདུག་པས་སྐད་ཀྱི་གདངས་ལ་དབོན་པོ་སྲི་གཅོད་ཅེས་ང་རང་གི་མིང་ནས་འབོད་པ་དང༌། ཡུལ་མི་འདྲའི་སྐྱིད་སྡུག་ཡོད་ཚུལ་ལབ་པ་སོགས་ལན་འགའ་ཡར་དུ་བྱུང༌། དེ་སྐབས་གཉིད་མིན་སད་མིན་པ་རྨི་ལམ་ཤིན་ཏུ་གསལ་སྣང་ཆེ་བ། ཡུལ་མི་སོ་སོར་ན་ཚ་ཤི་ཆད་སོགས་ཀྱི་རྟགས་མཚན་གསལ་བར་ཐིངས་པ་དང༌། རེ་འགའ་མངོན་སུམ་དུའང་མི་མ་ཡིན་གྱི་སྤྱོད་པ་རེ་རེ་ཙམ་མཐོང་བ་བྱུང༌། ཕྱིས་སྡེ་དཔོན་གྱི་རྫོང་
གཞིས་སོགས་སུ་ཕྱིན་པ་ནས་གསལ་སྣང་དེ་ཀུན་ཡང་འགྲིབས་ནས་སོང༌། ཡང་ལན་ཅིག་ཨ་ཙ་ར་འགའ་ཤས་ལམ་ཞོར་ལ་སྒོ་རྩ་ན་ལྟོ་སློང་གིན་འདུག་པ་མཐོང་ནས་ཀྱང་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཤིང་རྒྱ་གར་གྷ་ཡ་ལ་སོགས་པ་ཡིན་སྙམ་པའི་ཡུལ་མང་པོ་ཞིག་ཡིད་ཡུལ་དུ་ཝལ་ཝལ་ཤར་རོ། །སྨྲས་པ། སྔོན་གོམས་དབང་ལས་མཐའ་དག་དགེ་བའི་ཆོས། །གཅིག་ཅར་ཤར་བ་འདི་ལས་ལེགས་ཚོགས་ནི། །མ་ཚང་མེད་པ་ནམ་ཡང་འབྱུང་བ་ཡང༌། །སྔོན་གྱི་དགེ་བའི་མཐུ་དཔལ་འབའ་ཞིག་ཡིན།། །།དེ་ལྟར་སྨྲ་ཤེས་པ་ནས་རང་ལོ་བཞིའི་སྟེང་དུ་སླེབ་པ་ཚུན་ཆད་དུ་སྨྲ་བརྗོད་ཀྱི་སྒོ་ལ། ང་བླ་མ་ཀུན་དགའ་གྲོལ་མཆོག་ཡིན། ཉེ་གནས་དཔལ་འབྱོར་ཟེར་བ་ཞིག་ཡོད་དེ། རྔོག་རོང་འོག་མ་བ་ཚང་གི་ནང་ལ་སོང་ཟེར་བ་ཞིག་གཞན་གྱིས་རྩེད་མོ་དང་ཀྱལ་ཀ་སོགས་ཀྱི་དྲིས་པ་ལའང་ཡང་ཡང་སྨྲ་བ་ཞིག་བརྒྱུད་མར་བྱུང་འདུག གཞན་འགའ་རེ་ལ་ཡོང་བའི་སློབ་མཁན་དེ་འདྲའི་རིགས་ནི་གཏན་ནས་མེད་པ་རང་སེམས་དཔང་བོ་ཐུབ་པར་ཡོད། ཕ་མ་དང་ཡུལ་བ་རྣམས་ནི་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཞལ་མཐོང་བ་ལྟ་ཅི་སྨོས། མཚན་ཐོས་པ་ཙམ་ཡང་མེད་པས་ཐོག་མར་རེ་ཞིག་རང་བབས་སུ་སྨྲ་བ་ཞིག་ཡོད་པ་ལ། དགེ་འདུན་སྒང་པའི་ཇོ་གདན་འགའ་ཞིག་གིས་རྗེ་དམ་པ་དེ་ཉིད་དབུས་གཙང་ཡོངས་ཀྱི་བླ་མ་ཡིན་ཚུལ་བརྗོད་འདུག་པས། དེ་སྐབས་བུ་གཅིག་པོ་ཡིན་པས་ངེད་རང་ལ་ཡང་དེ་བཞིན་མ་ཟེར་གསུང་བའི་དམ་བཞག་མཛད་ཀྱང༌། བྱིས་པར་སོང་བས་སྔར་བཞིན་ཀ་སྨྲས། དེ་སྐབས་ཆོས་དབང་བཟང་པོ་བ་གཟིམས་ཁང་དུ་ཡང་ཡང་ཡོང་བ་ཞིག་ཡོད་པ། ཁོང་གི་ཨ་ཁུ་རྗེ་བཙུན་དམ་པ་ལ་མོས་པ་ཅན་ཅིག་ཡོད་པ་ལ་ཁོང་བས་གླེངས་འདུག་ཅིང༌། དེ་སྡེ་བའི་དཔོན་ཡིག་པ་ཡིན་པ་འདུག་པ་ནས། ཡར་འབྲོག་ཏུ་ཁྲི་དཔོན་ཆེན་པོ་བསྟན་འཛིན་མི་འགྱུར་དབང་གི་རྒྱལ་
པོ་ལ་ཞུ་བར་ཕྱིན་པ་བཞིན། སྡེ་པ་རང་ལའང་མནལ་ལམ་བཟང་པོ་ཁྱད་པར་ཅན་བྱུང་གསུང་ཞིང༌། དེ་འཕྲལ་དངོས་ལ་གོས་ཆས་སོགས་བཟབ་རྒྱས་སུ་སྩལ། དེ་ནས་སྡེ་པ་བསྟན་འཛིན་དྲུང་གིས། མཁན་ཆེན་རིན་པོ་ཆེ་དང༌། རྒྱལ་རྩེ་ནས་བརྩམས་ཏེ། ཞབས་དྲུང་སྟོབས་རྒྱས་དྲུང་གི་བར་ཚུན་ཆད་ཀྱི། རྗེས་དམ་པའི་ཡོན་བདག་དང་བུ་ཆེན་རྣམས་ཀྱི་སར་གནས་ཚུལ་རེ་ཡང་འབུལ་བ་གནང་འདུག ཁྱད་པར་ཆོས་རྗེ་རིག་འཛིན་པ་ཆེད་ཀྱིས་མངགས་ནས། ཁོང་ལ་རྗེ་དམ་པས་གནང་བའི་དབུ་རྒྱན་བྱ་སྤུ་མ་ཞིག་ཡོད་ཅིང༌། གཞན་ཡང་གོང་དཀར་ཆོས་སྡེ་སོགས་ནས་དབང་རྫས་མང་དུ་གཡར་ནས། འབྲང་ཕུག་གཟིམས་ཁང་གི་སྒོ་རྩར་འོངས། ཐོག་ཁ་ནས་ངས་བལྟས་ཁོང་འདུག་པ་མཐོང་སྟེ། ཆོས་རྗེས་རིག་འཛིན་པ་སླེབ་འདུག་བྱས། ཆོས་རྗེ་ཐལ་བྱུང་དུ་ནང་དུ་ཤོར། དབང་རྫས་དེ་ཀུན་བཀྲམས་ནས་ངེད་ལ་བསྟན་པ་ལ་དབུ་རྒྱན་སྒྲོ་སེར་མ་དེ་བླང་ཏེ། ང་རང་གི་ཡིན་ཚུལ་སོགས་ཅལ་ཅོལ་མང་དུ་སྨྲས། ཆོས་རྗེས་ངུས་ཤིང་བྱིན་རླབས་ཞུས། དེ་ནས་མི་རིང་བར་བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོའི་དྲུང་ཡང་ཕེབས་བྱུང་ཞིང༌། གསོལ་ཇ་བཞུགས་གྲལ་ཞིག་འདུག །ངེད་ལ་གདན་དམའ་བ་ཞིག་བྱུང་བས་ཁྲོ་ཞིང་སྡོད་མ་འདོད། ཟུར་སྦུག་ཅིག་ཏུ་ལོགས་སེ་བ་བྱས་ཏེ་ཅང་མ་སྨྲས་པར་བསྡད། ཇོ་གི་ཞིག་དང་གསུང་འཕྲོས་མཛད་ཀྱིན་འདུག་པ་ཅུང་ཟད་གོ་བ་སྙམ་བྱེད། ངེས་ཀྱང་ཕན་མ་བྱུང༌། བལ་པོ་རྒྱ་གླིང་པ་གཉིས་འདུག་པའི་སར་ཕྱིན། ཞབས་དྲུང་ཡང་དགྱེས་རྒྱུ་མེད་ཙམ་ལ་དེ་འཕྲལ་ཕེབས་སོང༌། བཀའ་ལས་ཀྱང་སྐུ་ཁམས་ནི་དྭངས་པོ་འདུག་སྟེ། རྗེ་དམ་པ་རང་ནི་མིན་པ་འདྲ་ཞེས་དབུས་ཕྱོགས་ཀུན་ལ་གསུངས་འདུག་ཅིང༌། གོང་དཀར་ན་ཕྱག་རིས་ངོས་མ་རང་འདུག་པ་དངོས་སུ་མཐོང༌། དངོས་ཅག་ལྟ་བུ་བར་དོར་མངོན་པར་རྫོགས་པར་སངས་རྒྱས་
པའི་སློབ་དཔོན་སྤྱོད་པ་བ་ཡང་སྲིད་འཛིན་པའི་ཚུལ་སྟོན་པ་ལྟ་ག་ལ་ཞིག་ས་ཐོབ་པའམ་དེ་ལ་ཉེ་བར་བསྙེན་པའི་ངེས་འབྱེད་ཆ་མཐུན་ཙམ་ལ་ཡང་གནས་པ་མ་ཡིན། འོན་ཀྱང་དེ་དང་དེར་བྱིན་གྱིས་བརླབས་ཏེ་འགྲོ་བའི་དོན་སྤྱོད་པ་ཡང་སྲིད་པའི་ཕྱིར་གཅིག་དང་ཐ་དད་པའི་དཔྱད་པ་མི་དགོས་སོ། །དེ་ནས་མི་རིང་བར་སྨོན་ལམ་གྱི་སྟོབས་ཆེན་པོས་དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ། མཁན་རིན་པོ་ཆེ་ལུང་རིག་རྒྱ་མཚོའི་ཞལ་སྔ་ནས། དེ་གོང་མནལ་ལམ་དུ་ལུང་བསྟན་རིམ་པ་གསུམ་ཙམ་བྱུང་འདུག་པ་དང༌། སྔོན་དུས་རྗེ་དམ་པས་སྔ་ཕྱིའི་ལུང་བསྟན་མང་པོ་གནང་བའི་ཚིགས་བཅད་དུ་ཡང༌། ནམ་ཞིག་རང་གནས་རི་བོའི་ཕུག་ཏུ་མཇལ། །ཞེས་གསུངས་པའི་དུས་ཀྱང་འདི་ཡིན་ཞེས། ངེད་ཀྱི་གཏམ་གསན་འཕྲལ་ཆོས་ལུང་བྱང་རྩེ་སོགས་ལ་མི་གཏོང་པར་མཛད་དེ། མཆེད་གྲོགས་དཔལ་སྡིངས་པ་དང༌། ག་ཐོག་པ་དཔལ་ཀུན་དགའ་ལེགས་རྒྱལ་གཉིས་ཀྱང་ཞབས་འབྲིང་དུ་འཕྲལ་འབྱོར་བྱུང་འདུག་ཅིང༌། དེ་མཚམས་དཔོན་སློབ་རྣམས་མྱུར་ཤད་དུ་ཕེབས་བྱུང་བ། ཕེབས་འཕྲལ་དངོས་ལ་གདན་མཐོང་སོགས་བཀུར་བསྟི་ཆེས་ཆེ་བ་མཛད། ཟས་སྣ་ཤིང་ཐོག་ལ་སོགས་པའི་སྟོན་མོ་མང་པོ་དང༌། གནང་སྦྱིན་གྱི་སྐྱེས་རྒྱ་ཆེར་སྩལ། དེའི་ནང་བར་ནས་ཞག་འགའ་རེར་རྣམ་འཇོམས་ལ་སོགས་པའི་བཀྲུ་བྱབས་ཀྱིས་ལུས་རིལ་གྱིས་བཀྲུ་བ་ཡང་ཡང་མཛད། ཞག་ལྔ་ཙམ་བཞུགས་ནས་བཞིས་ཀ་གོང་དཀར་དུ་ཕྱག་ཕེབས། གོང་མ་ཁུ་དབོན་དང་མཇལ་འཕྲད་ལེགས་ཚོགས་ཆེ་བར་བྱུང་འདུག་ཅིང༌། ངེད་ཀྱི་སྐོར་བསེང་བཀྲོལ་ཡང་གནང༌། གཞིས་ཀ་ནས་ཀྱང་དངོས་ཅག་ལ་ཇ་འདྲེན་བྱུང༌། དེ་སྐབས་གནམ་གང་བ་ལ་རྗེ་དམ་པས་གནང་བའི་བྱིན་རླབས་རྟེན་འགའ་རེ་འདུག་པ་རྣམས་ངོས་འཛིན་བྱེད་ཟེར་ནས་ངེད་ཀྱི་སར་ཁྱེར་བྱུང་བ་གསལ་བར་དྲན་ཅིང་བརྗོད་
སྒོ་ཡང་འགའ་རེ་སྨྲས་འདུག དཔལ་ལེགས་གྲོགས་མཆེད་ཀྱིས་རྒྱལ་སྲས་ཆོས་རྫོང་པའི་ཐུགས་དམ་རྟེན་བདེ་མཆོག་དང་དམག་ཟོར་མའི་ཤིང་སྐུ། རྗེ་དམ་པའི་འབྲལ་སྤང་མི་གཡོ་བ་དང་སྒྲོལ་མའི་ཟངས་གླེགས་སོགས་ཁྱེར་བྱུང་བས་ངོ་ཤེས་པའི་རྣམ་པ་དང༌། ཁྱད་པར་དེ་གོང་སྒྲོལ་མ་མ་གཏོགས་ལྷ་རིགས་དེ་དག་མཐོང་ཐོས་མེད་ནའང༌། ལྷ་རྣམས་ངོ་ཤེས་ཤིང་ངོས་འཛིན་བཤད་པ་བྱེད་རྒྱུད་ཡང་དོན་དང་མཐུན་པ་མང་དག་བྱུང༌། ཡར་འབྲོག་ནས་ཀྲཱྀ་ཡ་ས་མུཙྪའི་དབང་རྫས་ཀྱི་ས་གཞོང་ཞིག་བསྐུར་བ་མཛད་པའང་ངོ་ཤེས་ཤིང༌། དཀར་མདུང་ཡོད་མེད་ཀྱི་རྩད་གཅོད་ཀྱང་བྱས། དེ་གོང་སྐྲ་རྣམས་རལ་བར་ཡོད་པ་ཚོགས་གསོག་རིང་མོ་བ་དང་ཆོས་དབང་པ་གཉིས་ཀྱིས་བསེང་ནས་སིལ་བུར་འཆོ་ཡིན་ཡོད་ཙ་ན། རལ་བའི་ཐོར་ཚུགས་བྱས་རུས་རྒྱན་ཞིག་གྱོན་ཤིང་ནགས་ཀྱི་གསེབ་ལ་ཆམ་ཆམ་འགྲོ་བ་ཡིན་པ་ལ་སྙམ་པར་བྱུང༌། དེ་ནས་ཧོར་ཟླ་དགུ་པའི་ཉེར་ལྔ་ལ། མཁན་རིན་པོ་ཆེའི་ཕྱག་ཕྱིར་དཀྲིས་ཏེ། རང་ཡུལ་ནས་གཞི་བཏེགཕ་མས་ཀྱང་ལུང་པའི་ཕུའི་ལ་མཚམས་ན་བཀྲ་ཤིས་བྲག་ཟེར་བ་མིང་བཀྲ་བཟང་བ་ཞིག་ཡོད་པ་དེ་བར་སྐྱེལ་མར་ཕེབས། དེ་ནས་སྐབས་སྐབས་སུ་ཕ་མ་དྲན་པའི་གདུང་ཤུགས་ཅི་རིགས་པར་བྱུང་མོད་ཀྱི། ཕལ་ཆེར་ནི་མ་སྙིང་བུ་དང༌། བུ་སྙིང་རྡོའི་རྣམ་པར་སོང༌། དེ་སྐབས་ནི་ཟླ་བོ་རྣམས་ཀྱིས་ཀྱང་ཨ་མ་རིམ་པས་རྗེས་ལ་ཕེབས་ཀྱིན་ཡོད་དོ་ཞེས་བྲིད་པ་ལྟར་ཡང་བྱས་སོ། །དེ་ནུབ་ཡར་འབྲོག་དཔལ་དེར་སླེབ། གུར་ཆས་བཟང་པོ་བཤམས་གཞི་ལེན་གཟབ་མ་བྱུང༌། གྲལ་གྱིས་ཙམ་ན་མཁན་རིན་པོ་ཆེ་ཡང་བཞུགས་ཤིང་ཁོང་ཚོའི་མི་འགའ་རེ་འདུག་པ་ལ་མནོ་མི་ཤེས་པས་དཔལ་དེ་བ་རང་གི་མདོག་སྟབས་ལ་བྱ་བ་ཞིག་ཁ་ནས་ཤོར། བྱིས་པའི་ཁ་ལ་ལ་ཉེ་ཡོད་པའི་དཔེ་དེ་འཕྲལ་དུ་གསལ་བར་བྱུང༌། དེའི་
སང་ཡ་སྲིབས་ཕྱོགས་ལ་ལམ་མཛད་དེ་ཕེབས་སྐབས། དེ་ཕྱོགས་རིན་སྤུངས་ཀྱི་ལམ་ཡིན་ང་མི་འགྲོ་བྱས་ནས་བསླབ་ཉེས་མང་དུ་བྱས། འདབ་ལུང་དུ་སྡེ་པ་བསྟན་འཛིན་དྲུང་དཔོན་གཡོག་ཀྱང་བསུ་བ་ལ་ཕེབས། སྣ་དཀར་རྩེའི་མདུན་གྱི་སྐྱེད་ཚལ་དེར་ཞགས་གསུམ་བསྡད། ཉིན་གཅིག་ཙམ་རྩེར་ཡང་ཕྱིན། སྐྱེད་ཚལ་དེར་ཡོད་དུས་ཇ་འཐུང་འཕྲོ་ལ་དཀར་ཡོལ་ཞིག་ཁྲི་སྟེང་ནས་ཞལ་བའི་དཀྱིལ་དུ་འཕངས་པ་གས་ཆག་གང་ཡང་མ་བྱུང༌། དཀར་ཡོལ་དེ་སྡེ་པ་བསྟན་འཛིན་དྲུང་རང་གི་ཕྱག་ཏུ་བཞེས་སོང༌། དེ་སྐབས་ཡར་འབྲོག་ནས་སྐུ་མཆེད་དགེ་སྐྱོན་གྱི་སྟབས་བྱུས་དཔངས་ཤིན་ཏུ་དམའ་བར་ཡོད་པ། སླར་མི་རིང་བར་སྐུ་མཆེད་ཀྱང་ནང་འདུམས་ཤིང༌། ཆབ་སྲིད་མཐའ་རྒྱས་སུ་བྱུང་སོང་བ་དེ་ལྟ་བུའི་དགེ་མཚན་གྱི་རྟེན་འབྲེལ་ཡིན་པར་མངོན་ནོ། །དེ་ནས་རིམ་པས་བརྒྱུད་ནས་བློ་བདེར་སླེབ། དཔོན་པོ་ཀུན་བསམ་པ་བྱུང་བ་ངོ་ཤེས་བྱུང་ཞིང༌། དེའི་སང་རྒྱལ་རྩེ་ནས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་རྒྱལ་རྩེར་སླེབ། དེར་ཟླ་ཕྱེད་ཙམ་སོང་ནས་རྩེ་ཆེན་དུ་ཕྱིན། ཡུམ་སྲས་རྣམས་དང་སྡེ་བ་དྲུང་འཚོ་བ་སོགས་ཀྱིས་ཟླ་གཅིག་ཙམ་གྱི་བར་ཕུན་སུམ་ཚོགས་པའི་འབྱོར་བས་བསྟབས། མཁས་གྲུབ་སངས་རྒྱས་ཡེ་ཤེས་དང་ཡང་མཇལ་ཞིང་ཤིན་ཏུ་དགྱེས་པ་དང་དང་པ་དཔེ་མེད་པ་མཛད་ཀྱིན་འདུག བླ་བྲང་ཤར་ཆེན་དུ་ཕྱིན་པ་སོགས་ད་ལྟའང་ཤིན་ཏུ་གསལ་བ་ཡིད་ཡུལ་ན་འདུག་ཅིང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྨིན་བྱེད་ཅིག་སྩལ་འདུག་སྟེ་ཧ་ཅང་གསལ་བར་མི་དྲན། རྟོགས་ལྡན་ཟླ་གྲགས་པ་དང༌། ཤཱཀྱ་བ་དྷི་གཉིས་བྱུང་བའང་གསལ་བར་ངོ་ཤེས། དེ་ནས་དཔལ་འཁོར་བདེ་ཆེན་གྱི་བླ་བྲང་དཀར་པོར་མཆེད་གྲོགས་ཐར་བ་བསླེབས་པའང་ངོ་ཤེས། ཞག་ཤས་སོང་སྐབས། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་ཞལ་སྔ་ནས་དང༌།
སྦས་པའི་སངས་རྒྱས་རྗེ་བཙུན་ལྷ་དབང་གྲགས་པའི་ཞབས་དང༌། བླ་མ་དམ་པ་རྗེ་དྲུང་ཀུན་དགའ་དཔལ་བཟང་པོ་དང༌། རྗེ་ཀུན་དགའ་བསྟན་གསལ་བའི་དྲུང་དང༌། དཔོན་དྲུང་འཕན་ནེ་བ་དང༌། ངམ་རིང་ནས་མི་སྣ་ལ་ཁང་གསར་ནས་ཀུན་དགའ་ལེགས་གྲུབ་པ་དང༌། རྗེ་དམ་པའི་ཕྱག་གཡོག་རྙིང་པ་རྣམས་དང་བཅས་ཕེབས། ཀུན་ཆོས་པ་གཞུང་པ་འཕན་ནེའི་བའི་དྲུང་རྣམས་ངོ་ཤེས་འདུག དེ་ནས་རིམ་པས་འབྲོང་རྩེ། སྟག་རྩེ་ཁྱུང་རྩེ་པ་སྣམ་བརྒྱུད་ཚོང་འདུས་དབུ་རྩེར་ཀ་བརྒྱད་མར་བཞུགས་གྲལ་ཞིག་བྱུང་བའི་རྟེན་མཆོད་ལ། སྐུ་སྐྱེ་བཅུ་གཅིག་གི་ཟེའུ་ལྷ་ཁང་ཞིག་འདུག་པ་དེ་ལ་དག་མི་དག་གི་དཔྱད་པ་མང་པོ་བྱས་པས། ཞལ་ངོ་རྣམས་ཐུགས་མཚར་མཚར་མཛད་ཀྱིན་འདུག དེ་ནས་བསམ་འགྲུབ་རྩེར་ཕྱིན་སྐབས་གསེར་མའི་ཐད་ཙམ་དུ་གསེར་མདོག་ཅན་གྱི་དགེ་འདུན་བརྒྱ་ཙམ་བྱིན་རླབས་ཞུ་བར་བྱུང༌། དེ་གོང་གསེར་མདོག་ཅན་པ་ཚོས། ཀརྨ་པའི་ཕྱག་གཡོག་ལ་རྡོ་བརྡུངས་བྱས། དེའི་ཆད་སྒྲུབ་སོགས་འཁྲུན་ཆོད་གྲུབ་ནས་རྒྱང་ཙམ་སོང་སྐབས་ཡིན་འདུག་ནའང༌། ཞིང་གིས་ཞེ་མ་སྡུག་མཛད་པའི་དགེ་འདུན་རྣམས་ཐུགས་གུ་དོག་ཙམ་གྱི་དུས་ཡིན་པ་དངོས་ཅག་བསམ་རྩེར་འོང་པའི་རྐྱེན་གྱིས་གནས་ཚུལ་དེ་རང་གྲོལ་དུ་སོང༌། དེར་ཞལ་ལྔ་ཙམ་བསྡད། བྱིས་པའི་སྤྱོད་པ་ཁོ་ནས་ཁྲོ་ཚུལ་དང་བཅས་གྲལ་ལ་མ་ཕྱིན་པའི་རྐྱཻན་གྱིས་སྐུ་མདུན་དྲུང་དེའི་ནང་བར་རྒྱལ་བ་འོད་དཔག་མེད་ཀྱི་ཐགས་སྐུ་ལ་སོགས་པ་འབུལ་བ་ཅུང་ཟད་ཞིག་དང་བཅས་སྔ་མོ་རང་ཕེབས་ནས། ངེད་རྗེ་བཙུན་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཡོད་ཅིང༌། བླ་མས་ཀྱང་ དགོངས་པར་ཤིན་ཏུ་བཞུགས་པ ་ཡིན་པ་ལ་ད་ལམ་ དགོངས་ཁྲེལ་བའི་རྣམ་པ ་འདུག་པ་རྒྱུ་གཞན་གཅིག་ཀྱང་མེད། གསེར་མདོག་ཅན་པའི་སྐོར་
འདི་ཡིན་པས། སྔར་བྱས་ལ་བཤགས་པ་འབུལ་ཞིང་ད་ནས་གསེར་མདོག་ཅན་པ་ལ་གང་དྲག་རང་བྱེད་གསུང་པ་ཕེབས། དེ་ནས་སྣར་ཐང་དུ་ཞག་གསུམ་ཙམ་བསྡད། དེ་ནས་གནས་སུ་ཞག་རྩིས་བྱས་འདུག་པ་སྔོན་གྱི་བག་ཆགས་ཤིག་གིས་སྡོད་པའི་བློ་གཏན་མ་བྱུང་ནའང་གཡོག་རྣམས་ཀྱིས་འབྲིད་ཐབས་བྱས། དེ་ནས་བོ་དོང་དུ་བྱང་བའི་བདག་པོ་སྐུ་གཞོན་པའི་དྲུང་བཞུགས་སར་འབྱོར་ཞིང་གཞི་ལེན་དཔེ་བྲལ་མཛད། དེ་ཉིད་དུས་མདོས་ཀྱང་འདུག གྲངས་ཆེན་རབ་འབྱམས་པས་རྗེ་བཙུན་རིན་པོ་ཆེའི་དབུ་ཞྭ་ཞིག་ངེད་ལ་ལན་གསུམ་སྟོན་དུ་བྱུང་བ་དེ་ལ་ཅང་ལབ་པ་ནི་མ་བྱུང་མཐར་ཚིག་པ་ཟོས་ཏེ་ཁོང་རང་ལ་འཕངས། སྐུ་འདྲ་དུང་ཁུང་མ་སོགས་མཇལ། དེའི་ནང་བར་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་སླེབ། རྡོ་བཅལ་གྱི་ཆོས་འབྱུང་རང་བྱོན། ཐུག་སྣ་ལྔ་ལ་སོགས་པ་རྩད་གཅོད་བྱས་པས། རྗེ་དྲུང་རིན་པོ་ཆེའི་གསུང་གི་ཆོས་འབྱུང་རང་བྱོན་མགོན་ཁང་དུ་བསྡུས་ཡོད་མཆིས། རྔ་ཐུག་ཀྱང་ཕྱི་རུ་ནག་པོ་སྦྲོན་པ་ཡིན། སྣ་ལྔ་ནང་ན་ཡོད་གསུང་གིན་འདུག དེ་ནས་སྨོན་འགྲོར་ཕྱིན་དུས་ག་ད་ལ་ནས་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་པ་དཔོན་གཡོག་རྣམས་ཀྱིས་བསུ་བ་གནང་ཞིང༌། ཕྱག་གཡོག་ལ་འགྲོ་ལུང་ཆོས་རྗེ་འདུས་པ་ངོ་ཤེས་བྱུང༌། སྨོན་འགྲོའི་གཟི་བརྗིད་ཀྱི་ཕུག་གི་གཟིམས་ཆུང་དེར་སྡོད་ས་བྱུང་ཞིང༌། དེ་ན་སྤྲུལ་སྐུ་ངག་དབང་གིས་བྲིས་བའི་སྐུ་སྐྱེ་བཅུ་གཅིག་གི་ཐང་ཁ་རྣམས་ཀྱང་བཀྲམ་འདུག་དེར་བག་ཆགས་ཤིག་ཀྱང་སད་རྒྱུ་བྱུང༌། མཁའ་སྤྱོད་རྩེ་མོར་ཕྱིན་པས་རྡོའི་མཎྜལ་སོགས་མཆོད་ཆས་རྣམས་ངོ་ཤེས་ཤིང༌། རྣལ་འབྱོར་མའི་བྲིས་སྐུ་རྣམས་མཐོང་པས་རྐྱེན་བྱས་ཏེ། ཨོཾ་གསུམ་མ་མ་བསླབས་པར་བློ་ལ་ཤར། དེའི་སང་ཉིན་ཆོས་ལུང་བྱང་རྩེར་བརྟོལ་ཏེ། མཆོད་ཁང་རྩེར་ཕྱིན་དུས་འཇིགས་བྱེད་ཀྱི་ཞལ་འབག་སོགས་རྩད་གཅོད་བྱས་ཤིང༌།
དགེ་སློང་རྣམ་གྲོལ་ལ་ཞང་འཁྲུལ་ཞིག་གི་ཐུགས་དམ་དགྲ་ནག་གི་སྐུ་སོགས་རྩད་གཅོད་བྱས་པས། དགེ་སློང་པས་མཆི་མ་བཏང༌། སྔགས་སྐུ་སྔར་མ་མཐོང་བར་ཕལ་ཆེར་ཡང་ངོ་ཤེས་པ་རྫུན་མེད་དཔང་པོ་ཅན་ཡིན་ནོ། །གང་གི་རིགས་དག་སད་གྱུར་པ། །དེ་ལ་དེ་ཡི་ཕུན་ཚོགས་འབྱུང༌། །ཡོངས་སྨིན་པདྨའི་གེ་སར་རྣམས། །ཉིན་བྱེད་ཤར་ན་ལྷག་པར་རྒྱས། །དེ་ནས་མི་རིང་བར་དུས་ཆེན་ཡང་ཚུགས། དེ་གྲོལ་ནས། དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྡོ་རིངས་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་དྲུང་དུ། སྒྲོལ་དཀར་གྱི་རྗེས་གནང་ཐོག་མའི་རྟེན་འབྲེལ་དུ་ཞུས། སླར་གཤེད་དམར་ལྷ་ལྔའི་དབང་ཞུས། དེ་དུས་དབང་ཞུ་བའི་འདུན་པ་དང་བླ་མ་ལྷར་བསྒོམས་པ་སོགས་གསལ་ཞིང་མོས་གུས་སྐྱེ་བར་བྱུང༌། གཞན་ཡང་དེ་སྐབས་སྒྲུབ་སྡེར་གསུང་ངག་ལམ་འབྲས་ལ་སོགས་པ་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བ་གནང་གིན་འདུག་པས། གང་ལ་གང་འཚམ་གྱི་རྗེས་གནང་བྱིན་རླབས་སོགས་ཀྱང་ཞུས་ཤིང༌། ཁྱད་པར་དཔལ་ཀྱཻ་རྡོ་རྗེ་ཡབ་བཀའ་ཡུམ་བཀའི་དབང་གི་མངོན་པར་རྟོགས་པ་བདུན་ལྡན་གྱི་ཚུལ་གྱིས་ནོས། འདི་དག་གི་གོང་དུ་བླ་མེད་ཀྱི་དབང་གཉིས་གསུམ་ཙམ་ཞུ་མྱོང་ཡང་གསང་མཚན་ཙམ་ཡང་བློ་ལ་མ་ཟིན་འདུག འདི་སྐབས་ཚིག་དོན་གྱི་གོ་རྟོགས་ཇི་བཞིན་རྙེད་པ་མ་བྱུང་རུང༌། མཎྜལ་འབུལ་མཚམས་དང་དབང་རྫས་སོགས་ཀྱི་རིམ་པ་ཀྲིག་གེ་བློ་ལ་ཆགས། དཀྱིལ་འཁོར་དུ་བླ་མས་དབང་བསྐུར་བའི་གོ་བ་དང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་བྱེད་པ་སོགས་ཀྱི་རྣམ་གཞག་ཆགས་པ་ཙམ་བྱུང༌། གཤེད་དམར་གྱི་དབང་དང༌། ཀྱཻ་རྡོར་གཉིས་ཀ་ལ་མེ་ཏོག་གཙོ་བོས་བཞེས་དེ་དང་མཐུན་པའི་མིང་སྩལ། གསང་མཚན་ཡང་གྲོགས་ཀྱིས་འཛིན་པ་ལ་མ་བལྟོས་པར་རང་བློས་
མ་བརྗེད་པར་བཟུང་ཐུབ། དཔལ་ལྡན་བླ་མ་དམ་པ་གྲུབ་པའི་ཁྱུ་མཆོག་ཆེན་པོ་རྗེ་བཙུན་བྲག་སྟོད་པར་ཡང༌། སྒྲོལ་དཀར་གྱི་རྗེས་གནང་དང༌། བླ་མེད་ཀྱི་དབང་འགའ་ཞིག་དང༌། ཚེ་དབང་བརྒྱ་ཚར། ཁྱུང་ཁྲ་དུས་འཁོར་ལུགས། སྒྲུབ་ཐབས་རྒྱ་མཚོ། གྲུབ་བརྒྱའི་ཆོས་སྐོར་སོགས་ཐོབ། རྗེ་དྲུང་རིན་པོ་ཆེ་ཇོ་ནང་པའི་དྲུང་དུ་ཡང༌། པུ་ཊའི་ཟུར་བཀའ་སོགས་རྗེས་གནང་འགའ་ཞིག་ཞུས། དབྱར་སྨད་བྱང་དུ་སྡེ་པ་སྐུ་མཆེད་གཟིགས་ཕྱོགས་མི་གཅིག་པའི་དུས་མི་བདེ་ལ་བརྟེན་ཞབས་དྲུང་སྟོབས་དྲུང་ཡང་ཡུལ་བུད་གལ། ཁོང་པ་ཡོད་ན་རྗེ་དམ་པའི་བསྟན་པ་ཅུང་ཟད་སྤེལ་བའི་འདུན་པ་ཡོད་མོད་ཀྱི། སོ་སོའི་དུས་མཚམས་ཀྱི་དར་རྒུད་འབྱུང་བ་འདུས་བྱས་སྤྱིའི་ཆོས་ཉིད་དུ་འདུག དེ་རྗེས་སུའང་སྐུ་མདུན་ཞིང་གཤག་པ་ལོ་ཤས་བཞུགས་ནའང་འཕྲལ་ཕུན་སུམ་ཚོགས་པ་ཡོང་བ་ཡོད་ནའང་དེའང་དེ་ལྟའོ། །འོན་ཀྱང་གནས་སྐབས་འཇིག་རྟེན་ཕྱོགས་ཀྱི་སྤྲཽས་སྤྲོས་བཀུར་བཀུར་ཅོག་ཅོག་མེད་པ་དེ་ཀ་ཕན་ཡོན་དུ་སོང་སྟེ། རང་གི་ཚུགས་ཁྱེར་ལ་བལྟོས་པའི་ཐོས་བསམ་སྒོམ་གསུམ་འཕེལ་བར་བྱུང་བས། བླ་མ་དཀོན་མཆོག་གི་ཐུགས་རྗེས་མ་དོར་པར་ངེས་ཤེས་སྐྱེས་སོ། །དེ་སྐབས་ཡར་ལམ་ཡོན་བདག་སོ་སོས་བྱིན་པའི་རྫས་ཀྱང་བཟང་རབ་ཡོད་པ། སྨོན་འགྲོ་བ་དང་ཡོན་མཆོད་གཅིག་བྱེད་པའི་ཁུངས་བྱས། སྐྱོས་མར་མིང་བཏགས་པའི་སུམ་ཆ་ཙམ་སྨོན་འགྲོར་བསྟབ་པ་ཡིན་ནའང་གཞན་གྱིས་སེལ་བཅུག་པ་ཡིན་ནམ་སེམས། བར་སྐབས་ནས་འཕན་ནེ་རང་གིས་ཀྱང་རེག་ལ་མ་འབྱར་བའི་འཕྲལ་ལག་པ་དམ་ལ་བསམ་གཏན་གྱི་དོགས་པ་ཁོང་འཆང་རང་བྱས། གཞན་བྱང་ཕྱོགས་ཀྱི་བླ་མ་འདྲ་དང་ཅི་རིགས་པས། དེ་སྐབས་ངེད་རང་རྩེད་མོའི་བྱ་བ་ལ་གཏོར་རྒྱག་དང༌། འཇིགས་བྱེད་ཀྱི་ཕྱག་
མཚན་ཐམས་ཅད་དཔལ་ལགས་ཀྱིས་བཅོས་ཤིང་དེ་རྣམས་ཐོགས་པའི་འཆམ་བྱེད་ཚུལ་སོགས་རྩེད་མོ་ཙམ་ལ་སྒྲཽ་བཏགས་པའི་བདག་པོ་ནམ་མཁའ་རྒྱལ་པོ་སོགས་ལ། ཁོང་དཔོན་སློབ་ཀྱིས་ཞབས་དྲུང་སྟོབས་ཀྱི་ཕྱོགས་ཞེན་བྱས། གཏོར་རྒྱག་བྱེད་ཀྱིན་ཡོད་པར་འདུག་ཚུལ་སོགས་མང་པོ་བྱུང་སྟེ་ལ་ཆ། དེ་ལ་བདེན་ཟེར་འཆའ་བ་ནི་དེ་ལས་ཀྱང་རྒོད་བྲོ། གཞན་ཡང་བརྗོད་གླེང་སྣ་ཚོགས་ལ་བརྟེན་པའི་བདག་པོ་སྐུ་མཆེད་དེ་ཀུན་ཁོང་ཚོ་རང་འདས་འདས་ཀྱི་བར་དུ་མ་མགུ་པའི་ཁུངས་རང་གདའ། དེ་སྐབས་ཆོས་ལུང་གི་ཆོས་ར་ན། ཀུན་མཁྱེན་དོན་དཔལ་བའི་ཐུགས་དམ་འཇིགས་བྱེད་ཀྱི་རས་བྲིས་ཞལ་བ་ལ་སྦྱར་བ་དེ་མཐོང་རེས་ཀྱི་ཡིད་ལ་དགའ་བ་དཔག་ཏུ་མེད་པ་སྐྱེ་ཞིང༌། ཁྱད་པར་དུ་འཕགས་པའི་མངོན་རྟོགས་ཀྱི་ཚིགས་བཅད་དང༌། འཇིགས་བྱེད་ཀྱི་སྔགས་གསུམ་པོ་དཔལ་ལགས་ཀྱིས་ལན་རེ་ཙམ་འདོན་གྱིན་འདུག་པ་འཛིན་རྩོལ་མ་དགོས་པར་རང་བབས་སུ་བློ་ལ་ཆགས། སྐབས་ཤིག་མཆོད་ཁང་རྩེ་ནས་རྒྱུད་སྡེ་ལྔའི་དཀྱིལ་ཐང་ཆེན་མོ་དེ་བླངས་ནས་ལྟ་ཡིན་ཡོད་སྐབས། ལྷ་མགྲོན་མྱུར་མཛད་མགོན་པོའི་སྐུ་དང་ངེད་རང་གི་བར་དེར་བྱ་རོག་ཅིག་ལྷུང་ཐབས་སུ་བབས། མ་ཧཱ་ཀ་ལ་དེ་ན་ཟེར་དབྱངས་གདའ། དགུན་དུས་ཡིན་ནའང་ཐུགས་ལ་མེའི་རྣམ་པ་ཅི་ཡང་འབར་བ་ཞིག་བྱུང༌། སྨོན་འགྲོར་ཡང་ཕྱིན་ནས་ཟླ་གཅིག་ཙམ་བསྡད། ཡང་ཆོས་ལུང་དུ་འོངས་དགུན་ཟངས་ཀྱི་འཕྲལ་ཆས་དཀོན་ནེ་བ་བྱུང༌། དེ་ལ་རྒྱུ་མཚན་མང་པོ་འདོགའབྲུག་ལོ་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ཀློག་ཡིག་སློབ་པའི་འགོ་ཚུགས། ཀ་མད་སུམ་ཅུ་ལ་དེ་ཉིད་ཚར་གསུམ་བཞི་ཞིག་ངོས་སྦྱོར་བྱས། སང་ཞོགས་ཀློག་པས་ཧའི་ཐད་དུ་ཅུང་ཞིག་བསམ་དགོས། གཞན་རྣམས་ཐོགས་མེད་དུ་ཤར་གྱིས་བྱུང༌། བརྩོན་འགྲུས་ཆེར་མ་བྱས་པས་ཀློག་བྱང་རབ་ཏུ་འགྲོ་བ་ལ་ལོ་ལྷག་ཙམ་ཐོགས། ཡང་དེ་སྐབས་ཟླ་བོ་འགའ་དང་
ལྷན་ཅིག་རྡོ་ཆལ་དུ་རྩེད་མོ་བྱེད་འཕྲོ་ལ་འཕྲལ་དུ་ཟླ་བོ་ཚོ་ལ་མ་སྡོད་འགྲོ་བྱས་ནང་དུ་སླེབ་འཕྲལ་རྦབ་ཤིན་ཏུ་རང་ཆེ་བ་ཞིག་ལྷུངས་པས་ངོ་མཚར་དུ་རྩི་བ་བྱུང༌། དེ་སྐབས་གཏིང་སྐྱེས་ནས་འབོད་མི་བྱུང་ཞིང་ལམ་ཀུན་ན་ཙེག་གེའི་བགས་ཆེ་བར་ཡོད་ཟེར་བས། འཕན་ནེ་སོགས་ཕལ་ཆེར་གྱིས་མ་ཕྱིན་པ་ལེགས་ཚུལ་མཛད་ཀྱིན་འདུག་ནའང༌། ཙེག་གེ་ལ་རྡོ་བརྡུང་བཏང་བས་ཆོག་བྱས། ཧོར་ཟླ་གསུམ་པའི་ཚེས་བཅུ་གཅིག་ལ་བཏེག་ནས་རིམ་གྱིས་གདོང་དགར་འབྱོར། དེ་སྐབས་དཔོན་ས་དཔོན་སྒྲེལ་པོ་དང་རྣམ་རྒྱལ་ལགས་གཉིས་ཡོད། རིམ་པས་མདོས་འདྲར་ས་སྐྱོང་རབ་མཛེས་པ་དང་མཇལ་ཞིང༌། དེའི་སང་ཉིན་མཁར་ཆེན་དུ་འབྱོར། བསུ་བ་སོགས་ཀྱི་བཀོད་པ་རྒྱ་ཆེན་པོ་ཡང་མཛད། བླ་མ་རིན་པོ་ཆེ་འཇམ་དབྱངས་ཀུན་དགའི་མཚན་ཅན་དང་ཡང་མཇལ། དེ་སྐབས་མོས་གུས་དགའ་ཚད་ཡོད། རྗེས་སུ་མོས་གུས་ཆེར་གཏོང་དགོས་རྒྱུར་འདུག་སྟེ། བྲེད་པོ་གསུམ་ལ་ཆོས་བྲེད་ཐུ། ཟེར་བ་དེ་རང་ཡོད་པར་གདའོ། །དེ་ནས་ཞག་ལྔ་ནས་བླ་མ་རིན་པོ་ཆེ་ནི་གསེར་མདོག་ཅན་དུ་ཆོས་འཁོར་ལ་ཐེགས་སོང༌། ངེད་ཀྱིས་དེ་མཚམས་ཆོས་གྲར་སྤོས། བྲག་སྟོད་དུ་སྤྱན་འདྲེན་བརྫངས་བ་བཞིན། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཕེབས། ནཻ་གུའི་ཁྲིད་གནང་སྐབས་ཉིད་མཚན་ཐམས་ཅད་ཡིད་དགའ་བས་ཁྱབ་པའི་གཉིད་ཀྱང་འདི་བྱུང་མི་ཤེས་པ་ཡུལ་ཡུལ་པ་ཟླ་བ་ལྷག་ཙམ་གྱི་བར་དུ་བྱུང་ཞིང༌། ཁྲིད་གནང་བའི་ཚིག་དོན་གསལ་བར་གོ་ཅི་རིགས་བློ་ལ་ཡང་ཆགས། ཕག་དཀར་གྱི་རྗེས་གནང་ཞིག་ཞུས་ནས་ཆོས་དབང་པས་གྲོགས་བྱས་ཏེ་ཞག་བདུན་བསྙེན་པ་བསྐྱལ། བདེ་མཆོག་ནག་པོ་པའི་དབང་ཞུས་དུས་སྟ་གོན་གྱི་ནུབ་མོ་རྨི་ལམ་ཡ་མཚན་ཅན་མང་པོ་བྱུང༌། ཕྱིས་མཆེད་གྲོགས་པ་རྣམས་
ཀྱིས་ནང་དུ་དམ་སེལ་བྱེད་པའི་རྨི་ལྟས་ཀྱང་གསལ་བར་བྱུང༌། གཞན་ཡང་ཆོས་བཀའ་དཔག་ཏུ་མེད་པ་ཐོབ། གཏིང་སྐྱེས་ཆོས་གྲྭར་ཟླ་བ་དྲུག་བསྡད། དེ་སྐབས་ཡར་འབྲོག་ནས་མྱུར་ཤད་ཡོང་དགོས་ཚུལ་ཕེབས་པ་བཞིན་ཤར་ཕྱོགས་ལ་བསྐྱོད་དེ། གམ་པ་རྫོང་དང་གད་དང་རྒྱང་རོའི་གཞུང་དེད་ནས་ཕྱིན། སྟག་ལུང་རྫོང་དུ་ཞག་བཅུ་སྐོར་སོང༌། དེ་ནས་ཆོས་སྡེའི་བླ་བྲང་དཀར་པོར་སྤོས། སྟོན་དང་དགུན་དེའི་རིང་འདུལ་བ་ལུང་གི་པོ་ཏི་གཉིས་གསུམ་དང༌། སྐྱེས་རབས་བརྒྱ་རྩ་སོགས་ལ་ཀློག་དར་འདྲ་བྱས་པས་ལོ་རྒྱུས་མང་པོ་བློ་ལ་ཟིན་གཞན་ལ་བཤད་དུ་བཏུབ་ཙམ་བྱུང༌། འདི་ཡན་ལ་བསྟན་པ་སྤྱིའི་ཆོས་སྤྱོད་རྣམས་བློ་ལ་ཆུད་ཅིང༌། སྟོན་ཀ་འདི་ནས་བཟུང་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་དང་ཡི་དམ་ཆོས་སྐྱོང་གི་གཏོར་བསྔོ་མ་ཆག་པར་བྱས་པ་ཡིན། ཧོར་ཟླ་བཅུ་གཉིས་པའི་ནང་དུ་ཙེག་གེས་ཐེབས་པ་ཡང་མྱུར་དུ་སོར་ཆུད། དེ་སྐབས་ཉིན་མོ་སྐད་འགགས་པ་ལ་མཚན་མོ་གཉིད་ཀྱི་སྐབས་བླ་རྡོལ་ཐབས་སུ་མཚན་བརྗོད་སོགས་ཆོས་སྤྱོད་ཀྱི་རིགས་དང༌། ཡི་དམ་གྱི་མངོན་རྟོགས་ཆེ་ཆུང་རྣམས་མ་ནོར་བར་གཙང་སིང་ངེ་སྐད་གསལ་པོར་འདོན་པ་ཁོ་ན་དེའི་རིང་ལ་རྟག་ཏུ་བྱུང་འདུག ཟླ་བོ་ཚོ་ནི་དཀྱུས་མ་མིན་པ་བར་ཆད་ཡིན་ནམ་སྙམ་བློ་སྐྱོག་ཟེར། ཆོ་འཕྲུལ་གྱི་སྒང་ལ་ཚེ་དཔག་མེད་ཀྱི་བཟླས་མཚམས་ཞག་བདུན་མ་ཞིག་དང་སྒྲོལ་དཀར་གྱི་བཟླས་པ་མཚམས་ཞག་བདུན་མ་ཞིག་བྱས། ཟླ་བ་གཟའ་འཛིན་ཞིག་དང་བསྟུན་ནས་ཕྱག་རྡོར་གྱི་བཟླས་པ་མཚམས་ཞག་བདུན་མ་ཞིག་ཀྱང་བྱས་ཏེ་ཟླ་བ་གང་ཡིན་བརྗེད་འདུག དཔྱིད་ཕྱོགས་རྗེ་བཙུན་དཔལ་སྟག་ལུང་པ་ཆེན་པོ་ལྷ་སའི་ཞིག་གསོས་དང་གསེར་ཕིབས་འབུལ་བར་ཕེབས་སྐབས། སོག་ཡུལ་དུ་འགྲོ་དོན་རྒྱ་ཆེ་བའི་ལེགས་ལམ་འབུལ་བར་ཀུན་དགའ་སྙན་གྲགས་བཏང༌། དེ་ནས་
བླ་མ་རིན་པོ་ཆེ་འཇམ་དབྱངས་ཀུན་དགའི་མཚན་ཅན་སྤྱན་འདྲེན་དུ་ཆོས་མཛད་ཀུན་རྒྱན་བཏང༌། ཁོང་ཚོས་ཀྱང་འཕྲལ་དུ་སྐུ་གཞོགས་སུ་འབྱོར། ཧོར་ཟླ་དྲུག་པའི་ཚེ་ལྔ་ལ་ཡར་འབྲོག་སྟག་ལུང་གི་ཆོས་སྡེར་ཞབས་ཟུང་དགོད་པར་མཛད། ཚེས་བཅུ་གཅིག་ནས་ཐར་གླིང་ཆོས་སྡེའི་བླ་མ་སློབ་དཔོན་དྲག་བསྡུས་ཐུགས་དམ་ལ་གཞོལ་བ་ལྔ་བཅུ་སྐོར་དང༌། བདག་ཅག་ལ་སོགས་པ་ཀུན་བསྒྲིལ་བ་བརྒྱ་སྐོར་ཞིག་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམ་ངག་དབུ་ཚུགས་པར་གནང་ཞིང༌། འདི་སྐབས་ལམ་འབྲས་ཀྱི་ཆོས་སྐོར་ཡོངས་སུ་རྫོགས་པ་དང༌། སྔ་ཕྱིར་རྗེས་གནང་ཟུར་བཀའ་བཞི་བཅུ་ལྷག་ཙམ་དང༌། དེ་དག་དང་འབྲེལ་བ་སོ་སོའི་ཆོས་སྐོར་ཡོངས་སུ་རྫོགས་པ་མཐའ་རྒྱས་སུ་གནང་ཞིང༌། བདག་གིས་ཀྱང་འདི་ནས་བརྩམས་ནས་ལམ་དུས་ཐུན་རེ་རེ་དང༌། ལམ་ཟབ་དང༌། བིར་སྲུང་ཐུན་མོང་བ། རྣལ་འབྱོར་མ་རྣམས་འཆགས་མེད་དུ་འགྲུབ་ཅིང༌། རྣལ་འབྱོར་མའི་བྱིན་རླབས་ཞུས་པའི་ནུབ་རྨི་ལམ་གྱི་སྣང་བ་ཤིན་ཏུ་གསལ་བ་ལ། བདག་རང་གངས་བཟང་གི་མགུལ་ནས་ཡར་གོས་དམར་པོ་ཞིག་གྱོན་ནས་འགྲོ་ཡིན་འདུག་པ། གངས་ཀྱི་ཕུག་ཅིག་ནས་བུད་མེད་གཞོན་ནུ་ཞིག་བྱུང་ནས་ངས་ལམ་སྣ་བྱའོ་ཞེས། གངས་ལ་ཞིག་བརྒལ་ནས་ཕྱིན་པ་ནས་ཕྱོགས་ཉམས་དགའ་བ། མེ་ཏོག་ཤིན་ཏུ་ཆེ་བས་ཁྱབ་པ་ཞིག་ནས་ཕར་སླེབ་པས། སྣང་བ་འགྱུར་ཞིང་ཡིད་དགའ་སེམས་ཆེན་པོ་ཞིག་ལ་ལུང་པ་དེ་གང་ཡིན་དྲིས་པས་ཨོ་རྒྱན་ཡིན་ཟེར། དེའི་མཐར་དུར་ཁྲོད་ཀྱི་རྣམ་པ་འཇིགས་ཤིང་སྐྱི་གཡའ་བ་ཞིག་གི་སྦུབས་ནས་ཡར་ཕྱིན་ཙ་ན། ཕུག་པ་ཆེན་པོ་ཞིག་གི་ནང་ན་བུད་མེད་སྟོང་ཙམ་འདུག་ཅིང༌། དབུས་ན་ཁྲི་ཆེན་པོ་ཞིག་ལ་གཟི་བརྗིད་དཔག་ཏུ་མེད་པ་དང་ལྡན་པའི་མིའི་བུད་མེད་ཀྱི་རྣམ་པ་ལས་འདས་ཤིང་འདི་ལྟ་བུའོ་ཞེས་བརྗོད་པར་དཀའ་བའི་གཙོ་མོ་ཞིག་བཞུགས་འདུག་པ། དེ་ལ་ཕྱག་ཅིག་བྱས་ནས་དྲུང་དུ་འདུག་ཙ་ན། གཙོ་མོ་དེས་
ཕྱག་བདག་གི་སྤྱི་བོར་བཞག་པའི་མོད་ལ། བུད་མེད་དེ་ཐམས་ཅད་གད་མོ་ཐེག་ཐེག་པ་ཞིག་བྱེད་ཀྱིན་འདུག་པ། དེ་ཀའི་ངང་ལ་གཉིད་སད་དེ་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་འཛིན་པར་འགྱུར་པའི་མཚན་མར་གོ །དེ་སྐབས་གསུང་ངག་སོགས་མཐར་ཕྱིན་ཙ་ན་ཡར་རྒྱབ་ཀྱི་དཔུང་ཆེན་ཐམས་ཅད་ཡར་འབྲོག་སྟག་ལུང་དུ་ལྷགས་ཤིང༌། འོན་ཀྱང་བདག་ཅག་དཔོན་སློབ་རྣམས་ཀྱིས་ཆོས་སྡེ་དེ་ཉིད་དུ་གདན་ཕབ་པའི་བར་ཆིངས་ཡང་ཡང་འབྱུང་བ་ལ་བརྟེན་ནས་རྫོངས་འཚངས་དྲག་པོ་རང་ཧ་ཅང་མང་བ་མ་བྱུང༌། སྤྱིར་སྟག་ལུང་རྫོང་ལ་ཟླ་བ་གསུམ་ཙམ་དམག་གིས་བསྐོར། མཐར་ཁྲིགས་ཀྱང་ལེགས་པར་ཐོབ། སྐབས་དེར་བྱང་སྟག་ལུང་ནས་རྗེ་བཙུན་བླ་མས་ཨ་ཧོ་བཀྲ་ཤིས་ཕུན་ཚོགས་པ་ཇ་འདྲེན་དུ་གནང༌། བདག་ཅག་དཻར་ཡོད་པས་ཀྱང་ཡར་འབྲོག་ཏུ་ཕན་ཐོགས་ཤིན་ཏུ་ཆེ་བར་བྱུང༌། དུས་གཟིངས་དེ་སྐབས་ཐམས་ཅད་དུ་ཡང་བཀའ་ཆོས་ཐུན་གཅིག་ཀྱང་མ་ཆག་ཅིང༌། ཡར་རྒྱབ་ནས་སྡེ་པ་དཔོན་ཆེན་དྲུང་སྐུ་མཆེད་དཔོན་གཡོག་རྣམས་ཀྱང་ཐུགས་ཤིན་ཏུ་མོས་གུས་ཆེ་བར་འདུག ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ལ་དམག་རྣམས་ཀྱང་གྱེས། ཚེས་བཅུ་དགུ་ལ་ཡར་འབྲོག་སྟག་ལུང་ནས་གཞི་བཏེགའབྲུག་སྦྲུལ་གྱི་ལོ་འདི་ཚོ་ལ་ཞབས་དྲུང་སྟོབས་དང་ཡང་ཡང་མཇལ་བྱུང༌། རིམ་པས་རྒྱལ་རྩེར་ཕེབས། དེ་སྐབས་ངོས་ཀྱིས་ཀྱང་མཁན་རིན་པོ་ཆེ་དང་མཇལ་བའི་ཆོས་བཀའ་ཅི་རིགས་ཞུས། དེ་མཚམས་ཏེ་སྐྱེས་སུ་སྡེ་པ་རབ་མཛེས་དྲུང་གཤེགས་པར་བརྟེན། བླ་མ་དམ་པ་སྤྱན་འདྲེན་བྱུང་བས་གཏིང་སྐྱེས་ཕྱོགས་ལ་ཕེབས་སོང༌། རྒྱལ་རྩེ་ཞལ་ངོ་རྣམས་ལ་ཚེ་དབང་ཞིག་ཕུལ། ངོས་ཀྱིས་རིམ་པས་སྤོས་ཁང་དུ། མཁན་ཆེན་ཀུན་དགའ་ཆོས་སྐྱོང་བས་འབོད་མི་གནང་བ་ལྟར་ཕྱིན། པཎ་ཆེན་ཤཱཀྱ་ཤྲཱིའི་སྣམ་སྦྱར་དང་རྫ་སྐུ་དོན་ཞགས་ཀྱི་བྲིས་ཐང་སོགས་ཚོགས་ཆོས་ལུང་པའི་རྟེན་ཁྱད་པར་ཅན་
ཐམས་ཅད་མཇལ། དེ་ནས་པ་སྣམ་དུ་སྡེ་པ་ཀུན་ལྷའི་དྲུང་དང་མཇལ། བཀྲ་ཤིས་རྫོང་ཁར་ཡང་ཕྱིན་ཞག་བདུན་ཙམ་བསྡད། མཁས་མཆོག་བྱམས་པ་ལྷུན་གྲུབ་དང་ཐོག་མར་འདི་དུས་མཇལ། གནས་བཅུའི་ཐང་ཀ་ཅིག་བཀྲམ་འདུག དེའི་ཡན་ལག་འབྱུང་དང་སྐུའི་རྣམ་པ་འདྲ་བའི་གཏམ་རྒྱུད་ཅིག་ཡོད། དེ་ནས་ཚོང་འདུས་སུ་མཁན་ཆེན་ཟླ་བ་བཟང་པོ་སོགས་གསེར་མདོག་ཅན་གྱི་མཁན་སློབ་རྣམས་དངོས་འཕྲད་པར་ཕེབས། ཆོས་འབྲེལ་ཙམ་ཕུལ། ལུ་གུ་རིར་ཞག་གསུམ་བསྡད། མྱུར་ཤད་དུ་ལམ་བཅད་དེ། མདའ་རྒྱབ་ཀྱི་དར་ལ་ཐོན་ནས་དགའ་པོར་སླེབ་པའི་ནུབ། ཇོ་ནང་གི་སྒྲུབ་པ་མོ་ཐམས་ཅད་འཕྲད་པར་བྱུང༌། དེ་ནུབ་རང་ཇོ་མདའི་ཐད་ཀར་དར་མི་ཐེག་ཙམ་ཆགས། སང་སྔ་དྲོ་ཁོང་ཐམས་ཅད་ལ་མ་ཎིའི་ལུང་ཞིག་བྱས། རྩེད་ཆུང་གི་འཕྲང་མཚམས་པར་སྒྲུབ་པ་མོ་བྱིངས་སྐྱེལ་མ་ལ་བྱུང༌། ཁོང་རྣམས་ལྡོག་དུས་དར་ཁྱེར་གྲུབ་འདུག་ཟེར། ཀུན་ཆོས་པ་ནས་དང་པོ་རྗེ་དམ་པ་ལ་ཡང་འདི་བཞིན་བྱུང་ཡ་མཚན་པོ་ཡིན་པ་འདུག་ཟེར། དེ་ཉིན་ཉེར་ལྔ་ཡིན་ཞིང་དེ་ནུབ་ཆོས་ལུང་དུ་སླེབ། དེ་རེས་ཆོ་འཕྲུལ་དུས་ཆེན་གྱི་སྐབས་སུ་ཚོགས་ལ་སྡོད་རྟག་པར་བྱས། ཆོ་ག་རྣམས་བློ་ལ་བྱང་བར་ཡོད་ཅིང༌། དམིགས་པ་རྣམས་ཀྱང་གསལ་རབ་དང་ཚོགས་ལ་སྡོད་པ་ལ་མི་སུན་ཞིང་དང་སྤྲོ་བར་བྱུང་ངོ༌། །མཁན་རིན་པོ་ཆེའི་ཞབས་དྲུང་དང༌། དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་རིན་པོ་ཆེ་སོགས་ཞལ་མཐུན་པའི་བཀའ་བཀོད་དུ། ཁྱོད་ཀྱི་གནས་ཀྱི་སློབ་དཔོན་དང་ཀློག་པའི་སློབ་དཔོན་དུ་བསྟེན་པར་འོས་པ་ནི། མཁས་པའི་དབང་པོ་བྱམས་པ་ལྷུན་གྲུབ་ཉིད་ཡིན་ཏེ། མཁས་བཙུན་བཟང་པོའི་ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བརྒྱན་པ་དང་གྲུབ་མཐའ་བཟང་ཞིང་རྗེ་དམ་པའི་དངོས་སློབ་གཙང་མར་གྱུར་པ་དང་ཁྱད་པར་གསེར་མདོག་ཅན་དུ་རྗེ་དམ་པས་ཆོས་འཁོར་མཛད་སྐབས་མཇལ་དར་འབུལ་བར་མཛད་པ་ལ་ཡང་དར་འདི། དར་བ་ཆེན་པོ་ཆོས་ཀྱི་ཏོག་བྱ་བ་ཡིན་
ཞེས་པའི་ལུང་བསྟན་ཁྱད་པར་ཅན་བརྙེས་པ་ཡིན་པས་སོ། །ཞེས་ཕེབས་པ་ལྟར། བླ་མ་གཉིས་ཀྱི་བཀའ་ལ་བརྟེན་དུས་ཆེན་གྲོལ་མཚམས་ཀྱི་ཚེས་བཅུ་བདུན་ལ་ཕེབས། ཟླ་འཕྲོ་དེ་ནི་ཅི་བདེར་བཞུགས། ཧོར་ཟླ་གཉིས་པའི་ཚེས་གཅིག་གཟའ་སྐར་བཟང་པ་ནས། ཚད་མ་རིགས་པའི་གཏེར་གྱི་དཔེ་འཛིན་གྱི་འགོ་བརྩམས་ཤིང་དེ་ཉིན་རང་བསྡུས་རྐང་བརྩི་བའི་ཡང་འགོ་ཚུགས། ཕེབས་སྒོ་ལ་ཡང་དང་པོ་རྗེ་དམ་པ་ལ་ཡང་འདི་བཞིན་མཛད་འདུག་པ་བཞིན། དོན་བཟང་ཞིང་ཚིག་བཀྲ་ལེགས་པ་ཞིག་བྱེད་དགོས་གསུང་ཞིང༌། གཞི་གྲུབ་ན་བརྩོན་འགྲུས་མ་ཡིན་པ་བུད་ཟེར་ན། ཤེས་རབ་ཆོས་ཅན་ཞེས་པ་ནས་བརྩོམས་ཞལ་ནས་བླངས། རྟགས་ཆོས་དོན་གསུམ་ཁྱབ་པ་འབུད་གཤོགརྗེས་ཁྱབ་ཟློག་ཁྱབ་རྣམས་ལན་གཅིག་གསུངས་པ་ཙམ་གྱིས་མོད་ལ་གོ་བ་ཆགས། དཔྱིད་ལ་དབྱར་བཏགས་ཏེ་བརྩོན་འགྲུས་ཆེ་བ་རང་མ་བྱུང་ནའང༌། བསྡུས་རྐང་སུམ་བརྒྱ་ཙམ། རྣམ་འབྲེལ་གྱི་ཐལ་འཕྲེང་ཅི་རིགས་པ་དང་བཅས་གསུང་ངག་ལས་ལེན་པ་བླ་བར་བྱུང༌། གོ་བ་དག་བློ་ནུས་འབྲིང་ཙམ་ཡོད་པ་ལ། གཞུང་དཔེ་འཛིན་ཤིན་ཏུ་ཁ་དོག་པར་བྱུང་སྟེ། རིགས་གཏེར་འཛིན་པ་ལའང་ཟླ་བ་ལྔ་ཙམ་ཐོགས། དེ་ལ་སློབ་དཔོན་རིན་པོ་ཆེ་ནས། ངེད་ལ་ཆུང་ངུའི་དུས་ནས་ཡུལ་སྤྱོད་ཉིད་ཀྱིས་ཉ་ཕག་སྒོང་གསུམ་དང་སྲོག་ཆག་སྣ་ཚོགས་པའི་ཤ་ཟོས་པས་དེ་ལྟ་བུའི་ཟས་གྲིབ་ཀྱིས་བསྒྲིབས་པ་ཡིན་ནམ། རིགས་པའི་འཇུག་སྒོ་འདི་ལ་དཔགས་ན། དཔེ་འཛིན་ཡང་ཡངས་པོ་ཞིག་ཡོང་ཐང་བ་ལ། སྔོན་དཔང་ལོ་ཆེན་པོ་སྐུ་ཆུང་ངུའི་དུས་ལུག་གི་འོ་མས་གསོས་པས་རྣམ་དཔྱོད་ཀྱི་ཕྱེད་འགྲིབས་ཞེས་གསུང་པ་སོགས་ལོ་རྒྱུས་དང་བཅས་ཡང་ཡང་གསུང་བ། དེ་དུས་ཁོ་བོའི་སེམས་ལ་ཤེས་རབ་ཆེ་ཆུང་སྐལ་བ་བཟང་ངན་ཡིན། ཟས་ཀྱིས་སྒྲིབ་རྒྱུ་རང་ཅི་ཡོད་སྙམ་པ་ཤར་མོད། ལར་ནི་རྟེན་འབྲེལ་མཐའ་ཡས་པས་དེ་འདྲའང་སྲིད་པ་འདུག དཔྱིད་དུས་བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་ཡང་ཕེབས།
གསང་འདུས་འཇམ་རྡོར་གྱི་དབང་འཕགས་ཞབས་ལུགས་གཉིས་ཀའི་རྒྱུད་ལུང་མན་ངག་ཡོངས་རྫོགས། དམར་ནག་འཇིགས་གསུམ་གྱི་ཆོས་སྐོར་དཔག་ཏུ་མེད་པ་དང༌། ལམ་སྐོར་ཕྱི་མ་རྣམས་དང༌། བདེ་མཆོག་ལཱུ་ཧི་པའི་དབང་ཁྲིད་ལུང་མན་ངག་ཡོངས་རྫོགས་དང༌། རྒྱུ་སྡེ་ལྔའི་དབང་ཆེན་པོ་སོགས་སྔ་ཕྱིར་བཀའ་ཆོས་གྲངས་མེད་སྩལ་བས་སེར་ཁ་ལ་ཐུག་གི་བར་ཉིན་ཟངས་ཀྱི་ཆོས་ཞུ་བས་དུས་འདས་པ་ལྟ་བུ་བྱུང༌། སྐབས་དེར་སློབ་དཔོན་དམ་པ་སྤྱན་ཤིན་ཏུ་བསྙུང་བ་ཞིག་བྱུང་བས་བསམ་སྡིངས་ཀྱི་ཆོས་སྐྱོང་འཁྲེན་དུ་ཐུགས་དོགས་པ་དང་ཐུགས་བྲེལ་འགའ་ཞིག་གི་དབང་ལས་རེ་ཞིག་ཤར་ཕྱོགས་སུ་ཐེགས། སྔ་སོར་དུས་ཆེན་གྲོལ་འཕྲལ་ཆོས་མཛད་ཀུན་རྒྱན་ལ་སོགས་པ་བྱང་སྟག་ལུང་དུ། ས་གསུམ་འགྲོ་བའི་མགོན་པོ་དཔལ་སྟག་ལུང་པ་ཆེན་པོ་སྤྱན་འདྲེན་པའི་ཕྱིར་བརྫངས་པ། འབྲི་སྟག་གི་ཟིར་བུན་འཕྲོ་ཅུང་ཟད་ཡོད་འདུག་པས་ཐུགས་འགོར་ཆེ་སྟེ། ཟླ་བ་བདུན་པའི་ཚེས་བཅུ་བདུན་གྱི་ཉིན་པར་དཔོན་སློབ་ཟབ་རྒྱས་ཅོག་གྲྭ་དང་བཅས་པ་ཆོས་ལུང་བྱང་ཆུབ་རྩེ་མོར་ཞབས་ཟུང་འཁོད་ཅིང༌། དེའི་སང་ཉིན་ཆོས་གྲྭར་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྡོ་རིངས་པ་ཆེན་པོ་དང༌། རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བྲག་སྟོད་ནས་དང༌། རྗེ་དྲུང་རིན་པོ་ཆེ་རྣམས་དང་བཅས་དཔལ་སྟག་ལུང་པ་ཆེན་པོ་དང་མཇལ། གྲལ་དང་གདན་ལ་རྩོད་པ་དང་ཆེ་འདོད་སོགས་ཡེ་མེད་ཐམས་ཅད་ཆུ་ལ་ཆུ་བཞག་གི་ཐུགས་སྣང་དག་པ་ལེགས་ཚོགས་ཤིན་ཏུ་ཆེ་བར་བྱུང༌། ཉེར་གསུམ་གཟའ་སྐར་བཟང་བ་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཞུས་ཤིང༌། དཔལ་སྟག་ལུང་རིན་པོ་ཆེ་སྤྱན་འདྲེན་ཞུས་པའི་དོན་གྱི་གཙོ་བོར་བཀའ་དྲིན་ཞུ་བ་ཉིད་ཡིན་པ་ལྟར། རང་ལོ་བརྒྱད་པ་སྣ་ཚོགས་ཞེས་བྱ་བའི་ལོ་ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་ལྔའི་ཉིན། ཆོས་ལུང་བྱང་རྩེའི་རྩེ་མཆོད་ཁང་གི་ཡང་ཐོག་ཏུ་སྔ་མོར་སློབ་པ་བྱས་སྐྲ་
བྲེགས་རབ་ཏུ་བྱུང་བའི་རྟགས་མ་ཡིན་པ་རྣམས་དོར། སྐྲ་འབྲེག་མཁན་མ་ཆེན་ཆོས་ཡེ་བ་ཡིན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་དཔལ་སྟག་ལུང་བ་ཆེན་པོ་རྗེ་བཙུན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཁན་པོ་དང༌། མཚན་བརྗོད་པར་དཀའ་བ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་སློབ་དཔོན་དང༌། རྗེ་དྲུང་ཀུན་དཀའ་དཔལ་བཟང་པོས་དུས་གོ་བ་དང༌། ཆོས་རྗེ་མཆོད་གནས་པས་གྲོགས་དན་པ་མཛད། གཞན་ཡང་དགེ་བའི་བཤེས་གཉེན་བཟང་པོ་ལྔ་ཞུ་བའི་ཡུལ་དང་ལས་གྲལ་དུ་བཞུགས་ཏེ། ཉི་མ་བཞི་ཆ་ཤར་བའི་དུས་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་དུས་སུ་ཆོས་ལུང་བྱང་རྩེའི་མཆོད་ཁང་རྩེར། ཡོངས་རྫོགས་དགེ་བསྙེན་དང་བར་མ་སྔོན་དུ་འགྲོ་བས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ། འཇིག་རྟེན་གསུམ་དུ་ཐོབ་པར་དཀའ་བའི་ངུར་སྨྲིག་གི་རྒྱལ་མཚན་དྲང་སྲོང་གི་རྟགས་ཀྱིས་ཡང་དག་པར་བརྒྱན་པའི་བཀའ་དྲིན་སྩལ་ལོ། །དེ་མཚམས་མཁན་སློབ་དགེ་འདུན་བླ་མ་དམ་པ་སོ་སོ་ཕྱོགས་ཀྱི་མི་སྣ་སོགས་གཞི་བྱེས་ཤིན་ཏུ་མང་བ་ལ་དགའ་སྟོན་རྒྱ་ཆེ་བ་དང༌། མཁན་པོ་དམ་པར་གསེར་ཞོ་སུམ་ཅུ་སོ་བདུན་གྱི་མཎྜལ་སོགས་གཞན་ཡང་སོ་སོར་བཀའ་དྲིན་རྗེས་དྲན་གྱི་འབུལ་བ་རང་ཉིད་ཀྱི་རྒྱུ་དངོས་ལ་བལྟོས་པའི་གང་འགྲུབ་བགྱིས། དངོས་ཅག་གི་ཆ་ནས་བློ་ཚིམ་ཞིང་ལེགས་ཚོགས་ཆེ་བའི་མཐར་ཐུག་ཏུ་བྱུང་ངོ༌། །སྲིད་གསུམ་མ་ལུས་སྐྱེས་བུ་ཐོབ་གྱུར་ཀྱང༌། །ངུར་སྨྲིག་རྒྱལ་མཚན་ཐོབ་པའི་ཆར་མི་ཕོད། །སྲིད་ཀྱི་འབྱོར་བ་འདི་ནི་ནམ་ཡང་འཇིག །ངུར་སྨྲིག་ཐོབ་པས་འཆི་མེད་གྲོང་དུ་བགྲོད། ཚེས་བཅུ་སྐོར་ལ་བསྟན་འཛིན་རིན་པོ་ཆེ་ཡང་དཔོན་སློབ་ཟབ་རྒྱས་སུ་བྱས་ནས་ཕེབས། ལེགས་ཇ་བཟབ་མར་གནང་ཞིང་སྒྲ་མི་སྙན་གྱི་ཚེ་དཔག་མེད་ཀྱི་སྒོམ་ལུང་ཞུས། དེ་ནས་མི་རིང་བར་སྟག་ལུང་རིན་
པོ་ཆེ་དཔོན་སློབ་རྣམས་ཀྱང་ཤར་ཕྱོགས་སུ་ཕེབས། འདི་སྐབས་ཐམས་ཅད་དུ་འཇམ་དབྱངས་ཀུན་དགའི་མཚན་ཅན་ལ། ས་སྐྱ་གོང་མ་དཀར་པོ་རྣམ་གསུམ་གྱི་བཀའ་འབུམ་གྱི་ལུང་ཞུ་བའི་སྐབས་ཡིན། རྫེ་བཙུན་གྲུབ་པའི་དབང་ཕྱུག་གི་དྲུང་དུ་ཡང༌། འདི་རེས་ཕེབས་འཕྲལ་ནས་རས་ཆུང་སྙན་བརྒྱུད་ཀྱི་སྨིན་གྲོལ་ཡོངས་སུ་རྫོགས་པར་ཞུས་ཤིང༌། དཔལ་རྟག་ལུང་རིན་པོ་ཆེ་བཞུགས་སྐབས་ཀྱང༌། ཆོས་དྲུག་སྲས་མཁར་མའི་ཆོས་ཐུན་ཆག་མེད་རེ་དང༌། སྐབས་འདིར་རྒྱ་གར་གསང་སྤྱོད་ཡོངས་སུ་རྫོགས་པར་ཐོབ། དེ་མཚམས་འཚེད་ནས་སྤྱན་འདྲེན་གནང་བ་ལྟར་དགོངས་བཞེད་བཞིན་འཚེད་དུ་ཕེབས། སླར་ཡང་ཆོས་ལུང་དུ་ཞག་ཤས་བཞུགས་སྐབས་བདེ་མཆོག་བོང་ཞལ་ཅན་གྱི་དབང་ཞིག་ཞུས་པའི་དངོས་གཞི་ཡེ་ཤེས་འབེབས་པའི་སྐབས། ལུས་ལ་བདེ་ཉམས་དཔག་ཏུ་མེད་པ་ཞིག་བྱུང་ཞིང༌། དབང་ཐོབ་ནས་ཀྱང་ལུས་འགུལ་མི་ཤེས་པ་འདྲ་བ་ཞིག་བྱུང༌། དེ་ནུབ་རྨི་ལམ་དུ་ཆུ་ཆེན་པོ་ཞིག་ལ་མི་མང་པོ་དང་ལྷན་ཅིག་གྲུ་བརྒལ་ཏེ། པོ་ཏ་ལར་འགྲོ་རྒྱུ་ཡིན་ཟེར་བ་ཞིག་བྱུང༌། གཞན་ཡང་ཚེ་རིང་མཆེད་ལྔའི་བཀའ་གཏང་སོགས་མང་པོ་ཐོབ། དེ་ནས་ཀྱང་ལུག་ལོའི་དུས་ཆེན་མ་ཚུགས་ཀྱི་བར་ལ། བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱི་དྲུང་དུ་གསོལ་བ་ཐོན་ནས་ཉི་མ་ནུབ་ཀྱི་བར་བཀའ་ཆོས་ཁོ་ནས་དུས་འདའ་བའི་ཆོས་ཐོབ་ཤིན་ཏུ་ཆེ་བ་དང༌། སྔ་དྲོ་རེ་བཞིན་སྡོམ་གསུམ་རབ་དབྱེའི་དཔེ་རྒྱུགས་རེ་བྱང་བར་བཟུང༌། ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་སྐོར་ལ་མཁས་པའི་གཙུག་རྒྱན་སློབ་དཔོན་རིན་པོ་ཆེ་ཡང་ཕེབས་བྱུང༌། ལུག་ལོའི་དུས་ཆེན་ལ་མཆོད་ཁང་རྩེར་བླ་མ་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་གནང་ཤིང༌། འདུ་ཁང་གི་ཚོགས་དབུ་ལ་དངོས་ཀྱིས་ཕྱིན། བླ་མ་དམ་པ་དཔོན་སློབ་དུས་ཆེན་གྲོལ་ནས་ཀྱང་ཟླ་གཅིག་སྐོར་བཞུགས་པ་གནང་སྐབས། ས་པཎ་གྱི་བཀའ་འབུམ་གྱི་ལུང་
དང༌། གཞན་ཡང་ཆོས་ཐོབ་ཤིན་ཏུ་ཆེ་བར་བྱུང༌། ཀཱ་རི་ཀཱ་ལྔ་བཅུ་པ་དང་བཤེས་སྤྲིངས་སོགས་བློ་འཛིན་བྱས་ཤིང༌། སློབ་དཔོན་དམ་པས་ཞིབ་བཤད་གནང་བས། རང་རེས་ཀྱང་དབུ་ཞབས་མེད་པར་འབྲུ་ནོན་པ་ཙམ་བྱུང༌། རྟགས་རིགས་དང་བློ་རིགས་ཞིབ་རྒྱས་སུ་ཞལ་ངག་ནས་བཟུང༌། དེ་སྐབས་ཆོས་ལུང་གི་དཀར་མེའི་རུ་བ་ཁྲི་ཚང་བས་བདས། རྨི་ལམ་དུ་འཚུབ་འགྱུར་དཔེ་མེད་བྱུང༌། དེ་འཕྲལ་རང་ནས་རྟགས་རིམ་པར་བསྟན་པ་ཡིན། དངོས་ལ་རྟ་ལོའི་སྐེད་ཙམ་མན་ཆད་ནས་ཆོས་ལུང་དུ་བག་མི་ཕེབས་པའི་སྣང་བ་ཤ་སྟག་དང༌། ཆོས་ལུང་ཉིད་དུའང་ཁ་མཆུ་སོགས་ཅི་རིགས་པ་བྱུང་ཞིང༌། ཁྱད་པར་དེ་སྐབས་སུ་དམིགས་ལྟས་རྩུབ་ཅིང་མི་བསྲུན་པ་བརྒྱུད་མར་བྱུང༌། དངོས་ཀྱི་ལག་ན་དྲག་དྲག་ཡོད་པ་ཀུན་གཅིག་ཀྱང་མ་ལུས་པར་གཙང་གི་གྲཱ་ས་དང་སྡེ་དགོན་རིས་མེད་དུ་ཚོགས་གསོག་སྤོང་ཐག་ཏུ་བཏང༌། ད་བསམས་དུས་བདག་འཛིན་བློས་མ་ཐོངས་པའི་དགེ་བ་དེ་ཡང་ཨ་རེ་རེ་ལས་མི་གདའ་སྙམ་མོ། །དེ་སྐབས་ཁྲི་ཁང་ནས་སྡེ་པ་གྲྭ་ལྔའི་དྲུང་གིས་འབོད་མི་བྱུང་བ་ལྟར་འགྲོ་བའི་རྩིས་བྱས། སྨོན་འགྲོར་ཞག་བཅུ་ཙམ་ཞིག་བསྡད་སྐབས་གྲིབ་ཆམ་ཞིག་གིས་བཏབ། སླར་ཡང་ཆོས་ལུང་དུ་ཡུད་ཙམ་ཕྱིན་སྐབས་ཆམ་པ་ཤིན་ཏུ་ན་བ་ཞིག་བྱུང༌། མར་ལམ་སྨོན་འགྲོ་བ་ཞལ་ངོ་རྣམས་དང་སྡེབས་ཏེ་ཇོ་ནང་དུ་འོངས། སྨོན་འགྲོ་དཔོན་སས་ཀྱང་ཆོས་གཟུགས་མཛད། ངེད་ལ་མིང་ཞུ་བར་བྱུང་བ་ཀྱལ་ཀའི་ཚུལ་དུ་འཇིག་རྟེན་མ་ནུས་པའི་ཁར་ཆོས་ཀྱང་མ་ནུས་པ་ཞིག་འོང༌། ཀུན་དགའ་མ་ནུས་བཏགས་ན་ཡོང་བ་འདྲ་བྱས། ཕྱིས་ལོ་གང་ཡང་མ་འགོར་བར་དེ་ཀ་རང་བྱུང་བ་དེ་ཡིན། དེ་ནས་སྣར་ཐང་སོགས་བརྒྱུད་ནས་ཚོང་འདུས་སུ་འབྱོར། ཞག་གསུམ་ཙམ་སྐྱེད་ཚུལ་དུ་བསྡད། ཕ་ཇོ་ཡང་འབྲང་ནས་ཕེབས་བྱུང༌། མེས་པོ་རིན་པོ་ཆེ་ཆོས་དབྱིངས་སུ་གཤེགས་པའི་སྐད་ཆ་ཡང་གོ །དགོངས་རྫོགས་སོགས་ཀྱང་གྲུབ་པར་གདའ།
དེ་སྐབས་རྫས་རྣམས་ཐམས་ཅད་སྤོང་ཐག་ཏུ་བཏང་ཟིན། འཕྲལ་གྱི་འཚོ་བའང་བྱ་ཚོལ་བྱི་ཚོལ་ལས་རང་དབང་ཐོབ་པ་ཅང་མེད་ནའང༌། འཕྲལ་ཆས་ཡོན་བདག་དད་ཅན་ལ་བརྟེན་པས་ཆོག་པ་བྱུང་བས་རྩོལ་སྒྲུབ་འཕྲན་བུ་འདྲ་བྱས་ནས། ཞ་ལུ་སྣར་ཐང་གཉིས་སུ་མང་ཇ་འགྱེད་བཅས་ཙམ་དང༌། ཐང་ཁ་གསུམ་ཙམ་ཞིག་བཞེངས་ནས་མེས་པོ་རིན་པོ་ཆེའི་ དགོངས་པ ་རྫོགས་པར་སྨོན་ལམ་བཏབ། དེ་སྐབས་གསོས་ལ་དབྱར་བཏགས་པ་ཟླ་བ་ལྔའི་བར་དུ་ཆོས་རྒྱལ་ཕོ་བྲང་དུ་བསྡད་ཤིན་ཏུ་སྐྱིད་ཅིང་སློབ་གཉེར་འཕེར་བར་བྱུང༌། དེ་བར་དུ་སྔ་དྲོ་རེ་བཞིན་ཞོགས་རྒྱུགས་ཅུང་ཟད་རེ་མ་ཆག་པར་བཟུང་བས། མངོན་པ་མཛོད་དང་སྤྱོད་འཇུག་གི་གཞུང་རྫོགས་པར་ཟིན། རྟོག་གེ་སྙིང་པོའི་བར་བར་དུ་མཐའ་གཅོད་ཀྱི་སྤྱི་དོན་དང་ཐལ་ངག་ཉེར་མཁོས་བརྒྱན་པ། སློབ་དཔོན་མཁས་པའི་གསུང་རྒྱུན་ལས་བཟུང༌། དགོངས་རེ་བཞིན་བློ་གསལ་འགའ་རེ་དང་བསྒྲོ་གླེང་ཡུན་རིང་རབ་རེ་མ་ཆག་པར་བྱས་ཤིང༌། བར་བར་དུ་སྤྱོད་འཇུག་ལ་གོ་བཤད་ཞུས་པ་ཡང་མགོ་ཞབས་ཚར་གྱིས་ཡོངས་སུ་རྫོགས་པར་སོང༌། ཤེས་རབ་ལེའུ་ལ་གོ་བ་ཇི་བཞིན་རང་ཞིག་དེ་དུས་མ་ཆགས། དེ་མིན་ཚིག་ཐམས་ཅད་ལ་གོ་བཤད་ཀྱང་ཕེར་བ་བྱུང་ནས་སློབ་དཔོན་རིན་པོ་ཆེས་མ་གསན་པར་ལྐོག་ཏུ་གཞན་ལ་རྫོགས་པར་བཤད། བཟོད་པའི་ལེའུ་དང་བསམ་གཏན་གྱི་ལེའུའི་སྐབས་ཀྱི་བཟོད་པ་སྒོམ་པ་དང་བདག་གཞན་བརྗེ་བ་སྒོམ་ཚུལ་རིག་པས་དཔྱད་པ་མང་པོ་འདུག་པ་དེ་ཀུན་ལ་ཡ་མཚན་ཆེར་སྐྱེ་བར་བྱུང༌། སྤྱོད་འཇུག་འཛིན་སྐབས་རྨི་ལམ་ཀྱང་བཟང༌། འདི་སྐབས་ནས་གཟུང་དཔེ་འཛིན་གྱི་ཁ་ཡང་སྔ་མ་ལས་གསུམ་འགྱུར་ཙམ་གྱིས་ཆེ་བར་སོང༌། ཉིན་རེ་བཞིན་དུ་གཞུང་འཛིན་དཔེ་རྒྱུགས་དང་གསུང་ངག་ནས་བཟུང་བ་སོགས་ཉིན་རྒྱུགས་མང་རབ་རེ་ཡོང་གིན་འདུག་པས་གཤོར་སྦྱང་རེམ་པར་བྱས། འདིར་སྡོད་རིང་མངོན་རྟོགས་རྒྱན་ཡང་གསུང་སྤོར་གྱི་ངང་ནས་བློ་ལ་ཆུད། མཛོད་ཀྱི་འཇིག་རྟེན་བསྟན་པ་དང་ལས་བསྟན་པ་གཉིས་འབྲུ་
བཤད་ཐུབ་པ་བྱུང༌། ཕྱིས་བྱུང་རང་བླ་མ་ལ་ལ་གསུང་ལུགས་རང་གི་ཡོན་ཏན་ལ་ཟད་རྒྱུ་མེད་པར་ཁས་ལེན། ལ་ལས་ཞོགས་རྒྱུགས་རེ་རེར་ཤླཽ་ཀ་ལྔ་བརྒྱ་ཟིན། ཞོགས་རྒྱུགས་རེ་ལ་འཇུག་པའི་གཞུང་ཟིན་ཟེར་བ་ཡོང་འདུག ང་ནི་དེ་འདྲའི་རིགས་ཡེ་མིན་སྒོ་དོག་པོ་གཅིག་ཀ་ཡིན། གང་ཟིན་དེ་ལ་གོ་བློ་རང་བཟང་རབ་འདོགརྗེ་གྲོལ་མཆོག་ནི་ཐུགས་རྩོལ་ཆེ་བ་རང་ཡིན་པར་འདུག ང་ནི་ལེ་ལོ་དང་སྙོམས་ལས་ཀྱི་མངའ་བདག་རང་ཡིན་ནོ། །དེང་མཐུན་པར་སྙིང་ཐག་ཀྱང་ཤིན་ཏུ་རིང་བ་གཅིག་ལགས་པ་རེ་ཆེན་པོ་མ་མཛད་ཅིགདེ་སྐབས་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ལ་པ་སྣམ་ལྷུན་གྲུབ་རྩེར་ཕྱིན་ཞིང༌། སྡེ་བ་གྲྭ་ལྔའི་དྲུང་སོགས་ཞལ་ངོ་ཐམས་ཅད་དང་མཇལ་ཞག་གསུམ་ཙམ་བསྡད། ས་ནྱ་ཤི་མང་པོ་དང་རྒྱ་གར་གྱི་གླེང་སླང་མང་པོ་བྱུང༌། དེ་ནས་བསམ་སྡིངས་སུ་ཕྱིན་ཞག་གསུམ་ངལ་གསོ་བྱས། ཉིན་གཅིག་ཇོ་མོ་སྨན་གཅིག་ཕུར་ཐང་གི་རྩེ་ལ་རི་ལྟས་ལ་ཕྱིན། ཕྱོགས་ཐམས་ཅད་མཐོང་གསལ་ཆེ་ཞིང་ཉམས་དགའ་བ་ཞིག་འདུག་པས་དེས་རྐྱེན་དུ་གྱུར་ཏེ་ཕྱི་ནང་གི་སྣང་བ་ཐམས་ཅད་ཡུལ་ཡུལ་བ་ཞིག་གི་ངང་ནས་ངོས་གཟུང་དང་བྲལ་བའི་རྗེས་ལྷག་གེ་བ་ཞིག་བྱུང་སྟེ་དེ་སྐབས་ངོ་མ་ཤེས། དེ་ནས་ཟླ་བ་གཅིག་མཚམས་དམ་པར་བཅད་དེ་གཉན་སྒྲོལ་ཡན་ལག་དྲུག་པའི་མངོན་རྟོགས་ཀྱི་སྟེང་ནས་སྒྲོལ་མའི་བསྙེན་པ་བསྐྱལ། རྨི་ལམ་དུ་ཁྲོན་པ་ཆུང་ངུ་གཏིང་ཟབ་པ་ཞིག་གི་ཁ་ན་འདུག་པ། ཁྲོན་པའི་གཏིང་ནས་ཆུ་ཆེན་པོ་གྱེན་དུ་བརྡོལ་ཏེ། ལུང་བ་ཐམས་ཅད་མཚོ་ཆེན་པོ་ཞིག་ཏུ་མེར་གྱིས་སོང༌། མཚོ་དེའི་དབུས་ན་མེ་ཏོག་ཤིན་ཏུ་ཆེ་བ་སེར་པོ་དང་སྔོན་པོ་ཤས་ཆེ་བ་འདུག དེ་མཚམས་ནས་རྨི་ལམ་ཡང་ཟིན་ཅིང༌། སྣང་བ་དེ་ལ་ཡུན་རིང་དུ་བལྟ་རྟོག་བྱས། ཡང་ལན་གཅིག་ལུང་པ་གཅིག་ན་ས་རྡོ་རི་ཀླུང་མེད་པ་གཡུ་ལས་གྲུབ་པ་འདྲ་བ་ཞིག་ལ་ནགས་ཆེན་པོས་ཁྱབ་པ། བྲག་ཕུག་ཀྱང་མང་དུ་འདུག་པ་ཞིག་ལ་བྲག་ཕུག་ཐམས་ཅད་ན་གསུང་རབ་གསེར་མ་རེ་འདུག དེ་རྣམས་ཞལ་ཕྱེ་ཞིང་བལྟས་པ་ཐམས་ཅད་ན་སྒྲོལ་མའི་སྔགས་
འབའ་ཞིག་བྲིས་འདུག །ས་ཕྱོགས་འདི་ཡང་གཡུ་ལོ་བཀོད་པའི་ཞིང་ཡིན་སྙམ་པ་དང༌། ནམ་མཁའ་ཐམས་ཅད་འཇའ་ཚོན་དཀྲུག་དཀྲུག་པ་དང་རོལ་མོའི་སྒྲ་ཆེན་པོ་གྲག་ཅིང་མེ་ཏོག་སྡེར་མ་ཙམ་གྱི་ཆར་འབབ་ཀྱིན་འདུག་པས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ནམ་མཁའི་མཐོང་ན་བཞུགས་ངེས་སྙམ་པའི་མོས་གུས་ཆེན་པོ་བྱེད་ཀྱིན་འདུག དེ་ནས་མི་གཅིག་ན་རེ་ས་ཆ་འདི་རྒྱ་ནག་གི་ཤར་ན་ཡོད་ཟེར་བས་རྐྱེན་བྱས་ཏེ། ཁ་སང་རང་བསམ་སྡིངས་ན་ཡོད་པ་ཡིན་པ་ལ་འདི་རྨི་ལམ་དུ་འདུག་སྙམ་པ་དང༌། དེ་ཐམས་ཅད་ཡུལ་གྱིས་ཡལ་ནས་སོང༌། དེ་ནས་མཚམས་གྲོལ་ནས་བཀྲ་ཤིས་རྫོང་ཁར་ཕྱིན། དཔེ་མཚམས་ཀྱི་ཚུལ་དུ་ཟླ་གཅིག་བསྡད། ཞོགས་རྒྱུགས་ལ་དབུ་མ་འཇུག་ པ་བཟུང་ཞིང༌། གྲོ་ཐོན་ནས་ཚད་མའི་སྤྱི་དོན་གྱི་འཕྲོས་ནས་ངག་སློབ་ཏུ་ཞུས་ཤིང༌། དགོངས ་ཇ་ནས་སྲོད་ལ་ཐུག་གི་བར་ཤེར་སྙིང་དང་སྒྲོལ་མ་སོགས་ཁ་འདོན་ཅི་སྨར་བྱས། རྨི་ལམ་གྱི་ལྟས་ཁ་ཅིག་བྱུང༌། སྔ་སོར་རྟ་ལོའི་ནང་དུ་ཆོས་ལུང་གི་གཉེར་ལ་ཀུན་ཆོས་པ་དང་སྨོན་འགྲོ་ནས་དཔོན་སའི་དྲུང་གི་གྲོས་སྟེང་ནས། ངེད་ཀྱི་ལག་གཡོག་སྙན་གྲགས་པ་བསྐོས་པ་ཡིན་ནའང༌། བསམ་སྡིངས་ནས་མཆེད་གྲོགས་དཔལ་སྡེངས་པ་མྱུར་ཤད་སྟོད་ཕྱོགས་ལ་སོང༌། སྨོན་འགྲོར་ཕྱིན་རྒྱང་ཙམ་སོང་སྐབས་མཆེད་གྲོགས་པ་དང་ཚེ་དབང་དོན་གྲུབ་པ་གྲོས་ཀྱི་སྟེང་ནས་སྙན་གྲགས་གཉེར་ཚང་དང་ཆོས་གྲྭ་སོགས་ན་ཡོད་ན། དགོན་པ་ལ་རྩིས་མེད་ཀྱི་ལག་ཐལ་དུ་གཏོང་རྒྱུ་ཡིན་པ་འདུག་ནའང་སྒྲུབ་སྡེའི་འདུ་ཁང་དུ་ཆོས་ལྔ་སྒྲུབ་མཆོད་ཀྱི་སར་བྲོས་ཐར། ཀུན་ཆོས་པ་ལའང་སྐྱོན་དེ་འདྲ་ཡོད་གྲབས་བྱུང༌། དེ་ཀའི་གནས་ཚུལ་ཚོར་བ་ལ་བརྟེན་ནས་ཆོས་དབང་པ་དང་ཚོང་འདུས་ནས་མི་སྣ་འཚོ་བྱེད་ལྷས་བྱིན་དང་བཅས་ཆོས་ལུང་གི་གཉེར་གྱི་སར་བཏང་ཞིང༌། དེ་ལོའི་སྟོན་སྡུད་སྐབས། སྨོན་འགྲོ་ནས་ཀྱང་མཛད་སྒོ་ངན་པ་ཅི་
རིགས་པ་དང༌། མཆེད་གྲོགས་དཔལ་བས་ངན་སྨྲ་མང་པོ་དང༌། ཆོས་ལུང་བཀྲ་ཤིས་པས་ཀྱང་སྨོན་འགྲོའི་རྒྱབ་སྐྱོར་བའི་བཀའ་བཀྱོན་མཆེ་བ་གཙིགས་གཙིགས་པ་འདུག་ཙ་ན། ཟླ་བ་གཉིས་གསུམ་ནས་ཁོང་རང་འུར་སོང༌། དེ་ནས་སླར་ཡང་བསམ་སྡིངས་སུ་ཁོར་གཅིག་ཕྱིན། དེ་སྐབས་བདག་སློབ་དཔོན་རིན་པོ་ཆེས་སྒྲུབ་གནས་བསམ་སྡིངས་ཀྱི་ཁྲི་ཐོག་ཏུ་བཞགདེ་ནས་མཁན་རིན་པོ་ཆེའི་བཀའ་བཀོད་ལྟར་དཔལ་འཁོར་བདེ་ཆེན་དུ་འབྱོར། ཞག་ཤས་སྐུ་གཞོགས་སུ་ངལ་གསོས། སྨོན་འགྲོ་ནམ་མཁའ་རིན་པོ་ཆེར་ཡང་ཅི་རིགས་ཞུས་པའི་ཀུན་ཆོས་པ་ཟུར་དུ་འཇོག་དགོས་ཚུལ་གྱི་བཀའ་ནན་ཕེབས་པ་ལྟར་འཇོག་དགོས་བྱུང༌། དངོས་ཀྱིས་རྩེ་རྒྱལ་དུ་ཟླ་གཅིག་ཞག་ཉི་ཤུ་ཙམ་བསྡད། སྔར་གྱི་དཔེ་ཆ་རྣམས་སྐྱོར་སྦྱང་ཙམ་མ་གཏོགས་དེ་བར་དུ་སློབ་གཉེར་འདི་ཡིན་རང་ཞིག་མ་བྱུང༌། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་སྐོར་ལ་སླར་ཡང་ཆོས་སྡེའི་བླ་བྲང་དཀར་པོར་བཀའ་དྲིན་མཚུངས་པ་མེད་པའི་མཁན་རིན་པོ་ཆེ་ཉིད་ཀྱི་ཞབས་འབྲིང་དུ་འབྱོར། བློ་སྦྱོང་དོན་བདུན་མའི་ཁྲིད་དང༌། སྐྱེས་བུ་གསུམ་གྱི་ལམ་རིམ་ཞིབ་རྒྱས་སྩལ། བློ་སྦྱོང་དང་ལམ་རིམ་གྱི་ཡིག་ལུང་མང་པོ་དང༌། རྒྱལ་སྲས་བཀའ་འབུམ། མི་ཏྲ་ཁྲིད་དྲུགསྒྲོལ་མ་ཉེར་གཅིག་ཇོ་བོ་ལུགས། རྗེས་གནང་ཟུར་བཀའ་ཤིན་ཏུ་རྣམ་གྲངས་མང་བ། མན་ངག་ཁྲོད་ཕུ་རྒྱ་རྫ་མ། བརྒྱད་སྟོང་པ་དང་ཤེར་ཕྱིན་གྱི་མདོ་ཕྲན་རྣམས་དང༌། སྙིང་པོའི་མདོ་བཅུ་སོགས་ཀྱི་ལུང༌། གཞན་ཡང་རྡོ་རྗེ་འཇིགས་བྱེད་སྐོར་སོགས་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་བ་དང་བཅས་པ་ཐོབ་ཅིང༌། འདིར་སྡོད་རིང་ཞོགས་རྒྱུགས་ལ་རྣམ་འགྲེལ་ལེའུ་དང་པོ་ཡོངས་རྫོགས། དགོངས་མོ་ཐེག་པ ་ཆེན་པོ་རྒྱུད་བླ་མའི་འཕྲིན་ལས་ཀྱི་ཕྱེད་ཙམ་ཡན་ཟིན་ཅིང༌། ཕར་ཕྱིན་གྱི་སྤྱི་དོན་ཐལ་ངག་སོགས་གསུང་ལས་ཐུན་ཆེ་རབ་རེ་མ་ཆག་པར་བཟུང་ཉིན་གུང་མཁན་རིན་པོ་ཆེའི་སྐུ་གཞོགས་སུ་དམ་བཅའ་བསྒྲོ་གླེང་རེ་མ་ཆག་པ་དང༌། ནུབ་མོ་ཡང་བསྒྲོ་གླེང་རྒྱང་ཙམ་རེ་འཆག་མེད་
བྱས། གཞུང་དོན་ལ་བློ་བསྐྱེད་ཀྱང་ཆེ་བར་བྱུང༌། སྤྲེའུ་ལོ་དེ་ཉིད་ཀྱི་ས་ག་ཟླ་བའི་ནང་དུ་དགེ་ཚ་སོགས་ཀྱི་ཐུགས་བྲེལ་ལ་བརྟེན་པའི་ཆོས་ཐོབ་སོགས་མི་ཡོང་བ་འདུག་པས། ཚེས་ལྔ་ནས་གཟིམས་ཁང་མཁའ་སྤྱོད་དུ་བསྐྱས། ཚེས་བརྒྱད་ནས་མཚམས་བསྡམས་ཏེ། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་པ་ལ་ཞུགས། ཟླ་བ་གཅིག་ཙམ་ནས་སྡེ་གཟར་གྱི་ཟིར་བུན་ལངས་པས། སློབ་དཔོན་རིན་པོ་ཆེའི་དྲུང་བསམ་སྡིངས་ཕྱོགས་སུ་ཕེབས་སོང་ཞིང༌། དངོས་ཀྱིས་བསྙེན་པའི་འཕྲོ་བསྐྱངས་ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་མཚམས་གྲོལ། བཅུ་གསུམ་ལ་མཁར་ཁ་རྫོང་དུ་ཕྱིན། ཟླ་བ་གཉིས་ཙམ་ཞབས་འབྲིང་དུ་བསྡད། དེར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྒྲོད་པ་གཅིག་པུའི་ལམ། ཟབ་ལམ་ཐམས་ཅད་ཀྱི་རྒྱལ་པོ། ངེས་དོན་མཐར་ཐུག་ལས་ཀྱང་ཤིན་ཏུ་མཐར་ཐུག་པ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཐོབ་སྟེ། དེ་ཡང་ཇོ་ནང་ལུགས་ལ་ཁྲིད་དམིགས་ཞིག་རྒྱས་སུ་སྩལ། སྔོན་འགྲོའི་དམ་པོ་གྲོལ་ཉིན་མཆོག་དབང་གནང་ཟིན་ཙམ་ན། ནང་རོལ་ལུང་པའི་མི་རྣམས་ངེད་ལ་མ་ཎིའི་ལུང་ཞུ་བ་ལ་བྱུང༌། བཀའ་ལས་སྦྱོར་དྲུག་གི་འགྲོ་དོན་ས་འུར་རྡོ་འུར་འོང་པ་འདུག་གསུང༌། སྔོན་འགྲོ་དངོས་གཞིའི་དམ་པོའི་སྐབས་རྣམས་ལུས་མཉེན་པས་ཟུག་གཟེར་ནི་ཆེར་མ་བྱུང༌། བར་བར་དུ་གཉིད་དུ་ཐོར་རེ་བ་སོང༌། ལུས་གནད་ལྟ་སྟངས་ཀྱི་བྱེ་བཅིངས་ཁོ་ནའི་མཐུ་ལས་རྟགས་སྣང་ཅི་རིགས་པ་ཤར། ཇོ་ལུགས་ཀྱི་འཁྲིད་གྲོལ་ནས། བུ་ལུགས་ལ་མགྱོགས་འཁྲིད་དུ་གནང་བ་ཞག་པོ་བཅུ་སྐོར་ལ་ཚར། ཇོ་ཞལ་བླ་མ་དམ་པ་ལུགས་ཀྱི་ཡིག་སྐོར་ཚང་མ་དང༌། རྒྱ་གཞུང་དང་ཡིག་རྙིང་ཕལ་ཆེར་དང༌། ངེས་དོན་རྒྱ་མཚོ་སོགས་ཀུན་མཁྱེན་ཆེན་པོའི་གསུང་མང་པོའི་ལུང༌། དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་དང་ཁྲིད། རྒྱ་གཞུང་དང་ཡིག་རྙིང་སྐོར་པོ་ཏི་གཅིག །
འཇམ་དབྱངས་རིན་རྒྱལ་བའི་ཡིག་སྐོར་གྱི་ལུང༌། གྲུབ་ཐོབ་ཆོས་དྲུགམདོ་སྡེ་དཀོན་བརྩེགས་ཀྱི་ལུང་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་བ་སོ་སོའི་འདོད་ཆོས་སུ་སྩལ་བ་རྣམས་ཀྱང་ཐམས་ཅད་ཐོབ། ཚེ་འདིར་ཉམས་ཁྲིད་ཐོབ་པའི་ཐོག་མ་སྦྱོར་དྲུག་ལགས་ཤིང༌། དམ་པོ་གྲོལ་ནས་མཁར་ཁར་སྡོད་རིང་དེ་ལ་རྒྱུད་བླའི་འཕྲོས་དང༌། རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་རྫོགས་པ་བཟུང༌། བཀའ་ཆོས་ཀྱི་བར་བར་བཞུགས་གྲལ་ཐམས་ཅད་དུ་ཕར་ཚད་གང་རིགས་རེ་ལ་བཤད་པ་དང༌། བསྒྲོ་གླེང་ཡང་ཡང་བྱེད་དགོས། དེ་མིན་མཁར་ཁར་སྡོད་རིང་དེ་སོར་སྡུད་དང་སྲོག་རྩོལ་ལ་སྒོམ་ཐུན་རེ་ཡང་བྱས། མདོ་ཕྱོགས་ཀྱི་དཔེ་ཆ་རྣམས་ནི་བཞགབརྟགས་གཉིས་ལ་བློ་འགྲོ་བར་བྱུང༌། འགྲེལ་ཊཱིཀ་སོགས་ལྟ་རྟོག་ལྕོགས་པ་མེད་ནའང་རྒྱུད་ཉིད་ལ་གོ་བ་ཅི་རིགས་པ་བློ་ལ་འཆར་ཐུབ་པ་ཙམ་བྱུང་ངོ༌། །སྨྲས་པ། གང་ཞིག་བདུད་རྩི་འཐུང་ལ་མངོན་དགའ་བ། །དེ་དག་ངེས་པར་འཆི་མེད་གནས་སུ་འཇུག །དབུལ་པོའི་ཁྱིམ་གནས་རིན་ཆེན་གཏེར་བརྙེད་དང༌། །བཅུད་ལེན་དམ་པ་ཐོབ་འདི་ངོ་མཚར་རྨད། །དེ་ནས་སླར་ཡང་ཕྱག་ཕྱིར་དཀྲིས་ནས་ཕུའི་ལ་ལ་བཅད་དེ་ཆོས་སྡེ་ཆེན་པོར་ཕེབས། སུ་ཁ་ཆོས་དྲུགའབྲི་གུང་བའི་ཟབ་ཆོས་དགོངས་གཅིགབསྟན་སྙིང་སོགས་དེར་ཡང་ཆོས་མང་པོ་ཐོབ། དེ་སྐབས་སློབ་དཔོན་རིན་པོ་ཆེ་ཡང་ཕེབས་བྱུང་ཞིང༌། བཀའ་ཕེབས་ལ་ཁ་སིང་ནས་མཚན་ཉིད་ཀྱི་སློབ་གཉེར་འཕྲོ་ཆད་པ་མ་ལེགས། སྔར་གྱི་ཚོ་ལ་བརྗེད་གསོས་ཀྱིས་གསུང༌། གཞུང་རྣམས་སྔར་བྱང་པོ་ཡོད་པས་བརྗེད་གསོས་ཆེར་དགོས་པ་མ་བྱུང༌། སྤྱི་དོན་བཤད་པ་སོགས་ལ་བརྗེད་གསོས་ཀྱང་བྱས། དེ་ནས་ཧོར་ཟླ་བརྒྱད་པའི་ཉི་ཤུ་ལྔ་དྲུག་ཙམ་གྱི་ཚེ། མཁན་རིན་པོ་ཆེ་དཔོན་སློབ་རྣམས་གཞིས་ཀ་རིན་སྤུངས་པའི་དམག་སྒར་ཁྱུང་རྩེར་བརྟོལ་བ་ལ། ཆོས་སྡེ་ཆེན་པོའི་ཞུ་དོན་རྒྱ་ཆེ་བ་དང༌། མཇལ་འཕྲད་སོགས་ལ་ཕེབས་པ་གནང་
སོང་ཞིང༌། ངེད་ཀྱིས་དེ་མཚམས་བླངས་པ་གསེར་གླིང་དུ་ཕྱིན། ཟླ་བ་ཕྱེད་གཉིས་ཙམ་བསྡད་པ་ཆོས་རྗེ་ཀུན་བཀྲས་པས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལ་བརྟེན་སྐྱིད་དུ་ཚོར་བ་བྱུང༌། དེར་ཡང་སློབ་གཉེར་གྱི་ངོ་བོ་སྔར་གྱི་འཕྲོས་ལ་ཕར་ཚད་ཀྱི་ཊཱི་ཀ་སོ་སོ་ནས་གང་ལ་གང་འཚམས་སློབ་དཔོན་མཁས་པའི་ཞལ་ལས་བླངས་ཤིང༌། རྒྱུད་བླ་ལ་བཤད་པ་ཚར་གཅིག་གནང་བས་གཞུང་གི་འབྲུ་བཤད་ཕེར་པ་ཙམ་བྱུང༌། ཞོགས་རྒྱུགས་སུ་མདོ་སྡེ་རྒྱན་དང་འབྱེད་གཉིས་བྱང་བར་བཟུང༌། འདི་སྐབས་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་རྣམ་པ་ཤ་སྟག་ཡོང་བ་ཞིག་བྱུང༌། ཧོར་ཟླ་དགུ་པའི་ཚེས་བཅུའི་ཉིན་ཁྲོམ་དབང་ཞིག་དང་དགོན་པའི་རྟེན་མཇལ་ཞིབ་པར་བྱས་ཤིང༌། ཁྱད་པར་དམ་པ་སངས་རྒྱས་ཀྱི་སྐུ་འདྲ་ཕྱག་གནས་མ་དེ་ལ་མོས་གུས་ཆེན་པོ་སྐྱེས་ཤིང་གསོལ་བ་དྲག་ཏུ་བཏབ་པས། ཞལ་རས་ལ་ཟིལ་པ་ཁྲོམ་ཁྲོམ་བྱུང་བ་སོར་མོས་བླངས་ཏེ་མིད་པས་ལུས་སེམས་བདེ་ཆམ་མེ་བ་ལ་སྣང་བ་འགྱུར་བ་ཉི་མ་གཉིས་ཙམ་བྱུང༌། དེ་སྐབས་སྡོད་ཡུལ་གཟིམས་ཁང་ཆོས་འཁོར་དུ་གྲགས་པ་དེ་གནས་རེངས་ཀྱི་རྣམ་པས་ཤིན་ཏུ་འཚུབ་ཅིང་ཆོ་འཕྲུལ་ཆེ་བ་ཞིག་འདུག དེ་ནས་རྩེ་ཆེན་ནས་འབོད་མི་གནང་བ་དང་བསྟུན་ཟླ་བ་བཅུ་པའི་འཇུག་ཙམ་ལ་རྩེ་ཆེན་ཆོས་སྡེའི་བླ་བྲང་ཤར་དུ་སླེབ། རྒྱུད་བླ་མའི་གཞུང་གི་འཕྲོས་དང༌། རྣམ་འགྲེལ་གྱི་ལེའུ་གཉིས་པ་དང་བཞི་པ་དང་གསུམ་པའི་གྲགས་ཆེ་ཆེ་རྣམས་འདིར་སྡོད་སྐབས་བཟུང་བ་ཡིན་ཞིང༌། ཊཱི་ཀའི་ཉེ་བར་མཁོ་མཁོ་ནས་ཀྱང་མང་དུ་བཟུང༌། བཀའ་ལས་ཀྱང་ཚད་མའི་དཔེ་ཆ་སྔར་ཡང་མང་དུ་སོང་ད་དུང་འདི་ལེགས་པར་ཤེས་པ་རང་ཞིག་བྱེད་དགོས་ཕེབས་ཀྱིན་འདུག་ནའང༌། དེ་སྐབས་ཚད་མའི་ཆོས་སྐད་ལ་བློ་འགྲོ་བ་ཞིག་མ་བྱུང་བས་དཔེ་འཛིན་སོགས་དཀྱུས་མཐུན་བྱས་མོད་ཀྱི། ཚད་མ་ལ་ཆོས་སྐད་ལྷོངས་སུ་གྱུར་པ་མ་ཆགས། ཕྱིས་ཚད་མའི་དཔེ་ཆ་ལ་དཔེ་ཀློགས་འདྲ་བྱེད་དགོས་བྱུང་བའི་ཚེ་སྔར་དང་
མི་འདྲ་བ་གོ་བ་འཆར་འཆར་འདྲ་བ་ཡོང་གིན་འདུག་ནའང༌། ཆོས་བྱེད་ལུགས་ངེད་ཅག་གི་རིགས་འདི་ལ་དགོས་དོན་ཆུང་བར་ཤེས་ནས་རྩོལ་བ་བྱེད་པ་མ་བྱུང་ངོ༌། །སྤྱིར་ནས་བྱང་ཆུབ་སེམས་དཔའ་མཆོག་ཤིང་རྟ་ཆེན་པོའི་རིང་ལུགས་ལ་འགངས་ཆུང་ཟཻར་བ་ལྟ་ག་ལ་ཡིན། མཁས་མཆོག་ཐམས་ཅད་ཀྱི་འཇུག་ངོགས་ཡིན་པ་གཞིར་བཅས། དགུན་དེ་བླ་བྲང་ཤར་གྱི་དཔེ་ཆ་རྣམས་ལ་དཔེ་བལྟ་ཞིབ་མོར་བྱས། དེ་སྐབས་བླ་བྲང་ནའང་དཔེ་ཆ་ཤིན་ཏུ་མང་བར་འདུག་ཅིང༌། དཔེ་ཆ་ཀློགས་པས་དོན་གོ་བས་བློ་བསྐྱེད་འཕྲལ་འཕྲལ་ཐོན་པ་རང་མ་བྱུང་ནའང༌། མདོ་སྔགས་ཀྱི་གཞུང་རྒྱ་བོད་ཀྱི་འགྲེལ་པ་ཡིག་ཆ་སོ་སོའི་འཇོགས་ཀྱི་ཡོང་ཐང་ལ་འདི་ལྟ་བུ་ཡོད་པར་འདུག་སྙམ་པའི་ཆོས་རྒྱུས་ལ་ཤིན་ཏུ་ཕན་པར་བྱུང༌། བྱ་ལོའི་ཆོ་འཕྲུལ་ཀྱི་སྐབས། གསུང་རབ་དང་རྟེན་བཞེངས་གསར་པ་མཛད་པ་རྣམས་ལ། སློབ་དཔོན་རིན་པོ་ཆེས་རབ་ཏུ་གནས་པ་མཛད་པའི་ཕྱག་ཕྱིར་དཀྲིས་ཏེ་ངེད་རང་གིས་ཀྱང་ཆོ་ག་བྱས། ལན་གཅིག་པོ་དེ་ཁ་ལ་རབ་གནས་ཀྱི་ཕྱག་ལེན་ངེས་པར་བྱུང༌། སྔ་སོར་སྤྱན་འདྲེན་བཏང་བ་ལྟར་དེའི་སང་ཉིན་བྲག་སྟོད་ནས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ཀྱང་ཕེབས། ཚེས་བཅུ་དགུ་ལ་སླར་ཡང་དཔོན་སློབ་ཐམས་ཅད་ལྷན་དུ་བླ་བྲང་ཤར་དུ་བྱོན། དེའི་སང་ཉིད་ན་བསྲེ་འཕོའི་ཁྲིད་དང་འབུམ་ནག་གི་ལུང་གི་དབུ་ཚུགས། ཟླ་བ་གཅིག་ལ་ཆོས་སྐོར་རྣམས་ཡོངས་སུ་རྫོགས་པར་གནང༌། བླ་མ་དམ་པ་ནི་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་དྲུང་གིས་ར་ལུང་དུ་ཁོར་ཙམ་སྤྱན་འདྲེན་གནང་སོང་ཞིང་སླར་ཡང་རྩེ་ཆེན་དུ་ཕེབས་ནས་གྱི་ལྗང་ལུགས་མགོན་པོ་ལྷ་བཅུ་བདུན་མའི་དབང་དང༌། འགྲོ་མགོན་ཞང་གི་བཀའ་འབུམ་པོ་ཏི་དང་པོའི་ལུང་སོགས་སྩལ་ཞིང༌། ཧོར་ཟླ་གསུམ་པའི་ཚེས་གསུམ་གཟའ་སྐར་དགེ་བ་ལ། ངོས་ཅག་རྩེ་ཆེན་ཆོས་སྡེའི་ཁྲི་ཐོག་ཏུ་མངའ་གསོལ། སྲས་ཡུམ་རྣམས་དང༌། རྒྱལ་རྩེ་ནས་ཡོན་མཆོད། ཕྱོགས་ཀྱི་དད་ཅན་སོ་སོ་ནས་ལེགས་ཇ་ཡང་མང་དག་བྱུང༌། འདི་
ནས་བཟུང་ནས་མཐུན་རྐྱེན་ཡང་མ་འཕོངས་ཙམ་དང༌། ཁྱད་པར་ཇ་བསྐོལ་རྒྱུ་འབད་མེད་དུ་བྱུང༌། དེ་ནས་ཚེས་བཅུ་ལ་འབྲོང་རྩེར་སླེབ་ཙམ་བྱས། སྟག་རྩེ་དང་ལྷུན་གྲུབ་རྩེར་ཁོར་ཙམ་ཕྱིན་ནས། དཔོན་སློབ་ཐམས་ཅད་རི་ཁྲོད་ཆེན་པོ་བསམ་སྡིངས་སུ་ཕྱག་ཕེབས། ཟླ་བ་གཉིས་ཙམ་གྱི་བར་དུ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོར། ཆོས་ཀྱི་སྒོ་བགྲང་བ་ལས་འདས་པ་ཐོབ་སྟེ། ཞང་འཚལ་པའི་ཆོས་སྐོར་ཐམས་ཅད་དང༌། ཡང་དགོན་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་དང༌། རི་ཆོས་མ་དྲུག་གི་ཁྲིད། དྭགས་པོ་བཀའ་འབུམ་སོགས་བཀའ་བརྒྱུད་ཀྱི་བླ་མ་སྔ་ཕྱིར་བྱོན་པའི་གསུང་རབ་ཤིན་ཏུ་མང་པོ་དང༌། མཻ་ཏྲི་བཅུ་གསུམ་མའི་དབང༌། སངས་རྒྱས་ཐོད་པའི་དབང་སོགས་ཐོབ་ཅིང༌། ཨོ་རྒྱན་བསྙེན་སྒྲུབ་སྐོར་གྱི་ཁྲིད་དང་ལུང་ཡོངས་སུ་རྫོགས་པ་དང༌། བཅུ་གསུམ་ཕག་མོའི་བྱིན་རླབས་སོགས་དཔག་ཏུ་མེད་པ་ཐོབ་ཅིང༌། ཆོས་བར་དུ་ཟབ་མོའི་ཆོས་ཀྱི་གླེང་སླང་ལས་བརྩམས་པའི་སྐུ་རྩེད་བཞད་གད་ཐེག་གེ་བ། ཉིན་མཚན་ཀུན་ཏུ་ཉམས་དགའ་ཡལ་ལེ་བས་འདའ་བ་བྱུང༌། དེ་ནས་བཀྲ་ཤིས་རྫོང་ཁ་ནས་སྤྱན་འདྲེན་བཞིན་རྫོང་ཁར་ཕེབས་ཟླ་བ་གཉིས་ཙམ་བཞུགས། རྗེ་བཙུན་མར་པའི་ཐུགས་བཅུད་ཐུགས་སྲས་རྔོག་ལ་བཀའ་འབབས་པའི་དགྱེས་རྡོར་ཡབ་ཡུམ། གུར་རིགས་བསྡུས། གདན་བཞི་ཡབ་ཡུམ། མ་ཧཱ་མཱ་ཡ་སྟེ་དྲུག་དང་སྨྲྀ་ཏི་ནས་བརྒྱུད་རྔོག་པ་ལ་བྱུང་བ་འཇམ་དཔལ་གསང་ལྡན་རྣམས་ཀྱི་དབང་བསྐུར་བ་དང༌། སོ་སོའི་རྒྱུད་འགྲེལ། རྒྱ་བོད་ཀྱི་ཡིག་སྣ་ཤིན་ཏུ་མང་བ་དང་བཅས་པའི་ལུང་སྩལ་ཞིང༌། དགྱེས་པ་རྡོ་རྗེའི་ཟབ་ཁྲིད། བསྲེ་འཕོའི་འཁྲིད་ཚུལ་ཟབ་རྒྱས་སུ་གནང༌། དགྱེས་རྡོར་ཡབ་ཡུམ་གདན་བཞི་མ་ཧཱ་མཱ་ཡ་རྣམས་ཀྱི་དབང་གནང་སྐབས་རྨི་ལམ་གྱི་ལྟས་ངོ་མཚར་ཅན་ཡང་མང་དུ་བྱུང༌། བྱིན་རླབས་ཀྱི་ཚད་ཀ་ཟླ་མེད་པར་ཡིད་ཆེས་བརྙེད། བར་སྐབས་སུ་ཐོབ་རྒྱལ་དུ་འབོད་མི་ནན་ཅན་བྱུང་བ་ལ་བརྟེན་ཁོར་ཙམ་
ཞིག་ཕྱིན། ར་ལུང་ནས་སྤྱན་འདྲེན་གནང་བ་ལྟར་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་སླར་ཡང་ར་ལུང་དུ་ཕེབས་པ་གནང་སོང་ཞིང༌། བདག་གིས་བསམ་སྡིངས་སུ་འོངས། དེ་སྐབས་དུས་འཁྲུག་གི་ཟིར་བུན་ཡང་ཆེ་བར་ཡོད། རྩེ་ཆེན་ནས་འོང་ནས་དེ་བར་དུ་ཆོས་ཐོབ་ཆེ་ཞིང་ཟབ་མོའི་དོན་ལ་བློ་སྐྱེད་ཆེ་བར་བྱུང་ཡང༌། མདོ་ཕྱོགས་ཀྱི་སློབ་གཉེར་འཕྲོ་ཆད། སླར་ཡང་འཕྲོ་འཐུད་པའི་ཁུངས་ཙམ་དུ་ཡོད་ནའང༌། གཏམ་བྱ་རིན་ཆེན་འཕྲེང་བ་གསར་འཛིན་ཐུབ། དེ་མིན་སྟོན་ལ་ཐུག་གི་བར་དཔེ་ཆ་བྱས་རྗེས་ཅང་མ་བྱུང༌། སྔ་སོར་ཞ་ལུ་པའི་བཀའ་སྲོལ་སྐྱོང་བ་རྡོ་རྗེ་འཛིན་པའི་དབང་ཕྱུག་རྗེ་བྱང་གླིང་པ་ལ་ཆོས་གང་ཞུ་ཞུ་ཡོད་ཀྱང་འདུན་པ་མེད་པས་ཞུ་མ་ཐུབ། འདི་སྐབས་སྐུ་གཤེགས་པས་ཕྱིས་འགྱོད་པར་བྱུང༌། དེ་ནས་སྡེ་པ་གཙང་པའི་དམག་ཀྱང་པ་སྣམ་དུ་ལྷགས། རྫོང་ལ་འཕོ་འཆུག་བྱུང༌། སྡེ་པ་གྲྭ་ལྔའི་དྲུང་སྨིན་དྲུག་ཁྱུང་རྩེར་འབྱོར་དགོས་ཤར། སེར་ཁ་དེ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་སླར་ཡང་བསམ་སྡིངས་སུ་ཕེབས་ཤིང༌། བླ་སྒྲུབ་དང་རྟེན་འབྲེལ་ཡོངས་སུ་རྫོགས་པར་ཐོབ། རོ་སྙོམས་སྒང་དྲིལ་ཙམ་ཞིག་དང༌། འཇིགས་བྱེད་ཞེ་དགུ་མའི་དབང་སོགས་ཡིད་ཚིམ་པར་བྱུང༌། དུས་གཟིངས་གྲོལ་འཕྲལ་ཁྲི་སྣར་ལྷུན་རྩེ་གཏིང་སྐྱེས་སོགས་བརྒྱུད་ནས་སྒྲུབ་གནས་དམ་པར་ཕེབས་པ་གནང་སོང༌། དེ་ནས་མི་རིང་བར་རྗེ་དྲུང་དབང་ཕྱུག་རྡོ་རྗེ་པ་སྣམ་དུ་ཕེབས་པ་ལ། བདག་གིས་ཀྱང་ཞལ་མཇལ་ཞུ་བར་ཕྱིན་ཅག་མལ་ཞིག་བསྡད། སླར་ཡང་དགོན་པར་ལོག་ཕྱིན་ནས་ཞག་ཤས་ཤིག་སོང་སྐབས། སྟོད་ཕྱོགས་ནས་བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་ཡོན་མཆོད་རྣམས་ཀྱིས་འབོད་མི་གནང་བྱུང་བ་ལྟར་སྟོད་ཕྱོགས་ལ་འོངས། སྨིན་དྲུག་ཁྱུང་རྩེར་སྡེ་བ་གྲྭ་ལྔའི་དྲུང་དང་མཇལ་ཙམ་བྱས། ཚོང་འདུས་དབུ་རྩེར་སྡེ་པ་རྗེ་དྲུང་དང་ལྷུན་ཆེན་སོགས་དང་མཇལ་ཞག་ཤས་བསྡད། ལོ་ཆེན་རཏྣ་བྷ་དྲའི་སྤྲུལ་སྐུ་ཡང་ཀརྨ་པ་མཇལ་བར་ཕེབས་པའི་ལམ་ཞོར་དུ་དབུ་རྩེར་ཕེབས། ངེད་ལ་ཤིན་ཏུ་ཐུགས་དག་
སྣང་ཆེ་བར་མཛད་ཀྱིན་འདུག ཐོག་མར་ངོས་ཀྱིས་འཇམ་དབྱངས་བླ་མའི་རྣལ་འབྱོར་ཞིག་ཞུས་ཤིང༌། ཕར་ཡང་ཆོས་འབྲེལ་ཞིག་དགོས་གསུང་བ་ལྟར་བླ་མའི་རྣལ་འབྱོར་ཞིག་ཀ་ཕུལ། ཡར་ལམ་སྣར་ཐང་སོགས་བརྒྱུད་ནས། རྗེ་ཀླུ་སྒྲུབ་པས་འབོད་མི་གནང་པ་ལྟར་བྱ་རྒོད་གཤོངས་སུ་ཁོར་ཙམ་ཕྱིན་རིམ་པས་ཇོ་ནང་དུ་སླེབ་རྗེ་དྲུང་དང་མཇལ་ཙམ་བྱས་ཤིང༌། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་ཆོས་ལུང་བྱང་ཆུབ་རྩེར་སོན། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་དང་མཇལ། ཞལ་རས་མཐོང་བ་ཙམ་ལ་ལུས་ཉམས་དཔེ་མེད་པ་ཞིག་བྱུང༌། ཟླ་བ་དེའི་ངོ་སྒང་ལ་བཀའ་ཆོས་མང་དུ་ཞུས། ཆོ་འཕྲུལ་དུས་ཆེན་གྱི་ཚེས་ལྔའི་ཉིན། དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཆོས་ལུང་བྱང་རྩེར་ཁྲི་ཐོག་ཏུ་བསྐཽ་བ་གནང་ཞིང༌། བླ་མ་དམ་པ་ཉིད་ཀྱིས་ཕྱག་ནས་ཀྱང་གཏོར། སྔ་སོར་བསམ་སྡིངས་ནས་ཡར་ཡོང་གྲབས་ཡོད་པའི་སྐབས་ནས་ཉིན་རེ་བཞིན་སྣ་ཁྲག་ཐན་ཐུན་ཡོང་བ་བྱུང༌། ཡུན་རིང་པ་ནས་སྐབས་འདི་ཙ་ན་ལུས་ཀྱི་ཤེད་ཀྱང་ཅུང་ཟད་བྲི། དེ་སྐབས་སྨོན་འགྲོར་འཕན་ནེ་དྲུང་གི་ནང་རྟེན་གསེར་གདུང་བཞེངས་གྲུབ་པའི་སྐབས་ཡིན་པས་དུས་ཆེན་གྲོལ་ཉིན་རང༌། བླ་མ་དམ་པའི་ཕྱག་ཕྱིར་དཀྲིས་ནས་སྨཽན་འགྲོར་ཕྱིན། དེ་ཉིད་རང་རབ་གནས་ཀྱི་སྟ་གོན་འཇུག་པ་གནང༌། ནང་བར་དངོས་གཞིའི་ཆོ་ག་རྣམས་ཉི་ཕྱེད་ཡན་ལ་གྲུབ། དགའ་སྟོན་བཞུགས་གྲལ་གྱི་སྟེང་དུ་དངོས་ཀྱིས་པོད་ཆེན་བཞི་ལ་དམ་བཅའ་རེ་བྱས། ཆོས་རྗེ་ངག་དབང་བཀྲ་ཤིས་པས་བགྲོ་གླེང་གཏོང་བ་མཛད་དེ་རིགས་ལུང་བག་ཆགས་པར་བྱུང༌། རབ་གནས་རང་གི་རྟེན་འབྲེལ་ནི་འོས་བབ་ལས་མ་བྱུང༌། ངོས་ཅག་སྔར་གྱི་ན་བའི་རྒྱུན་དེ་ཐུར་སོང་བ་མངོན་པ་ཙམ་བྱུང༌། ཉེར་གསུམ་ལ་ལྷུན་སྡིངས་ཞོལ་དུ་སླེབ་ཙམ་པས། ཉེར་བཞི་ལ་བསམ་འགྲུབ་དགའ་ལྡན་དུ་ཕྱིན། ཁོང་རྣམས་ཀྱིས་བསུ་བ་སོགས་བཟབ་མ་བྱས། ཉི་མ་གཉིས་པོ་དེ་ཤིན་ཏུ་ཁམས་མ་བདེ། ཁྱད་པར་སེ་མཁར་ཆུང་གི་
ལྷོ་ཐད་དེར་གྲོག་པོ་ཞིག་ཏུ་རྟ་བབས་ནས་ཅུང་ཟད་སྡོད་དགོས་བྱུང༌། ཇ་དཀར་ཡོལ་གང་འཐུང་རིང་ཙམ་དབུགས་ཀྱི་རྒྱུ་བ་ཡང་འགགས་སློབ་དཔོན་རིན་པོ་ཆེ་དང༌། ཟླ་བོ་རྣམས་ཐུགས་འཚབ་ལ་གཏད་པར་གདའ། ང་རང་གི་སྣང་བ་ལ་ད་ལྟའི་སྣང་བ་འདི་ནུབ་ཅིང༌། ཧེ་རུ་ཀའི་སྐུའི་རྣམ་པ་མང་པོས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་སྣང་བ་ཙམ་བྱུང༌། ཕྱིས་བསམས་དུས་འདི་ཡིན་པ་བྱིན་རླབས་ཀྱི་ལྟས་ཅིག་ཡིན་པར་འདུག དེ་ལྟར་བྱུང་བ་གསངས་པས་གཞན་གྱིས་མ་ཤེས། སང་ཞོགས་བསམ་འགྲུབ་དགའ་ལྡན་པ་རྣམས་ཀྱིས་ཆོས་འབྲེལ་དགོས་ཟེར། ངེད་ཀྱིས་ཁྲི་ཐོག་ཏུ་འོངས་པ་དང་དུང་བུས་པ་དང་ཉི་མ་ཤར་བ་གསུམ་དུས་མཉམ་དུ་བྱུང༌། རྟེན་འབྲེལ་དེས་ད་རེས་བར་ཆད་ཀྱི་དབང་དུ་མི་འགྲོ་བ་འདུག་སྙམ་ངེས་པ་བརྙེད། ནང་པར་ངམ་རིང་དུ་འབྱོར་ཞིང༌། བླ་མ་དམ་པས་བདག་ཅག་དང་སྡེ་བདག་ཞལ་ངོ་དང་ཡོན་མཆོད་དུ་སྦྲེལ་བའི་བཀའ་བཀོད་གནང་བ་ལ། སྔ་སོར་ཞལ་ངོས་ཀྱང་ཞལ་ལེན་མཛད་ཡོད་འདུག་ནའང༌། བར་སྐབས་དེར་གཞན་རྐྱེན་གྱིས་བསྒྱུར་འདུག བླ་མ་དག་པས་དྲུང་ཆེན་སངས་སྙིང་བ་སྔོན་ལ་རྫོང་བ་མཛད་པའི་བཀའ་ནན་ཆགས་ཀྱིས་སྟབས་མི་མཛེས་པ་མེད་ཙམ་ཨོམ་སོ་བ་བྱས། དེར་ཡང་ཞག་གསུམ་བསྡད་སྐབས་ཁམས་ཤིན་ཏུ་མ་བདེ། དེ་ནས་རྨ་བྱ་ཤུག་ཁྲོད་དུ་ཕྱིན། དེ་ལ་ངམ་རིང་དུ་སླེབ་པ་ཚུན་ཆད་ནས་ཤུག་ཁྲོད་དུ་ཟླ་བ་གཅིག་གི་བར་དུ་སྔ་དྲོ་རེ་བཞིན་སྣ་ཁྲག་བཟེད་ཞལ་གང་གང་བརྡལ། ལུས་ཀྱི་ཤེད་སྟོབས་ཐམས་ཅད་བྲི། ཐོ་རངས་ཇ་སྦྱོར་རེ་ཙམ་མ་གཏོགས་མཚན་མོ་གཉིད་ཀྱང་མི་ཡོང་ཞིང༌། གཉིད་ཅུང་ཟད་དེའི་རིང་ལ་སྐྱེ་བ་སྣ་ཚོགས་སུ་འཕོས་པ་དེ་དག་གི་སྤྱོད་པ་སྣ་ཚོགས་པའི་རྨི་ལམ་ཟད་མི་ཤེས་པ་རེ་རྟག་ཏུ་འོང༌། ཉིན་བར་ཆོས་ཞུ་བ་སོགས་ལ་མི་བདེ་བ་རང་མ་བྱུང༌། དེ་སྐབས་སྨན་དང་སྔགས་གདམས་ངག་སོགས་འདི་མ་བྱས་བྱ་བ་མེད་དེ་ཅི་ཡང་ཕན་པ་མ་བྱུང༌། ཆོས་སྐྱོང་གི་འཁུ་ལྡོག་ཡིན་ནམ་ཟེར་བསྐང་གསོ་སྟོང་ཚར་སོགས་བྱས་ཀྱང་མ་ཕན། ཟླ་གཅིག་ཙམ་སོང་སྐབས་དེར་རྨི་
ལམ་དུ་རི་ཆེན་པོ་ཞིག་གི་རྩེ་ན། བྲམ་ཟེ་རིན་ཆེན་རྡོ་རྗེའམ་ཁ་ཆེ་ཨ་མོ་གྷ་ཡིན་ནམ་སྙན་པའི་པཎྜི་ཏའི་རྣམ་པ་གཟི་བརྗིད་ཅན་ཞིག་ལ་བུད་མེད་སུམ་ཅུ་བཞི་བཅུས་བསྐོར་བ་ཞིག་འདུག དེའི་ཞལ་ནས་ཁྱོད་སྔར་འཁོར་ལོ་སྡོམ་པ་ལ་མཆོད་པ་རྟག་ཏུ་བྱེད་པ་ཡིན་པ་ལ། ཕྱིས་མ་བྱས་པར་ཡུན་རིང་རབ་སོང༌། བདེ་མཆོག་གི་རྒྱུད་ལ་ཐོས་བསམ་སྒོམ་གསུམ་གྱིས་ནད་འདི་འཕྲལ་དུ་གྲག་འགྲོ། དེ་ནས་བསྙེན་པ་ཞིག་བྱས་ན་བར་ཆད་ཐམས་ཅད་སེལ་ཞིང་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱིས་རྗེས་སུ་འཛིན་པར་འདུག་གསུང་བ་ཅིག་བྱུང༌། སང་སློབ་དཔོན་རིན་པོ་ཆེ་ལ་ཞུས་པས། འོ་ན་བླ་མ་དམ་པ་ལ་དབང་ཞིག་ཀྱང་གསན་ན་དགའ། རྒྱུད་ཀྱི་དཔེ་ནི་འདི་ཀ་ན་ཡོད་པས་ད་རང་ནས་ཀ་འཛིན་པ་གནང་ན་གསུང་གིན་འདུག་པས། སྤྱིར་གསང་སྔགས་དང་ཁྱད་པར་འཁོར་ལོ་སྡོམ་པའི་ཆོས་ལ་དང་སྤྲོ་བར་བྱུང་ནས་དེ་ཉིན་རང་ནས་དཔེ་ཆ་བཟུང༌། ཞག་གསུམ་སོང་བ་ནས་སྣ་ཁྲག་ཇེ་ཉུང་ལ་སོང༌། དེ་མཚམས་སློབ་དཔོན་རིན་པོ་ཆེ་ཅུང་ཟད་བསྙུང་ནས་རྡོ་རྗེ་གུར་ཁང་དུ་བཞུགས་པ་གནང༌། བླ་མ་དམ་པར་བདེ་མཆོག་ནག་པོ་པའི་དབང་ཞུས་པས་དངོས་གཞིའི་སྔ་དྲོ་ནས་སྣ་ཁྲག་ཆད། དབང་གནང་དུས་སོ་སོར་དམིགས་པ་དང་ལྷ་ངོ་བསྟན་པའི་དུས་སུ་དཀྱིལ་འཁོར་གྱི་དམིགས་པ་ཤིན་ཏུ་གསལ་བ་དངོས་སུ་མཐོང་བ་སྙམ་པ་དང་དབང་གི་རིང་ལ་ལུས་བདེ་ཆམ་ཆམ་པ་བྱུང༌། དབང་གྲོལ་ནས་ཚོགས་འཁོར་གྱི་ཚེ་ལུས་ལ་སྔར་ལས་ཤེད་ཆེར་སོང་ངམ་སྙམ་པ་འདུག དེ་ཕྱིན་ཆད་ཁམས་བདེ་ཞིང་ལུས་ཀྱང་ཡར་སོར་བྱུང༌། དེ་ཉིད་ཀྱི་འཕྲོ་འཐུད་ནས་དྲིལ་བུ་ལུས་དཀྱིལ་གྱི་དབང་ཡང་ཞུས། ནག་པོ་པ་དང་དྲིལ་བུ་པའི་ཁྲིད་ཚུལ་ཡོངས་གྲགས་རྣམས་དང༌། ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཞལ་ཤེས་རྣམས་ཀྱིས་ལེགས་པར་བརྒྱན་པ་དང༌། རྩ་བཤད་སོ་སོའི་བཤད་འདོམས་དང་ལུང་སོགས་མཐར་རྒྱས་སུ་སྩལ། བྱམས་ཆོས་ཀྱི་བཤད་འདོམས་ཁོག་ཕུབས་ཀྱང་ཉིན་རེ་བཞིན་སྩལ་བ་ཡང་ལྷག་པར་བློ་ལ་འཇག་ཅིང་
ངེས་ཤེས་སྐྱེ་བ་བྱུང༌། བླ་མ་དག་པའི་བཀའ་ལུང་གིས་ཤུག་ཁྲོད་ཀྱི་ཁྲི་ཐོག་ཏུ་བསྐོ་བར་གནང༌། བླ་མ་དམ་པས་ཕྱག་ནས་གཏོར། བདག་པོ་ནམ་མཁའ་རྒྱལ་པོ་སྐུ་མཆེད་ཀྱིས་ཀྱང་ཁྲི་སྟོན་སོགས་གནང་བ་ཡིན་ཀྱང༌། ཕྱིས་བླ་མ་དམ་པ་སྐུ་ཆོས་དབྱིངས་སུ་གཤེགས་རྗེས། དྲུང་ཆེན་པས་ངེད་ལ་གྲོས་ཙམ་ཡང་མ་དྲིས་པར་བྱང་རང་དུ་ཕུལ་བ་ཡིན། དེ་ནས་ཧོར་ཟླ་གསུམ་པའི་འཇུག་ལ་སྐུ་གཞོགས་ནས་ དགོངས་གྲོལ་ཞུས་ཕྱིར་ཡོངས་སྐབས་བརྟན་བཞུགས་བཟབ་རྒྱས་སུ་ཕུལ་ཏེ། ཅུ་པ ་རོང་སོགས་བརྒྱུད་ནས་མར་ལམ་ཁྲོད་ཕུར་གནས་མཇལ་ལ་ཕྱིན། བྱམས་པའི་ཞལ་རས་ལྷ་ཁང་དུ་ཞག་གཅིག་ཉལ། དེ་ནུབ་རིག་པ་དྭངས་ཤིང་གསོལ་བ་ཡུན་རིང་དུ་བཏབ་པས་བྱམས་ཆོས་ཀྱི་ཚིག་དོན་སྔར་མ་གོ་བ་འགའ་ཞིག་ལ་གོ་བ་ལམ་ལམ་འཆར་བ་ཞིག་བྱུང༌། དེ་ནས་སྣ་ཐང་ཁྲིད་ཁང་སོགས་བརྒྱུད་ནས་རང་གནས་བསམ་གཏན་སྡིངས་སུ་སླེབ། དེ་མཚམས་ཞག་ཤས་ནས་བདེ་མཆོག་རྩ་རྒྱུད་ཀྱང་ཚང་བར་བློ་ལ་འགྲིགདེ་ལོ་ཆོས་ལུང་དུ་མཁར་ལས་ཤིག་བྱས་པ་དཀའ་ལས་ཆེ་ལ་ངོ་མཚར་ཆུང་བ་ཞིག་བྱུང༌། དེ་བར་ལ་སློབ་དཔོན་རིན་པོ་ཆེའི་དྲུང་དུ་དག་ལྗོན་སྐོར་གསུམ་དང་རྔོག་ཊཱིཀ་རིན་ཆེན་རྒྱན་འདྲའི་འཛུག་ཁྲིད་ཞིབ་ལེན་ཞུས། བརྟག་གཉིས་ལ་ས་རྔོག་གཉིས་ཀའི་བཤད་སྒྲོས་བློ་ལ་འཐེམ་ཞིང་གོ་བ་ཆགས། བླ་མ་ས་ལུགས་ཀྱི་བཤད་སྒྲོས་ལ་ཆེས་དགེས་ཤིང་ཐུགས་རྩིས་ཆེ་བ་འདུག་ནའང༌། ངེད་རང་འབྲུ་བསྣོན་རྔོག་ལུགས་དེ་ཁྱད་ཀྱིས་བློ་ལ་འབབ་པ་བྱུང༌། ཧོར་ཟླ་ལྔ་པའི་ཉེར་ལྔ་ནས་བསྙེན་མཚམས་བསྡམས། ཟླ་བ་གསུམ་གྱི་བར་དུ་བསྙེན་པ་འཇུར་བར་བགྱིས་ཤིང༌། གྲངས་བསྙེན་ཁ་སྐོངས་ལྷག་བཅས་སྦྱིན་སྲེག་དང་བཅས་པ་གྲུབ། ཁ་སྐོངས་ཀྱི་བཟླས་པའི་སྐབས་རྨི་ལམ་དུ་རྒྱ་གར་གྱི་པཎྜི་ཏ་དང༌། རྣལ་འབྱོར་པ་དང༌། བོད་ཀྱི་བླ་མ་འགའ་རེ་དང་བཅས་པ་ཀུན་བསྒྲིལ་ཕྱེད་དང་ཉིས་བརྒྱ་ཙམ་འདུག ངེད་རང་གི་ལུས་པོ་ཤིན་ཏུ་ཆེ་བ་ཞིག་འདུག་ཅིང༌། དེ་རྣམས་ཀྱིས་སྟེའུ་དང་སོག་ལེ་དང་གཟོང་སོགས་ཀྱིས་ལུས་ལ་གཞོག་པ་སོགས་བཟོ་བཅོས་མང་པོ་བྱས་ཏེ། ལྷག་མ་ཐམས་ཅད་ཆུ་ལ་བོར། རུས་པ་ལ་བཅོས་པ་ཡིན་
ཟེར་བའི་བདེ་མཆོག་གི་སྐུ་མདའ་གང་ཙམ་ཞིག་འོད་ཁྲོམ་མེར་འདུག རང་གི་ལུས་སོགས་འདི་ཡིན་མེད་པ་ལ་དེ་ལ་ཕར་བལྟ་ཞིང་ངོ་མཚར་ཆེ་སྙམ་པ་ཞིག་ཤར་རོ། །རབ་དྭངས་སེམས་ཀྱི་ཆུ་མཚོར་སྲིད་ཞི་ཡི། །སྣང་བརྙན་གསལ་བར་འཆར་ལ་ཡ་མཚན་ཅི། །བྱིན་རླབས་ཟེར་མ་གཅིག་གིས་དངོས་གྲུབ་ཀུན། །འགྲུབ་འགྱུར་བླ་མ་དམ་པའི་མཐུ་འདི་མཚར། །མཚམས་གྲོལ་འཕྲལ་ལ་ཉེ་སྐོར་གྱི་ཡུལ་མི་རྣམས་ལ་ཁྲཽམ་དབང་ཚེ་དབང་ཞིག་བྱས། འཁོར་ལོ་བདེ་མཆོག་གི་ཐང་ཀ་དང་དཔེ་སྟེར་མཁན་བྱུང་བ་ལ་ཉེ་བཟང་ཁྲི་སྣར་གཉིས་ནས་འབོད་མི་ནན་ཅན་བྱུང་བ་ལྟར་ཁོར་ཙམ་རེ་ཕྱིན། ཚུར་ལམ་ཁྲི་ཁང་ནས་སྨན་ལུང་དུ་ཞག་གཅིག་བསྡད། ནཱ་རོ་པའི་ཕྱག་དྲིལ་དང་ཐུགས་དམ་དགྱེས་རྡོར་གྱི་དཀྱིལ་ཐང་མཇལ་གསོལ་བ་བཏབ། ནང་བར་མདོལ་བྱུང་དུ་སླེབ་ཞག་ཤས་བསྡད་ཅིང༌། གཟིམས་ཁང་ལ་རབ་གནས་དང་ དགོངས་བཞེད་ཀྱི་ཆོས་ཐན་ཐུན་ཕུལ། བསམ་སྡིངས་སུ་ཁོར་ཙམ་ཕྱིན། འཇག་པ ་དཔོན་སློབ་གྲྭ་རིགས་ཐམས་ཅད་ངེད་ལ་འཕྲད་པ་དང་ཆོས་འབྲེལ་ནོད་པར་ཕེབས། འཇག་བསམ་ལྷན་དུ་ཚོགས་པ་དེ་ག་ལ་དུས་གཏོར་ཆེན་མོ་ཡང་མཛད། མཁའ་འགྲོ་མའི་དབུ་ཐོད་བྱིན་རླབས་ཀྱི་རྟགས་ཅན་གཅིག་ཀྱང་ལག་ཏུ་བྱུང༌། དེ་དུས་ནང་མཆོད་ལ་བདུད་རྩི་རིལ་བུ་གཅིག་རང་བརྡུངས་ནས་བཏབ། དེ་ནས་ཆང་རྣམས་ལ་ཅུང་ཟད་རེ་གཏོར། ཆང་དེ་ཚོ་འདྲེས་ཚད་དམ་རྫས་དྲི་ཞིམ་མཚུངས་པ་མེད་པ་རང་གིས་ཁྱབ། ཕུད་མཆོད་བྱེད་ཟེར་སྟོན་མོ་ཚོགས་འཁོར་ཉིན་རེ་ལ་ལན་གཉིས་རེ་ཙམ་ཡོད་པ་ལ་སྙད་པའི་ཆང་འཐུང་གི་ཡོ་ལང་ཞག་མང་པོ་བྱུང་བའི་རྟིང་མ་ཆང་ལྷག་ཚུན་ཆོད་ལ་དྲི་བཟང་ཆིལ་ཆིལ་རང་ཡོད་པ་བྱུང་བ་མི་མང་ཐམས་ཅད་ཀྱྀས་འཐུང་མྱོང་བའི་རྫུན་མེད་རང་ཡིན། སླར་སྟག་རྩེ་བརྒྱུད་རྩེ་ཆེན་ཆོས་སྡེའི་བླ་བྲང་ཤར་དུ་སླེབ་དགུན་ཟངས་ཀྱི་བསྡད། མཚམས་ཧ་ཅང་དམ་པ་མ་ཡིན་པ་ཕྱི་མཚམ་མེད་པ་བྱས། སངས་རྒྱས་ཐོད་པ་དང་མ་ཧཱ་མཱ་ཡའི་གྲངས་བསྙེན་རེ་སོང༌། བདེ་དགྱེས་ཀྱི་རྒྱུད་
འགྲེལ་ཀུན་ལ་དཔེ་བལྟ་རེ་ཡང་མ་ཆག་པར་བྱས། དེ་སྐབས་མཁན་རིན་པོ་ཆེས། རྗེ་འཕགས་པའི་དྲུང་གདན་སར་བསྐོ་བཞག་གནང་བ་དཔོན་སློབ་གཉིས་ཅར་དུ་ཇ་ཞུས་གང་བཟབ་རེ་ཕུལ་ཞིང༌། མཚམས་གྲོལ་འཕྲལ་མཁན་རིན་པོ་ཆེ་མཇལ་བ་དང་ཆོས་ཞུའི་བཞེད་ཆེན་པོ་ཡོད་ནའང༌། གསང་སྟབས་ནས་ནུབ་ཆོས་ལུང་དུ་འཕྲལ་ཕེབས་ཤར། ཆོ་འཕྲུལ་གྱི་རིང་ལ་སྒྲོལ་མ་ལྷ་ཁང་དུ་གསུང་རབ་རྣམས་ལ་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་བྱས། དེ་སྐབས་ཀུན་དགའ་ཆོས་ལྡན་ པ་ལོ་གསུམ་གྲོལ་ཞིང༌། མཁན་རིན་པོ་ཆེའི་དགོངས ་པའང་གྲོལ་བ་ནས་ངེད་ཀྱི་ཟླ་ལ་བྱུང༌། ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་ཤར་ཕྱོགས་སུ་བསྐྱོད། དེ་གོང་བློ་བདེ་ནས་ཡུམ་དྲུང་གཤེགས་པའི་དམིགས་ལྟས་གསལ་པོ་ཞིག་བྱུང་བ་སྐབས་འདིར་དངོས་གསལ་དུ་གྱུར། བཅུ་བདུན་གྱི་ཉིན་སྟག་ལུང་རྫོང་རྩེར་སླེབ། ཡབ་སྲས་རྣམས་དང་མཇལ། ཕྱག་གི་རྟེན་མཇལ་རྣམས་ཞིབ་པར་བྱས། རྗེ་བཙུན་ཨོ་རྒྱན་མཚོ་མོའི་སྐུ་སྐྱེ་ཡེ་ཤེས་དབང་མོ་དང་ཡང་མཇལ་བ་རྨི་ལམ་བཟང་བར་མངོན་པ་ཙམ་བྱུང༌། ཡར་འབྲོག་བསམ་སྡིངས་པ་རང་གི་ཕྱག་གི་རྟེན་མཇལ་རྣམས་ཞིབ་ལེན་བྱས། སྡེ་པ་གཡུ་ལོ་བའི་ནང་རྟེན་སྨན་པའི་རྒྱལ་པོའི་གསེར་སྐུ་ལ་རབ་གནས་བགྱིས་ཤིང༌། སླར་ཡོན་མཆོད་ལྷན་དུ་སྟག་ལུང་བླ་བྲང་དཀར་པོར་ཕེབས། ནཻ་གུའི་ཁྲིད་དགོས་ཕེབས་པ་ལྟར་སྒྱུ་ལུས་དབང་མོ་ཆེས་སྒོ་ཕྱེ་ནས། ཁྲིད་ཚུལ་ཤིན་ཏུ་སྨིན་པ་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་ཕུལ། ཆོས་རྗེ་སྔགས་རམ་བས་གསོལ་བ་བཏབ་ནས། སློབ་དཔོན་རིན་པོ་ཆེས་དུས་ཀྱི་འཁོར་ལོའི་དབང་ཁྲིད་ཡོངས་སུ་རྫོགས་པར་གནང་སོང་ཞིང་དམ་པོ་རྒྱག་པའང་མང་དུ་བྱུང༌། དེ་སྐབས་སྡེ་པ་བསྟན་འཛིན་དྲུང་གིས་དངོས་ལ་མཇལ་རེས་ཀྱི་ཕྱག་རྟེན་བཟང་པོ་འཆག་མེད་མཛད། བཀྲ་ཤིས་ཁ་བཏགས་བཟང་བ་རང་ཡང་ཕྱེད་ཉིས་བརྒྱ་ཙམ་བྱུང་ཞིང༌། དེ་ཐམས་ཅད་ལྷ་ས་དང་རྭ་བསྒྲེང་གི་བར་དུ་སྙན་དར་འབབ་ཞིག་ལ་ཕུལ་བས་གཉིས་ཐང་དུ་དགེ་ཚོགས་འཕེལ་བར་བྱུང་ངོ༌། །ང་ནི་བླ་མ་
ནོར་པོ་ཆེ་དེ་མིན། གང་ཡོད་དགེ་བ་ལ་གཏོང་མཁན་ཅིག་དེ་དུས་ནས་ཡིན། སྡེ་དཔོན་དང་མི་ནག་པ་ལ་ཡོན་གནས་འཆོལ་མཁན་གྱི་བླ་རྫུས་ཚོ་དང་ཅུང་མི་འདྲ་ལགས། དེ་ནས་ཛོ་གི་མང་པོ་དང་ཡང་ལམ་སྡེབས་བྱུང་སྟེ་རང་ཡུལ་དུ་བརྟོལ། དྲིན་ཅན་གྱི་མ་དང་མཇལ་ཞིང་ཞག་ཤས་བག་ཕེབས་པར་བསྡད། ཆུ་བོ་རིའི་གྲུ་ལ་ཐོན། ཀུན་ཆོས་པ་ཡར་འབྲོག་ནས་གཟུང་ནས་ཆུ་ནད་བྱུང་བ་ལ་སྨན་དཔྱད་སོགས་གང་དྲག་བགྱིས་ཀྱང་མ་ཕན་ཏེ། སྐྱོར་མོ་ལུང་དུ་སླེབ་ཙམ་ཡོད་ལ་རེ་བའི་བློ་འདུན་ཡིན་ནའང༌། ཆུ་ཤུལ་གླ་རའི་གོང་ཙམ་དུ་འདས། འོན་ཀྱང་ཕུང་པོ་ལ་འཇའ་ཚོན་ཟུག་པ་སོགས་ཡ་མཚན་པའི་རྟགས་མང་དུ་བྱུང༌། གྱེ་རེ་ལྷ་ཁང་དུ་ཚ་ཐོག་ལ་སླེབ། བྲིས་སྐུ་ཁྲག་འཐོར་མའི་རྟེན་མཇལ་དགོས་ཚུལ་ཞལ་ངོ་རྣམས་ལ་འཕྲོད་ཕུལ་བས། རྗེ་དམ་པའི་སྐྱེ་བ་ཡིན་ན་རང་རེའི་རྗེ་སངས་རྒྱས་རས་ཆེན་དངོས་ཡིན་འདུག་པས་མཇལ་དགོས་པར་འདུག དེ་མིན་བྲིས་སྐུ་རྟེན་མཇལ་ལ་བསྐུར་གཏོང་གསུང་ནས་བརྟག་བསྒྲིལ་མཛད་པས་བརྟག་པ་ཐོན་གསུང༌། དེ་འཕྲལ་ལྷ་རིན་པོ་ཆེ་སྐུ་མཆེད་གཉིས་ཅར་ཕེབས་ཏེ། ཕྱག་སོགས་གུས་པའི་བཀུར་བསྟི་དཔག་ཏུ་མེད་པ་མཛད། རྟེན་མཇལ་རྣམས་ཀྱང་ཤིན་ཏུ་ཞིབ་ཅིང་བློ་ཁོག་ཚིམ་པར་ཟུང༌། བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཞིག་ཀྱང་ཕུལ། སང་ཉིན་སྙེ་ཐང་འོར་གྱི་ལྷ་ཁང་རྣམས་མཇལ། རིམ་པས་སྐྱོར་མོ་ལུང་དུ་འབྱོར། ཞབས་དྲུང་ཡུམ་དྲུང་དང་མཇལ་བས་ཤིན་ཏུ་དགྱེས་པའི་ངང་ནས་ དགོངས་བཞེད་ཀྱི་དབང་ཆོས་ཅི་རིགས་པ ་ཕུལ། ཞག་བཞི་ཙམ་བསྡད། དེ་ནས་དཔལ་གྱི་ཆོས་འཁོར་ལྷ་སར་སླེབ་ཅིང་ཞག་བཅུ་གསུམ་ཙམ་བསྡད། ཉིན་རེ་བཞིན་འཕྲུལ་སྣང་རང་ལ་རྟེན་མཇལ་ལན་གཉིས་མ་རེ་དང༌། ར་མོ་ཆེར་ལན་རེ་འཆག་མེད་དུ་ཕྱིན། དེ་སྐབས་རྒྱུ་དངོས་བཟང་པོ་མེད་ནའང་གང་ཡོད་མཆོད་རྫས་ལ་འབུངས་ཤིང༌། ཙན་དན་དཀར་དམར་ཛཱ་ཏི་གུར་ཀུམ་སོགས་དྲི་བཟང་གི་ཕྱེ་མ་ཀ་ཏོ་ར་དོ་ཙམ་ཞིག་ལ་སེར་ཞོ་བཅུ་
དྲུག་ཙམ་བསྲེས། ཉིན་རེ་བཞིན་སྐུ་རྣམས་ལ་གཏོར། དྲི་བཟང་གི་བདུག་སྤོས་དང་སྙན་དར་ཀྱང་རང་བློ་ཚིམ་པར་འབུལ་རྒྱུ་བྱུང༌། ལྷ་ས་རང་དང་ར་མོ་ཆེ་དང་ལྷ་ཁང་རྨེ་རུ་ཕོ་བྲང་དམར་ལྕགས་གྲིབ་མདའ་ལྷ་ཁང་ཚུན་ཆད་ཀྱི་ལྷ་ཐམས་ཅད་ལ། གསེར་ཞལ་ཡང་བཟང་རབ་བྱུང༌། ལྷ་ཁང་སོ་སོར་སྨོན་ལམ་ཡང་མང་དུ་བཏབ། དེ་ནས་ཡེར་བ་མཇལ་བར་ཕྱིན། སྟག་ལུང་ནས་དཔོན་སའི་དྲུང་ཤིན་ཏུ་དགྱེས་པའི་རིང་ནས་ཞག་ཤས་བསྡད། ཞབས་དྲུང་སྟོབས་རྒྱས་དྲུང་འབྲི་གུང་ཕྱོགས་ནས་དེར་ཕེབས་པ་དང་མཇལ་ཤིན་ཏུ་དགྱེས་པར་བྱུང༌། དེར་སྟག་ལུང་ནས་འབོད་མི་གནང་བྱུང་བ་བཞིན་ཡེར་པའི་ལ་རྒྱབ། ཇོག་པོའི་ནང་ལ་བབས་ཡོངས། མཁར་རྩེ་བའི་སྡེ་པ་རྒྱལ་བུ་ཡེར་བ་མཇལ་བར་ཕེབས་པའི་ཕྱག་གཡོག་རྣམས་དང་ལམ་དེར་འཕྲད་བྱུང་ཞིང༌། སྡེ་པ་རང་ལམ་གཟུར་བ་ཙམ་མཛད་སོང༌། དེ་ནུབ་གཉག་གྲོང་དུ་བསྡད། སང་ཉིན་ལྷུན་གྲུབ་རྫོང་དུ་སྲས་ཡུམ་ཚོར་ཚེ་རྟ་སྦྲགས་མ་ཞིག་དགོངས་བཞེད་ལྟར་ཕུལ། སང་སྔ་བར་ཕྱག་ལ་བརྒལ་ཕྱིན་མཚམས་གྲྭ་ནང་གླིང་གསུམ་གྱི་མཁན་སློབ་མི་སྣ་སོ་སོ་དང་བཅས་པ་རྣམས་ཇ་འདྲེན་དང་བསུ་བར་ཕེབས། ཉིན་ཕྱེད་ཙམ་ལ་གླིང་གི་དགེ་འདུན་རྣམས་ཀྱིས་བསུ་བ་རྒྱ་ཆེན་པོ་དང་བཅས་ཏེ་གཟིགས་སྤྱིལ་དུ་འབྱོར་གནངས་ཉིན་དེ་གཟའ་སྐར་བཟང་བ་ཡོད་འདུག་པ་ནས། མཆོད་ཁང་རྩེར་རིགས་བརྒྱའི་མགོན་པོ་སྤྲུལ་པའི་སྐུ་ངག་དབང་རྣམ་པར་རྒྱལ་བའི་ཞབས་དྲུང་དང་མཇལ། ཤག་བྱང་དུ་སྣ་ལེན་གྱི་བཞུགས་གྲལ་བཟབ་རྒྱས་སུ་གནང་ཞིང༌། ཕྱག་རྡོར་འཆི་བདག་འཇོམས་པའི་ཚེ་དབང་དེ་ཉིད་ཆོས་འབྲེལ་གྱི་ཐོག་མར་ཞུས་ཤིང༌། དེ་མཚམས་ནས་བདེ་མགོན་ལྷ་མོ་སོགས་ཀྱི་དབང་རྗེས་གནང་སོ་སོའི་ཆོས་སྐོར་ཡོངས་རྫོགས། ཁྱད་པར་སྐུ་རགས་སྐོར་གྱི་འཁྲིད་ཚུལ་ཞིབ་རྒྱས་སུ་སྩལ། འགྲོ་མགོན་རིན་པོ་ཆེ་ཕག་གྲུའི་བཀའ་འབུམ་ནས་ཟབ་བསྡུས་ཀྱི་གླེགས་བམ་གཅིག་ཙམ་དང༌། སྟག་ལུང་ཐང་བ་ཆེན་པོའི་བཀའ་འབུམ། གཞན་ཡང་རྒྱུད་སྡེ་མང་པོའི་ལུང་སོགས་ཐོབ་ཅིང༌། དངོས་ཀྱིས་ལྷ་ཁང་ཤོད་དུ་ཚོགས་པ་རྣམས་
ལ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་དང༌། ནཻ་གུ་སོགས་ཅི་རིགས་པར་བཤད། བཀའ་ནན་ཆེར་སྩལ་བ་ལ་བརྟེན་ཏེ། ཞབས་དྲུང་དུ་འཇམ་དཀར་གྱི་རྗེས་གནང་ཞིག་གིས་ཐོག་མའི་ལེགས་བྱས་ཀྱི་སྒོ་ཕྱེ་ནས། དགོངས་བཞེད་ལྟར་ཆོས་བཀའ་ཅི་རིགས་པ ་ཕུལ། འདི་སྐབས་སྟག་ལུང་དུ་ཟླ་བ་ཕྱེད་དང་གཉིས་ཙམ་སོང༌། བར་སྐབས་ཤིག་རྭ་བསྒྲེང་མཇལ་བར་ཕྱིན། ཕར་ལམ་སེར་གླའི་གནས་མཇལ་བྱས་ནས་ཕུ་མདོར་སྡེ་པ་ཡབ་སྲས་རྣམས་དང་ཡང་མཇལ། རྭ་བསྒྲེང་དུ་ཞག་པོ་བདུན་ཙམ་བསྡད། གསེར་ཞལ་དང་མཆོད་པ་སོགས་རང་ལ་བལྟོས་པའི་གང་གྲག་འབུལ་རྒྱུ་བྱུང༌། འདི་སྐབས་རྗེ་གྲོག་ཁ་བ་དང་ཡང་མཇལ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་ཞིག་ཞུས། སྟག་ལུང་ནས་ཕྱིར་འོངས་དུས་ཞབས་དྲུང་རྩེར་རྟེན་འབྲེལ་གྱི་བཀྲ་ལེགས་པའི་དབང་དུ་བྱས། ཚེ་རིང་མཆེད་ལྔའི་རྗེས་གནང་ཞིག་ཞུས་ཤིང༌། བརྟན་བཞུགས་བཟབ་རྒྱས་ཤིག་ཀྱང་ཕུལ། ལྷ་འཕྲེང་གི་རྣམ་པས་ཆར་བརྡུངས་ཡང་ཡང་བྱུང༌། དེ་ནུབ་དབུ་མ་བའི་ནང་དུ་བསྡད། སང་ཉིན་པོ་ཏོའི་གནས་མཇལ་བྱས་ཏེ། ལྷུན་གྲུབ་རྫོང་བརྒྱུད་ལྕང་ལུང་ཆོས་སྡིངས་སུ་ཞག་བཞི་བསྡད། ཚོགས་ཆོས་འཆག་མེད་དང་སོ་སོའི་འདོད་ཆོས་ཅི་རིགས་པ་བཤད། སྤྱན་སྔ་རིན་པོ་ཆེས་འབོད་མི་ནན་ཅན་གནང་བ་ལྟར་གླང་ཐང་དུ་ཕྱོགས་ཁྲོམ་ཆེ་གྲགས་པས་མ་ཤོགས་ནས་ཁོང་ཚོ་བྱིངས་ཀྱིས་བྱང་སྒོ་ལ་བྱོན། ངེད་ཀྱིས་ཆས་བརྫུས་ནས་ཤར་སྒོ་ལ་འོངས། ཕྱིས་ཁོང་ཚོས་ངེད་ལ་གླང་ཐང་འཛིན་བདག་ཁྱེད་དགོས་ཚུལ་གླེང་སླང་མང་པོ་བྱུང་ནའང་བྱེད་མི་དགོས་པའི་རྟེན་འབྲེལ་དུ་སོང་འདུག ཞལ་ལྔ་ཙམ་བསྡད་དེ་ཆོས་དང་འབྱོར་པ་ཤིན་ཏུ་རྒྱས་པར་བྱུང༌། དེ་ནས་སྒོ་ལ་ལ་ཐོན་ནས་སླར་ཡང་ར་ས་འཕྲུལ་སྣང་དུ་སླེབ། ཞག་དྲུག་ཙམ་ཞིག་བསྡད། འདི་སྐབས་ནས་འབྲང་དུ་སྡོད་སྐབས་ཡན་ལ། དྲུང་སྔགས་འཆང་དོན་གྲུབ་པ་ལ་རང་གི་ཕ་མེས་ཚོའི་ཉམས་བཞེས་ཀྱི་ཆོས་མང་དག་ལ་དོགས་གཅོད་དང་གསར་དུ་ཞུ་བ་སོགས་བྱས།
དེ་སྐབས་ཆུ་ཤིན་ཏུ་ཆེ་བས་ལྷ་ས་དང་ར་མོ་ཆེའི་བར་གྱི་ཆུ་ལ་ཡང་ཀོ་བ་གཏོང་དགོས་ཞག་ཁ་ཡར་བྱུང༌། སྐོར་ལམ་ཐམས་ཅད་ཀྱང་ཆུས་ཁེངས་ཤིང་ཆུ་རགས་འཕྲལ་འཕྲལ་བརྩིགས་ཀྱང་འཕྲལ་འཕྲལ་ཞིག་འགྲོ་བའི་མི་ཐམས་ཅད་སུན་ཞིང་གཙུག་ལག་ཁང་ལ་ཆུ་ཉེན་ཤིན་ཏུ་ཆེ་བར་འདུག་སྟེ་དཀའ་ཚེགས་ལ་མ་འཛེམ་པར། ཇོ་མཇལ་ལ་ལན་གཉིས་གཉིས་དང༌། ར་མོ་ཆེར་ལན་རེ་འཆག་མེད་དང༌། ཆུ་གསེབ་ལ་ཡང་སྐོར་བ་གཉིས་གསུམ་རེ་གང་འགྲུབ་བྱས། རྟ་སྐྱོག་ཞོན་ནས་འགྲོ་བ་ཁད་དེ་འདྲ་ཡེ་མ་བྱས། དེ་ནས་ཤུན་དུ་ཞབས་དྲུང་གྲགས་པ་རྒྱ་མཚོ་དང་མཇལ་ཞིང༌། ཤིན་ཏུ་དགྱེས་པའི་ཕྱག་སོགས་བཀུར་བསྟི་དཔེ་མེད་གནང༌། ཆུ་རྒྱས་པས་འཛའ་འཕྲང་ཛོ་འཕྲང་ལ་མི་ཐར་བ་འདུག་པས། བང་ལ་ཟེར་བ་རི་མཐོན་པོ་ཞིག་བསྐོར་ཏེ་ཉི་མ་ཕྱེད་ཡོལ་ལ་འགའ་གྲོང་དུ་སླེབ། སྔར་འདྲིས་མེད་རུང་འགའ་གྲོང་གི་གཉེར་པས་གཞིས་ལེན་བཟང་པོ་དཔེ་མེད་བྱས། མགྲོན་པོའི་བསོད་ནམས་ལམ་གྱི་དཔེར་བྱུང༌། འཇངས་པའི་སྡེ་པ་ཞལ་ངོ་རྣམས་ལ་མ་ཎིའི་ལུང་ཞིག་བྱས། འཇངས་དང་འཚར་པ་སྣའི་བར་ཡང་འཕྲང་གི་ལམ་ཆུས་ནུབ་ནས་རྟས་འགྲོ་མི་ཐུབ་པ་འདུག་པས་བྱེ་ལ་ཞིག་ལ་བཅད་ནས་འོངས། རྟ་ཁལ་སོགས་ཆད། ལ་ཤིན་ཏུ་གཟར་བས་སྦྱོང་སྤྱོད་ཆེ་བར་བྱུང་བས་འཚར་པ་སྣའི་ནེ་ཐང་དེར་ཅུང་ཟད་ངལ་གསོ་ཡིན་བསྡད། དགོན་པ་ན་རྒྱང་ནས་དཔོན་སའི་དྲུང་བཞུགས་འདུག་པས་འབོད་མི་བྱུང༌། དེ་ནུབ་བླ་མ་ལྷ་ཁང་དེར་བསྡད། ཞག་གཅིག་ཤིན་ཏུ་སྐྱིད་པར་བྱུང༌། ནང་བར་ཆུ་ཤུལ་དུ་མཐུན་རྐྱེན་བཟབ་མ་མཛད། ཆོས་འབྲེལ་ཞིག་ཀྱང་བྱས། ཁོང་ཞལ་ངོ་རྒན་པ་རྣམས་མོས་གུས་སྐྱེས་བསྟན་འཛིན་རིན་པོ་ཆེའི་གསུང་ཆོ་ཟོང་མར་སོང་ཟེར་བར་གདའ། སང་ཡོལ་རི་གོང་དུ་སླེབ་ཙམ་བྱས། སྨྱུག་ལར་སྡེ་པ་དཔལ་བཟང་པ་ལ་རྩྭ་ཤིང་གི་མཐུན་རྐྱེན་དགོས་ཚུལ་ཞུ་བར་མ་ཎི་བ་དགེ་འདུན་རིན་ཆེན་གྱིས་ཕྱིན་ཀྱང་མཐུན་རྐྱེན་ནི་སྣ་གཅིག་ཀྱང་མ་བྱུང༌། རི་གོང་དུ་ཞག་གསུམ་བསྡད། རང་བྱུང་མགོན་པོ་ལ་ཕྱག་
མཆོད་སྨོན་ལམ་ཡིད་ཚིམ་བར་བྱས། དེ་ནས་ལྷུན་རབ་ཏུ་འབོད་མི་ནན་ཅན་བྱུང་བ་བཞིན་ཕྱིན། གཞའ་རི་སྐྱེད་ཚལ་བ་རྣམས་ནང་འཁྲུག་གི་སྐབས་ཤིག་ན་འདུག་ཞལ་ངོ་རྣམས་ཀྱིས་གཞི་ལེན་བཟབས། དེའི་སང་འབྲང་མདའི་ཆུགས་ལ་འཐོན་འབྲང་ཕུ་དགོན་པར་སླེབ། དེ་མཚམས་སློབ་དཔོན་རིན་པོ་ཆེ་བསམ་སྡིངས་ལ་ཕེབས། ངེད་ཀྱིས་ཟླ་བ་གཅིག་ཙམ་བསྡད་ཅིང༌། མི་ངོ་རྣམས་ལ་ནཻ་གུའི་ཁྲིད་ཅིག་ཀྱང་བཤད། ཨ་ཁུ་རབ་འབྱམས་བ་ཞིག་བྱུང་འདུག་པ་ཁོང་གི་ཕྱག་དཔེ་རྣམས་ལ་བལྟ་རྟོག་འདྲ་བྱས། ཚད་མ་མདོའི་གཞུང་ཞིག་འདུག སློབ་དཔོན་རིན་པོ་ཆེ་ཚད་མའི་དཔེ་ཆ་བཟུང་བ་ལ་ཤིན་ཏུ་དགྱེས་པར་འདུག་པས། ཀུན་ལས་བཏུས་ཀྱི་གཞུང་དེ་བྱང་བར་བཟུང༌། དེ་ནས་དཔལ་དེ་བརྒྱུད་གཡུ་མཚོ་ལ་ཀོ་བ་བཏང་སྟེ་སྒོ་ལུང་བར་སླེབ། ཡུལ་པ་དང་དགོན་པ་སོ་སོར་ཚེ་དབང་སོགས་འདོད་ཆོས་འདྲ་བཤད་ནས། ལྷུན་གྲུབ་སྨོན་མཁར་དུ་སྡེ་པ་བསྟན་འཛིན་དྲུང་དང་མཇལ། དེ་མཚམས་ནས་ཟླ་གཅིག་མཚམས་དམ་པར་བཅད། མི་གཡོ་བ་སྔོན་པོའི་བསྙེན་པ་ཞིག་བྱས། དེ་གྲོལ་མཚམས་འཛམ་གླིང་ཆོས་འཁོར་ནས་རིན་པོ་ཆེ་གྲགས་པ་ལྷུན་གྲུབ་པ་གཙོ་བོར་བྱོན་པའི་དོ་ནང་གི་བླ་མར་སྨོས་པ་བདུན་བརྒྱད་ཞིག་དང༌། གཞན་ཡང་དོན་གཉེར་སུམ་ཅུ་སྐོར་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། ནཻ་གུའི་ཁྲིད་ཚུལ་ངག་ནས་བཤད་ཅིང༌། ལྷག་མ་ཁྲིད་བརྒྱ་ལུང་ཁྲིད་ཀྱི་ཚུལ་དུ་རྫོགས་པར་བཏང༌། གསང་འདུས་སྒྲོན་གསལ་གྱི་དཔེ་ཞིག་སྟེར་མཁན་བྱུང་བ་དགའ་བ་དང་གུས་པ་ཆེན་པོས་བལྟ་རྟོག་ཀློག་འཐེམས་པ་ཞིག་བྱས། དེ་སྐབས་གོ་རྟོགས་ནི་གཅིག་ཀྱང་མ་བྱུང་ཡང་ཕྱིས་གོ་བ་རང་ཞིག་བྱེད་སྙམ་པའི་ཞེ་དམ་བྱས། དགོན་པ་ལྷ་ལུང་དུ་ཕྱིན་པས་ཡ་མཚན་པ་ཅིག་ཡོད། རིམ་པས་ཡོན་མཆོད་ལྷན་ཅིག་རྒྱགས་ཀྱི་གཞིས་ཀར་ཕེབས་སང་སྔ་བར་བྱོན་སྔོན་དུས་མར་པ་དོ་པའི་བཞུགས་གནས་རྒྱགས་མདའི་ལྷ་ཁང་ཞིག་རོ་དེར་ཕྱིན། ས་ཕྱོགས་དེ་གྲུབ་པའི་བསྟི་གནས་སུ་འདུག་པས་གུས་པ་ཆེན་པོས་ཕྱག་དང་སྐོར་བ་ཞིག་བྱས་དར་ལྕོག་ཅིག་བཙུགས། འཛམ་གླིང་ཆོས་འཁོར་
དུ་གུང་ཚིགས་བྱས། སྣ་དཀར་རྩེའི་ཀླུ་སྡིངས་སུ་སླེབ། དེ་ནུབ་རྨི་ལམ་དུ་བུད་མེད་ཅིག་ན་རེ། མར་དོ་ལོ་ཙཱ་བ་དེ་བདེ་མཆོག་འཁོར་ལོ་རང་ཡིན་ཏེ་མཁས་སུ་རེ་བ་འགའ་ཞིག་གིས་སྐུར་པ་བྱེད་ཀྱིན་འདུག ཁྱེད་རང་མར་དོའི་གསུང་ལ་ལྟོས་དང་འཁོར་ལོ་སྡོམ་པའི་ངེས་གསང་རྣམས་དེ་ན་ཡོད་ཟེར་བ་ཞིག་བྱུང༌། ཕྱིས་གླང་མཚོའི་འགྲམ་དུ་བུད་མེད་ཁྱིམ་མ་གཅིག་གིས་ལྔ་ཚན་གཅིག་བྱིན་པའི་སྡེབས་ལ་མར་དོའི་འགྱུར་རྩ་རྒྱུད་མཆན་མ་གཅིག་བྱིན་བྱུང་བ་དེ་ལ་བལྟས་དུས་རྒྱུད་ཀྱི་ཚིག་དོན་འགའ་རེའི་གོ་བ་ལ་ཕན་པ་བྱུང་བ་དང༌། ལར་ཕྱི་ནང་གི་བྱང་ཕྱོགས་སྐོར་དོ་བ་ལུགས་བཤད་པ་བཟང་པ་ལ་ལྟ་བ་འདྲ། གཞན་དམིགས་གསལ་རང་ནི་མ་བྱུང༌། དེ་ནས་ངེད་ཡོན་མཆོད་ལྷན་དུ་མཁའ་རོ་གངས་ཕུག་ཏུ་ཕེབས། ཞག་པོ་ལྔ་པ་ཞིག་བསྡད། དེ་ནས་གནམ་གྲུ་བཞིར་སྡེ་པ་གྲྭ་ལྔའི་དྲུང་དང་མཇལ་བྱུང༌། རྒྱལ་རྩེར་སྡེ་པ་ཞལ་ངོ་རྣམས་ལ་ཚེ་དཔག་མེད་ལྷ་དགུ་མའི་དབང་བསྐུར་ཞིག་ཕུལ་ཏེ། དེའི་སང་ཉིན་རྩེ་ཆེན་དུ་སླེབ། དེ་སྐབས་དཔོན་མོ་རྒྱལ་བུ་ཁྲིད་ཕེབས་འཕྲལ་ཡིན། རྩེའི་གཙུག་ལག་ཁང་གི་གནས་བརྟན་ལྷ་ཁང་དུ་ཞག་ཤས་བསྡད་གཙོ་ཆེར་སྒྲོལ་མ་བྱིན་རླབས་ཅན་ལ་གསོལ་བ་འདེབས་ པ་ཁོ་ན་བྱས། ཞལ་ངོ་སོ་སོར་དགོངས ་བཞེད་ཀྱི་ཆོས་འདྲ་ཕུལ། འདི་སྐབས་ཆོས་སྡེར་རྒྱང་ཙམ་བསྡད་ཅིང་སོ་སོའི་འདོད་ཆོས་འདྲ་བཤད། དེ་ནས་མར་ལམ་སྟག་ཚེར་གྱི་གོང་ཙམ་དེར་ཡུར་བ་ཞིག་ན་འོད་འཚེར་བ་འདུག་པས་མགྱོགས་པོར་ཕྱིན་ནས་བླངས་ཙ་ན། དོན་ཞགས་ཁ་ཆེ་པཎ་ཆེན་ལུགས་ལྷ་ལྔའི་རྡོ་སྐུ་ཞིག་བརྙེད། དེ་ནུབ་རང་གནས་བསམ་སྡིངས་སུ་སླེབ། དེ་སྐབས་ཧོར་ཟླ་བཅུ་པའི་འཇུག་ཡིན་ཞིང༌། བཅུ་གཅིག་པ་ཚེས་འཕྲལ་མཚམས་བསྡམས་ཟླ་བ་གསུམ་དུ་གཤིན་རྗེའི་གཤེད་ཀྱི་རིགས་འདྲའི་བསྙེན་པ་དང༌། དེ་རྗེས་ཟླ་བ་གཉིས་བསྟན་སྲུང་གི་བསྙེན་པ་འདྲ་བྱས། འདི་སྐབས་རྨི་ལམ་གྱི་ལྟས་རྩུབ་འགྱུར་ཆེ་བ་མང་པོ་བྱུང༌། ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔ་
ལ། དཔལ་ལྡན་བླ་མ་དམ་པ་མཁས་པའི་དབང་ཕྱུག་སློབ་དཔོན་རིན་པོ་ཆེའི་དྲུང་གིས་དོན་གཉེར་མང་དག་ཞིག་གི་ངོར། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཏེ། དབང་བསྐུར་ཆ་གསུམ་བཞི་གནང་བར་སྒོ་དོད་པ། དངོས་ཀྱིས་ཀྱང་བདག་པོ་ཆེན་པོའི་དབང་གི་བར་རྫོགས་པར་ཞུས། འདིའི་གོང་ཙམ་དུ་ཆོས་ལུང་བྱང་རྩེར་མཆེད་གྲོགས་དཔལ་སྡིངས་པས། གཞུང་པའི་ཁང་པ་ལ་མེ་བཅུགགཞུང་པས་ཀྱང་དཔལ་སྡིངས་པའི་ཆས་ཀ་མང་པོ་བཅོལ་པོའི་ས་ནས་བསྐོར། གཉིས་ཀར་བླ་མ་དམ་པས་ཆོས་ལུང་ནས་འབུད་པ་གནང་འདུག སྐབས་འདིར་དཔལ་སྡིངས་པ་བསམ་སྡིངས་སུ་སླེབ་བྱུང་ཆས་ཀ་སོགས་གང་དྲག་བྱིན་ནས་བརྫངས། ཁོང་སྨོན་འགྲོ་བའི་རྩ་མི་རང་ཡིན་ཏེ་རང་ལ་ཚུགས་ཁ་མ་བྱུང་ཙ་ན་གནས་སྐབས་དེར་ཁྱི་བསྐྱུར་ཝ་བསྐྱུར་ལ་སོང༌། དེ་ནས་རིམ་པས་ཁྲི་ཁང་དུ་ཟླ་བ་ཕྱེད་ཙམ་བསྡད་སྡེ་ པ་རྗེ་དྲུང་དང་ཞལ་ངོ་གཞན་སོ་སོར་དགོངས ་བཞེད་ཀྱི་ཆོས་ཐན་ཐུན་ཕུལ། དེ་ནས་སྣར་ཐང་དུ་ཞག་བཅུ་བདུན་ཙམ་བསྡད་སྡོད་ས་བྱམས་ལྷ་ཁང་དུ་བྱས། ཟེར་བཞིའི་སློབ་དཔོན་སོགས་དགེ་བཤེས་མང་དག་ལ་ནཻ་གུ་དང་སྙིང་པོ་དོན་གསུམ་བཤད། བྱང་ཆེན་ལ་ཉིན་འཁོར་ཞིག་མཇལ་དུ་ཕྱིན། དེ་ནས་ལུ་གུ་རིར་ཞག་གཅིག་བསྡད། ཆུ་མིག་གི་རྗེ་བཙུན་མ་བཞུགས་ཀྱིན་འདུག་པས་ཕྱག་མཆོད་སྨོན་ལམ་མང་དུ་བྱས། སྲད་རིན་ཆེན་རྩེར་སྨྱུག་གྲོང་ནས་མཆོག་ལགས་ཀྱིས་བཟབ་མ་མཛད། བྱི་ལོའི་སྡེ་གཟར་གྱི་འགོ་ཡང་མངོན་དུ་གྱུར། དེ་ནས་བཟང་ངུའི་ལ་བརྒྱུད་བཀྲས་གླིང་དུ་གཏིང་སྐྱེས་ནས་ཞལ་ངོ་ཐམས་ཅད་བསུ་བ་ལ་ཕེབས་ཆོས་གྲྭར་ཟླ་གཅིག་ཞག་པོ་ཉི་ཤུ་སྐོར་བསྡད་ཅིང་ཞལ་ངོ་རྣམས་ལ་རྣལ་འབྱོར་མའི་བྱིན་རླབས་དང༌། དཔལ་མགོན་ཏྲཀྴད་ཀྱི་རྗེས་གནང་སོགས་རྗེས་གནང་ཟུར་བཀའ་མང་རབ་དང༌། ཆོས་རྗེ་སྟག་སྣ་བའི་དགོངས་བཞེད་ལྟར་དགོན་གསུམ་གྱི་གྲྭ་རིགས་དྲག་
བསྡུས་རྣམས་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང་ཁྲིད་ཚུལ་ཐད་ཐུད་འདྲ་བཤད། དེ་སྐབས་དུས་འཁྲུག་གི་སྐབས་ཡིན། དེ་ནས་ལ་སྨད་ཀྱི་དཀར་ལའི་སྒྲུབ་གནས་དེ་མཇལ་དུ་ཕྱིན་པས་བག་ཆགས་ཅུང་ཟད་ཞིག་སད། བྱང་ཕུག་གི་ཇོ་བོ་མཇལ་ཞིང་ཞག་གསུམ་གྱི་བར་དུ་ཕྱག་དང་སྐོར་བ་ཅི་ནུས་བྱས། དཀར་མེ་སྙན་དར་ཡང་མང་རབ་འབུལ་རྒྱུ་བྱུང༌། སྟག་སྣ་ཆུ་འདུས་ཉི་ཤར་རྣམས་བརྒྱུད་ནས་དྲང་སོའི་མདའ་དེར། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་གྲུབ་པའི་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། བསུ་བར་ཕེབས་པ་དང་ཡང་ཞལ་མཇལ་བོང་ཆུའི་རབ་བརྒལ། མཚོ་སྒོར་དཔོན་ས་ཁྱེ་འདྲེན་གྱིས་བཟབ་མ་བྱས། དེ་ནས་འབྲང་དཔོན་པོའི་སར་ཞག་གཅིག་བསྡད། ཁོང་ཚོས་རུས་གཅིག་པ་ཡིན་ཟེར་བའི་ཞེན་གྱིས་སྤྲུག་སྤྲུག་བསིགས་བསིགས་བྱས། དེ་ནས་ས་ལ་གནས་པའི་འོག་མིན་བྲག་སྟོད་ཡེ་ཤེས་ཀྱི་ཕོ་བྲང་དུ་སླེབ། བླ་མའི་བཀའ་བཀོད་དང་བསྟུན་ནས། སྒྲུབ་སྡེ་རྣམས་ལ་ནཻ་གུ་ཞིག་བཤད། སྔ་ཕྱིར་ཕ་དྲུག་གི་ཡུལ་མི་འཕྲད་དུ་བྱུང་བ་རྣམས་ལའང་ཆོས་ཀྱི་འབྲེལ་པ་རེ་ཐོགས། བླ་མ་རྗེ་བཙུན་གྱི་སྐུ་དྲུང་དུ་གྲུབ་སྙིང་ཨ་མ་ན་སིའི་སྐོར་ཡོངས་རྫོགས་དང༌། ཆོས་ཆུང་བརྒྱ་རྩའི་སྐོར། བཀའ་བརྒྱུད་ཀྱི་བླ་མ་སྣ་ཚོགས་པའི་རྣམ་ཐར་མང་པོའི་ལུང༌། མ་ཧཱ་མཱ་ཡའི་ཁྲིད་ཚུལ་ཞིབ་མོ། གཞན་ཡང་ཟབ་ཁྲིད་ཅི་རིགས་པ་དང་བཅས་པ་ཞུས། ཆོས་རྗོང་གི་ཇོ་བོ་སྤྱན་རས་གཟིགས་ཀྱང་ཕེབས་བྱུང་བ་མཆོད་པ་བཟང་དུ་ཕུལ། དེ་སྐབས་ཟླ་བ་ཕྱེད་གཉིས་ཙམ་སྐུ་གཞོགས་སུ་བསྡད། དེ་ཁའི་དབྱར་ལ་སྟོན་བཏགས་ཀྱི་རིང་དེ་ལ་སློབ་དཔོན་དྲུང་དུ་དབུ་མ་འཇུག་པའི་བཤད་པ་ཡོངས་རྫོགས་དང༌། གཞུང་ཕྲན་འགའི་བཤད་པ་དང༌། དབུ་མ་རྩ་བ་སོགས་གཞུང་ཆེ་བ་འགའ་ལ་གནད་བསྡུས་གལ་ཆེ་ཆེའི་བཤད་པ་རྣམས་ཐོབ་པ་བློ་ལ་ངེས་པར་བྱུང༌། ཕྱིར་ཡོང་སྐབས་ཚོགས་འཁོར་རྒྱས་པ་ཞིག་ཞུས་ཤིང་བརྟན་བཞུགས་ཕུལ། འདི་སྐབས་བླ་མ་རིན་པོ་ཆེས་ནི་ཟླ་བ་ཕྱེད་ཀྱི་བར་དུ་ཞབས་སྐྱིལ་དཀྲུངས་ལན་གཅིག་གནང་བ་མ་ཞིག་
པར་བཞུགས་འདུག །དངོས་ཀྱིས་མཚོ་སྒོ་དང་མང་མཁར་བདེ་སྐྱིད་གླིང་བརྒྱུད། ལྷ་རྩེ་རྫོང་དུ་བདག་པོ་ནམ་མཁའ་རྒྱལ་པོ་དང་མཇལ། ཧོར་ཟླ་དགུ་པའི་ཟླ་སྨད་སྒྲུབ་གནས་ཆོས་ལུང་རྩེར་སླེབ། རྗེ་བཙུན་བླ་མ་དམ་པ་འཇམ་པའི་དབྱངས་དང་ཞལ་མཇལ། དེ་ནས་མི་རིང་བར་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་དབང་ཁྲིད་ཤིན་ཏུ་སྨིན་པ་དེའི་འགོ་ཚུགས། མཻ་ཏྲི་མཁའ་སྤྱོད་སོགས་སྔར་མ་ཐོབ་པའི་ཆོས་སྣའང་མང་དུ་ཐོབ། གསུང་ངག་གི་ཁྲིད་ཚུལ་རྣམས་ཡིག་སྤྱི་ལ་མ་བལྟོས་པའི་སྨར་ཁྲིད་དུ་ཐེབས། རང་གཞན་གྱི་གྲུབ་མཐའི་ངེས་གནས་ཐམས་ཅད་མ་འདྲེས་པར་ཕྱེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་བྱུང༌། འདི་སྐབས་ཆོས་རྗེ་བྱམས་རིན་པ། རིན་པོ་ཆེ་ཀ་བཞི་ནས་ཀྱི་མི་སྣའི་གོ་ཆོད་དང༌། ཁོང་པ་རང་ངེད་ལ་འཕྲད་པར་ཕེབས་པ་ཡང་ཡིན་པར་འདུག གང་ནའང་ཀ་བཞི་ནས་ཀྱིས་འབུལ་བ་ཤིན་ཏུ་བཟབ་པ་རང་གནང༌། དང་པོ་རྗེ་དམ་པས་ཁྱོད་རང་བླ་མ་མ་བྱེད་གསུང་བ་ཡོད་ནའང་བར་སྐབས་སུ་བླ་ཆེན་གྱི་ཁུངས་བྱས་པ་དེ་བཀའ་བཅག་པར་སོང་བས་དེའི་བཤགས་པ་ཡིན་ཞིང་ད་སྒོས་བླ་ཚུགས་མི་ཕྱེད་པའི་དམ་བཅའ་འབུལ། ད་ལྟ་ཡིག་བརྒྱ་འབུམ་ཐེར་ཚར་གང་མའང་བྱེད་ཀྱིན་ཡོད་པའང་དེ་ལ་དམིགས་པ་ཡིན་གསུང་བ་ཕེབས་བྱུང༌། ཁོང་རྣམས་ལ་ཡང་ཆོས་འབྲེལ་བཤད། དེ་རྗེས་ཁྲིད་གྲོལ་ནས་ཞག་གཉིས་ཆོས་མཚམས་ཤིག་གནང་བ། བླ་མ་དམ་པ་སྐུ་ཁམས་ཤིན་ཏུ་ཟི་བའི་ཉེན་ཆེ་བ་རང་ཞིག་བྱུང་བ། སྐུ་རིམ་དུ་གསང་རི་སོགས་གནས་ཆེན་རྣམས་སུ་ཚོགས་མཆོད་རེ་གཏོང་དུ་བཅུགབརྟན་བཞུགས་ཞིག་ཕུལ་བ་བརྟན་བཞུགས་ཀྱི་ཚོགས་གྲོལ་འཕྲལ་སྐུ་ཁམས་དྭངས་སོར་གྱིས་བྱུང་བས་བློ་བདེ་སངས་ཀྱིས་སོང༌། ཞག་བདུན་སྐུ་མཚམས་བཅད་རྒྱ་གནང་བས་སྐུ་ཁམས་ཤིན་ཏུ་དྭངས་པར་བྱུང་ཞིང༌། དེ་ལོ་རྩེའི་བདེ་མཆོག་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་བདག་ལ་གྱིས་བཀའ་བཀོད་ཕེབས་པ་ལྟར་ས་ཆོག་ནས་རྡུལ་ཚོན་སྤྱན་འདྲེན་གྱི་བར་ལྷག་ཆད་མེད་པ་དང༌། དངོས་གཞི་ཉི་མ་བཅུ་གསུམ་
བྱུང༌། དེ་སྐབས་བཀའ་ནན་ཆེར་སྩལ་ཏེ་ཆོས་ལུང་གི་ཁུར་ལེན་བྱེད་དགོས་ཕེབས་པ་ནས། སྤྱིར་དངོས་ཅག་གིས་དགོས་གཞིས་རྒྱ་ཆེན་པོ་འཛིན་ཐུབ་པའི་རིགས་སུ་ཡང་མེད། ད་ལྟ་སློབ་གཉེར་འདྲ་དང་ཐུགས་དམ་འདྲ་ཡོང་དུ་རེ་བའི་འདུན་པ་ཁོ་ན་ཡིན་པ་དང༌། ཁྱད་པར་དགོན་གནས་འཛིན་པའི་བློ་བཞེད་ཀྱང་མེད་པ་དང༌། སྒོས་སུ་སྡེ་ པ་རྣམས་ཀྱིས་ཀྱང་དགོངས ་པར་བདེ་བ་མེད་པས་བཟུང་ཡང་བསྟན་པའི་ཞབས་ཏོག་ཏུ་མི་འགྲོ་བ་དང༌། ཡང་སྒོས་བླ་མ་དམ་ པ་དཔོན་སློབ་བཞུགས་ཕྱིན་དུ་ངེད་རང་ལ་འོས་བབ་མེད་པའི་སྙན་ཞུས་ཞག་མང་པོ་སྦེལ་ཏེ་དགོངས ་གྲོལ་ཞུས་ཀྱང་མ་བྱུང༌། སླར་ཡང་ཞུ་ནན་ཆེས་ན་ཐུགས་ལོག་པའི་རྒྱུད་འགྲོ་བ་འདུག་པས་བཀའ་བཞིན་མི་སྒྲུབ་མཐུ་མེད་བྱུང་ཞིང༌། དེ་ནས་སྐུ་ཇི་སྲིད་འཚོའི་བར་དུ་ཆོས་ལུང་རང་དུ་གདན་ཕབ་པའི་བཞུགས་ས་གནང་དགོས་ཚུལ་གྱི་གསོལ་འདེབས་ཁོ་ན་ཞུས་པ། དེ་སྐབས་ཞལ་གྱིས་བཞེས་པ་ལྟར་བྱུང་ནའང་ལོ་དེའི་ངོ་སྒང་ཙམ་མ་གཏོགས། ཆོས་ལུང་དུ་མ་བཞུགས། ངེད་རྣམས་དེ་སྐབས་ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་ཤར་དུ་ཕྱོགས་ཏེ། ཇོ་ནང་དུ་རྗེ་དྲུང་རིན་པོ་ཆེ་མཇལ། ཀུན་མཁྱེན་ཆེན་པོའི་རྣམ་ཐར་འགའ་རོང་པས་མཛད་པའི་ལུང་དང་སྦྱོར་དྲུག་གི་ཁྲིད་ལུང་མགྱོགས་ཁྲིད་ཅིག་ཞུས། ཇོ་མོ་ནང་གི་ཁྲི་ཐོག་ཏུ་འགོད་པར་མཛད་ཅིང་རྗེ་དྲུང་ཉིད་ཀྱིས་ཕྱག་ནས་ཀྱང་གཏོར། དེ་ནས་བྱ་རྒོད་གཤོངས་སུ་ཡོངས་ཞག་གསུམ་སྡོད་དགོས་བྱུང༌། འོད་དཔག་མེད་ཀྱི་ལྷ་ཁང་དང་ཇོ་བོ་དང་རྣམ་སྲས་ཀྱང་མཇལ། ཇོ་བོ་ལ་གསོལ་བ་བཏབ་དུས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་ཡིན་པ་ལ་དྲི་མས་གོས་པའི་སྐུ་ལས་འོད་མཐིང་ཁ་ཞིག་བྱུང་རང་ལ་ཐིམ་སྙམ་པ་ཞིག་བྱུང༌། མར་ལམ་སྣར་ཐང་དུ་ཞག་དགུ་བསྡད། གཞི་རྒྱང་སོགས་ཀྱི་དཔུང་ཆེན་ཐམས་ཅད་འདུག རིན་སྤུངས་ནས་ས་སྐྱོང་ངག་དབང་འཇིག་རྟེན་དབང་ཕྱུག་ཡབ་སྲས། རྒྱལ་རྩེ་ནས་བདག་པོ་རྒྱལ་བའི་དྲུང༌། སྡེ་པ་གསེར་མ་ནས་དང༌། ཁྱུང་རྩེ་ནས་སྡེ་པའི་དྲུང་སོགས་དང་མཇལ་ཞིང༌། སོ་
སོའི་དགོངས་བརྗེད་ཀྱི་དབང་རྗེས་གནང་རྣམ་གྲངས་མང་བ་ཙམ་ཕུལ། རིམ་སྤུངས་ཞབས་དྲུང་ཡང་དེ་གོང་བརྗོད་སྒོ་སྣ་ཚོགས་ལ་བརྟེན་པའི་ཞུ་འཕྲིན་ཟབ་པ་རང་མེད་རུང༌། དེ་སྐབས་དད་གུས་ཡང་དག་པ་གནང་གིན་འདུག སླར་བསམ་རྩེ་ཀླུ་སྡིངས་སུ་ཞག་གཅིག་བསྡད། ནང་པར་མི་ཕམ་རྒྱལ་བའི་མདུན་ས་ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭར་འབྱོར་མཁན་སློབ་དགེ་འདུན་རྣམས་ཀྱིས་བསུ་བ་མཛད་ཅིང༌། བླ་བྲང་དུ་སླེབ་མ་ཐག་བཀྲ་ཤིས་བརྩེགས་པར་གཞི་ལེན་བཞུགས་གྲལ་བཟབ་མར་བྱུང༌། ཞག་བཞིའི་བར་དུ་ཚོགས་ཆོས་རེ་མ་ཆག་པ་དང༌། གཞན་སོ་སོའི་འདོད་ཆོས་ཅི་རིགས་པར་བཤད། འཕྲད་མི་ཤིན་ཏུ་རྣམ་གྲངས་མང་བས་བྲེལ་བ་ཆེ་བར་བྱུང༌། རང་གནས་བསམ་གཏན་སྡིངས་སུ་སླེབ་འཕྲལ་ནས་ཕྱི་མཚམས་སེ་བྱས། སྤྱིར་སྔ་ཕྱི་ཐམས་ཅད་དུ་ལེ་ལོ་དང་གཡེང་བས་དུས་འདའ་བ་ཞིག་རང་རེའི་མཛད་སྤྱོད་ཀྱི་སྐུ་སྐལ་དུ་ཡོད་ནའང༌། ལོ་འདི་ལ་བརྩོན་འགྲུས་ཀྱང་དགའ་ཚད་ཙམ་བྱས། དེ་ལོ་དུས་གཟིངས་ཤིན་ཏུ་འཁྲུགས་པ་ཡོད་ནའང་ཆགས་སྡང་གི་རྣམ་རྟོག་དང་ཆོས་བརྒྱད་ཀྱི་སྐྱེད་འཕེལ་གཅིག་ཀྱང་མ་བྱས་པར་ཐོས་བསམ་སྒོམ་གསུམ་ཁོ་ན་ལ་བསྒྲིལ་ཏེ། དཔྱིད་གསོས་མདོ་རྩའི་གཞུང་རྫོགས་པར་བློ་ལ་བཟུང༌། མངོན་པ་མཛོད་ཀྱི་དབུ་ཞབས་ཐར་ཆགས་སུ་ཞིབ་བཤད་མཐའ་གཅོད་དང་བཅས་པ། མཁས་པའི་དབང་པོ་བྱམས་པའི་མཚན་ཅན་ཉིད་ལས་ཞུས། དེ་ཡང་ཉིན་ཕྱེད་ནས་ཉི་མ་བཞུད་དུ་ཉེ་བ་ཙམ་གྱི་བར་པཎ་ཆེན་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སྩལ་ཞིང༌། དགོང་མོ་ཐུགས་དམ་གྱི་ཐུན་རྣམས་གྲོལ་བའི་རྗེས་སུ། སྲོད་ལ་བཤད་པ་ཐུན་ཆེ་བ་རང་ལ་ནན་ཆགས་རེ་ཞུས་ཤིང༌། ཐོ་རངས་སྔ་མོ་ཐུན་གྲོལ་མཚམས་སྒྲོན་མེའི་འོད་ལ་དཔེ་བལྟ་རྒྱང་ཙམ་བྱས། སྔ་དྲོ་གདན་བཞེས་གྲོལ་འཕྲལ་མདང་གི་བཤད་པ་དེ་ཉིད་སླར་སྐྱོར་བ་རེ་བྱས། དབྱར་ཀ་འདུལ་པའི་བཤད་པ་ཞུས་ཏེ་སྔར་ལུགས་བཞིན་བྱས། སྟོན་སེར་དེ་སྒྲ་ཀ་ལཱ་པའི་ཀུན་བཤད་
དང་པོ་ཡན་ལ་བློ་སྟེང་ནས་ས་རིས་ཤིན་ཏུ་ཞིབ་པ་ཞུས་ཤིང༌། དེ་མཚམས་རྒྱ་འདྲེའི་ཆོ་འཕྲུལ་ཆེ་བ་བྱུང༌། བླ་མ་དམ་པས་ཀྱང་ཀུན་བཤད་མན་ཆད་སློབ་དཔོན་སྔ་མ་ལ་དཔེ་སྟེང་ནས་གསན། ཕྱིས་ལྷ་ལྡོངས་པ་བཤེས་གཉེན་རྣམ་རྒྱལ་བའི་སློབ་བརྒྱུད་ལ་ཐུགས་སྟེང་ནས་བསླབས་པར་སྣང་བས་རྟོག་དཔྱད་ཙམ་བྱུང༌། དེ་མན་ཆད་དཔེ་སྟེང་ནས་འཛུག་ཁྲིད་རྫོགས་པར་ཞུས། ལོ་སྔ་མ་གཏིང་སྐྱེས་སུ་ཆོས་རྗེ་བློ་བཟང་པ་དང་མཉམ་དུ་སྙན་དངགས་ཀྱི་རྩོམ་རྒྱུགས་ཅི་རིགས་པ་སོང་བ་དེ་སྐབས་འཕྲོ་མ་ལུས་པས། འདི་སྐབས་དེའི་འཕྲོ་ནས་བླངས་ཏེ་རྩོམ་རྒྱུགས་རྫོགས་པར་སོང༌། མདོ་སྡེ་རྒྱན་ལ་རྒྱས་སྲས་ཐོགས་མེད་པའི་ཊཱིཀྐ་དང༌། འབྱེད་གཉིས་ལ་རོང་ཊཱིཀ་སྦྱར་བའི་བཤད་པ་རགས་རིམ་དང་ལུང་ཡང་མནོས་པས་གོ་བ་ལེགས་རབ་ཤར། དེ་ལྟར་ཐ་སྙད་ཀྱི་གཙུག་ལག་ལ་ཅུང་ཟད་བསླབས་ཤིང༌། གཞུང་ལུགས་ཆེན་པོ་རྣམས་ལའང་རོ་བྲོ་བལྟ་བ་ཙམ་རེ་བྱས་པས་ཀྱང༌། ཕྱིས་ཀྱི་མཁས་གྲགས་ཅན་འགའ་ཞིག་གིས་རྩོམ་པ་བྱས་པའི་དཔེ་ཆ་མཐོང་བ་དང༌། མཁས་པ་རྣམས་བཤད་པ་དང་འབེལ་གཏམ་བྱེད་པ་ལ་ཡེ་ནས་རང་འགྲམ་མཆུ་མི་ལྡང་བ་ཙམ་སྣང་ངོ༌། །འདིར་སྨྲས་པ། ཐོགས་མེད་ལུང་རིགས་ཤིང་རྟའི་རླུང་སྟོབས་ཀྱིས། །ཡིད་འོང་ལེགས་བཤད་འོད་སྟོང་འཆར་བ་ལས། གང་བློའི་རྒྱ་མཚོར་མཐའ་དག་ཤེས་བྱ་ཡི། །གཟུགས་མཛེས་ནམ་ཡང་འཆར་བ་སུ་ཡིས་འགོག །དེ་ནས་རྩས་མ་ཕྱེད་ཆོད་ཙམ་ནས་བསྙེན་མཚམས་དམ་པར་བསྡམས་ཏེ། ཆོ་འཕྲུལ་གྲོལ་གྱི་བར་དུ་གདན་བཞི་ཡེ་ཤེས་དབང་ཕྱུག་མའི་དཀྱིལ་འཁོར་དང༌། གསང་འདུས་འཇམ་པའི་རྡོ་རྗེ་གཉིས་ཀྱི་བསྙེན་པ་ཡོངས་རྫོགས་དང༌། དུས་འཁོར་ལྷ་དགུ་ལ་བརྟེན་ནས་རྒྱུད་སྡེ་གཞན་གྱི་རུང་མཐུན་སྦྱར་བའི་བསྙེན་པ་ཞིག་རྣམས་སོང༌། དུས་ཀྱི་འཁོར་ལོའི་ངེས་གསང་གི་ཚིག་དོན་རྣམས་ལ་ཅུང་ཟད་ཅུང་ཟད་སྦྱངས་པ་དང༌། བསྐྱེད་རྫོགས་རྣམས་ལ་ངེས་ཤེས་དད་པ་ཅུང་ཟད་ཐོབ་
པས་སྒོམ་འདོད་ཐུན་མོང་མ་ཡིན་པ་སྐྱེས་ཏེ། སློབ་དཔོན་མཁས་མཆོག་དམ་པར་གསལ་འདེབས་ཞུས་ནས་ཆོ་འཕྲུལ་གྲོལ་མཚམས་ནས་ས་གའི་ཚེས་བཅོ་ལྔའི་བར་དུ་མུན་ཁང་བསྟེན་ཏེ་སྦྱོར་དྲུག་རྩེ་གཅིག་ཏུ་བསྒོམས། དངོས་གཞིའི་མུན་མཚམས་ཞག་གསུམ་ནས་ཟླ་གཅིག་ཙམ་གྱི་བར་དུ་ལུས་ཉམས་མཐོང་ཉམས་ཀྱི་རྟགས་སྣང་སོགས་ཟད་མི་ཤེས་པ་ཉིན་མཚན་ཁོར་མོར་འགྲོ་བ་ཞིག་བྱུང༌། དེ་ནས་ཞག་ཤས་གཅིག་ཀྱང་མ་བྱུང་བས་བཤད་ཚོད་ལྟར་སྤོགས་ཆོག་རྣམས་བྱས། དེའི་རྐྱེན་གྱིས་རྟགས་བཅུའི་རིམ་པས་ཕལ་ཆེར་དང་དོན་དམ་བསྙེན་པ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་རྟགས་དེ་ཡང་བྱུང༌། དེ་ལ་གེགས་སེལ་གྱི་རླུང་སྦྱོར་དང་བྱེད་བཅིངས་དེ་བྱས་པས་གེགས་ཀྱང་མ་བྱུང༌། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ཐིག་ལེ་ལུ་གུ་བརྒྱུད་སོགས་རྟགས་སྣང་རྟག་ཏུ་འཆར་བ་བྱུང་ཞིང༌། དེ་སྐབས་ལུས་གནད་བྱེད་བཅིངས་ལ་བཞུར་པའི་ཚེ་གནས་པ་འཐུག་པོ་ཡུན་རིང་དུ་གནས་པར་བྱུང༌། དེ་ནས་ཟླ་གཅིག་ཙམ་ཞིག་དེ་ཁའི་ངང་ནས་རྨི་ལམ་འཛིན་སྦྱོང་འདྲ་བྱས་པས་ཟིན་སྦྱོང་གཉིས་ཅར་གྱི་སྣེ་ཟིན་ངེས་ཤེས་པ་ཙམ་བྱུང༌། ལོ་སྔ་མ་གླང་ལོ་དང་སྟག་ལོ་འདི་ལ་འབྲུག་པ་སྤྲུལ་པའི་སྐུ་གཙང་དུ་བཞུགས་སྐབས་ཡིན། སྤྱིར་གར་ཕེབས་སུ་འཕྲིན་ལས་འུར་ལངས་པ་ལྟ་བུ་དང་སྙན་གྲགས་ལྷག་པར་ཆེ་བ་རླབས་ཆེན་ལུང་མེད་དུ་སྣང་ནའང༌། སྔོན་གྱི་ལས་སྨོན་ལམ་ཞིག་གིས་མཇལ་མ་ཐུབ། འདི་སྐབས་རྩེ་ཆེན་ཆོས་སྡེའི་ཁ་འཛིན་ཡང་སྤྱིར་དུས་མི་བདེའི་གཡེང་བ་ཆེས་པ་དང༌། ཁྱད་པར་སྡེ་པ་གཟིམས་དཔོན་པ་སོགས་ཀྱིས་བློས་ཆོད་མ་ཆོད་སྣ་ཚོགས་ཀྱི་སྟབས་དགེ་སྦྱོར་འཆག་པ་རང་ཞིག་བྱུང་ནས་སླར་རྩིས་ཕུལ་བས་ཟོས་བདེ་བ་རང་བྱུང༌། ཧོར་ཟླ་ལྔ་པའི་ཉེར་གསུམ་ལ་ཚོང་འདུས་སུ་སླེབ་པར་བྱས་ཞག་བདུན་ཙམ་བསྡད། ནཻ་གུའི་མགྱོགས་ཁྲིད་ཅིག་ཕུལ། སླར་སྣར་ཐང་གི་ཆོས་སྡེར་ཕྱིན་ཟླ་བ་གཉིས་ཙམ་བསྡད། དེ་བར་ལ་སྔ་དྲོ་རེ་བཞིན་སློབ་དཔོན་བཞི་དགེ་བཤེས་དགེ་འདུན་མང་དག་
དང་དོགས་གཅོད་འབེལ་གཏམ་གསུང་གླེང་འཕེལ་བ་དང༌། དེ་ནས་བྱམས་ཁང་དུ་ཕྱག་འབུལ་བརྒྱ་རྩ་རེ་དང་སྐོར་བ་སུམ་ཅུ་རེ། ཉིན་གུང་ཞལ་ངོ་སོ་སོར་ དགོངས་བཞེད་ཀྱི་ཆོས་ཐུན་ཅི་རིགས་དང༌། ཆོས་སྡེ་ཚོགས་པ ་སྤྱི་ལ་བློ་སྦྱོང་གི་ཁྲིད་ཤིན་ཏུ་རྒྱས་པ་དང༌། ཆོས་ཆུང་བརྒྱ་རྩའི་ལུང་སོགས་བཀའ་གདམས་ཀྱི་ཆོས་ཐུན་ཆེ་ངེས་རེ་དང༌། དགོང་མོ་འདུལ་བ་ལུང་གི་གསུང་སྒྲོགས་ཡིད་ལ་གཅགས་པའི་སྒོ་ནས་ཐུན་གང་ཆེ་རེ་བཀླགས་ཟླ་བ་གཉིས་པོ་ལ་ལུང་བཞི་རྫོགས་པར་ཀློག་ཐུབ། གསང་འདུས་རིམ་ལྔའི་གཞུང་དང་སྤྱོད་བསྡུས་སྒྲོན་མེའི་གཞུང་ཉིད་ལ་ལྟ་རྟོག་དང་གོ་བ་བཙལ་བས་ཕལ་ཆེར་ལ་གོ་བ་འབད་མེད་དུ་ཤར། ཕྱིས་ཀྱང་མཐའ་གཅོད་སོགས་ཀྱི་བློ་སྐྱེད་ཆེར་འཕེལ་བ་མ་གཏོགས་གཞུང་ཚིག་གི་གོ་བ་ལ་སྤོད་དགོས་ཆེར་མ་བྱུང༌། དེ་སྐབས་གནས་བརྟན་བཅུ་དྲུག་གི་ཡོལ་ཐང་ཞིག་བསོད་དཔལ་བ་དང་ཚེ་རིང་འཕེལ་གཉིས་ཀྱིས་རི་མོ་མཁན་བྱས་ཏེ་བཞེངས། ཡོལ་ཐང་བཀྲམ་མ་ཐག་གི་ཐོག་མའི་ཚིག་བཀྲ་ལ་ཡང༌། དཔེ་ཆ་སྟེར་མཁན་ཞིག་བྱུང་བའི་ཁ་ཡིག་ཀློག་པས་བཀྲ་ཤིས་དོན་གྲུབ་དང་བཀྲ་ཤིས་རིང་མོ་བཞུགས་ཟེར་བ་ཞིག་བྱུང༌། རབ་གནས་ཟིན་པའི་དགའ་སྟོན་གྱི་སྐབས་སུ། སློབ་དཔོན་པ་རྣམས་ལ་གནས་བརྟན་གྱི་མདོ་དབྱངས་ཤིག་མཛོད་བྱས་པས། ཆོས་རྗེ་དོན་ཡོད་དཔལ་འབྱོར་བ་ན་རེ། དང་པོ་གཅིག་གི་བཀྲ་ཤིས་སྐོར་རེ་མའི་དཔེ་ཡིན། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤོག་རང་ལ་འདམ་གསུང་བ་སོགས་ཚིག་བཀྲ་རྟེན་འབྲེལ་ལེགས་པར་བྱུང༌། དེ་ནས་ཧོར་ཟླ་བརྒྱད་པའི་ཚེས་གཉིས་ཀྱི་ཐོ་རངས་རྨི་ལམ་གྱི་ལྟས་ཤིན་ཏུ་ངོ་མཚར་བ་མང་པོ་དང་ཁྱད་པར་ན་གར་ཀོ་ཊའི་གྲོང་ཁྱེར་ཛ་ལནྡྷ་རའི་རྒྱལ་པོ་གྲུབ་པ་ཐོབ་པ་ཞིག་ཡིན་ཡང་ཟེར། ཤར་ཕྱོགས་ལྭ་བ་པ་ཡིན་ཡང་ཟེར་བ་ཞིག་གིས་ཤ་ཆེན་ཁམ་གཅིག་ངེད་ལ་གནང་བྱུང་ཞིང༌། ཟོས་པ་ན་ལུས་སེམས་བདེ་ཆམ་གྱིས་སོང་བ་སྙམ་བྱེད་པ་ན་གཉིད་སད། དེ་ནས་ནམ་ལངས་ཀྱི་བར་དུ་རིག་པ་དྭངས་ཤིང་
ལུས་སེམས་བདེ་ཆམ་མེ་འདུག ཚ་བ་ཐོན་འཕྲལ་མཉམ་མེད་སངས་རྒྱས་སྒོམ་བའི་གནས་ཆེན་བྱང་ཆུབ་ཆེན་པོར་ཡོན་མཆོད་ལྷན་དུ་ཐེགས། དགོན་པ་ལྷོའི་གཡག་ར་དེར་གུར་འབིབས་པ་མཛད་འདུག་པས་གུར་རང་དེར་སླེབ་ནས་ཇ་སྦྱོར་གཉིས་ཙམ་སོང་མཚམས། རྗེ་བཙུན་སྦས་པའི་སངས་རྒྱས་གུ་རུ་ལྷོ་ཕྱོགས་པ་བུདྡྷ་གུབྟ་ནཱ་ཐའི་ཞབས་ཕེབས་བྱུང་ཞིང༌། དེ་ཡང་ཛོ་གི་མེ་ཏོག་སེར་པོས་ཐོད་བཅིངས་བ་མཐོང་བ་ཙམ་གྱིས་ཟིལ་ཆེ་བ་ཞིག་བྱུང༌། ཇ་སྦྱོར་གཅིག་ཙམ་ཡུལ་གྱི་གླེང་སླང་ཅི་རིགས་པ་ཞུས། དེ་མཚམས་ངེད་ཀྱིས་ཚོགས་སུ་ཁྲི་ཐོག་ཏུ་ཕྱིན་ཁྲི་སྟོན་སོགས་ཀྱི་བྲེལ་བ་ལ་ཡུན་རིང་བར་འགོར། དེ་གྲོལ་མཚམས་ནས་དགོན་པ་བྱང་གི་གཙུག་ལག་ཁང་དུ་སྤོས། གྲུབ་ཆེན་གྱིས་སྟེང་གི་ཐིགས་ཁང་དེར་བཞུགས། བདག་ཆུང་ངུ་ནས་རྒྱ་གར་ཡུལ་དབུས་ཀྱི་འཕྲལ་སྐད་འདི་སུས་བསླབས་མེད་པ་ཞིག་ལ་ཤིན་ཏུ་བྱང་བར་ཤེས་པ་ཞིག་བྱུང༌། འདི་སྐབས་ཙ་ན་ལེགས་སྦྱར་གྱི་སྐད་ཀྱང་མང་རབ་ཤེས་ཤིང༌། ཡུལ་ཐ་དད་པའི་སྐད་རིགས་མི་གཅིག་པ་སྣ་ཚོགས་འདུག་པ་ཀུན་ཡང་ཅི་རིགས་པ་ཕྲན་ཚེགས་ཤེས་ཀྱིན་ཡོད་པ་ནས། ཐོག་མར་ཡུལ་སོ་སོ་དང༌། ཆོས་ལུགས་སྣ་ཚོགས་དང༌། རྒྱལ་རབས་ལ་སོགས་པ་སྔ་ཕྱིའི་ལོ་རྒྱུས་ལས་བརྩམས་ཏེ་དྲི་བ་མང་པོ་ཞུས་པས། གཞན་རྣམས་དང་མི་འདྲ་བར་ལོ་རྒྱུས་དཔྱིས་ཕྱིན་པ་འཐད་ལྡན་འབའ་ཞིག་གསུང་པ་འདུག་པ་དང༌། སངས་རྒྱས་པའི་མཁས་གྲུབ་རྣམས་ཀྱི་ལོ་རྒྱུས་དྲི་བ་ཞུས་པས་ཀྱང༌། ཨ་ཙ་ར་བླུན་པོ་རྣམས་ཀྱི་གཏམ་དང་གཏན་མི་འདྲ་བ་ཤིན་ཏུ་ཡིད་ཆེས་པར་བྱུང་ཞིང༌། དེ་ནས་རིམ་གྱིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཡང་གོ ཕྱག་རྒྱ་བཞིའི་སྙིང་པོ་ཞེས་བྱ་བའི་བླ་མའི་རྣལ་འབྱོར་དེ་ཐོག་མའི་ཆོས་འབྲེལ་དུ་ཞུས། རྡོ་རྗེ་ཕག་མོའི་ཆོས་སྐོར་མང་པོ་དང༌། ཛ་ལནྡྷ་རའི་རྡོ་རྗེའི་གླུ་བི་མུཀྟ་མཉྫ་རིའི་བཤད་པ་དང་མན་ངག་སོགས་ཟབ་དོན་དཔག་ཏུ་
མེད་པ་ཐོག སྒྲོལ་མ་རྣལ་འབྱོར་མའི་དབང་ཞུས་པའི་སྟ་གོན་གྱི་ནུབ་མོ། ངེད་རང་གི་ལྤགས་པ་རྣམས་དྲས་ཏེ་ཤོག་བུ་བྱས། ཁྲག་གི་སྣག་ཚ་བྱས། རྩིབས་མ་ལ་སྨྱུ་གུ་བྱས། བུད་མེད་མཛེས་མ་དྲུག་བདུན་ཞིག་གིས་ཡིན་མཁན་བྱས་ཏེ་རྒྱུད་ཆོག་ཡིན་ཉོག་ཡིན་གྱི་པོ་ཏི་མང་པོ་ཡུད་ཙམ་ཞིག་ལ་བྲིས་གྲུབ། ཤ་རྣམས་ཁོ་རང་ཚོ་ལ་དྲངས། སྐྲས་གླེགས་ཐག་བྱས། ནང་ཁྲོལ་དང་རུས་པ་སོགས་ཡོན་དུ་བྱིན་པ་ཞིག་རྨིས། བླ་མ་ལ་ཞུས་པས་ཤིན་ཏུ་བཟང་གསུང༌། མི་གཡོ་བའི་བྱིན་རླབས་ཞུས་པའི་ནུབ་མོའང་རྨི་ལམ་ཆེས་བཟང་བ་ཞིག་བྱུང༌། ཟླ་ཤས་ནས་ནན་གྱིས་གསོལ་བ་བཏབ་ནའང་བཞུགས་པར་ནི་མ་གནང་བདེ་མཆོག་བླ་སྒྲུབ་དེ་ཆོས་འབྲེལ་གྱི་ཐ་མར་ཞུས་སོ། །གྲུབ་པའི་དབང་ཕྱུག་དམ་པ་འདིའི་བཀའ་དྲིན་གྱིས་ཐེག་པ་བླ་ན་མེད་པའི་གཞུང་ལུགས་ཀྱི་གྲུབ་མཐའ་ལ་སྔོན་མེད་པའི་བློ་སྐྱེད་དུ་མངོན་པ་གྲངས་སུ་བཏབ་པའང་ལྔ་བརྒྱ་ཙམ་བྱུང་བ་ད་ལྟའང་གཅིག་ཀྱང་མ་བརྗེད་བར་བཀྲ་ལམ་མེ་ཡོད། གསང་སྔགས་ཀྱི་གོ་བ་ལ་རྗེ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། །འདི་སྨྲས་པ། གང་གི་ཞལ་ལུང་ལྷོ་ཕྱོགས་དྲི་ལེན་མ། །ངེས་གསང་སྦྲང་རྩིའི་དོག་པས་འཁྱུད་པ་འདིས། །སྙིང་ལ་རེག་པའི་མོད་ལ་མཚན་རྟོག་གི །གདུང་བ་ནམ་མཁའི་དབྱིངས་སུ་ཐིམ་པར་གྱུར། །ཕྱིར་ཕེབས་རྗེས་སུ་ཞག་ཤས་ཡིད་འཕྲེང་ཞིང་སྐྱོ་ཤས་ཆེ་བར་བྱུང༌། བཞུད་བའི་ནུབ་ཐོ་རངས་གཉིད་ཟི་བ་ཞིག་ལ་བླ་མ་ཕེབས་བྱུང་བས་ཡིད་ལ་དགའ་བ་དཔེ་མེད་བྱུང་སྟེ། བླ་མ་ཕེབས་པ་ལེགས་བཞུགས་ས་གང་དུ་མཛད་དམ་ཞུས་པས། ཁྱོད་ཀྱི་མགོ་ལ་ལོ་འབུམ་ཕྲག་གཅིག་སྡོད་དོ་གསུང་བ་རྨི། རིམ་པས་དེའི་གནངས་ཉིན་གངས་ཅན་ཆོས་འཕེལ་དུ་སླེབ་ཙམ་བྱས། དེ་ནས་མཚན་འགྲོས་ཀྱིས་མྱུར་བར་བཅད་ནས་རང་གནས་ཆོས་ལུང་དུ་སླེབ། དེ་མཚམས་རྗེ་དྲུང་རིན་པོ་ཆེ་ཇོ་ནང་པ་གཏིང་སྐྱེས་ཕྱོགས་ནས་སྐུ་འཁོར་འཕྲལ་ཆོས་ལུང་དུ་ཕེབས་
པ་དང་མཇལ། དེའི་སང་ནུབ་ནས་འབྲུམ་པའི་སྐྱ་ནད་ཀྱིས་ཐེ་བས། རྨི་ལམ་དུ་ཁྲག་གི་མཚོ་ཞིག་གི་ནང་དུ་ལུས་བྱིང་བ། སློབ་དཔོན་ཙནྡྲ་གོ་མི་ཡིན་ཟེར་བའི་མི་དཀར་པོ་ཞིག་གིས་བཏོན་པ་རྨིས། དེ་ལོ་བཟླས་པའི་རིགས་དང་ཟས་སྤྱོད་སོགས་འབྲུམ་པ་ཡང་བའི་ཐབས་བྱེད་པ་མ་བྱུང་ཞིང༌། དེ་གོང་ནས་ཀྱང་རྟོག་པ་རྩིང་ངེ་བ་དང༌། ནད་ཁོག་ཏུ་ཞུགས་ནས་ཀྱང་སྐྱ་ནད་མངོན་དུ་མ་གྱུར་བར་དུ་སྤྱོད་ལོག་འདྲ་ཡང་བྱུང་སོང་བས་ཡིན་པ་འདྲ། ཞག་ཉི་ཤུ་སྐོར་དུ་ཤིན་ཏུ་ན་བ་རང་བྱུང༌། འོན་ཀྱང་ནད་གཞུག་ཡུན་རིང་མ་བྱུང༌། འབྲུམ་ལྐོགས་བྱེད་གོགས་ཙམ་ལ་སྡེ་པ་རིན་པོ་ཆེ་ཀ་བཞི་ནས་བདེ་མཆོག་ནག་པོ་པའི་དབང་ཞུ་བར་ཕེབས་བྱུང༌། སྔ་སོར་ནས་གསུང་ཕེབས་པ་དང་སྐུ་སྣངས་ཆེ་བས་ཆོས་སྒུགས་ཡིན་རིངས་གནང་དགོས་བྱུང་ན་མི་ལེགས་པར་ཤེས་ཏེ། ཁ་གསོའི་བསྙེན་པ་འཕྲལ་དུ་བཙུགས། བར་བར་དུ་དཔེ་ལྟ་དགོས་པར་བྱུང་བས་ཕྱིས་མིག་ལ་གནོད་པ་ཞིག་བྱུང༌། མཚམས་གྲོལ་འཕྲལ་སྐུ་རྐྱང་དུ་དབང་བསྐུར་ཚར་གཅིག་དང༌། གཞན་དབང་ཆ་གཅིག་པ་ཞིག་བྱས། དེ་སྐབས་རིན་པོ་ཆེའི་དྲུང་གིས་མངོན་རྟོགས་འཆག་མེད་གནང་བའི་དམ་བཅའ་གནང་སོང་ནའང༌། ཟླ་བ་ལྔ་ཙམ་ནས་དབུས་ནས་མི་ཆེད་བཏད་གནང་བ་ཞིག་ལ་བདེ་མཆོག་གི་མངོན་རྟོགས་ཆེན་མོ་མི་ལྕོགས་པ་འདུག་པས་དམ་བཅའ་འགྲོལ་དགོས་ཕེབས་བྱུང༌། དཔལ་གྲོ་ནས་རྗེ་བཙུན་དྲུང་ཡང་ཆོས་ལུང་དུ་ཁོར་ཙམ་ཕེབས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཤིག་དགོས་གསུང་པ་ལྟར་ཕུལ། དེ་ཡང་ཡིན་ནི་གཉིས་ཐད་ནས་ཕྱིའི་མཛེས་ཁྲིགས་ཙམ་གྱི་ཚུལ་ཀ་ཡིན་ཁོག་པ་ལོང་མཉམ་དུ་གདའ། ལར་ཡང་འདི་འདྲའི་རིགས་ཀྱི་ཆོས་ཞུ་བ་རང་མང་ལགས། བར་སྐབས་སུ་སྒྲུབ་སྡེའི་སྒྲིགས་ལྷོད་པོར་སོང་འདུག་པས་ཕན་དུ་རེ་ནས་བསླབ་པ་འཆལ་ངེས་མངོན་མཚན་ཅན་གཉིས་བསྐྲད། གཞན་རྣམས་ལ་སྙན་འབུལ་གང་དྲག་བྱས་ཀྱང་ཆོས་
ལུང་སྨོན་འགྲོ་ཡོན་མཆོད་ཐམས་ཅད་དགེས་པ་ནི་མི་འདུག་གོ །སྤྱན་འདྲེན་ནན་ཞུས་བྱས་པ་ལྟར་བྲག་སྟོད་ནས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་དཔོན་སློབ་རྣམས་ཀྱང་འདི་སྐབས་ཕེབས། ཐོག་མར་ཞག་གཉིས་གསུམ་ཙམ་ཀུན་གསལ་དུ་སྐུ་ངལ་གསོ་བ་གནང་ཞིང༌། དེ་མཚམས་ནས་སྐྱིད་ཕུག་ཉིད་དུ་བཞུགས་ཡུལ་གནང༌། འགྲེལ་ཆེན་དྲི་མེད་འོད་དང༌། རྡོ་རྗེ་སྙིང་འགྲེལ་དང་དགྱེས་པ་རྡོ་རྗེའི་རྒྱ་གཞུང་མང་པོ་དང་བཅས་པའི་ལུང་ནོད་ཅིང༌། སྤྱིར་བླ་མ་དམ་པ་འདི་དང་འཇམ་དབྱངས་ཀུན་དགའི་མཚན་ཅན་ལས་ལེགས་པར་ཐོབ་པ་རྣམས་བསྡོམས་ན། དགྱེས་རྡོར་སྐོར་ལ་གཙོ་ཆེའི་ཆོས་སྣ་སུམ་ཅུ་སོ་དགུ་དང༌། གཞན་ཡང་རྒྱ་གར་གྱི་གཞུང་འགྲེལ་དཔག་ཏུ་མེད་པའི་ལུང་ཐོབ་བོ། །འདི་སྐབས་རྡོ་རྗེ་གདན་བཞིའི་ཁྲིད་ཚུལ་རྒྱས་པ་དང༌། ཨཱཪྱ་དེ་ཝའི་ཆོས་ལྔ་སོགས་རྒྱ་གཞུང་བཅུ། རྔོག་པའི་རྒྱུད་ཊཱིཀ་དང་མན་ངག་ས་ར་ཧའི་ཆོས་ལྔ་སོགས་ཀྱི་ལུང་ཐོབ་ཅིང༌། གཞན་ཡང་རྗེས་གནང་དང་བྱིན་རླབས་འགའ་རེ་ཞུས། དེ་ལྟར་ན་ཆོས་སྣ་རྣམ་གྲངས་རེའི་ཆོས་ཐུན་ཆེ་བ་རེ་མ་ཆག་པ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང༌། སེམས་ཉིད་ངལ་གསོའི་ཁྲིད་ལ་ཉམས་ཁྲིད་དུ་ཞུས་ཏེ་ཞག་པོ་གསུམ་གསུམ་ནས་འཆར་སྒོ་དང་བསྟུན་དམིགས་པ་སྤོ་བ་སོགས་གནང༌། དུས་ཆེན་གྱི་སྔ་ཕྱི་ཐམས་ཅད་བསྡོམས་པས་ཟླ་བ་ལྔ་ཙམ་སྒོམ་བློ་བྱས་པས་མི་རྟོག་པ་ཀྲ་ཀྲི་དང་གསལ་རིག་ངོ་མཐོང་ཙམ་མ་གཏོགས་ཐག་ཆོད་རང་ཞིག་མ་བྱུང༌། དུས་ཆེན་གྱི་བདེ་མཆོག་སྒྲུབ་མཆོད་ལ་རྗེ་བཙུན་བླ་མ་འཁོར་ལོའི་མགོན་པོར་ཕེབས་ཤིང༌། ལས་ཀྱི་རྡོ་རྗེ་སློབ་དཔོན་བདག་གིས་བགྱིས། གཞི་བྱེས་བསྡོམས་པས་བདེ་མཆོག་སྒྲུབ་མཆོད་པ་མཆོད་ཁང་དུ་མི་ཤོང་བ་ཙམ་བྱུང༌། ལོ་སྔ་མ་སྟག་ལོ་དེ་དུས་ཆེན་ཆེན་མོ་ཡིན་ཡང་དུས་གཟིངས་ཀྱི་སྟབས་ཞབས་ཏོག་བཟབ་རྒྱས་རང་མ་བྱུང་འདུག་པས། དེའི་དོད་དུ་དེ་ལོ་རྒྱལ་གྱི་ཟླ་བ་ནས་བརྩམས་དུས་ཆེན་གཙོ་བོར་གྱུར་པའི་འཇུག་གི་ཧོར་ཟླ་
གཉིས་པའི་མགོ་སྒང་ཡན་ཆད་ཙམ་ལ་ལག་ནས་མང་ཇ་ལྔ་བཅུ་ཙམ་དང༌། འབྲས་འཇམ་བཅུ་ཙམ། དར་འགྱེད་གསུམ། སྐམ་འགྱེད་སྔ་ཕྱིར་ལན་བཞི་ཙམ། ཡོན་བདག་སོ་སོའི་ཕྱོགས་ནས་བསྐུལ་བ་དང་བཅས་པ་ཀུན་དྲིལ་བས་མང་ཇ་བརྒྱ་དྲུག་ཅུ་ཙམ། འཇམ་བཞི་བཅུ་ཞེ་དྲུག་ཙམ་བྱུང་ཞིང༌། ཡར་འབྲོག་ཡན་ཆད་ནས་ཡོན་བདག་སོ་སོས། རྗེ་དམ་པའི་དུས་དྲན་ཉིན་ལ་དམིགས་པའི་འགྱེད་སོགས་དཔག་ཏུ་མེད་པ་བྱུང་ཞིང༌། ཆོ་འཕྲུལ་དུས་ཆེན་གྱི་ཚེས་དགུ་ལ་ངམ་རིང་ནས་མང་ཇ་སྦྲེལ་མ་དང་བསྔོ་རྟེན་བཟང་བ་བཅུ་གཅིག་ཚན། གྲལ་འགྱེད་དཀྱུས་མཐུན་དང༌། སྤྱིར་ནས་ཁལ་སུམ་ཅུ་ཙམ་ཞིག་བྱུང༌། ཕྱི་ལྟར་དུ་སྐུ་རིམ་ཡིན་པའི་ཁུངས་འདུག་ནའང༌། ངོ་བོ་ནི་བདག་པོ་ནམ་མཁའ་རྒྱལ་པོའི་ དགོངས་རྫོགས་སུ་འདུག དུས་ཆེན་གྲོལ་ཁར་ཡར་འབྲོག་ནས་སྡེ་པ ་སྒོ་མང་ཤོད་པ་གཤེགས་པའི་མང་ཇ་བསྔོ་རྟེན་རྣམས་ཀྱང་འབྱོར། རྗེ་བཙུན་བླ་མ་འཁོར་ལོའི་མགོན་པོར་བཞུགས། དམ་རྫས་བདུད་རྩི་རིལ་བུ་ཞིག་གི་སྒྲུབ་པ་བརྩམས་ཏེ། ཕྱེ་མ་དང་ལྡེ་གུའི་ཞག་ལ་དྲི་བཟང་ཆེ་བ་རང་ཡོད་ནའང༌། ཚོགས་རྫས་ལ་དམ་སེལ་ཅན་ཞིག་འདྲེས་པའི་རྐྱེན་གྱིས་དེ་འཕྲལ་རང་དྲི་བཟང་ཡལ་བ་ཞིག་བྱུང༌། ཡང་ཞག་གསུམ་ཙམ་སྒྲུབ་པ་སྐྱོར་མ་མཛད་པས་ཀ་པཱ་ལའི་ནང་དུ་བདུད་རྩི་དཀར་པོ་དངོས་སུ་བབས་པ་དང༌། རྫས་རྣམས་ལས་ཚེག་སྒྲ་བརྒྱུད་མར་བྱུང་ཞིང་དྲི་བཟང་ཆེན་པོས་རྩེ་ཞོལ་ཐམས་ཅད་ཁྱབ་པ་བྱུང༌། རིལ་བུའི་སྒྲུབ་པ་ཟིན་སྐབས། རྗེ་བཙུན་བླ་མའི་དྲུང་དུ་རིལ་བུ་ཐོད་པ་གང་ནམ་མཁའ་ལ་འཕར་བ་དང༌། མཁའ་འགྲོས་ལུང་བསྟན་པའི་གསལ་སྣང་ཁྱད་པར་ཅན་བྱུང་བར་འདུག དེ་སྐབས་བསྟན་འཛིན་རིན་པོ་ཆེ་ནི་འབྲུམ་འཛེམ་གྱི་སྟབས་བླ་མ་དམ་པ་སྤྱན་འདྲེན་གནང་སྟབས་མ་བདེ་གསུང་ནས་ཡར་ཇ་ཞུས་ཤིག་གནང་བྱུང༌། འདིར་སྡོད་པའི་སྔ་ཕྱི་བསྡོམས་པ་ལ་འདུལ་བའི་འཕྲོས་ནན་ཏན་དུ་བཀླགས་མདོ་རྩ་དང་གཏམ་རྒྱུད་ཐམས་ཅད་སྦྱོར་ཐུབ་པ་ཙམ་བྱུང༌། དེ་ནས་དངོས་ཅག་ལྷོ་ཕྱོགས་སུ་འགྲོ་བའི་རྩིས་ཡིན་ནའང༌། ཡར་འབྲོག་ནས་སྡེ་པ་བསྟན་འཛིན་དྲུང་སྐུ་ཁམས་མ་འཚོ་བའི་སྟབས་
ནས་ཆོས་དབང་བ་འབོད་མིར་བྱུང་ཞིང་གསང་བརྟོལ་དང་སྒོ་བསྟུན་གྱི་སླེབ་དགོས་ཚུལ་འདུག་པ་ནས་མར་ཕྱོགས་འགྲོ་དགོས་ཤར། སླར་མ་ཕྱོགས་འཁོར་བའི་ལྷོ་མཚམས་རི་ཁྲོད་ཅིག་ལ་བསྒྲིལ་བར་བློ་ཐག་གཅོད་པའི་ལུགས་སུ་བྱས། དེ་ནས་སྨོན་འགྲོ་ཁྲམ་ཕུ་ཇོ་ནང་ཨོ་རྒྱན་རྫོང་སྣར་ཐང་ཚོང་འདུས་བསམ་སྡིངས་སོགས་བརྒྱུད་འདོལ་བྱུང་དུ་ཞལ་བཅུ་གཉིས་ཙམ་སྒུག་དགོས་བྱུང༌། དེ་ནས་རྩེ་ཆེན་གྱི་ཀླུ་སྡིངས་དང་རྒྱལ་རྩེར་ཡང་བཅགས་མལ་ཞིག་འགོར། ཧོར་ཟླ་བཞི་པའི་ཚེས་དྲུག་ལ་སྣ་དཀར་རྩེར་སླེབ། དེ་སྐབས་ དགོངས་རྫོགས་ཀྱི་སྒྲུབ་མཆོད་མངོན་དགའ་བ་ཐར་གླིང་པ ་འཛམ་གླིང་ཆོས་འཁོར་བ་རྣམས་ལ་རེ་རེ་བཞིན་གྲྭ་པ་བརྒྱ་སྐོར་གྱིས་ཀུན་རིག་གི་ཆོག་གྲྭ་དང༌། གཞན་ཡང་དགོན་པ་སོ་སོའི་ཆོག་གྲྭ་ཆུང་ཆུང་མང་པོ་འདུག་ཅིང༌། དངོས་ཅན་དཔོན་སློབ་བཅུ་བཞི་ཙམ་གྱིས་གདུང་གི་རྩར་སྔ་དྲོ་མི་འཁྲུགས་པ་དང༌། ཕྱི་དྲོ་རྣལ་འབྱོར་མའི་ཆོ་ག་རེ་བྱས་ཤིང༌། བདག་རང་ལ་ཡོན་བདག་གི་ས་ནས་སྡེ་ པ་དེ་དྲིན་ཅན་ཡིན། སྐུ་སྡིག་ཀྱང་ཆེ་རབ་ཡོད་པས་དངོས་ཀྱི་ལག་ནས་ཀྱང་དགོངས ་རྫོགས་གང་གྲག་བགྱིས་ཤིང༌། ཁྱད་པར་ཐུགས་ཡིད་བསྲེ་བའི་ཁུངས་སུ་བྱས་ཏེ་དེའི་ངང་ནས་བཟླས་བརྗོད་སོགས་སྐུ་སྒྲིབ་སྦྱོང་བའི་ཐབས་ལ་ཉིན་མཚན་དུ་འབད་རྩོལ་བཏོན། གདུང་འབུལ་བ་གྲག་གྲག་ཐམས་ཅད་ཀྱིས་བསྔོ་ཞུས་རེ་ཡང་འབུལ་བ་སྲོལ་དུ་འདུག་པས་ཉིན་རེ་ལ་ཡང་བསྔོ་བ་ལན་མང་དུ་བྱེད་དགོས་ཐམས་ཅད་ལ་ཡང་བསམ་པ་ཐག་ པ་ནས་སྨོན་ལམ་བཏབ། དགོངས ་རྫོགས་ངོ་བོ་ཞལ་ཉི་ཤུ་རྩ་གཉིས་སོང་ཞིང༌། དངོས་གཞིའི་ཉིན་མོ་འཚོམ་ཆེན་དུ་དགེ་འདུན་སྟོང་བུད་པ་ཚོགས་པའི་གྲལ་དབུར་ཕྱིན། དེ་མཚམས་འཛམ་གླིང་ཆོས་འཁོར་དུ་ཞག་གཅིག་བསྡད། འདི་སྐབས་ཀྱང་འབྲང་དུ་ཁོར་ཙམ་ཕྱིན་ནས་དྲིན་ཅན་མ་སོགས་མི་ངོ་རྣམས་དང་འཕྲད། སོ་སོའི་ཐུགས་བཞེད་ཀྱི་ཆོས་འདྲ་བྱས་ངེད་རང་སྐྱེས་དུས་ནས་མི་རིང་བར་སྐྱེས་པ་སོན་འདེབས་པོ་མེད་པར་རང་སྐྱེས་པའི་བསེ་བ་མོན་པ་ཚོ་ནམ་སེ་ཟེར་བ་དེ་ཚན་ལ་མེ་ཏོག་དམར་ཆིལ་བ་ཤར་འདུག་པས། དེའི་
རྩར་ཆོས་ཐུན་རེ་བྱས། སླར་ཚུལ་ལམ་སྣ་དཀར་རྩེར་སྡེ་པ་མ་ཆེན་གྱི་གདུང་འོད་བཞུ་བྱས། ཡོན་མཆོད་ལྷན་དུ་སྟག་ལུང་གི་ཆོས་སྡེར་བྱོན། ཞལ་ངོ་སོ་སོའི་ དགོངས་བཞེད་དང་མཐུན་པའི་དབང་ཆོས་ཅི་རིགས་པ ་དང༌། སྡེ་ པ་རྒྱལ་བུའི་དྲུང་གི་དགོངས ་བཞེད་ལྟར་དགྱེས་མཛད་ཀྱི་དབང་དང་མགོན་པོ་ཆེ་ཆུང་གི་རྗེས་གནང་སོགས་ཕུལ་ནས་ཡར་འོངས། ཐོག་མར་རྒྱལ་རྩེའི་གཟིམས་ཤག་ཏུ་ཞག་ཤས་བསྡད། བློ་བདེ་ནས་དཔོན་གཡོག་ཚོར་སྒྲོལ་མ་ཉེར་གཅིག་དང་ཕྱག་དྲུག་པའི་རྗེས་གནང་སོགས་བཞེད་ཆོས་འདྲ་བཤད། དེ་སྐབས་ཤིན་ཏུ་འཚུབ་ཅིང་རྨི་ལམ་དུ་བློ་བདེ་ནས་ཚོ་རང་ལྷག་པར་མོས་ཤིང་ལུག་གཉིས་ཀྱི་བརྟད་སོའི་བླ་མ་ཞིག་གི་བསང་གཏོང་གིན་འདུག ཅི་མཛད་པ་ཡིན་དྲིས་པས་བསང་དུད་འདི་བཏང་བས་སྔར་ཡང་བློ་བདེ་བའི་སྐྱེད་ཚལ་འདིའི་ཤིང་འདི་ཙམ་བསྐམས་པ་ཡིན་ཟེར་བྱེད་ཙམ་བསྐམས་འདུག་པ་རྨིས། དེ་སོགས་སྡེ་པ་བློ་བདེ་བ་རང་ལ་མི་དགེ་བའི་རྨི་ལྟས་མང་དུ་བྱུང་བ། སྡེ་པ་དཔལ་དྲུང་རང་ལ་ཅི་རིགས་སྙན་དུ་ཕུལ། སྐུ་རིམ་ཤིན་ཏུ་རྒྱ་ཆེ་བ་རང་ཞིག་གནང་དགོས་ཚུལ་ཞུས། དེ་མཚམས་རྩེར་ཡང་ཞལ་ངོ་སོ་སོར་ དགོངས་བཞེད་ཀྱི་དབང་ཆོས་འཕྲན་བུ་ཕུལ། རྩེ་ཆེན་དུ་ཞག་བདུན་ཙམ་གྱི་རིང་ལ་སྨར་ཁྲིད་བསྡུས་པ ་ཞིག་དང་ཚེ་དབང་སོགས་ཕུལ་ཞིང༌། དེ་ནས་བཀའ་དྲིན་མཉམ་མེད་མཁན་རིན་པོ་ཆེ་དེ་ཉིད་ཀྱི་སྐུ་གདུང་ཞུགས་འབུལ་ལ་བླངས་པ་གསེར་གླིང་དུ་ཕྱིན། ཆོས་འཁོར་གྱི་རྣལ་འབྱོར་དབང་ཕྱུག་ཟེར་བའི་གཡབས་དེར་ཐོག་མར་སྐུ་གདུང་རིན་པོ་ཆེ་དངོས་ལ་སྐུ་ཁྲུས་གསོལ་དྲི་བཟང་སོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ་ཞབས་ལ་གཏུགས་ཏེ་སྨོན་ལམ་མང་དུ་བཏབ། བླ་མ་དྲན་པའི་གདུང་ཤུགས་ཀྱིས་མཆི་མ་རང་དབང་མེད་པར་བྱུང༌། དེ་ནས་ཐབ་ཀྱི་དབུས་སུ་མཆོད་ཡུལ་དམ་པར་བཞུགས་སུ་གསོལ་ཏེ་བསྲེགས་བླུགས་ཀྱི་མཆོད་པ་ཕུལ་བ་ན་ཞུགས་ཀྱི་འོད་ལ་དཔལ་བེའུ་དང་པདྨའི་རྣམ་པ་ཤིན་ཏུ་གསལ་བ་ཡུན་རིང་པོའི་བར་དུ་བྱུང༌། ཕྱི་རོལ་ཏུ་ཡང་སྒྲ་དང་འོད་དང་མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཀུན་གྱི་མིག་ལམ་དུ་ཕེབས།
དེའི་སང་ཉིན་འདུ་ཁང་སྟེང་དེར་གཞི་བྱེས་རྣམས་ཚོགས་པའི་དབུས་སུ་བཀའ་དྲིན་མཉམ་པ་མེད་པའི་རྡོ་རྗེ་སློབ་དཔོན་མཆོག་ཉིད་ཀྱི་ཐུགས་ཀྱི་ དགོངས་པ ་ཟབ་མོ་རྫོགས་པ་དང་ཐུགས་རྗེའི་གཟིགས་པ་རྟག་ཏུ་འཇུག་པའི་དོན་དུ་མཆོད་བསྔོ་རྒྱས་པར་ཕུལ། མར་ལམ་སྟག་རྩེར་ཕྱིན་པས། དེ་ནས་འདོལ་བྱུང་དུ་འགྲོ་རྒྱུ་ཆར་ཞོད་ཆེ་གྲགས་པས་ཉང་ཆུ་རྒྱས་ཏེ་རབ་ལ་མ་ཐར་བར་རྩེ་ཆེན་གྱི་ཟམ་པ་བསྐོར། འདོལ་བྱུང་དུ་ཟླ་ཕྱེད་སྐོར་བསྡད་ཅིང༌། སྡེ་ པ་དམག་དཔོན་དྲུང་དཔོན་གཡོག་རགས་བསྡུས་ལ་དགོངས ་བཞེད་ལྟར་ནཻ་གུ་ཆོས་ཐུན་གཉིས་གཉིས་དང་དབང་རྗེས་གནང་ཅི་རིགས་པ་དང་བཅས་པ་ཕུལ། དེ་སྐབས་འཚུབ་ཆ་ཆེ་ཞིང་ནོར་བུ་ཁྱུང་རྩེ་བ་རང་གི་སྡེ་འཇིག་པའི་ལྟས་ཡང་ཡང་བྱུང༌། གྲོང་དཀར་ཐུབ་སྐྱེལ་མ་ལ་ཡང་སྡེ་པ་དམག་དཔོན་དྲུང་རང་གིས་ཕེབས། ཕྱིས་མི་འཕྲད་པའི་རྟེན་འབྲེལ་གསལ་པོར་བྱུང་ནས་ཟླ་བོ་རྣམས་ལའང་དེ་འཕྲལ་གླེངས། བསམ་སྡིངས་སུ་བདུན་ཕྲག་གཉིས་པ་ཞིག་མུན་མཚམས་ལ་བརྟེན་ཏེ་སྦྱོར་དྲུག་བསྒོམས། ཚོང་འདུས་སུ་ཕ་རིན་པོ་ཆེ་ཏྲེ་བོ་སྤྲུལ་པའི་སྐུ་དང་མཇལ། དཔོན་སློབ་ཚོ་དང་ལྷན་དུ་ཞ་ལུ་རི་ཕུག་གི་རྟེན་མཇལ་ཞིབ་རྒྱས་མཛད། དེ་ནས་ལུ་གུར་རིར་སྡེ་ པ་རིན་པོ་ཆེ་དང་མཇལ་ཞིང་ཟླ་ཕྱེད་སྐོར་བསྡད་དགོངས ་བཞེད་ཀྱི་ཆོས་འགའ་ཞིག་ཕུལ། དབེན་གནས་བྱང་ཆུབ་ཆེན་པོར་བཀའ་གདམས་ལྷ་བཞིའི་ཁྲིད་ཅིག་བཤད། ལྷུན་པོ་རྩེར་འབོད་མི་གནང་བ་ལྟར་ཕྱིན་ཞག་བཅུ་ཙམ་བསྡད་དབང་ཆོས་དགོངས་བཞེད་ལྟར་ཕུལ། སྲད་རིན་ཆེན་རྩེ་བརྒྱུད་ནས་རིམ་པས་གཏིང་སྐྱེས་སུ་འབྱོར་མཁར་ཆེན་དུ་ཞག་གསུམ་ཙམ་བསྡད་ནས། ཆོས་གྲྭར་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་[རྡོ་རིངས་བ་]འཇམ་པའི་དབྱངས་ཀྱི་ཞབས་འབྲིང་དུ་སླེབ། ཤིན་ཏུ་དགྱེས་པ་ཆེན་པོས་བཀའ་སྩལ་ལྷུག་པར་གནང་ཞིང༌། འདི་སྐབས་ཟླ་བ་གསུམ་ཙམ་ཉིན་རེ་བཞིན་གསོལ་བ་ཐོན་འཕྲལ་ནས་ཉི་ཕྱེད་པར་སྐུ་གཞོགས་སུ་བསྡད་ཅིང༌། ཟབ་མོའི་ཆོས་གྱི་གླེང་སླང་བ་ལས་བརྩམས་ཏེ་ཕྱི་ནང་གི་ངེས་གནས་ཁྱད་པར་ཅན་དཔག་ཏུ་མེད་པས་ཡིད་སིམ་པར་མཛད། རེས་འགའ་སྙིང་པོའི་དོན་གྱི་བཀའ་ཆོས་ཞལ་ཀྱལ་གྱི་ཚུལ་དུ་གནང་བས་བཞད་གད་ཆེན་པོའང་ཡོད།
དེ་སྐབས་ཀྱི་བཀའ་བཀོད་ཅི་རིགས་པ་ཞིག་མ་འོངས་ལུང་བསྟན་ཁོ་ནར་སྣང་ཞིང༌། བདག་གི་བླ་མ་དེ་ཐུགས་རྒྱུད་གྲོལ་བ་ཞིག་ཡིན་འདུག་ནའང༌། དེ་སྔོན་སྦས་པའི་ཚུལ་དུ་བཞུགས། འདི་སྐབས་སྦས་སྐུངས་བཏོན་པར་གདའ། དབང་རྗེས་གནང་གི་རིགས་ནི་སྐུ་ཁམས་ལོག་གི་དོགས་ཞུ་མ་ནུས། རང་ལོ་བཅུ་གཉིས་པ་ནས་འདི་ཡན་ཆད་དུ་རང་རེས་ནི་ནག་པོ་གཞུང་དྲུགདྲིལ་བུ་སྐོར་གསུམ། ལཱུ་ཧི་སྨད་ལྔ། གཤེད་དམར་ལ་བི་རཱུ་བའི་གཞུང་བརྒྱད། མཱ་ཡ་ལ་ཀུ་ཀུ་རི་བའི་ཆོས་བདུན། སྒྲུབ་ཐབས་མཚོ་སྐྱེས་སོགས་དགྱེས་རྡོར་གྱི་གཞུང་ཤིན་ཏུ་མང་བ། དཔེ་མེད་མཚོའི་སྦྱོར་དྲུག་རྩ་འགྲེལ། ཛ་ལནྡྷ་རིའི་དོ་ཧ། སེམས་ཀྱི་ཕྱག་རྒྱ་སོགས་ལ་ལེགས་པར་སྦྱངས་ཤིང་དོན་ཁོང་དུ་ཆུད་པས་རྣལ་འབྱོར་མ་རྒྱུད་ཕྱོགས་ལ་བློ་གྲོས་བྱང་བར་བྱུང༌། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་དུས་ཚེས་བཟང་པ་ལ་འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་རྒྱན། མངོན་པ་སྨྲ་བ་ཐམས་ཅད་ཀྱི་དབང་ཕྱུགམདོ་སྡེ་འཛིན་པ་ཐམས་ཅད་ཀྱི་གཙོ་བོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། རིག་པ་འཛིན་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཁན་པོ། བླ་མ་དམ་པ་མཁས་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་རིན་པོ་ཆེ་བྱམས་པ་ལྷུན་གྲུབ་པའི་ཞབས་ཀྱིས་ལས་ཀྱི་སློབ་དཔོན། དགེ་བའི་བཤེས་གཉེན་བློ་བཟང་པ་དང༌། རྗེ་དྲུང་ཀུན་དགའ་བསོད་ནམས་སོགས་ཀྱིས་ལས་ཀྱི་ཁ་སྐོང་མཛད་དེ། བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་ཐོབ་བོ། །འདིར་སྨས་པ། ཁམས་གསུམ་བདག་པོ་སྔོན་ཡང་ལན་བརྒྱར་ཐོབ། །ཚུལ་ཁྲིམས་རིན་ཆེན་རྙེད་པ་བརྒྱ་ལ་འགའ། །སྣམ་སྦྱར་རྒྱལ་མཚན་བསྒྲེང་པའི་འོད་དམར་གྱིས། །མཐའ་དག་ས་འདི་གཅིག་ཅར་ཟིལ་གྱིས་གནོན། །དེ་ནས་ཆོ་འཕྲུལ་གྱི་དུས་སུ་སྡེ་པ་ཞལ་ངོ་རྣམས་ཀྱིས་བསྐུལ་བ་དང༌། བླ་མའི་བཀའ་ཡིས་གནང་བ་ལ་བརྟེན་ཏེ་
དམ་རྫས་ཀྱི་སྒྲུབ་པ་ཞིག་ཀྱང་བྱས་པས། ཕྱི་ལྟས་སུ་སྒྲ་ལན་གཉིས་ཙམ་བསྟུད་མར་བྱུང་ཞིང༌། ནང་ལྟར་དུ་ཡང་མཐོང་སྣང་ཡ་མཚན་ཆེ་བ་ཙམ་བྱུང་དེ་སྐབས་བླ་མ་དམ་པ་འདིའི་བཀའ་ལས་ད་ལྟ་ནས་ལ་སྟོད་ལྷོ་ཕྱོགས་སུ་སྒྲུབ་པ་ལ་བསྒྲིལ་བ་ཡེ་མི་ལེགས་པའི་བཀའ་ནན་ཡང་ཡང་བྱུང་བས་རེ་ཞིག་དེ་ལས་འོས་མ་བྱུང༌། སླར་ཡང་ཧོར་ཟླ་གསུམ་པའི་ནང་དུ་བསམ་སྡིངས་སུ་འོངས། སླེབ་འཕྲལ་ནས་མཚམས་དམ་པར་བཅད། ཟླ་གཅིག་ཙམ་ལྷ་ཕྲན་འགའི་བསྙེན་པ་བྱས། དེ་མཚམས་སུ་མཁྲིས་པ་ཐོག་བབས་ཀྱིས་ཤིན་ཏུ་ན་བ་ཉེན་པོ་རང་ཞིག་བྱུང་ཡང༌། ཨ་ཁུས་བཅོས་མཛད་པས་གྲགསློབ་དཔོན་རིན་པོ་ཆེ་ཡང་གསེར་མདོག་ཅན་དང་སྣར་ཐང་སོགས་ལ་ཕེབས་ཤིང༌། སླར་ཁྱུང་རྩེར་སྡེ་པ་དམག་དཔོན་དྲུང་སྐུ་བསྙེལ་བའི་སྔས་སྲུངས་ལ་སྤྱན་འདྲེན་ཞུས། མི་རིང་བར་སྡེ་པའང་སྐུ་ཚེའི་འཕེན་པ་རྫོགས་པ་ནས་གདུང་གི་འདོག་མལ་དང་ཁྲུས་ཆོག་སོགས་ཀྱང་གནང་དགོས་བྱུང་འདུག་ཅིང༌། ཁྱུང་རྩེ་བ་རང་གི་ཟེར་བུན་ལ་ཡང་སྐབས་སུ་བབ་པའི་ལེགས་ལམ་གང་འོས་གནང༌། བདག་གི་དེ་བར་ཐམས་ཅད་དུ་རྒྱལ་ཁམས་ཀྱི་འགྱུར་བ་ཅི་རིགས་པས་སྐྱོ་ཤས་ཀྱིས་ཡིད་དྲངས་ནས་མཚམས་དམ་དུ་བཅད་ཅིང༌། རྨི་ལམ་གྱི་དགེ་སྦྱོར་ལ་བསྒྲིལ་བས་རྨི་ལམ་གྱི་རྩལ་ཡང་བཟང་རབ་བྱུང༌། དེ་སྔོན་ཆུང་ངུས་ནས་རྒྱལ་འགོང་གི་ཆོ་འཕྲུལ་གྱིས་རྨི་ལམ་འཇིགས་ཤིང་མི་སྲུན་པ་སད་ནས་ཀྱང་ཡིད་བསྒྱུར་ནུས་པ་ཡང་ཡང་ཡོང་བ་ཞིག་ཡོད་པ། རང་ལོ་བཅུ་དྲུག་གི་སྐབས་རྨི་ལམ་ཅུད་ཟད་སྦྱངས་པས། རང་ཉིད་རྟ་མགྲིན་དུ་སྤྲུལ་ནས་འདུལ་བའི་སྣང་བ་ཞིག་བྱུང་བ་ནས་རྨི་ལམ་རྩུབ་འགྱུར་དེ་ཁྱད་ཀྱིས་ཉུང་ངུ་སོང༌། འདི་སྐབས་ཟླ་བ་གསུམ་ཙམ་སོང་སྐབས་ཤིག་རྨི་ལམ་དུ་ཤིན་ཏུ་ཞུད་ཆེ་བའི་རྣམ་པ་ཞིག་ལ་ཐང་སྟོང་ཆེན་པོ་ཞིག་ནས་ཡར་ཕྱིན་པས། མི་དཀར་ཞྭ་ཐེབ་གྱོན་པའི་རྟ་བ་ཤིན་ཏུ་ཆེ་བ་འཇིགས་པ་ཞིག་ལ་འཁོར་བཙུན་པ་དང་ཁྲབ་པ་དང་མོ་བཙུན་རྒྱན་ཅན་མང་པོ་དང་འབག་པ་དང་སྔགས་འཆམ་པ་མང་བོ་སོགས་ས་ཕྱོགས་དེ་ཐམས་ཅད་ཁྱབ་ཅིང་ལང་ལོང་དུ་འགྲོ་བ་དང་གོས་སྐུའི་རྣམ་པ་ཟང་ཟིང་མང་པོས་ས་གཞི་རི་ཀླུང་མེད་
ཁྲ་ཆེམ་ཆེམ་ཁྱབ་ཅིང༌། དེའི་གསེབ་ནས་རྟ་བ་འཇིགས་པ་ཞིག་གིས་ངེད་རང་གི་གཉའ་བ་ནས་ཚིར་གྱིས་འཇུས་ནས་སྒ་གོང་དུ་རྒྱབ་བྱུང་ནས་ཕཊ་ཚ་རེ་རྒྱལ་པོ་པེ་དཀར་གྱི་བར་ཆད་ཀྱི་ཆོ་འཕྲུལ་ཡིན་པ་འདུག་སྙམ་སེམས་ཤིན་ཏུ་འཚབ་པ་ལ། སྤྲེའུ་གཉིས་ལྟག་པར་ཞོན་ནས་སོ་ཤད་དང་སྦར་ཤ་བྱས་ཞུམ་བུ་ནག་པོ་ཞིག་གིས་མདུན་ནས་ཚུར་བྲད་ཀྱིན་རྨུགས་འཇིགས་སྐྲག་ཆེན་པོ་ཡོད་ཙ་ན། ག་རེ་འདི་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པ་འདུག་སྙམ་པ་དང་སེམས་ཀྱི་རང་སྣང་ལ་བཟང་ངན་དགག་སྒྲུབ་བླང་དོར་གང་ཡང་མེད་པའི་ངོ་ཤེས་ཐག་ཆོད་ཅིག་ལྷང་གི་བྱུང་ནས་དེ་ཐམས་ཅད་ལྷན་གྱིས་སོང༌། སྣང་བ་དེ་ཐམས་ཅད་ཀྱང་རིམ་གྱིས་ཡལ་ནས་འོད་གསལ་ཡུན་རིང་དུ་སྐྱོང་ཐུབ་པ་ཞིག་བྱུང༌། དེའི་སང་ནུབ་རྨི་ལམ་དུ་རྟ་བ་ནག་པོ་ཞིག་གིས་སྙིང་ཁར་མདུང་རྒྱབ་བྱུང་བས་སྣང་བ་ཀུན་སྤྲུག་ཐོམ་པ་ཞིག་ལ་ཡལ་སོང༌། ཡང་རྨི་ལམ་གཞན་ཤར་བ་ན་འདི་ཐམས་ཅད་བར་དོ་ཡིན་པར་འདུག་སྙམ་པར་ངོ་ཟིན་ཅིང་ཡུན་རིང་དུ་སྦྱང་ཐུབ་པར་བྱུང༌། འདི་ཕྱིན་ཆད་ནས་སྔར་གྱི་རྩུབ་འགྱུར་དེ་རྩ་བ་ནས་ཞི། ཡང་ལན་ཅིག་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཡོངས་རྫོགས་ཤིན་ཏུ་གསལ་བའི་རྣམ་པ་འཇའ་ཚོན་ལས་གྲུབ་པ་ཞིག་དང་རྡོ་རྗེའི་གླུ་ཆེ་ཆུང་དེ་རྣམས་རྨི་ལམ་དུ་གསལ་བར་བྱུང་བ་ལགས་ཏེ་ཡི་གེའི་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །དེའི་ཕྱི་ཉིན་དཀྱིལ་འཁོར་དེ་དང་ཆོ་གའི་རྣམ་སྤྱི་བློ་ལ་གསལ་སེང་ངེ་མ་བརྗེད་པར་འདུག་པས་སློབ་དཔོན་དམ་པ་སོགས་མཚམས་འོག་ཡོད་པ་རྣམས་ལ་གླེང་སླང་བྱུང༌། དེ་འཕྲུལ་ལ་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་གྱི་ཆོ་ག་ཆེན་མོ་ཤོག་བུ་སུམ་ཅུ་ལྷག་ཙམ་ཞིག་ཉིན་མོ་གཅིག་ལ་ཟིན་ཅིང་བྱང་བར་བྱུང་རྫུན་མེད་དཔང་པོ་ཅན་ཡིན། སྤྱིར་གྱི་འཛིན་བློ་ཆེ་བ་མིན་དེ་སྐབས་བྱིན་རླབས་སུ་གདའ། དེ་ལྟ་བུའི་མཐོང་སྣང་རེ་ཞིག་བར་གཞན་ལ་མ་བཤད་ན་ཡོང་རྒྱུར་གདའ་བ་ལ་བཤད་པས་ཅུང་ཟད་འཕྱུགས་འདུག དེ་ནས་དབྱར་གུང་ཟླ་བ་གཉིས་ཙམ་ཞིག་འདོད་ལྷ་འགའི་བསྙེན་པ་དྲག་ཏུ་བྱས་ཤིང་རྨི་ལམ་གྱི་དམིགས་པའང་ཞོར་ལ་སྦྱངས། ནམ་ཕྱེད་ཕྱེད་དགེ་སྦྱོར་རང་ལ་
བསྒྲིལ་བས་ཐོ་རངས་འོད་གསལ་རེ་ཡང་རྟག་ཏུ་ཟིན། དེ་སྐབས་བློ་བདེ་ནས་སྡེ་པ་དཔལ་དྲུང་སྐུ་གཤེགས་པ་ལ་བརྟེན་ཏེ་རྒྱལ་རྩེ་དཔོན་བློན་ནང་འཛིངས་ཀྱི་ཟིར་བུན་དེ་ཡང་བྱུང་ཞིང༌། བསམ་རྩེའི་དམག་རྣམས་ཉང་ལ་སོང་མཚམས་ཚོང་འདུས་སུ་ཞག་གསུམ་བསྡད། སྒྲོལ་དཀར་མངོན་རྟོགས་ཀྱི་བཤད་པ་བརྩམས་ནས་ཕུལ་བ་ལ་ཤིན་ཏུ་དགེས་པའི་དོགས་གཅོད་ཀྱིས་དུས་འདའ་བ་བྱུང༌། བྱང་ཆེན་དུ་སླེབ་འཕྲལ་ནས་མཚམས་བསྡམས། སྒྲུབ་སྡེ་པ་རྣམས་ལ་སློབ་དཔོན་དམ་པའི་ཞལ་སྔ་ནས་གཅོད་ཁྲིད་ལ་སོགས་པའི་བཀའ་ཆོས་མང་དུ་གནང༌། སྔར་བསྙེན་པ་མ་སོང་བའི་ཆོས་སྐྱོང་ཁ་ཅིག་གི་གྲངས་བསྙེན་ཙམ་རེ་བསྐྱལ། དེ་མཚམས་ཤིག་སྨན་དཔོན་བསོད་ནམས་ཕུན་ཚོགས་རྒྱལ་རྩེ་ནས་འབོད་མིར་གནང་བྱུང་བ་ལྟར་མི་རིང་བར་རྩེར་སླེབ། དྲུང་པ་རིན་པོ་ཆེ་གུ་ཤྲི་གྲགས་དོན་པ་ལྷོ་བྲག་ལ་ཕེབས་ལམ་རྒྱལ་རྩེ་ཕྱོགས་ལ་བྱུང་བ་ཀླུ་སྡིངས་སུ་མཇལ་ཙམ་ལ་ཕྱིན། དེ་སྐབས་རྒྱལ་རྩེར་ཟླ་གཅིག་ལྷག་ཙམ་བསྡད། བདག་པོ་མ་ཆེན་དྲུང་རྩེ་ཆེན་དུ་བུ་གཏེར་ཕེབས་དགོས་སོགས་ནས་སྐུ་གྲིབ་ཀྱི་རྣམ་པ་དང་ཐུགས་ལའང་བདེ་དོག་མཐོ་དམན་ཆེ་བ་རང་འདུག་པ་དང༌། རྩེ་རྒྱལ་གྱི་འཕེལ་གདུང་ཡང་ཁ་དོག་ནག་པོར་སོང་བ་སོགས་ནས་ཉིན་རེ་བཞིན་བུམ་པ་བསྒྲུབས་པའི་རྟེན་ཁྲུས་དང༌། ཞལ་ངོ་ཚོར་སྐུ་ཁྲུས་ཕུལ་བའང་ཤིན་ཏུ་འཕྲོད་པའི་ཞག་བཅུ་ཙམ་ནས་འཕེལ་གདུང་ཡང་ཁ་ཏོག་སོར་ཆུད། བདག་པོ་མ་ཆེན་སྐུ་གྲིབ་ཀྱིས་བྱིང་བྱིང་དེ་ཡང་སངས། གཤེད་དམར་གྱི་དབང་ཞིག་ཕུལ་སྤྲོས་མེད་ཀྱི་སྤྱན་དམིགས་འདྲ་ཡང་བཏབ་པས་ཐུགས་ཀྱི་བདེ་དོག་དེ་ཡང་གྲགདེ་ནས་མྱུར་ཤད་ཀྱིས་རང་གནས་བསམ་སྡིངས་སུ་སླེབ་བསྙེན་མཚམས་ཤིག་བྱས། དེ་ནས་ཚོང་འདུས་སུ་ཞག་ཤས་བསྡད། ཞ་ལུའི་རྟེན་མཇལ་ཞིབ་རྒྱས་དང་རི་ཕུག་ཏུའང་ཞག་གཅིག་བསྡད། གནས་དགོན་གྱི་རྟེན་རྣམས་ལ་ཕྱག་མཆོད་སྨོན་ལམ། དགེ་འདུན་རྣམས་ལ་ཞབས་ཏོག་བརྡ་མཚོན་རེ་ཐུབ་ཅིང༌། བསྟན་པ་སྤྱི་སྒོས་དར་བའི་སྨོན་ལམ་སྙིང་ཐག་པ་ནས་ཡང་ཡང་བཏབ། ཡང་བྱང་ཆེན་དུ་ཟླ་གཉིས་ཙམ་ལྷ་ཕྲན་འདྲའི་
བཟླས་བརྗོད་སྨིན་པར་བྱུང༌། འདི་སྐབས་དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཛིན་པ་དཔལ་ལྡན་ཆོས་བཟང་སྤྱན་དྲངས་ཏེ། དོན་ཞགས་རྡོར་དབྱིངས་སོགས་དབང་བཀའ་ཆེན་མོ་འགའ་རེ་ཞུས། བླ་མའི་གསུང་གིས་ངེད་བུ་ལུགས་ཀྱི་དབང་ཆོས་མང་པོའི་ དགོངས་བཞེད་ཡོད་ཚེ། རྩེ་ཆེན་དབོན་པོ་བ་ལ་ཞུས་ན་ཡོང་ཕེབས་ཀྱིན་འདུག་པས། ཐོག་མར་འདུས་པ ་འཕགས་སྐོར་གྱི་ཞུ་འབུལ་བྱས། རྟེན་འབྲེལ་འགྲིག་ན་ཁོང་པ་རང་ལ་སྐུ་ཚེ་དང་འགྲོ་དོན་ལེགས་པོ་ཡོང་བ་ཡོད་ནའང༌། ཡེ་མི་མཛད་གསུང་ནས་རྟེན་འབྲེལ་མ་འགྲིགཕྱིས་ཁོང་པ་སྒོམ་མཛད་པའི་རྗེས་ཀྱང་མེད། ཆོས་བཤད་པའི་རྗེས་ཀྱང་མེད་པ་ལ་དུས་འདས་སོ། །དེ་ནས་དགེ་སྡིངས་སུ་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དྲི་མ་མེད་པ་བདག་ཆེན་བསོད་ནམས་དབང་པོའི་ཞབས་དྲུང་དང་མཇལ། ཞག་གཉིས་སྡོད་ཕེབས་པ་ལྟར་བསྡད། ཤིང་མགོན་དང་འཕེལ་གདུང་སོགས་རྟེན་ཁྱད་པར་ཅན་དེ་དག་གི་བྱིན་རླབས་ཀྱང་ཐོབ། ཡར་ལམ་འཚེ་དུ་མཇལ་འདོད་ཡིན་ཡང་སྐུ་མཚམས་དམ་པོ་གནང་འདུག་པས་མཇལ་མ་ཐུབ། འདི་སྐབས་ཆོས་ལུང་བྱང་རྩེར་ཟླ་བ་ཕྱེད་གསུམ་ཙམ་བསྡད། ངེད་སླེབ་ནས་ཞག་པོ་བདུན་བརྒྱད་ཙམ་སོང་དུས། གནས་འབྱི་དཔོན་གཉེན་བློ་གྲོས་དཔལ་ལྡན་བསྙུང་བའི་སྟབས་ནས། སློབ་དཔོན་དམ་པ་གསེར་མདོག་ཅན་ལ་ཕེབས་སོང་བས། ཕྱི་མཚམས་སེ་བ་ལ་སྲོད་ཐོར་སྔ་ དགོངས་རྣམས་རྗེ་བཙུན་གྲགས་པའི་ཡི་གེའི་ནང་ནས་བཤད་པ ་ལྟར་སྒྲུབ་ཐབས་བརྒྱ་རྩའི་ལྷ་རྣམས་ཀྱི་བསྙེན་པ་དེ་བྱས་ཤིང༌། ཉིན་གུང་ཆོས་རྗེ་ལྷ་མཆོག་པ་ལ་དཀྱིལ་འཁོར་རབ་འབྱམས་ཀྱི་ཐིག་རྩ་རྣམས་བསླབས། ལག་པ་མི་བདེ་བས་བྲིས་ནི་འབྲིང་ཙམ་ཀ་ཤེས། དེ་སྐབས་དཔོན་གཉེར་ཡང་ཐེགས་འདུག མི་རིང་བར་སློབ་དཔོན་རིན་པོ་ཆེ་ཉིད་གསེར་མདོག་ཅན་སྤྱི་བླ་བྲང་གི་མི་སྣ་དང་བཅས་ཆོས་ལུང་དུ་ཕེབས་པ་གནང་བྱུང་བ་ཁོང་གི་ཕྱག་རྫས་རྣམས་ཆོས་འཁོར་གྱི་མཐུན་རྐྱེན་དུ་སྦྱོར་བ་ཡིན་པས། ད་ལམ་ཅིས་ཀྱང་གསེར་མདོག་ཅན་དུ་
ཡོང་དགོས་ཚུལ་ནན་ཆགས་ཕེབས་པ་ནས་མི་རིང་བར་འགྲོ་བའི་སྒོ་དོད་ཅིང༌། སྔ་སོར་ཆོས་ལུང་དུ་དངོས་ཀྱི་མི་སྣ་གཉེར་པ་སྔ་ཕྱིར་གཉིས་ཙམ་བསྐོས་པ་ཡིན་ནའང༌། རྩེ་སྒྲུབ་སྡེ་སྨོན་འགྲོ་རྣམས་ཁོག་གཅིག་པའི་འཛུགས་རེང་གིས་སྤོད་དགོས་ཤ་སྟག་བྱུང་ཞིང༌། ཡོས་ལོ་ཡར་འབྲོག་ལ་འགྲོ་ཁར་ཁང་གསར་ནས་ཀུན་དགའ་ལེགས་གྲུབ་པ་བསྐོ་བཞག་གི་སྐབས། རྩེ་སྒྲུབ་ཀྱི་མི་སྣ་སོ་སོ་དང༌། ཁྱད་པར་སྨོན་འགྲོ་ནས་དཔོན་ས་ཡེ་ཤེས་དྲུང་རང་ལ་སྒེར་དུ་སྦྱོར་གཏོད་ཞུས་པའི་ལེགས་སློབ་ཉེས་སུབ་མགོ་འདོན་གནང་དགོས་ཚུལ་ཞུས་ནས་ཕྱིན་པ་ཡིན་ནའང༌། ངེད་ཀྱི་མི་སྣ་འབུད་གང་ཐུབ་རང་གི་འཕྲལ་རྩེ་སྒྲུབ་སྡེ་ལ་འབོག་བཅོག་བཅོལ་བའི་ཟར་ཟིར་ཞིག་གིས་མགོ་ཐོན་དཀའ་བ་ཞིག་བྱུང་བས་ལོ་གཅིག་སོང་མཚམས་ཡོས་ལོའི་དཔྱིད་ཀ། རྩེ་སྒྲུབ་སྡེའི་མི་སྣ་རྣམས་ལ་གཉེར་རྩིས་སྤྲད། དེ་ཕྱིན་རྩེ་སྒྲུབ་ཀྱི་ཁོག་སྒྱོངས་སྨོན་འགྲོ་རང་ནས་བྱས་པ་ཡིན་དུས། དེ་མཚམས་སྨོན་འགྲོ་རང་ནས་མགོ་འདོན་དགོས་རྒྱུར་འདུག་ནའང༌། དགོན་པ་ནས་ཟ་རྒྱུ་བྱུང་ན་ཟ། ཕྱི་ནས་དགྲ་བྱུང་བ་སོགས་གང་ལའང་ཁུར་མི་འཁྱེར་བར་འདུག་པས། རྩེ་སྒྲུབ་ཀྱི་མི་སྣ་གཉེར་འཛིན་མི་རྣམས་དཀའ་ལ་དོན་ཆུང་ངེ་བ་ཞིག་གི་གནས་ཚུལ་ལ་བྲེལ་བ་ཐན་ཐུན་འདྲ་བྱུང་བ་ནས། འདི་སྐབས་ཞག་ཤས་འགོར། དེ་འདྲས་བྱེད་པ་དེ་ལའང་སྨོན་འགྲོ་དང་ཁོང་ཚོ་རང་ལ་གནད་ཅིག་འདུག ངེད་ཀྱིས་ཀྱང་དེ་གོ་ནས་ཆ་ལ་བཞགདེ་ནས་མི་རིང་བར་སྨོན་འགྲོ། ཁྲམ་ཕུ། ཇོ་ནང་སོགས་སུ་ཁོར་རེ་ཕྱིན། དེ་ལོ་ཇོ་ནང་དུ་རྫ་ཤར་པ་དང་གླིང་པ་ཟིངས་ཆེ་བ་བྱུང་བས་དུས་ཁྲིད་ཆག་འདུག་པ་ནས། འདི་སྐབས་ངེད་ལ་རྗེ་དྲུང་རིན་པོ་ཆེའི་བཀའ་ཕེབས་པ་ནས་ཚོགས་པ་རྣམས་ལ་སྦྱོར་དྲུག་མགྱོགས་ཁྲིད་རང་ཞིག་བཤད། ཕུ་ཕག་དཔོན་ཆེན་དྲུང་དང་རྒྱལ་ལགས་ལ་དམར་པོ་སྐོར་གསུམ་གྱི་རྗེས་གནང་དགོས་གསུང་བ་ལྟར་བྱས་པ་གཏོར་མ་ལན་གསུམ་མགོ་མ་ཐོན་པར་ལན་བཞི་སྐྱོར་དགོས་བྱུང༌། དེ་ནས་ལམ་འགོར་སོགས་གང་ཡང་མེད་པར་མར་ལམ་བསམ་རྩེའི་ཀླུ་སྡིངས་སུ་ཞག་གཅིག་བསྡད། སྡེ་
པ་སྐུ་མཆེད་དང་མཇལ་ཚེ་དབང་ཙམ་ཕུལ། དེ་ནས་ཐུབ་བསྟན་གསེར་མདོག་ཅན་དུ་འབྱོར། ཐུབ་དབང་གནས་བཅུའི་གོས་སྐུ་ཡང་ཞལ་འབྱེད་མཛད་འདུག་པ་བཞིན་ཕྱག་མཆོད་སྨོན་ལམ་རྒྱས་པར་བྱས། སླེབ་པའི་གནངས་ཉིན་ནས་ཚོགས་ཆོས་ཀྱི་དབུ་ཚུགས། འདི་སྐབས་སྔ་དྲོ་རེ་བཞིན་དཔལ་འཁོར་ལོ་བདེ་མཆོག་སློབ་དཔོན་སྤྱོད་པ་པའི་བཞེད་སྲོལ་ལྟར་དངོས་གཞིར་དང་སྟ་གོན་རེ། དེ་ནས་ཚོགས་སུ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང༌། རྒྱ་གཞུང་གི་ལུང་དང་བཅས་པའི་ཐུན་རེ་སྟེ་ཉིན་རེ་ལ་རྗེས་གནང་བརྒྱད་དགུ་རེ་བྱས། དགོངས་ཕྱོགས་མཁན་སློབ་བཀའ་བཅུ་རབ་འབྱམས་ཐམས་ཅད་དང་བཅས་པ ་སུམ་ཅུ་བཞི་བཅུ་རེ་ལ་གསོལ་ཇ་བཟང་ངེས་པ་འདེབས་གཉིས་གཉིས་ཞུས་ཤིང༌། དེ་བར་དུ་ཉིན་རེ་བཞིན་དགེ་བཤེས་རེ་རེས་བཤད་པ་མཐའ་སྐྱོང་བར་མཛད། འབེལ་གཏམ་མང་པོས་དོགས་གཅོད་གླེང་སླང་ཡོན་ཏན་ལ་ཕན་ཚུན་དུ་ཐམས་ཅད་ལ་ཕན་ངེས་བྱུང༌། འདི་སྐབས་ཚོགས་སུ་ཡང་མང་ཇ་སུམ་ཅུ་ལྷག་ཙམ། བདག་ཅག་དཔོན་སློབ་གཉིས་ཐད་ནས་དགེ་འདུན་སོ་སོའི་ཕྱག་ཏུ་འབབ་རྒྱུ་རྙེད་པའི་བཀུར་བསྟི་ཡང་མི་ལོད་ཐུབ། བདེ་མཆོག་ནག་པོའི་དབང་ཆ་སུམ་ཅུ་ཙམ་དང༌། ཚོགས་ཆེན་དུ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ནས་བརྒྱུད་པའི་ཤངས་ཆོས་ཀྱི་སྐོར་ཚང་མ་དང༌། བཀའ་གདམས་ལྷ་བཞི་ལ་སོགས་པའི་རྗེས་གནང་ཟུར་བཀའི་རིགས་མང་དག་ཞིག་དང༌། ཁྲོ་ཕུ་བརྒྱ་རྫའི་ལུང༌། དྲིལ་བུ་རིམ་ལྔའི་ཁྲིད་ཚུལ། བཤད་པ་ཞིབ་མོ་མཐའ་གཅོད་དགག་སྒྲུབ་དང་བཅས་པ་ལ་སོགས་པ་ཆོས་སྣ་མང་རབ་དང༌། དགེ་བའི་བཤེས་གཉེན་རགས་བསྡུས་རྣམས་ལ་བདེ་མཆོག་ལཱུ་ཧི་པའི་དབང༌། དྲིལ་བུ་ལུས་དཀྱིལ་གྱི་དབང༌། མ་ཧཱ་མཱ་ཡ། གདན་བཞི་སོགས་དབང་བཀའ་འགའ་ཤས་ཤིག་དང༌། མཁའ་སྤྱོད་མ་སྐོར་གསུམ་གྱི་བྱིན་རླབས་སོགས་བགྱིས་ཤིང༌། སླར་བླ་མ་རིན་པོ་ཆེ་རྣམ་པ་གཉིས་མཇལ་བཞེད་ཀྱིས་ཡར་ཡོང༌། སྣར་ཐང་དང་བྱང་ཆེན་དུ་ཞག་ཤས་བསྡད་ཅིང༌། བློ་སྦྱོང་སོགས་ཁྲིད་ཅི་རིགས་པ་ཡང་བཤད། སྲད་བརྒྱུད་དེ་གཏིང་སྐྱེས་སུ་འབྱོར།
འདི་སྐབས་ཆོས་གྲྭར་ཟླ་གཅིག་ཙམ་བསྡད། དེ་སྐབས་སྔར་གྱི་རྒྱུན་ལས་རི་ཁྲོད་འགྲིམ་འདོད་རང་རྟག་ཏུ་ཡོད་པས། སྒྱེད་ལྕགས་ཕུག་གི་སྐོར་དེ་ལ་སྡོད་ཐུབ་ན་བསམ་པ་ཞིག་གིས་ཡོན་བདག་ལ་ཁང་པ་བཅོ་ཐབས་ཀྱང་ཞུས། རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པ་རྗེ་བཙུན་རྡོ་རིངས་པ་ཆེན་པོ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱི་ཞབས་དྲུང་དུ་སླེབ་ཅིང་ཤིན་ཏུ་དགེས་པ་ཆེན་པོའི་བཀའ་སྩལ་མང་དུ་གནང་བ་དང༌། ཕྱིན་ཆད་ཡང་ཡང་མཇལ་བར་དཀའ་བའི་འདུན་པས་རྩེ་གཅིག་པའི་གདུང་ཤུགས་ཀྱིས་གསོལ་བ་ཡང་ཡང་བཏབ། བཀའ་ཕེབས་ཐམས་ཅད་ཟབ་ཅིང་རྒྱ་ཆེ་བའི་བཀའ་ཆོས་ཁོ་ནར་ཡོང་བ་འདུག་ཅིང༌། དེ་མིན་ཆོས་བཀའ་ནི་སྐུ་ཁམས་ལོག་དོགས་ཞུ་མ་ནུས། སྐུ་གཞོགས་སུ་བསྡད་པ་ལ་དགེས་པར་འདུག་པས་ཉིན་རེ་བཞིན་སྐུ་དྲུང་དུ་རྒྱུན་རིང་བ་རེ་བསྡད། ཕྱིན་ཆད་མཇལ་བར་དཀའ་བ་འདུག་སྙམ་པའི་ཡིད་སྐྱོ་སང་ངེ་བ་ཡང་ཡང་བྱུང༌། ཕྱི་མཐའ་ཇི་བཞིན་གཟིགས་པའི་བཀའ་ཕེབས་ལ་ཡང་ད་འུ་ཅག་ལོ་གཅིག་ཙམ་ཨེ་སྡོད་ཅེས་ཡང་ཡང་གསུང་གིན་འདུག་པས་མཆི་མ་རང་དབང་མེད་པ་འཁྲུག་པར་བྱུང༌། འདི་སྐབས་སྡེ་པ་ཞལ་ངོ་རྣམས་ལ་ཚེ་དབང་དང་རྗེས་གནང་སོགས་ཅི་རིགས་པ་དང༌། གྲྭ་རིགས་གྲག་བསྡུས་དང་བཅས་པ་ལ་གཤེད་དམར་ལྷ་ལྔའི་དབང་དང་རྡོ་རྗེ་གདན་བཞིའི་དབང་ཞིག་བྱས། རིམ་པ་བྲག་སྟོང་རྡོ་རྗེའི་ཕོ་བྲང་དུ་སླེབ། འདི་སྐབས་སྐུ་དྲུང་དུ་ཞག་ཉི་ཤུ་རྩ་བདུན་བསྡད་ཅིང༌། སྒྲོལ་མ་ཉེར་གཅིག་ཉི་མ་སྦས་པའི་ལུགས་ཀྱི་སྐོར་རྣམས་དང༌། སྒྲོལ་མ་བླ་མེད་ཀྱི་ཕྱི་དཀྱིལ་དང༌། ལུས་དཀྱིལ་གྱི་དབང་བསྐུར་བ་ཐོབ། མཆོག་ཏུ་ཟབ་པའི་སེམས་ཁྲིད་ཕྱག་ཆེན་གའུ་མ་ཞིག་ཀྱང་བསྐྱར་ནས་ཞུས། འདི་ནས་ཁྱི་ལོ་སྐུ་གཞོགས་སུ་མ་འབྱོར་གྱི་བར་ཐོ་རངས་ཕྱག་ཆེན་གྱི་སྒོམ་ཐུན་རེ་འཆག་མེད་བྱས། སྐབས་འདིར་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ཀྱི་བཀའ་བབས་མཆོག་དང་ལྡན་པའི་བུམ་ཅན་ཕྱི་ནང་བྱེད་བཅིངས་དང་བཅས་པ་ཞུས་ཤིང༌། ལོ་བཞིའི་བར་དུ་སྲིད་ལ་རླུང་ཐུན་འཆག་མེད་རེ་ཡང་བསྒོམས། འདི་སྐབས་ཀྱང་སྔར་མ་ཐོབ་པའི་ཆོས་ཀྱི་ཆ་ལག་མང་དུ་ཞུས་ཤིང༌། རས་ཆུང་བའི་
བསྲེ་འཕོའི་གདམས་སྐོར་ལྷད་མེད་རྣམས་དང༌། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐོར་ཆ་ཚང་བ་རྣམས་ཏེ་ཞག་ཉུང་ཡང་ཆོས་ཐོབ་ཤིན་ཏུ་ཆེ་བར་བྱུང༌། སྤ་ལུང་དུ་ཁོར་གཅིག་ཕྱིན། རྗེ་བཙུན་བླ་མ་དམ་པས་ཀྱང་ཕེབས་ཞག་གསུམ་ཙམ་བསྡད་ཅིང་ཁྲོམ་དབང་ཞིག་དང༌། ཆོས་རྗེ་ངག་དབང་པ་དཔོན་སློབ་རགས་བསྡུས་ཤིག་ལ་མ་ཧཱ་མཱ་ཡའི་དབང་བསྐུར་ཞིག་བཞེད་པ་ལྟར་བྱས། སླར་ཡང་བྲག་སྟོད་དུ་འབྱོར། འདི་སྐབས་སློབ་དཔོན་པདྨའི་ཆོས་སྐོར་ལ་རྟེན་འབྲེལ་གྱི་སྒོ་འགྲིག་ལ་ཁང་པ་ལ་འཕྱུགས་པ་ཞིག་བྱུང༌། བྲག་སྟོད་སྒྲུབ་སྡེ་བ་རྣམས་ལ་དྲིལ་བུ་རིམ་ལྔའི་ཁྲིད་ཞིག་དང༌། བླ་མ་ཆུ་བོ་ཆུང་བའི་སྐུ་སྐྱེ་ཡང་དངོས་ལ་སྐྲ་བཅད་མཛད་ཅིང༌། རྔོག་ལུགས་དགྱེས་པ་རྡོ་རྗེའི་དབང་ཞིག་བཞེད་པ་ལྟར་བསྐུར། ཡོང་ཁར་བླ་མ་ལ་བརྟན་བཞུགས་ཕུལ་བས་རང་གི་ཚེ་འཕེལ་བའི་ལྟས་ཅུང་ཟད་བྱུང༌། དེ་ནུབ་བདེ་བ་ཅན་དུ་བསྡད། ནང་པར་ལྷ་ཆུར་ཞག་གཅིག་བསྡད་ཅིང༌། ཆུ་འཁོར་བ་སོགས་ཀྱི་མི་དམངས་རྣམས་ལ་ཚེ་དབང་ཞིག་བྱས། དེ་ནུབ་རྨི་ལམ་དུ་ཇོ་མོ་གཡུ་རི་མ་ཡིན་ཟེར་བའི་བུད་མེད་འཁོར་མང་པོ་དང་བཅས་པ་ཞིག་བྱུང༌། ཕྱག་གསུམ་བཙལ་ནས་མདུན་ན་བསྡད་འདུག ཁོ་ན་རེ། ང་ནཻ་གུ་བ་ལ་མོས་པ་ཞིག་ཡིན། ཁྱད་པར་བླ་མ་ལྷ་དབང་པའི་བཀའ་བཞིན་སྒྲུབ་པ་ཞིག་ཡིན་པས། སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་བ་ཞིག་བྱུང་ན་ས་གང་ན་འདུག་ཀྱང་མཐུན་རྐྱེན་སྒྲུབ། ཆགས་སྡང་གི་སྐྱེད་འཕེལ་བྱེད་ན་མི་སླེབ་པ་འདུག་ཟེར། གཉིད་སད་ནས་བསམ་མནོ་ལ་རང་གིས་སྒྲུབ་པ་ནུས་ན་མཐུན་རྐྱེན་དམ་ཅན་ཐམས་ཅད་ཀྱིས་སྦྱོར་བ་ཞིག་ཡིན་འདུག་པ་ལ་ཡོན་བདག་གྲྭ་རིགས་སོགས་ཀྱི་ངོ་དགའ་མ་འཕོངས་པའི་ཆོས་བརྒྱད་ཀྱི་སྣང་བ་ཁ་ཐལ་བའི་སྙད་གཞན་ཕན་ཡིན་ནོ་ཟེར་བའི་ལིང་ལིང་ཆོམ་ཆོམ་འདི་ལ་སངས་རྒྱས་བྱང་སེམས་རྣམས་ཐུགས་ཁྲེལ་བ་ལྟ་ཅི་སྨོས། དཀར་ཕྱོགས་ཀྱི་འབྱུང་པོ་ཐམས་ཅད་ཀྱང་ཞེ་ཁྲེལ་འདེད་ཀྱིན་ཡོད་པར་འདུག་སྙམ་པ་ཞིག་སྙིང་ནས་ཤར། དེ་ནས་ཡང་བྱང་ཉི་ཤར་ཆུ་འདུས་སོགས་བརྒྱུད། དཔལ་ལྡན་རྩེར་བཅགས་མལ་ཞིག་བྱས། བྱམས་གླིང་དུ་ཚ་བ་ལ་སླེབ་ཁོང་རྣམས་ཀྱིས་དེ་ཉིན་སྡོད་དབང་
མོ་ཆེ་ཞིག་བྱེད་དགོས་ཟེར། དེ་འཕྲལ་ཚེ་བུམ་བཞེངས་བརྡའ་བཏང་བས་ཁྲོམ་ཆེན་པོ་རང་ཚོགས་མ་ཎིའི་ལུང་དང་ཚེ་དབང་ཞིག་བྱས་མེ་ཏོག་འབབ་པ་སོགས་དགེ་ལྟས་ཀྱང་བྱུང༌། དེ་ནས་མདོས་འདྲར་བཅགས་མལ་ཞིག་བསྡད། རིམ་པས་སྣར་ཐང་དུ་སླེབ། གཟིམས་ཚེ་བ་བསྙུངས་ནས་ཞག་ཤས་སོང་འདུག་ཅིང་དེ་ནུབ་རང་ཚེའི་འཕེན་པ་རྫོགས་དེའི་ཁྲུས་ཆོག་སོགས་བྱེད་དགོས་བྱུང༌། ཚོང་འདུས་དབུ་རྩེར་ཞལ་ངོ་རྣམས་དང་མཇལ་ཞིང་དུས་རིམ་དང་ཐུག་པའི་ཟིང་ཟིང་མང་པོ་འདུག་པས་སྣང་བ་སྒྱུ་མ་ལྟ་བུ་ལ་ངེས་ཤེས་སྐྱེ་བར་བྱུང༌། བླ་མ་དམ་པ་དཔལ་ལྡན་ཆོས་བཟང་གི་ཞབས་དང་ཡང་མཇལ། རང་གནས་བསམ་སྡིངས་སུ་སླེབ་སྟེ་མཚམས་ཞག་བདུན་མ་ཞིག་བྱས་ལྷ་ཕྲན་ཞིག་གི་བསྙེན་པ་བསྐྱལ། དེ་ནས་འདོལ་བྱུང་རྩེ་ཆེན་སོགས་བརྒྱུད་རྒྱལ་རྩེར་འབྱོར། སྡེ་པ་མཆེན་དྲུང་སྔ་སོར་གཤེད་དམར་གྱི་ཐུགས་དམ་རྒྱུན་དེ་ཀ་གནང་ན་བར་ཆད་ཞི་བ་ཞིག་ཡོང་བ་ཡོད་ནའང༌། ཞབས་དྲུང་བདག་པོ་ཁྲི་ཆེན་གྱིས། གཤེད་དམར་སྤྲོས་མེད་འདྲ་སྤྲང་པོའི་ཆོས་ཡིན། རྡོ་རྗེ་བྲག་རྫོང་མ་རང་གིས་གསུངས་པས་གཤེད་དམར་གྱི་ཐུགས་དམ་འཕྲོ་བཅད། མི་རིང་བར་སྐུ་ཁམས་ལོག་པའི་ཐུགས་ལ་བདེ་དོག་ཆེར་བྱུང་འདུག་པ། ཞབས་དྲུང་སྤྱན་འདྲེན་གནང་འདུག་ནའང་ཞབས་དྲུང་གི་འཆིབས་དཔོན་དང་སྡེ་པ་གམ་པ་ནས་ཀྱི་ཕྱག་གཡོག་རྣམས་འཁྲུགས། ཐུགས་སུན་ལ་གཏད་རྐྱེན་དེས་སྐུ་ཁམས་ཤིན་ཏུ་ཐུ་བར་སོང་འགྲོངས་ལ་ཁད་བྱུང༌། དངོས་ཀྱིས་སླེབ་དུས་ཞབས་དྲུང་ནི་ཕྱིར་ཕེབས་གྲུབ་འདུག་ཅིང༌། སྐུ་ཁམས་ལོད་པ་རང་གི་སྐབས་དེར་འདུག་པས་ཟླ་ཕྱེད་ཙམ་སྡོད་དགོས་བྱུང༌། གཏོར་དབང་དང་དམིགས་པ་སོགས་ཕུལ་བས་བདག་པོའི་དྲུང་གི་སྐུ་ཁམས་ཀྱང་སོར་
ཆུད་ཅིང༌། མངའ་བདག་རྒྱལ་མོའི་དྲུང་དུ་སྐུ་ཁམས་བསྙེལ་བ་ཞིག་བྱུང་བའང་བྱབས་བཀྲུ་ལན་འགའ་ཡར་ཕུལ་བས་འཕྲལ་དུ་དྭངས། དེ་སྐབས་གཙང་རྒྱུད་པ་དཔོན་སློབ་ཐམས་ཅད་ལ་ཆོས་འབྲེལ་ཙམ་ཞིག་བྱས། བདག་རྒྱུད་གསང་བ་འདུས་པ་མོས་པས་དེ་དུས་མཚམས་སྦྱོར་ཞུས་པས། ད་ལྟ་གཙང་རྒྱུད་པ་ལ་རྒྱལ་རྩེ་ནས་ཆོས་བར་འདེགས་པ་འདི་དེ་དུས་ནས་བྱུང་བ་ཡིན། དེ་གོང་ཐུགས་འབྲེལ་མི་གདའ། དེ་ནས་སྣ་དཀར་རྩེར་སྡེ་ པ་ཞལ་ངོ་རྣམས་དང་མཇལ། ནན་ཆགས་ཀྱིས་སྡོད་གསུང་བས་ཞག་བདུན་བསྡད། དགོངས ་བཞེད་ལྟར་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་དང་ཚེ་རྟ་སོགས་ཕུལ། རང་ཡུལ་ཏུ་འབྱོར་ཞག་པོ་ལྔ་ཙམ་བསྡད། སླར་ཆུ་བོའི་རིའི་གྲུ་ལ་ཐོན་ཏེ་ལྕང་གླིང་ཁང་གསར་དུ་ཆུ་ཤུལ་བའི་ཞལ་ངོ་རྣམས་དང་ཞབས་དྲུང་བཀྲས་སྟོབས་དྲུང་གི་ལྕམ་ཆུང་ཆུང་ཞིག་འཕྲད་པར་ཕེབས་བྱུང༌། དེ་ནས་སྐྱོར་མོ་ལུང་དུའང་ཡུམ་དྲུང་དང་མཇལ། ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་གཅོད་ཁྲིད་བསྡུས་པ་ཞིག་ཕུལ། ཞག་གསུམ་ནས་ཞབས་དྲུང་རིན་པོ་ཆེ་ཡང་ཕེབས་བྱུང་ཞིང༌། ཚེ་རྟ་སྦྲགས་མ་ཞིག་དང་མགོན་པོ་ཞལ་བཞི་པའི་རྗེས་གནང་ཞིག་དགོས་ཕེབས་པ་ལྟར་ཕུལ་ནས་སླར་ཆོས་འཁོར་ལྷ་སར་སླེབ་ཞག་གསུམ་ཙམ་བསྡད། ཕྱག་མཆོད་སྨོན་ལམ་གང་འགྲུབ་བྱས། དེ་ནས་ཡེར་བ་ལྕང་ལུང་ཆོས་སྡིངས་སུ་མ་འཕྲད་གཉའ་རི་ཁུག་རྣམས་བརྒྱུད་ནས་ཕྱིན། ཕྱག་ལ་དགོན་པར་སྟག་ལུང་གྲ་ནང་གླིང་གསུམ་གྱི་ནས་བསུ་བ་ཇ་འདྲེན་སོགས་སླེབ། དེ་ནས་གསོལ་བ་གུང་ཚིགས་ཀྱི་ཐོག་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འགྲོ་བའི་མགོན་པོ་སྟག་ལུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་སྨོས་ཏེ། རྗེ་བཙུན་ཀུན་དགའ་བཀྲ་ཤིས་
རྒྱལ་མཚན་དཔལ་བཟང་པོའི་ཞལ་གྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་ཞིང༌། སང་ཉིན་དྲུང་པ་རིན་པོ་ཆེ་བར་ལེ་བ་རྣམ་རྒྱལ་རིན་ཆེན་དཔལ་བཟང་པོ་ཡང་འཕྲད་པར་ཕེབས་བྱུང་ཞིང༌། དེའི་སང་གླིང་དུ་སྤྲུལ་པའི་སྐུ་དང་མཇལ། དེ་སྐབས་བཞུགས་ཡུལ་ནི་མགྲོན་ཁང་ན་གནང་འདུག གྲོག་ཁར་ཡང་མཇལ་བར་ཕྱིན་པས་སྔར་དང་མི་འདྲ་བའི་ཤིན་ཏུ་དགེས་པ་ཆེན་པོས་ད་ནི་ཤིན་ཏུ་ཡིད་ཆེས་པ་རང་ཡིན་ནོ་ཞེས་གཟེངས་བསྟོད་པ་མང་པོ་དང་བཅས་བཀའ་སྩལ་ཡིད་ལ་འབབ་པ་དགྱེས་དགྱེས་དཔེ་མེད་གནང༌། ཆོས་ཀྱི་འབྲེལ་བ་ཐན་ཐུན་ཞུས་མྱུར་སྟབས་བཞུགས་སྒར་འདེགས་པ་གནང་སོང༌། དེ་ནས་ཟླ་གཅིག་སྐོར་ཆོས་རྫོང་རྣམ་རྒྱལ་རབ་བརྟན་རང་དུ་བླ་མ་མཆོག་གི་ཞབས་དྲུང་ཁོ་ན་བསྟེན་ཅིང༌། སྔར་མ་ཐོབ་པའི་འགྲོ་མགོན་རི་བོ་ཆེ་པའི་གསུང་འབུམ་ཅི་རིགས་པའི་ལུང་སོགས་ཟབ་ཆོས་མང་དུ་ཞུས་ཤིང༌། དངོས་ཅན་ལྟ་བུ་མ་བསྡམས་པ། མི་མཁས་པ། མཉམ་པར་མ་བཞག་པ། སེམས་རྣམ་པར་མ་གྲོལ་བའི་རང་བཞིན་ཅན་འདི་ལྟ་བུས། དམ་པ་མཆོག་འདི་ལྟ་བུ་ལ་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འབུལ་བའི་རྔོ་ཐོགས་པ་ག་ལ་ཞིག་སྟེ། འོན་ཀྱང་བཀའ་ནན་ཆེས་ལྕི་བ་ནས་མི་འབུལ་ཁ་མེད་དུ་ཤར་བ་ནི། བཀའ་སྩལ་ལས། ཉིད་ཀྱིས་རྒྱ་གར་བའི་སློབ་དཔོན་འདྲ་ལས་ཆོས་གསར་བ་མང་དུ་ཐོབ་ཡོང་འདུག་པ། དེ་རྣམས་ཆ་ཚང་བ་ཞིག་དགོས་ཕེབས་པ་ལྟར་ཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས་ཐོག་མའི་རྟེན་འབྲེལ་དུ་བྱས་ནས་ཕལ་ཆེར་འབུལ་ཐུབ། འདི་སྐབས་སྒྲོལ་མའི་རྒྱུད་ཆེན་པོ་བསྒྱུར་མ་གྲུབ། དོ་ཧ་དང་སེམས་ཀྱི་ཕྱག་རྒྱ་སོགས་ཞུས་དག་མ་གྲུབ་པས་འགྱུར་མ་ལེགས་ཙམ་ཞིག་ཡོད། ཆོས་འདི་རྣམས་ལ་མཆོག་གི་བླ་མ་ཤིན་ཏུ་ཐུགས་
དགྱེས་ཤིང་ཚིམ་པའི་ཚུལ་གནང་གིན་འདུག་པས་ཆོས་འདི་རྣམས་ཕུལ་བས་བསོད་ནམས་ཀྱི་ཕུང་པོ་མཐའ་མེད་པ་ཐོབ་པར་ཤེས་སོ། །དེ་ལྟར་ཟླ་གཅིག་ཙམ་ནས་གནས་བཅུའི་གོས་སྐུ་ཁྱད་པར་ཅན་བཞེངས་པའི་ དགོངས་བཞེད་ཀྱིས་བཀའ་ཕེབས་སོ་སོར་གནང་བ་ལྟར་སྤྲུལ་སྐུ་སྨན་ཐང་པ ་བློ་བཟང་རྒྱ་མཚོ་ལ་སོགས་པ་ཡང་སྐུ་གཞོགས་སུ་འབྱོར། ངེད་རྣམས་སྟག་ལུང་གླིང་གི་གཟིམས་སྤྱིལ་དུ་བསྐྱས། དེའི་གནངས་ཉིན་ནས་གོས་སྐུ་འཚེམ་པའི་གྲ་ཡང་ཚུགས་ཤིང༌། དངོས་ཀྱིས་ཟླ་གཅིག་ཙམ་གྱི་བར་དུ་སྤྲུལ་པའི་སྐུ་ངག་གི་དབང་པོའི་ཞབས་པད་བསྟེན་པ་ལ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཀླུ་སྒྲུབ་ལུགས་ཀྱི་དབང་དང་གསང་འདུས་འཇིག་རྟེན་དབང་ཕྱུག་གི་དབང༌། མི་ཏྲ་བརྒྱ་རྩའི་དབང༌། རྒྱུད་སྡེ་མང་པོའི་ལུང་སོགས་ཐོབ། བཀའ་ནན་ཕེབས་པ་ལ་བརྟེན་ཏེ། ཕར་ཕུལ་བ་ཡང་བདེ་མཆོག་ནག་པོ་པའི་དབང༌། བདེ་མཆོག་བོང་ཞལ་ཅན་གྱི་དབང༌། སངས་རྒྱས་ཐོད་པ་ཉེར་ལྔ་མའི་དབང༌། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལུང་དང་བཅས་པ། སྒྲོལ་མ་ཉེར་གཅིག་ཇོ་བོ་ལུགས་ཀྱི་རྗེས་གནང་དང༌། དེ་ལ་ཡང་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང་སྤེལ་མར་མཛད་པས། གང་ལྟར་ནའང་ཉི་མ་གཉིས་ལ་བྱིན་རླབས་རྗེས་གནང་བརྒྱ་དང་བརྒྱད་ལུང་པོ་ཏི་གཅིག་སོང༌། གཞན་ཡང་དབང་བཀའ་རྗེས་གནང་ཅི་རིགས་པ་དང༌། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུགམཻ་ཏྲི་པའི་ཨ་མ་ན་སིའི་ཆོས་སྐོར་ཉེར་གཉིས། བཀའ་ཡིས་བསྐུལ་བའི་ཆོས་བཞི་སོགས་ལུང་ཡང་མང་དུ་ཕུལ། སྟག་ལུང་ཚོགས་སུ་ཡང་སྦྱོར་དྲུག་ཤིན་ཏུ་རྒྱས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཞེད་སྲོལ་ལྟར་མཐར་རྒྱས་སུ་བྱས།
དྲུང་པ་རིན་པོ་ཆེ་བར་ལེ་བར་ཡང་སྦྱོར་དྲུག་ཇོ་ཞལ་གཉིས་ཀའི་ལུགས་ཚང་མར་ཕུལ། དེ་ལྟར་ཟླ་གཅིག་གི་མཚམས་སུ་གོས་སྐུ་ཡང་ལེགས་པར་གྲུབ། དེ་མཚམས་དངོས་ལ་རབ་གནས་བྱེད་དགོས་པར་བཀའ་སྩལ་ཏེ། མཆོད་ཁང་ཆེན་མོའི་ལྷ་ཁང་ཤོད་དུ་གཟའ་སྐར་གྱི་སྟབས་ནས། སྟ་གོན་གྱི་ཆོ་ག་ཐམས་ཅད་སྲོད་ལ་གྲོལ་བར་བྱས། ནམ་བྱེད་ནས་དངོས་གཞིའི་ཆོ་ག་བཙུགས་ཏེ། རབ་གནས་ཀྱི་དངོས་གཞིའི་ཆོ་ག་ཚ་གོང་དུ་རྫོགས་པར་གྲུབ་པ་བྱས། སླར་སྔ་སོར་བཞེངས་པ་གནང་བའི་ཐུབ་དབང་གི་གོས་སྐུ་ཉིད་གཙོ་བོར་མཛད་ཅིང༌། དེ་རེས་གསར་བཞེངས་གནང་བའི་གནས་བཅུའི་གོས་སྐུ་གཉིས་པོ་གཡས་གཡོན་དུ་ལྡེམ་གྱི་ཚུལ་དུ་གནང༌། བླ་མ་དམ་པ་ཁུ་དབོན་དགེ་འདུན་རྒྱ་མཚོའི་ཚོགས་དང་བཅས་པས་བརྟན་བཞུགས་དང་མཆོད་བསྟོད་བཟབ་རྒྱས་སུ་གནང༌། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང༌། སླར་རྗེ་བཙུན་བླ་མ་དམ་པ་ཉིད་སེང་གེའི་ཁྲི་ལ་གདན་ཆགས་པར་མཛད་དེ། དངོས་ཅག་ཆོ་ག་བ་རྣམས་ཀྱིས་རབ་གནས་རྗེས་ཆོག་གི་ཤིས་བརྗོད་རྒྱས་པ་རྣམས་ཕུལ་ཞིང༌། ཉིན་གུང་བླ་མ་དམ་པ་ཁུ་དབོན་གཉིས་གཙོ་བོར་ཕེབས་གྲལ་པ་གཞི་བྱེས་ཀྱི་མི་དྲག་ཚད་འདུས་པ་ལ་བཞི་བརྒྱ་ཙམ་ཞིག་བྱུང༌། རབ་གནས་དགའ་སྟོན་བསམ་གྱིས་མི་ཁྱབ་པས་གཞི་བྱེས་ཐམས་ཅད་ཡིད་བརྟས་པར་གནང་ཞིང༌། དེའི་ནང་བར་སྐུ་འབུམ་ལྟག་ཏུ་གཞི་བྱེས་རགས་བསྡུས་ལ་ཡང་དགའ་སྟོན་རྒྱ་ཆེན་པོ་གནང༌། སླར་རབ་གནས་རྗེས་ཀྱི་རྒྱས་པའི་སྦྱིན་སྲེག་སོགས་ཀྱང་ཕྱག་ལེན་མཐའ་རྒྱས་རང་བྱས། དེ་མཚམས་ནས་དཔལ་རྭ་བསྒྲེང་གི་གཙུག་ལག་ཁང་ལ་ཕྱག་མཆོད་བགྱིད་པར་ཕྱིན།
ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་རྟེན་བྱིན་རླབས་ཅན་ཐམས་ཅད་ལ་གསེར་ཆབ་རྒྱས་པར་ཕུལ། གཞན་ཡང་རྟེན་ཐམས་ཅད་ལ་སྙན་དར་དང༌། ལྷ་ཁང་མཆོད་རྟེན་ཐམས་ཅད་ལ་དར་ཅོག་སོགས་གཅིག་ལའང་མ་ཆད་པར་འབུལ་ཐུབ་ཅིང༌། ཐམས་ཅད་ལ་སྨོན་ལམ་གྱི་ཡི་གེ་སོགས་ཐེབས། རྨི་ལམ་དུ་འཇམ་པའི་རྡོ་རྗེའི་སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་ཀྱང་གསལ་བར་བྱུང༌། དེ་བཞིན་དུ་རྣལ་འབྱོར་ནམ་མཁའི་སྐུ་ཆེ་ལ་གསལ་བ་ཞིག་ཀྱང་རྨིས། འདི་སྐབས་ཀྱང་ཞག་བདུན་བསྡད་ཅིང༌། ཚོགས་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང་དང་ཁྲིད་བསྡུས་པ་ཞིག་བྱས་ཏེ་ཟང་ཟིང་གིས་ཀྱང་དེར་བཞུགས་རྣམས་ཡིད་ཀྱི་རེ་བ་གང་བར་གྱུར་ཏོ། །འདི་སྨྲས་པ། མཐའ་ཡས་དགེ་བའི་འོད་དཀར་འབུམ་འཆར་བ། །འདི་དག་སྔོན་གོམས་སྟོབས་ཀྱིས་དྲངས་པ་སྟེ། །ཟླ་བ་གསར་བ་གཅིག་འཆར་མཚར་ཅི་ཡོད། །འགྲོ་ཀུན་ཡིད་མཁར་རྟག་ཏུ་འཆར་འདི་མཚར། །དེ་ནས་སླར་རྣམ་རྒྱལ་རབ་བརྟན་དུ་རི་བོ་ཆེ་བའི་ཆོས་སྐོར་འགའ་ཞིག་དང༌། གཞན་ཡང་ཆོས་ཀྱི་རྣམ་གྲངས་འགའ་ཞིག་ཞུས་ཤིང༌། འདི་སྐབས་རིན་པོ་ཆེ་ཀ་བཞི་པའི་དྲུང་ཡང་སྒྲགས་སུ་སྐུ་མཚམས་ལོ་གསུམ་མ་སོང་འཕྲལ་ཡིན་ལ། སྟག་ལུང་དུ་རྗེ་ཁུ་དཔོན་མཇལ་བ་དང༌། ངེད་ལའང་དབུས་ཀྱི་ལྷོ་ཁ་ལ་ཡོང་དགོས་ཚུལ་ནན་ཆགས་གནང་བ་དང་བཅས་ཕེབས་བྱུང་ཞིང༌། ངེད་ཀྱིས་ཀྱང་དེའི་གནངས་ཉིན་རང་སྟག་ལུང་ཐང་ནས་འོངས་ཏེ། ཡར་བཟང་དུ་ཁོང་ཚོ་ལ་ཚེ་དབང་དང་མགོན་པོའི་རྗེས་གནང་ཞིག་དགོས་ཟེར་བ་ལྟར་བྱས། གླང་ཐང་དུ་ཞག་གསུམ་ཙམ་བསྡད། མི་དམངས་དང་བཅས་པ་ཐམས་ཅད་ལ་མ་ཎིའི་ལུང་སོགས་ཆོས་ཐུན་རེ་འཆག་མེད་དང༌། སོ་སོའི་འདོད་པའི་ཆོས་ཐན་ཐུན་འདྲ་བཤད། འདི་སྐབས་ཀྱང་ལྷ་སར་
རྟེན་རྣམས་ལ་ཞལ་གསེར་རྒྱས་པ་རང་འབུལ་ཐུབ་ཅིང༌། ཡེར་བ་ནས་ནན་ཆགས་གནང་བའི་ཡོང་དགོས་ཚུལ་ཕེབས་པ་ལྟར་ཡེར་བར་ཕྱིན། ཞག་ཤས་ནས་སྡེ་པ་གཡུལ་རྒྱལ་དྲུང་དཔོན་གཡོག་འགའ། འཚོ་བྱེད་དགེ་སློང་ན་འོ་བ། སྨན་ཐང་བློ་བཟང་པ་སོགས་ལ་བདེ་མཆོག་ནག་པོ་པའི་དབང་དང༌། དོན་གཉེར་སོ་སོ་ལ་མཁའ་སྤྱོད་དཀར་དམར་གྱི་བྱིན་རླབས། རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང༌། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ལུང་བཤད། ཡུམ་དྲུང་དུ་ནཻ་གུའི་དམིགས་འདོམས་བསྡུས་པ་ཞིག་དང༌། སྡེ་པའི་དྲུང་མཁའ་སྤྱོད་མ་དཀར་མོ་ལ་ཐུགས་དམ་གནང་བཞེད་ཡིན་འདུག་པས་མངོན་རྟོགས་གསར་རྩོམ་ཞིག་དགོས་གསུང་བ་ལྟར་སོ་སོར་བརྩམས་ནས་ཕུལ། སླར་ཆོས་འཁོར་ལྷ་སར་ཞག་གསུམ་བསྡད། ལྷ་ས་ནས་སྔ་བར་ལངས་ཏེ། འབྲས་སྤུངས་སུ་ཚ་བ་ལ་སླེབ། འདི་སྐབས་རིག་གྲྭ་ཆེན་མོའི་སྐབས་ཡིན་པས་ཚོགས་ཤིན་ཏུ་ཆེ་བར་འདུག མངར་ཧང་རྡུམ་ལྔའི་མང་ཇ་བཟང་བ་ཞིག་ཞུས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་དངུལ་གདུང་སོགས་རྟེན་རྣམས་ལ་སོ་སོར་སྙན་དར་དང་མཆོད་རྫས་གང་འོས་དང༌། ཁྱད་པར་སྔགས་ཁང་གི་རྡོ་རྗེ་འཇིགས་མཛད་ཀྱི་སྐུ་བརྙན་ཆེན་པོའི་ཐུགས་ཀ་ན་རྭ་ལོའི་སྐུ་གདུང་བཞུགས་པར་གྲགས་པ་ལ་སྙན་དར་གོས་ཡུག་ལྕགས་ནག་གཅིག་ལ་རིམ་གཉིས་དང་མཐུན་པའི་བསྟོད་པ་བརྩམས་ནས་བྲིས་པ་ཞིག་ཕུལ། གསོལ་བ་རྒྱུན་རིང་དུ་བཏབ་པས་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་བྱུང༌། ཐོན་མིའི་ཡིག་ཕུད་དང་རྗེ་བཙུན་ཙོང་ཁ་པའི་བཞུགས་ཁྲི་སོགས་ལའང་དྲི་བཟང་གི་མཆོད་པ་དང༌། རྒྱ་གར་པཎྜི་ཏ་འབུམ་ཕྲག་གསུམ་པའི་སྐུ་གདུང་བཞུགས་པའི་ས་འབུམ་དེ་ལ་སྙན་དར་ཁ་བཅུ་ཙམ་ཕུལ། སྨོན་ལམ་དྲག་ཏུ་བཏབ།
མཆོད་རྟེན་གྱི་གུང་ནས། ཏདྱ་ཐཱ། ཨོཾ་ག་ཏི་ག་ཏི་སོགས་ཀྱི་སྒྲ་གསལ་བ་ཞིག་བྱུང༌། དེ་ནུབ་ནོར་བུ་དགེ་འཕེལ་དུ་དཀོན་གཉེར་དཔོན་ཚང་གི་སར་གནས་ཚང་བྱས། སང་གྲུ་ལ་ཐོན་ཏེ་འོངས་མགོན་པོ་གདོང་གི་མགོན་པོ་ལ་གཏོར་མ་ཞིག་ཕུལ། དེ་ནུབ་ལུམ་པར་སླེབ། ཞག་ལྔ་དྲུག་ཙམ་བསྡད་ཚེ་དབང་སོགས་རྐྱེན་སེལ་གྱི་ཆོས་ཐན་ཐུན་འདྲ་བྱས། དྲང་སྲོང་སྲིན་པོ་རི་མཇལ་བར་ཕྱིན་འཁོར་ལོ་སྡོམ་པའི་སྐུ་བརྙན་དང༌། བྱང་ཆུབ་ཆེན་པོའི་ཞལ་ཚད། བདེ་མཆོག་ལཱུ་ཧི་པ་དང་དུས་ཀྱི་འཁོར་ལོའི་དཀྱིལ་ཐང་བི་བྷུ་ཏི་ཙནྡྲའི་ཐུགས་དམ་རྟེན་རྒྱ་གར་མ་ཡིན་ངེས་རི་མོའི་རྣམ་ཆ་ཕུལ་དུ་བྱུང་བ་འདུག རྡོ་རྗེ་རྣལ་འབྱོར་མའི་ལི་མ་དང༌། ཐུགས་རྗེ་ཆེན་པོ་ང་ལོང་མ་དང༌། རྡོ་རྗེ་གདན་གྱི་བཀོད་པའི་ཞལ་ཐང་དེ་གསུམ་པོ་དེ། སྔོན་གྱི་དེ་དངོས་རང་མིན་པའི་སྐུ་ཚབ་ཡིན་ནམ་སེམས་པ་ཞིག་འདུག་པ་གང་ལྟར་ཡང་དེ་རྣམས་མཇལ། ཕྱག་མཆོད་གང་འགྲུབ་བྱས་ཤིང༌། སྡེ་པ་ཀ་བཞི་པའི་དྲུང་ནས་བདེ་མཆོག་དྲིལ་བུ་པའི་དབང་ཞིག་དགོས་གསུང་བ་ལྟར་དེ་ནུབ་བྱས། ནུབ་མོའང་གཙང་ཁར་དེ་ཀར་ཉལ།གགག རྨི་ལམ་དུ་འཁོར་ལོ་སྡོམ་པའི་ལྷ་ཁང་ཤིན་ཏུ་མང་བ་ཞིག་ཏུ་ཕྱིན་པས།ག བུད་མེད་རྒན་མོ་ཞིག་གིས་གསེར་པོད་ཆེན་པོ་ཞིག་གཏད་བྱུང༌། ཞལ་ཕྱེ་ནས་བལྟས་པས་འཁོར་ལོ་སྡོམ་པའི་རྩ་རྒྱུད་དུ་འདུག་ཅིང༌། མཆན་བུ་རིག་མི་ག ཅིག་པ་ཤིན་ཏུ་མང་བ་རྒྱབ་པའི་ཡི་གེ་རྣམས་ཀྱང་གསེར་དངུལ་སྤང་མཐིང་མཚལ་སོགས་སྣ་ཚོགས་པས་བྲིས་པའི་ཁྲ་ཆེམ་ཆེམ་པ་ཞིག་འདུག དེ་ཉིད་དུ་ནི་དེ་དབྱེར་མེད། །ཞེས་པའི་རྗེས་སུ། འདོད་པ་དུག་གི་ལོ་མ་དག །སྒྲུབ་པོ་ཉམས་ང་མེད་སྤྱོད་པ། །རིགས་ལྔ་ལ་ནི་མངོན་བགྲོད་ནས། །སྨན་
གྱི་དབང་པོ་རིགས་གཅིག་བརྟག །ལྷ་དང་ལྷ་མིན་ཟིལ་གནོན་ཅིང༌། །ཕོ་ཉ་རྣམས་ཀྱིས་རབ་ཏུ་འཁྱུད། །སྦྱོར་བ་བདེ་བའི་ངང་ཚུལ་ཅན། བློ་ལྡན་རྣལ་འབྱོར་མ་ལ་བསྲུབ། །ཅེས་པའྀ་ཚིགས་བཅད་ཡོད་པ་ཞིག་དང༌། འཇུག་ན། ཤིན་ཏུ་རྙེད་པར་དཀའ་བ་ནི། །གཞན་གྱིས་རྟོགས་པ་མ་ཡིན་ཏེ། བློ་ལྡན་ཁྱོད་ལ་བསྟན་པ་ཡིན། །འོན་ཀྱང་རྐྱེན་གཞན་དག་གིས་བསྒྲིབས། །ཞེས་པ་ཞིག་འདུག དེར་རྨི་ལམ་དུ་ཤེས་དེ་བུད་མེད་རྒན་མོར་འོང་བ་འདི་དམ་ཚིག་གི་སྐྱོན་ཅུང་ཟད་ཡོད་པའི་བརྡར་འདུག་སྙམ་ནས། བཤགས་བསྡམས་མང་དུ་བྱེད་ཀྱིན་འདུག་པས་དེ་ཉིད་བུ་མོ་གཞོན་ནུ་ཞིག་ཏུ་སོང་ནས་ལུས་ཀྱི་གཡོན་ཕྱོགས་ལ་ཐིམ་པ་སྙམ་བྱེད་པ་ན། རྨི་ལམ་གྱི་སྣང་བ་ཡལ་ཞིང་བདེ་བས་རྒྱལ་བ་འདྲ་བའི་འོད་གསལ་འཐུག་པོ་ཡུན་རིང་བར་བྱུང་ངོ༌། །སང་ཉིན་ཡང་རྫོང་དུ་མ་སླཻབ་བར་དུ་སྣང་བ་འགྱུར་ཞིང་ལུས་བདེ་ཆམ་མེ་འདུག་པ་ལ་རྫོང་ནང་དུ་སླེབ་པ་ན་ཡལ་ནས་སོང་གནས་ཀྱི་གྲིབ་ཡིན་ནམ་སེམས། སྲིན་པོ་རིར་བདེ་མཆོག་གི་བསྟོད་པ་རིམ་ལྔ་དང་མཐུན་པ་དེ་བརྩམས་སོ། །དེ་ནས་སྒྲགས་མདར་སྒྲགས་རྒྱལ་བྱེད་ཚལ་པ་དཔོན་སློབ་རྣམས་ཀྱང་ཕེབས་བྱུང་ཞིང༌། སློབ་དཔོན་པ་ལ་བདེ་མཆོག་ནག་པོ་པའི་དབང་དགོས་གསུང་བ་ལྟར་བགྱིས། སྔགས་གྲྭའི་བླ་མ་བགྲེས་པོ་རྙིང་བ་རང་ཡིན་ཀྱང་བླ་མེད་ཀྱི་དབང་ཞུ་མི་མཁྱེན་པ་ཅིག་འདུག དེའི་སང་རྡོ་མཆོད་ཐང་ཁའི་རྡོའི་མཆོད་རྟེན་རྣམས་ལ་བྱིན་རླབས་རེ་ཞུས་ཤིང་མཆོད་པ་དང་ན་བཟའ་རེ་ཕུལ་སྨོན་ལམ་བཏབ། ཆོས་འཁོར་ཆེན་པོ་བསམ་ཡས་སུ་སླེབ་ལྷ་ཁང་རྣམས་ལ་ཞིབ་མཇལ་དུ་བྱས། བྱང་ཆུབ་ཆེན་པོ་ལ་གསེར་ཞལ་ཕུལ། ཨཪྱ་པ་ལོ་
གླིང་གི་སྤྱན་རས་གཟིགས། སྒྲོལ་མ། འོད་ཟེར་ཅན་མ་གསུམ། སེམས་བསྐྱེད་བྱང་ཆུབ་གླིང་གི་དེ་བཞིན་གཤེགས་པ་མ་ཆགས་པདྨ་རྣམས་ལའང་གསེར་ཞལ་རེ་སྦྲོན། སྲོད་ལ་རྨི་ལམ་དུ་ལུང་པ་སྐྱིད་པོ་ཞིག་གི་ནགས་གསེབ་ཅིག་ན་ཁང་པ་དམར་པོ་ཆེན་མོ་བློས་མི་འཁྱུད་པ་ཞིག་འདུག དེའི་ནང་དུ་སླེབ་ཙ་ན་རྩིག་རྡོ་ཐམས་ཅད་མི་མགོར་སོང་སྟེ། ཁ་འཕྲུལ་མིག་འཕྲུལ་བྱས་གད་མོ་དིར་དིར་འཇིགས་པ་སྟོན་དུ་བྱུང༌། དེ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ཤེས་ནས་ཆམ་མེ་མཉམ་པར་བཞག་པས། ཁང་སྟོང་དེའི་གསེབ་ནས་ང་མ་འཆིང་ཟེར་བའི་སྒྲ་ལྷང་ལྷང་བྱུང༌། དེ་ནས་ཇི་ཞིག་ན་དེ་རྣམས་ཡལ་ཏེ་སྐྱེས་པ་གཞོན་ནུ་ལུས་ཆེ་ཞིང་མཛེས་པ་གོས་དཀར་པོ་གྱོན་པ་ཞིག་གུས་གུས་ལྟར་ཕྱག་བཙལ་དར་དཀར་པོ་ཞིག་ཕུལ། ཤ་ཁོག་གཅིག་གཏད་པ་རྨི། སང་ཉིན་མཆིམས་ཕུ་མཇལ། དེ་ཉིན་གནས་ཚང་བའི་གཉེན་ཚན་ཁྱོ་ཁ་ཞིག་ཆུས་ཁྱེར་ནས་ཤི། དེ་ནུབ་རྨི་ལམ་དུ་མདང་གི་མི་དཀར་པོ་དེ་བྱུང་ནས་ཁྱོད་ཀྱི་གང་དགོས་ངས་བྱེད་པ་ཡིན་ཟེར། ང་ལ་ཁྱེད་ཀྱིས་སྒྲུབ་དགོས་ཅང་མེད་བྱས་པ་རྨི། སེམས་བསྐྱེད་བསྡུས་པ་ཞིག་དེ་ལ་བཤད་པ་ལྟ་བུ་ཧ་ཅང་གསལ་བ་མིན་ཙམ་ཞིག་བྱུང༌། ཕྱིས་བླ་མ་དམ་པ་ལ་ཞུས་དུས། རང་རེ་ལ་ཚར་ཆད་ཆོད་ཚད་འགྲིག་པ་ནི་ཡིན། མི་གཞན་ལ་གནོད་པ་ཡོང་བ་དེ་དམ་ཐོགས་ནི་མིན་གསུང༌། དྭགས་ལ་སྐོར་དུ་བདེ་མཆོག་གི་རྒྱུད་ནས་བཤད་པའི་བཅུ་བཞི་པ་དང་ཚེས་བརྒྱད་ཉིན། དེ་ཡི་དུས་ཚིགས་ཡིན་པར་བཤད། ཁྱིམ་དུ་མདུང་རྩེ་གསུམ་པ་ཡང༌། །བྲིས་ནས་དེ་ནི་རྟག་ཏུ་མཆོད། །ཅེས་པའི་རྣམ་ཆ་གསལ་པོར་མཐོང༌། །དེ་རེས་གོང་དུ་ལྷ་ས་ན་ཡོད་དུས་མི་ལྡོག་མའི་མཚན་ཉིད་ཅན་གྱི་[བརྡབ་]ཕོ་ཉ་མོའི་རིགས་ཅིག་ཡོད་པའི་གཏམ་བདེན་ངེས་བྱུང༌། མཐོང་ནི་མ་མཐོང༌།
བསམ་ཡས་རང་ནའང་ཞིང་གི་རྣལ་འབྱོར་མ་དངོས་སུ་འདུག་པར་མཐོང་ཞིང་ཤེས། དེ་གསུམ་ཟླ་གཅིག་གི་ནང་དུ་ཡིན། དེ་ནས་དེ་ཀའི་ཐད་ནས་ཀོ་བ་ལ་ཞུགས་ཏེ། འབྲོང་ཞོལ་དུ་བཅད་དེ་ཡར་ལམ་བྱེ་རྫིང་ཚོགས་པ་རྣམས་ཀྱིས་བསུ་བ་བཟབས། གྲུབ་ཆེན་ཁྱུང་པོའི་ཐུགས་སོགས་རྟེན་ངོ་མཚར་ཅན་རྣམས་ཀྱི་བྱིན་རླབས་ཐོབ། ཚོགས་པ་རྣམས་ལའང་ཆོས་འབྲེལ་གྱི་རྟེན་འབྲེལ་ལེགས་ཚོགས་ཆེ་བར་བྱས་ཏེ། དེ་ནུབ་བྱམས་པ་གླིང་དུ་སླེབ། སྡེ་པ་སྐུ་གཞོན་པ་ཕེབས་འདུག ཐོག་མར་བྱམས་པའི་ལྷ་ཁང་མཇལ། སང་མཆོད་རྟེན་ཆེན་པོའི་རྟེན་མཇལ་ཞིབ་རྒྱས་བྱས། མཆོད་རྟེན་གྱི་ལོགས་བྲིས་རྣམས་མཐོང་བའི་ཚེ་སྔར་ཡང་ལན་ཅིག་ཡོངས་པ་འདྲ་བ་ཞིག་གི་རིག་པ་ཡུལ་ཡུལ་བ་དང༌། བདེ་མཆོག་ལཱུ་ཧི་པའི་གསེར་སྐུ་དེ་མཐོང་དུས་དགའ་སྐྱོ་ཟུང་དུ་འབྲེལ་བ་ཞིག་བྱུང༌། དེ་ནས་རྒྱལ་ཆེན་གླིང་དུ་ཞག་བཞི་བསྡད། ཚོགས་པ་དགེ་འདུན་སྒང་པ་རྣམས་ཀྱི་ཚོགས་ཁང་དུ་དཔོན་སློབ་ཐམས་ཅད་ལ་བླ་མའི་རྣལ་འབྱོར་ཞིག་སྤྱི་ཆོས་སུ་བྱས། རྟིང་ལ་རང་རང་སོ་སོའི་འདོད་ཆོས་ཞུ་མཁན་རྣམ་གྲངས་མང་བ་རང་བྱུང༌། མཁན་པོ་ཀུན་བློ་བ་ཡིན། སྡེ་པ་ལྕམ་སྲིང་དུ་ཡང་ཚེ་དབང་བརྒྱ་རྩ་དང་རྗེས་གནང་རྣམ་གྲངས་མང་བ་ཕུལ། ཉིན་རེ་བཞིན་བདེ་ཡངས་དེར་ཁྲོམ་འདུས་ཆེ་བ་ལ་ཆོས་ཐུན་རེ་བཤད། གྲྭ་ཐང་དུ་ཞག་གསུམ་ཙམ་བསྡད་ཅིང༌། བདེ་མཆོག་ལཱུ་ཧི་པའི་དབང་བསྐུར་སོགས་སོ་སོའི་འདོད་ཆོས་ཅི་རིགས་པ་བཤད། འདི་སྐབས་རྒྱ་གར་ཏྲི་ལིངྒ་ནས་སངས་རྒྱས་པའི་རྣལ་འབྱོར་པ་ཕྱི་རོལ་གྱི་རིག་གནས་སོགས་ལའང་མཁས་ཤིང༌། ཐེག་པ་མཆོག་གི་མན་ངག་ལ་ཤིན་ཏུ་འདྲིས་པ་ཙང་ག་ཤྲཱི་ཞེས་པ་དཔོན་སློབ་གཉིས་ལྷ་ས་མཇལ་ཟིན་ནས་སླར་རྒྱ་གར་ལ་ལྡོག་ཕེབས་པ་དང་དུས་འཛོམ་ཞིང༌། ཆོས་ཞུ་འདོད་ཙམ་བྱུང་ན་ཡང་ཞུ་མ་ཐུབ། ཁོང་ཡང་ཞག་གཅིག་ལ་
ཡང་རྩེག་འདམ་མཛད་ནས་མྱུར་པོར་འབྱོན་པར་འདུག ཡིན་ནའང་ཞག་པོ་གཉིས་ལྷན་དུ་བྱུང་བ་ལ་གླིང་སླང་གི་སྒོ་ནས་དོགས་གཅོད་མང་པོ་དང་སྔར་ཤེས་པའི་ཆོས་ཀྱི་ཡན་ལག་འདྲའི་ཁུངས་ཀྱང་ཆོད་པར་བྱུང། ཁོང་བྱོན་པའི་རྐྱེན་གྱིས་གང་ག་གི་རིའི་གནས་ཚུལ་འདྲི་མཁན་མང་དུ་བྱུང་བས། ངས་ལར་བོད་ལ་ཡོང་བའི་ཨ་ཙ་ར་ཕལ་ཆེར་ཕྱི་པ་ཀ་ཡིན། ཁོང་པ་ཡང་མུ་སྟེགས་པ་ཡིན་ཞིང་བསླབས་ཤེས་ཀྱི་ཡོན་ཏན་རང་ནི་ཡོད་རིགས་སུ་མི་འདུག གཞན་གནས་ཚུལ་ནི་མི་ཤེས་ཞེས་སྨྲས། ས་སྐྱ་ཞབས་དྲུང་ཁྲི་ཆེན་གྱིས་གྲུབ་ཐོབ་ཡིན་རྒྱུའི་བསྔགས་བརྗོད་མཛད་འདུག་པས། ངེད་ཀྱིས་དྲང་པོར་སྨྲས་པ་ལ། དཔོན་སའི་དྲུང་སོགས་ཐམས་ཅད་བདེན་པར་མི་འཛིན་པ་འདུག་སྟེ་ཕྱིས་རང་རྟགས་བསྟན་པ་དེ་ཡིན། དེ་ནས་དོལ་མདའ་ལྷུན་གྲུབ་ལྷ་རྩེར་སྡེ་པ་ཨ་ཁུ་དྲུང་པ་ཁུ་དཔོན་རྣམས་དང་མཇལ་ཞག་བདུན་ཙམ་བསྡད། ཆོས་ཞུ་བ་མང་དག་ཡོད་པ་རྣམས་ལ་ཁྲིད་ལུང་སོགས་ཀྱི་ཆོས་སྨྲར་བ་དང༌། ཞལ་ངོ་རྣམས་ལའང་རྐྱེན་སེལ་ཐན་ཐུན་ཕུལ། ཡུལ་ཚོ་ཡུལ་ཚོའི་མི་དམངས་རྣམས་ལ་མ་ཎིའི་ལུང༌། སྨྱུང་གནས་ལ་སོགས་པ་འཕྲལ་འཕྲལ་བྱེད་དགོས་བྱུང༌། ཆོས་རྫོང་ཚོགས་པ་རྣམས་ཀྱང་ཆོས་འབྲེལ་ཞུ་བར་བྱུང༌། དར་ཕྱུང་དུའང་ཞག་གཅིག་ཕྱིན། བྱི་རྫིང་མཁན་པོ་དཔོན་སློབ་རྣམས་ལ་བཞེད་དོན་གྱི་གཙོ་བོ་ཁྲིད་བརྒྱ་བཤད་ལྷན་དུ་སྐྱིད་གཤོངས་སུ་འོངས། གསང་ཕུ་ར་བ་སྨད་པ་དཔོན་སློབ་ཚང་མ་ལ་རྗེས་གནང་འགའ་ཞིག་ཆོས་འབྲེལ་དུ་བྱས། མཁན་ཆེན་དཔོན་སློབ་དང་གཞན་དོན་གཉེར་མང་རབ་ལ་ལུང་གི་འཕྲོས་དང༌། མ་ཧཱ་མཱ་ཡའི་དབང་བསྐུར། བདེ་མཆོག་དཀར་པོའི་བྱིན་རླབས། དེ་གཉིས་ཀྱི་ཁྲིད་ཆེན་མོ་ངག་ཐོག་ནས་
མགྱོགས་ཁྲིད་རྣམས་ཕུལ། གོང་དཀར་ནས་གོང་མ་ཁུ་དཔོན་གྱིས་ཡོང་དགོས་ཚུལ་ཕེབས། ལམ་མི་འཆག་ལ་ཆོས་སྡེར་ཕྱིན། ཀླུ་དབང་གླིང་དུ་ཆོས་རྗེ་འབུལ་དཔོན་པ་དང་ཅོ་འདྲི་བྱེད་རེས་འདྲ་བྱུང༌། བླ་མ་ལྷ་ཁང་དུ་བླ་ཆེན་དྲུང་ཡང་ཕེབས་རྟེན་ཐམས་ཅད་ལ་ཆོས་རྗེ་རི་གྲོང་བས་རྟེན་བཤད་བཟབས། དེ་ནུབ་ས་སྲིབ་ལ་གཞིས་ཀར་སླེབ། སང་ཞོགས་ཞབས་དྲུང་མི་དབང་དྲུང་དང་མཇལ་འཕྲད་ཀྱི་ལེགས་ལམ་ཐོག་མར་སྤེལ། ཀ་བཅུར་གོང་མ་རིན་པོ་ཆེ་མ་ཆེན་དང་མཇལ་ཁ་ཞུས་དུས། ཕྱག་ལེན་དང་གདན་མཐོང་སོགས་མཐོང་ཟོས་དཔེ་མེད་གནང༌། དེའི་སང་ཉིན་ཆོས་སྡེའི་ནང་མཇལ་ཞིབ་རྒྱས་བྱེད་པར་ཕྱིན། དེ་དུས་ཡོ་ག་སྒྲུབ་མཆོད་ཀྱི་སྐབས་ན་འདུག་པས་ཡོ་གའི་དཀྱིལ་ཆེན་རྣམས་ལ་བཤད་པ་ཅུང་ཟད་བྱས། དགེ་སློང་རྡོར་གྲགས་སོགས་མཆོག་ཏུ་ངོ་མཚར་ཞིང་དགྱེས། ཆོས་སྡེར་མང་ཇ་དང་སྤོས་ཤེལ་བརྒྱ་ལྷག་པའི་བརྒྱ་ཕྲང་སོགས་སྤྱི་འབུལ་བྱས། ཡངས་པ་ཅན་དུ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱི་གདུང་རྟེན་ལ་ཕྱག་མཆོད་འབུལ་བར་ཕྱིན། སྤྲུལ་སྐུ་སྦྱིན་པའི་ནང་དུའང་ཤོག་ཟེར་བ་བཞིན་ཕྱིན། སླར་ཡང་གཞིས་ཀར་ཞལ་ངོ་སོ་སོའི་དགོངས་བཞེད་ལྟར་ཆོས་སྣ་མང་ཙམ་ཕུལ་ཞིང༌། མི་དབང་དྲུང་དུ་གཉོས་མགོན་གྱི་རྗེས་གནང་ཞིག་དགོས་ཞེས་ནན་གྱིས་ཕེབས་པ་ལྟར་འབུལ་དགོས་བྱུང་བས་ཤིན་ཏུ་འཚུབ་པ་རང་ཞིག་བྱུང༌། གཞན་ཆོས་འདོད་མང་པོར་ཆོས་སྣ་སད་སུད་མང་དུ་བཤད། ཞལ་ངོ་རྣམས་སྔར་གཞན་ཟེར་གྱི་དབང་ལས་དེ་གོང་དུ་ཐུགས་མཐོང་ཆེར་མེད་ནའང་དངོས་སུ་མཇལ་བ་ནས་བརྩམས་ཐུགས་མོས་ཀྱང་ཆེ་བར་གནང་གིན་འདུག ཞབས་དྲུང་མི་དབང་དྲུང་གིས་བརྟག་དཔྱད་ཀྱི་ཚུལ་དུ་ཐུགས་དམ་ཐང་ཀ་མང་པོ་ལ་བསྟོད་པ་སྨོན་ལམ་སོགས་ཀྱི་རྒྱབ་ཡིག་འབྲི་དགོས་དང༌།
གསོལ་འདེབས་དང་ཞལ་གདམས་སོགས་སྐུ་གཞོགས་སུ་འཕྲལ་དུ་འབྲི་དགོས་མང་དུ་བྱུང༌། དེ་རྣམས་ཐོགས་མེད་དུ་བྲིས་རྩོམ་ཤིན་ཏུ་མྱུར་བ་དང་ཚིག་དོན་ཡང་ལེགས་རབ་བྱུང་བས། གཞན་དག་ལ་ཕེབས་སྒོར་ཡང༌། རྗེ་དམ་པའི་རྣམ་འཕྲུལ་ཡིན་མིན་གང་ལྟར་ཡང་ཁོ་རང་གིས་ཆོག་པ་འདུག་གསུང༌། དེ་སྐབས་ག་རི་པ་དེ་བ་ཟེར་བའི་ཛ་གམ་མཐུ་ཆེན་གཅིག་གིས་ཁོལ་བརྙས་པ་བྱས་ཟེར། གོང་མ་ཞལ་ངོ་རང་ལ་ངན་བྱེད་གྲབས་འདུག་པ་ལ་ངས་ཞིབ་སེད་སེལ་སྦྱངས་བྱས་ཁོ་རང་ཡང་སེམས་ཞི་སོང༌། དེ་ནས་འབྲང་ཕུར་ཞག་གཉིས་གསུམ་ངལ་གསོ་བྱས་ཤིང༌། དེ་མཚམས་དྲིན་ཅན་གྱི་མ་ལ་ནཻ་གུའི་ཟབ་ཁྲིད་སྙིང་པོར་བསྒྲིལ་བ་ཆོས་དྲུག་སྟན་ཐོག་གཅིག་མ་ཞལ་ཤེས་དང་བཅས་ནས་ཕུལ། མི་ངོ་བྱིངས་ལ་དང་པོ་མེས་པོ་རིན་པོ་ཆེར་དབང་བསྐུར་ཐོབ་ས་དེ་ཉིད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་ཞིག་བྱས། བླ་མ་དམ་པ་སློབ་དཔོན་རིན་པོ་ཆེར་ཡང༌། མི་ངེ་རྣམས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ནག་པོ་དང༌། མགོན་པོ་ཡིད་བཞིན་ནོར་བུ་སོགས་ཀྱི་རྗེས་གནང་ཞུར་བཅུགམཁན་ཆེན་རིན་ཆེན་ཤེས་རབ་པས་དེ་སྐབས་འབོད་མི་ནན་ཆགས་གནང་བ་ལྟར་གནམ་བཞིར་ཕྱིན། དམར་པོ་སྐོར་གསུམ་གྱི་རྗེས་གནང་ཞིག་དགོངས་བཞེད་ལྟར་དཔོན་སློབ་འགའ་ཤས་ལ་བྱས། དེ་སྐབས་ཆོས་ལུང་བྱང་རྩེའི་ཆོས་གཞིས་འགའ་ཤས་རྗེ་བཙུན་དཔལ་གྲོམས་བཙན་ཕྲོགས་བྱས་ནས་མཚོད་དུ་ཕུལ། མཚོད་ནས་ཀྱང་ཆོས་དམ་ཚིག་མི་དགོས་པར་བླ་མའི་གདན་ས་རླག་པར་བཞེད་པའི་དར་འཛུགས་སོགས་མཛད་འདུག བསྟན་འཛིན་རིན་པོ་ཆེ་གཞིས་ཀ་གོང་དཀར་དུ་ཕེབས་འདུག་པ་ལ་དེ་ཐད་ལ་ཞུ་མཁན་བཏང་བས། སྐུ་དབང་གི་ཕེབས་སྒོ་འགའ་རོང་གི་སྙེམ་
གནམ་སློངས་འདི་ངམ་རིང་ཆོས་སྡེའི་བརྒྱད་བརྒྱ་མའི་མཆོད་ཐེས་ཡིན་པ་ཆོས་ལུང་དུ་སྦྱར་བས་བྱང་བའི་ཞལ་ངོ་གང་སྟོངས་ཀྱི་རྒྱུད་སོང་ཞེས་སོགས་ར་ཐོན་ལུག་ཐོན་མང་པོ་གསུང་གིན་དོན་མ་མཐོང༌། དེ་ནས་ངེད་རྣམས་སྐྱས་སུ་སླེབ་དུས། རྒྱ་གར་ལྷོ་ཕྱོགས་བྷི་ན་དའི་རིའི་ཁོངས་བྷཾ་དྭ་ཞེས་པའི་ཡུལ་ནས་རིག་སྔགས་གྲུབ་པའི་རྒྱལ་པོ་པ་ལ་བྷ་དྲས། དངོས་ལ་འཕྲིན་ཡིག་གཽ་རའི་ཡི་གེ་སཾ་སྐྲྀ་ཏའི་སྐད་ཀྱིས་བྲིས་པ། བོད་སྐད་དུ་བསྒྱུར་ན་འདི་ལྟར། རི་ཁ་བ་ཅན་གྱི་ཁོངས་ན་གྲུབ་ཐོབ་ཞི་བ་སྦས་པའི་རིང་ལུགས་འཛིན་པ་གཅིག་པུ་གཉིས་སུ་མེད་པ་ནི། ཏཱ་ར་གུ་རུ་ཁྱེད་ཡིན་ཞེས་ཐོས། བསོད་ནམས་ཀྱི་སྟོབས་མི་དམན་པར་སྤྱོད་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་ང་དང་ཡང༌། སྲིད་པ་གཞན་དུ་འཐམས་པ་ཡིན་ཞེས་གྲུབ་པའི་ལུང་ལས་འབྱུང༌། དེའི་དོན་དུ་བ་ཊོ་ལ་ཛརྦྷ་གཉིས་དང་སུར་ཛ་ཀྲན་ཏྱ་གཅིག་ཟུང་མཆིས། རཱ་ཛཱ་པཱ་ཏྲཾ། ཞེས་པའི་འཕྲིན་ཡིག་རྟེན་བཅས་གསེར་ཆུའི་ཐཾ་ཁས་མནན་པ། ཨི་ལི་ཁཾ་ཞེས་པའི་རྒྱལ་རིགས་ལྡོམ་བུའི་ཆས་སུ་ཞུགས་པ་ཞིག་ལྷ་ས་མཇལ་བ་ལ་ཆེད་ཀྱིས་འོངས་པ་ལ་བསྐུར་ནས་བྱུང༌། འཕགས་པའི་ཡུལ་དུ་སངས་རྒྱས་པའི་བསྟན་པ་གསར་དུ་དར་བར་མཛད་པའི་རྒྱལ་པོ་ཁོང་གཅིག་པུ་ཡིན་པར་ཐོས་ཤིང༌། ཁྱད་པར་གྲུབ་ཆེན་ཞི་བའི་སློབ་མ་ཐམས་ཅད་རྒྱལ་པོ་དེའི་བསྔགས་པ་མཛད་པ་ཡང་ཡང་ཐོས་པས། བསྟན་པ་ནུབ་ཏུ་ཉེ་བ་ན། རི་བོ་འབིགས་བྱེད་ཀྱི་ནང་དུ་དམ་པའི་ཆོས་གསར་དུ་དར་བར་བྱེད་པར་འབྱུང་བར་རྒྱལ་བ་ཉིད་ཀྱིས་གསུངས་པ་དེ་ཉིད་ཡིན་ཚུལ་སོགས་ཀྱི་བསྟོད་བཀུར་རྒྱ་ཆེ་བ་ཁ་གསག་དང་བཅས་པའི་ལན་ཡང་བརྫངས། སང་གི་ལམ་དུ་ལོངས་སྤྱོད་ཆེན་པོ་དང་བཅས་བཞིན་དུ་སློང་མོ་པ་མང་པོ་ཡང་ཕྱི་བཞིན་དུ་འབྲང་བཞིན་པ་ལ་ཁ་ཟས་དང་ཡོན་གྱི་སྦྱིན་པས་ཚིམ་པར་བྱས་ཏེ། སྣ་དཀར་
རྩེར་སླེབ་དེ་མཚམས་ནས་ཐོག་མར་སྟག་ལུང་གི་ཆོས་སྡེའི་བླ་བྲང་དཀར་པོར་འབྱོར་ཞིང༌། སྡེ་པ་ཞལ་ངོ་རྣམས་དང་གཞན་མང་པོར་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དབང་བསྐུར། གུར་ཞལ་གྱི་རྗེས་གནང༌། མགོན་པོད་མེ་འབར་མ་དང་ཞལ་གྱི་སྒྲུབ་ཡིག་ཆ་ཚང་བའི་ལུང༌། སྒྱུ་ལུས་དབང་མོ་ཆེའི་བྱིན་རླབས་ཀྱིས་སྒོ་ཕྱེ་སྟེ། ནཻ་གུའི་འཁྲིད་ཚུལ་སྤྱི་ཉེ་བར་བསྡུས་པ་འབྲིང་པོའི་དབང་དུ་བྱས་པ་རྣམས་ཕུལ། ཆོས་རྗེ་སྔགས་རམ་པ་དང༌། ཤར་ཆེན་སློབ་དཔོན་པ་སོགས་སློབ་དཔོན་ལས་ཐོག་པ་གསུམ། གྲྭ་རིགས་དོན་གཉེར་ཆེ་བ་མང་དག་དང་བཅས་ལ་བདེ་མཆོག་དྲིལ་བུ་པའི་དབང༌། དྲིལ་བུ་རིམ་ལྔའི་ཁྲིད། ལཱུ་ཧི་པའི་ཁྲིད་རྣམས་དམིགས་པ་ངེས་ཤིང་མཐའ་གཅོད་བཤད་པ་ཞིབ་མོ་བྱས། ཆོས་རྗེ་སྔགས་རམ་པས་ནན་ཏན་གྱི་དགོས་གསུང་ནས་ཉུང་བསྡུས་ལ་ནག་པོ་རིམ་བཞི་སྨར་ཁྲིད་དེ་ཡང་བཤད། དེ་རྗེས་ཆུ་ཤུལ་ནས་དཔོན་ས་ཕེབས་པའི་ཤིས་བརྗོད་སོགས་ཀྱང་བགྱིས། ཞལ་ངོ་སྤྱི་མཐུན་དུ་ཚེ་དབང་བརྒྱ་རྩ་དང་རྗེས་གནང་འགའ་ཤས་ཕུལ། རིམ་པས་བརྒྱུད་ནས་ཆོས་སྡེའི་སེར་བསྒྲེང་སོགས་བསུ་བ་བཟབ་མ་དང་བཅས་ནས་རྒྱལ་རྩེར་སླེབ། འདི་སྐབས་ཞག་བཅུ་ལྷག་བསྡད། རྩེ་ཆེན་དང་སྟག་རྩེར་གཟིམས་དཔོན་ཐད་སྨད་པ་ཚོ་བརྟིབ་པའི་ཟར་ཟིར་གྱི་སྐབས་ཡིན། ཁྱུང་རྩེ་དང་འདོལ་བྱུང་ནས་འབོད་མི་ནན་ཆགས་བྱུང་ནའང་མ་ཕྱིན། ལྷུན་གྲུབ་རྩེར་ཀུན་སྤངས་དྲུང་གིས་སྒྲོལ་དཀར་གྱི་རྗེས་གནང་དང༌། ཚེ་དབང་འདྲ་དགོས་གསུང་བ་ལྟར་བྱས། སླར་བསམ་སྡིངས་སུ་སླེབ་ཕྱི་མཚམས་སུ་བསྡམས། ཞག་བཅུ་སྐོར་ཞིག་མང་བསྐོལ་འགྱེད་བཅས་ཀྱི་བཀོད་པ་དགོས་པ་བྱུང་བ་ནས་ནང་མཚམས་མ་ཐུབ། དེ་ནས་མང་བསྐོར་བ་རྣམས་ཀྱང་བརྫངས་ཏེ། གཙང་ཕྱོགས་ཀྱི་མདོ་སྔགས་ཀྱི་གྲྭ་ས་དང༌།
ཆོས་སྡེ་གྲགས་ཆེན་ཐམས་ཅད་ལ་མང་ཇ་འགྱེད་བཅས་བཟང་བ་རེ་གྲུབ། སེམས་ཉིད་རྟོགས་པར་སྨོན་ལམ་བཏབ། ཐག་ཉེ་བ་ནས་རི་ཕུག་དང་དགའ་བ་གདོང་དུ་མང་ཇ་འཕྲལ་འཕྲལ་དྲངས། གསེར་མདོག་ཅན་དུ་ཡང་དགུན་ཐོག་དེ་ལ་མང་ཇ་ཉི་ཤུ་རྩ་ལྔ་ཙམ་ཞུ་ཐུབ། མང་བསྐོལ་བ་རྣམས་བརྫངས་འཕྲལ་ནང་མཚམས་དམ་དུ་བཅད། དེ་གོང་ཟླ་བ་གཉིས་ཙམ་གྱི་སྔོན་ནས་བསག་སྦྱངས་འགོ་ཚུགས་ཟིན་ པ་དང་ཞག་་བཅུ་སྐོར་དེ་ལ་སྲོག་ཐོར་སྔ་དགོངས ་རྣམས་སྨར་པོ་བྱེད་རྒྱུ་བྱུང་བས། ནང་མཚམས་བཅད་ནས་དགྱེས་པ་རྡོ་རྗེའི་རྩ་སྔགས་ཀྱི་བསྙེན་པའི་དངོས་གཞི་ལ་ཞུགས། ཟླ་བ་གཉིས་སུ་ཉེ་བ་ཙམ་སོང་སྐབས། ཧོར་ཟླ་བཅུ་གཉིས་པའི་ཚེས་བདུན་གྱི་ཐོ་རངས། དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱི་སྐུའི་རྣམ་པ་ཤིན་ཏུ་གསལ་བ་སྣམ་སྦྱར་གསེར་མ་སྐུ་ལ་གསོལ་བ་ཞིག་བྱུང༌། བདག་ལ་བྱིན་རླབས་ཤིག་གནང་ནས་སྐས་ཤིན་ཏུ་རིང་བ་རྩེ་མོ་མངོན་མི་མངོན་ཞིག་ལ་ཡར་ཕེབས་སོང་བ་ཞིག་བྱུང༌། གཉིད་སད་ཙམ་ན་བློ་ཡང་མ་བདེ་ཞིང་ཉིན་གུང་ཐུན་མཚམས་ཀྱི་སྐབས་སློབ་དཔོན་རིན་པོ་ཆེ་དང་ཕ་རྒན་དང་མཚམས་གཡོག་རྣམས་ལའང་རྨི་ལམ་ཡང་བཤད། ཚེས་བཅུ་ལ་དབྱིངས་སུ་ཐིམ་པའི་གནས་ཚུལ་སྐྱེལ་མི་བྱུང་བ། བསྙེན་མཚམས་ཡིན་ནའང་ཧོར་འདོན་བྱས་ཏེ་འཕྲལ་དུ་འགྲོ་རྩིས་ཀྱི་གྲབས་ཀྱང་བྱས། གྲང་རེག་སྐྱོབ་པའི་གོས་འདྲ་ཡང་བརྩེམས། གནས་ཚུལ་སྐྱེལ་མི་རྣམས་ལ་བླ་མ་དམ་པ་ཆོས་དབྱིངས་སུ་ཐིམ་ཁར་སྐུ་གཞོགས་སུ་འབྱོར་མ་ཐུབ་པ་འདིས་ངེད་མ་སླེབ་པར་ཞུགས་འབུལ་འཐེན་དགོས་ཚུལ་ནན་ཆགས་རང་བྱས། ཁོང་ཚོས་ཀྱང་མྱུར་ཤད་ཕྱིན་པའི་ངེད་ཀྱི་ཡི་གེ་དང་ངག་ལན་ཐམས་ཅད་འབྱོར་འདུག་སྟེ། དེ་ལ་མ་ཉན་པར་ཚེས་བཅུ་བཞིའི་ཉིན་ཞུགས་འབུལ་བྱས་འདུག དེ་ཀས་ཕྱོགས་དེའི་རྟེན་འབྲེལ་འགའ་རེ་སྒྲིག་
རྒྱུ་ཡོད་དེ་ཅུང་ཟད་འཆུགས་པ་དེར་འདུག དེའི་གནས་ཚུལ་ཡང་འཕྲལ་དུ་བྱུང་བས་དེ་ཕྱིན་བླ་མའི་ཕྱག་རྫས་ཟ་བར་ཕྱིན་པ་ལ་དགོས་པ་མི་འདུག་པས། དེ་བས་བསྙེན་ པ་རང་དོན་ཆེ་བར་བསམ་ཏེ། ཉེ་སྐོར་གྱི་དགོན་སྡེ་ཆེ་ས་རྣམས་ལ་དགོངས ་རྫོགས་ལ་དམིགས་པའི་མང་ཇ་འགྱེད་བཅས་གང་དྲག་བགྱིས་ཤིང༌། བཟླས་པའི་ངང་ནས་བླ་མའི་ དགོངས་པ ་རྫོགས་པའི་སྨོན་ལམ་ཉིན་རེ་བཞིན་ཡིད་ཀྱིས་འདེབས་པ་བསྙེན་པ་འདི་མ་གྲོལ་བར་ལ་བྱས། ནམ་དུས་བཟང་བས་རིག་པ་དྭངས་པ་དང་རྩོལ་བ་བསྐྱེད་དེ་ནམ་གུང་ཅུང་ཟད་ཙམ་མ་གཏོགས་གཉིད་ཀྱང་ཡེ་མ་ལོག་པར་བཟླས་པས་གྲངས་བསྙེན་ཟླ་བ་བདུན་དུ་ཉེ་བ་ཙམ་ལ་སོང༌། དེ་མཚམས་རྒྱལ་རྩེ་ནས་ཞབས་དྲུང་བླ་མ་དཔོན་སློབ་གསེར་མདོག་ཅན་དུ་ཕེབས་པའི་ལམ་ཞོར་དུ་བསམ་སྡིང་སུའང་ཕེབས་བྱུང་བ། གང་སྤྱིའི་སྙན་བསྐུལ་ཡང་ནང་སྦྱར་བློ་ལ་ཤར་ཚད་ཕུལ། དེ་ནས་ཧོར་ཟླ་གསུམ་པའི་ཚེས་བཅུ་བདུན་གྱི་ནུབ་མོ་རྨི་ལམ་དུ་བུད་མེད་ཅིག་ལ་བཀྲ་ཤིས་ཁ་བཏགས་ཀྱི་མདུད་པ་ཞིག་བྱིན་ཏེ་ཤི་བ་གསོས་པ་ཡིན་ནོ་ཟེར་བ་ཞིག་རྨི། སང་ཉིན་རྒྱལ་རྩེ་ནས་ནང་སོ་དཔལ་འཕེལ་བ་བྱུང་ནས་དཔོན་ས་གཏིང་སྐྱེས་ནས་འཕྲལ་དུ་སྐུ་ཤིན་ཏུ་བསྙེལ་བ་ཞིག་བྱུང་བ། སྐུ་འཚོ་མི་འཚོའི་ཐད་དུ་སླེབ་འདུག་འཕྲལ་དུ་ཡོང་དགོས་ཕེབས་པ་ཞིག་བྱུང་བ་མདང་གི་རྨི་ལམ་དང་སྦྱར་ན་དེ་རེས་ཅང་མི་ཡོང་བར་ངེས་བསམ་ནས། ད་ལམ་ཡོང་མི་དགོས་ཤིང་སྐྱོན་མི་ཡོང་བའི་ཁག་འཁུར་སྐུ་རིམ་འདི་ཚོ་མཛད་དགོས་ཞེས་སྐུ་རིམ་འདྲ་ཕོག་བཀྲ་ཤིས་ཁ་བཏགས་ཀྱི་སྔགས་མདུད་ཞིག་ཀྱང་ཡར་བསྐུར། ཁོང་དེ་དུས་འཁང་ངེ་བྱེད་ཀྱིན་འདུག་ནའང་ཕྱིས་ངེད་ཀྱི་ཚིག་བདེན་པར་བྱུང༌། དེ་ནས་ཞག་གསུམ་ཙམ་བསྙེན་པ་ཁ་
གསོས་ནས་ཞག་བཅུའི་བར་ཁ་སྐོང་གི་སྦྱིན་སྲེག་རྫོགས་པར་བྱས། དེ་ཀའི་རིང་ལ་གཙང་རྒྱུད་པ་རྣམས་ཀྱིས་དྲུག་ཅུ་པ་དང༌། མགོན་པོའི་གཏོར་ཆེན་ཞིག་མཛད་དུ་བཅུག་པས་བྱད་ཁ་བཟློག་པའི་ལྟས་ཤིག་ཀྱང་བྱུང༌། ཉེར་ལྔའི་ནུབ་ཞིག་ཉམས་དང་རྨི་ལམ་ཆ་མི་ཕྱེད་པ་ཞིག་ལ་ཨོ་རྒྱན་གྱི་དུར་ཁྲོད་ཡིན་ཟེར་བ་དུར་ཁྲོད་ཞིག་གི་དབུས་ན་ཆོས་ཁྲི་ཆེན་པོ་ཞིག་འདུག་པའི་སྟེང་ན། ཧེ་བཛྲ་ཞལ་ཕྱག་ཡོངས་རྫོགས་སྐུ་ཚད་ཐོག་སོ་དོ་ཙམ་ཤེལ་སྔོན་པོ་ལས་གྲུབ་པ་འདྲ་བ། དེ་སྤྱན་ཧྲིག་ཧྲིག་ཞལ་འཛུམ་འཛུམ་མཛད་པ་མཐོང་བ་ཙམ་གྱིས་འཇིགས་ཀྱང་འཇིགས་ལ་དགའ་ཡང་དགའ་བ་ཟིལ་བཟོད་པར་དཀའ་ཞིང་བག་ཀྱང་དྲོ་བ་རིག་པ་ལ་དཔའ་ངར་ཡང་བསྐྱེད་ཐུབ་པ་ཞིག་འདུག རོ་ལངས་ཡིན་ཟེར་བ་བརྒྱད་དང་ལྷན་དུ་ང་རང་ཡང་རྣལ་འབྱོར་པའི་ཆས་སུ་བསྒྱུར་ནས། ཨཥྟ་ལ་འཛབ་དབྱངས་བྱེད་ཀྱིན་འཆོད་རྒྱུག་དང་སྐོར་བ་བྱེད་ཀྱིན་འདུག དེ་ནས་བུད་མེད་མཛེས་མ་གོས་སྔོན་པོ་གྱོན་པ་གསུམ་བྱུང་ནས། ཐོད་པ་འོ་མས་གང་བ་གཅིག་འདུག་པ་ལ་འདི་ཅི་ཡིན་དྲིས་པས་བསྐྱེད་རིམ་ཡིན་ཟེར། ཐོད་པ་སྦྲང་གིས་གང་བ་ཞིག་འདུག་པ་ལ་དྲིས་པས་རྫོགས་རིམ་ཡིན་ཟེར། ཁྲག་གི་གང་བ་ཞིག་འདུག་པ་ལ་དྲིས་པས་དམ་ཚིག་དཔའ་བོ་མཁའ་འགྲོའི་སྙིང་ཁྲག་ཡིན་ཟེར། འོ་ན་ང་གང་ནས་འཐུང་བྱས་པས། སྔོན་ལ་འོ་མ་འཐུང༌། །སྦྲང་དང་ཁྲག་འདི་ཕྱིས་རིམ་གྱིས་འཐུང་ཟེར། དེར་འོ་མ་དེ་འཐུང་པས་ལུས་ཉམས་མེར་མེར་ཤིག་ཤིག་ལ་ཡུན་རིང་རབ་སོང༌། གཉིད་སད་ནས་ཀྱང་ཉིན་གུང་ཐུགས་མ་སངས་པར་འདུག འདི་རྟིང་གཞན་ཡང་བསྙེན་མཚམས་ཆེ་བ་ཞིག་བྱེད་འདོད་ཡོང་ནའང༌། ཇོ་ནང་དུ་རྗེ་དྲུང་རིན་པོ་ཆེ་གཤེགས་པའི་སྟབས། ཇོ་ནང་པ་རྣམས་ཀྱིས་འབོད་མི་ནན་ཅན་དང༌། སྨོན་འགྲོ་ནས་ཚེ་དབང་དོན་གྲུབ་པ་དང་དཔོན་སའི་དྲུང་གི་གསུང་ཡིག་ཡོང་མི་ཡོང་གི་འཐངས་ལེན་དང༌། ཡོང་པར་ཤར་ཚེ་གང་མྱུར་ཡོང་
དགོས་པའི་ཚུལ་བྱུང༌། ངག་མཚམས་གྲོལ་ནས་དེ་འཕྲལ་ཡོང་བའི་གྲབས་བྱས། ཧོར་ཟླ་བཞི་པའི་ཚེས་བདུན་གྱི་ཉིན་མོ་ཁྲི་ཁང་དུ་བླ་མ་དམ་པ་དཔལ་ལྡན་ཆོས་བཟང་མཇལ་ཙམ་བྱས། བསམ་འགྲུབ་རྩེ་ནས་འབོད་མི་བྱུང་བ་བཞིན་ཚེས་བརྒྱད་ཀྱི་ཉིན་བསམ་རྩེར་སླེབ་པའི་གཟིམས་ཁང་བདེ་བ་ཅན་གྱི་ལོགས་བྲིས་ལ་རབ་གནས་ཀྱི་སྟ་གོན་ཚུགས་པར་བྱས། དེའི་སང་གཟའ་སྐར་བཟང་བ་ལ་རབ་གནས་ཀྱི་དངོས་གཞི་བྱས་པས་ལོགས་བྲིས་ཀྱི་ལྷ་འགའ་རེས་མེ་ཏོག་མང་དུ་བཞེས་པ་བྱུང༌། མེ་ཏོག་བྱིངས་རྣམས་དེ་འཕྲལ་དྲུང་འཁོར་རྣམས་ཀྱིས་བྱིན་རླབས་རྟེན་ལ་ཁྱེར། གསུམ་བཞི་ཞིག་ཞག་མང་རབ་བསྡད་པར་གདའ། སྡེ་པ་རྒྱལ་བུའི་དྲུང་གིས་དེ་གོང་མཇལ་མ་མྱོང་བས་དེའི་ཉིན་མཇལ། ཚེས་བཅུ་གསུམ་གྱི་ཉིན་རི་ཁྲོད་ཆེན་མོ་ཇོ་མོ་ནང་དུ་སླེབ། སྡོད་ས་འདུ་ཁང་སྟེང་གི་ཐིགས་ཁང་དུ་བྱས། གདུང་འབུལ་གང་བཟང་བཟང་གི་ཁུངས་དགུ་ཚན་གསུམ་པ་ཞིག་དང་དེ་ཉིན་མང་ཇ་ཞིག་དང་དེའི་སང་མང་ཇ་སྦྲེལ་མ་འགྱེད་བཅས་དང་བཅས་པ་ཞིག་བཏང༌། ཇོ་ནང་བླ་བྲང་ན་ནི་དེ་སྐབས་རྒྱུ་ཡོད་པའི་རིགས་སུ་མི་འདུག གཟིམས་ཆུང་བཟང་རབ་ཡོད་པ་སྨོན་འགྲོ་བ་རང་དང་གཅིགངེད་རྣམས་སླེབ་པའི་ཉིན་གདུང་གི་དྲུང་དུ་ཆོ་ག་ཞིག་བཏང༌། སང་ཉིན་གུང་ཚིགས་གྲོལ་མཚམས་ལ་སྐུ་འབུམ་ཐང་དུ་གཞིར་བཞུགས་ཀྱི་སྒྲུབ་སྡེ་རྣམས་ཀྱི་སྟེང་དུ་ཇོ་ནང་རང་གི་དགོན་ལག་རྣམས་དང་ཆོས་ལུང་སྒྲུབ་སྡེ་དང་དཀར་པོ་བ་སོགས་ཚོགས་ དགོངས་རྫོགས་དངོས་གཞིའི་འགྱེད་དེ་ཡང་མཛད་ཅིང༌། དེ་མཚམས་མོལ་གཏམ་རྒྱས་པ ་དང་བཅས་མཆོད་བསྔོ་རྒྱས་པར་ཕུལ། དཔོན་དྲུང་སྐུ་མཆེད་ལ་འདུ་ཁང་སྟེང་དུ་ཇ་འདྲེན་གང་གྲག་དང་ཤིས་བརྗོད་བཀྲ་ཤིས་སོགས་བྱས། སྒྲུབ་སྡེ་རྣམས་ཀྱིས་ད་རེས་དགོངས་རྫོགས་ལ་དམིགས་པའི་སྦྱོར་དྲུག་ཡོངས་རྫོགས་ཤིག་སྒྲུབ་སྡེ་ངོ་རྐྱང་ལ་བྱེད་དགོས་ཚུལ་ནན་ཆགས་སུ་བྱུང་བས་ཟླ་བ་གཅིག་གི་བར་དུ་སྒྲུབ་སྡེ་སྤྱི་ནས་དཀོར་ཟོས། སང་ཉིན་ཚེས་བཅོ་ལྔ་དེ་ཁ་ནས་ཁྲིད་ཀྱི་འགོ་བཙུགས། སྔོན་འགྲོ་མདོར་བསྡུས་དམིགས་པ་འདྲི་བ་གཙོ་
བོར་བྱས་ཞག་བདུན་ཙམ་ལ་བསྡུས། དབེན་གསུམ་གྱི་དམ་པོ་ཞག་བདུན་གྱི་སྐབས་མཚམས་ལ་འཇུག་ཁར་སྒྲུབ་སྡེ་རྣམས་ཀྱིས་བརྟན་བཞུགས་ཤིག་ཀྱང་མཛད་པ་བཞིན་འདུ་ཁང་རང་དུ་མཚམས་བཅད་ནས་བསྡད། རིག་པ་དྭངས་ཤིང་སྐྱིད་པ་ལ་ནུབ་རེ་བཞིན་འཚུབ་ཅིང་ཆོ་འཕྲུལ་ཆེ་བ་དང༌། དབང་གོང་མའི་སྐབས་མི་ཚོགས་ཀྱང་ཤིན་ཏུ་ཆེ་བ་ཞིག་བྱུང་ཞིང༌། དངོས་གཞི་དམ་པོ་སོགས་ནི་མ་ཐུབ། སྔར་གོང་ཇོ་ནང་གི་ཚོགས་སུ་སོར་སྤོང་ཙམ་ལས་སྦྱོར་དྲུག་ཡོངས་རྫོགས་གནང་བ་མ་བྱུང་བ་ལོ་མང་དག་རང་སོང་འདུག་པས། འཁྲིད་ཚུལ་ཡོངས་རྫོགས་མི་ནུབ་པར་བྱ་བའི་ཕྱིར་ཡན་ལག་དྲུག་ཀར་ཞིབ་པར་བཤད་ཅིང༌། ཁྱད་པར་རྒྱུད་དོན་ཞིབ་མོར་བཤད་ན་དེར་ཚོགས་མི་རྣམས་ཀྱིས་མགོ་རུང༌། དཔའ་བོ་མཁའ་འགྲོ་དང་དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་པར་ངེས་ཤེས་སྐྱེས་ཏེ། རྒྱུད་དོན་ལྟར་མཐའ་གཅོད་བཤད་པ་ཡང་ཤིན་ཏུ་རྒྱས་པར་བྱས། སྤྱིར་ད་ལྟ་ཡང་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བའི་ཁྲིད་ཡིག་གི་སྟེང་ནས་འཆད་པ་ཙམ་དང༌། དམ་པོའི་ཕྱག་ལེན་ཙམ་ཡོད་པ་འགའ་རེ་འདུག་ན་ཡང༌། ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་ཀྱི་གྲུབ་མཐའ་ཤེས་བཞིན་དུ་སྐྱོང་བ་ཤིན་ཏུ་དཀོན་པར་འདུག་པ་དང༌། ཇོ་ནང་གི་གདན་སར་ཕེབས་པ་ལའང་རྗེ་ཨོ་རྒྱན་རྫོང་པ་སོགས་འགའ་ཞིག་གིས་ཇོ་ནང་པའི་ལུགས་ཀྱི་དབང་ཁྲིད་སོགས་གནང་ཡང༌། ཀུན་མཁྱེན་ཆེན་པོའི་བཞེད་སྲོལ་རྒྱལ་བ་སྲས་བཅས་ཀྱི་གསང་ཚིག་དོན་དམ་གཞན་སྟོང་དུ་སྟོན་པ་རྡོ་རྗེའི་གསུང་སེང་གེའི་སྒྲར་གྲགས་པ་རྣམས་ལ་ཟུར་ཟ་དང་དགག་སྒྲུབ་མཛད་པས། ཆོས་སྲུང་ཕྱིན་ཆད་མ་མཉེས་པའི་གསུང་ངག་མི་བདེ་བ་སོགས་ཇི་སྙེད་ཞིག་བྱུང་འདུག སྤྱིར་དངོས་ཅན་གིས་ཤིང་རྟ་ཆེན་པོ་སུ་ལའང་དགག་སྒྲུབ་ནུས་པ་མ་ཡིན་པས་མཆོག་ཏུ་
གུས་པར་བྱེད་མོད་ཀྱི་སྐབས་འདི་དག་ཏུ་ནི་བརྟོན་པ་བཞི་ལྡན་ཆེན་པོ་ཉིད་ཀྱི་བཞེད་པ་ལྟར་དགག་སྒྲུབ་ཀྱང་མཐའ་ཆོད་པར་བྱས་སོ། །དེ་ནས་སྡེ་པ་ཨོ་ལོའི་འབོད་མི་ནན་ཆགས་ཡོད་པ་ལྟར་གཙང་གོ་གཉིས་མའི་དགོན་པ་བདེ་མཆོག་རྩེར་བྱིན། འདི་སྐབས་གཙུག་ལག་ཁང་སོགས་གསར་བཞེངས་དང་མངའ་ཞབས་ལ་གྲྭ་ཁྲལ་ཡང་མཛད་འདུག ཞག་བཅུ་བདུན་ཙམ་བསྡད་དེ་བར་དགོན་ པ་བ་རྣམས་ལ་འདུ་ཁང་དེར་སྔ་གྲོ་ཐེག་ཆེན་བློ་སྦྱོང་གི་ཆོས་ཐུན་རེ་དང་དགོངས ་མོ་ནཻ་གུའི་ཆོས་ཐུན་རེ་བཤད། ཐོས་བཙུན་རབ་བྱུང་བྱེད་མཁན་གསར་བ་བདུན་བཅུ་ཙམ་བྱུང་ཞིང༌། ཀུན་དགའ་དཔལ་བཟང་ཡང་དེ་སྐབས་ཀྱི་གྲྭ་པ་ཡིན། བསྙེན་རྫོགས་པའང་བདེ་མཆོག་རྩེ་བ་རང་བཅུ་གཉིས་ཙམ་དང་ཕྱོགས་པ་འདྲ་ཡང་བསྣན་མས་བཅུ་བདུན་ཙམ་བྱུང༌། སྡེ་པ་རང་ལ་སྒོས་སུའང་དབང་བཀའ་འདྲ་བྱས། དེ་ནས་རང་རེའི་གྲྭ་རིགས་འདྲ་དང་ཡོན་བདག་འདྲས་ཡང་ཡང་བསྐུལ་བ་དང༌། ངམ་རིང་ནས་ཤོག་གསུང་ནན་ཆགས་ཡོད་པ་ལྟར་བློས་མ་ལོངས་པ་འགྲོ་མ་འདོད་པ་གཅིག་ལ་ཡར་ཆས་ཏེ། རྡོད་ཕུག་པོ་ཆེར་ཆོས་རྗེ་གྲགས་བཀྲས་པ་དང་གསུང་འཕྲོས་སྨར་བར་བྱུང༌། སང་ཉིན་ངམ་རིང་གི་ཕོ་བྲང་དུ་འབྱོར། སླེབ་པའི་གནངས་ཉིན་རྒྱལ་བུའི་ཞབས་དྲུང་དང་འཇལ། ཀ་བཞི་ལྷོར་བཞུགས་གྲལ་ཞིག་ཀྱང་བྱུང༌། དེ་སྐབས་གཅུང་ཚུལ་བས་ཚོད་བགམ་པའི་ཚུལ་དུ། དུས་འཁོར་ལ་བརྟེན་པའི་དྲི་བ་ཅུང་ཟད་བྱས་པ་ལ་དེ་མཐུན་གྱི་ལན་རྒྱས་པར་བཏབ། འདི་གོང་དུ་སྨོན་འགྲོ་ནས་ཚེ་དབང་དོན་གྲུབ་ པ་ཇོ་ནང་དུ་དགོངས ་
རྫོགས་གྲོལ་འཕྲལ་ངམ་རིང་དུ་བྱོན་པའི་མཐོ་དམན་ཕྱི་ནང་ཐམས་ཅད་དུ་ཁ་ལོག་གང་ཤེས་བཅུག་འདུག ཞག་ཤས་མ་གོ་བར་རྫུ་བསྐྱབས་སུ་བྱས་ནའང༌། དེ་མཚམས་སྨོན་འགྲོ་བས་ཇོ་ནང་དུ་མི་སྣ་ཞིག་ཕབ། ཇོ་ནང་སྤྱི་ས་དང་སྨོན་འགྲོ་བ་ཁ་མཆུ་ཐུག་ངམ་རིངས་སུ་ཞུ་གཏུགས་བྱས། ཇོ་ནང་པའི་ཕུགས་སུ་ངེད་ཚོ་ཞུགས་ཟེར་ཕྱོགས་འཕུལ་གླན་ག་བསྙད་བརྐོ་མངོན་ཚན་ཅན་བྱུང་བ་རྐྱེན་དུ་སོང༌། ཆོས་ལུང་གི་ཁུར་ལེན་ཀྱང་ངེད་གྱིས་བྱེད་སྐབས་ཡིན་པ་ལ་བརྟེན་པའི་སྨོན་འགྲོ་བ་དང་འདོད་པ་མ་མཉམ་ཕྱི་ལྟས་ལེགས་ལམ་ཆུང་བ་རང་ཞིག་བྱུང་སོང༌། བསམ་འགྲུབ་དགའ་ལྡན་པའི་འདུ་ཁང་ལོགས་བྲིས་ལ་རབ་གནས་བསྡུས་པ་ཞིག་བྱས། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་ཐང་རྙིང་པ་གཅིག་དང་ལོགས་བྲིས་གྱི་ལྷས་མེ་ཏོག་བཞེས་པ་མང་དུ་བྱུང་བས་སློབ་དཔོན་པ་སོགས་ཤིན་ཏུ་དགྱེས་པར་གྱུར། འདི་སྐབས་བཟང་ལྡན་ཆོས་སྡེ་སྤྱི་བས་ཁོར་གཅིག་ཅིས་ཀྱང་ཡོང་དགོས་ཚུལ་བྱུང་བས་ཉེར་གཉིས་ཀྱི་ཉིན་ཕྱིན། ཁོང་རྣམས་ཀྱིས་ཀྱང་སེར་བསྒྲེང་སོགས་བཟབ་མ་མཛད། སླེབ་པའི་སང་ཉིན་འཇམ་དབྱངས་ཆོས་ཁྲི་ནས་ཐོག་མའི་རྟེན་འབྲེལ་འཇམ་དཀར་གྱི་རྗེས་གནང་ཞིག་བྱས་པ། ནམ་མཁའ་ཤིན་ཏུ་དྭངས་པ་ལ་ཉི་མ་ཐོག་ཕུབ་ཉིས་རིམ་དང་མེ་ཏོག་གི་ཆར་ཆེན་པོ་བབས་པ་བསྙོན་མེད་དེར་ཚོགས་ཐམས་ཅད་ཀྱི་མིག་ལམ་དུ་ཕེབས་ཤིང༌། གྲྭ་པ་བགྲེས་པོ་ཐམས་ཅད་མོས་གུས་སྟོབས་སུ་གྱུར་པའི་སྤྱན་ཆབ་རང་དབང་མེད་པར་འབྱིན་པ་བྱུང༌། ད་རེས་དུས་འཁོར་གྱི་དབང་ཞིག་ཅིས་ཀྱང་བྱེད་དགོས་ཞེས་ཐམས་ཅད་མགྲིན་གཅིག་ཏུ་གསུང་གིན་འདུག་པས། ཚོགས་པ་ཐམས་ཅད་ལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ཞིག་བྱས། དབང་མི་བདུན་བརྒྱ་ལྷག་ཙམ་བྱུང༌། དེ་རྗེས་དྲག་བསྡུས་ལ་བདེ་མཆོག་དྲིལ་བུ་པའི་དབང་ཞིག་དང༌། ཚོགས་པ་བྱིངས་ལ་ཉེང་མཁོའི་ལུང་དང་རྗེས་གནང་མང་
དུ་བྱས། ཚོགས་སུ་མང་ཇ་གསུམ་ཙམ་དང་འགྱེད་བཟང་བ་ཞིག་དང༌། སྨུ་རྫིང་དུ་ཆོས་བདག་མ་ལའང་སྤྱན་གཟིགས་སོགས་བཟབ་རྒྱས་ཕུལ། འདི་སྐབས་ཞག་བདུན་བསྡད། ཉེར་དགུའི་ནུབ་ན་དམར་དུ་བསྡད་སང་ཞོགས་བཟང་ལྡན་གྱི་ཆོས་བདག་མ་འཕྲེང་བའི་རྟེན་འབྲེལ་གྱིས་ཁལ་མ་ཐམས་ཅད་ངམ་རིངས་ཕྱོགས་སུ་མི་འགྲོ་བར་བཟང་ལྡན་ཕྱོགས་ལ་ཡང་ཡང་ཕྱིར་ལྡོག་པ་ཞིག་བྱུང༌། ངམ་རིངས་སུ་འདི་སྐབས་རྗེ་བཙུན་མ་ངག་དབང་དྲུང་ལ་བདེ་མཆོག་ཡབ་བཀའ་ཡུམ་བཀའ་རྩ་དབུ་མའི་ཁྲིད་སོགས་གསུང་ཕེབས་ལྟར་བྱས། ཤིག་ཁྲོར་སྒྲུབ་སྡེ་པ་རྣམས་ལ་ཀྱཻ་རྡོ་རྗེ་དང་དུས་འཁོར་གྱི་དབང༌། གཞན་ཡང་བདེ་མཆོག་ནག་པོ་པའི་དབང་ཆ་གཉིས་ཙམ་དང༌། འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་བསྐོར་གྱི་དབང༌། ཁྲིད་ལུང་རྗེས་གནང་སོགས་ཆོས་མི་འཕེལ་བ་མེད་ཙམ་བྱུང༌། སྨོན་འགྲོ་ནས་ཆོས་ལུང་གི་ཕྱོགས་ལ་ངེད་ལ་ཐོབ་ཐང་གཅིག་ཀྱང་མེད་ཚུལ་ཆོས་ལུང་གི་ལུགས་གཉིས་ཐམས་ཅད་སྨོན་འགྲོ་བ་རང་ཡིན་ཚུལ་ཁོ་ན་ཞུ་བ་དང༌། གཞན་ཡང་སྔ་ཕྱིར་བློ་བཏང་མཚམས་སྣ་ཚོགས་ཞིག་འདུས་པ་རྣམས་སྐབས་འདིར་མངོན་མཚན་དུ་གྱུར། དེ་ཕྱིན་ཁོང་ཚོ་རང་ལ་གཏོད་འདོད་པ་ཞིག་དེང་རང་གི་བསམ་པ་ལ་བྱུང་ནའང་ཟླ་པོ་རྣམས་ཀྱི་བློ་ལ་ཡེ་མི་རན་པ་འདུག དེ་སྟ་བས་ནས་ལོ་གཅིག་གཉིས་འཛིན་དཀའ་བ་ཞིག་ཡོང་འདུག་པས་སྡེ་སྲིད་རང་ལ་དགོན་བཅོལ་ཞུས། དབྱར་གཟིགས་སར་ཡོལ་ཐང་རབ་གནས་ལ་དགའ་སྟོན་ཡེ་མེད་པ་སྐམ་པོ་རང་ཞིག་ཀྱང་བྱས། སྔ་སོར་ཇོ་ནང་གི་ཁྲི་ཐོག་ཏུ་རྗེ་དྲུང་གོང་མ་ཉིད་ཀྱིས་འཇོག་པ་མཛད་པའི་ཕྱག་ནས་གནང་བ་ཡིན་ཀྱང་དེ་ལ་འདི་ཡིན་རང་གི་དགོས་པ་མ་བྱུང་བས། འདི་སྐབས་ཇོ་ནང་གི་གདན་ས་ལ་འགྲོ་དགོས་ཚུལ་གྱི་ཕེབས་སྒོ་བྱུང་བ། སྤྱིར་ནི་དགོན་པ་སོགས་ཀྱི་ཞེ་འདོད་ཡེ་མེད་ཅིང་གནས་ངེས་མེད་དུ་དགེ་
སྦྱོར་གང་འཕེལ་བྱེད་པ་ཞིག་རང་ལ་སྨོན་པ་ཡིན་པ་དང་ཁྱད་པར་དོག་འཚངས་ཀྱི་རིགས་ལ་འདོད་པ་ཡེ་མེད་ནའང༌། བླ་མ་དམ་པ་འཇམ་དབྱངས་ཀུན་དགའི་མཚན་ཅན་གྱིས་ཀྱང་བཀའ་བཀོད་ཀྱི་རིམ་པ་མང་དུ་གནང་བ་དང༌། དེ་སྐབས་ཀྱང་འཕྲལ་དུ་སློབ་དཔོན་རིན་པོ་ཆེའི་བཀའ་ལས་ཀྱང་སྟོད་ཕྱོགས་འདིར་ཡོན་མཆོད་ཀྱི་འབྲེལ་བྱེད་པ་ལ་ཇོ་ནང་ཅིས་ཀྱང་འཛིན་པ་འཐད། དེ་འདྲའི་ཆོས་བརྒྱད་ཀྱི་སྣང་བ་ལ་མི་ལྟ་ནའང༌། ཕྱོགས་འདི་ཀུན་ན་གྲུབ་མཐའ་རང་བློའི་ལམ་དུ་འདྲེན་པ་ཙམ་ལས་ཇོ་ནང་པ་ཡབ་སྲས་ཀྱི་བཞེད་སྲོལ་སྐྱོད་པ་ལྟ་སྨོས་ཀྱང་ཅི་དགོས། གྲུབ་མཐའི་ཕྱོགས་འགོ་ཐིངས་པ་ཙམ་ཡང་མི་འདུག་པས་ཆོས་ཚུལ་གྱི་བསྟན་པ་རང་ལ་བསམ་དགོས་པ་ཡིན་ཞེས་ནན་ཏན་ཏུ་གསུང་བས་དེ་བློ་ལ་གཞག་ནས་སྡེ་པར་ཡང་ཇོ་ནང་གི་གདན་སའི་ཁས་ལེན་ཞུས། དེ་མིན་བགྱེད་དུ་སྒྲུབ་ཁང་ཡང་བཏབ། དེར་སྒྲུབ་པ་ལ་གཞོལ་བ་ཞིག་ལག་ཏུ་ལོངས་ནད་ཙམ་ན་ཚེ་གཅིག་གི་སངས་རྒྱས་ལ་ཡང་དཀའ་བ་རང་མེད་དམ་སྙམ་པ་དང༌། ཁྱད་པར་རང་གཞན་ཐམས་ཅད་ལ་ཕུགས་སུ་ཕན་ཆེ་བ་རང་ཞིག་ཡོང་བ་ཡོད་ནའང༌། འགྲོ་དོན་དུ་རྫུ་པའི་བདུད་ཀྱི་འཇུག་པ་འདི་སྤོང་དཀའ་བ་རང་ཞིག་བྱུང༌། བླ་ཆེན་གཞན་རྣམས་ཀྱིས་ཀྱང་འདི་ཡེ་མ་ དགོངས་པར་གདའོ། །ངམ་རིངས་ནས་ཕྱིར་འོངས་དུས་ཆོས་རྗེ་གྲགས་བཀྲས་པ ་ཅུང་ཟད་བསྙུང་ནས་ཞག་ཤས་སོང་འདུག་པ་ཁོང་གི་གཟིམས་ཁང་དུ་འཕྲད་པར་ཕྱིན། དེ་ནུབ་རང་ཡ་མཚན་པའི་ལྟས་དང་བཅས་ནས་གྲོངས། དེ་ནས་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་ཧོར་ཟླ་བརྒྱད་པའི་ཚེས་ལྔ་ལ་སླེབ། ཚེས་བརྒྱད་ཀྱི་ཉིན་གཟའ་སྐར་བཟང་བ་ལ་གདན་སར་འཁོད་ཅིང་བསྐོ་འཇའ་སྒྲོག་པ་དང་བླ་བྲང་གི་སྔ་ཕྱིའི་རྩིས་སྤྲོད་གྱི་དབང་པོ་ལ་གྲོ་ལུང་ནང་སོ་གནང་བྱུང༌། དེ་སྐབས་བླ་བྲང་རྙིང་པ་ནས་
སྤྲོད་སྙིང་གི་མིང་བཏགས་ཕྲན་བུ་ལས་སྤྲོད་ནས་སོགས་ནི་གཅིག་ཀྱང་མེད། རྩིས་ལེན་གྲུབ་མཚམས་ངེད་རང་གིས་སྐྱིད་ཕུག་ཏུ་ཟླ་གཅིག་ལྷག་ཙམ་མཚམས་དམ་པ་རང་བྱས། ཕག་མོའི་རིགས་ཤིག་ལ་བསྙེན་པ་བསྐྱལ། ཧོར་ཟླ་དགུ་པའི་གཞུག་ན་མར་སྐྱིད་ཕུག་གི་སེ་བ་རྣམས་ལ་མེ་ཏོག་མང་པོ་གསར་དུ་ཁ་འབུས་པའི་དུང་འདབ་སྐྱ་ཆིལ་ལེ་བྱུང༌། དུས་ཚིགས་མ་ཡིན་པར་མེ་ཏོག་འབྱིན་པ་དགེ་ལྟས་སུ་བཤད་འདུག་པས་དགེ་ལྟས་ཙམ་ཡིན་ལ་ཆེ་འམ་ཡིན་དུ་རེ་བ་ནི་མི་གདོགའདི་སྐབས་རྨི་ལམ་དུ་རི་ཆེན་པོ་ཞིག་གི་ངོས་ལ་འཛེག་པས་སྤང་གཤོངས་ཉམས་དགའ་བ་ཞིག་ཏུ་སླེབ་བྱུང༌། དེ་ན་སློབ་དཔོན་པདྨ་འབྱུང་གནས་ཡིན་ཟེར་བ་རྣལ་འབྱོར་པ་དབུ་བྲེག་མཚར་ལ་གཟི་བརྗིད་ཆེ་བ་ཞིག་འདུག དེའི་དྲུང་ན་བོད་ཀྱི་དགེ་བའི་བཤེས་གཉེན་བགྲེས་སང་གིས་སོང་བ་ཤིན་ཏུ་གཟི་བརྗིད་ཆེ་བ་ཞིག་འདུག་པ་དྭགས་པོ་རྙི་བ་རིན་པོ་ཆེ་ཡིན་ཟེར། རྣལ་འབྱོར་པ་དེའི་གསུང་ནས་ང་དང་དོལ་པོ་བ་ངོ་བོ་གཅིག་གསུང༌། གཞན་དེའི་གསུང་ནས་ང་དང་ཡང་གཅིག་གོ་གསུང་ངོ༌། །དེ་ནས་ལྷ་ཁང་ཞིག་ན་རྟ་མགྲིན་གྱི་སྐུ་ཆེན་པོ་བཟོ་ཁྱད་བློ་ཡུལ་ལས་འདས་པ་ཞིག་འདུག ཐུགས་ཀའི་ཐད་ན་སྦར་མཐིལ་ཙམ་གཅིག་ལ་དྲོད་ཚ་རིང་ངེ་བ། མེ་བཞིན་དུ་འོད་དམར་ལམ་ལམ་འདུག རྟ་མགྲིན་འདི་ཀུན་མཁྱེན་ཆེན་པོ་ཉིད་མཚོན་པར་འདུག རྣལ་འབྱོར་པ་དེའི་གསུང་ནས་འདི་ལུང་པ་འདིའི་རྟེན་གཙོ་འདི་ཡིན། རབ་གནས་ཀྱང་ངས་བྱས་པ་ཡིན། དང་པོ་སྐུ་གཟུགས་ཐམས་ཅད་ཐུགས་ཀའི་འདི་འདྲ་བ་ཞིག་ཡོད་པ་ཡིན་ཕྱིས་ལྟ་གྲུབ་ཀྱི་སྐྱོན་འགས་འདི་ལྟར་སོང་གསུང༌། སྔོན་གྱི་བྱིན་རླབས་ཀྱི་རྒྱུན་ད་ལྟ་དེ་ཙམ་གནས་པའི་བརྡའ་རུ་གོ །ཆེན་པོ་དེ་དག་རྒྱུད་གཅིག་གསུང་བ་དེ་དག་ཁོ་རང་གི་གནས་ཚུལ་བསམ་ལས་འདས་པ་དང༌། དེ་སྐད་གསུང་བ་ལའང་དགོས་པ་གཞན་རང་ཨེ་ཡོད་མི་ཤེས་
འདི་སྐད་གསུང་པ་འདི་བདག་ལ་ཉམས་མྱོང་སྐྱེ་ཚུལ་ལུང་བསྟན་པར་འདུག དང་པོ་པད་འབྱུང་གི་རྟེན་འབྲེལ་དེ་སད་ཡོང་ལ་ཁད་ལ་ཕྱིར་ལོག་ཀྱང་དེས་སྒོམ་གྱི་ས་བོན་ཐེབས། བར་སྐབས་སུ་དཔལ་སྒམ་པོ་བའི་ཆོས་ཀྱིས་རྟོགས་ པ་མཁའ་ལྟར་ཁྱབ། དེ་ཀས་རྒྱུད་སྨིན་ནས་ཕྱིས་ཀུན་མཁྱེན་ཆེན་པོའི་བཞེད་དགོངས ་ལྟར་ཉམས་སུ་མྱོང་བ་འདི་ལ་ལྟ་བར་འདུག་གོ །འདིར་སྨྲས་པ། དཀར་ནག་ལས་ཀྱི་རི་མོ་ཚོར་བ་བཀྲ །ལེགས་པར་སྨོན་ལམ་ཕྱག་རྒྱས་བཏབ་པའང་དེ། །བློ་ལྡན་དེ་ལྟར་ཤེས་ནས་ནམ་དུ་ཡང༌། །ཞིང་སྦྱོང་བ་ལ་ནན་ཏན་འབད་པར་མཛོད། །དེ་ནས་བདེ་མཆོག་རྩེའི་རྟེན་བཞེངས་ཀྱི་རབ་གནས་ལ་འབོད་མི་ནན་ཅན་ཡོད་པ་ལྟར་ཕྱིན་ཞག་བརྒྱད་ཙམ་སྡོད་དགོས་བྱུང༌། རབ་གནས་ཀྱི་ཆོ་གའང་བོད་ཀྱི་ཕྱག་ལེན་ལ་རྒྱ་གར་བའི་ཕྱག་ལེན་གྱིས་བརྒྱན་ཏེ་གཉིས་ཅར་ཚང་བར་བྱས། དངོས་གཞིའི་ནུབ་མོ་རྨི་ལམ་དུ་གདམས་ངག་རྨི་ལམ་མ་དེ་བྱུང༌། དེ་གྲོལ་ནས་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྗེ་རྡོ་རིངས་པ་ཆེན་པོའི་དངུལ་གདུང་གི་རབ་གནས་ལ་གཏིང་སྐྱེས་ལ་འགྲོ་དགོས་སྐབས། བདེ་གླིང་དུ་དབང་ཆོས་ཐོར་བུ་འདྲ་བྱས། ཡང་ཆས་ཏེ་འགོར་མེད་བཀྲ་ཤིས་རྩེར་སླེབ། དེའི་སང་ཉིན་མཁར་ཆེན་དུ་སླེབ་པའི་གནངས་ཉིན་ནས། དངུལ་གདུང་རིན་པོ་ཆེའི་རྟེན་སྒྲིག་གི་འགོ་བརྩམས། སྐྱེ་ཚང་དུ་བཞུགས་རྒྱུའི་སྐུ་འདྲ་རིན་པོ་ཆེ་ལ་ཐོག་མར་རབ་གནས་ཤིག་བྱས། དེ་ནས་དངུལ་གདུང་རིན་པོ་ཆེ་བྱིན་རླབས་ཀྱི་གཟི་འོད་མཁའ་མཐར་ཆགས་པ་ལ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་སྟེ། ཆོ་ག་ཤིན་ཏུ་རྒྱས་པའི་སྒོ་ནས་རབ་ཏུ་གནས་པ་ཕུལ། རབ་གནས་ཀྱི་དགའ་སྟོན་དང་ཡོན་རྫོགས་སོགས་བཟང་ལ་གྱ་ནོམ་
པ་བྱུང༌། གམ་པ་རྫོང་ནས་འབོད་མི་གནང་བྱུང་བ་ལྟར་ཁོར་ཙམ་ཕྱིན། དགེ་གྲོང་དུ་ཕྱིན་ཁྲོམ་དབང་ཞིག་བསྐུར། སླར་གཏིང་སྐྱེས་སུ་ཡོངས་དུས། དྲུང་ཆེན་སངས་སྙིང་པ་ནི་ཐེགས་འདུག འདི་སྐབས་བདེ་མཆོག་བོང་ཞལ་ཅན་དང་སངས་རྒྱས་ཐོད་པའི་དབང་བསྐུར་སོགས་དབང་ཆོས་ཀྱང་ཅི་རིགས་པར་བསྒྲུབས། དེ་ནས་མྱུར་བར་བསྐྱོད་དེ། ཚུར་ལམ་དཔལ་ལྡན་ས་སྐྱའི་གནས་མཇལ་ཞིབ་མོ་བྱས། ཞབས་དྲུང་རྒྱན་ལ་མཇལ་ཁ་ཅིག་ཞུས་ཏེ་གུ་དོག་མཛད་ནས་མཇལ་མ་བྱུང༌། དེ་རྗེས་གདོང་དགའ་བརྒྱུད་ལྷ་རྩེའི་དགོན་པ་བདེ་ཆེན་དུ་ཁྲོམ་དབང་ཞིག་ཀྱང་བྱས། མྱུར་སྟབས་རི་ཁྲོད་ཆེན་པོ་ཇོ་ནང་དུ་སླེབ། དེ་ཉིན་ཚེས་ལྔ་ཡིན་ཞིང་ཚེས་བཅུ་ བཞི་ལ་དུས་ཁྲིད་ཚུགས་པར་བྱས། དེ་ལོ་ཁྲིད་ཡིག་སོགས་མ་རྒྱབ་པས་ཁྲིད་གསར་པ་མང་པོ་མ་བྱུང༌། ཁྲིད་ལོ་ནི་ཤིན་ཏུ་ལེགས་དེ་ཁྲིད་མ་ཐེབས་པ་གཅིག་ཀྱང་མེད། ཧོར་ཟླ་དང་པོའི་ཚེས་བཅུ་དགུ་ལ་ཁྲིད་གཏོར་བྱས། ཐོག་མར་དགེ་བའི་ཁྲིད་ངོ་སྤྲོད་དང་བཅས་པ་རྒྱས་པར་བཤད། ཁྲིད་གཏོར་གྱི་སྐབས་བཟོ་བོའི་རྒྱབ་ལ་ཡོད་པའི་སྨོན་འགྲོ་བའི་ནང་བཟན་འགའ་རེས་དྲག་ཆས་སྤྲད་པའི་འཁྲུག་པ་སློང་པའི་རྩིས་འདྲ་བྱས་ནའང༌། ཁ་རོག་བསྡད་པས་ཟར་ཟིར་མེད་ཙམ་བྱུང༌། འདི་སྐབས་རྗེ་དྲུང་རིན་པོ་ཆེའི་སྐུ་གདུང་ཡང་ཆོས་གྲྭར་བཞུགས་པ་གླིང་གི་རྡོ་སྤེར་སྤྱན་འདྲེན་བྱས། དེ་ནས་སྨོན་འགྲོར་གདན་དྲངས། དེ་ལ་ཀྱལ་ཀ་མང་པོ་བྱུང་བའི་ལོ་རྒྱུས་ཡོད། གསེར་འབུམ་ཡང་གཟུངས་བཞུགས་སོགས་མེད་པའི་སྟོང་པར་བཞགརྟེན་ཁོག་སྟོང་བཞེངས་པའི་རྟེན་འབྲེལ་གྱིས་སྨོན་འགྲོ་བ་རང་ལ་མི་ཤིས་པ་བརྒྱུད་མར་བྱུང༌། དེ་ནས་ཧོར་ཟླ་གཉིས་པའི་འགོལ་ལུང་ནག་ཤེལ་དཀར་བརྒྱུད་ལྷུན་རྩེར་ཕྱིན་ཟླ་ཕྱེད་སྐོར་ཞིག་བསྡད། འཇིགས་བྱེད་བཅུ་གསུམ་མ་སོགས་དབང་བཀའ་རྗེས་གནང་རྣམ་
གྲངས་མང་བ་ཙམ་བྱས། དཔོན་རིགས་སོ་སོའི་འདོད་ཆོས་ཐན་ཐུན་ཞུ་བར་ཡང་མང་བར་བྱུང༌། སྡེ་པ་སྐུ་མཆེད་ལ་མགོན་པོའི་རྗེས་གནང་ཞིག་ཕུལ་བ་ཤིན་ཏུ་ཟིལ་ཆེ་བའི་ཐུགས་ཀྱི་སྣང་བ་ཆེར་འགྱུར་བ་ཞིག་བྱུང༌། དེ་སྐབས་བྱིན་རླབས་ཡིན་ཁུངས་བྱས་ཏེ། ཡིན་ནི་འཚུབ་ཀ་ཡིན་པར་འདུག རྒྱལ་བུ་ན་ཕྲ་མོ་ལ་ཚེ་དབང་སོགས་མང་པོ་ཕུལ། སྡེ་པ་སྐུ་བགྲེས་པའི་དྲུང་དང་ཡོན་མཆོད་ལྷན་དུ་ཁྲོད་ཕུའི་གནས་རྣམས་མཇལ། འཇའ་སྤྲིན་ཡ་མཚན་ཅན་མང་པོ་བྱུང་ཞིང༌། བྱམས་ཆེན་ལ་གསོལ་བ་བཏབ་པས་མེ་ཏོག་གི་ཆར་ཡང་རྫུན་མེད་དུ་བབས། སང་ཉིན་ཨོ་རྒྱན་རྫོང་དུ་སློབ་དཔོན་སའི་དྲུང་གི་ དགོངས་བཞེད་ལྟར་ཚེ་དབང་བརྒྱ་ཚར་དང་ནཻ་གུ་བསྡུས་པ ་ཞིག་ཕུལ། བསམ་འགྲུབ་རྩེ་ནས་འབྱོར་རྒྱས་པ་འབོད་མིར་གནང་བྱུང་བ་བཞིན་བསམ་རྩེར་སླེབ་པའི་ཉིན་ཁྱུད་རྩེ་ཕྱག་ཏུ་འབྱོར་པའི་སྤྱན་འདྲེན་ པ་རྣམས་སླེབ་པའི་ཐུགས་བྲེལ་གདའ། དགོངས ་བཞེད་ལྟར་ཞལ་ངོ་ཐམས་ཅད་ལ་ཚེ་དབང་བརྒྱ་རྩ་ཕུལ། ཀུན་སྤངས་དྲུང་སྔ་སོར་འབྲུག་སྦྲུལ་རྟ་གསུམ་ལུག་གི་སྟོང་ཚུན་གྱེས་དགྱེས་མཛད་པ་ཞིག་ཡོད་ཀྱང༌། བར་དེར་སྨོན་འགྲོ་ནས་རྒྱུག་རག་བཏང༌། རྗེ་བཙུན་ཀུན་དགའ་མཆོག་གྲུབ་ཀྱི་འབྲལ་སྤང་བདེ་དགྱེས་ལེགས་ལེགས་མོ་རྒྱ་གར་མའི་ཁུངས་གཉིས་དང་པོ་ཆོས་ལུང་བྱང་རྩེའི་རྟེན་གྲལ་ན་ཡོད་པ་བརྐུས་ནས་སྨོས་འགྲོར་ཡོད་པ་དེ་ཚོ་དང༌། ནོར་སྣ་བཟང་ལ་མང་བ་ཀུན་སྤངས་དྲུང་ལ་ཕུལ། རྫི་ལུང་ཞི་བའི་ཞོར་ལ་ཞུ་ལོག་མང་པོ་བཅུག་འདུག་པས། ཀུན་སྤངས་པ་ཐུགས་འགྱུར་བ་ཞིག་འདུག ངེད་ཀྱི་བསམ་པ་ལ་ནི་ཨེ་ཨེ་བསམ་པ་ལས་མ་བྱུང༌། སྐུ་འབྲིང་བས་ཞག་བཅུ་སྐོར་སྡོད་གསུང་བ་ལྟར་བསྡད། རྒྱལ་རྩེ་བླ་མའི་དྲུང་ལ་ དགོངས་བཞེད་ཀྱི་བཀའ་ཆོས་འདྲ་ཕུལ། ཟུར་རྦ་ཁང་སློབ་དཔོན་པ ་ཆོས་རྗེ་བསོད་
ནམས་དར་རྒྱས་ཆེད་བཏང་ངེད་འཕྲད་པ་ལ་ཕེབས། སྔར་ཕྱག་རྒྱ་བཞིའི་སྙིང་པོའི་གདམས་པ་ཞིག་ཁོང་ལ་བཤད་པ་དེ་ལ་ཉམས་ལེན་མཛད་པའི་གསལ་སྣང་འདྲ་ཤར་འདུག ཁོང་ད་རེས་མིན་པ་མི་འཕྲད་གསུང་གིན་འདུག་པ་དེ་ཁ་བཞིན་བྱུང༌། བྱང་ཆེན་དུ་སྨྱུང་གནས་དང་སྒྲུབ་སྡེ་རྣམས་ལ་མ་ཧཱ་མཱ་ཡའི་དབང་བསྐུར་དང་འཁྲིད་ཚུལ་ཐན་ཐུན་འདྲ་བཤད། དང་པོ་བསྙེན་རྫོགས་བྱས་པ་ནས་འདི་ཡན་ཆད་དུ་གསང་འདུས་འཕགས་ཞབས་ལུགས་གཉིས་ཀྱི་གཞུང་བཟང་ལ་མང་བ་རྣམས་དང༌། གཤིན་རྗེ་གཤེད་དགྲ་གདོང་འཇིགས་གསུམ། གཤེད་དམར་བྲམ་ཟེ་དཔལ་འཛིན་གྱི་ལུགས་སོགས་དང༌། གདན་བཞིའི་གཞུང་བདུན། སངས་རྒྱས་ཐོད་པ་ཕྱོགས་ཀྱི་རྒྱ་གཞུང་མང་པོ་དང༌། རྒྱུད་སྡེ་འོག་མ་ཅི་རིགས་པ་དང༌། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུགཡིད་ལ་མི་བྱེད་པའི་ཆོས་སྐོར་རྣམས་དང༌། འཕྲེང་བ་སྐོར་གསུམ་སོགས་དང༌། རྒྱུད་འགྲེལ་གྲགས་ཅན་ཕལ་ཆེ་བ་དང༌། བསླབ་བཏུས་དང་བྱང་ས་ལ་སོགས་གཞུང་ཆེན་མང་པོ་ལ་ཡང་འདྲིས་པར་སྦྱངས་པས་རང་རེའི་ཐོས་བསམ་དག་དཔེ་ལྟ་ཁོ་ན་ལ་བརྟེན་པའི་བློ་གྲོས་ཀྱི་ལུས་ཕལ་ཆེར་རྫོགས་སོང༌། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་དང་ཉམས་མྱོང་རྒྱུ་མཚན་དུ་བྱས་པའི་ལེགས་བཤད་དང་ངེས་གསང་གི་བློ་གྲོས་ནི་ཕྱིས་རྒྱལ་བ་རང་ཤིན་ཏུ་མང་བར་ཡོད་དོ། །དེ་སྐབས་སློབ་དཔོན་རིན་པོ་ཆེའི་དྲུང་ཅུང་ཟད་སྐུ་ཁམས་བསྙེལ་བ་ཞིག་བྱུང༌། བསམ་སྡིངས་སུ་ཕེབས་བཞེད་ཆེ་བར་འདུག་པས་ཆས་དེ་ཕར་ལམ་ཚོང་འདུས་སུ་རབ་གནས་ཤིག་བྱས་པ་བཀྲ་མི་ལེགས་པ་རང་བྱུང༌། དེ་འཕྲལ་བསམ་གཏན་སྡིངས་སུ་ཕེབས། དེ་མཚམས་ནས་སྐུ་ཁམས་ཇེ་ལོང་དུ་སོང་སྨན་དཔྱད་ཀུན་ཡང་ཅུང་ཟད་ལོག་པའི་ཟླ་བ་གཉིས་ཙམ་གྱི་བར་དུ་ཤིན་ཏུ་ཉེན་པ་བྱུང༌།
སླེབ་འཕྲལ་ནས་མཚམས་དམ་པར་བཅད། དགོངས་རེ་བཞིན་སྐུ་རིམ་དུ་དམིགས་པའི་དྲུག་ཅུ་རྩ་བཞི་ལ་སོགས་པ ་གཏོར་མའི་ཆོ་ག་རྣམ་གྲངས་མང་ཙམ་བཏང་དེ་མིན་དགེ་སྦྱོར་རང་ལ་འབུངས་བསྐྱེད། ཐོ་རངས་སྔ་མོ་ནས་སྔོན་འགྲོ་གཏོར་མ་སྔོན་དུ་འགྲོ་བའི་འཁོར་ལོ་སྡོམ་པའི་བསྐྱེད་རིམ་ཉིན་ཐུན་བཞི་པོ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་འདོར་ལེན་དུ་བསྒྲུབས་ཤིང༌། བཟླས་བརྗོད་ལ་ཤིན་ཏུ་འགྲུས་པར་བྱས། སྲོད་ཐུན་ལ་ལག་མཆོད་དང༌། ཕྱི་རོལ་མཆོད་པ་རྒྱས་པ་རེ་གཏོར་མའི་སྔོན་དུ་མ་ཆག་པ་དང༌། ནང་ཕྱེད་དུ་ཉེ་བ་ན་བུམ་པ་ཅན་གྱི་རླུང་སྦྱོར་དང༌། དཔྱིད་ཐིག་བསྒོམ་པས་འདའ་བར་བྱས། ཟླ་བ་ཕྱེད་གཉིས་ཙམ་གྱི་མཚམས་སུ་ཚོང་འདུས་ནས་སྡེ་ པ་ལྷུན་ཆེན་སྐུ་གཤེགས་པའི་སྟབས་དགོངས ་རྫོགས་ཀྱི་སྙིང་པོ་དང༌། མཚན་བྱང་བཞུ་བ་ལ་འགྲོ་དགོས་ཀྱིས་མཚམས་སེང་ པ་དང་འགྲོ་བ་མཉམ་དུ་བྱས་ཤིང་དབུ་རྩེར་ཞག་གཅིག་སྡོད་དགོས་བྱུང༌། སང་དགོངས ་ཀ་མཚམས་བསྡམས། སླར་ཡང་སྔར་གྱི་རྒྱུན་གྱི་རྣལ་འབྱོར་ལ་ཞུགས། དེའི་སྔ་གོང་ལྷའི་གསལ་སྣང་དང་བདེ་སྟོང་གི་ཉམས་མང་པོ་འཆར་བ་ཞིག་ཡོད་པ་ཟླ་ཕྱེད་ཙམ་གྱི་བར་དུ་སོར་མ་ཆུད། དེ་ནས་དྲུང་འཚོ་བ་ས་ལུང་པས་སློབ་དཔོན་རིན་པོ་ཆེར་གསོལ་སྨན་སོགས་ཕུལ་བ་འཕྲོད་རྟེན་གྱི་ངོ་ཆེ་བར་བྱུང་ཞིང༌། ངེད་རང་བད་མཁྲིས་ཀྱི་ཞག་ཤས་གྱོང་ངེ་བ་ན་བ་ཞིག་ལ་ནད་འདོན་གྱི་དམིགས་པ་དང་རླུང་སྦྱོར་འཕྲན་བུ་བྱས་པས་སྔ་གྲོ་ཞིག་དུད་ཁུ་འདྲ་བ་སླ་ང་དོ་ཙམ་སྐྱུགས། དེ་གོང་བད་མཁྲིས་མཐོ་མོ་དེ་ལོ་ཤས་བདེ་བར་བྱུང༌། དེས་ན་མན་ངག་ཁུངས་མའི་གེགས་སེལ་ཐམས་ཅད་དེས་མཚོན་པར་གོ་དགོས། རིམ་པ་དེ་ཉིད་ཀྱི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཡན་ཆོད་དུ་དཔལ་སྡོམ་པ་ལཱུ་དྲིལ་ནག་གསུམ་ཅར་གྱི་བསྙེན་པ་ཡིད་རྣམ་གཡེངས་ཁོ་ནའི་དབང་དུ་མ་སོང་ཙམ་དུ་གྲུབ། གསུམ་ཅར་གྱི་
རྫོགས་རིམ་ལ་ཡང་སོ་སོར་མྱོང་བ་ཅུང་ཟད་ཐོན། ཡང་འདི་སྐབས་ནས་ཚིགས་གྲུམ་ལ་བརྟེན་རྐང་པ་ཤིན་ཏུ་ན་བ་ཞིག་རྒྱུན་ཆགས་རང་དུ་བྱུང༌། ཟླ་བ་དེ་ཉིད་ཀྱི་ཉེར་གཅིག་ལ་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པའི་སློབ་དཔོན་ནི་རྦཱ་ཎ་ཤྲཱི་ཡང་ཕེབས་བྱུང་ཟླ་བ་ཕྱེད་གཉིས་ཙམ་བཞུགས་ཤིང༌། སྔར་གྲུབ་ཆེན་ལྷོ་ཕྱོགས་པ་ལ་ལེགས་པར་མནོས་པའི་གདམས་པ་དང་བཤད་པའི་འཕྲོ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཆེ་བར་བྱུང༌། འདི་སྐབས་ཟམ་བྲག་ནས་སྡེ་པ་ཀ་བཞིའི་དྲུང་གིས་རབ་གནས་ལ་ཡོང་དགོས་ཚུལ་གནང་བྱུང་ནའང༌། སློབ་དཔོན་རིན་པོ་ཆེ་སྐུ་ཁམས་ཡིད་བརྟན་ཐུབ་པ་མི་འདུག་ པ་དང་དགོངས ་པའང་མ་གྲོལ་བའི་སྟབས་ནས་འགྲོ་མ་ཐུབ། དེས་ཁོང་ཚོ་དང་སྡེ་པ་ཀུན་སྤངས་དྲུང་ཡང་ཤིན་ཏུ་མ་དགྱེས་ཏེ་ཐབས་ཀྱང་མ་བྱུང་མོད། ངེད་ལ་ཁྱད་ཀྱང་མ་མཆིས་ལ་ཁོང་ཚོ་ལ་སྙིང་པོ་ཡང་ཅི་ཡོད། ཕཊ། བརྒྱད་པའི་ཚེས་བཅོ་ལྔ་མན་ནས་འཚམས་མ་གྲོལ་གྱི་བར་དུ་རྗེ་བཙུན་མ་ཞལ་གཉིས་མ་ལ་བསྙེན་པ་བྱས་ཤིང་བྱིན་གྱིས་བརླབས་པའི་རྟགས་མཚན་ཡང་ཅི་རིགས་པ་བྱུང༌། ཉིན་མཚན་དུ་དགེ་སྦྱོར་འཕེལ་བར་བྱས་པའི་ཕན་ཡོན་གྱིས་གཉིད་ཀྱི་སྐབས་སུ་ཡང་དྲན་པས་ཟིན་ཅིང་རྟགས་སྣང་མང་པོ་ཤིན་ཏུ་གསལ་བར་འཆར་བ་དང་རྨི་ལམ་མི་ཟིན་པ་མི་སྲིད་པ་ལྟ་བུར་སོང་ལྷ་སྐུའི་སྦྱོང་སྤེལ་གྱི་རྩལ་ཤིན་ཏུ་ཆེ་བར་བྱུང༌། ལྐོག་གྱུར་ཡུལ་སྣང་ཐན་ཐུན་གཏན་ལ་ཕེབས་པ་དང་རྨི་ལམ་གྱི་དུས་ཐམས་ཅད་དུ་བཟླས་བརྗོད་ཀྱི་སྣང་བ་རྒྱུན་མི་འཆད་བར་འབྱུང་བ་དང་ཉིན་པར་ལྷ་སྐུ་དྲག་ཏུ་བསྒོམས་པའི་ཤུགས་ཀྱིས་མི་རྟོག་པ་གསལ་སྟོང་ལ་ཆམ་ཆམ་འགྲོ་ཞིང༌། རེས་འགའ་གཞན་གྱི་སེམས་ཤེས་པ་སྙམ་བྱེད་པ་ལ་སོ་སོར་བསྒྲིམས་ཏེ་བལྟས་པའི་ཚེ་དུ་བས་གཟུགས་བསྒྲིབས་
པ་བཞིན་མུན་མུན་འགྲོ་བ་ཞིག་བྱུང༌། ཕྱིས་བླ་མ་དམ་པ་ལ་ཞུས་པས་གཞན་སེམས་ཤེས་པ་སྙམ་བྱེད་པ་ལ་ཅི་དགར་བསྐྱུར་ན་ཡོན་ཏན་གོང་འཕེལ་དུ་འགྲོ་བ་ལ་ཆེད་འཛིན་བྱས་པ་དེས་བསྒྲིབས་པ་ཡིན་གསུང༌། སྤྱིར་ནས་དབང་ཤེས་བདེ་སྟོང་དུ་གནས་མ་གྱུར་གྱི་བར་དུ་དངོས་གནས་ཇི་ལྟ་བ་བཞིན་དུ་ཤེས་དཀའ་ཞིང༌། ནང་གི་རྩ་ཐིག་རླུང་གསུམ་གྱི་བྱེད་པ་ལ་བརྟེན་ཏེ་ཉམས་ཀྱི་ཚུལ་དུ་སྐྱེ་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལྟ་བུར་སྣང་བ་ངོ་བོ་ཉམས་སྣང་དུ་ཤར་བ་རྣམས་ཀྱིས་ཅི་རིགས་པ་སྟོན་པ་ཡོང་བར་སྣང་སྟེ་དངོས་གནས་ཡིན་པ་དཀའོ། །འདི་སྐབས་ཕྱིན་ཆད་ནས་དབེན་པར་མཚམས་བཅད་དེ་འཁོར་ལོ་སྡོམ་པའི་སྒོམ་བཟླས་ལ་ཞུགས་པའི་ཚེ་རྨི་ལམ་དུ་ས་གསུམ་གྱི་ཕོ་ཉའི་རྣམ་པས་ཁྱབ་པ་དང་བདེ་སྟོང་གི་ཉམས་གཞིག་པར་དཀའ་བ་རྟག་ཏུ་ཡོད་སྣང༌། འོན་ཀྱང་ཕྱིས་ཆོས་སྣ་ཚོགས་གཞན་ལ་སྨྲ་དགོས་འདི་དང༌། དམ་སེལ་གྱི་གྲིབ་མས་ནོན་པས་གོང་འཕེལ་དུ་འགྲོ་བ་ནི་མེད་དོ། །དེ་ནས་སློབ་དཔོན་དམ་པ་རེ་ཞིག་སྐུ་ཁམས་བདེ་བའི་རྣམ་པ་བྱུང༌། སྔར་སོར་ནས་སོ་སོས་འབོད་མི་ནན་ཆགས་ཡོད་པ་ལྟར་ཧོར་ཟླ་བཅུ་གཅིག་པའི་ནང་དུ་བསམ་སྡིངས་ནས་བཏེགས་ཁྱུང་རྩེར་ཞག་གཅིག་བསྡད། དེའི་སང་ཉིན་ཡོལ་མོ་སྤྲུལ་སྐུའི་དྲུང་དང་མཇལ། བླ་མའི་རྣལ་འབྱོར་ཞིག་དགོས་གསུང་པ་ལྟར་ཕུལ་ཞིང༌། ངེད་ལ་ཤིན་ཏུ་ཐུགས་མོས་སྟོབས་སུ་གྱུར་པའི་ཞབས་དབང་དགོས་ཕེབས་སྨོན་ལམ་མང་པོ་འདེབས་པ་གནང་གིན་འདུག གསུང་ལས་བདག་ཚོ་ལུས་ཀྱང་བདེ་མོ་མི་འདུག་པས་གསོན་གཤིན་ཇི་ལྟར་བྱུང་ཡང་ཐུགས་དམ་སྐྱབས་འོག་ཏུ་འཇུག་དགོས་སོ་གསུང་ངོ༌། །འདོལ་བྱུང་དུ་དབང་ཆོས་རང་མི་རང་ལས་བྱས།
རྗེ་རྒྱུད་ པ་བ་སངས་རྒྱས་རྒྱ་མཚོ་ཡང་ངེད་འཕྲད་པར་ཕེབས་བྱུང༌། དགོངས ་བཞེད་ལྟར་རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང་ཀྱང་ཕུལ། སྔགས་ཕྱོགས་ཀྱི་གསུང་གླེང་ཤིན་ཏུ་འཕེལ་བ་བྱུང༌། ཤིན་ཏུ་དགྱེས་ཤིང་ཐུགས་དང་བ་དཔེ་མེད་མཛད་ཀྱིན་འདུག དེ་ནས་སྟག་རྩེར་ཀུན་ར་བས་མཐུན་རྐྱེན་བཟང་པོ་སྦྱར། དེ་ནས་རྒྱལ་མཁར་རྩེར་ཟླ་གཅིག་ལྷག་ཙམ་ལི་མ་ལྷ་ཁང་གི་མདོའི་གཡབས་ཁྲ་དེར་སྡོད་ཡུལ་བྱས། རྟེན་བཟང་བ་སོགས་ཀྱིས་ཡིན་ནམ་རིག་པ་དྭངས་ཤིང་རྨི་ལམ་བཟང་བ་ཤ་སྟག་བྱུང༌། རྭ་ལོ་ཆེན་པོའི་ཐུགས་དམ་རྟེན་ཡིན་ངེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཐང་སྐུ་དེ་སྔས་འགོར་བཀྲམ་ཏེ་སྲོད་ཐོ་རངས་བཟླས་སྒོམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ལན་ཅིག་རང་ཉིད་འཇིགས་མཛད་ཀྱི་སྐུ་ཉང་སྟོད་ཀྱི་ལུང་པ་དེ་ཡང་ཞབས་གཅིག་གིས་ཁེངས་པ་ཙམ་གྱི་སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་ཏུ་གྱུར་ཏེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ་སྙམ་བྱེད་པ་ཞིག་བྱུང༌། བདག་པོ་ཆེན་པོས་སྔ་སོར་སྐུ་ལ་ཡང་ཡང་ཕན་པའི་དྲིན་བསོབ་ཏུ་འབྲིང་མཚམས་དགེ་གྲོང་ཕྱེད་ཀ་དང༌། མངའ་བདག་རྒྱལ་མོའི་དྲུང་གིས་བསམ་སྡིངས་ཀྱི་སྒྲུབ་སྡེ་གསར་འཛུགས་ཀྱི་ཐེས་སུ་དཔལ་བེ་ལྷ་ལུང་གི་ཆོས་གཞིས་གནང༌། འདི་སྐབས་དོན་གཉེར་སོ་སོ་ལ། ལམ་འབྲས་ཀྱི་གཞུང་བཤད་སྨར་མ་སོགས་ཀྱི་ལུང་དང༌། གྲུབ་ཆེན་ཛ་ལནྡྷ་ར་བའི་དོ་ཧའི་མན་ངག་དང་བཤད་པ། དེ་ཉིད་བདུད་འགྲེལ་གྱི་བཤད་པ། དམར་པོ་སྐོར་གསུམ་གྱི་མན་ངག་ཡོངས་རྫོགས་ཀྱི་ལུང༌། གྲུབ་པ་སྡེ་བདུན་དང༌། སྙིང་པོ་སྐོར་དྲུག་གི་ལུང༌། བདེ་མཆོག་ནག་པོ་པའི་དབང་ཆ་གཉིས་བདེ་མཆོག་བོང་ཞལ་ཅན་གྱི་དབང༌། ཐོད་པ་ཉེར་ལྔ་མའི་དབང༌། གཤེད་དམར་གྱི་འོད་གསལ་འཆར་བའི་བྱིན་རླབས། ནཻ་གུ་ཆོས་དྲུགདྲིལ་བུ་རིམ་ལྔ།
གཤེད་དམར་སྤྲོས་མེད་སོགས་ཆོས་ཤིན་ཏུ་འཕེལ་བར་བྱུང༌། བྷངྒ་ལའི་པཎྜི་ཏ་པུརྞཱནནྡ་ཏེ་གང་བ་ཀུན་དགའ་དང༌། པྲ་ཡ་མཱ་ནནྡ་ཏེ་བྱམས་པ་ཀུན་དགའ་གཉིས་ཀྱང་བྱོན་བྱུང་བ་ངེད་ཀྱིས་ཆོས་ཀྱི་གསུང་གླེང་མང་དུ་བྱས་པས་ཁོང་གཉིས་ཤིན་ཏུ་དགྱེས། ངས་ཀྱང་པཎྜི་ཏ་ཡིན་ཚུལ་རྒྱ་ཆེར་བསྒྲགས། ཁོང་ཚོ་མར་ལམ་པཎྜི་ཏ་ཡིན་པ་སུས་ཀྱང་མ་ཤེས། ཁོང་རང་ཚོས་ཡིན་གསུངས་ཀྱང་རྩིས་གདབ་མ་བྱས་འདུག་ནའང༌། ཕྱིས་སོང་དུས་དེ་སྐབས་ཀ་པཎྜི་ཏ་ཡིན་པར་ཡང་ཤེས། ཐུགས་དམ་འདི་ལ་བྱེད་ཅེས་སོགས་གནང་ཆུང་དེ་འདྲ་ལ་ཡང་ཆ་མེད་རྒྱུས་གཏམ་གྱི་ཆོས་བརྒྱད་མཛད་མཁན་ཡང་སྣང་ངོ༌། །མར་ལམ་རྩེ་ཆེན་དུ་ཞག་གསུམ་བསྡད། ཆོས་སྡེའི་སློབ་དཔོན་སོ་སོར་འདོད་ཆོས་ཐན་ཐུན་དང༌། རྩེའི་ལྷ་ཁང་དུ་ལོགས་བྲིས་ཞིག་གསོས་དང་གསུང་རབ་རྣམས་ལ་རབ་གནས་རྒྱས་པ་ཞིག་ཀྱང་བྱས། སླར་བསམ་སྡིངས་སུ་སླེབ། དེའི་སང་ དགོངས་ཉིད་ནས་མཚམས་བསྡམས། བདེ་མཆོག་གི་བསྙེན་པ ་ཁ་གསོ་ཞག་བདུན་པ་ཞིག་བྱས་ནས། ཡབ་བཀའ་ཡུམ་བཀའ་གཉིས་འདུས་ཀྱི་སྦྱིན་བསྲེག་ཞག་བཅུ་གསུམ་ཙམ་བྱས་ཤིང་གྲངས་ཀྱང་ཐིམ། དེ་མཚམས་ནས་ཐབ་ཀྱང་ཁ་བསྒྱུར་ཏེ་སྡིག་སྒྲིབ་སྦྱང་བར་རང་ལ་དམིགས་རང་གི་སྐྲ་བྲེགས་པའི་བུབས་སུམ་ཅུ་ཙམ་ཡོད་པ་ཐམས་ཅད་སྦྱིན་བསྲེག་གི་ཚུལ་དུ་བསྲེགས། འདི་སྐབས་འཆར་སྒོ་ངོ་མཚར་ཆེ་བ་རང་ཞིག་བྱུང༌། དེ་རྗེས་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་བཟླས་པའི་ཐུན་ཆེ་བ་རེ་འཆག་མེད་དུ་བྱས་ཤིང༌། ལྷག་མ་གཤིན་རྗེ་གཤེད་དམར་པོའི་བཟླས་བརྗོད་དང༌། སྲུང་མའི་དབང་པོ་འགའ་ཞིག་གི་བསྙེན་པ་བྱས། རྒྱ་གར་ནུབ་ཕྱོགས་སུ་འཁྲུངས་པའི་སློབ་དཔོན་ཆེན་པོ་པུརྞྞ་བཛྲ་བ་དཔོན་སློབ་ཀྱང་ཕེབས་བྱུང་བ་ལ་ཡང་འཕྲལ་ཞབས་འདེགས་གང་དྲག་བྱས་
ཆོས་ཀྱི་འཕྲོས་མང་དུ་ཞུས། ས་གའི་ཟླ་བའི་ཚེས་བརྒྱད་ནས་བཅུའི་བར་དུ་འཁོར་ལོ་སྡོམ་པའི་བསྟོད་ཆེན་དངོས་གྲུབ་འབྱུང་གནས་དེ་ཉིན་རེ་ལ་ཐུན་རེ་བྲིས་པས་ལེགས་པར་གྲུབ། རང་ལ་བློ་བརྟད་པའི་གཤིན་པོ་འགའ་ཞིག་གི་རྗེས་སྒྲུབ་དང་དུས་མཚུངས་བྱུང་བས་ཡན་ལག་བདུན་པའི་སྨོན་ལམ་རྣམས་དེ་དག་ལ་དམིགས་པ་གཙོ་ཆེ་བས་བཏབ། འདིའི་ཚེས་བཅུའམ་དགུ་ལ་ཡོལ་མོ་སྤྲུལ་སྐུ་ཡང་གཤེགས། སྔགས་ཀྱི་མངོན་པར་མིང་བཏགས་པའི་རྩོམ་པ་དེ་ཡང་བྱས། འཕགས་ཡུལ་མཁས་གྲུབ་ཀྱི་ཐུགས་བཅུད་ཕྱོགས་འདིར་ངེད་རང་གི་ཐུན་མོང་མ་ཡིན་པའི་ལེགས་བཤད་ངེས་དོན་གྱི་གསང་ཚིག་འགོས་ཆེ་བ་བརྩམས་པའི་ཐོག་མ་ཡིན། དེ་ནས་མི་རིང་བར་ཞྭ་དམར་ཅོད་པན་འཛིན་པའི་སྤྲུལ་སྐུ་ཡང་པ་རྣམ་དུ་ཕེབས། དེའི་གནངས་ཉིན་སྡེ་པ་ཀ་བཞིའི་དྲུང་ཡང་བསམ་སྡིངས་སུ་འཕྲད་པ་ལ་ཕེབས། རྗེ་ཞྭ་དམར་བ་མཇལ་བར་ཕྱིན་དུས་དཔེ་མེད་ཀྱི་བསྟི་སྟང་གནང༌། རྡོ་རྗེའི་བསུང་བརྒྱ་ལྔ་བཅུ་པའི་ལུང་ཞིག་དང༌། སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ཡིག་ཆོས་རྗེ་རང་བྱུང་བས་མཛད་པ་དེའི་ལུང་དང༌། བླ་མའི་རྣལ་འབྱོར་ཀུན་འདུས་ནོར་བུ་ལུགས་ཤིག་དང༌། ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག་བསྡུས་པ་རྗེ་དཀོན་མཆོག་ཡན་ལག་གིས་མཛད་པའི་ལུང་ཞིག་ཀྱང་ཐོབ། དེ་འཕྲལ་རྒྱལ་རྩེར་དཔོན་ས་མངའ་བདག་དྲུང་གཤེགས་པའི་དགོངས་རྫོགས་ཀྱི་ཆོ་ག་ལ་ཡོད་དགོས་ཀྱི་འབོད་མི་བྱུང་བས། དེ་ནུབ་བསམ་སྡིངས་སུ་སླེབ་ཙམ་བྱས། སང་སྔ་བར་ཤད་ནས་ཕྱིན་ནས་དགོངས་ཇ་ཐོག་ཏུ་རྒྱལ་རྩེར་སླེབ། དེ་ནས་དགོངས་རྫོགས་མ་གྲོལ་གྱི་བར་སྤུར་གྱི་རྩར་མི་འཁྲུགས་པའི་ཆོ་ག་ཚར་བཞི་བཞི་བདག་མདུན་བུམ་བསྐྱེད་རྣམས་ལ་བཟླས་པ་བརྒྱ་ཚར་རེ་དང་ཐུན་ཐ་མ་ལ་ལྷོ་སྒོ་འཆག་མེད་རེ་བྱས། དཔོན་ས་ཡུལ་དེ་ཉིད་རྗེ་དམ་པ་ལ་མི་ཕྱེད་པའི་དད་པའི་གདུང་ཤུགས་གང་དང་ཡང་མི་མཉམ་པ་དངོས་ལའང་
ཤིན་ཏུ་ཐུགས་བརྟད་པ་ཅིག་ཡིན་ པ་ནས་དགོངས ་རྫོགས་ལ་དམིགས་པའི་ཆོས་སྡེར་སྨན་བླ་ཆེན་མོའི་ལུགས་ཀྱི་ཉིན་ཐུབ་ཀྱི་རྙེད་བཀུར་ཞིག་དང༌། དགེ་འདུན་རྣམས་ཀྱི་ཕྱག་ཏུ་ཁལ་རེ་ཐོབ་པའི་རྩིས་ཀྱི་འགྱེད་དང༌། སྨན་བླ་ཕྱེད་ལངས་ཀྱི་དབང་དུ་བྱས་པའི་རྙེད་བཀུར་དང་འགྱེད་སོགས་བཏང་ཞིང༌། དགོངས་རྫོགས་དངོས་གཞི་གྲོལ་མཚམས་ཉི་ཕྱེད་ཙམ་ལ་ཐོན་པར་བྱས་ཏེ། སང་ཉིན་བསམ་སྡིངས་སུ་སླེབ་པར་བྱས། ཡོལ་མོ་སྤྲུལ་སྐུ་རིན་པོ་ཆེ་གཤེགས་ཁར་ཞལ་ཆེམས་སུ་ དགོངས་རྫོགས་དངོས་གཞིའི་གྲལ་དབུ་ངེད་ལ་ཆོས་གསུང་བ་ཡོད་འདུག་པ ་ལྟར་ཁོང་རྣམས་ཀྱིས་སྔ་སོར་ནས་ཡོང་དགོས་ཚུལ་ཡོད་པ་བཞིན་དེའི་སང་ཉིན་སྐྱིད་སྦུག་ཏུ་སླེབ། ཕྱི་ན་གུར་རྒྱབ་འདུག་པས་དེ་ཁར་ཆོ་ག་བཏང་ཉི་མ་ཕྱེད་ཡོལ་ཙམ་ལ་རྣལ་འབྱོར་པ་ཤས་ཆེ་བའི་དགོན་སྣ་མང་པོ་ནས་འདུས་པའི་ཚོགས་ པ་ལྔ་བརྒྱ་ཙམ་ལ་དགོངས ་རྫོགས་དངོས་གཞི་བཟབ་མ་བྱུང༌། གྲལ་འགོ་ལ་ངེད་ཀྱིས་ཕྱིན། སང་ཉིན་ཆོས་རྗེ་གདན་ས་པ་སོགས་ལ་ཤིས་བརྗོད་དང་ཚེ་དབང་སོགས་བྱས་ཉི་ཕྱེད་ཙམ་ལ་ཡོངས། པ་རྣམ་ཞོལ་དུ་གསེར་མདོག་ཅན་ནས་མཁན་སློབ་ཚོས་གནས་ཚང་དུ་གསོལ་ཇ་ལ་ཤོག་གསུང་པ་ལྟར་ཕྱིན། གསུང་རབ་ཀྱི་གླིང་སླང་དང་བཞད་གད་འདྲེས་མས་ཉམས་དགའ་བར་བྱུང༌། དེ་ནུབ་རང་གནས་སུ་སླེབ་ཞག་ཉི་ཤུ་སྐོར་ཕྱི་མཚམས་སེ་བྱས་ཤིང༌། སྔ་གོང་སྟག་ལུང་ནས་སྐྱབས་གནས་དམ་པའི་བཀའ་ལས། འཕགས་ཡུལ་ནས་བྱུང་བའི་ཆོས་གསར་པ་འདི་རྣམས་རྒྱ་གཞུང་ཀུན་ལག་ཏུ་ལོངས་དཀའ་བར་འདུག་པས་ཐམས་ཅད་ལ་ཡིག་ཆ་གསལ་བ་རེ་བྱེད་དགོས་བཀའ་སྩལ་བ་ལྟར་འཕྲལ་དུ་བྱེད་འདོད་ཙམ་ཡོད་ནའང་ལེ་ལོས་རྒྱུ་བྱས་བྲེལ་བ་དང་ཁ་འདོན་སོགས་ཀྱི་སྟབས་ནས་ཆེར་མ་གྲུབ། ཡོས་ལོའི་ནང་དུ་དྲན་བསྐུལ་གྱི་ཕྱིར་ས་བཅད་ཙམ་རེ་བྲིས། སྐབས་འདིར་ཛ་ལནྡྷ་རའི་སྒྲུབ་ཐབས་ལྟར་གྱི་ཕག་མོ་ལས་བདུན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྔོན་
པའི་གདམས་ངགརྣལ་འབྱོར་མ་སྣ་ཚོགས་མདོག་ཅན་རྣམས་ཀྱི་སྒྲུབ་སྐོར་དང༌། དོ་ཧ་རྣམ་གྲོལ་སྙེ་མའི་ཁྲིད་ཡིག་སོགས་མན་ངག་གི་ཡི་གེ་དྲུག་ཙམ་བྲིས་ཤིང༌། དེ་ནས་མཚམས་བཀྲོས་ཏེ་ཚོར་འདུས་སུ་སླེབ་ཙམ་བྱས་དགོངས་བཞེད་ཀྱི་ཆོས་ཐན་ཐུན་ཕུལ། སྡེ་ པ་རྒྱལ་བུ་སྐུ་བགྲེས་པའི་དགོངས ་བཞེད་ལྟར་ཕྱག་དྲུག་པའི་གཏོར་ཆོག་སྔ་མ་དེ་བརྩམས། ཛ་ལནྡྷ་རའི་དོ་ཧའི་ཊཱྀ་ཀ་རྩོམ་པའི་འགོ་ཡང་བཙུགས་ཤིང༌། དེ་ནས་སྣར་ཐང་དུ་གཙུག་ལག་ཁང་གི་རྟེན་རྣམས་ལ་ཕྱག་མཆོད་རྒྱས་པར་ཕུལ། འདི་སྐབས་སྐོར་དུ་སྡེ་པ་སྣར་ཐང་ནས་དང་མཐོང་ལེགས་པ་ཁོང་རང་དཔོན་གཡོག་འཕྲོགས་པ། ཁོང་དཔོན་གཡོག་གཉིས་ཐད་ནས། ངེད་ལ་ཐུགས་རྟོག་ཟོས་པའི་གསུང་འབྱོན་པ་ཞིག་འདུག སྤྱི་བབས་ནི་རང་གིས་བཟང་མ་བཏང་བའི་གནོད་པ་ཡང་ཡིན་སྲིད་པ་དང༌། ཁྱད་པར་ལུང་བསྟན་སད་སུད་ལ་ཐུགས་བརྟད་རང་འཆའ་བ་ཞིག་འདུག་པས་དེ་ལྟར་ཡིན་ནམ་ཆ་མ་མཆིས། གང་ལྟར་ནའང་ཐུགས་རབ་ཆེ་ཤོས་དང་ཐུགས་དྲན་གསལ་ཤོས་དང་ཐུགས་ཆོད་ཆེ་ཤོས་དང་ལུང་བསྟན་མཛད་པ་པོ་རྣམས་ཀྱི་རང་འཚང་སྟོན་བྱེད་ཙམ་དུ་གདའོ། །གནས་སྲིན་པོ་རིར་ཤོག་གསུང་བ་ལྟར་ཞག་གསུམ་ཙམ་བསྡད་ཅིང༌། དགོངས་བཞེད་ལྟར་གསང་བ་འདུས་པ ་འཇམ་པའི་རྡོ་རྗེའི་དབང་བསྐུར་ཞིག་བྱས་ལུང་ནག་ཤེལ་དཀར་དུ་ཡང་གནས་བཅུའི་ཐང་ཀ་གསར་བཞེངས་ལ་རབ་གནས་བྱས་པ་བཀྲ་ལོད་པ་རང་ཞིག་བྱུང་བས་དེ་རྗེས་ལོ་དེ་ཀའི་ནང་དུ་ཤེལ་དཀར་གྱི་གདོང་དེ་ལ་འགྲོ་དགོས་ལན་གཉིས་བྱུང་ནའང་ཁོང་ཚོལ་གསངས་ནས་ཕྱིན། དེ་ནས་ཇོ་ནང་དུ་སླེབ་གཙང་བདེ་མཆོག་རྩེ་ལ་འབོད་མི་ནན་ཅན་བྱུང་བ་བཞིན་ཕྱིན། འདི་སྐབས་འདུ་ཁང་གི་ལོགས་བྲིས་སྐྱེས་རབས་བརྒྱ་རྩ་དང་གཙང་ཁང་གི་ལོགས་བྲིས་དང་ལམ་འབྲས་བླ་བརྒྱུད་ཀྱང་གཅིག་གཉིས་མ་གཏོགས་
ཕལ་ཆེར་གྲུབ་འདུག་པ་བཞིན་རབ་གནས་རྒྱས་པར་བྱས། རྟེན་རྣམས་སྣུམ་ཞིང་བཀྲག་ཆེ་བར་འགྲོ་བ་སོགས་ཐུན་མོང་སྤྱི་མཐུན་དུ་བྱིན་རླབས་ཀྱི་ལྟས་མངོན་ཙམ་བྱུང༌། དགོན་པ་བ་རྣམས་ལ་ཀྱཻ་རྡོར་གྱི་དབང་བསྐུར་ཞིག་དང༌། སྔར་ལམ་འབྲས་ཞུ་མྱོང་བའི་གྲྭ་པ་འགའ་ཞིག་ལ་ལམ་དབང་ཞིག་ཀྱང་བྱས། སླར་ཇོ་ནང་དུ་དུས་འཁོར་སྒྲུབ་མཆོད་ཀྱི་སྐབས་སུ་བྱུང་བ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་སྟེང་དེ་ཉིད་ནས་སྒྲུབ་སྡེ་གང་ཡོད་ཀྱི་སྟེང་དུ་རིན་པོ་ཆེ་ངག་དབང་བཀྲ་ཤིས་པ་དཔོན་སློབ་སོགས་ཅི་རིགས་དང་བཅས་པ་ཡོངས་སྒྲིལ་བདུན་བརྒྱ་ཙམ་ལ་དུས་ཀྱི་འཁོར་ལོའི་དབང་བཅུ་གཅིག་ཡོངས་རྫོགས་སུ་བསྐུར། ཛ་ལནྡྷ་ར་པའི་དོ་ཧའི་འགྲེལ་པ་ཡང་འདི་སྐབས་སུ་བཀོད་གྲུབ། སངས་རྒྱས་བྱང་ཆུང་སེམས་དང་རྡོ་རྗེ་མ། །སྐད་ཅིག་དེ་ལ་ནམ་མཁའ་གང་བར་སྣང༌། །ཞེས་པའི་ཚིག་གི་འགྲེལ་པ་རྩོམ་སྐབས། ཉིན་མོ་གཉིད་ཡུར་དུ་སོང་བའི་རྨི་ལམ་ན་གཞུང་དོན་དང་མཐུན་པའི་རྨི་ལམ་གྱི་ལྟས་ནམ་མཁའི་ལྷ་ལས་དབང་བསྐུར་བླང་བའི་གསལ་སྣང་དང་བཅས་པ་བྱུང་ཞིང༌། གདོང་དགའ་བ་སྐུ་གཞོན་པ་ཚེ་བརྟན་ལགས་ཁོང་རང་ཚོ་ལ་ཤིན་ཏུ་གཅེས་པ་ཡིན་པ། ངེད་ལའང་སྙིང་ནས་དད་པ་ཡོད་ངེས་དེ་ངམ་རིངས་དུ་འདས་པའི་བསྔོ་རྟེན་ཡང་འདི་སྐབས་བྱུང༌། སླར་ཡང་དེ་མཚམས་སློབ་དཔོན་རིན་པོ་ཆེའི་དྲུང་དུ། རྡོ་རྗེ་འཕྲེང་བའི་དབང་ལ་སོགས་པ་ཆོས་འགའ་ཞིག་ཞུ་བར་མྱུར་ཤད་ཕྱིན། བོ་དོང་བཀྲ་ཤིས་སྒང་གི་ཐད་དེར་གདོང་དགའ་ནས་ཚེ་དབང་བསྐུར་བ་ལ་ཡོང་དགོས་ཚུལ་འབོད་མི་ནན་ཅན་དཔེ་མེད་རང་བྱུང་ནའང་ད་རེས་ཡོང་མི་ཐུབ། ཟླ་བ་གཉིས་ཙམ་གྱི་ཁོངས་སུ་ཡོང་གང་ཐུབ་བྱེད་བྱས་ཐག་བཅད་ནས་ཕྱིན། བྱང་ཆེན་དུ་སླེབ་དུས་པཎྜི་ཏ་པུརྞཱ་ནནྡ་དང་པྲ་ཡཱ་མཱ་ནནྡ་གཉིས་པོའང་ལྷ་ས་སོགས་དབུས་ཕྱོགས་རྣམས་འཁོར་བའི་ངེད་ལ་ཆེད་
ཀྱིས་འཕྲད་པར་བྱོན། དེ་དག་གྲུབ་མཐའ་ནང་པར་འདུག་ཀྱང་ཕ་མེས་ཀྱི་ཆོས་རིག་བྱེད་ལ་ཡང་ཞེན་ཆེ་བར་འདུག་ཅིང་ཕྱི་རོལ་པའི་ལྷ་གཅིག་གཉིས་བསྟེན་གྱིན་འདུག་པས་དབང་ཆོས་སོགས་ནི་མ་ཞུས། རིག་པའི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་པར་འདུག་པས་དོགས་གཅོད་མང་དུ་བགྱིས་ཤིང་བསྟན་བཅོས་ཐན་ཐུན་འདྲ་བསྒྱུར། བྷ་ར་ཏ་དང་རཱ་མ་ཡ་ཎ་ལ་སོགས་པའི་ལོ་རྒྱུས་ཀྱང་མང་དུ་ཐོས། དེ་སྐབས་རཱ་མ་ཡ་ཎའི་སྲུངས་མ་ཧ་ནུ་མནྡའི་ཆོ་འཕྲུལ་ལུས་བྱང་ཆེན་གྱི་རི་དང་མཉམ་པའི་སྤྲེའུ་དང་བྷ་ར་ཏའི་སྲུངས་མ་རྒྱལ་པོ་བྷཱི་མ་དངོས་སུ་མཐོང་བས་པཎྜི་ཏ་ན་རེ་ཁྱོད་ལ་འགོ་བར་འདུག་མཐུ་དང་སྙན་གྲགས་ལོངས་སྤྱོད་ཆེན་པོ་ཡོང་གསུང་ནའང༌། ཆོས་ལ་མི་དད་པའི་ལྷ་འདྲེ་བསྟེན་པ་ག་ལ་ཞིགཕྱིས་ཀྱི་བླ་ཆེན་མང་པོའི་འདོད་བྱ་ཆེན་པོ་ཞིག་དེ་དུས་རང་རྩོལ་མེད་དུ་འགྲུབ་ལ་ཁད་བྱུང་ནའང་རྣལ་འབྱོར་བ་བདག་གིས་ཅི་དགར་བོར་བ་ལགས་སོ། །ཞག་བཅུ་ཙམ་ཉིད་དང་མཚན་དུ་གླེང་སླང་བྱུང༌། དེ་རྗེས་བསམ་སྡིངས་སུ་དཔལ་ལྡན་བླ་མ་དམ་པ་བྱམས་པའི་མཚན་ཅན་གྱི་དྲུང་དུ་རྡོ་རྗེ་འཕྲེང་བའི་དབང་ཡོངས་སུ་རྫོགས་པ་དང་དཔལ་མཁའ་འགྲོ་རྒྱ་མཚོའི་དབང་བསྐུར་བ་ཞུས། འདོལ་བྱུང་དུ་ཁོར་ཙམ་ཞིག་ཕྱིན། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་དཔལ་ལྡན་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས་ཀྱང་སྤྱན་དྲངས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་བདག་པོ་ཆེན་པོའི་མཐར་ཐུག་པ་དང༌། གསང་བདག་འཁོར་ལོ་ཆེན་པོ། དྲིལ་བུ་ལྷ་ལྔ་གཟུངས་གྲྭ་ལྔ། དྲིལ་བུ་ལུས་དཀྱིལ་ལ་སོགས་པའི་དབང་བསྐུར་མང་པཽ་ཞུས་ཤིང༌། དེ་མཚམས་རྒྱལ་རྩེར་ཞག་གསུམ་ཙམ་ཞིག་ཕྱིན། ཡར་ལམ་མར་ལམ་གཉིས་ཅར་ཏལ་སྙོགས་བྱས། བླ་མ་དམ་པ་དེ་ཉིད་ཀྱི་དྲུང་དུ་སླར་ཡང་ལཱུ་ཧི་པ་དང༌།
འཆི་མེད་རྔ་སྒྲའི་དབང་དེ་ཞུས། དེ་མཚམས་ཤངས་ནས་འཇག་པ་རྣམས་ཀྱིས་འབོད་མི་ནན་ཅན་བྱུང་བར་བརྟེན་ཤངས་སུ་ཕྱིན་དུས་གར་ཕྱིན་ཕྱིན་དུ་ཡུལ་མི་ཐམས་ཅད་ལ་ཚེ་དབང་དང་མ་ཎིའི་ལུང་ཙམ་གྱི་ཆོས་འབྲེལ་བྱས། རྣམ་རྒྱལ་གླིང་དུ་ཞག་གསུམ་ཙམ་བསྡད་གྲྭ་ཚང་ཆེན་མོར་མང་ཇའི་རྒྱུར་ཇ་སིགས་གཅིག་ཕུལ། གཞན་གནང་སྦྱིན་དགོས་ན་བླ་ཆེན་འབེར་མོ་ཚོ་ལ་ཞུས་ཤིག་བྱ་བཏང་ལ་རྒྱུ་ནོར་གྱི་རེ་མ་ཆེ། ཡར་ལམ་ཞོང་ཞོང་གི་གནས་མཇལ་ཙམ་བྱས་ཏེ། དེ་ནུབ་སྒྲུབ་གནས་ཆེན་པོ་འཇག་ཏུ་སླེབ། སང་ཉིན་གྲྭ་ཚང་ཆེན་མོའི་སློབ་དཔོན་པ་རིན་པོ་ཆེ་ཚུལ་ཁྲིམས་པ་སོགས་ཤངས་ཀྱི་དགོན་སོ་སོ་ནས་ཆོས་ཞུ་བ་མང་བར་སླེབ་པའི་གནངས་ཉིན་དེ་ཀ་ནས་ཤངས་ཆོས་རྒྱས་པའི་འགོ་བཙུགས་ཏེ། ཕྱིའི་ཆོས་གྲྭར་ཁྲིད་ཀྱི་ཆོས་ཐུན་གཉིས་གཉིས་མགོན་པོའི་བཀའ་རྣམས་མ་གཏོགས་གཞུང་བཀའ་ཉི་ཤུ་པོ་ཡང་ཆོས་གྲྭ་དེ་ཉིད་དུ་བགྱིས་ཤིང་ལུང་ཡང་ཕལ་ཆེ་བ་དེ་ཀར་སོང༌། ཆོས་ཀྱི་རྣམ་གྲངས་གཞན་ཐམས་ཅད་བླ་བྲང་དུ་བྱས་ཤིང་ནམ་ལངས་མ་ཐག་ནས་སྲོད་ཆིལ་གྱི་བར་དུ་ཆོས་ཀྱིས་འདའ་བར་བྱས། གནས་དེར་རིག་པ་དྭངས་པོ་ཉིན་མོའི་བྱ་བས་དུབ་པའི་རྣམ་པ་མེད་པའི་ནུབ་མོ་ཁ་འདོན་དགེ་སྦྱོར་ཤིན་ཏུ་སྨར་བ་དང་གཉིད་ཅུང་ཟད་རེ་བྱུང་བ་ལ་ཡང་རྨི་ལམ་ཡ་མཚན་ཅན་ཁོ་ནས་དུས་འདའ་བར་བྱུང༌། ཚོགས་པ་རྣམས་ལ་ཚེ་དབང་ཞིག་བྱས་པ་ལ་ཆེད་ཀྱིས་བརྡའ་བཏང་བ་སོགས་མེད་ཀྱང་མདའ་ནས་མི་ནག་པ་སྟོང་བུད་ཙམ་ཚོགས་མི་ཚོགས་ཆེ་ཞིང་དད་པའང་ཆེ་བར་འདུག་པས་བྱང་ཆུབ་ཀྱི་ས་བོན་ཐེབས་སུ་རེ་བའི་ཚེ་དབང་གི་སྔོན་དུ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པ་ཞིག་བྱས། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་ཡིན་ཐང་ཞལ་ཕྱེ་བའི་དུས་སུ་འཇའ་སྤྲིན་གྱི་བཀོད་པ་སྣ་ཚོགས་ལས་མེ་ཏོག་གི་ཆར་འབབ་པ་བྱུང༌། དེ་མཚམས་དགྲ་འདུལ་ནས་ཀྱང་འབོད་མི་ནན་ཅན་དང༌། བརྒྱ་ཚོ་ནས་ཀྱང་ཅོག་པོ་རྩེ་ཙམ་དུ་ཅིས་ཀྱང་ཡོད་དགོས་ཤིང༌། ཞལ་ངོ་རྣམས་ཀྱང་ཅོག་པོ་རྩེར་
ཕེབས་གསུང་བ་སོགས་བྱུང་ཀྱང༌། གདོང་དགའ་ནས་འཕྲལ་དུ་ཡོང་དགོས་པའི་འབོད་མི་ནན་ཆེས་པ་དང༌། དེ་སྐབས་གདོང་དགའ་བའི་གནས་གཤིས་ཀྱིས་འདོད་དང་མ་བསྟུན་ཀྱང་མ་བྱུང་བའི་སྟབས་ནས་དེ་ཚོར་འགྲོ་མ་ཐུབ་ཅིང་ཅོག་པོ་རྩེ་གྲུབ་ཆེན་ཁྱུང་པོའི་གནས་ཆེན་ཡིན་པ་ལ་མཇལ་ཡང་མ་ཐུབ། སྤྱིར་ཡང་ཡོན་བདག་གི་ངོས་འཛིན་འདི་བར་ཆད་ཤིན་ཏུ་ཆེ་བར་ཡོང་གིན་གདའོ། ཁོང་ལམ་དུ་ཞག་གཉིས་བསྡད་ཤིན་ཏུ་འཚུབ་པ་རང་ཞིག་བྱུང་བ་ཁོང་ཚོའི་ནད་སོ་གྲག་ཤོས་དེ་ལོ་འདས། གཡང་གི་ཆོས་སྡེར་སྡེ་པ་ཆོས་རྗེའི་སྲས་པོ་སྐུ་འབྲིང་བ་སྨོ་སྨོ་དྲུང་དང་བཅས་པས་སྣ་ལེན་བཟང་པོ་དཔེ་མེད་མཛད་ཅིང༌། ཆོས་ཐན་ཐུན་འདྲ་ཕུལ། དེ་ནས་ཨོ་རྒྱན་རྫོང་དུ་དཔོན་སའི་དྲུང་གི་ དགོངས་བཞེད་བཞིན་སྨར་ཁྲིད་ཀྱི་སྙིང་པོ་བསྡུས་པ ་ཞིག་དང་ཚེ་དབང་སོགས་ཕུལ་ཏེ། ར་ས་བརྒྱུད་ནས་གདོང་དགར་སླེབ། ཞག་བཅུ་གསུམ་ཙམ་བསྡད་པའི་རིང་ལ་ཀྱཻ་རྡོར་གྱི་དབང་སོགས་དབང་དང་དམར་པོ་སྐོར་གསུམ་ལ་སོགས་པ་རྗེས་གནང་ཟུར་བཀའ་མང་པོ་དང༌། ཡུལ་གང་དུའང་མི་བཅུ་པ་ཡར་ཀླུངས་སུ་བཅུའི་རྣམ་པས་ཚེ་དབང་སྟོང་རྩ་རང་བྱེད་དགོས་བྱུང༌། རི་ཁྲོད་ཆེན་པོ་ཇོ་ནང་དུ་སླེབ་འཕྲལ་ནས་དུས་ཁྲིད་སྔར་ཁྱུད་ཀྱི་ཕྱག་ལེན་ལྟར་བཙུགས། དེ་ལའང་དུས་ཁྲིད་འཛུགས་འཕྱིས་པས་ཁྲིད་གསར་བ་ཧ་ཅང་མང་བ་རང་ནི་མ་བྱུང༌། སྒྲུབ་སྟེ་རང་ལ་ཁྲིད་ཤིན་ཏུ་སྨིན་པ་བར་དུ་དགེ་བའི་ཁྲིད་ཡན་ཆད་རྫོགས་པར་བྱས་ཤིང་ངེས་དོན་རྒྱ་མཚོ་བཤད། ཀུན་དགའ་དཔལ་བཟང་ཡང་འདི་སྐབས་ཟླ་བོ་ལ་སླེབ་པ་ཡིན། སྐབས་དེར་འཚེར་དུ་མཇལ་བར་ཁོར་ཙམ་ཕྱིན། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་ཟུར་བཀའ་ཞིག་ཞུས་པས་རྡོ་རྗེ་འཕྲེང་བའི་དེ་ཀ་བྱུང༌། སླར་ཇོ་ནང་དུ་ཆོས་ལུང་བྱང་རྩེའི་སྒྲུབ་སྡེ་པ་རྣམས་ཆོས་ཞུ་བར་བྱུང་བ་ཉེར་མཁོའི་ཀྱཻ་རྡོ་རྗེ། མི་འཁྲུགས་པ། བདེ་མཆོག་ནག་པོ་པ་བདེ་མཆོག་ལྷ་ལྔ། འཇིགས་བྱེད་རྣམས་ཀྱི་
དབང་དང་རྣལ་འབྱོར་མའི་བྱིན་རླབས་སོགས་བྱས་སོ། །འདིར་སྨས་པ། ཐ་སྙད་ངན་གཡོའི་ཟློས་གར་དེ་ཡིས་ཅི། །ངེས་དོན་སྦྲང་རྩི་འཐུང་བ་འདི་ཉིད་མཆོག །དུས་ནི་མི་བརྟན་ལང་ཚོ་ཡོལ་པ་དང༌། མི་རྟག་དོན་སེམས་ཡང་དག་དོན་ལ་གཞོལ། དེ་མཚམས་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་རྩ་བའི་བླ་མ་དམ་པ་མཇལ་བར་འདོད་པས་བཤུལ་ལམ་དུ་ཞུགས་ཏེ་བདེ་ཆེན་གདོང་དགའ་སོགས་བརྒྱུད་ནས་བདེ་སྐྱིད་གླིང་དུ་སླེབ། ཉི་ཤར་དུ་སྡེ་པ་བརྟན་པ་ལགས་ཡུམ་སྲས་གཉིས་ཅར་སྨན་པས་དཔྱད་ཕུལ་བ་མ་འཕྲོད་པའི་སྟབས་གཅིག་ཏུ་གཤེགས་པ་ནས། སྡེ་པ་རྗེ་དྲུང་ཀུན་དགའ་བསོད་ནམས་དྲུང་གིས་ངེད་ལ་ཡོང་དགོས་ཚུལ་ནན་ཆགས་གནང་བ་ལ་མི་ཡོང་བར་ཐག་ཆོད་ཞུས་ནའང༌། སླར་ཡང་ནན་ཆགས་ཡོད་སྐབས་རྗེ་དྲུང་ལ་མངའ་ཞབས་དང༌། ཆོས་སྡེ་ཡུལ་ལོག་བྱས། བྲག་སྟོད་ནས་བླ་མ་རིན་པོ་ཆེས། ཡུམ་སྲས་སྐུ་གཤེགས་ པ་གཉིས་ཀྱི་སྤུར་བཞུ་བྱང་བཞུ་ནང་སྐབས་ཀྱི་ཞབས་ཏོག་དང་དགོངས ་རྫོགས་དང་ཡོན་སོགས་ཀྱང་ཉི་ཤར་སློབ་དཔོན་བ་དང༌། མི་སྣ་འདུས་པས་བྱེད་པ་ལས། རྗེ་དྲུང་རང་ལ་རང་དབང་ཐོབ་པ་གཅིག་ཀྱང་མེད་པར་མ་ཟད་དམ་འཇུར་ཆེ་བར་བྱས་འདུག བླ་མ་དམ་པའི་ཕྱག་དམ་ན་ཤེལ་དཀར་ཕྱོགས་ལ་སོང་ན་ལེགས་པ་འདུག་ཅིང་བྲག་སྟོད་དུ་རྩེ་འཛོམ་ཙམ་གནང་ཕེབས་པ་ལྟར་ཕར་ལམ་ཆུ་ཚན་ཁར་ཞུགས་གསུམ་ཙམ་ཆུ་ཚན་ཅུང་ཟད་བསྟེན་པས་དེ་སྐབས་ཀྱི་དེ་མགོ་སྲིན་དང་ཆུ་སེར་ལ་ཕན་པར་བྱུང༌། ཤེལ་དཀར་དུ་སླེབ་དུས་དེར་རྫོང་གཞིས་དང་ཆོས་སྡེ་སོགས་ཕལ་ཆེར་གོགས་ཤིང་དེངས་པའི་རྣམ་པ་ཅན་དུ་འདུག་པ་མཐོང་བའི་རྐྱེན་གྱིས་སྐྱོ་ཤས་དྲག་ཏུ་སྐྱེ་བ་བྱུང༌། རྩིབས་རི་རྒོད་ཚང་མཇལ་རྗེ་རྒོད་ཀྱི་ཞེ་བཅད་དང་སྒྲུབ་ཚུགས་ཀྱི་རྣམ་ཐར་ལ་འཇུག་པར་སྨོན་ལམ་སྙིང་ཐག་པ་ནས་བཏབ། དེར་བཞུགས་
ཀྱི་དཔོན་སློབ་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་ཆོས་འབྲེལ་དུ་བྱས། བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ་དཔལ་ལྡན་བླ་མ་དམ་པའི་ཞབས་དྲུང་དུ་འབྱོར། དཔོན་སློབ་རྣམས་ཀྱང་དེ་ཀའི་ཁར་ཉིན་ཀ་ཕེབས་པ་ཡིན། སྐུ་མཐོང་བའི་མོད་ལ་སྔར་དང་མི་འདྲ་བའི་རིག་པ་རྗེན་གྱིས་སོང༌། མཚན་ཟངས་ཀྱི་ཕྱིའི་སྣང་བ་བན་བུན་ཙམ་ལ་རིག་པ་ཡེར་གྱིས་ཐོན་པ་བདེ་སྡུག་ལས་འདས་པ་ཞིག་བྱུང༌། སྐབས་འདིར་རྡོ་རྗེའི་གནས་པ་དང་པོའི་འཆར་སྒོ་སྦྱོར་རྒྱུ་ཡིན། འདི་སྐབས་བླ་མ་དམ་པའི་ཞབས་དྲུང་དུ་འཁྲིད་ཚུལ་མན་ངག་སྒྲུབ་ཐབས་སོགས་རྣམ་གྲངས་མང་བ་ཞིག་དོན་གཉེར་གྱིས་ཞུས་ཤིང་གནང༌། གསར་དུ་བསྒྱུར་བའི་དབང་བྱིན་རླབས་རྣམས་དགོས་ཕེབས་པ་ལྟར་ཕུལ། བཀའ་སྩལ་སྤྱི་བོར་ནོད་དེ་སྒྲུབ་སྡེ་རྣམས་ལ་རྩ་དབུ་མའི་ཁྲིད་བྱིན་རླབས་ངོ་སྤྲོད་དང་བཅས་པ་དང༌། ནག་པོ་པའི་བསྐྱེད་རྫོགས་གྱི་ཁྲིད་རྣམས་ཞིབ་པར་བཤད། དེ་མཚམས་སྤ་ལུང་དུ་ཕྱིན་ཞག་གཉིས་ཙམ་བསྡད། སྤ་ལུང་ཆོས་རྗེ་ངག་དབང་པ་དང་ལྷན་དུ་ལུས་ཀྱི་ཕུའི་ལ་ལ་ཐོན་ནས་གླང་སྐོར་དུ་སྐུ་གདུང་དཀར་རུ་དང་དམ་པའི་སྐུ་འདྲ་མཚལ་ཞལ་མ། ཀོ་བྲག་པའི་སྐུ་འདྲ་ཕྱག་གནས་མ་སོགས་རྟེན་མཇལ་ཐམས་ཅད་ཞིབ་པར་བགྱིས། རྟེན་རྣམས་ལ་དཀར་མེ་སྙན་དར་སོགས་མཆོད་པ་བཟང་རབ་ཕུལ་ཞིང༌། སྐུ་གདུང་དཀར་རུ་ལ་མཐོང་སྣང་མང་དུ་བྱུང༌། དེ་ནུབ་རྨི་ལམ་དུ་གྲུབ་ཐོབ་བཅུ་དྲུག་དང་མཁས་མཆོག་བཅུ་དྲུག་གི་སྐུའི་སྣང་བ་དང་བྱིན་གྱིས་བརླབས་པའི་ལྟས་བྱུང་ནས་གསོལ་འདེབས་ཀྱང་བརྩམས། འདི་བྱིན་རླབས་སྣ་བསྡུས་འཇུག་ཚུལ་གཅིག་ཡིན་པ་འདུག རྗེ་བཙུན་དམ་པ་སངས་རྒྱས་རང་གིས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་སོགས་མང་པོ་རང་ཅིག་མཇལ་འདུག་པ་དེའི་རྟེན་འབྲེལ་ཅིག་ཡིན་པ་འདྲའོ། །
ཞིང་རིངས་སུ་ཕྱིན་ཡུལ་པ་དེ་ལ་གདོན་གྱི་བར་ཆད་ཀྱི་འཚུབ་ཆེན་པོ་འདུག རིག་པ་འུར་ནས་ཁྲོམ་མི་ཐམས་ཅད་བརྡུངས་གཤིས་ངན་པའི་གྲགས་པས་ཁྱབ། འོན་ཀྱང་ཡུལ་པ་དེ་ཚོ་རང་གི་ཆགས་སྒོ་སངས་པར་མངོན། ས་སྐྱ་ཡུལ་ཆུང་སྤེ་ལེབ་ར་ཆུ་རྣམས་སུ་སོ་སོའི་འདོད་པ་ལྟར་ཡིག་དྲུག་དང་ཚེ་དབང་གཙོ་བོར་གྱུར་པའི་ཆོས་འབྲེལ་ཐོགས་པར་བྱས། སླར་ཡང་སྤ་ལུང་དུ་བདེ་མཆོག་གི་དབང་དང༌། ནཻ་གུའི་དམིགས་འདོམས་དང༌། རྗེས་གནང་འགའ་ཤས་དང་ཁྲོམ་དབང་ཞིག་ཀྱང་བྱས། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བྲག་སྟོད་དུ་སླེབ། སྤྲུལ་སྐུ་སྨན་ཐང་པས་ངམ་རིང་དུ་སྙན་འབུལ་ལ་བརྟེན་ཏེ་དཔོན་ས་མངའ་བདག་དྲུང་ནས་བཀའ་ཐོ་ནན་ཅན་ཆོས་ལུང་གི་མི་སྣ་དང་བཅས་པ་འབོད་མིར་འབྱོར། ཟླ་བ་འདིའི་ནང་དུ་དྲུང་ཆེན་གྲགས་པ་ལ་དུས་འཁོར་གྱི་དབང་ཞིག་བྱས་པ་སྒྲུབ་སྡེ་པ་ཐམས་ཅད་ཀྱིས་ཀྱང་གསན། བླ་མ་དམ་པས་དགྱེས་པ་རྡོ་རྗེ་ལ་བརྟེན་ནས་དམ་རྫས་སྒྲུབ་པའི་ཕྱག་གཡོག་དེ་བགྱིས་ཤིང༌། འདི་སྐབས་ཀྱང་དྲི་བཟང་ཐག་རིང་དུ་ཚོར་བ་དང་རྫས་ལ་སྒྲ་དང་བཅས་ཏེ་ཁོལ་བ་ལྟར་གྱུར་པ་ལ་དངོས་སུ་བདུད་རྩི་བབས་པའི་རྣམ་པ་ཡ་མཚན་ཅན་བྱུང༌། རྗེས་གནང་བྱིན་རླབས་འདྲ་ཞུ་ཡིན་ཡོད་པའི་སྐབས་སུ། བླ་མ་དམ་པའི་ཞལ་ནས། ད་དུང་སེམས་ཁྲིད་ལ་བསྐྱར་མ་ཞིག་བྱས་ན་མི་ལེགས་སམ་ཕེབས་བྱུང་བས་དེ་མ་ཐག་བློ་དང་སྣང་བ་འགྱུར་ནས་ལུས་ཉམས་རྐྱེན་གང་གིས་ཀྱང་མི་ནོན་པ་འདྲ་བ་དང༌། སེམས་ལ་ངོས་གཟུང་མེད་པ་མཆི་མ་རང་དབང་མེད་པར་འབྱུང་ཞིང༌། རྒོད་པ་ལ་སོགས་པའི་ངག་ཉམས་སྣ་ཚོགས་ཤར། དེ་ནུབ་ཉིད་ཀྱང་མེད་ཅིང་གནམ་ས་གང་ཡིན་ཡང་བཏང་མེད་དུ་སོང༌། ངམ་རིང་ལ་འགྲོ་བའི་བློ་ཡང་བཟློགདེ་མཚམས་རང་བསམ་སྡིངས་ནས་སློབ་དཔོན་རིན་པོ་ཆེའི་ཕྱག་དམ་གནང་བའི་
ནང་ན་ཡང་ཐུགས་དམ་ལྷས་དང་དེ་མིན་ཡང་བསླབ་སྟོན་ཞིབ་རྒྱས་བཅས་འབྱོར་པའང་རང་གི་བློ་དེ་དང་མཐུན་པར་བྱུང༌། མཚམས་མུ་ནས་དགེ་སྦྱོར་ལ་རྩོལ་བ་གང་ཆེ་བཅུགཁྲིད་ཚུལ་གང་དེ་བ་དེ་མ་ཡིན་པར་ཚིག་སྤྱི་དང་ཡིག་སྤྱི་ལ་མ་བལྟོས་པའི་དོན་བརྒྱུད་འཇུག་ཚུགས་སུ་སྟོན་པས་གང་ལ་གང་འདུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་པ་དེ་ཉིད་མངོན་སུམ་དུ་སྟོན་པར་མཛད་དེ། རེས་འགའ་ཉི་མ་གཅིག་ལ་ཡང་རིམ་པ་ན་འཕར་བའི་སྒོམ་ཁ་ལྟ་ཕྱོགས་བཅུ་བཅུ་ཙམ་སྤྲོ་བ་དང་རེས་འགའ་ཞག་བདུན་བརྒྱད་དུ་ཡང་གཅིག་ལ་འཇོག་པ་སོགས་མངོན་སུམ་ལམ་བྱེད་ཀྱི་བཀའ་དྲིན་སྩལ། འདི་སྐབས་ཟབ་མོའི་གནད་ཀྱི་གོ་བ་སྔར་མ་རྟོགས་པ་མང་པོ་འདི་ཅུག་ཡིན་པ་འདྲ་འདི་ལྟར་ཡིན་པ་འདུག་སྙམ་པ་ཆུ་དྲག་ཏུ་ཁོལ་བའི་ལྦུ་བ་ལྟ་བུར་ཤར། ལྟ་བ་དང་གྲུབ་མཐའ་ཐ་དད་དང་བརྗོད་ཚུལ་སྣ་ཚོགས་པ་དག་ལ་ཞེན་པ་ཞིག་ཅིང་འགལ་འདུས་སྐྱོན་མེད་ཀྱི་རྣམ་པར་གོ །དེ་སྔོན་དང་མི་འདྲ་བའི་ཡིད་ཆེས་ཀྱི་གདེང་ཡ་མཚན་ཅན་བརྗོད་མི་ཤེས་པ་ཞིག་བྱུང༌། འདིར་རྡོ་རྗེའི་གནས་པ་གཉིས་པ་སྦྱར་རོ། །བླ་མའི་ཞལ་ནས་ལས་རླུང་དུ་སྣང་བའི་འཁྲུལ་བ་མ་འགགས་ན་འགྱུར་མེད་ཀྱི་གནས་ལ་རེག་པ་མེད་པའི་ངེས་ཚིག་ཟབ་མོ་བསྩལ་པ་ལྟར། ཆོས་ཀྱི་དབྱིངས་ཟབ་མོ་རྟོགས་པ་ཡང་ཐབས་ཀྱིས་རྟོགས་པའོ་ཞེས་ངེས་པ་བརྙེད། དེ་ཁོ་ན་ཉིད་མཆོག་ཐོབ་ནས་ཉིན་མཚན་ཆད་པ་མེད་པ་རླུང་ཤི་མེད་གོ་མེད་དུ་བཀག་ཅིང༌། ཕྱག་རྒྱ་ཆེན་པོའི་དབྱིངས་ལ་མཉམ་པར་བཞག་པ་ན། རང་བཞིན་ནམ་མཁའ་ལྟར་འགྱུར་བ་མེད་པ་ལ་ཡེ་ཤེས་ཟླ་བ་ཡར་ངོ་བཞིན་འཆར་བར་སྣང་ངོ༌། །འདིར་རྡོ་རྗེའི་གནས་པ་གསུམ་སྦྱར་རོ། །བར་དེར་གེགས་ཀྱི་རྣམ་པ་རིགས་མི་གཅིག་པ་ལྔ་ཙམ་བྱུང་བ་དོན་དུ་ནི་གེགས་མ་ཡིན་ཏེ། དམིགས་པའི་སྒྱུར་ཀ་བསྩལ་གདམས་པ་གནང་བ་ལྟར་བསྒོམས་
པས་དེ་ཉིད་ཡོན་ཏན་དུ་གྱུར་ཏོ། །འདིར་རྡོ་རྗེའི་གནས་པ་བཞི་པ་སྦྱར་རོ། །མཁའ་འགྲོ་རྒྱ་མཚོའི་དབང་གོང་མ་དང༌། དགྱེས་པ་རྡོ་རྗེ་རྔོག་ལུགས་ཀྱི་དབང་བསྐུར་བ་བསྩལ་བས་དབང་པ་རེ་རེ་ལས་ཡེ་ཤེས་འབར་བ་རེ་རེ་བྱུང་ཞིང༌། ཁྱད་པར་ཧེ་བཛྲ་དབང་གི་ནུབ་འོད་གསལ་དང་རྨི་ལམ་འདྲེས་པའི་སྣང་བ་ངོ་མཚར་ཅན་མང་དུ་བྱུང་ངོ༌། །འདིར་རྡོ་རྗེའི་གནས་པ་ལྔ་པ་སྦྱར་རོ། །དེ་ནས་སྟོན་དུས་ངམ་རིང་ནུས་འབོད་མི་གཟི་འབར་བ་གནང་བྱུང་ཞིང༌། དཔལ་ལྡན་བླ་མ་དམ་པའི་བཀའ་ལུང་གི་ཁུར་ཡང་བླངས་ཏེ་སྐུ་གཞོགས་ནས་ཕྱིར་འོངས་སྐབས། གདན་བཞུགས་ཕུལ་བའི་ཐོག་ཏུ་ཚོགས་ཀྱི་འཁོར་ལོ་བཀའ་དྲིན་རྗེས་དྲན་གྱི་ཡོན་དབུལ་བ་མཚོན་བྱེད་དང་བཅས་ཞབས་པད་བརྟན་པར་གསོལ་བ་བཏབ། དེ་ནས་རྒྱན་བུ་ཤེལ་དཀར་དང་བདེ་གླིང་སོགས་སུའང་ཕྱིན། འདར་གྱི་ལྕང་གསེབ་དེར་ཆོས་རྗེ་བསོད་ནམས་ཆོས་འཕེལ་བ་དང་འདར་བའི་ཞལ་ངོ་རྣམས་ཀྱིས་རྒྱས་པ་སྤྲོས་པ་མཛད། མཐར་གྱིས་ངམ་རིང་དུ་འབྱོར། འདི་སྐབས་ཞག་ཉི་ཤུ་རྩ་གསུམ་ཙམ་བསྡད་ཅིང༌། ཞལ་ངོ་རྣམས་སུ་སྒྲོལ་དཀར་གྱི་རྗེས་གནང༌། ཚེ་དབང་གྲུབ་རྒྱལ་མ་བརྒྱ་ཚར་དང༌། ལྷ་དགུ་མ་བརྒྱ་ཚར། རྟ་མགྲིན་གྱི་རྗེས་གནང་དང༌། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དབང་བསྐུར་བ་རྣམས་བྱས། འདི་བྱང་དུ་ཆོས་འབྲེལ་ཐོག་མ་རང་ཡིན། བཞི་སྡེའི་དབུས་མཛད་པ་དང༌། རི་བོ་ཆེ་བའི་རྗེ་དྲུང་བརྟན་པ་སོགས་འགའ་ཤས་ལ་ནཻ་གུའི་དབང་ཁྲིད་ཆ་ཚང་ཙམ་དང༌། གཞན་ཡང་སོ་སོའི་འདོད་ཆོས་ཐན་ཐུན་ཞུ་མི་མང་རབ་བྱུང༌། འདི་སྐབས་ཕ་རཏྣ་བྷ་དྲའི་ཐུགས་སྲས་གཅིག་པུ་པ་རྗེ་འགྱུར་མེད་དང་ཡང་མཇལ། ཆོས་ཀྱི་གསུང་སླེང་འཕེལ་ཞིང་དྲི་བ་ཆེ་ཆུང་སྣ་ཚོགས་ཕེབས་ཀྱི་འདུག་པ་ལ་བློ་ཚོད་ཀྱི་ལན་རེ་ཕུལ། རྗེ་འདི་པ་ལ་དེ་གོང་སྡོམ་ཆེན་གྱི་དབང་སོགས་ཆོས་
ཞུ་འདོད་ཡོད་པ་ནི་སྐབས་དེར་སངས་སོང༌། སླར་ཡང་འདི་སྐབས་ཆོས་ལུང་བྱང་རྩེའི་ཆོས་ཕྱོགས་ཀྱི་ཁུར་འཁུར་དགོས་རྣམས་བྱེད་དགོས་ཚུལ་ཕེབས་པས། གཙང་གཞུང་གི་ལམ་བརྒྱུད་ཆོས་ལུང་བྱུང་རྩེར་སླེབ་འཕྲལ་ནས་ཁོང་ཚོའི་མོས་བཞེད་མཐར་ཐུག་ཏུ་འདུག་པས་སྒྲུབ་སྡེ་གང་ཡོད་ཀྱི་སྟེང་དུ་དོན་གཉེར་ཅི་རིགས་པས་བརྒྱན་ཏེ་གྲངས་བརྒྱད་ཅུ་ཙམ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་མདོར་བསྡུས་པ་ཙམ་ཞིག་བཤད། འདི་སྐབས་ཁྲིད་རང་གི་ངོ་བོ་ཤིན་ཏུ་སྨིན་པར་སོང་ཞིང༌། ལུང་པོད་ནག་མ་ཡོངས་སུ་རྫོགས་པ་ཞིག་ལས་གཞན་མ་སོང༌། ཆོས་ལུང་རང་གི་ཉེར་མཁོ་ལ་སྒོས་ཀྱིན་ཡོད་པ་ལྟར་བདེ་མཆོག་ལྷ་ལྔའི་དབང་དང༌། དུར་ཁྲོད་བདག་པོའི་རྗེས་གནང་རྣམས་བྱས། དོན་གཉེར་འདྲ་ལ་འཇིགས་བྱེད་ཞེ་དགུ་མའི་དབང་བསྐུར་ཞིག་བགྱིས། སྨན་ཐང་བ་རང་གི་བཞེད་ཀྱི་མཐར་ཐུག་དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་རྣམས་ཀྱི་བྱིན་རླབས་དང་ཁྲིད་ཚུལ་གཞུང་དྲུག་གི་ལུང་སོགས་ཆ་ཚང་བར་བགྱིས། རིག་པ་འཛིན་མ་རྩེན་མའི་ཆོས་སྐོར་ཟབ་དོན་བཤད་སྐབས། རྒྱུ་རྐྱེན་གང་ཡང་མེད་པར་སིནྡྷུ་རའི་དཀྱིལ་འཁོར་དང་ནང་མཆོད་ཀ་ལི་མཆོད་སྟེགས་ནས་འཕར་ནས་ས་ལ་ལྷུང་དཀྱིལ་འཁོར་ལ་སྐྱོན་ནི་མ་བྱུང་མོད་ཅུང་ཟད་གཉན་ཆར་མངོན་པ་བྱུང་སྨན་ཐང་པ་རང་ཡང་རྟོག་པ་ཟོས། རང་དང་ལྷན་ཅིག་གནས་པ་གྲགས་བཟང་སོགས་ལ་མ་ཧཱ་མཱ་ཡའི་བསྐྱེད་རྫོགས་ཀྱི་རྣམ་བཤད་ངག་ནས་སྤར་ཞིང༌། མཱ་ཡ་ཉིད་ཀྱི་རྒྱ་གཞུང་འགྲེལ་པ་དང་བཅས་པ་རྣམས་ཀྱི་བཤད་པ་ཞིབ་མོར་བྱས། སྒྲུབ་སྡེ་ལ་ཆོས་ཁྲིམས་སོགས་ཀྱིས་དོ་དམ་བྱེད་གྱུའི་ཁུངས་ཙམ་བྱས། དེ་སྐབས་ཀུན་ཇོ་ནང་ནས་རྗེ་དྲུང་རིན་པོ་ཆེའི་ཉེ་གནས་རྗེ་དྲུང་ཉིད་ལྟོགས་རིར་གཏོང་མཁན་ཀུན་བློ་བ་ཟེར་བའི་རྒོད་བྲོ་བ་ཁོ་པས་དཔོན་ས་མངའ་བདག་
དྲུང་ལྟག་ཁུར་གྱིས་བར་སྐབས་དེར་སྒྲིགས་གཤིག་པའི་རྩིང་སྤྱོད་རང་བྱེད་པ་ཞིག་བྱུང༌། འདི་སྐབས་རྨི་ལམ་དུ་མཁན་པོ་བཀའ་དྲིན་ཅན་སྟག་ལུང་རིན་པོ་ཆེ་དེ། བུད་མེད་རྟ་བ་གཉིས་ཀྱིས་ལམ་སྣ་བྱས་ཙ་རི་ལ་ཕེབས་རྒྱུ་ཡིན་གསུང་པ་ལྟར་ལས་ཆིབས་རྒྱུགས་མཛད་ཕེབས་སོང་བ་ལ་སྟག་ལུང་བས་ཕེབས་བསྐྱིལ་ར་མདའ་འདྲ་རྗེས་ལ་ཡོང་གྱུ་བ་དང༌། ངས་མགྱོགས་པར་རྒྱུགས་པས་ཞབས་རྗེས་ཟིན་ཆིབས་བཤོལ་ནས་བཞུགས་གདན་ལ་བཞུགས་སུ་བཅུག་པས། འོ་ན་ད་རེས་ཐོན་ཙམ་བྱེད་པ་ལགས། ལར་སྟག་ལུང་པ་འདི་ཀུན་ལ་སྐྱོ་བ་སྐྱེས། ཁྱོད་ཀྱིས་སྟག་ལུང་པ་ལ་ཕན་འདོགས་བྱུང་ན་གྱིས་གསུང་བ་ཞིག་གསལ་པོ་རྨི་བ་ལས། དེ་འཕྲལ་བརྟན་བཞུགས་འབུལ་མཁན་བརྫངས་པས་ཁོང་ཚོས་སླེབ་གོང་སྐུ་ཤིན་ཏུ་དུབ་པ་རང་ལ་བརྟན་བཞུགས་ཕུལ་འཕྲལ་རང་སྐུ་ཁམས་ཡར་སོ་ནས་ཞག་བཅུ་སྐོར་ལ་སངས་དྭངས་སུ་བྱུང་བར་གདའོ། །དེ་རྗེས་ཇོ་ནང་དུ་དེ་ལོའི་ཁྲིད་དུས་རན་དུ་ཚུགས་ཁྲིད་གསར་པ་ཡང་མང་རབ་བྱུང༌། སྦྱོར་དྲུག་གི་རྒྱ་གཞུང་རྣམས་དང་ཆོས་རྗེ་ཡབ་སྲས་བཅུ་བཞིའི་རྣམ་ཐར་སོགས་ཀྱི་ལུང་བཀླགས། ཚོགས་ཆོས་མ་གཏོགས་ཟུར་ཆོས་བཞིན་གྱི་བྲེལ་བ་མེད་པར་སེམས་ཀྱི་ལྟ་ཕྱོགས་ཀྱང་སྨར་བར་བྱུང༌། བོགས་འབྱེད་སྤོགས་པའི་ཆོ་ག་བླ་མའི་ཞལ་ལུང་ནས་འབྱུང་བ་འགའ་ཞིག་ཉམས་སུ་བླངས་པས་བདེ་གསལ་མི་རྟོག་པའི་ཉམས་ཀྱི་རྩལ་གོང་ནས་གོང་དུ་ན་འཕར་ཞིང་རང་བཞིན་མི་འགྱུར་བ་ལ་ཅུང་ཟད་གདང་ཤར་རོ། །འདིར་རྡོ་རྗེའི་གནས་པ་དྲུག་པ་སྦྱར་རོ། ཁྲིད་གཏོར་གྱི་ཚེ་མི་མང་པོའི་འདུ་ལོང་ཟང་ཟིང་སྣ་ཚོགས་ཡོད་པ་རྣམས་རང་སེམས་སྣང་སྟོང་གི་རང་ངོ་ཙམ་དུ་ཤར། དེ་ལ་བརྟེན་དེ་ཡིད་ཆེས་ཀྱིས་དྲངས་པའི་དགའ་བདེ་ཞག་བདུན་ཙམ་རྒྱུན་མི་འཆད་པར་བྱུང་ཞིང༌། དེ་ནས་བགས་ཀྱིས་དབྱིངས་སུ་
ཞི་ནས་བཏང་སྙོམས་ཆེན་པོ་ཞིག་གི་ངང་དུ་གྱུར་ཏོ། །ཆོས་ལུང་དུ་སླེབ་ཙམ་ནས་རྒྱལ་མཁར་རྩེ་དང་གཏིང་སྐྱེས་ནས་འབོད་མི་ཅར་སྡོད་ཡོད་པ་དང༌། ཁྱད་པར་རྗེ་བཙུན་བླ་མ་དམ་པའང་གཏིང་སྐྱེས་སུ་ཕེབས་འདུག་པས་ཧོར་ཟླ་བཅུ་གཉིས་པའི་ཉི་ཤུ་སྐོར་ལ་རིམ་པས་ཡར་ཆས་ཏེ་ལྷ་རྩེ་རྫོང་དུ་འཚོམ་ཆེན་གྱི་ལོགས་བྲིས་ལ་རབ་གནས་ཞིག་བྱས། འདི་སྐབས་རི་མོའི་ཞིབ་ཆ་རྣམས་ནི་མ་གྲུབ་འདུག དེ་ནས་ཀྱང་ལམ་འགོར་ཆེ་སེ་བ་ལ་གཏིར་སྐྱེས་སུ་སླེབ། དགོན་གསུམ་གྱི་དགེ་འདུན་རྣམས་ལམ་འབྲས་ཤིག་དགོས་པའི་ནན་ཆགས་རང་བྱུང་བ་བཞིན་དེའི་གནངས་ཉིན་རང་ནས་ཆོས་ཀྱི་འགོ་བཙུགས་ཤིང༌། ཁྲིད་སྨིན་རྒྱས་དང་ལུང་གི་སྐོར་ནི་བླ་མ་བརྒྱུད་པའི་རྣམ་ཐར་ཆ་ཚང་ཞིག་དང་ལམ་འབྲས་ཡིག་སྣ་དྲུག་ཅུ་པོ་རྫོགས་པར་བཀླགས། དེ་མིན་ལུང་གི་སྤྲོས་པ་སྤངས་གོ་དོན་བཤད་པ་རྣམས་ཀྱང་མཐའ་ཆོད་པར་བྱས། ཁྲིད་ཞུ་བ་ལ་ཞལ་ངོ་རྣམས་མ་གཏོགས་དགེ་འདུན་ཤ་སྟག་ཡིན་ཞིང་སུམ་བརྒྱ་སྐོར་ཡོར། རྒྱུ་དབང་ལ་དབང་ཆ་བཅུ་བདུན་ཙམ་བྱུང༌། སྡེ་པའི་ དགོངས་བཞེད་ལྟར་རྒྱུད་སྡེ་ལྔའི་དབང་བྱས་པ ་ལ་དབང་མི་ལྔ་བཅུ་ལྷག་ཙམ་བྱུང༌། ཞང་གི་རིགས་ཀྱི་སྔགས་པ་བཅོ་ལྔ་ཙམ་དང་སྡེ་པ་ཡབ་སྲས་དོན་གཉེར་གཞན་འགའ་ཞིག་དང་བཅས་པ་དབང་ཆ་གཅིག་ལ་གཤིན་རྗེ་གཤེད་དགྲ་ནག་ཞང་ལུགས་ཀྱི་དབང་བཞི་དྲག་པོའི་རྗེས་གནང་རྒྱས་བསྡུས་གཉིས་ཅར་དང་བཅས་པ་རྫོགས་པར་བྱས། སྔགས་པ་ཁ་ཅིག་ལ་དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྗེས་གནང་ཡང་བགྱིས་སོ། །མཆོག་གི་བླ་མ་དམ་པ་ལ་ཉམས་དང་མྱོང་བ། གང་ཡོད་ཤིན་ཏུ་ཞིབ་མོར་སྙན་དུ་ཕུལ། མདོ་རྒྱུད་མན་ངག་རྒྱ་མཚོའི་གནད་འདུས་པའི་ཞལ་གྱི་གདམས་པ་ཕེབས་པས་ཚིག་རེ་རེས་ཀྱང་མདུད་པ་མང་དུ་ཁྲོལ་ཡངས་ཏྀང་གི་སོང༌། ཁྱད་པར་རང་ཉིད་ཀྱི་བློའི་འཆར་
ཚུལ་ལས་བརྩམས་ཏེ། གནས་ལུགས་ཀྱི་ཡེ་ཤེས་གཅེར་མཐོང་འཛུག་ཚུགས་སུ་ངོ་སྤྲོད་གནང་བས་མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཐམས་ཅད་ཀྱི་དོན་གྱི་བརྒྱུད་པ་ཐོབ། འདི་ཙམ་ནས་གཟུང་མཁས་འདོད་དབྱིངས་སུ་ཡལ། སྒྲ་སོགས་ཕྱི་རོལ་གྱི་རིག་གནས་ཐམས་ཅད་བྱིས་པའི་རྩེད་མོ་ལྟ་བུར་གོ །ཐར་ལམ་སྟོན་པའི་མདོ་སྔགས་ཀྱི་ཆོས་ཆེན་པོ་རྣམས་ལ་སྔར་ལས་ཆེས་ལྷག་པའི་མོས་གུས་སྐྱེས་ནའང་ཐོས་བསམ་གྱི་སྲེད་པ་དང་བྲེལ་བ་ཞིག་བྱུང༌། དེ་ལྟར་གང་དང་ཡང་མཉམ་པ་མེད་པའི་བཀའ་དྲིན་སྩལ་ཏེ་གཅིག་ཆོག་རྒྱལ་པོ་རྩ་བའི་བླ་མ་ཞེས་བསམ་པ་ཐག་པ་ནས་དང་བ་དང་འདུན་པ་དང་ཡིད་ཆེས་པའི་བདག་ཉིད་དུ་གྱུར་ཏེ། འདིར་རྡོ་རྗེའི་གནས་པ་བདུན་པ་སྦྱར་རོ། །བླ་མས་ཀུན་རྫོབ་དང་དོན་དམ་པའི་མངོན་པར་དབང་བསྐུར་བས་དབང་བསྐུར་ཏེ་སྐབས་འདིར་ཞལ་གྱི་གདམས་པ་མང་པོ་ཞིག་དང༌། རྒྱུད་འབུམ་གྱི་འཕྲོས་ཕལ་ཆེ་བའི་ལུང་ཡང་ལེགས་པར་ཐོབ་པོ། །འདིར་སྨྲས་པ། གནས་ལུགས་གདོང་ལྔས་ཁྱབ་པའི་ནགས་ཀླུང་དུ། །སྤྲོས་པ་གཉིས་འཐུང་དབང་པོ་སྡེར་བཅས་བཅོམ། །དུས་གཅིག་སྟོང་གསུམ་བགྲོད་པ་ཡིད་མགྱོགས་སྟོབས། །གཅིག་ཅར་ཆོས་ཀུན་རིག་པ་བླ་མའི་དྲིན། །འདི་སྐབས་དགེ་གྲོང་གི་ཕྱེད་ཀ་འཕྲོས་མ་གཏིང་སྐྱེས་ཀྱི་ཕྱག་ན་ཡོད་པ་དེ་ཡང་ཆོས་གཞིས་སུ་སྦྱོར་འཇགས་གནང་བྱུང༌། ལམ་འབྲས་ཀྱི་ཁྲིད་གྲོལ་ནས་གམ་པ་ནས་རབ་འབྱམས་པ་ལེགས་བཤད་འབོད་མིར་གནང་བྱུང་བ་བཞིན་ཕྱིན་ཞག་བདུན་ཙམ་བསྡད་ཅིང་ནག་པོ་པའི་དབང་བསྐུར་ཞིག་དང༌། གཞན་ཚེ་བཀའ་རྗེས་གནང་སོགས་དགོངས་བཞེད་ལྟར་ཕུལ། དགེ་གྲོང་ཀོལ་ཆུ་
ཚན་ཁ་སྲད་ཏང་ཏང་གི་གཞུང་རྣམས་བརྒྱུད་མག་དགེ་སྡིངས་མཇལ། འདོལ་བྱུང་དུ་ཞག་ཤས་བསྡད། བསམ་འགྲུབ་རྩེར་སྡེ་པ་སྐུ་འབྲིང་བའི་དྲུང་མགུལ་ཤིན་ཏུ་བསྙིལ་བའི་སྟབས་ནས་དབང་བཀའ་སོགས་ཞུ་བཞེད་ཀྱི་འབོད་མི་གནང་བྱུང་བ་ལྟར་བསམ་རྩེར་སླེབ། དེ་གོང་དུ་སྐུ་ཁམས་དེ་ལ་ཞུད་ཁ་སྡང་བ་རང་ཞིག་ཡོད་འདུག་དེ་ཕྱིན་ནས་མ་བྱུང་ཞིང༌། ཞལ་ངོ་སྤྱི་ཁྱབ་ཏུ་ཚེ་བཀའ་ཅི་རིགས་དང༌། སྐུ་སྒོས་སུ་ཚེ་དབང་བརྒྱ་ཚར་ཕྱག་ན་རྡོ་རྗེ་གཏུམ་པོ་རས་ཆུང་ལུགས་ཀྱི་དབང་སོགས་དང་རྗེས་གནང་མང་བ་ཙམ་ཕུལ། ཤར་སྟེང་ནས་སྲས་ཡུམ་དུ་དཔལ་ཀྱཻའི་རྡོ་རྗེའི་དབང་བསྐུར་བ་དགོངས་བཞེད་ལྟར་བསྒྲུབས། སྐྱེས་རབས་བརྒྱ་རྩ་མཛད་བཅུ་དང་བཅས་པའི་ཞལ་ཐང་གསར་བཞེངས་ཐོག་ཚད་མ་ཉི་ཤུ་རྩ་ལྔ་པ་ཅིག་འདུག་པ་ལ་རབ་གནས་བྱས། སླར་ཡང་ཚོང་འདུས་དབུ་རྩེར་ཞག་ཤས་བསྡད། གྲྭ་ལྔའི་དྲུང་དང་ཐུགས་སྣང་དག་པའི་གསུང་གླེང་སྨྲ་བ་ཉིད་ཆོས་ཀྱི་གཙོ་བོར་བྱས། ད་ལམ་དབུས་ཕྱོགས་སུ་འགྲོ་རྒྱུར་འདུག་པ་ལོ་གཅིག་ཙམ་ནས་ཡར་ཕེབས་པ་ཞིག་དགོས་དེ་མིན་མ་མཇལ་དོགས་པ་ཡིན་གསུང་གིན་འདུག དེ་ནས་ཡར་ལམ་དགའ་གདོང་པ་རྣམས་ཀྱིས་འབོད་མི་བྱུང་བ་ལྟར་ཁོར་ཙམ་ཕྱིན་འདུ་ཁང་དུ་ཁྲི་ལ་འཁོད་ནས་དགེ་འདུན་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་ཆོས་འབྲེལ་དུ་བྱས། དཔལ་བསམ་སྡིངས་སུ་སློབ་དཔོན་མཆོག་གི་ཞབས་དྲུང་དུ། འོད་ཟེར་དགུ་ཕྲུགས་ཀྱི་བྱིན་རླབས་དང་ཨ་ར་པ་ཙ་ན་ལྷ་ལྔའི་དབང་ཆོས་འབྲེལ་ཏུ་ཞུས་ཤིང༌། མི་གཡོ་བླ་མེད་ཀྱི་དབང་ཆོས་འབྲེལ་དུ་དགོས་ཕེབས་པ་ལྟར་ཕར་ཕུལ། འཁོར་ལོ་བདེ་མཆོག་དཀར་པོ་རྣམ་པར་རྩེན་པའི་བྱིན་རླབས་དེ་ཆོས་འབྲེལ་གྱི་རྗེས་མར་འབུལ་དགོས་བྱུང་ཞིང༌། གང་སྤྱིའི་གནས་ཚུལ་འདས་མ་འོངས་ཀྱི་བཀའ་བཀོད་ཐམས་ཅད་ཀྱང་མཐར་དམ་པའི་ཆོས་ཀྱི་
ཟབ་དོན་དང་འབྲེལ་བ་ཁོ་ན་གནང་བ་དང༌། སྔ་ཕྱིའི་གནས་ཚུལ་ཞིབ་ཆ་འབུལ་བ་སོགས་ཀྱིས་ནམ་ཕྱེད་ཕྱེད་སྐུ་གཞོགས་སུ་འགོར་བ་ཤ་སྟག་བྱུང་ཞིང༌། སྐུ་ཁམས་ལོག་དོགས་བྱུང་ནའང་ཡང་ནས་ཡང་དུ་བཀའ་ཕེབས་ལ་ད་སྒོས་དབུས་ཕྱོགས་འཁོར་བའི་མྱུར་དུ་མཇལ་བར་སྨོན་ཏེ་ཕལ་ཆེར་ད་མི་མཇལ་འམ་བུ་ཚེའི་འདུ་བྱེད་གཏོང་ཁར་སྔར་མགོར་བཞུགས་པ་ཞིག་བྱུང་ན་དགོས་པ་གདའ་སྟེ་སྔ་ཕྱིའི་རྟེན་འབྲེལ་རྣམས་ལ་དཔགས་ན་མི་ཡོང་བ་འདུག འམ་བུས་ནན་ཆགས་སུ་ཞུས་ན་ལོ་ཤས་ཉེ་སྐོར་འདི་ཀར་བཞུགས་པ་ཞིག་ལོས་ཡོང་དུ་འདུག་སྟེ། སྟག་ལུང་ནས་བླ་མའི་བཀའ་བཀོད་ཀྱང་ཡིན་པ་དང་གཞན་ཕན་གྱི་བར་ཆད་མི་བྱེད་ད་རས་ཀྱི་རེས་ལ་གསུང་འཕྲོས། སྨར་བ་རང་བྱེད་དགོས་ཕེབས་ཤིང་འཕྲོས་གཏམ་འབུལ་བ་ལ་བསྡད་པ་རང་ལ་དགྱེས་པར་འདུག་པས་ཉིན་མཚན་ཐམས་ཅད་སྐུ་གཞོགས་རང་དུ་བསྡད། སྒྲུབ་སྡེ་བ་རྣམས་ལ་ནཻ་གུ་ཞིག་ཀྱང་བཤད། དཔལ་རི་ཁྲོད་ཆེན་པོ་ཇོ་མོ་ནང་གི་སྐུ་འབུམ་ཞིག་གསོས་ཀྱི་ཞལ་བཀོད་སློབ་དཔོན་རིན་པོ་ཆེ་ཉིད་ཀྱིས་གནང་བར་མཛད་ཅིང༌། དེ་ཀའི་བཀའ་བགྲོས་ཞུ་འོས་ཐམས་ཅད་ཐག་ཆོད་པར་ཞུས། བདག་ཅག་དཔོན་སློབ་སྔ་མོ་ནས་རྫས་གཅིག་ཡིན་ནའང༌། སློབ་དཔོན་རིན་པོ་ཆེ་ཉིད་ཀྱི་ཕྱག་རྫས་དང་གནས་འབྱི་དྲུང་ཆེན་གྱི་རྫས་ཀྱི་སྟེང་ནས་སྐུ་སྐལ་གང་ཡོད་ལས་ཕལ་ཆེར་དེ་གོང་ཉིད་ནས་དགེ་འདུན་གྱི་ཞབས་ཏོག་གཙོ་བོར་གྱུར་པའི་དཀར་ཕྱོགས་ཁོ་ན་ལ་གནང་ཟིན་ཅིང། དེ་རྗེས་ཀྱི་དངོས་ཀྱི་རྫས་གང་ཡོད་དང་བླ་མ་དམ་པ་ཉིད་ཀྱི་ཕྱག་གིའང་གང་ཡོད་རྣམས་གཅིག་ཏུ་བསྒྲིལ་དེ་ཞིག་གསོས་ཀྱི་ཐེས་སུ་དམིགས་དེ་བཞགད་ལྟ་བླ་མ་མང་པོ་ནོར་ངོམ་མཛོ་རྟ་ངོམ། གཡོག་མང་བ་རང་ངཽམ། སྦྱིན་བདག་ངོམ། ཡོན་མཆོད་ཐམས་ཅད་ཆིབས་རགས་ངོམ། ཁ་དྲག་ངོམ་པར་གདའ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ནི་ངོམ་རྒྱུ་མེད་པ་ལ་
གང་ངོམ། ཕཊ། འདི་སྐབས་ཞག་ཉི་ཤུ་ཙམ་སྐུ་གཞོགས་སུ་བསྡད་ཅིང་དམ་རྫས་རིལ་བུ་རྟ་སྒྲུབ་ཅིག་ཀྱང་མཛད་པ་བདུད་རྩི་འབབ་པ་སོགས་རྟགས་ནི་སྒྲུབ་པ་དངོས་ལས་ཀྱང་ཆེ་ཆ་ཙམ་བྱུང༌། དེ་ནས་ཀྱང་ཞག་ཤས་སྡོད་འདོད་ཡོད་ནའང༌། རྩེ་ཆེན་ནས་དཔོན་ས་ཡུམ་དྲུང་སྐུ་ཚེས་མ་ཟིན་པའི་འགྲོ་དགོས་ཤར་ཞིང༌། དེར་སྐུ་དྲིན་མཚུངས་མེད་སློབ་དཔོན་རིན་པོ་ཆེ་དེ་ཉིད་ཀྱི་ཞབས་ཟུང་འབྲལ་བར་མི་སྤོབས་བཞིན་དུ་འོངས། ཁ་བ་ཆེན་པོ་བབས་པས་ལམ་ཡང་བཅད་པ་བཞིན་དུ་སོང༌། ཕྱིས་མི་མཇལ་བའི་རྟེན་འབྲེལ་དུ་འདུག རྩེ་ཆེན་རང་དུ་མུན་སྲོས་པ་ལ་སླེབ། ཁྲུས་ཆོག་དབང་བསྐུར་མཚན་བྱང་བཞུ་བ་སོགས་གང་དགོས་ཐམས་ཅད་བགྱིས་ཤིང༌། སྦྱངས་ཡོན་དབུ་ཁེབས་དེ་བྱུང་བའང་ཞིག་གསོས་ཀྱི་རྒྱུར་འདྲེ་བར་སོང༌། དགོངས་རྫོགས་གྲོལ་འཕྲལ་ལྷུན་གྲུབ་བདེ་ཆེན་དུ་རྗེ་གྲུབ་ཆེན་གྱི་སྐུ་འབུམ་མཇལ་རྒྱལ་མཁར་རྩེར་ཕྱིན་འཁོར་ལོ་བདེ་མཆོག་ལཱུ་ཧི་པ་དང་གཤིན་རྗེ་གཤེད་ནག་གི་དབང་སོགས་ཞལ་ངོ་སྤྱི་ཁྱབ་ཏུ་ དགོངས་བཞེད་ཀྱི་ཆོས་མང་ཙམ་དང༌། ཞབས་དྲུང་བླ་མའི་དྲུང་དུ་དགྱེས་པ ་རྡོ་རྗེ་རྔོག་ལུགས་ཀྱི་ཡབ་བཀའ་དང་ཡུམ་བཀའི་དབང༌། རྫོགས་རིམ་བསྲེ་འཕོའི་ཁྲིད་དང་ལུང་ཡོངས་རྫོགས་སོགས་ དགོངས་བཞེད་ལྟར་གྱི་ཆོས་སྣ་མང་པོ་དང༌། མདོ་རྩའི་གཞི་སྟོད་ཀྱི་བྱེད་ཙམ་ཐུགས་འཛུག་ཁྲིད་ཀྱི་བཤད་པ ་ཞིག་ཀྱང་ཕུལ། གནས་རྙིང་ནས་འབོད་མི་ནན་ཅན་གནང་བྱུང་བ་ལྟར་དཔལ་གནས་རྙིང་གི་ཆོས་གྲྭ་ཆེན་པོར་ཕྱིན། རྗེ་དྲུང་ངག་དབང་དྲུང་དང་རྗེ་དྲུང་འཇམ་དབྱངས་དྲུང་སོགས་ཞལ་ངོ་རྣམས་དང་མཇལ། ཡེ་ཤེས་མགོན་པོ་ཕྱག་དྲུག་ པ་བར་ཆད་ཀུན་སེལ་དང་ཡིད་བཞིན་ནོར་བུའི་རྗེས་གནང་སོགས་དགོངས ་བཞེད་ཀྱི་ཆོས་བཀའ་མང་རབ་ཕུལ་ཞིང༌། གདུང་བརྒྱུད་རིན་
པོ་ཆེས་ཀྱང་དབུ་སྐྲ་གསིལ་བར་མར་བ་བྱུང་ཙམ་གནང༌། འདི་སྐབས་འཚུབ་ཆ་ཆེ་བ་རང་འདུག ཡེ་ཤེས་མགོན་པོའི་འཕུར་ཐང་གཙོ་བོར་གྱུར་པའི་ཕྱི་ནང་གི་རྟེན་ཁྱད་པར་ཅན་ཐམས་ཅད་མཇལ། གསེར་སྡིངས་པའི་གྲྭ་ཚང་རྣམས་གནས་རྙིང་ན་ཆོས་བར་ལ་བཞུགས་འདུག་པས་གནས་རྙིང་གི་འདུ་ཁང་དུ་ཁོང་རྣམས་ལ་ཆོས་འབྲེལ་དུ་བླ་མའི་རྣལ་འབྱོར་ཞིག་དང་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་ལེའུ་དང་པོའི་ལུང་བཀླགས། སླར་ཡང་རྒྱལ་རྩེར་དགེ་ཚའི་སྒང་དེར་ཕྱི་མཚམ་མེ་བ་བྱས། འགའ་ཞིག་ལ་ཛ་ལནྡྷ་རའི་དོ་ཧ་ངེད་རང་གི་རྣམ་བཤད་ཀྱི་སྟེང་ནས་ཚར་གཅིག་བཤད། སླར་རྩེ་ཆེན་དུ་ཡོང་དགོས་ཚུལ་ཕེབས་པ་ལྟར་ཁོར་ཙམ་ཕྱིན་ཞིང་འཇིགས་བྱེད་ཞེ་དགུ་མའི་དབང༌། གཟུངས་གྲྭ་ལྔའི་དབང༌། ཚེ་དབང་བརྒྱ་རྩ་སོགས་བྱས། ཡང་རྒྱལ་རྩེར་ཆོས་རྗེ་རིན་སྡིངས་པ་དུས་འཁོར་ཤར་ཆེན་པ་ཆོས་རྗེ་ལྷའོ་པ་གཞན་གྲྭ་རིགས་དོན་གཉེར་ཆེ་བ་མང་རབ་དང་བཅས་པ་ལ། ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་ཀྱི་རྒྱལ་པོའི་བཞེད་སྲོལ་ལྟར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་དང༌། ཁྲིད་ཡིག་ངོ་སྤྲོད་སོགས་ཀྱི་ལུང༌། སེམས་ཉིད་ངལ་གསོའི་ཁྲིད་རྣམས་བགྱིས་ཡུམ་མངའ་བདག་རྒྱལ་མོའི་ནང་རྟེན་རྗེ་དམ་པའི་སྐུ་འདྲ་བཟང་སྐུ་ངོ་མཚར་ཅན་བསྒྲུབས་པ་གནང་འདུག་པ། སྔ་གོང་སློབ་དཔོན་རིན་པོ་ཆེས་རབ་གནས་རྒྱས་པ་གནང་འདུག དངོས་ལའང་ཞལ་ངོ་རྣམས་ཀྱིས་བཀའ་ཕེབས་ལྟར་རབ་གནས་རྒྱས་པ་རང་བགྱིས། འདི་སྐབས་སུ་ལྕགས་འདམ་ཆོས་རྗེའི་དྲུང་གིས་ཨ་ཁུ་བ་འདས་པའི་དོན་ལ་རོང་གྲགས་པར་ཡོང་དགོས་ཚུལ་གྱི་ནན་ཆགས་རང་མཛད་ནའང༌། འཕྲལ་རང་ངུ་དོན་གལ་ཆེ་བ་གཞན་ཞིག་ཀྱང་ཡོང་སྙམ་པ་བློ་ཡུལ་དུ་ལམ་ལམ་འཆར་བ་ཞིག་གི་སྟབས་ནས་
འགྲོ་མ་ཐུབ། དེ་སྐབས་དགོས་གལ་ཆེ་སར་ཕན་མ་ཐོགས་ནའང་འཁང་ར་མེད་པར་མོས་པ་འཕེལ་བ་ངོ་མཚར་ཆེ། ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་རྩེ་ནས་ཐོན་མར་ལམ་སྡེ་པ་མཁར་ཁ་བའི་སྤུར་ལ་ཁྲུས་ཆོག་དང་བྱང་བཞུ་གྲུབ་ནས། གནས་རྙིང་ནས་དཔོན་སའི་དྲུང་ཤིན་ཏུ་སྐུ་ཁམས་བསྙེལ་བའི་མྱུར་ཤད་ཡོང་དགོས་ཚུལ་བྱུང་བས་དེ་འཕྲལ་ལམ་བསྲངས་ནས་ཕྱིན་པ་སླེབ་དུས་དཔོན་སའི་དྲུང་ནི་སྐུ་མ་འཚོ་འདུག སྤུར་ལ་ཁྲུས་ཆབ་དང་དབང་བསྐུར་བྱས། འཕོ་བའི་དམིགས་པ་དང་རྟེན་འབྲེལ་འདྲ་བགྱིས་པས་དེ་འཕྲལ་རང་འཕོ་བ་ཐེབས་པའི་རྟགས་གསལ་བ་ཐོན། རྗེ་ཞལ་ངོར་ཆོས་ཀྱི་ཚུལ་ལས་བརྩམས་ཏེ་ཐུགས་གསོ་གང་དྲག་བགྱིས། རྗེ་དྲུང་སྐུ་མཆེད་རྣམས་ཀྱང་ད་རེས་ཁྱེད་ཀྱིས་ཡོད་དུ་བཅུག་པའི་བཀའ་བཀོད་ཐུགས་ཐག་པ་ནས་ཕེབས་ཀྱི་འདུག ཞག་གསུམ་པའི་ནམ་ཕྱེད་ཙམ་ལ་སྤུར་འོད་བཞུ་བྱས་ཉི་ཤར་ལ་མཚན་བྱང་བཞུག་སྟེ། དེ་མཚམས་ལམ་དུ་ཞུགས་རིམ་པས་ཆས། མཁའ་རོའི་ལ་འོག་ཏུ་མཐོང་སྣང་གི་ཁྱད་པར་བྱུང་བ་ནི་ཡི་གེ་ལོགས་སུ་བཀོད་ཡོད་པ་ལྟར་ཤེས་པར་བྱའོ། །མཁའ་རོ་གངས་སྦུག་ཏུ་སླེབ་ཅིང༌། ཡར་འབྲོག་ནས་སྡེ་པ་ཨ་ཁུ་དྲུང་པ་དཔོན་གཡོག་རྣམས་ཀྱང་གཞིས་ལེན་ལ་ཕེབས་འདུག ཚེ་དཔག་མེད་ཀྱི་ལྷ་ཁང་གསར་བ་དེར་སྡོད་ས་བྱས། སྡེ་པ་དཔོན་གཡོག་རྣམས་ནི་ལུག་མཇལ་གྱི་ཐུགས་བྲེལ་སོགས་ནས་དེའི་གནངས་ཉིན་ཕེབས་སོང༌། ངེད་ཀྱིས་གནས་དེ་ཉིད་དུ་ཞག་བཅུ་སྐོར་ཙམ་མཚམས་བྱས། ཆར་ཞོད་དང་སྨུགས་ཟིལ་ཤིན་ཏུ་ཆེ་བ་དང་ཆམ་པ་ཤིན་ཏུ་ན་བ་བྱུང་ནའང༌། སྔར་མཁའ་རོའི་ལ་འོག་གི་མཐོང་སྣང་དང་བསྟུན་པའི་སེམས་ལ་བདེ་སྣང་གི་འཆར་སྒོ་བརྗོད་པ་ལས་འདས་པ་ཞིག་ཤར་བ་ཐམས་ཅད་ཀྱང་དབྱིངས་ཤར་དབྱིངས་གྲོལ་གྱི་ཚུལ་དུ་གྱུར་ཏེ། །ལུས་ཀྱི་ཟུག་ངུ་ཡང་དབྱིངས་སུ་ཡལ་བ་ལྟར་འགྲོ་བ་ཀ་བྱུང་ངོ༌། །
འདིར་རྡོ་རྗེའི་གནས་པ་བརྒྱད་པ་སྦྱར་རོ། །དེ་ནས་ཚེས་ཉེར་གསུམ་ལ་ཡར་འབྲོག་སྟག་ལུང་དུ་སླེབ། སྡོད་ཡུལ་རྩེའི་གཞལ་ཡས་ཁང་དུ་བྱས་ཤིང༌། ཞལ་ངོ་རྣམས་ལ་ཐོག་མར་སྒྲོལ་དཀར་གྱི་རྗེས་གནང་རྟེན་འབྲེལ་ལེགས་པའི་ཕྱིར་ཕུལ་ནས། ཚེ་དབང་བརྒྱ་རྩ་སོགས་སོང་རྗེས། ད་ལམ་ཐུགས་བཞེད་ཀྱི་གཙོ་བོ་ཤངས་ཆོས་ཡོངས་རྫོགས་རང་ཡིན་པ་ཅིས་ཀྱང་དགོས་ཕེབས་པ་ལྟར་དེ་མཐུན་ཕུལ་བ་ནི། དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་སོ་སོར་དབང་བསྐུར་བ་དང་གཅིག་ཅར་བསྐུར་བ་སྟེ། ཉི་མ་བདུན་གྱི་དབང་བསྐུར་བའི་ཆོ་ག་རྫོགས་པ་དང༌། ཟབ་ལམ་ཆོས་དྲུག་སོགས་གསེར་ཆོས་ཀྱི་ཁྲིད་རྣམས་དང༌། བྱིན་རླབས་གཞུང་བཀའ་ཉི་ཤུ། རྒྱབ་རྟེན་ལུང་ཡིག་རྙིང་པོ་ཏི་གཉིས་ཙམ། དེ་དག་ཏུ་མ་འདུས་པ་འཆི་མེད་འཁྲུལ་འཁོར་གྱི་དབང་དང་ཁྲིད། ཐུགས་རྗེ་ཆེན་པོ་ཞི་དྲག་སོགས་ཤངས་ཆོས་ཆ་ཚང་ཞིག་སོང༌། མགོན་བཀའ་རྣམས་མ་གཏོགས་པ་ལ་དོན་གཉེར་ཤ་སྟག་འདུས་པ་བཞི་བཅུ་ཞེ་བགྲངས་ཡོད་ཅིང༌། ཁྲིད་དམིགས་སྐྱོར་དགོས་པ་སོགས་ནན་ཏན་ཡང་དག་བྱས། ཞལ་ངོ་རྣམས་ལ་སྒྲོལ་དཀར་གྱི་ཚེ་ཁྲིད་དང༌། ལྕམ་སྲིང་གཉིས་སུ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ། སྡེ་པ་མའི་དྲུང་ལ་ནཻ་གུའི་ལུས་སྦྱོང་འཁྲུལ་འཁོར་རྣམས་ཀྱང་དགོས་ཕེབས་པ་ལྟར་ཕུལ། གཞན་དོན་གཉེར་མང་དག་ཞིག་ལ་གསང་འདུས་རིམ་ལྔ་མར་འགོས་གཉིས་འདུས་ཀྱི་ལུགས་བུ་སྟོན་རིན་པོ་ཆེའི་ཁྲིད་ཡིག་སྟེང་ནས་ཁྲིད་ཞིབ་པ་ཞིག་དང་རྒྱ་གཞུང་རྣམས་དང་འགོས་ཀྱྀ་གཏོང་ཐུན་ཆེན་མོའི་ལུང་བཤད་ཅིག་ཀྱང་བགྱིས། ཞལ་ངོ་རྣམས་སུ་དམར་པོ་སྐོར་གསུམ་སོགས་གཞན་ཡང་ཆོས་མང་དག་སོང༌། རྗེ་ལྕགས་ནང་བ་དབོན་སློབ་ཐམས་ཅད་དང་མཇལ་ཆོས་འབྲེལ་ཡང་ཕུལ། ཁོང་དཔོན་སློབ་
ཚོས་ངེད་ལ་བརྟན་བཞུགས་ཀྱང་མཛད། འདི་སྐབས་སྡེ་པ་ཁུ་དཔོན་གྱི་གསུང་ལས་ད་ལོ་ལྷ་ས་ལ་སྐོར་ཆེན་ཞིག་འཛུགས་རྒྱུ་ཡིན་པས་དེ་གའི་མགོ་བྱེད་དགོས་གསུང་བ་བྱུང་ནའང་མི་བྱེད་པར་ཐག་བཅད། འདིར་རྡོ་རྗེའི་གནས་པ་དགུ་པ་སྦྱར་རོ། །དེ་རྗེས་ཞལ་ངོ་སོ་སོ་ནས་ཆོས་ཡོན་ཡང་བཟབ་མ་དང༌། སྡེ་པ་རྒྱལ་བུའི་དྲུང་གིས་བརྒྱ་འབུལ་ཞིག་མཛད་སྐབས། འཚོམ་ཆེན་གྱི་སྟེང་འོག་ཁེངས་པ་ཙམ་གྱི་ཆོས་ཞུ་མི་ལ། སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པའི་སྒོ་ནས་སེམས་བསྐྱེད་ཕོག་ཅིང༌། དེ་རྗེས་སྣ་དཀར་རྩེར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་སྐུ་འདྲ་སྨེ་བ་ཅན་ལ་སྣམ་སྦྱར་བཟང་བ་ཞིག་ཕུལ། དེ་ནས་རིམ་པས་ཆས་དེ་སྐྱེས་ཡུལ་ཏུ་སླེབ། རི་ལྟས་ལ་ཕྱིན་པས་ཡུལ་གྱི་བཀོད་པ་སྣ་ཚོགས་མཐོང་བ་ལ་བརྟེན་པའི་ཡིད་ཀྱི་འགྱུར་བ་སྣ་ཚོགས་པ་རང་བཞིན་དག་བའི་ངོ་བོར་རང་ངོར་མཉམ་པའི། དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །ཞེས་པ་ལ་ངེས་པ་རྙེད་པར་བྱུང༌། དེ་སྐབས་སྣ་དཀར་རྩེའི་བདེ་ཡངས་སུ་ཝ་བརྒྱལ་བ་སོགས་ལྟས་འཚུབ་པ་བྱུང་བས་ཇི་ལྟར་བྱ་གསུང་བའི་ལོན་གནང་བྱུང་བ་དེ་སྐུ་ལ་གནོད་པ་ཅང་མེད་ཡུལ་ཆགས་ཆེན་པོ་ཞིག་ཡོད་པ་འདྲ་ཞུས། སྟོན་དུས་འགོལ་ཞིང་རིག་པ་དྭངས་བ་ལ་བརྟེན་དེ་འཆད་སྤྲོ་བར་བྱུང་ནས། རང་གི་ལྷན་ཅིག་གནས་པ་དོན་གཉེར་དྲུག་བདུན་ལ་རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ་བྱིན་རླབས་ཀྱི་གཏེར་ཆེན་པོ་འཁོར་ལོ་སྡོམ་པ་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་རྩ་གཅིག་པ་ཡོངས་སུ་རྫོགས་པར་བཤད་ཅིང༌། སྤྱིར་རྒྱུད་འདི་ལ་རྒྱ་བོད་ཀྱི་འགྲེལ་བའི་དཔེ་ཆ་ནག་འདེད་ལ་བལྟོས་མི་དགོས་པའི་ཟབ་མོའི་ངེས་གནས་ལ་རང་དབང་འབྱོར་ཙམ་གདོག །དེ་ཡང་རང་བློ་རྣོ་བ་ཁོ་ནས་མིན། བླ་མ་དམ་པ་རྒྱ་བོད་ཀྱི་མཁས་གྲུབ་རྣམ་པ་ལྔའི་ཐུགས་རྗེ་དང༌། རང་གི་བསོད་ནམས་དང་བརྩོན་འགྲུས་འཛོམས་པ་ལས་བྱུང་བ་ལགས། འོན་ཀྱང་འདི་སྐབས་སྔར་སྲོལ་དང་
བསྟུན་གཉན་ཕུལ་བྱུང་བའི་ཊཱིཀྐ་ལ་གཞི་བྱས་ཏེ། མན་ངག་གི་བཤད་སྒྲོས་གཞན་རྣམས་དང༌། ལྭ་བ་པའི་འགྲེལ་བ་ནས་ཅི་རིགས་པར་ཁ་སྐང་སྟེ། སྔ་གྲོ་ཉི་མ་ཤར་ལྷོད་ཙམ་ནས་ཁ་ཟས་གདན་གཅིག་པོ་ངན་གྱི་བར་དང༌། ཟས་ཀྱི་བྱ་བ་གྲོལ་འཕྲལ་ནས་ཉི་མ་ནུབ་ཀྱི་བར་བཤད་ཅིང༌། སྔགས་བཏུའི་བྱིན་རླབས་གོང་འོག་སོགས་སྐབས་དེ་དང་དེར་དགོས་པའི་བྱིན་རླབས་རྣམས་ཀྱང་ཚོགས་འཁོར་གྱི་བྱ་བ་དང་འབྲེལ་པར་བསྒྲུབས་ཤིང༌། དབུ་ཞབས་བར་གསུམ་གྱི་རྒྱུད་མཆོད་ཀྱི་ཚོགས་འཁོར་དང་ཐུན་རེ་བཞིན་ཏུ་ཐོག་མར་བསྲུང་འཁོར་གཏོར་ཆོག་མཎྜལ་གསོལ་བཏབ་སོགས་དང་འཇུག་ཏུ་ཡི་རང་བརྗོད་པ་སོགས་ཕྱག་ལེན་གོ་རིམ་མ་འཁྲུལ་བར་བགྱིས། འོན་ཀྱང་ཆོས་ཐུན་སྔ་ཕྱིའི་ལག་ལེན་སྤྲོས་པ་འདི་ལག་ལེན་རྙིང་པ་རང་ཡིན་མིན་མི་ཤེས་པ་འདུག འཕྲལ་རྣམ་པ་གསལ་གསལ་བོ་ཅིག་སྣང༌། བཤད་ཐུན་ཆེས་བས་ཉན་པ་བོ་རྣམས་ཀྱི་བློ་ལ་འཇག་པ་རང་མ་བྱུང་ནའང༌། རང་ཉིད་ཀྱི་བློ་ངོ་ལ་དཔལ་ཧེ་རུ་ཀ་དང་རྡོ་རྗེ་བཙུན་མོས་རྒྱུད་བྱིན་གྱིས་རློབ་ཀྱིན་ཡོད་སྙམ་པའི་ཡིན་དགའ་སྤྲོ་དང་བཅས་པ་རྟག་ཏུ་བྱུང༌། རྨི་ལམ་དུ་བུད་མེད་ཀྱི་གཟུགས་ཅན་འགའ་རེས་རྒྱུད་ཀྱི་ཚིག་འབྲུའི་བཤད་པ་ལ་དག་མ་དག་གི་དཔྱད་པ་བྱེད་པ་ཡང་ལན་མང་དུ་བྱུང་བས། ཕྱིས་འབྱུང་དང་དེང་སང་ཤེས་རབ་ཆེ་རུ་རེ་བ་རྣམས་དཔེ་ལུང་ཙམ་རེའམ་སྤྱི་བཤད་ཙམ་རེ་བརྒྱུད་པའི་ཁུངས་སུ་བྱས་ནས། རང་གི་དཔེ་ལྟ་འདྲ་བྱས་པའི་ཡིད་དཔྱོད་ལ་ཟབ་དོན་ཡིན་པར་འུང་འགོག་འཐག་པ། མཁས་པས་མངོན་པའི་ང་རྒྱལ་གྱིས་རྡོ་རྗེའི་ཚིག་འཆད་པ། ཞེས་པའི་ལུང་གིས་ཟིན་པའི་བཤེས་གཉེན་ཆེན་པོ། རྟོག་གེ་པ་ལ་རྡོ་རྗེ་སློབ་དཔོན་གྱི་ཁྲལ་བཀལ་བ་རྣམས་ཀྱི་ཉན་བཤད་དང་མི་འདྲ་བའི་བྱིན་རླབས་གྱི་རྟགས་མཚན་ཅན་དུ་གདའ། ཕ་ཇོའི་དྲུང་ལ་མནལ་ལམ་
མ་ཡིན་པའི་གསལ་སྣང་ཅི་རིགས་འཆར་བ་ཞིག་ཡོད་པས། རྒྱུད་ཀྱི་གུང་ཙམ་ལ་སླེབ་སྐབས་ཀྱི་ཐོ་རངས་ཤིག་བུད་མེད་ཅིག་གིས་པུ་རངས་ལོ་ཆུང་ཆོས་འཆད་པ་ལ་བྱོན་ཟེར་བའི་སྐད་གསལ་པོ་ཐེངས་གསུམ་གསན་པ་བྱུང་འདུག་ཅིང༌། བཤད་པ་དེ་ཉིད་གྲོལ་མཚམས་བསྙེན་པ་འདྲའི་ཁ་གསོ་བགྱིས། དེ་གྲོལ་མཚམས་སམ་བུ་ཊ་དང་རྣལ་འབྱོར་མ་ཀུན་སྦྱོད་ཀྱི་ལུང་བཤད་འདོམས། སྡོམ་འབྱུང་གི་ལུང་རྣམས་བྱས། འདི་སྐབས་རྒྱ་མའི་གྲྭ་ཚང་གི་སློབ་དཔོན་པ་ཆོས་མཛད་རྒྱན་ཡང་ངེད་ལ་འབོད་པ་ལ་བྱོན་བྱུང༌། དེ་ནས་ལྷུན་རབ་ཏུ་ཞག་བདུན་ཙམ་བསྡད། འདོད་ཆོས་འདྲ་བྱས། རྒྱ་མ་སློབ་དཔོན་པ་དང་རང་གི་ལྷན་ཅིག་གནས་པ་འགའ་ཞིག་ལ། སྐྱེས་བུ་གསུམ་གྱི་ཁྲིད་ལམ་རིམ་རྒྱས་པའི་འགོ་ཚུགས་ཤིང༌། རྒྱབ་རྟེན་དུ་གམ་ལ་ཤི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ལུང་བཤད་ཀྱི་འགོ་ཡང་ཚུགས། རིན་སྤུངས་ནས་ཞབས་དྲུང་ཟླ་བཟང་པའི་དྲུང་ཡང་སྐྱེད་ཚལ་འོག་ན་བཞུགས་འདུག་པས། ཁྲོ་ཕུ་རྒྱ་རྫའི་ལུང་ཞིག་དགོས་ཕེབས་པ་དེ་སྐབས་སྟོད་ཆ་ཙམ་སོང༌། སློབ་དཔོན་གྲུབ་ཐོབ་པའི་དྲུང་ཡང་ཆོས་འབྲེལ་ཞུ་བ་ལ་བྱོན་བྱུང༌། ཡོལ་རི་གོང་དུ་རང་བྱོན་མགོན་པོའི་ཞལ་ཁྱིམ་མཇལ་བར་ཕྱིན། བར་སྐབས་སུ་མགོན་ཁང་ལ་དམག་ཐེབས་པའི་ཅུང་ཟད་ཆག་གྲུགས་བྱུང་ཟེར། སྔོན་དུས་ལྟར་གྱི་བྱིན་རླབས་ཀྱི་རྟགས་མཚན་མེད་དམ་སྙམ་པ་ཙམ་བྱུང་ནའང༌། ཞལ་རས་མཐོང་བ་ཙམ་གྱིས་སྣང་བ་འགྱུར་བ་སོགས་བྱིན་རླབས་ཀྱི་རྟགས་མཚན་སྔོན་དུས་ཀྱི་དེ་ཁོ་ན་བཞིན་དུ་འདུག དེ་ནུབ་རང་བྱོན་མགོན་པོ་ཉིད་ཀྱི་དྲུང་དུ་མཆོད་གཏོར་བསྐང་གསོ་བཟབ་མར་བྱས། མགོན་པོའི་སྐུ་དྲུང་དེ་ཉིན་དུ་ཉལ་ནས་བསྡད་པས། རྨི་ལམ་དུ་བླ་མ་དང་མགོན་པོ་དབྱེར་མེད་པས་རྗེས་སུ་བཟུང་བའི་རྟགས་སྣང་ཅུང་ཟད་བྱུང༌། ནང་པར་ཡང་སྔ་རབ་ལངས་
ཏེ་སྨོན་ལམ་མང་དུ་བཏབ། རང་བྱོན་མགོན་པོ་ཉིད་དང་གཉན་སྟོན་གྱི་ནང་རྟེན་ཐུབ་པའི་སྐུ་འདྲ་ལ་སྙན་དར་དྲི་བཟང་གི་མཆོད་པ་རིན་པོ་ཆེ་དང་བསྲེས་པ་མང་དུ་ཕུལ། མགོན་ཁང་དུ་སྤྱན་གཟིགས་དང་ལྷ་གཞན་རྣམས་ལ་ཡང་སྙན་དར་བླ་བྲེ་འཕན་སོགས་མཆོད་རྫས་ཐན་ཐུན་འབུལ་རྒྱུ་བྱུང༌། མར་ལམ་ཁུ་སྤེ་གྲྭ་ཚང་དུ་ཆོས་འབྲེལ་འཇམ་དཀར་གྱི་རྗེས་གནང་དང་གང་བློ་མའི་བྱིན་རླབས་བྱས། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་སྐུ་འདྲ་ཕྱག་གནས་མ་དང༌། གསེར་གདུང་ལ་ཕྱག་མཆོད་ཕུལ། སྔ་ནས་འབོད་མི་ནན་ཅན་ཡོད་པ་བཞིན། དེ་ནུབ་ས་སྲིབས་ལ་གོང་དཀར་དུ་སླེབ། འདི་ཐེ་བའི་ཐོག་མ་ལན་གསུམ་ཀ་ས་སྲོས་པ་ལ་སླེབ་པ་རྐྱང་བྱུང་བ་བཀྲ་ལེགས་རྒྱུ་རང་མི་སྣང་སྟེ། རྟེན་འབྲེལ་གཞན་ཅུང་ཟད་ལེགས་པས་རེ་ཤིག་གཞན་ལས་གྲག་པ་བྱུང༌། གང་ལྟར་དེ་སྐབས་སྡོད་ཡུལ་མགོན་པོ་མེ་ཐུབ་མ་བཞུགས་པའི་སྟེང་དེར་བྱུང༌། ཞབས་དྲུང་མི་དབང་དྲུང་དུ་སྒྲོལ་དཀར་གྱི་རྗེས་གནང་ཚེ་དབང་གྲུབ་བརྒྱལ་མ་བརྒྱ་རྩ་ལྷ་དགུ་མ་བརྒྱ་རྩ་སོགས་ཕུལ་ཞིང༌། བདག་མོའི་དྲུང་གི་ཕྱག་ཕྱིར་དོན་གཉེར་ཉི་ཤུ་ཙམ་དང་བཅས་པ་ལ་ཛམྦྷ་ལ་དཀར་པོ་དང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། ཁྱད་པར་བདེ་མཆོག་ལྷ་ལྔའི་སྨིན་བྱེད་ཀྱིས་སྒོ་ཕྱེ་སྟེ། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཚུལ་ཤིན་ཏུ་སྨིན་པ་དང༌། ཞབས་དྲུང་གདུང་བརྒྱུད་དུ་ཚེ་དབང་སོགས་སྐུ་ཚེའི་རྟེན་འབྲེལ་གྱི་དབང་བཀའ་རྗེས་གནང་ཅི་རིགས་པ་ཕུལ། སྔར་གྱི་འཕྲོས་ལ་བཀའ་གདམས་ལམ་རིམ་གྱི་འཁྲིད་ཚུལ་རྒྱབ་རྟེན་གྱི་བཤད་པ་རྒྱས་པ་དང་བཅས་པ། སྒོམ་རིམ་གྱི་ལུང་བཤད་རྒྱས་པ་དང༌། དེ་སྐབས་བའི་སྡེ་དབུ་མཛད་པ་ཕྱིས་ཚོགས་དགེ་འདུན་སྒང་པའི་མཁན་ཐོག་ཏུ་ཕེབས་པ་རིན་པོ་ཆེ་རྟ་ར་བའི་དྲུང་ལ་མཚན་བརྗོད་ཀྱི་འགྲེལ་ཆེན་སྔགས་དོན་རྣམ་གཟིགས་
ཀྱི་ལུང་བཤད་ཅིག་དགོས་གསུང་བ་ལྟར་རྔོག་པའི་ངག་སྒྲོས་དང་སྒྲེལ་ནས་བཤད་པ་ཞིབ་རབ་བྱས། དེ་དུས་ཆུ་བོ་རིའི་ལྕགས་ཟམ་ཆད་ཡར་འབྲོགས་པའི་སྐོར་ཆེན་གྱི་མི་མང་པོ་ཤི་སྐབས་ཡིན། སྔར་གྱི་བདེ་མཆོག་གི་རྒྱུད་བཤད་ཉན་པ་པོ་རྣམས་ལ་ཡང་མངོན་བརྗོད་བླ་མའི་ལུང་བཤད་རྫོགས་པ་དང༌། རྡོ་རྗེ་མཁའ་འགྲོའི་ལུང་གནད་འདོམས་ཀྱི་བཤད་པ་དང་བཅས་པ་རྫོགས་པར་བྱས། དཀོན་གཉེར་ཉི་རྣམ་པ་སོགས་དོན་གཉེར་འགའ་ཞིག་ལ་ནཻ་གུ་ཆོས་དྲུག་བྱིན་རླབས་དང་བཅས་པ་ཞིག་དང༌། ཞལ་ངོ་རྣམས་དང་དྲུང་འཁོར་དྲག་བསྡུས་དང༌། ཇོ་གདན་བཞི་སྟེ། ཡོལ་མཁན་ཆེན་སོགས་དགེ་བཤེས་མང་དག་དང་བཅས་པ་ཕྱེད་ཉིས་བརྒྱ་ཙམ་ལ། དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་དང༌། གཞན་ཡང་བདེ་མཆོག་ནག་པོ་པ་དང༌། གསང་བ་འདུས་པ་འཇམ་པའི་རྡོ་རྗེ་དང༌། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་དབང༌། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང༌། རིམ་ལྔའི་བྱིན་རླབས། དྲིལ་བུ་རིམ་ལྔའི་ཁྲིད་བཤད་པ་མཐའ་ཆོད་དང་བཅས་པ། ཇོ་གདན་འགའ་ཞིག་ལ་སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་སོགས་མདོར་ན་འདི་སྐབས་ཟླ་གཅིག་ཞག་པོ་ཉི་ཤུ་སྐོར་ལ་ཆོས་ཤིན་ཏུ་འཕེལ་བ་བྱུང༌། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་དྲང་སྲོང་སྲིན་པ་རིར་སླེབ་ཙམ་བྱས། དེ་ནུབ་ལྷ་ཁང་དེར་ཉལ་བས་གཉིད་ཀྱི་འོད་གསལ་མཚན་ཟང་ཐལ་གྱིས་ཟིན། གནས་དེར་རྟེན་འབྲེལ་གྱི་སྒོ་བཟང་པོ་ཅིག་འགྲིག་ལ་ཁད་ལ་ཡལ་སོང༌། ནང་པར་འཇུན་དུ་ཁོར་ཙམ་ཕྱིན་ཚེ་དབང་སོགས་བཞེད་པ་ལྟར་བྱས། སྲས་མོ་ཆུང་ཆུང་ཞིག་གི་སྐྲ་ཕུད་བླངས། དེ་ནུབ་སྡོད་དགོས་ཚུལ་ནན་ཆགས་རང་བྱེད་ཀྱིན་འདུག་ནའང་ལྟས་ངན་པ་ཞིག་འདུག་པས་མ་བསྡད། སང་འུ་ཤང་རྡོའི་གནས་མཇལ་བྱས་ཏེ། དེ་ནས་རྒྱ་སྡེ་དཀར་ཆུང་གི་རྡོ་རིངས་ཀྱི་
བཀའ་ཚིགས་ཡི་གེ་དེ་ཆེད་བཏང་མཇལ་བར་ཕྱིན། དེ་ནས་ཞབས་དྲུང་བཀྲས་སྟོབས་པའི་ཕྱག་གཡོག་མདོ་སྔགས་གླིང་པའི་སྐུ་སྐྱེ་བསུ་བར་བྱུང༌། དེ་ནུབ་ར་ས་འཕྲུལ་སྣང་དུ་ཞབས་དྲུང་བཀྲས་སྟོབས་དྲུང་དང་མཇལ་བ། སྔར་མ་མཇལ་ནས་ཤིན་ཏུ་ཡུན་རིང་བར་སོང་བས་ཕན་ཚུན་ཡིད་ཀྱི་ངལ་སྟེགས་སུ་གྱུར། འདི་སྐབས་ལྷ་སར་ཞག་བཞི་བསྡད་ཅིང་ཕྱག་མཆོད་སྨོན་ལམ་གང་འགྲུབ་བྱས། ནུབ་མོ་ཤིན་ཏུ་འཚུབ་པའི་ཆོ་འཕྲུལ་དང་འོད་གསལ་གྱི་སྣང་ཆ་རེ་མོས་རང་དུ་འཆར་བ་ཞིག་བྱུང༌། འོད་ཟེར་འཕྲོས་པའི་ལྷ་བརྒྱད་ཀྱི་ཡ་རྒྱལ་བར་ཁང་གི་གྱང་རིས་སྒྲོལ་མའི་སྐུ་བརྙན་ལ་བྱང་དར་སྔོན་པོ་བཟང་བ་ཞིག་ཕུལ་བ་བཞེས་པའི་རྣམ་པ་བྱུང་བ་རྫུན་མེད་ཐམས་ཅད་ཀྱིས་མཐོང་དེ་ཀ་ཡིན། ཞབས་དྲུང་བཀྲས་སྟོབས་དྲུང་དུ་ཕག་དཀར་ཤེས་རབ་གསལ་བྱེད་པཎ་ཆེན་ནགས་རིན་ནས་བརྒྱུད་པའི་ཉེ་བརྒྱུད་དེའི་བྱིན་རླབས་ཤིག་ཕུལ། ཡར་ལམ་ཡེར་བར་ཞག་གསུམ་བསྡད། དཔོན་ས་ཡུམ་དྲུང་ནས་ངེད་ཀྱིས་རྟ་ལོ་ཡོངས་པའི་དུས་ནས་གཟུང་ཡེར་པར་རབ་ལོ་གསུམ་ཙམ། དེ་མིན་ཡང་ལོ་མཚམས་ཙམ་ཞིག་བྱེད་དགོས་རྟག་ཏུ་ཕེབས་པ་ཞིག་ཡོད་ན་ཡང༌། དེ་སྐབས་འགྱུར་འདུག་པས་ལོ་གསུམ་མ་ཞག་གསུམ་ལ་བསྡུས། སྤྱིར་བསྐལ་དུས་རྙིངས་པའི་སློབ་མ་ཕལ་ཆེར་དང༌། ཁྱད་པར་སྡེ་དཔོན་ཕྲ་རགས་ཕལ་ཆེར་ཞིག་མཐུ་བཟློག་སོགས་རྐྱེན་སེལ་ལམ་འཇིག་རྟེན་གྱི་ཕན་བྱ་འདི་ལས་འདི་ཨེ་གྲག་སྙམ་པ་དང༌། འགའ་ཞིག་ཐོབ་རྒྱ་འདྲ་འདོད་པ་དང་ཟས་ངོ་ནོར་ངོ་སོགས་ལ་སུ་བྱུང་བྱུང་བླ་མར་འཁུར་ཆོས་གང་ཐོབ་བྱེད། དེ་རྗེས་དམ་ཚིག་ལ་ཡེ་མི་རྩི་བ་ཞིག་ཡོང་བར་གནང༌། དོན་དུ་ནི་དེ་འདྲ་དེ་དམྱལ་བའི་སྒྲུབ་ཐབས་ཆེན་པོར་གདའ། འབྲོམ་ཆེན་པོའི་གསུང་ལས། ཁོ་བོས་ཚམ་ཚོམ་དུ་བླ་
མ་བསྟེན་མ་མྱོང༌། བསྟེན་ནས་ཡལ་བར་འདོར་མ་མྱོང་གསུང་བ་གནད་ཀྱི་དམ་པར་སྣང་ངོ༌། །སྤོས་ཁའི་དགོན་པ་ན་རྗེ་བཙུན་མ་ལ་ཡེར་བ་བའི་སྐུ་འདྲ་འགྲོ་མགོན་སྐྱེ་མེད་ཞང་གིས་བཞེངས་པ་བྱིན་རླབས་ཅན་དེ་མཇལ། རི་བོ་དགེ་ལྡན་མཇལ་འདོད་ཆེ་བ་རང་ཡོད་ན་ཡང་དེ་སྐབས་སྟབས་མ་འགྲིགརྒྱ་མ་རིན་ཆེན་སྒང་དུ་སྐྱེ་བོ་གྲངས་མེད་པ་ཚོགས་པ་ལ་ཉིན་རེ་བཞིན་དུ་རྒྱུ་འབྲས་ཀྱི་ཆོས་ཀྱིས་རྒྱུད་བསྐུལ་བ་སྔོན་དུ་འགྲོ་བས་ཁྲོམ་ཆོས་རེ་འཆག་མེད་དུ་བཤད། ཁྱད་པར་ཀྱཻ་རྡོ་རྗེའི་དབང་ཆ་དྲུག་ཙམ་དང༌། གཞན་ཡང་གང་ལ་གང་འཚམ་གྱི་ཆོས་ཀྱང་འཕེལ་རབ་བྱུང་ཞིང༌། ཉིན་རེ་བཞིན་ཚོགས་འཁོར་རྒྱས་པ་འདྲེན་མཁན་བཞི་ལྔ་རེ་མ་ཆག་པ་བྱུང༌། ནུབ་མོ་ཁྱི་ཞིག་རྒྱུན་དུ་ཟུག་གིན་འདུག་པ་ལ་སྐད་ཀྱི་གདངས་ལ་ཡིག་དྲུག་གི་སྒྲ་གསལ་བོ་རང་ལྷང་ལྷང་བ་ཇ་སྦྱོར་གཅིག་ཙམ་གྱི་བར་དུ་བྱུང༌། ཉེ་སྐོར་གྱི་ཡུལ་པ་ཐམས་ཅད་འཚོགས་པའི་མི་ཚོགས་ཤིན་ཏུ་ཆེ་བ་ཞིག་ལ་མ་ཎིའི་ལུང་དང་ཁྲོམ་དབང་ཞིག་བྱས། སྔ་གོང་ལྷ་སའི་བྱིན་རླབས་ཀྱི་ནུས་པ་སྨིན་པ་ཞིག་འདིར་སྐྱེན་གྱིས་སད་པས། ཕྱིའི་སྣང་བ་ཐམས་ཅད་སྒྱུ་མ་ཙམ་དང༌། ནང་རིག་པ་ནམ་མཁའ་ལྟ་བུ་དབྱེར་མེད་ཁྱབ་བརྡལ་ལྷོངས་སུ་གྱུར། ཕྱི་སྣང་ཆ་ཇི་ཙམ་མང་གིན་བོགས་ཆེ་བ། ལུས་ལ་འཕོ་མེད་ཀྱི་བདེ་བ་འཆར་བ། རླུང་ཡང་མཉམ་རྒྱུར་འགྲོ་བ་དང་ནང་གི་སྒྲའི་གསང་བ་ལ་བརྟེན་ཏེ་ངག་ཐམས་ཅད་ནམ་མཁའ་དང་མཉམ་པར་གྱུར་ཏེ། ལེགས་ཉེས་མཐོ་དམན་གྱི་ཚིག་ཐམས་ཅད་མཉམ་ཉིད་དུ་ཤར། ད་ལྟའི་དུས་ན་སྒོམ་ཆེན་པ་ཁ་ཅིག་རང་ཕྱོགས་ཀྱི་སྐྱོན་ཤི་གསང་རོ་གསང་དང་འཆར་ཀ་བྱུང་དོགས་ཀྱི་དོགས་པ་རི་ཙམ་ཁོང་དུ་བཅུག་ནས་ཆོས་བརྒྱད་རང་ངོམ་ཞིང༌། ལྐོག་ཏུ་ལུས་ངག་ཡིད་གསུམ་ཤིན་ཏུ་མ་དག་པས་དུས་འདའ་བ་དག་ལ་
སྙིང་རྗེ་ཁོང་ནས་སྐྱེས། སྔ་སོར་མཁའ་འགྲོའི་དམ་ཚིག་གི་སེལ་ཅུང་ཟད་ཅིག་གི་ལྟས་ཡང་ཡང་བྱུང་བས། འདིར་མཁའ་འགྲོ་མའི་གཏོར་མ་ཤིན་ཏུ་ཚད་ཆེ་བ་རྒྱ་ཆེ་དཔངས་མཐོ་རང་བཤམས་ནས་གཏོར་མ་ལན་བརྒྱ་ཚར་བསྔོ་བ་སོགས་རང་གིས་ཀྱང་བགྱིས་ཤིང༌། དམ་ཚིག་གཙང་བ་རྣམས་བསྔོར་འཇུག་པ་ལན་མང་དུ་བསྟུད་ནས་བྱས་པས་སེལ་དག་ཅིང་མཁའ་འགྲོ་དགྱེས་པའི་ཕྱི་ནང་གསང་གསུམ་གྱི་རྟགས་རྣམས་ཚང་བར་བྱུང་ངོ༌། །འདིར་རྡོ་རྗེའི་གནས་པ་བཅུ་པ་སྦྱར་རོ། །འདིར་སྨྲས་པ། གང་ཞིག་སྲིད་པ་གསུམ་དུ་ཆོས་ཀྱི་གཏམ། །ལན་བརྒྱར་བསྒྲགས་པ་འདི་ཡང་རྨད་དུ་བྱུང༌། །དེ་དག་ལས་ཀྱང་དངོས་ཀུན་རྒྱལ་སྲིད་ལ། །རང་སེམས་གཅིག་ཅར་འཁོར་འདི་ཆེས་ཆེར་མཚར། །དེ་ནས་བྱེ་རི་སྟག་རྩེར་ཞག་སྦྲེལ་ཞིག་བསྡད། དཔོན་ས་ཞོལ་ནས་གྱི་སྲས་མོ་ཆུང་ཆུང་ཞིག་གི་སྐྲ་བཅད། ས་དེར་སྨོན་མཁར་སྡེ་པའི་གཞིས་ས་ཆ་ཐམས་ཅད་རྗེ་དྲུང་ཞྭ་དམར་བར་ཕུལ་བའི་ཕྱི་ནང་གི་སྐད་ཆ་ཞིབ་པར་ཚོར་བས། ཁོ་རང་ཚོའི་འདོད་པ་སྐྱབས་ཞྭ་དམར་ཅན་ལ་ཞུས། དབང་རིགས་ཁོང་རང་ཚོར་ཡོང་ལ་རེ་ནས་ཞུས་འདུག་པ་ལ་གཟིགས་སྟངས་འཛོལ་ནས་ས་གཞིས་ཐམས་ཅད་རྗེ་ཞྭ་དམར་བས་ཕྱག་ཏུ་བཞེས་པས་ཕྱིས་འགྱོད། དེ་ཡིན་ནི་ཀ་བཞི་རས་ཆེན་ཤོར་བའི་ཕྱག་རྗེས་ཡིན། སྦྱིན་པ་རྒྱ་ཆེ་ཡང་བསམ་པ་མ་དག་པས་འབྲས་བུ་ཆུང་བ། བཤེས་གཉེན་དམ་པས་མ་ཟིན་པ་མཚར་སྙམ་པ་ཡང་ཡང་ཤར། དེ་ནས་དགའ་མོར་ཆོས་རྒྱལ་འཕགས་པའི་སྐུ་འདྲ་འབུལ་ཐོབ་མ་ལ་སྙན་དར་ཕྱག་མཆོད་སོགས་ཕུལ།
རྗེ་བཙུན་མར་པ་ལོ་ཙཱ་བའི་ཐུགས་དམ་རྟེན་ཡིན་ངེས་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་ཐང་རྒྱ་གར་མ་ཞིག་བཞུགས་གྱིན་འདུག་པས། དེ་སྔས་འགོར་སྤྱན་དྲངས་ཏེ་ཚོགས་མཆོད་ཕུལ་ཞིང་ནུབ་མོ་བཟླས་པ་མང་རབ་བྱས་ནས་ཉལ་བས། རྨི་ལམ་དུ་སློབ་དཔོན་མཚོ་སྐྱེས་དང༌། ལྭ་བ་པ་གཉིས་ཀྱི་ཕུག་ཡིན་ཟེར་བ་བྲག་ཕུག་ཤིན་ཏུ་ཉམས་དགའ་བ་ཁ་སྤྲོད་ཅིག་འདུག གཅིག་ན་བུད་མེད་སྔོ་སངས་གཅིག་དང་གཅིག་ན་དམར་མོ་གཅིག་འདུག ལྷན་ཅིག་སྐྱེས་ལས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །དེ་ཡི་དོན་འདི་ཡིན་ཞེས་རྒྱས་པར་གསུང་བ་དང༌། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དག །ཅེས་པ་ནས་མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། ཞེས་པའི་བར་རྐང་བྲོ་དང་བཅས་ནས་གླུར་བླངས། བུམ་པ་ཞིག་དང༌། ཐོད་པ་ཞིག་དང༌། ཨོང་པུ་གྲུ་གསུམ་གྱི་དབུས་ན་སྡོང་བུ་ལ་མེ་འབར་བཞིན་པ་ཞིགསྣོད་ཆུས་གང་བ་ཞིགམེ་ཏོག་འདབ་མ་བདུན་པ་ཞིགནོར་བུ་ཡིན་ཟེར་བའི་རྡོ་སྔོན་པོ་ཞིག་རྣམས་ལག་ཏུ་གཏད་བྱུང་བ། དབང་བཞི་སོགས་ཟབ་མོའི་བརྡའ་དོན་དུ་གོ །ལར་ངེད་ལ་མར་རྔོག་ལུགས་འདི་ཀུན་ལ་བག་ཆགས་སད་རྒྱུ་ཅིག་འདུག དེ་ནས་ཆོས་སྡིངས་སུ་ཞག་གསུམ་ཙམ་བསྡད་ཅིང༌། གྲྭ་རིགས་གྲང་དཔོན་སོ་སོའི་ནང་དུ་འབོད་མི་རྣམ་གྲངས་མང་བ་རང་གིས་བྲེལ་བར་བྱུང༌། མགོན་པོ་ལྷ་བརྒྱད་དང་ལྷ་བཅུ་གཉིས་མ། དུར་ཁྲོད་བདག་པོའི་རྗེས་གནང༌། པུ་ཊའི་ཟུར་བཀའ་སོགས་བཞེས་དོན་གྱི་ཆོས་འགའ་རེ་བྱས། ཟུར་རུ་བ་ཚང་དང་ཡུ་ང་སྡིངས་པ་ཚང་ལ་ཉིན་འཁོར་ཞིག་ཕྱིན། སྡིངས་པའི་དེ་ན་ན་ལནྡྲེའི་
ར་བ་སྨད་པ་རྣམས་ཆོས་བར་ལ་བཞུགས་འདུག ཁོང་རྣམས་ཀྱིས་ཀྱང་ངེད་ལ་ཆོས་འབྲེལ་ཞིག་ཞུས་སོང༌། སྒྲོ་རོང་དུ་གནས་བཅུའི་གསེར་ཐང་གསར་བཞེངས་ལ་རབ་གནས་བསྡུས་པ་ཞིག་བྱས། ལྷུན་གྲུབ་རྫོང་གི་ཀླུ་སྡིངས་སུ་སྟག་ལུང་ནས་སྡེ་པའི་དྲུང་དང་མཇལ། འདི་ཉིན་རང་གདུང་རྒྱུད་གཅིག་སྐུ་བལྟམས་པ་དེ་ད་ལྟའི་སྟག་ལུང་རིན་པོ་ཆེ་འདི་ཀ་རང་ཡིན་རྟེན་འབྲེལ་ལེགས། ཚེས་བཅོ་ལྔའི་ཉི་ཕྱེད་ཙམ་ལ་རྣམ་རྒྱལ་རབ་བརྟན་དུ་སླེབ་བའི་ས་གསུམ་འགྲོ་བའི་སྐྱབས་གཅིག་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་སྟག་ལུང་བ་ཆེན་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞབས་པད་མཆོག་གི་དྲུང་དུ་འབྱོར་ཞིང་ཞལ་གྱི་དཀྱིལ་འཁོར་མཐོང་བས་དགའ་བདེ་དཔག་ཏུ་མེད་པ་ཐོབ། འདི་སྐབས་སུ་མཁས་པའི་དབང་ཕྱུག་སློབ་དཔོན་རིན་པོ་ཆེ་ཇོ་ནང་དུ་ཕེབས་པའི་དུས་ཁྲིད་སོགས་གནང་དགོས་ཚུལ་སྙན་དུ་ཕུལ་བ་བཞིན་ཕྱག་ཐོག་ཏུ་ཡང་ཁེལ་འདུག ངེད་ཀྱིས་ཟླ་གཅིག་སྐོར་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་དཔལ་སྟག་ལུང་བ་ཆེན་པོའི་ཞབས་དྲུང་དུ། འགྲོ་མགོན་ཕག་མོ་གྲུབ་པའི་བཀའ་འབུམ་གྱི་འཕྲོས་སྔར་མ་ཐོབ་པ་རྣམས་དང༌། རྗེ་རི་བོ་ཆེ་བའི་བཀའ་འབུམ་ཕལ་ཆེ་བ་ཞིག་གི་ལུང་རྣམས་ཞུས་ཤིང༌། རྣམ་རྒྱལ་རབ་བརྟན་དུ་སླེབ་པའི་གནངས་ཉིན་ཡང་དགོན་དུ་སྤྲུལ་པའི་སྐུ་ཡང་མཇལ། དེ་མཐུན་གྲོག་ཁར་ཡང་མཇལ་ཤངས་ལུགས་ཀྱི་རྒྱུད་སྡེ་ལྔའི་མངོན་པར་རྟོགས་པ་ཁྱད་པར་དུ་འཕགས་པ་ཞིག་སྒྲུབ་བརྒྱུད་འདི་ཉིད་ཀྱི་ཞབས་ཏོག་ཏུ་དམིགས་ནས་སྦྱར། རྗེ་འབབ་རོང་པ་ཆེན་པོའི་དངུལ་སྐུ་རིན་པོ་ཆེ་སོགས་འབབ་རོང་པའི་རྟེན་རྣམས་སྟག་ལུང་གླིང་ན་ཕེབས་འདུས་པའང་མཇལ། མགུར་འབུམ་གྱི་དཔེ་མཐོང་བས་བག་ཆགས་སད་རྒྱུ་གཤའ་མ་ཞིག་
འདུག ཧོར་དཔོན་ས་སྐྱོང་དང་གཡུལ་རྒྱལ་གཉིས་དང་ཕྲད་ཚེ་དབང་གཅིག་བྱས། སྟོང་པའི་དཔོན་ཨ་ཆོས་ཀྱང་བྱོན་འདུག་སྟག་ལུང་བའི་སྐུ་ཚ་ཡིན་ཀྱང་མཆོད་གནས་ངན་པས་སྦོས་འདུག་ཕྲད་མ་བྱུང༌། དེ་མཚམས་ནས་རྗེ་བླ་མའི་གཟིམས་ཁང་དེ་ཉིད་དུ་མཚམས་བཅད། ཉི་ཕྱེད་ཙམ་ནས་གུང་ཐུན་ལ་རྩོམ་པའི་ཐུན་ཆེ་བ་རེ་བྱས། སྲོད་ཐོར་སྔ་དགོངས་རྣམས་བཟླས་བརྗོད་དང་མཉམ་གཞག་ཀྱང་འཕེལ་བར་བྱུང༌། བཀའ་བབས་བདུན་ལྡན་གྱི་བླ་མ་བརྒྱུད་པའི་རྣམ་ཐར་དང༌། ཁྱད་པར་ལྷན་ཅིག་ཏུ་གནས་པའི་དོན་གཉེར་མང་པོས་རབ་ཏུ་བསྐུལ་བ་ལ་བརྟེན་ནས་འཁོར་ལོ་བདེ་མཆོག་གི་བསྟོད་ཆེན་དངོས་གྲུབ་འབྱུང་གནས་ཀྱི་འགྲེལ་ཆེན་དེ་བརྩམས་པས། ཐོག་མ་དཀའ་འགྲེལ་ཙམ་བྱེད་པར་བསམས་ཏེ། ཕྱག་འཚལ་གྱི་སྐོར་རྣམས་ལ་དེ་ཁ་བཞིན་བྱས་པ་ཡིན་ནའང༌། དེ་མན་ཆད་ལ་འབྲུ་བཤད་དགག་སྒྲུབ་དགོས་པ་སོགས་ལ་རབ་འབྱམས་པ་རྒྱལ་མཚན་འོད་ཟེར་གྱིས་བཤད་པ་དཔྱིས་ཕྱིན་པ་རང་དགོས་ཚུལ་གྱིས་འཕྲལ་འཕྲལ་བསྐུལ་བ་ལ་བརྟེན་བཤགས་པ་ནས་བརྩམས་ཏེ། རྒྱས་འབྲེལ་རང་དུ་སོང་ཧོར་ཟླ་བཞི་པའི་ཚེས་བཅུ་ལ་འགོ་བརྩམས་ཏེ་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་རྫོགས་པར་གྲུབ། འདི་རང་རེའི་རྩོམ་པ་སྔ་རྩོམ་གྱི་གཙོ་བོ་ཡིན། ལེགས་སོ་ཐོབ་པའི་མཚན་མ་ཙམ་དང་ཁྱད་པར་རིམ་གཉིས་སྤྱིའི་བཤད་པ་སོང་མཚམས་ཀྱི་ནུབ་གཅིག་རྨི་ལམ་དུ་རྣམ་རྒྱལ་རབ་བརྟན་གྱི་ཤར་གྱི་རི་དེའི་ངོས་ཤིན་ཏུ་འཇམ་ཞིང་སྙོམས་པ་མཐིང་ཤོག་བཀྲམས་པ་ལྟ་བུ་ལ་མཚལ་ཡིག་བཟབ་ཆུང་གི་རྣམ་པར་ཞིག་གིས་རིའི་ངོས་གོ་མཚམས་མེད་པར་སོང་འདུག་པ། བུད་མེད་ཀྱི་ཁྲོམ་ཆེན་པོ་ཞིག་ཀྱང་རི་དེའི་རྩ་བ་ན་འདུག དེའི་གཙོ་མོ་དེ་མིའི་ལུས་ལ་མིག་གསུམ་དང་ལྡན་པ་ཞིག་འདུག་པས་འདི་ནི་ཞིང་གི་རྣལ་འབྱོར་མ་ཞིག་གོ་སྙམ་སྟེ་གཡོན་ཕྱོགས་ནས་ལན་
གསུམ་བསྐོར་ཏེ། རྒྱུད་ནས་བཤད་པ་ལྟར་བརྡའི་ཕྱག་དང་ཡིད་ཀྱིས་དྲི་བ་བྱེད་ཀྱིན་འདུག་པས་གཙོ་མོ་དེ་ན་རེ། རི་ས་ཧཱ་ཛཱ། ཞེས་ལན་གསུམ་གསུང༌། རི་ལོགས་ཀྱི་ཡི་གེ་འདི་རྣམས་ཅི་ཡིན་ཀློག་ཏུ་རུང་ངམ་དྲིས་པས། འདི་མངོན་བརྗོད་འབུམ་པ་ཆེན་པོ་ལེའུ་འབུམ་ཡོད་པ་དེ་ཡིན། དེ་ཡང་ཤེས་རབ་རྣལ་འབྱོར་མའི་ཚོགས་པ་ནི་འདི་ཙམ་ཞིག་འཚོགས་པ་ཡིན་པ་ལས་ཐབས་སུ་གྱུར་པ་ནི་ཁྱེད་གཅིག་པུ་སྟེ། དེས་ན་འཁོར་ལོའི་མཆོད་པ་འདི་ཐོག་མར་གྱིས་ལ་ཕྱིས་ཀློགས་ཤིག་ཅེས་གསུང་ཞིང༌། ཚོགས་ཀྱི་འཁོར་ལོའི་མཆོད་པར་སྣང་བ་མང་པོ་ཞིག་ལས་མཐར་ཚོགས་ཀྱི་བྱ་བ་ཟིན་པ་ན། དེ་རྣམས་བཀླགས་པས་རི་ལོགས་ཆེན་པོ་ཡི་གེ་ཕྲ་མོས་ཁྱབ་པ་དེ་ཡུད་ཙམ་གྱིས་ཀློག་ཟིན་པ་དང་དོན་རྣམས་ཀྱང་བློ་ལ་རམ་རམ་ཡོད་པ་སྙམ་བྱེད། གཉིད་སད་པའི་ཚེ་ཡང་སྔར་མ་གོ་བའི་དོན་ཉི་ཤུ་ཙམ་ཞིག་གསལ་ལེ་འདུག ཡང་ལན་ཅིག་རྨི་ལམ་དུ་ཁང་པའི་ངོས་ལ་སྡིག་པ་རྭ་ཅན་ཤིན་ཏུ་ཆེ་བ་ཞིག་བཏགས་འདུག་པ་རླུང་གིས་བདས་དེ་གདོང་ལ་ལན་གསུམ་ཕོག་བྱུང་བ་རྨི་ལམ་མ་ཟིན་པར་འཇིགས་སྐྲགས་ཆེན་པོ་བྱུང༌། དེ་འཕྲལ་རྨི་ལམ་ཟིན་བྱུང་ནའང༌། ད་རེས་རྨི་ལམ་མ་ཟིན་ད་སྟེ་ནམ་ཞིག་བར་དོའང་མི་ཟིན་པ་འདྲ་སྙམ་སེམས་སྐྱོ་ཤས་ཆེན་པོ་བྱུང༌། དེ་འོད་གསལ་དུ་གྱུར་དེ་མཐའ་དབུས་མེད་པར་སོང༌། དཔལ་ལྡན་འདུས་པ་འཇམ་པའི་རྡོ་རྗེའི་མངོན་རྟོགས་ཆེན་མོ་འདི་ཡང་སྔ་མའི་རྗེས་ཐོགས་ལ་བརྩམས་པ་ཡིན་ཏེ་ཉི་མ་བཞི་ལ་གྲུབ་པར་བྱས། དབྱར་གྱི་རིང་རྗེ་བཙུན་སྟག་ལུང་པ་ཆབ་ཚན་སོགས་ཀྱི་སྟབས་ནས་བྱང་རྒྱབ་ལ་ཕེབས་པ་གནང་སོང༌། སླར་ཕེབས་མཚམས་ངེད་ཀྱིས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གནས་ཆེན་མཇལ་བར་དམིགས་ཕར་ལམ་ཕོད་མདོར་ཞག་གཅིག་བསྡད། སྡེ་པ་རིན་པོ་ཆེས་ཡར་གསུམ་བར་སྐྱེལ་མར་ཡང་ཕེབས། དེར་མི་དམངས་རྣམས་ལ་མ་ཎིའི་ལུང་དང་སེམས་བསྐྱེད་ཅིག་བྱས་པ། སྡེ་པའི་ཞབས་དྲུང་
གིས་ཀྱང་གསན་ཏེ་ཆོས་འབྲེལ་གྱི་ཐོག་མ་ཡིན་ནོ། །དེ་ཉིན་རྭ་བསྒྲེང་དུ་སླེབ་པའི་ཇོ་བོ་འཇམ་པའི་རྡོ་རྗེ་སོགས་རྟེན་རྣམས་ལ་གསེར་ཆབ་སོགས་ཀྱང་ཞུས་སྔ་ཕྱིར་དཀར་མེ་སྙན་དར་སོགས་རྒྱས་པ་འབུལ་ཐུབ་ཅིང༌། བར་སྐོར་ལ་བརྟེན་པའི་གནས་མཇལ་ཡང་ཤིན་ཏུ་ཞིབ་པར་བྱས། ཚོགས་སུའང་ཆོས་འབྲེལ་དང་གནས་སོ་སོ་ཐམས་ཅད་དུ་ཡང་ཆོས་ཀྱི་རྣམ་གྲངས་རེ་བཤད། ཁྱད་པར་བྲག་སེང་གེའི་ཞོལ་རྗེ་བཙུན་ཙོང་ཁ་པའི་བཞུགས་ཁྲིའི་སྟེང་ནས་ཆོས་འབྲེལ་ཞིག་དགོས་ཟེར་བ་ལ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གནད་འདོམས་པ་ལམ་རིམ་བསྡུས་པའི་དབང་དུ་བྱས་པ་ཞིག་བཤད། རྒྱ་དཔེ་མེ་ཐུབ་མ་རྣམས་ཀྱི་རྟེན་མཇལ་བྱས་པས། ཤཱན་ཏི་བས་མཛད་པའི་བརྟག་གཉིས་ཀྱི་འགྲེལ་པ་སོགས་རྒྱ་དཔེ་མང་པོའི་གཤམ་ན། བྷངྒ་ལ་པནྚི་ཏ་བྷིཀྵི་དཱི་པཾ་ཀ་ར་ཤཱི་ཛྙཱནསྱབུསྟ་ཀཾ། ཞེས་པ་འདུག་པས་ཇོ་བོ་རྗེ་ཉིད་ཀྱི་ཕྱག་དཔེར་ངེས་པའི་མོས་གུས་ཆེན་པོས་མཆི་མ་འཁྲུག་ཅིང་ན་བཟའ་དང་དྲི་བཟང་ལ་རིན་པོ་ཆེ་བསྲེས་པ་སོགས་ཕུལ་ཞིང་སྨོན་ལམ་མང་དུ་བཏབ། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ཀྱི་རྒྱ་དཔེ་ནས་ཤོག་བུ་གཉིས་ཙམ་རྒྱ་སྐད་ཉིད་དུ་མགྱོགས་པར་ཀློགས་ཤིང༌། དེ་རྗེས་སོ་སོར་ཕྲལ་ནས་བོད་སྐད་བསྒྱུར་གྱིན་བཤད་པས། རྭ་བསྒྲེང་པ་ཐམས་ཅད་སྔར་མི་ཆེ་དགུ་ཐམས་ཅད་ལ་རྟེན་མཇལ་ཕུལ་ཞིང༌། སྒྲ་བ་དང་ལོ་ཙཱ་བར་བཏགས་པ་མང་པོ་ཞིག་རང་བྱུང་ནའང༌། འབྲུ་རེ་འབྲུ་གཉིས་ཀློག་པ་ཙམ་ལས་མི་འདུག་པ་ངོ་མཚར་ཆེ་ཞེས་ངོ་བསྟོད་མང་པོ་བྱེད་ཀྱིན་འདུག ཚུར་ལམ་ལྷ་ཆུ་རྒྱས་པ་ནས་ལྕགས་ལ་ཐོན་ཏེ་ཕུ་མདོར་བཅག་མལ་ཞིག་བསྡད། སྡེ་ པ་ཡབ་ཡུམ་དྲུང་དུ་ཚེ་བཀའ་སོགས་དགོངས ་བཞེད་བཞིན་ཕུལ། སྒྲུབ་གནས་སེར་ལེ་རུ་ཞག་གསུམ་ཙམ་བསྡད། རྗེ་སངས་རྒྱས་ཡར་བྱོན་གྱི་སྐུ་འདྲ་གསུང་
བྱོན་མ་ལ་མཆོད་པ་བཟང་དུ་བཤམས་ཤིང་སྨོན་ལམ་བཏབ། དེ་ན་སྨོན་མཁར་ནས་དཔོན་སའི་དྲུང་སྲས་ཡུམ་བཞུགས་འདུག་ པ་ལའང་དགོངས ་བཞེད་ཀྱི་ཆོས་འབྲེལ་འདྲ་ཕུལ། སླར་རྣམ་རྒྱལ་རབ་བརྟན་ཉིད་དུ་སླེབ། འདི་སྐོར་གྱི་སྐབས་ཤིག་ཐོ་རངས་གཉིད་མིན་དངོས་མིན་ལ། ཤེས་པ་གསལ་ཞིང་དྭངས་པ་ཞིག་གི་ངང་ནས་ས་དང་བར་སྣང་ལ་ལུས་དབྱིབས་སྣ་ཚོགས་པ་ཡོད་པའི་སྐྱེ་བོ་གྲངས་མེད་པ་ཞིག་འགྲོ་བ་ཞིག་འདུག དེ་དག་དང་ལྷན་ཅིག་ཏུ་སོང་བས་ལུང་བ་གྲུ་གསུམ་ཁ་དོག་དམར་པོ་ཞིག་གི་དབུས་ན། ཤེལ་གྱི་རི་བློས་མི་འཁྱུད་པ་ཞིག་འདུག་དེ་ཉིད་མཆོད་རྟེན་བཟོ་འབྲས་ཤིན་ཏུ་མཚར་བ་ཆེ་ཆུང་མ་ངེས་པས་གོ་མཚམས་མེད་པར་གཏམས་པ་ཞིག་འདུག་པ། མཆོད་རྟེན་རེ་རེ་ལ་ཡང་སངས་རྒྱས་བྱང་སེམས་ཀྱི་སྐུ་དཔག་ཏུ་མེད་པ་དང་དེ་ཐམས་ཅད་ཀྱང་ཞུ་བ་ཞུ་ལན་སོགས་ཆོས་ཀྱི་སྒྲ་དི་རི་རི་འདུག ནམ་མཁའ་ནས་མེ་ཏོག་གི་ཆར་འབེབས་པ་སོགས་ཡ་མཚན་པའི་ལྟས་མང་པོ་དང༌། ཕྱོགས་བཅུ་ནས་འདུས་པའི་སེམས་ཅན་གྲངས་མེད་པ་མང་པོ་མཆོད་པ་བྱས་ཀྱིན་འདུག་པས་ཐམས་ཅད་ཀྱང་མགྲིན་གཅིག་ཏུ། ཨེ་ཡིག་ལ་ནི་ཝཾ་གནས་ཏེ། །རྒྱལ་བ་ཀུན་གྱི་ཕོ་བྲང་ལ། །སངས་རྒྱས་གྲངས་མེད་བདུན་བཅུ་གཉིས། །འཁོར་ནི་བྱེ་བ་བྱེ་བས་བསྐོར། །བདེ་ཆེན་འོད་དཔག་མེད་པའི་ཞིང༌། །ཞེས་བྱ་བ་ལ་སོགས་པ་མང་པོ་ཞིག་འདོན་གྱིན་འདུག་པ། ཚིག་གི་འཕྲོ་རྣམས་བརྗེད་ནས་ཐལ། རི་འདི་ཅི་ཡིན་དྲིས་པས་མཆོད་རྟེན་དཔལ་ཡོན་ཅན་ཡིན་ཟེར། འདི་སྐབས་དཔལ་ཇོ་ནང་དུ་བདག་ཅག་དཔོན་སློབ་རྣམས་ཀྱིས་ལྷག་བསམ་རྩེ་གཅིག་པའི་སྒོ་ནས་རྒྱུ་གང་ཡོད་བསྒྲིལ་ནས།
སྐུ་འབུམ་མཐོང་གྲོལ་ཆེན་མོ་ལ་ཞིག་གསོས་བགྱིས་པ་གྲུབ་ཏུ་ཉེ་བའི་སྐབས་ཡིན་པ་འདུག་པས་དེ་ལ་ལྟ་བ་ཡིན་ནམ་སེམས། བཀའ་དྲིན་མཉམ་མེད་མཁན་རིན་པོ་ཆེ་དེ་ཉིད་ཀྱི་ དགོངས་པ ་རྫོགས་པའི་ཐབས་སུ་ནང་རྟེན་བཞེངས་པའི་ཚེ། གསེར་མང་ཙམ་ཞེས་འབུལ་རྒྱུ་བྱུང་ཞིང༌། དེ་མིན་རྟེན་བཞེངས་པ་སོགས་མ་གྲུབ་པས་དེ་ཉིད་ལ་དམིགས་པ་ཡིན། དཔལ་དུས་ཀྱི་འཁོར་ལོའི་སྐུ་གཅིག་ཀྱང་བཞེངས། མཆོད་རྟེན་ཞིག་གསོས་ཀྱང་གྲུབ་ཤིན་ཏུ་ཆེ་བ་བྱུང༌། ནམ་གུང་མི་རྣམས་གཉིད་དུ་སོང་བའི་སྐབས། རྒྱང་ནས་ཤིང་གཞོག་པ་དང་ཟངས་བརྡུང་བ་དང་སྦུད་པའི་སྒྲ་སོགས་དི་རི་རི་ཡོད་པ་ལན་མང་དུ་བྱུང་བ་དང༌། རབ་གནས་མཛད་འདུག་པའི་སྐབས་སུའང་འཇའ་འོད་ཀྱི་གུར་ཁྱིམ་དང༌། མེ་ཏོག་གི་ཆར་འབབ་པ་སོགས་གཞན་དང་མི་འདྲ་བའི་ཡ་མཚན་ཆེ་བ་རང་བྱུང་འདུག དེ་རྗེས་སློབ་དཔོན་རིན་པོ་ཆེའི་ཕྱག་དམ་ཐམས་ཅད་དུ་ང་ནི་རང་རེས་ཞིག་གསོས་ཀྱི་བྱ་བ་གྲུབ་པ་ཡིན་པས་ད་སྒོས་མྱུར་དུ་འགྲོ་བ་ཡིན་གསུང་བ་འབྱོར་བྱུང་བ་ཕྱི་མཐའ་ཇི་བཞིན་མཁྱེན་པའི་གསུང་དུ་བྱུང༌། འདི་སྐབས་དཔལ་སྟག་ལུང་རིན་པོ་ཆེར་བློ་སྦྱོང་གི་ཆོས་སྐོར་ཡོངས་སུ་རྫོགས་པ་ཞིག་དགོས་ཕེབས་པ་ལྟར་ངག་ཐོག་ནས་དོན་བདུན་མའི་ཁྲིད་ཀྱི་སྟེང་དུ་གཞན་རྣམས་ཚང་བར་བྱས། ཡིག་རྙིང་རྣམ་གྲངས་ཤིན་ཏུ་མང་བའི་ལུང་རྣམས་ཀྱང་ཕུལ། དངོས་ཀྱིས་ཀྱང་སྐུ་རགས་མའི་སྐོར་གྱི་ལུང་ཡོངས་སུ་རྫོགས་པ་དང༌། ཉམས་ལེན་ཁྲིད་ཚུལ་གྱི་སྙིང་པོ་རྣམས་ཞུས། དེ་མཚམས་གླིང་གི་གཟིམས་སྤྱིལ་དུ་བསྐྱས་ཤིང༌། སྤྲུལ་པའི་སྐུ་རིན་པོ་ཆེར་ཐང་པ་རིན་པོ་ཆེའི་བཀའ་འབུམ་གྱི་འཕྲོས་དང་ཉེ་བར་མཁོ་བའི་
ལུང་ཆོས་ཀྱང་མང་དུ་ཞུས་ཤིང༌། གཙོ་བོར་སྟག་ལུང་བཀའ་བརྒྱུད་ཉིད་ཀྱི་རང་བཞེད་ནཱ་རོ་ཆོས་དྲུག་ཤིན་ཏུ་སྨིན་པ་སོགས་སྟག་ལུང་བཀའ་བརྒྱུད་རང་དང་འབྲེལ་བའི་དབང་རྗེས་གནད་མང་བར་ཞུས་ཤིང་སྔ་ཕྱིར་དམ་ པ་མཆོག་འདི་ལ་ལུང་བཀའ་ཆོས་མང་བ་ཐོབ། གཙོ་བོར་དགོངས ་བཞེད་ལྟར་བདེ་མཆོག་ལྭ་བ་བཅུ་གསུམ་མ། སྡོམ་འབྱུང་རྡོ་རྗེ་མཁའ་འགྲོ་གསང་བདག་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དོན་ཞགས་གཟུངས་གྲྭ་ལྔ་རྣམས་ཀྱི་དབང་སོགས་དང༌། མར་རྔོག་ཡབ་སྲས་ཀྱི་བཞེད་པ་ལས་བྱུང་བའི་དཀྱིལ་འཁོར་རྣམས་དང་འབྲེལ་བའི་ཆོས་རྣམ་གྲངས་ཤིན་ཏུ་མང་བ་ལ། རྔོག་ལུགས་དགྱེས་པ་རྡོ་རྗེའི་བསྲེ་འཕོའི་སྐོར་དང༌། གུར་གྱི་སྲོག་ཤིང༌། འགྲེལ་པ་བཀའ་ཡང༌། གུར་ཊཱིཀ་གཟེར་ཆེན། ཀུ་ཀུ་རི་པའི་ཆོས་བདུན། རྒྱུད་ཊཱི་ཀ་མགར་གྱིས་མཛད་པ། གདན་བཞིའི་རྒྱ་གཞུང་རྣམས་དང༌། རྒྱུད་འགྲེལ་རྔོག་སྟོན་ཐོགས་མེད་གྲགས་པས་མཛད་པ་རྣམས་ཀྱི་ལུང་དང༌། མཱ་ཡ་དང་གདན་བཞིའི་འཁྲིད་ཚུལ་མན་ངག་གི་ཡི་གེ་རྣམས་ཀྱི་ལུང་སོགས་དང་རས་ཆུང་སྙན་བརྒྱུད་རྙིང་པ་ཡོངས་སུ་རྫོགས་པ་དང༌། གསང་འདུས་རིམ་ལྔ་མར་ལུགས་ཀྱི་འཁྲིད་ཚུལ་རྒྱས་པ་དང༌། བུ་སྟོན་རིན་པོ་ཆེའི་ཁྲིད་ཡིག་དང༌། གདམས་ངག་ནག་ཁྲིད་ཀྱི་དཔེ་བུམ་ཡོངས་རྫོགས་དང༌། རིམ་ལྔ་སྤྱོད་བསྡུས་སོགས་འཕགས་སྐོར་གྱི་རྒྱ་གཞུང་རྣམས་དང༌། འགྲེལ་ཆེན་སྒྲོན་གསལ་གྱི་ལུང༌། དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་དང་གཞུང་དྲུག་སོགས་ལུང་གི་སྐོར་ཡོངས་སུ་རྫོགས་པ་སོགས་རྣམ་གྲངས་མང་བ་རང་ཕུལ་ཞིང༌། བཀའ་ལས་གསང་འདུས་རིམ་ལྔ་ལ་ཁྲིད་ཡིག་མང་པོ་འདུག་
ནའང༌། ཚིག་དོན་གཉིས་ཀ་མར་ལུགས་གཙང་སང་ངེ་བ་མི་སྣང་བས་བརྡའ་དོན་གཉིས་ཀ་མར་ལུགས་ཁོ་ན་ཡིན་པ་གསལ་ལ་ཆ་ཚང་བ་ཞིག་རྩོམས་ཤིག་ཅེས། བཀའ་གནང་ཕེབས་པ་ལ་བརྟེན་ཏེ། རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་རྙིང་རྣམས་ལ་འཐོར་ཐབས་སུ་གནས་ཤིང་འགའ་ཞིག་གབ་པ་དང་མི་གསལ་བའི་ཚུལ་དུ་ཡོད་པ་དེ་གསལ་ཞིང་མ་འཁྲུགས་པར་བསྒྲིགས་པ་འདི་བརྩམས་པ། ཕྱིས་བྱུང་མར་བའི་རྗེས་འབྲང་དུ་ཁས་ལེན་པ་མང་པོ་ཞིག་གི་ས་ན་ཧམ་པ་སྤྱི་བརྟོལ་ཁོ་ན་ལ་འཆད་རྩོད་རྩོམ་གསུམ་བཟང་བར་རྩི་བ་འདུག་པ་རྣམས་ལྟར་ན། ཁོ་བོའི་འདི་ཙམ་ཡང་བསྟན་པ་ལ་ཅུང་ཟད་བྱ་བ་བྱས་པ་ཡིན་པར་སེམས། དེ་ལྟར་ཟླ་བ་གཉིས་ཀྱི་བར་དུ་སྔ་གྲོ་ཉི་ཤར་ལ་ཡང་དགོན་གཟིམས་ཁང་དུ་སླེབ་པར་བྱས་གཟིམས་ཁང་དེ་ཉིད་ཀྱི་ཉི་མ་མ་བཞུད་ཀྱི་བར་སྐུ་གཞོགས་དེ་ཉིད་དུ་བཀའ་ཆོས་ཞུ་འབུལ་རྣམས་བགྱིས་ཤིང༌། དེ་མཚམས་གཟིམས་སྤྱིལ་དུ་ཚོགས་ཆེན་ལ་ཉིན་རེ་བཞིན་རྗེས་གནང་རེ་མ་ཆག་པ་དང༌། སྙིང་པོ་དོན་གསུམ་གྱི་ཁྲིད་དང༌། བདེ་མཆོག་ལྷ་ལྔའི་སྨིན་བྱེད་ཀྱིས་སྒོ་ཕྱེ་སྟེ། ཤངས་ཆོས་ཡོངས་སུ་རྫོགས་པ་གཞུང་བཀའ་སོ་སོ་དང་འབྲེལ་བར་བསྒྲུབས། དེ་གྲོལ་མཚམས་སུ་སོ་སོའི་འདོད་ཆོས་ལ་ཆོས་ཐུན་གཉིས་གསུམ་རེ་འཆག་མེད་དུ་བྱུང་ཞིང༌། དོན་གཉེར་འགའ་ཤས་ལ་བརྟག་གཉིས་ཀྱི་ཞིབ་བཤད་རྩ་བ་ཚིག་གཅིག་ཀྱང་མ་ལུས་པ་རྫོགས་པར་བཤད། གྲོག་ཁར་ཡང་གྲུབ་པའི་དབང་ཕྱུག་གི་ཞབས་དྲུང་དུ་པདྨ་བྷཻ་ར་བ་དང་དམར་པོ་མདའ་གཞུ་འགེངས་པའི་རྗེས་གནང་སོགས་དང་རྡོ་རྗེ་ཕུར་པའི་ཆོས་སྐོར་སོགས་རྣམ་གྲངས་མང་བ་ཐོབ། དངོས་ཀྱིས་ཀྱང་ཆོས་ཐན་ཐུན་དགོངས་བཞེད་ལྟར་
ཕུལ། དེ་ནས་སླར་ཡང་རྣམ་རྒྱལ་རབ་བརྟན་དུ་བླ་མ་དམ་པའི་ཞབས་དྲུང་དུ་ཟླ་གཅིག་སྐོར་བསྡད་ཅིང༌། རྗེ་རི་བོ་ཆེ་བའི་བཀའ་འབུམ་དང་འབྲེལ་བའི་བྱིན་རླབས་རྗེས་གནང་རྣམ་གྲངས་མང་བ་དང༌། གུ་རུ་དྲག་དམར་ཉང་ལུགས་ཀྱི་དབང་དང་ལུང་བཀའ་ཡོངས་རྫོགས་ཐོབ། དངོས་ཀྱིས་ཀྱང་སྐུ་ཚེའི་རྟེན་འབྲེལ་དུ་སྒྲོལ་དཀར་གྱི་རྗེས་གནང་བརྒྱ་རྩ་ཞིག་ཕུལ་ཞིང༌། ཁམས་པ་དགེ་སློང་གཉིས་ཀྱིས་ནན་ཆགས་ཀྱིས་བསྐུལ་བ་ལ་བརྟེན་ཏེ། དབང་མི་བདུན་ཙམ་ལ་བདེ་མཆོག་ནག་པོ་པའི་དབང་ཞིག་བྱས། དུས་སློབ་མ་སྟ་གོན་གྱི་གནས་གསུམ་བྱིན་རླབས་ཀྱི་སྐབས་དེ་རང་དུ། སྲིན་ལག་གཡོན་ནས་ཁྲག་རང་བརྡོལ་དུ་བྱུང༌། འདི་ལྟར་བུ་ཡང་ཕྱིས་འཚུབ་པའི་ལྟས་སུ་ཀ་བྱུང༌། སོག་པོའི་རྒྱལ་བརྒྱུད་དཔོན་པོ་ཁ་དན་བག་དུར་ཡང༌། བླ་མ་བཟང་དགུ་ལ་ནོར་ལྷའི་རྗེས་གནང་རང་ཆེད་ཀྱིས་ཞུ་ཡིན་འདུག་པ། ངེད་ལ་ཡང་ཛམྦྷ་ལ་སེར་པོའི་རྗེས་གནང་ཞིག་དགོས་ཟེར་བ་བཞིན་བྱས། ཁོང་དང་ལྷན་དུ་ཧོར་སྟོང་པའི་རྒྱལ་བུས་ཀྱང་རྗེས་གནང་དེ་ཞུས་སོང༌། དཔོན་པོ་ཁ་དན་གྱི་རྒྱལ་མོ་རྒན་པ་ན་བ་ཡིན་པས་ཁོང་གི་རུ་ཁྲོད་དུ་ཡོང་དགོས་ཚུལ་ནན་ཆགས་བྱེད་ཀྱིན་འདུག་ནའང་ཡེ་མ་ཕྱིན། ཁོ་རང་ཡང་དཔལ་དེ་བཞིན་གཤེགས་པ་སྟག་ལུང་པ་འདི། ངེད་གནམ་གྱིས་བསྐོས་པའི་རྒྱལ་པོ་དཀར་པོ་ཨ་བ་དན་གྱི་རྩ་བའི་བླ་མ་ཡིན། ངེད་སོག་པོ་རྣམས་ལ་སངས་རྒྱས་དང་འདྲ་བ་ཡིན་པ། དེའི་ཡང་བླ་མ་ཁྱེད་ཉིད་ཡིན་འདུག་པས་ཐུགས་དམ་སྐྱབས་འོག་ཏུ་འཇུག་དགོས་ཟེར་གུས་པ་ཆེན་པོ་བྱེད་ཀྱིན་འདུག ཧོར་ཟླ་དགུ་པའི་ཉི་ཤུ་གསུམ་ལ་རྗེ་བཙུན་དཔལ་སྟག་ལུང་པ་ཆེན་པོ་བརྟན་བཞུགས་དང་བཀའ་དྲིན་རྗེས་སུ་དྲན་པའི་ཡོན་རྣམས་ཕུལ། སེམས་ཅན་གྱི་མགོན་སྐྱབས་ལ་དགོངས་ཏེ་ཞབས་པད་བརྟན་པར་གསོལ་བ་བཏབ། ལོ་ཤས་དེ་ཀ་བྱེད་དགོས་
གསུང་ཞལ་གྱིས་བཞེས། ནང་པར་ཉི་ཤུ་བཞི་ལ་དར་ལ་བརྒྱུད་ནས་ཀུ་རུར་སླེབ། བྲག་ནག་གི་རི་ཁྲོད་དུ་འབོད་མི་བྱུང་བ་ལྟར་ཕྱིན་ཞག་གསུམ་བསྡད། དེ་མཚམས་ཉན་པོར་ཡང་ཕྱིན། ཉེ་སྐོར་གྱི་ཡུལ་ཆུང་ཐམས་ཅད་དུ་སྒོ་སྐོར་ལ་ཕྱིན་པས་ཡིག་དྲུག་གི་འགྲོ་དོན་ཆེ་བར་བྱུང༌། ཁྱད་པར་ཉན་པོའི་གཙུག་ལག་ཁང་དུ་མ་ཎིའི་ལུང་བྱས་པ་དང༌། ཤར་པ་འབུམ་པ་མཇལ་བའི་ཚེ་མི་ཚོགས་ཤིན་ཏུ་ཆེ་བར་བྱུང་ཞིང༌། དེ་དག་ཏུ་མེ་ཏོག་གི་ཆར་ཡང་བསྙོན་མེད་དུ་བབས། ལྷུན་གྲུབ་རྫོང་དུ་ཞག་གསུམ་བསྡད་ཅིང༌། ཞལ་ངོ་རྣམས་ལ་དགོངས་བཞེད་ཀྱི་ཆོས་འདྲ་ཕུལ། སུམ་འཕྲང་དུ་ཕྱིན་དུས་ར་ལུང་པའི་ཅོག་གྲྭ་བ་དཔོན་སློབ་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་ཆོས་འབྲེལ་དུ་བྱས། དཔལ་གླང་རི་ཐང་དུ་མཁན་སློབ་དགེ་འདུན་དང་བཅས་པས་འབོད་མི་ནན་ཅན་ཡོད་པ་བཞིན་སླེབ། གླང་ཐང་རང་དུ་ཞག་ཉི་ཤུ་སྐོར་བསྡད་ཅིང་གཙུག་ལག་ཁང་དུ་སྔ་དྲོ་རྗེས་གནང་རེ་དང༌། གཞི་བྱེས་ཀྱི་དགེ་འདུན་ལ་པཎ་ཆེན་གསེར་མདོག་ཅན་པ་ནས་བརྒྱུད་པའི་སྐོར་གྱི་ཤངས་ཆོས་ཡོངས་རྫོགས་དང༌། དགོངས་མོ་སྐྱ་བཙུན་ཚོགས་ཆེན་པ ་ལ་ཐེག་པ་ཆེན་པོའི་བློ་སྦྱོང་དང་སྨར་ཁྲིད་སོགས་བཤད་ཅིང༌། བླ་བྲང་དུ་སོ་སོའི་འདོད་ཆོས་ཞུ་བ་ཤིན་ཏུ་མང་བར་བྱུང༌། བར་བར་དུ་ཉེ་འཁོར་གྱི་དཔོན་ཆུང་འདྲ་དང་གྲོང་ཚོ་ཐམས་ཅད་ལ་ཕྱིན། ཁྱད་པར་ཁྲོམ་ཆེན་པོ་ལ་སེམས་བསྐྱེད་བསྡུས་པ་དང་མ་ཎིའི་ལུང་དང་ཁྲོམ་དབང་རྣམས་བྱས་པའི་སྐབས། ཁྲོམ་མི་ཚོགས་ཤིན་ཏུ་ཆེ་བས་མ་ཎི་བསྐུལ་མཁན་གཅིག་གིས་མ་འཁུལ་བར་ཚོ་བཞིར་བགོས་ཏེ། མ་ཎི་བསྐུལ་མཁན་བཞི་བྱེད་དགོས་པར་བྱུང༌། སེམས་བསྐྱེད་ཀྱི་སྐབས་མེ་ཏོག་གི་ཆར་བསྙོན་མེད་དུ་བབས་པའི་མེ་ཏོག་ཆེ་བ་རྣམས་ནི་ཕུག་རོན་ཙམ་ཐམས་ཅད་གྱིས་མཐུན་སྣང་དུ་གྲུབ་པ་མཐོང༌། འདི་སྐབས་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཡིག་
ན་ཡོད་པ་བཞིན་བུད་མེད་འགའ་ཞིག་གི་དཔྲལ་བ་དང་འཁུར་ཚོས་ཀྱི་སྟེང་ན་གཡུ་དྲུང་རིས་དམར་སེར་གཡོན་དུ་དྲག་ཏུ་འཁོར་བའི་རྣམ་པ་ནམ་ཡང་མཐོང༌། ཐོ་རངས་ཤིག་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན་གྱི་ཡེ་ཤེས་ཀྱི་སྐུའི་སྣང་ཆ་ཞུ་ལན་དང་བཅས་པ་གསལ་བ་ཞིག་བྱུང་སྟེ། འདིའི་ལོ་རྒྱུས་ཞུ་ལན་གྱི་རྡོ་རྗེའི་ཚིག་འགྲེལ་པ་མན་ངག་སོགས་ལོགས་སུ་བཀོད་ཡོད་པས་དེར་ཤེས་པར་བྱའོ། །གྲུབ་རྒྱལ་ནས་འབོད་མི་ནན་ཅན་བྱུང་བ་བཞིན་ཕྱིན། ཆོས་རྗེ་དོན་གྲུབ་པའི་དྲུང་དང་ནང་སོ་ཞལ་ངོ་རྣམས་ལ་བརྡ་དོན་གསལ་བའི་ཁྲིད། ཚེ་དབང་རྗེས་གནང་སོགས་རྣམ་གྲངས་མང་བ་དང༌། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཤིག་ཀྱང་བགྱིས་ཤིང༌། དགོན་པའི་གཙང་ཁང་གསར་བཞེངས་ལ་རབ་གནས་ཤིག་ཀྱང་བྱས། རྫོང་མདུན་གྱི་མཐིལ་དེར་ཁྲོམ་དབང་ཞིག་བྱས་པ་འཕན་ཡུལ་སྟོད་ཀྱི་མི་ཕལ་ཆེར་ཚོགས་ཤིང་ཐམས་ཅད་ཀྱང་དད་པ་ཆེ་བར་འདུག་པས་ངེས་འབྱུང་ལ་བསྐུལ་བ་དང་ལས་འབྲས་ཀྱི་ཆོས་བཤད་པའི་ཚེ་མཆི་མ་འབྱིན་པ་དང༌། ཡིད་འགྱུར་བའི་སྡིག་པ་སྣ་རེ་སྤོང་བ་དང༌། དགེ་བ་སྣ་རེ་སྒྲུབ་པའི་དམ་བཅའ་བྱེད་མི་མང་བར་བྱུང༌། དེ་ནས་གླང་ཐང་དུ་སྒེག་པའི་རྡོ་རྗེས་མཛད་པའི་གཤིན་རྗེ་གཤེད་ཀྱི་གཞུང་ཤླཽ་ཀ་སྟོང་གི་ཚད་ཙམ་པ། རོང་ཟོམ་ཆེན་པོ་ཆོས་བཟང་གིས་བསྒྱུར་བའི་དཔེ་ལག་ཏུ་འབྱོར། མཐོང་བ་ཙམ་གྱིས་སྔ་གོང་ཡུན་རིང་སྦྱོང་མྱོང་བ་ལྟར་བརྗེད་གསོས་པ་འདྲ་བ་ཞིག་ལ་ཡིད་དགའ་བས་ཁྱབ་པ་ཞིག་བྱུང༌། དེ་ནས་སྐྱོར་མོ་ལུང་ནས་འབོད་མི་གནང་བྱུང་བ་ལྟར་ལམ་དུ་ཞུགས། གྲོ་སར་རྭ་ལོའི་ཐུགས་དམ་གནྡྷོ་ལ་སོགས་གྲོ་སའི་རྟེན་རྙིང་པ་རྣམས་མཇལ། གྲོ་སའི་ལ་ལ་འཐོན་ཡབ་ཏུ་སླེབ། དེ་ནས་སྔ་བར་ལངས་ཏེ་ར་ཙག་མཇལ་བར་ཕྱིན། རྟེན་ཐམས་ཅད་ལ་ཡང་སྙན་
དར་ཕུལ་ཞིང༌། ཁྱད་པར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཁ་ཡིག་འབྱར་བའི་སྙན་དར་ཤིན་ཏུ་མང་བ་ཕུལ། དྲི་བཟང་དང་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གཏོར་གསོལ་བ་མང་དུ་བཏབ། བྱིན་གྱིས་བརླབས་པའི་རྟགས་ཅུང་ཟད་བྱུང༌། སྐྱོར་མོ་ལུང་དུ་གྲུབ་ཐོབ་བརྒྱད་ཅུའི་ཞལ་ཐང་གསར་བཞེངས་ལ་རབ་གནས་བགྱིས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དང་ཚེ་དབང་བརྒྱ་རྩ་དང་རྟ་མགྲིན་གྱི་རྗེས་གནང་སོགས་དགོངས་བཞེད་ཀྱི་ཆོས་རྣམས་ཕུལ་རྗེས། ར་ས་འཕྲུལ་སྣང་དུ་ཁོར་ཙམ་ཕྱིན་མ་ཎི་བ་དུང་དཀར་འབྲུག་སྒྲས། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་བརྙན་གསེར་ཟངས་ལས་བསྒྲུབས་པ་དང༌། བཀའ་འགྱུར་ཡང་བྱེད་ཙམ་བཞེངས་གྲུབ་འདུག་པ་དེ་རྣམས་ལ་རབ་གནས་དགོས་ཟེར་བ་ལྟར་རབ་གནས་འབྲིང་པོ་ཞིག་བྱས། ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་གྱི་ཁྱམས་ཁྲ་དེར་བཀའ་འགྱུར་གྱི་ཞུས་དག་ལ་བྱོན་པའི་དགེ་བའི་བཤེས་གཉེན་གཉིས་ཙམ་ཞིག་དང་གཞན་ཡང་དཀོན་གཉེར་བ་སོགས་ཀུན་བསྒྲིལ་ཉིས་བརྒྱ་ཙམ་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་དམིགས་པ་རྣམས་བསྡུས་པའི་ལུགས་ལྟར་དང་ལམ་གྱི་སྤྱྀ་ཆིངས་ཞིབ་མོར་བཤད་པས་མི་དམངས་རྣམས་ལ་དད་པའི་གསོས་འདེབས་ཙམ་བྱས། དེ་ན་ཡོད་པའི་དགེ་བཤེས་རྣམས་ངེད་ཅག་རྟག་ཏུ་ལམ་རིམ་གྱི་བཤད་པ་བྱེད་པ་ཡིན་ཡང་སྔར་མཐའ་མ་ཆོད་པའི་བློ་བསྐྱེད་ཇི་སྙེད་ཅིག་བྱུང་ཞེས་གཟེངས་བསྟོད་མང་པོ་བྱེད། པོ་ཊ་ལའི་འཇམ་དཔལ་གཤིན་རྗེ་གདོང་དྲུག་གི་ལི་མ་ཆོས་རྒྱལ་མེས་ཨག་ཚོམས་ཀྱི་ཐུགས་དམ་རྟེན་ངོ་མཚར་ཅན་དེ་ཉིད་ལ་སྙན་དར་བཅུ་ཙམ་ཕུལ་ཞིང་གསོལ་བ་དྲག་ཏུ་བཏབ་པས། ཧྲཱིཿཥྟཱི་ཡི་གེ་ཉེར་གསུམ་པའི་སྒྲ་ལྷང་ལྷང་བ་ལན་གསུམ་ཙམ་རྣ་བར་ཚོར་བར་ཆད་འགའ་ཞིག་བཟློག་པའི་ལྟས་ཀྱང་ཤར། འདི་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་སྐུ་འདྲ་ཡིན། སྐྱིད་ཤོད་ནས་སྡེ་པ་
གཡུལ་རྒྱལ་དྲུང་ལན་གཅིག་མོས་གུས་ཆེ་རབ་ཡོད་པའི་ཁུངས་ཀྱང་མཛད། བར་སྐབས་འདིར་དད་པ་ལོག་གེ་བ་དང་ཞལ་མཛེས་མཚོན་ཡོད་ཙམ་ལ་ཞེ་སུན་ནེ་བ་དང་ཅོ་འདྲི་སེ་བ་ཁོ་ན་མཛད། ངས་ཀྱང་ཅོ་འདྲིའི་ལན་ཆེ་བ་རེ་བྱས། ཡེར་པ་ནས་ཀྱང་ཟེམ་མེ་བ་ཁོ་ན་མཛད། སྐྱིད་ཤོད་དགའ་ལྡན་པ་རང་ལ་རྟེན་འབྲེལ་གལ་ཆེ་འདྲ་སྒྲིག་རྒྱུ་ཡོད་ནའང༌། དེ་ཀའི་སྟབས་ནས་ཡེ་མ་འགྲིགསྟག་ལུང་པ་ཚོ་ན་རེ། གཟི་འབྲིང་རྒྱུད་ལ་ཕོ་སྐྱེས་དཔའ་བོ་མོ་སྐྱེས་མཁའ་འགྲོ་ཟེར་བ་ལ། ངས་ཕོ་སྐྱེས་དེ་འདྲ་མོ་ཡིན། མོ་སྐྱེས་རང་དེ་ཅི་འདྲ་བྱས་པའི་བཞད་གད་ཀྱང་ཡོད། ཡེར་བ་ནས་དཔོན་སའི་དྲུང་རང་དེ་ཆོས་ཕྱོགས་སྲིད་ཕྱོགས་གཉིས་ཀ་འབྲེལ་མེད་ཕྱིན་ཅི་ལོག་ཀུན་གྱིས་གཟིགས་པ་དེ་ཡིན། ཕ་མིང་ལ་མི་ཕན་པ་ལ་ཁྱིམ་ས་བརླག་པ་ཆོས་མཛད་ནས་ཀྱང་བློ་གཏོང་ས་ནོར་བ། རང་གི་ཞལ་ངོ་སྐྱེས་བུ་དམ་པ་ཚོ་ལ་མི་དད་པ། གདོལ་ཐབས་ཚོ་ལ་མོས་ཞེན་སྐྱེས་པ་དེ་ཀ་ལགས་མོད། ཡེ་ཤེས་མཁའ་འགྲོ་མ་སྒུགས་ལ་སྡོད་ག་ན་ཡོད་པ། དེ་ནས་ཚུར་ལམ་ཤུན་དུ་ཞབས་དྲུང་གདུང་བརྒྱུད་དང་མཇལ། ཚེ་དབང་དགོངས་བཞེད་ལྟར་ཕུལ། ཚས་སྣར་ཞག་གཅིག་གི་སར་རྒྱང་ནས་བླ་ཆེན་རིན་པོ་ཆེ་སྙེ་ཐང་ཆོས་རྫོང་ནས་ཆེད་ཀྱིས་འཕྲད་པར་ཕེབས་བྱུང༌། དཔོན་སློབ་རྣམས་ལ་དགོངས་བཞེད་ལྟར་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཡིག་ལུང་རྣམས་རྫོགས་པར་ཕུལ། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ལ་གཞིས་ཀ་གོང་དཀར་དུ་སླེབ། ཚེས་བཅོ་བརྒྱད་ཀྱི་ཉིན་སློབ་དཔོན་རིན་པོ་ཆེ་ཆོས་ཀྱི་དབྱིངས་སུ་སྐུ་ཐིམ་པའི་གནས་ཚུལ་སྐྱེལ་མི་སླེབ། དེ་འཕྲལ་ཐོས་མཆོད་དུ་ར་བ་སྨད་པའི་གྲྭ་ཚང་དང༌། གོང་དཀར་ཆོས་སྡེ། ཁུ་སྤེ། སྐྱེད་ཚལ་འོག་སོགས་ཉེ་སྐོར་གྱི་དགོན་སྡེ་རྣམས་སུ་མང་ཇ་འགྱེད་བཅས་དང༌། དགོངས་རྫོགས་ཐུགས་དམ་བསྐུལ་བ་བགྱིས་ཤིང་ར་བ་སྨད་དང་ཆོས་
སྡེར་སྔ་ཕྱིར་མང་ཇ་འགྱེད་བཅས་གྲངས་མང་བར་བགྱིས། དེ་འཕྲལ་ནས་སྟོད་ཕྱོགས་མྱུར་ཤད་འགྲོ་རྩིས་ཡོད་ནའང༌། འགྲོ་བའི་བསམ་པ་བཏང་བ་ནས་རླུང་ལྟས་ལོག་ཅིང་རྨི་ལམ་དུའང་ད་རེས་མ་ཕྱིན་པ་ལེགས་པའི་ལྟས་བྱུང་བ་ནས། ཡིད་ཀྱིས་བསམས་པས་ཀྱང་རང་གི་ཆས་རང་གིས་ཟོས་ པ་ཙམ་གྱིས་དགོངས ་རྫོགས་སུ་འགྲོ་རྒྱུ་ཅང་མི་འདུག་པས་རྫས་གང་ཡོད་དགེ་འདུན་གྱི་སྡེ་སོ་སོར་མཆོད་པ་ལ་སོང་ན་ལེགས་པར་ཡང་ཤེས་མོད། ཕྱིས་ཀྱི་ས་སྐྱའི་གདུང་བརྒྱུད་ལ་འདས་གྲོངས་བྱུང་ཙ་ན། ཤུལ་མཆོད་མཁན་ཞལ་ངོ་དེས་རང་གིས་རང་ལ་འབུལ་བ་རྒྱ་ཆེན་རང་རྒྱག་པའི་སྲོལ་ནི་འདུག གཞན་ནི་དེ་འདྲ་ག་ལ་སྲིད། ངེད་ཀྱིས་དེ་མཚམས་གང་ཅི་ཐམས་ཅད་དུ་ཨ་ཁུའི་དྲུང་དང་ཀུན་དགའ་ཆོས་དབྱིངས་པར་ཞིབ་འཐེན་བསླབ་སྟོན་བྱས་ཤིང༌། དགོངས་རྫོགས་ཀྱི་ཚོགས་དབུ་ལ་གཙོ་བོར་བྲག་སྟོད་ནས་རྗེ་བཙུན་བླ་མ་རིན་པོ་ཆེ་སྤྱན་གང་འདྲོངས་དང༌། གལ་སྲིད་སྤྱན་མ་འདྲོངས་ན། རྗེ་དམ་པའི་བུ་ཆེན་དུ་ཡང་ནི་འདུག སློབ་དཔོན་རིན་པོ་ཆེ་དེ་ཉིད་ཀྱིས་ཀྱང་ཆོས་འབྲེལ་ཅུང་ཟད་གསན་འདུག་པ། བསྟན་འཛིན་རིན་པོ་ཆེ་སྤྱན་འདྲེན་ཞུས་ན་ལེགས་པ་དང༌། ད་ལྟ་འཕྲལ་དུ་གང་ཡོད་རྣམས་སློབ་དཔོན་རིན་པོ་ཆེ་དེ་ཉིད་རང་གི་མཁྱེན་པ་དང་ཐུགས་རྗེ་ལས་ཕྱུང་བ་ཡིན་པས་ཐམས་ཅད་གཏོང་དགོས་ཚུལ་ཞིབ་རྒྱས་སུ་གླེངས་ནས་མྱུར་ཤད་དུ་ཁོང་རྣམས་བརྫངས། འདི་སྐབས་དགོངས་རྫོགས་ཀྱི་དངོས་གཞི་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་ཆོས་ལུང་བསམ་སྡིངས་བྱང་ཆེན་སོ་སོའི་དགོན་ལག་དང་བཅས་པ་རྣམས་ཚོགས་པའི་སོ་སོས་ཀྱང་དཀྱིལ་འཁོར་ཐ་དད་པ་ཞལ་ཕྱེ་ཞིང་ཐུགས་དམ་བསྐུལ། ཚོགས་དབུར་རྩ་བའི་བླ་མ་དམ་པ་སྤྱན་འདྲེན་ཞུས་ཀྱང་ཕེབས་མ་ཐུབ་པས་གྲལ་དབུ་ལ་བསྔཽ་བ་གནང་བར་བསྟན་འཛིན་རིན་པོ་ཆེ་ཞག་གཅིག་
སྤྱན་འདྲེན་ཞུས་འདུག བསྔོ་བརྟེན་གཙོ་བོར་བྲག་སྟོང་དུ་བླ་མ་དམ་པའི་དྲུང་དུ་ཕུལ་ཞིང༌། དགོན་ལག་དང་བཅས་པར་མང་ཇ་འགྱེད་བཅས་ཀྱི་སྐུ་སྐལ་ཕུད་རྣམས་ཕུལ། གྲྭ་ཚང་ཆེན་མོ་བྱ་རྒོད་གཤོངས་ས་སྐྱ་ངམ་རིང་བཟང་ལྡན་རྣམས་སུ་མང་ཇ་འགྱེད་སོགས་ཀྱི་སྐུ་སྐལ་ཇོ་ནང་ནས་བགྱིས། ངོར་སྣར་ཐང་གངས་ཅན་བཀྲ་ཤིས་ལྷུན་པོ་ཞ་ལུ་གནས་དགོན་རྣམས་སུ་བྱང་ཆེན་དང་སྣར་ཐང་ན་ཡོད་པ་རྣམས་གྱི་སྟེང་ནས་ལྷག་མ་མ་ལུས་པར་བཏང༌། གསེར་མདོག་ཅན་དུ་གསེར་མདོག་ཅན་རང་ན་ཡོད་པ་རྣམས་ཀྱི་སྟེང་ནས་ལུགས་མཐུན་དུ་བསྒྲུབས་ཤིང༌། དཔལ་འཁོར་ཆོས་སྡེ་རྩེ་ཆེན་ཆོས་སྡེ་དགའ་བ་གདོང་གནས་རྙིང་སོགས་ཉང་གི་ཆོས་སྡེ་དགོན་གནས་ཆེ་ཕྲ་རྣམས་སུ་བསམ་སྡིངས་ན་ཡོད་པ་རྣམས་ཀྱི་སྟེང་ནས་སོང་བ་ཀུན་བསྒྲིལ་སྟོད་སྨད་ཐམས་ཅད་དུ་བསྡོམས་པས་ནས་འགྱེད་ལ་ཁལ་ཁྲི་ཚོ་ཕྱེད་གཉིས་ཙམ་སོང༌། གཞན་རྣམས་དེས་མཚོན། རིམ་པས་དབུས་ཡར་འབྲོག་གི་དགོན་གནས་རྣམས་སུ་ཡང་རང་རེ་ལ་བལྟོས་པའི་གང་གྲག་བགྱིས་ཤིང༌། དགེ་སྦྱོར་ཐམས་ཅད་ཀྱང་ཐུགས་ཡིད་དབྱེར་མེད་དུ་བསྲེ་བའི་ངང་ནས་བགྱིས་པའི་ཁུངས་བྱས། གཙོ་བོར་བདག་ཉིད་བླ་ན་མེད་པ་ཡེ་ཤེས་མཆོག་དམ་པ་ཐོབ་པ་དེའི་ཚེ་བླ་མའི་ཐུགས་ཀྱི་ དགོངས་པ ་ཡོངས་སུ་གང་བར་བྱ་ཡི། གཞན་དུ་དམ་པའི་ཆོས་ཚིག་གཅིག་གི་དྲིན་ལན་ཡང་བསྐལ་པར་ལོན་པར་ག་ལ་འགྱུར། འདིར་སྨྲས་པ། འདི་ན་ཚོགས་གཉིས་གསེར་གྱི་རི་བོའི་སྤོར། །ནམ་ཡང་ཆགས་པའི་འདབ་ཆགས་རྒྱལ་པོ་རོལ། །མི་མཁས་ཆེན་པོའི་ལས་ལ་ཆུང་ངུའི་འབྲས། །ཤེས་ལྡན་ཐབས་ལ་མཁས་པས་རྒྱ་ཆེར་སྤེལ། །དེ་ནས་ཟླ་བ་དེ་ཉིད་ཀྱི་ནང་དུ་ཞལ་ངོ་སོ་སོར་དགོངས་
བཞེད་ཀྱི་ཆོས་རྣམ་གྲངས་མང་བ་ཙམ་ཕུལ། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་ཚོགས་དགེ་འདུན་སྒང་བའི་མཁན་ཆེན་རིན་པོ་ཆེ་ཤཱཀྱ་རིན་དབང་གིས་གཙོ་བོར་ནན་ཏན་དུ་མཛད་པའི་དོན་དང༌། གཞན་ཡང་གསོལ་བ་བདེབས་པ་མང་པོའི་ངོར་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚུགས་པར་བྱས། འདི་སྐབས་ཆོས་ཞུ་བ་རབ་སྨད་པ་ཤས་ཆེ་བའི་དགེ་འདུན་རང་མང་བ་དང༌། བླ་མ་དགེ་བའི་བཤེས་གཉེན་མང་རབ་དང་བཅས་པ་བྱུང་ཞིང༌། ཁྲིད་དམིགས་བཤད་པ་མཐའ་ཆོད་དང་བཅས་པ་རྒྱས་ངེས་པ་བྱས། སྣང་གསུམ་སྐབས་བླ་མ་བརྒྱུད་པའི་རྣམ་ཐར་དང༌། རྒྱུད་གསུམ་གྱི་སྐབས་ཡིག་སྣ་དྲུག་ཅུ། པོ་ཏི་དམར་ཆུང་སོགས་ཀྱི་ལུང་བཀླགས་ཤིང༌། དགུན་ཉི་མ་ཐུང་བའི་སྟབས་ལུང་རྒྱ་ཆེན་པོ་རང་མ་སོང༌། རྒྱུ་དབང་ལ་དབང་ཆ་སུམ་ཅུ་ཙམ་བྱུང་ཞིང༌། ཡབ་བཀའ་ཡུམ་བཀའ་གཉིས་ཀའང་རྡུལ་ཚོན་གྱི་དཀྱིལ་འཁོར་ཆོ་ག་རྒྱས་པས་བཞེངས་ཐུབ། དམ་ཚིག་གི་ཆོས་སྐོར་སོང་མཚམས་རྒྱུད་གསུམ་གྱི་དམིགས་པ་མ་ཚུགས་གོང་དེར། ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་ནས་བཀའ་བཀོད་ནན་ཆགས་ཀྱིས། མངའ་རིས་རིག་འཛིན་ཆེན་པོའི་རྒྱལ་སྲས་དང༌། མཁྱེན་བརྩེ་ལགས་གཉིས་ཅར་བསྟུད་མར་གཤེགས་པའི་དགོངས་རྫོགས་དངོས་གཞིའི་ཚོགས་དབུ་ལ་ཡོངས་ན་མ་ཡོངས་ཡིན་གསུང་བྱུང་བས་ཚེས་དགུའི་སྔ་ཆོས་གྲོལ་ནས་ལྕགས་ཟམ་རྩེར་ཕྱིན། བཀྲ་ཤིས་སྟོབས་ཀྱི་སྲས་ཆེ་བ་རིག་འཛིན་ངག་གི་དབང་པོ་མཆན། རྒྱལ་བུ་སྐུ་བགྲེས་ པ་བླ་མའི་དྲུང་དང་ཡང་མཇལ་ཞིང་དགོངས ་རྫོགས་ཀྱི་སྔོན་འགྲོ་གཏོར་མའི་སྐབས། དྲིལ་བུའི་ཚངས་མགོ་བྲལ་བ་ཞིག་བྱུང་བས་དམིགས་པའི་བར་ཆད་དུ་སོང་ཡིད་མི་བདེ་བ་ཞིག་དང་རྟོག་པའང་ཟ་བ་ཞིག་བྱུང་སྟེ། ཕྱིས་ཞབས་
དྲུང་སྟོབས་དྲུང་རང་མྱུར་དུ་ཞབས་པད་མི་བརྟན་པའི་རྟེན་འབྲེལ་དུ་གོ །དགོངས་རྫོགས་གྲོལ་འཕྲལ་མྱུར་ཤད་ཡོངས་པས་ཚེས་བཅུའི་དགོངས་ཆོས་མ་ཆག་ཙམ་ཐུབ། འདི་སྐབས་ལམ་འབྲས་ཀྱི་ཆ་ལག་དབང་བྱིན་རླབས་ཐམས་ཅད་རྫོགས་པར་སོང༌། ར་བ་སྨད་ནས་དྲུང་ཆེན་འཕྲིན་ལས་དཔལ་འབྱོར་བའི་ དགོངས་བཞེད་ལྟར་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་རྒྱ་གཞུང་གི་ལུང་དང་བཅས་པ ་བྱས་ཤིང༌། ཞུ་མཁན་ཞབས་དྲུང་ཞལ་ངོ་རྣམས་ཀྱིས་གཙོ་མཛད་པའི་འཕྱོང་རྩེ་དཀར་ཕིབས་སུ་ཤོང་མི་ཤོང་ཙམ་བྱུང༌། སྔ་ཕྱིར་བདེ་མཆོག་ལཱུ་ཧི་པ་བདེ་མཆོག་བོང་ཞལ་ཅན་བདེ་མཆོག་སྡོམ་འབྱུང༌། བདེ་མཆོག་སྦྱངས་པའི་ཡོན་ཏན་བཅུ་གསུམ་མ། རྡོ་རྗེ་མཁའ་འགྲོ་སོགས་དང༌། བདེ་མཆོག་ནག་པོ་པའི་དབང་ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཚུལ་ཤིན་ཏུ་སྨིན་པ། གཞུང་བཀའ་ཉི་ཤུ་དང་འབྲེལ་བའི་ཤངས་ཆོས་རྣམས་ཆ་ཚངས་བ་དང༌། རྒྱུད་སྡེ་ལྔ་གཅིག་ཏུ་བསྒྲིལ་བའི་དབང་བསྐུར་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་སྟེང་ནས། གོང་མ་ཞལ་ངོ་རྣམས་གཙོ་བོར་ཕེབས་པའི་དབང་ཞུ་མི་བརྒྱ་ཙམ་ལ་ལེགས་པར་བསྒྲུབས་པ་མཆོད་གཏོར་བཤམ་ལུགས་བུམ་པ་འཇོག་ལུགས་ཚུན་ཆོད་དང་དབང་གཉིས་པ་དང་གསུམ་པའི་དཀྱིལ་འཁོར་སོགས་ཤངས་ལུགས་རང་གི་ཕྱག་ལེན་གཙང་མར་བྱས། ལམ་འབྲས་གྲོལ་མཚམས་སུ་དེ་ཉིད་བཅུའི་ཕ་རོལ་ཏུ་སོན་པ་རྡོ་རྗེ་འཛིན་པའི་དབང་ཕྱུག་དགེ་སློང་ཡེ་ཤེས་དབང་པོ་སྤྱན་དྲངས་ཏེ། ཆོས་འབྲེལ་གྱི་ཐོག་མར་གུ་རུ་ཟླུམ་པོ་བཞིའི་དབང་ཞུས། ཡེ་ཤེས་ཕབ་པའི་དུས་སུ་སེམས་ལ་བདེ་ཉམས་ཆེན་པོ་ཞིག་ཤར། དེ་ནུབ་རྨི་ལམ་དུའང་
སྒྲུབ་ཡིག་ནས་བཤད་པའི་ལྟས་རྣམས་བྱུང༌། སྔར་རྟེན་འབྲེལ་ལོག་པ་དེ་ཅུང་ཟད་སོར་ཆུད་པར་སྣང༌། དེ་ནས་རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ནས་དབང་བསྐུར་སྩལ་བའི་སྟ་གོན་གྱི་ནུབ་རྨི་ལམ་དུ་སྐས་རིང་པོ་ཞིག་ལ་འཛེག་གིན་འདུག་པས་སྐས་གདང་རེ་རེ་ལ་རྡོག་པ་འཇོག་པ་དང་དགའ་བ་གཅིག་དགའ་བ་གཉིས་ཞེས་པ་ནས་དགའ་བ་ཉི་ཤུ་ཐམ་པའོ་ཞེས་པ་དང་སྐས་མགོར་སླེབ། དེ་ན་རྡོ་རྗེ་གནོད་སྦྱིན་ཡིན་ཟེར་བ་ཞིག་འདུག་པ་ལ་བྱིན་རླབས་ཞུས་པ་ཞིག་རྨིས། དྲག་པོ་སྒྲོལ་དབང་ཞུས་པའི་ནུབ་བྲག་རྫོང་ཤིན་ཏུ་བཙན་པ་ཞིག་ན་འདུག་པའི་རྨི་ལྟས་ཤིག་བྱུང༌། མཐུ་བཏང་སོགས་སྦྱོར་བ་ངན་པ་བྱིར་བཟློག་པའི་ལྟས་སུ་གོ །གསང་བ་འདུས་པ་འགོས་ལུགས་རྙིང་མ་ས་སྐྱ་པའི་རྗེ་བཙུན་དཀར་པོ་རྣམ་གསུམ་ཡང་བརྒྱུད་པ་ལ་བཞུགས་པའི་ཆོས་ཤིན་ཏུ་དཀོན་པ་དེང་སང་ས་ཞེན་ཆེ་ཆེ་མོ་ཀུན་གྱིས་ཀྱང་རྩད་མ་ཆོད་པ་དེ་ཡང་བཞུགས་ཀྱིན་འདུག་པས་རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་ནས་དབང་རྫོགས་བར་ཞུས། ལྷ་ངོ་སྟོན་པ་མཛད་སྐབས་དམིགས་པ་ཤིན་ཏུ་གསལ་བས་གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་དུ་མཐོང་བ་སྙམ་བྱེད་པ་བྱུང༌། ཕུར་བསྲུངས་ཀྱི་རྗེས་གནང་སོགས་ཆོས་ཚན་ཐོར་བུ་འགའ་ཤས་ཀྱང་ཐོབ། དཔོན་སློབ་རྣམས་ལ་ས་ལུགས་ཀྱི་བདེ་མཆོག་ལྷན་སྐྱེས་ཀྱི་རྗེས་གནང་ཞིག་དགོས་ཕེབས་པ་ལྟར་ཕུལ། དེ་ནས་ཞལ་ངོ་རྣམས་དང་རིན་པོ་ཆེ་ལྷ་རྩེ་བ་སོགས་ཀྱང་ཀརྨ་པ་མཇལ་བར་ཕེབས་སོང་བ། དེ་བར་ཞག་བཅུ་སྐོར་ཞིག་ཤིན་ཏུ་འགོལ་ཞིང་ཁ་འདོན་འཕེལ་བ་སྐྱིད་པར་བྱུང༌། འདི་སྐབས་ར་བ་སྨད་པ་རྣམས་ལ་གནས་
བསྟན་བཅུ་དྲུག་གི་རྗེས་གནང་དང༌། རྡོ་རྗེ་འཛིན་པའི་དབང་ཕྱུག་བླ་མ་རིན་པོ་ཆེ་ཡེ་ཤེས་དབང་པོ་དང༌། དགེ་སློང་རྡོར་གྲགས། གསེར་གླིང་ནས་བཀའ་བཅུ་པ་ཡེ་རྒྱལ་བ་སོགས་ཆོས་སྡེ་བ་མང་དག་ཞིག་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། བཀའ་གདམས་ལྷ་བཞིའི་རྗེས་གནང༌། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་བཀའ་གཏད། ལྷོ་ནུབ་མགོན་པོའི་རྗེས་གནང་སོགས་ཕུལ། །འདི་ཉིད་དགེ་སློང་རིན་པོ་ཆེའི་དྲུང་དུ། བཀའ་གདམས་གླེགས་བམ་སྤུས་གཙང་བ་ཞིག་འབུལ་མཁན་བྱུང་བ་སོགས་རྟེན་འབྲེལ་ལེགས་པར་བྱུང་འདུག སྐྱེད་ཚལ་འོག་ནས་ཆོས་རྗེ་གྲུབ་ཐོབ་པ་བདེ་མཆོག་ལཱུ་ཧི་པའི་དབང་དང་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ལུང་ཞུ་བར་བྱོན་བྱུང་བཞེད་དོན་ལྟར་བགྱིས། ཡར་རྒྱབ་ནས་དེ་གོང་ཡང་འབོད་མི་འཐངས་ལེན་ལན་ཁ་ཡར་ནན་ཅི་ཆེ་ཆེ་རང་བྱུང་བ་དང༌། འདི་སྐབས་སྐྱིད་རུ་ནས་བགྲེས་པ་འབོད་མིར་གནང་བ་ལྟར། ཧོར་ཟླ་བཞི་པའི་ཚེས་བདུན་ལ་སྐྱིད་ཤོངས་སུ་སླེབ་ཙམ་བྱས། ཞལ་ངོ་རྣམས་ལ་དགོངས་བཞེད་ལྟར་ཚེ་བཀའ་དང༌། མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང༌། རས་ཆུང་ལུགས་ཀྱི་ཚེ་ཁྲིད་མགྱོགས་ཁྲིད་རྣམས་བྱས། དེའི་སང་ཆོས་བརྒྱད་ལ་ལྷུན་གྲུབ་ལྷ་རྩེར་འབྱོར། སྡོད་ས་ཕུན་ཚོགས་བཀོད་ཀྱི་སྟེང་དེར་བྱས། སླེབ་འཕྲལ་ནས་ཚེ་བཀའ་སོགས་ཀྱི་ཞལ་ངོའི་དགོངས་བཞེད་ཐན་ཐུན་དང༌། ཞག་ཤས་ནས་གྲྭ་ཐང་ནས་བླ་ཆེན་རིན་པོ་ཆེ་དཔོན་སློབ་རྣམས་ཀྱང་ཕེབས་
ཤིང༌། རིམ་པས་འདོད་ཆོས་ཞུ་མཁན་ཕྱོགས་ནས་ཀྱང་རྣམ་གྲངས་མང་བ་རང་འདུས། གདུང་བུ་དང་ཆོས་རྫོང་སོགས་ཉེ་སྐོར་དེ་ཉིད་ལ་བཞུགས་པའི་ཆོས་ཞུ་བ་ཡང་མང་བ་དང་སོ་སོ་ནས་ཆོས་འབྲེལ་འདོད་པ་སོགས་ཀྱང་ཤིན་ཏུ་མང་བར་བྱུང༌། གང་ལྟར་འདི་སྐབས་སླེབ་ནས་ཟླ་གཅིག་ཙམ་གྱི་བར་ཆོས་ཐུན་བཞི་ལྔ་མ་ཆག་པ་དང༌། དེ་མཚམས་ནས་ཟླ་བ་བཞིའི་བར་དུ་ཉིན་རེ་བཞིན་ཆོས་ཐུན་བཅུ་གཉིས་རེ་མ་ཆག་པ་དང༌། མང་དུས་སུ་ཆོས་ཐུན་བཅོ་ལྔ་བཅུ་དྲུག་རེ་ཡོད་པའང་མང་དུ་བྱུང་ཞིང༌། བླ་ཆེན་རིན་པོ་ཆེའི་བཞེད་ཆོས་ཀྱི་གཙོ་བོ་ཤངས་ཆོས་ཡོངས་རྫོགས་དང༌། ངོར་ཆེན་ནས་བརྒྱུད་པའི་ལམ་འབྲས་ཆ་ལག་དང་བཅས་ཡིན་པ་འདུག་པ་བཞིན་གཙོ་བོར་བསྒྲུབས་པ་ཡིན་ལ། གཞན་སོ་སོའི་དོན་གཉེར་རྣམས་ལ་ཆོས་བཤད་པའི་རིམ་པ་མདོར་བསྡུས་པ་ནི། ལམ་འབྲས་དང་འབྲེལ་བར་བརྒྱུད་པ་གཉིས་ལྡན་གྱི་སེམས་བསྐྱེད། སློབ་མ་རྗེས་བཟུང༌། ཀྱཻ་རྡོར་མན་ངག་ལུགས་ཀྱི་རྒྱུ་དབང༌། བདག་མེད་ལྷ་མོ་བཅོ་ལྔའི་རྒྱུ་དབང་ཡབ། བཀའ་ལུས་དཀྱིལ་གྱི་དབང་དང༌། ཡུམ་བཀའ་ལུས་དཀྱིལ་གྱི་བྱིན་རླབས། སངས་རྒྱས་སྤྱན་མ། ཡི་གེ་བརྒྱ་པ། ཨཥྟ་རྣམས་ཀྱི་བཟླས་ལུང༌། ལམ་ཟབ་ཕྱི་ནང༌། བིར་སྲུང་ཕྱི་ནང༌། དབང་བཞི་ངོ་སྤྲོད། བརྡ་དོན་གསལ་བ། སྒྲུབ་པ་ལུང་བྱིན་སོགས་དང༌། སྣང་གསུམ་གྱི་སྐབས་ཟབ་མོ་མདོ་ལྔའི་ལུང༌། རྒྱུད་གསུམ་ནས་བཟུང་སྟེ། ལམ་འབྲས་གླེགས་བམ་དང༌། ཐུན་མོང་བའི་ཡིག་སྣ་བདུན་ཏེ་ཡིག་སྣ་དྲུག་ཅུ། པོ་ཏི་དམར་ཆུང༌། པོད་ནག་མ་ཡོངས་རྫོགས། པོ་ཏི་དམར་ཆུང་དུ་མ་འདུས་པ་ཡིག་རྙིང་ཕྲ་མོ་བཞི་བཅུ་ཙམ།
གཞུང་བཤད་སྨར་མ་རྣམས་ཀྱི་ལུང༌། བསམ་མི་ཁྱབ་དང༌། ཕྱག་ཆེན་ཡི་གེ་མེད་པའི་བྱིན་རླབས། ལམ་སྐོར་ཕྱི་མ་རྣམས་ཀྱི་ལུང་ཁྲིད། ནཻ་གུ་ཆོས་དྲུག་དང་ཕྱག་ཆེན་གའུ་མ་ཚར་གཉིས། ལམ་འཁྱེར་གྱི་ཁྲིད། མཁའ་སྤྱོད་དཀར་དམར་གྱི་ཁྲིད་ཞལ་ཤེས་མ། འཆི་མེད་ཀྱི་ཁྲིད། གཟེར་གསུམ་གྱི་ཁྲིད། བདག་མེད་མའི་ནང་ཁྲིད། སུ་ཁ་ཆོས་དྲུགདེ་དག་དང་འབྲེལ་བར་བདེ་མཆོག་ལྷ་ལྔའི་དབང་རྒྱས་པ་སོགས། ཆོས་དྲུག་བཀའ་བཅུ། ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་ལྔ། མགོན་པོ་བཀའ་ལྔ། འཆི་མེད་འཁྲུལ་འཁོར་གྱི་བྱིན་རླབས། བླ་མ་བརྒྱུད་པའི་རྣམ་ཐར་ཡོངས་རྫོགས། མགོན་པོའི་སྐོར་མ་གཏོགས་པའི་ཤངས་ཆོས་ཀྱི་པོ་ཏི་ཆེན་པོ་གཉིས་ཙམ་གྱི་ལུང༌། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང༌། གསང་འདུས་སྤྱན་རས་གཟིགས། གཤེད་མར་ལྷ་ལྔ། འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་བསྐོར། མ་ཧཱ་མཱ་ཡ་རྔོག་ལུགས། གཤེད་དམར་བཅུ་གསུམ་མ། མི་འཁྲུགས་པ་ཇོ་བོ་ལུགས་ཀྱི་དབང་ལ་སོགས་པ་དང༌། སྙིང་པོ་དོན་གསུམ། རས་ཆུང་ལུགས་ཀྱི་ཚེ་ཁྲིད། རྩ་དབུ་མའི་ཁྲིད་ངོ་སྤྲོད་དང་བཅས་པ། ནག་པོ་རིམ་བཞི། ལཱུ་ཧི་པའི་ཁྲིད་བསྡུ་བ་གསུམ་ལྡན། འཇིགས་བྱེད་ཀྱི་ཁྲིད་རྭ་རྩེ་སེམས་འཛིན་དང༌། རྣལ་འབྱོར་བཞི་པ། རི་ཆོས་མ་དྲུག་གི་ཁྲིད། མཁའ་འགྲོ་རིགས་བཞིའི་ཧཱུཾ་ཁྲིད་བཞི། མ་ཧཱ་མཱ་ཡའི་ཁྲིད། གཤེད་དམར་རྣལ་འབྱོར་བཞི་རིམ་དང༌། སྤྲོས་མེད་ཀྱི་ཁྲིད། རྗེ་བཙུན་རིན་པོ་ཆེ་ཀུན་དགའ་གྲོལ་མཆོག་གི་བཀའ་འབུམ་པོ་ཏི་བཞི་ཡོངས་རྫོགས་དང༌། ངེད་རང་གིས་བརྩམས་ཆོས་པོ་ཏི་བཞི། ཀུ་རུ་ཀུལླེ་དང་རྣལ་འབྱོར་མའི་སྐོར་གྱི་པོ་ཏི་གཅིག །རི་ཆོས་སྐོར་གསུམ་སོགས་ཡང་དགོན་པའི་གསུང་པོ་ཏི་གཉིས། ཞང་
ཚལ་པའི་གསུང་པོ་ཏི་གཅིག སྐྱེས་རབས་བརྒྱ་རྩ་རྒྱན་གྱི་མེ་ཏོགབྱམས་ཆོས་སྡེ་ལྔ་རྣམས་ཀྱི་ལུང༌། མདོ་སྡེ་རྒྱན་དང་རྒྱུད་བླ་མའི་གནད་འདོམས་ཀྱི་བཤད་པ། གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་བདུན། འཕགས་པ་ཡབ་སྲས་ཀྱི་གཞུང་བདུན། འགྲེལ་ཆེན་སྒྲོན་གསལ། འགོས་ལོ་ཙཱ་བའི་སྟོང་ཐུན་ཆེན་མོ་དང་ཤོག་རིལ་གསུམ། རིམ་ལྔ་མར་ལུགས་ནག་ཁྲིད་ཀྱི་ཡིག་སྣ་ཉི་ཤུ་རྩ་བདུན་གྱི་ལུང༌། བརྟག་གཉིས་དང་བདེ་མཆོག་རྩ་རྒྱུད་ལ་སོགས་པ་རྒྱུད་འགའ་ཡར་གྱི་ལུང༌། དེ་དག་གི་བཤད་འདོམས་དོན་མཐོང་བ་དང་བཅས་པ་ལན་ཁ་ཡར། ལཱུ་ཧི་སྨད་ལྔ། དྲིལ་བུ་གཞུང་གསུམ། ནག་པོ་གཞུང་དྲུགཕག་མོ་གཞུང་དྲུགམི་དབང་ཆོས་གསུམ། མཻ་ཏྲི་མཁའ་སྤྱོད་ཀྱི་རྒྱུད་གཞུང་གསུམ། མ་ཧཱ་མཱ་ཡ་ལ་ཀུ་ཀུ་རི་བའི་ཆོས་བདུན། འགར་གྱི་ཌཱི་ཀ་དང་རྔོག་པའི་བཤད་ཚོམས་ཆེན་མོའི་སྟེང་དུ་རྒྱ་འགྲེལ་གྱི་ལེགས་བཤད་བསྣན་པའི་བཤད་བགྲོས་རྒྱས་པ་དང༌། དེའི་མན་ངག་གི་ཡི་གེ་བཅུ་གཅིག་མ་གཅིག་གི་གཅོད་ཁྲིད། བིརྺ་བའི་གཤེད་དམར་གྱི་གཞུང་བརྒྱད། གློ་བོ་ལོ་ཙཱ་བའི་གཤེད་དམར་གྱི་ཡིག་ཆ་ཕལ་ཆེ་བའི་ལུང༌། མཚལ་མིན་པའི་དགེ་འདུན་ཐམས་ཅད་དུས་འཁོར་ཇོ་ལུགས་ཀྱི་དབང་ཞུ་བར་བྱོན་བྱུང་བ་གཞན་ཡང་དོན་གཉེར་ཤིན་ཏུ་མང་བ་དང་བཅས་བཞི་བརྒྱ་ཙམ་ལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་ཡོངས་སུ་རྫོགས་པ་དང༌། གཞན་ཡང་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་དམ་པོའི་ཕྱག་ལེན་དང་བཅས་པ་ཤིན་ཏུ་སྨིན་པ་དང༌། དུས་ཞབས་སྙན་བརྒྱུད། ཤ་ཝ་རི་བའི་གཞུང་ཆུང༌། སྦྱོར་དྲུག་བརྒྱུད་པའི་རྣམ་ཐར། ཀུན་སྤངས་ཆེན་པོ་དང༌། ཆོས་རྗེ་ཕྱོགས་པས་མཛད་པའི་སྦྱོར་དྲུག་གི་ཡིག་ཆ་ཕལ་ཆེ་བ་དང༌། གཞན་ཡང་
དུས་འཁོར་བསྡུས་རྒྱུད། དབང་མདོར་བསྟན། རྒྱུད་ཕྱི་མ། དོན་དམ་བསྙེན་པ། འཇམ་དཔལ་གྱི་ལྟ་བ་འདོད་མདོར་བསྟན། འགྲེལ་ཆེན་དྲི་མེད་འོད། རྡོ་རྗེ་སྙིང་འགྲེལ་ལ་སོགས་པའི་ལུང༌། ས་ལུགས་ཀྱི་མཁའ་སྤྱོད་མ་སྐོར་གསུམ་དང༌། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། ཐུན་མོང་གི་གདམས་པ་དྲུག་དང༌། ཁྱད་པར་གྱི་གདམས་པ་བཅུ་གཅིག་གི་ཁྲིད། དམར་པོ་སྐོར་གསུམ། རྣམ་རྒྱལ་འཇོམས། པུ་ཊ་སོགས་རྗེས་གནང་ཟུར་བཀའ་མང་པོ་དང༌། སྒྲུབ་ཐབས་རྒྱ་མཚོ་ལ་སྒྲུབ་ཐབས་ཉིས་བརྒྱ་བཞི་བཅུ་ཞེ་དྲུག་སྟེ་སོ་སོའི་རྗེས་གནང་དུ་རྒྱ་གཞུང་ཡོངས་རྫོགས་ཀྱི་ལུང༌། བསམ་གཏན་སྒང་གི་ཆོས་རྗེ་རང་གིས་ཀྱང་ཆོས་མང་དུ་ཞུས་ཤིང༌། ཁོང་གི་གྲྭ་བཙུན་ཡོད་བདག་ཕོ་མོ་སོགས་བརྒྱ་བུད་སྐོར་ཞིག་ལ་བདེ་མཆོག་འཁྲུལ་སྤོང་གི་དབང་བསྐུར་ཞིག་བྱས། འདི་དག་གི་བར་སྐབས་སུ་རྫེ་བཙུན་དཔལ་སྟག་ལུང་བ་ཆེན་པོའི་རྣམ་ཐར་དང༌། གྲུབ་ཆེན་བུདྡྷ་ནཱ་ཐའི་རྣམ་ཐར། གསང་འདུས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིགསྒྲོལ་མ་འབྱུང་བའི་དཀྱིལ་ཆོགབླ་ཆེན་རིན་པོ་ཆེས་བསྐུལ་བ་ལྟར་དྲིལ་བུ་རིམ་ལྔའི་ཁྲིད་ཡིག་སོགས་ཀྱང་བརྩམས། ཡུལ་ཚོ་སོ་སོ་ནས་ཡིག་དྲུག་གི་བཟླས་ལུང་དང༌། སེམས་བསྐྱེད་ཞུ་བ་སོགས་ཀྱང་ཤིན་ཏུ་མང་བར་བྱུང༌། དེ་ཡང་ངེད་མ་སླེབ་གོང་དུ་རྟེན་བཞེངས་ཀྱི་འཚུབ་ཆ་དགེ་སྐྱོན་ཆེར་བྱུང་སོང་བ་དང༌། ཁྱད་པར་བཟོ་བོ་བལ་བོ་འགའ་ཤས་ཤི་ཞིང་ན་མཁན་གསུམ་གསུམ་བཞི་བཞི་རྒྱུན་མི་འཆད་པ་བྱུང་འདུག་པ། ངེད་སླེབ་ནས་ཞག་གསུམ་ཙམ་ནས་བཟོ་
འཕྲོ་རྣམས་ལ་བགེགས་སྐྲད་དང་བསྲུང་བ་བཟབ་མ་ཞིག་བྱས་དེ་འཕྲལ་བརྒྱ་སྒོའི་འགག་ཏུ་མཛོ་གཅིག་ཤི་འདུག བཟོ་བོ་ན་བ་སོགས་འཚུབ་ཆ་ཐམས་ཅད་དེ་ནས་ཞི། རྡོ་རྗེ་གདན་པས་མཛད་ཟེར་བའི་བསྟོད་པའི་གོ་རིམ་ལྟར་བཞེད་པ་མཛད་འདུག་པས། ངེད་སླེབ་མཚམས་ན་སློབ་དཔོན་ནག་པོ་སྤྱོད་པའི་སྐུ་བཞེངས་དང་འགྲིགའཕྲན་བུ་བསྒྱུར་བཀོད་དགོས་པ་རྣམས་ཀྱི་ཁ་ཏའང་ཞིབ་པར་བགྱིས། དབྱར་ཉི་ལྡོག་གོང་དུ་གཙོ་བོ་ལ་རབ་གནས་ཐུབ་ཏུ་རེ་བ་ཙམ་བྱུང་ནའང༌། གཙོ་བོའི་སྐུ་རྒྱན་ལ་གསེར་ཞོ་ཕྱེད་ཉིས་བརྒྱ་ཙམ་སོང་ཟེར་བའི་བཟོ་ཁྱད་ཕུན་སུམ་ཚོགས་པ་དང༌། དབུ་རྒྱན་གྱི་རྒྱལ་བ་རིགས་ལྔ་གཡུ་བྱང་ལ་བརྐོ་བ་སོགས་བཟོ་གནས་ཞིབ་གྲགས་པས་དེ་བཞིན་ནི་མ་གྲུབ། དེ་བར་དུ་ཆོས་ཀྱི་འགྲོ་ཕན་ཤིན་ཏུ་ཆེ་བར་བྱུང༌། ལམ་འབྲས་གྲོལ་ནས་མི་རིང་བར་གཟུངས་བཞུགས་ཀྱི་གཟུངས་སྒྲིལ་བ་སོགས་ཀྱི་བཀོད་པ་བྱས་ཤིང་ཟླ་ཕྱེད་ཙམ་ལ་གྲུབ། རྟེན་བཞེངས་གཏོས་ཆེས་བས་དེ་ནས་ཀྱང་གཟུངས་བཞུགས་འབུལ་རན་གྱི་བར་ལ་རྒྱང་ཙམ་འདུག་པ་དང༌། སྟོན་སྨད་དུ་སོང་བས་འགོལ་བར་བྱུང་བས་བདེ་མཆོག་དང་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་ཁ་གསོ་འདྲ་བྱེད་ཀྱིན་བདུན་ཕྲག་གསུམ་མཚམས་དམ་པར་བྱས། འདི་དུས་སྔགས་ཆོས་རྣམ་པར་དག་པ་འཕེལ་བའི་དགའ་སྟོན་དུ་གྲུབ་ཐོབ་མི་དྲ་ཨཱ་ནནྡའི་གསང་ཡུམ་ཡིན་སྙམ་པ་མཁའ་འགྲོ་མ་ཞིག་གིས་དངོས་སུ་ཨ་རུ་རའི་འབྲས་བུ་ཆེན་པོ་སྙིམ་པ་ཁ་སྦྱོར་དུ་ཅུང་མི་ཤོང་བ་ཞིག་དང་གཞན་འགའ་ཡང་བྱིན་བྱུང་བ། སྔོན་རྗེ་གྲོལ་མཆོག་ལ་མཁའ་འགྲོས་སྩལ་བ་དེ་དང་འདྲ་བར་བྱུང༌། དེའི་ཁུ་བཅུད་མང་དུ་འཐུངས་པས་རྐང་པ་ཤིན་
ཏུ་ན་བའི་རྒྱུན་དེ་འཕྲལ་དྲགགཞན་ཡང་གཞི་ནད་མང་དུ་བྱང༌། དེ་ནས་ཀུན་དགའ་དཔལ་བཟང་ལ་བསྟན། དེ་མིན་ཡུན་རིང་དུ་སུ་ལ་ཡང་མ་བསྟན་ནོ། །དེ་སྐབས་ཡོན་བདག་གི་སར་ཡང་རྒྱལ་པོའི་འཚུབ་ཆེ་བ་འདུག་པ་དང༌། ངེད་རང་ལའང་གཞན་གྱིས་བྱད་ལྟས་ཆེ་བ་ཞིག་བྱུང་བ་ནས་དེ་ལ་དམིགས་ཏེ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་བསྲེག་ཅིག་བྱས། བྱི་ལོ་ལོ་དུས་ཀྱི་ཐད་དུ་རྟགས་ཀྱང་གསལ་བར་བྱུང༌། དེ་མཚམས་ནས་རིམ་པས་གཟུངས་སོགས་ཀྱང་ཕུལ་ཞིང༌། ཞག་པོ་བཅུ་བཞི་ལ་གཟུངས་བཞུགས་ཀྱང་ལེགས་པར་གྲུབ། ཞལ་གསེར་འབུལ་བ་སོགས་ལ་ཡང་རྒྱུན་རིང་དུ་ཐོགས་པ་དང༌། དེ་ནས་ཟླ་གཅིག་ཙམ་འགོར་བ་འདུག་པ་ནས། ཐོག་མར་བགེགས་མི་འཇུག་པའི་བགེགས་སྐྲོད་རབ་གནས་བྱེད་དགོས་འདུག་པ། ནུབ་གཅིག་ཐོག་མར་རབ་གནས་ལ་ཡོངས་དུས་ལྷ་རྟེན་གྱི་གསེབ་དེ་ཐམས་ཅད་མིའི་གཟུགས་ཅན་སྣ་ཚོགས་པས་གང་བའི་གཏམ་འབུག་འབུག་བྱེད་ཀྱིན་འདུག རང་རེའི་སེམས་ལ་ད་ཅི་ནས་རབ་གནས་བྱེད་པ་གསང་རྒྱུར་འདུག་པ་ལ་མ་གསང་བ་དེ་མ་ལེགས་ད་ཇི་ལྟར་ཡོང་ངམ་བསམ་པ་ཞིག་བྱུང༌། བགེགས་སྐྲོད་དཀྱུས་མ་ཞིག་བྱས་པས་ཡེ་རང་འགྲོ་མ་ཉན་དེར་ཚིག་པ་ཟོས་མི་ཐམས་ཅད་ཕྱི་ལ་བཏོན། ཡང་སྟོང་པའི་གདེང་དང་ཡི་དམ་གྱི་ང་རྒྱལ་བསྐྱེད་ནས་ཡུངས་ཀར་གཏོར་བས་གཞན་རྣམས་ཡལ། བིརྺ་པའི་སྐུའི་ཐང་དེར་འོད་དཀར་པོ་ཕུབ་ཉིས་འགྱུར་ཙམ་ཞིག་སྒོར་རེ་འཁྱིལ་བ་དང༌། སྐུ་དེ་ཡང་འཕར་བའི་སྣང་བ་དང་འདི་སྐད་བྱེད་ན་ཁྱོད་ལ་ཞག་བདུན་གྱི་ཚེ་ལས་མེད་དེ་ནས་སྡེ་པའང་འཆི་ཁང་པ་འདི་ཡང་རླག་པར་བྱས་གཏོང་ཟེར་བ་འོད་དེའི་དཀྱིལ་ནས་སྒྲ་ལྷང་ལྷང་བ་བྱུང༌། རང་ཉིད་རྡོ་རྗེ་འཇིགས་བྱེད་
ཀྱི་སྙེམས་པའི་ངང་ནས་ཞགས་པས་བཅིངས་ཤིང་མཚོན་ཆའི་ཆེར་འབེབས་པའི་ཏིང་ངེ་འཛིན་གྱིས་འོད་དེའི་དཀྱིལ་དུ་རྡོ་རྗེ་འཕངས་པས་འོད་དེ་སིལ་ཞིག་པ་དང་ད་འདིར་ཡོང་རི་ཤི་ཟེར་ཞིང་ཉེན་སྐད་ཅི་རིང་བ་ཞིག་རྣ་བར་བྱུང༌། བིརྺ་པའི་སྐུ་འདྲའི་དཔུང་བར་རྡོ་རྗེའི་ཤུལ་ཏེ་མ་སྐྱོང་གིས་སོད། སླར་བསྲུང་བ་དང་རབ་གནས་བྱས། དེ་ཕྱིན་ཤིན་ཏུ་འཇམ་པ་རང་གི་ལེགས་ལམ་གྱི་སྒོ་ཆེ་བར་བྱུང༌། ཕྱིན་ཆད་རྟེན་འདི་ངོས་ནས་བཀྲ་ཤིས་པོ་ཡོང་བར་ཐག་ཆོད་པ་ངེད་ཀྱིས་ཁས་ལོངས་ཚུལ་སྡེ་པ་རང་ལའང་ཞུས་ཤིང་དེ་ཕྱིན་ཆད་མངོན་གསལ་དུ་ཕེབས་ལོ་བཅུ་ལྷག་གི་བར་ལ་གོང་འཕེལ་དུ་སོང་བ་དེ་ཡིན། སྐབས་འདིར་དང་ཆུང་ངུ་ནན་ཆགས་ཡོང་དགོས་ཚུལ་བྱུང་བ་ནས་ཁོར་ཙམ་ཕྱིན་པའི་ཞག་པོ་བཞི་སོང༌། རྗེ་ལོ་ཙཱ་བསོད་རྒྱམ་པའི་དགོན་པ་བསམ་གཏན་གླིང་མཇལ། ཁོང་རང་སོ་སོའི་འདོད་ཆོས་ཚེ་དབང་རྗེས་གནང་དང་སྤྱན་རས་གཟིགས་ཀྱི་སྨར་ཁྲིད་སོགས་བློ་དང་མཐུན་པར་བྱས་དེ་འཁོར་མཚམས་ཆོས་རྗེ་ཤཱཀྱ་བསྟན་འཛིན་རྒྱལ་རྩེ་ནས་ཆེད་གཏད་འབོད་མིར་གནང་བྱུང་ཞིང༌། རབ་གནས་སོགས་ཀྱི་སྟབས་ཞག་ཤས་སྒུག་དགོས་བྱུང་བས། དེ་བར་དུ་མགོན་པོད་མེ་འབར་མའི་ལུང་དང་ཞལ་གྱི་གདམས་ངག་ཆ་ཚང༌། ཁྱད་པར་བདེ་མཆོག་ནག་པོ་པའི་ཐུན་མོང་མ་ཡིན་པའི་མན་ངག་རྒྱས་པ་སྔགས་རིམ་མན་ངག་གི་གནད་བཅུ་གཉིས་ཀྱི་ཁུངས་ཆོད་པ་ལ་བརྟེན་དགོས་ཚུལ་ནན་ཆགས་མཛད་ཀྱིན་འདུག་པས་བཀའ་རྒྱའི་དུས་ཀྱང་གྲོལ། བཤད་དུ་རུང་ཙམ་གྱི་མཚན་མའང་བྱུང་བས་ཆོས་རྗེའི་དྲུང་དང༌། གཞན་གཉིས་དེ་གསུམ་ལ་མན་ངག་དེ་དག་རིམ་གྱིས་བཤད། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་གཙོ་བོ་རྡོ་རྗེ་འཆང་གི་
སྐུ་བརྙན་གཟིམས་ཁང་ཕུན་ཚོགས་བཀོད་དུ་སྤྱན་འདྲེན་མཛད་པའི་རབ་གནས་དང༌། དེ་རྗེས་སུ་ལྷ་གཞན་རྣམས་ཀྱང་རིམ་པས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་བཞེངས་པའི་ས་ཆོག་ཚེས་གཉིས་དང་སྟ་གོན་གྱི་ཆོ་ག་ཚེས་གསུམ་ལ་བྱས། དེ་ཉིན་གྱི་འཕྲོས་དང་བཞི་ལ་དཀྱིལ་འཁོར་ཁྲུ་བཅུ་གཉིས་པའི་ཚད་དུ་བཞེངས། བཞིའི་ནུབ་བདག་མདུན་ཙམ་གྱི་སྒྲུབ་མཆོད་བྱས་ཤིང༌། རྒྱབ་ཆོག་ཏུ་ཚོགས་པ་དགེ་འདུན་སྒང་བ་དཔོན་སློབ་ཐམས་ཅད་ཕེབས་པའི་དུས་ཀྱི་འཁོར་ལོའི་ཆོ་ག་མཛད། དངོས་ཅག་རྣམས་ཀྱིས་ཚེས་ལྔའི་ཐོ་རངས་སྔ་བ་ནས་སྒྲུབ་མཆོད་བཙུགས་པའི་རབ་གནས་ཀྱི་ཆོ་ག་མཐའ་རྒྱས་རང་དུ་བསྒྲུབས་ཤིང༌། དགའ་སྟོན་ཚོགས་དང་བཅས་པས་སྲོད་ཡོལ་གྱི་བར་འགོར། སླར་ཡང་ནང་བར་དཀྱིལ་འཁོར་སྒྲུབ་མཆོད་བསྡུས་པ་དང་རྒྱས་པའི་སྦྱིན་བསྲེག་གི་ཆོ་ག་ལག་ལེན་མཐའ་རྒྱས་ཀྱིས་ལྷ་རྣམས་མཉེས་པར་བྱས། དེ་མཚམས་དཀྱིལ་འཁོར་ཉེར་བསྡུའི་ཆོ་ག་ཡང་བྱས། ཞག་མང་པོར་སྐྱེ་བོ་ཆེ་ཕྲའི་འདུ་འཚོགས་མང་པས་ཤིན་ཏུ་གཡེང་ཆེ་བར་བྱུང་ཞིང༌། ཚོགས་དགེ་འདུན་སྒང་བ་དཔོན་སློབ་ཐམས་ཅད་ལ་བདེ་མཆོག་དཀར་པོའི་བྱིན་རླབས་ཤིག་བྱས། ལྷ་ས་མཇལ་དུ་འགྲོ་རྒྱུའི་དྭགས་པོ་སྐོར་མི་ཤིན་ཏུ་མང་བ་རང་ཞིག་རྟེན་གསར་བཞེངས་རྣམས་ཀྱང་མཇལ་བར་བྱུང་ཞིང༌། བདེ་ཡངས་སུ་ཁོང་རྣམས་ལ་མ་ཎིའི་ལུང་སོགས་བྱས། འདི་སྐབས་ཁྲི་ཁང་ནས་སྡེ་པ་མ་ཆེན་གྲྭ་ལྔའི་དྲུང་གཤེགས་པའི་གནས་ཚུལ་སྐྱེལ་མཁན་ཡང་བྱུང༌། སྔ་སོར་འཁོར་རང་གསུང་པ་བདེའང་བདེན་པ་འདུག དེ་སྐབས་རབ་གནས་ཀྱི་བྲེལ་བའང་ཆོད་ཅིང་ཡར་ཀླུངས་ནས་འབོད་མི་རྣམས་ཀྱང་དུས་ཐོག་ཏུ་མ་བྱུང་བས།
རྒྱལ་རྩིའི་འབོད་མི་སོགས་དང་སྟབས་བསྟུན་པའི་གཙང་ཕྱོགས་ལ་འཕྲལ་དུ་འགྲོ་བའི་རྩིས་བྱས་པ་ཡིན་ནའང༌། ཚེས་བཅུ་བཞི་ལ་ཡོན་མཆོད་ལྷན་དུ་རྣམ་རྒྱལ་དུ་ཕེབས་ཞག་གསུམ་ཙམ་བསྡད་ཅིང༌། འོབས་གསར་འདྲུ་གནང་བ་ལ་རབ་གནས་ཤིག་ཀྱང་བྱས། དོན་གཉེར་འགའ་ལ་མི་གཡོ་བླ་མེད་ཀྱི་དབང་བསྐུར་ཞིག་ཀྱང་བསྒྲུབས། སླར་ཡང་ཡར་ལུང་ནས་འབོད་མི་ཉིན་རེ་བཞིན་ཡང་གཉིས་གཉིས་གསུམ་གསུམ་བསྟུད་ནས་བྱུང༌། བར་འདིར་ཆོས་རྗེ་བསོད་ནམས་རབ་རྒྱས་པ་ལ་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། བླ་མ་རིན་འབྱུང་དོན་ཡོད་གྲུབ་པའི་ཚར་གསུམ་ཁུག་པ་རྣམས་ཐུགས་འདོད་ལྟར་བགྱིས། དེ་ནས་ལམ་དུ་ཆས་དེ་གྲྭ་ཕྱི་རྫོང་དུ་ཞག་གཅིག་བསྡད། ཡར་ལུང་ཀྱི་གཞི་བདག་ཚོའི་བསུ་བའི་བཀོད་པ་མང་དུ་བྱུང༌། མོན་མཁར་རྣམ་སྲས་གླིང་གི་སྐྱེད་ཚལ་དུ་ནང་སོ་ཞལ་ངོ་རྣམས་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཕྱག་ལེན་འབྲིང་པོའི་སྟེང་ནས་བྱས། ནང་པར་སྔ་བར་དཔོན་ཁང་ནས་ཡར་ཙམ་ན་གཞིས་ཀ་ཞིག་འདུག་པ་དེར་ཕྱིན། སྲས་མོ་ཆུང་ཆུང་གཉིས་ཀྱི་སྐྲ་བཅད། ཚེ་དབང་ཞིག་ཀྱང་བྱས། ཕྱུག་པོ་དགོན་པའི་བླ་མ་ས་དམར་བ་ཆོས་ཞུའི་དོན་དུ་ངེད་ཅག་དང་ལྷན་ཅིག་ཡར་ལུང་ཕྱོགས་སུ་བྱོན། ཆོས་མང་དུ་གསན། ཁོང་རང་ལ་སྔ་མོ་ལུང་བསྟན་ཞིག་ཡོད་པ་དང་ཡང་མཐུན་པར་བྱུང་གསུང་གིན་འདུག །གཙང་ཆུང་གླིང་ཁར་བཀྲ་ཤིས་རྩེ་ནས་སྡེ་པ་བསུ་བར་ཕེབས། ཚེ་ཆུ་འབུམ་པར་གནས་གསར་ནས་རྗེ་དྲུང་ཡང་ཕེབས། བཀྲ་ཤིས་རྩེའི་ཆོས་སྡེར་བསུ་བའི་བཀོད་པ་གཟབ་རྒྱས་དང་བཅས་སླེབ། ཞལ་ངོ་རྣམས་སུ་ཚེ་དབང་བརྒྱ་རྩ་དང༌།
བཙུན་གསར་བླ་མེད་གྱི་དབང་མ་ཐོབ་པ་རྣམས་ལ་ཐོགས་མར་བདེ་མཆོག་ལྷ་ལྔའི་དབང་ཞིག་བྱས། གཞན་ལཱུ་ཧི་པའི་དབང་ཆ་བཞི། དྲིལ་བུ་པའི་དབང་ཆ་བཞི། རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་ནས་ནག་པོ་པ་དབང་ཆ་བརྒྱད་དེ་དེ་རྣམས་བགྱིས་ཤིང་ཉིན་གུང་སོ་སོའི་འདོད་པའི་ཁྲིད་ཆོས་སྣ་ཚོགས་དང༌། སྤྱི་ཆོས་སུ་ཐེག་པ་ཆེན་པོ་བློ་སྦྱོང་ཡོངས་རྫོགས་དང༌། ཤངས་ཆོས་བྱིན་རླབས་དང་འབྲེལ་བ་ཡོངས་རྫོགས། དྲིལ་བུ་རིམ་ལྔའི་ཁྲིད་བཤད་པ་དང་བཅས་པ། དེ་དག་དང་འབྲེལ་བའི་ལུང་ཅི་རིགས་ པ་དང༌། བདེ་མཆོག་རྩ་རྒྱུད། དགྱེས་རྡོར་རྒྱུད་གསུམ། སྡོམ་གསུམ་རབ་དབྱེ་སོགས་ཀྱི་ལུང་དང༌། དགོངས ་ཕྱོགས་རགས་བསྡུས་རྣམས་ལ་ནག་པོ་རིམ་བཞི་དང༌། ལཱུ་ཧི་པའི་ཁྲིད་དང༌། དོན་གཉེར་འགའ་ལ་སྔགས་རིམ་མན་ངག་གི་གནད་ཆེན་བཅུ་གཉིས་སྙན་བརྒྱུད་མ་རྣམས་བྱས་ཤིང༌། ཉི་མ་ནུབ་ནས་སྲོད་ཀྱི་ཆ་ལ་དོན་གཉེར་མང་དག་ལ་སྒྲོལ་མའི་ཆོས་སྐོར་རྒྱ་གར་ནས་གསར་དུ་བསྒྱུར་པ་རྣམས་བགྱིས་པ་འདིའི་རིམ་པ་ལ། སློབ་མ་རྗེས་བཟུང༌། རིག་པ་གཏད་པ། སློབ་མ་སྟ་གོན། དངོས་གཞི་ཐུན་མོང་གི་དབང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བཞི་པར་བཅས་པ་རྣམས་ལ་ཞག་རེ་རེ་བྱེད་པ་དབང་བསྐུར་ནུབ་བདུན་མ་དང༌། ཧེ་རུ་ཀ་ལྷ་དགུའི་ཏིང་ངེ་འཛིན་གྱི་དབང་སོགས་བྱིན་རླབས་དང༌། རྗེས་གནང་མང་པོ་དང༌། རྒྱུད་ཀྱི་གཞུང་ཤིང་ལས་འབྱུང་བ་རྣལ་འབྱོར་བཞིའི་རྫོགས་རིམ་རྒྱས་པ་དང༌། ཟུར་བཀོལ་མན་ངག་ཤིན་ཏུ་ཟབ་པ་རྣམས་དང༌། རྩ་རྒྱུད་རྒྱུད་ཕྱི་མ་དང་བཅས་པའི་ལུང་ཙམ་བགྱིས། ཡུམ་བུ་བླ་མཁར་མཇལ་བར་ཡང་ཁོར་ཙམ་ཕྱིན། ལྟག་གི་རི་སྒང་དེར་སྐྱེ་བོ་འདུ་ཚོགས་ཆེ་བ་ལ་ཡིག་དྲུག་གི་ལུང་དང༌། ཚུར་ལམ་ས་
པཎ་གྱི་ཆོས་ཁྲིའི་སྟེང་ནས། གང་བློ་མའི་བྱིན་རླབས་དེ་བྱས། དེ་ཉིན་སྐྱེས་པ་གཞོན་ནུ་དཀར་པོ་གཅིག་ཕ་ཚད་ནས་ཆོས་ཉན་གྱིན་འདུག མི་རྩ་ཁམས་དྭངས་པ་གཞན་འགའ་རེས་ཀྱང་མཐོང༌། དེ་ཡར་ལྷ་དངོས་སུ་གདའ། ཚོགས་པ་ཐམས་ཅད་ལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་རྒྱས་པར་བསྒྲུབས། རྗེ་ལྕགས་ནང་པ་དཔོན་སློབ་ཚོའང་ངེད་འཕྲད་པར་ཕེབས་པ། ནཻ་གུའི་སྒྱུ་ལུས་དབང་མོ་ཆེ་བྱེད་པ་དང་འཛོམ་ནས་ང་ཞུ་བ་མཛད་སོང༌། བར་འདིར་ཆོས་ལུང་རབ་བརྟན་ནས་ཆོས་མཛད་བྱམས་རིན་པས་ཡོང་དགོས་ཚུལ་ནན་ཆགས་མཛད་པ་ལྟར་ཕྱིན། ཁོང་དང་ཐུགས་ཡིད་འདྲེ་ཞིང་སྐྱིད་པར་བྱུང་བས་ཞག་བཞི་བསྡད། བཙུན་གསར་དང་བཙུན་གསར་མ་བྱེད་མཁན་ཡང་འགའ་ཡར་བྱུང༌། ཁོང་རང་དཔོན་སློབ་དང་ཡོན་བདག་དྲག་བསྡུས་འདྲ་ལ་བདེ་མཆོག་ནག་པོ་པའི་དབང་དངོས་སྟ་སྦྲེལ་མ་དང༌། རྣལ་འབྱོར་མའི་བྱིན་རླབས། ཚེ་དབང༌། མི་འཁྲུགས་པའི་དབང་སོགས་བྱས། སྒྲུབ་ཆུའི་ཆུ་མིག་གསར་པ་ཞིག་འདུག་པ་ལ་རབ་གནས་ཤིག་ལ་ཕྱིན། དགུན་གྲང་སྒང་དེ་ཉིད་ལ་ནས་རྣམས་ལ་ལྗང་བ་དང་སྙེ་མ་ཐོན་འབྲུ་ཆགས་པ་ཙམ་བྱུང་འདུག ཞག་བཞི་སོང་བའི་སྔ་དྲོ་མི་དམངས་ལ་ཚེ་དབང་ཞིག་ཀྱང་བྱས། ཡང་བཀྲ་ཤིས་རྩེའི་ཆོས་སྡེར་རྗེ་དྲུང་གནས་གསར་པའི་དྲུང་དགེ་བཤེས་འགའ་ཞིག་དང་བཅས་པ་ལ། དུས་ཀྱི་འཁོར་ལོའི་བདག་པོ་དང་བདག་པོ་ཆེན་པོའི་དབང་ཕྱག་ལེན་རྒྱས་པ་དང་བཅས་པ་བསྒྲུབས། ཐོབ་ཐང་མིན་ཀྱང་འཇིག་རྟེན་ངོ་སྲུང་གི་དབང་ལས་སྡེ་པ་ཡབ་སྲས་ཀྱང་དེ་ལ་ཡོད།
ཆོས་སྡེའི་བདེ་ཡངས་ཆེན་མོ་དེར་ཁྲོམ་དབང་ཞིག་དང༌། བསམ་ཡས་པའི་རབ་འབྱམས་པ་སྟོན་པ་གྲགས་པ་སོགས་མང་དག་ལ་ཐུགས་རྗེ་ཆེན་པོའི་སྨྲར་ཁྲིད་སོགས་བཤད། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་མཁར་ཐོག་ཏུ་ཕེབས་སྒོ་ལྟར་ཕྱིན། ཞག་བདུན་ཙམ་བསྡད་ཅིང་ཚེ་དབང་བརྒྱ་རྩ། བདེ་མཆོག་གི་དབང༌། དགོངས་བཞེད་ཀྱི་རྗེས་གནང་མང་དག་དང༌། ཐུགས་རྗེ་ཆེན་པོའི་སྨྱུང་གནས། སྒྲོལ་དཀར་ཀྱི་ཚེ་ཁྲིད་སོགས་ཕུལ་ཞིང༌། མཆོད་གནས་གནས་བརྟན་པ་འགའ་ཤས་ལ་སྙིང་པོ་དོན་གསུམ་གྱི་ཁྲིད་ཅིག་བྱས། མི་དམངས་རྣམས་ལ་ཡིག་དྲུག་སོགས་ཆོས་འགའ་རེ་བཤད་ཅིང༌། དཔོན་གཡོག་སྐུ་འཁོར་སོགས་ཤིན་ཏུ་མང་བ་ལ་ཐུགས་རྗེ་ཆེན་པོའི་སྨྲར་ཁྲིད་ཅིག་ཀྱང་བྱས། ཚེས་བཅུ་ལ་གཡོ་རུ་ཁྲ་འབྲུག་མཇལ་བར་ཕྱིན། དེ་འཕྲལ་ཕྱོགས་བཞི་ནས་འདུས་པའི་མི་འཚོགས་ཤིན་ཏུ་ཆེ་བ་རང་བྱུང་བ་ནས་ངེས་འབྱུང་གིས་རྒྱུད་བསྐུལ་བའི་གཏམ་ལས་དྲངས་ཏེ་མ་ཎིའི་ལུང་ཞིག་བགྱིས། དེ་ཉིན་ཕོ་བྲང་སྣེའུ་གདོང་རྩེར་སླེབ་པ་ཞབས་དྲུང་གདུང་བརྒྱུད་དང་མཇལ། དེའི་སང་ཉིན་ནས་ཆོས་འབུལ་བའི་འགོ་ཚུགས་ཤིན་ཏུ་ཐུགས་སྣང་དག་པ་རང་གནང༌། ཐོག་མར་ཚེ་དབང་བརྒྱ་ཚར་དང་རྗེས་གནང་མང་དག་ཕུལ། ཚེས་བཅུ་དྲུག་ལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས་ཏེ། ཐོག་མར་ཞབས་དྲུང་སྲས་ཡུམ་ལ་དབང་ཡོངས་སུ་རྫོགས་པ་ཞིག་དང༌། དེ་རྗེས་དབང་ཆ་གཉིས་པན་ཞིག་བྱས། དེ་དག་གྲོལ་མཚམས་ནས་གཟིམས་ཁང་པོ་ཊ་ལ་ཟེར་བའི་འཚོམ་དེར་ཞལ་ངོ་རྣམས་གཙོ་བོར་ཕེབས་ཤིང༌། གཞན་ཡང་དོན་གཉེར་
མང་དག་དང་བཅས་པའི་དབང་མི་དྲུག་ཅུ་བདུན་ཅུ་ལ་དཔལ་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ་དཀྱིལ་འཁོར་བཞི་བཅུ་ཞེ་ལྔ་པོའི་དབང་ཡོངས་རྫོགས་དང༌། འཇིགས་བྱེད་རྭ་ལུགས། བདེ་མཆོག་ནག་པོ་པ། བདེ་མཆོག་ལྷ་ལྔ་རྣམས་ཀྱི་དབང་དང༌། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཤིན་ཏུ་སྨིན་པ་དང༌། ནཻ་གུའི་ཁྲིད་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ཡོངས་རྫོགས། མགོན་པོ་ཞལ་བཞི་པ་ཕྱག་བཞི་དྲུག་དམ་ཅན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་རྗེས་གནང༌། ཞབས་དྲུང་གདུང་བརྒྱུད་སྐུ་རྐྱང་དུ་ཕྱག་བཞི་པའི་གསང་ཁྲིད་ལུགས་ཐ་དད་སྣ་ཚོགས་དང་བཅས་པ་སོགས་ཆོས་བཀའ་རྣམ་གྲངས་མང་བར་ཕུལ། ཚོགས་ཆེན་པའི་ཚོགས་པ་རྣམས་ཀྱང་འཕྲད་པར་ཕེབས་ཐམས་ཅད་ཀྱི་ཆོས་འབྲེལ་ཞུས་སོང༌། ཚོགས་པའི་ནང་ནས་ས་ལུགས་པ་གཙོ་ཆེ་བ་རྣམས་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བྱས། དེ་སྐབས་ལོ་གསར་གྱི་སྐབས་དང་འཛོམས་པས་གྲལ་དབུར་ཡང་ཤོག་ཕེབས་པ་ལྟར་ཕྱིན། བར་སྐབས་ཤིག་དོ་སྔོན་དུ་འབོད་མི་ནན་ཆེ་བར་བྱུང་བ་ལྟར་ཞག་ཤས་སྡོད་རྩིས་ཀྱི་འགྲོ་འདོད་ཙམ་ན་ཡོད་སྐབས། བྱང་སྟག་ལུང་དུ་ཞབས་དྲུང་གྲོག་ཁ་པའི་དགོངས་རྫོགས་ཀྱི་གཙོ་བོ་ལ་ཡོང་དགོས་ཚུལ་གྱི་འབོད་མིར་དབོན་པོ་སྐྱབས་གྲོལ་འབྱོར་པས། དོ་སྔོན་དུ་ཞག་གཅིག་ལས་སྡོད་སྐབས་མ་བྱུང༌། སླེབ་པའི་ཉིན་མོ་ཉིད་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱི་དབང་དང༌། ཚེ་རྟ་སྦྲགས་མ་སོགས་ཞལ་ངོ་རྣམས་སུ་བཞེད་ཀྱི་ཆོས་དང༌། རྩེ་ཐང་གི་དགེ་འདུན་ཕལ་ཆེར་ཞིག་འདུས་པ་ལ་སྨན་བླའི་རྗེས་གནང་སོགས་དང༌། གཞན་ཡང་ཕྱག་གཡོག་རགས་བསྡུས་ལ་ཚེ་དབང་དང༌། སོ་སོའི་འདོད་
ཆོས་ཞུ་བ་ཤིན་ཏུ་མང་ཞིང༌། རབ་གནས་ཞུ་མི་མང་བ་དང༌། ཇ་འདྲེན་དང་ཚོགས་ཀྱི་འཁོར་ལོ་རྒྱས་པ་སོགས་བྱུང༌། ཐུབ་པ་གསེར་གླིང་མ་སྤྱན་དྲངས་ཕྱག་མཆོད་སྨོན་ལམ་རྒྱས་པ་ཕུལ། སང་ཉིན་ཡང་སྐྱ་སེར་གྱི་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ་མ་ཎིའི་ལུང་དང་སོ་སོར་དབང་བཀའ་རྗེས་གནང་མང་དག་དང་བཅས་པ་བསྒྲུབས་ནས། སླར་ཡང་སྣེ་གདོང་རྩེར་ཆོས་བཀའ་འཕྲོས་འཕྲན་བུ་ཡོད་པ་རྣམས་ཕུལ་ཞིང༌། ཚོགས་ཆེན་མོ་བའི་ས་ལུགས་པ་རྣམས་ལ་བཞེད་པ་ལྟར་ཀྱཻ་རྡོར་མན་ངག་ལུགས་ཀྱི་དབང་ཆ་གཉིས་པ་ཞིག་བྱས། དེ་ནས་ཚེས་བཅོ་བརྒྱད་ཀྱི་ཉིན་སྐྱེལ་མའི་ཚོགས་ཤིན་ཏུ་མང་པོས་གླིང་ཁའི་བར་དུ་སྐྱེལ་མ་མཛད། དེ་ནུབ་ཀྱང་རྣམ་སྲས་གླིང་གི་སྐྱེད་ཚལ་དེར་བསྡད་འདོད་ཆོས་ཐན་ཐུན་བཤད་ཅིང༌། བཙུན་གསར་མ་བྱེད་མི་ཤིན་ཏུ་མང་བ་བྱུང༌། སང་ཉིན་མེ་ལོང་གདན་ས་པ་རང་འབོད་པར་བྱུང་བའི་བཞིན་མེ་ལོང་དགོན་པར་བྱིན། ཚེ་དབང་སོགས་ཆོས་ཐན་ཐུན་དང༌། གྲྭ་རིགས་ཐམས་ཅད་ལ་འདུ་ཁང་དེར་བླ་མའི་རྣལ་འབྱོར་ཞིག་ཆོས་འབྲེལ་དུ་བྱས། གྲྭ་ཐང་གི་ཐང་དུ་བླ་ཆེན་རིན་པོ་ཆེའི་དྲུང་ཡང་འཕྲད་པར་ཕེབས་བྱུང་ཞིང༌། གཞན་ཡང་མི་ཚོགས་ཆེ་བ་རང་འདུག་པས་ཆོས་འབྲེལ་ཞིག་བྱས། དེ་ནུབ་ལྷུན་གྲུབ་ལྷ་རྩེར་སླེབ། ཆོས་རྗེ་སྐེད་སྲོང་པ་ལ་དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་དང་ཕག་མོ་གཞུང་དྲུག་གི་ལུང་བྱས་གཞན་ཡང་ཆོས་ཐན་ཐུན་བཤད། དོལ་མདའི་གྲུ་ཐོན་ནས་ལམ་བསྲངས་ཏེ་ལྷོ་ངོས་སུ་དཔོན་སའི་དྲུང་དང་མཇལ། གླང་ཐང་གཟིམས་ཁང་དུ་ཡུད་ཙམ་ཕྱིན། ལྷུན་གྲུབ་རྫོང་དུ་སྟག་ལུང་ནས་སྡེ་པའི་དྲུང་དར་ཡང་མཇལ་བསླབ་སྟོན་ཐན་ཐུན་འདྲ་ཡང་ཞུས། སང་ཉིན་སྟག་ལུང་ཐང་དུ་སླེབ་པའི་གཟིམས་སྤྱིལ་དུ་བསྡད་ཅིང༌། དེའི་གནངས་ཉིན་སྐྱབས་མཆོག་དམ་པ་རྗེ་བཙུན་
དཔལ་སྟག་ལུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞབས་དྲུང་དུ་མཇལ་བར་ཕྱིན། དེ་གོང་བར་སྐབས་སུ་མགུར་ཆམ་འཁྲུགས་པ་གློ་ཚད་ཀྱི་རྣམ་པར་སོང་བའི་སྐུ་ཁམས་དུབ་པ་རང་ཞིག་བྱུང་འདུག་པ་སྐུ་རིམ་སོགས་གནང་བའི་སྐུ་ཁམས་བདེ་མུས་ཀྱི་སྐབས་ན་འདུག་ཅིང༌། དེ་སྐབས་ཀྱང་སྐུ་མཚམ་མེ་བ་འདུག་པས་ཉིན་རེ་བཞིན་ཉུང་བསྡུས་ཀྱིས་ཞལ་མཇལ་ཞུས། གྲོག་ཁར་སྐུ་གདུང་སྐུ་གཞོགས་སུ་དངོས་ཅག་ཉི་ཤུ་སྐོར་གྱིས་འཁོར་ལོ་བདེ་མཆོག་གི་སྒྲུབ་མཆོད་རེ་བཏང༌། རྗེ་བཙུན་བླ་མ་དམ་པའི་ཞབས་དྲུང་དུ་ཚེ་དབང་གྲུབ་རྒྱལ་མ་བརྒྱ་རྩ། ལྷ་དགུ་མ་བརྒྱ་རྩ་འཆི་བླུའི་ཆོ་ག་དང་བཅས་ པ་སྐུ་རིམ་དུ་བསྒྲུབས་ཤིང༌། ཚེས་བཅུ་དྲུག་གི་ཉིན་དགོངས ་རྫོགས་དངོས་གཞི་བྱུང༌། འདི་སྐབས་ཆོས་ཁྲི་ཐང་དུ་སྟག་ལུང་རང་གི་དགོན་པ་བུ་ཆ་ལག་དང་བཅས་པ་ཚོགས་ཤིང་ཉན་པོ་དང་རིན་ཆེན་བྲག་གི་དགེ་འདུན་དང་བཅས་པ་ཡོངས་བསྒྲིལ་ཚོགས་པ་ཉིས་སྟོང་ཙམ་ཚོགས་ཤིང༌། དངོས་ཀྱིས་ས་ཁྲི་དམར་པོའི་སྟེང་དུ་བསྡད། སྟག་ལུང་རང་གི་ཚོགས་ཀྱི་བཅའ་བ་བཅུ་གསུམ་གྱི་རིམ་ པ་དང་འབྲེལ་བར་མཛད། དགོངས ་རྫོགས་ཀྱི་དངོས་པོ་གཞལ་བར་དཀའ་བ་བྱུང༌། དགོངས་པ ་ཆོས་དབྱིངས་སུ་རྫོགས་པའི་མཆོད་བསྔོ་རྒྱས་པར་ཕུལ། རྩེ་ནས་སྤྲུལ་པའི་སྐུར་རྡོ་རྗེ་གཞོན་ནུའི་དབང་དང༌། མི་གཡོ་རྣལ་འབྱོར་བླ་མེད་སོགས་དགོངས་བཞེད་ལྟར་ཕུལ་ཞིང༌། དངོས་ཀྱིས་ཀྱང་ལྷ་ལྔའི་དབང་སོགས་ཆོས་བཀའ་མང་དག་ཞུས། འདི་སྐབས་བདག་པོ་བཀྲ་ཤིས་སྟོབས་རྒྱས་སྐུ་མི་བརྟན་པའི་ལྟས་ཀྱང་གསལ་བར་ཤེས་ནས་ཟླ་བོ་རྣམས་ལ་མ་གསང་པར་བཤད། སླར་ཡང་
རྣམ་རྒྱལ་རབ་བརྟན་ཏུ་ཞབས་དྲུང་རིན་པོ་ཆེ་ཅུང་ཟད་སྐུ་ཁམས་ཟི་བའི་སྟབས་ནས་སྐུ་གཞོགས་སུ་ཕྱིན། སྐུ་ཤིན་ཏུ་དུབ་པའི་རྣམ་པ་འདུག་པས་དེ་ཉིན་རང་བརྟན་བཞུགས་ཕུལ་བ་དེ་འཕྲལ་རང་ནས་སྐུ་ཁམས་བདེ་བའི་རྣམ་པ་མངོན་པར་བྱང་ཞིང༌། དགེ་འདུན་དམ་ཚིག་གཙང་བ་རྣམས་ཀྱིས་བསྐང་གསོ་ཚེ་གཟུངས་སོགས་སྐུ་རིམ་རྒྱ་ཆེར་སྒྲུབ་པའི་བཀོད་པའང་བགྱིས། སྐུ་ཚེའི་རྟེན་འབྲེལ་གྱི་དབང་རྗེས་གནང་ཀྱང་ཉིན་རེ་བཞིན་ཕུལ། འདི་སྐབས་མཚམས་བཅད་མ་ཐུབ་ནའང་ཞག་ཤས་བསྙེན་པ་ཁ་གསོའི་ཚུལ་དུ་བྱས། དེ་མཚམས་བླ་མས་བཀའ་ཕེབས་པ་བཞིན་སྐུ་རིམ་དུ་དམིགས་པའི་དྲུག་ཅུ་པའི་གཏོར་བཟློག་སྒྲུབ་པའི་སྔགས་ཐུན་གསུང་མི་འཆག་དང་བཅས་པ་བློས་ལོངས་པར་བགྱིས་ཤིང༌། གཏོར་མ་འཕངས་པའི་ཚེ་དམིགས་པ་གསལ་ཞིང་ཕྱི་རླུང་ལྟས་ལ་སོགས་པ་ཡང་ལེགས་པར་བྱུང༌། དེ་ནུབ་ཕ་རོལ་གྱི་དམག་སྡེ་བཅོམ་པ་སོགས་རྨི་ལམ་གྱི་ལྟས་ཀྱང་བཟང༌། ནང་བར་བཀའ་ཕེབས་ལ་མདང་གཏོར་མ་མར་ཁྱེར་སོང་བ་ཙམ་ལ་སྐུ་ཁམས་ཀྱང་ཡང་ཆོད་ཆོད་འགྲོ་བའི་རྣམ་པ་གསལ་ཁྱད་ཐོན་པ་བྱུང་ཞིང༌། ནུབ་མོ་གཉིད་ཀྱང་ཤིན་ཏུ་བདེ་བ་རང་བྱུང༌། ད་ཁམས་དགའ་མོ་ཡོང་བ་འདུག་ཕེབས་ཀྱི་འདུག་པ་བཞིན་ཐོག་ཏུ་ཁེལ། དེ་ནས་ཀྱང་ཞག་ཤས་ཀྱི་བར་དུ་དབང་ཆོས་འདྲ་ཕུལ། སྤྱིར་སྐུ་གཞོགས་སུ་རྒྱང་ཙམ་བསྡད་ན་ དགོངས་པའང་འདུག་ཅིང༌། དངོས་ཀྱང་བླ་མའི་སྐུ་དྲུང་རང་དུ་སྡོད་པ ་ལ་ཡིད་དང་སྤྲོ་བར་ཡོད་ནའང༌། སྣེ་གདོང་རྩེར་སྡོད་དུས་ངམ་རིང་ནས་འབོད་མིར་གསེར་ཁང་པ་ཚེ་རིང་འབྱོར་པ་འདི་སྐབས་ཀྱང་རྐང་བཙུགས་སུ་བསྡད་ཡོད་པས། ཁོ་བས་དགོས་མེད་ཀྱི་སྐུལ་ཅག་སྤྲོ་ཐུང་རང་བྱེད་པས་དེ་ཁའི་སྟབས་ནས་བཀའ་ཕེབས་ལ་ཡང་ད་ལམ་གང་མྱུར་འགྲོ་བ་
ལས་འོས་མེད་ཕེབས་ཤིང༌། དེ་མཐུན་གྱི་ཧོར་ཟླ་གསུམ་པའི་ཚེས་བཅུ་དགུ་ལ་སྐུ་གཞོགས་ནས་ཐོན་པའི་ལྷག་པར་ཡང་བླ་མ་ཁོ་ན་ཡིད་ལ་བྱེད་བཞིན་པས་ཉིན་དང་མཚན་དུ་འདའ་བར་གྱུར་ཏོ། །འདིར་སྨྲས་པ། ད་ལྟའི་སྨྲ་དབང་འབུམ་ཕྲག་བརྒྱ་དག་ཀྱང༌། །གང་གིས་མདུན་སར་མི་སྨྲའི་བརྟུལ་ཞུགས་ཅན། །རང་ལ་མ་ཆགས་ཚིག་གི་བདུད་གྲོལ་བ། །བརྗོད་བྲལ་ལམ་དུ་འཇུག་འདི་ངོ་མཚར་རྨདོ། །དེ་ནས་དེ་ཉིན་དོག་སར་འཕོས་གླང་ཐང་དུ་ཞག་གསུམ་པ་ཞིག་བསྡད། ཀྱཻ་རྡོར་གྱི་དབང་ཞིག་ཀྱང་བྱས། སླར་འཕན་ཡུལ་གྱི་གཞུང་བསྐོར་ཏེ་གླང་རར་ཞག་གཅིག་དང༌། དེ་ནས་ལྷོ་ངོས་སུ་ཕྱིན་ཚེ་དབང་སོགས་ཆོས་ཐན་ཐུན་ཕུལ། བདག་པོ་བཀྲས་སྟོབས་དྲུང་སྐུ་འདས་པའི་གཏམ་ཡང་འདིར་ཁྱེར་བྱུང༌། ནང་པར་ར་ས་འཕྲུལ་སྣང་དུ་སླེབ། ཞག་ཤས་ཕྱག་མཆོད་སོགས་འཕེལ་བར་བྱུང༌། ཞལ་གསེར་ཞིག་ཀྱང་ཕུལ། བར་སྐོར་ལ་དཀོན་གཉེར་དཔོན་གྱིས་ཞིག་གསོས་བྱེད་ཀྱིན་འདུག་པ་རྟ་གསུམ་སོགས་ཟང་ཟོང་མང་དག་ཞིག་གསོས་ཀྱི་ཐེས་ལ་བཏང༌། ལྷ་ས་ནས་སྔ་བར་ཡོངས་ཏེ་སྦུ་བ་གདོང་དུ་སྐྱིད་ཤོད་ནས་སྡེ་པའི་དྲུང་དང་མཇལ་ཙམ་བྱས། རིམ་པས་གཞིས་ཀ་གོང་དཀར་དུ་འབྱོར་བའི་འདི་སྐབས་ཞག་ཉི་ཤུ་རྩ་གསུམ་བསྡད་ཅིང༌། ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དེ་གོང་བླ་མེད་ཀྱི་དབང་མ་གསན་པས་ད་ལམ་དབང་བསྐུར་མང་ཙམ་ཞིག་ཀྱང་དགོས་པ་འདུག་ཅིང༌། ཁྱད་པར་དཀོན་ཅིང་བྱིན་རླབས་ཆེ་བར་འདུག་པས་རྗེ་བཙུན་མར་པའི་བཞེད་པ་ལས་འབྱུང་བ་ལྟར་གྱི་དབང་བསྐུར་རྣམས་དགོས་ཕེབས་བ་ལྟར། བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་རྩ་རྒྱུད་ཀྱི་ཡབ་བཀའ་ལྷ་དགུའི་
དཀྱིལ་འཁོར་དང༌། ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔ། བཤད་རྒྱུད་རྡོ་རྗེ་གུར་ནས་འབྱུང་བ་རིགས་བསྡུས་ཀྱི་དཀྱིལ་འཁོར། དཔལ་སྒྱུ་འཕྲུལ་ཆེན་མོ་ལྷ་ལྔ། རྣལ་འབྱོར་ནམ་མཁའ་ལྷ་དགུ་བཅུ་རྩ་ལྔའི་དཀྱིལ་འཁོར། ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར། དྲུག་པོ་དེ་རྣམས་མར་རྔོག་གི་ཕྱག་བཞེས་གཙང་མ་ཕྱག་ལེན་ཤིན་ཏུ་དག་པ་དང་དབང་བཤད་ཆུན་ཡང་གཞན་དང་མ་འདྲེས་པར་བགྱིས། དཔལ་སངས་རྒྱས་ཐོད་པའི་དབང་བསྐུར་བ་རྒྱ་གཞུང་ཉིད་ཀྱི་རྗེས་སུ་འབྲང་དེ་བསྒྲུབས། སྐྱིད་ཤོངས་ནས་རབ་གནས་ལ་ཡོང་དགོས་ཚུལ་ནན་ཆགས་བྱུང་བ་ལྟར་ཕྱིན་ཞིང༌། སླེབ་པའི་ཉིན་མོ་ཉིད་རབ་གནས་ཉིན་གཅིག་མའི་ཆོ་ག་བགྱིས། སང་ཉིན་སོ་སོར་དགོངས་བཞེད་ཀྱི་ཆོས་རྣམ་གྲངས་མང་ཙམ་ཕུལ་ཞིང༌། སྲས་མོ་ཞིག་གིས་རབ་བྱུང་ཡང་སྒྲུབ་པར་མཛད། སླར་ཡང་གཞིས་ཀར་ཆོས་ཀྱི་འཕྲོ་རྣམས་ཕུལ། ལྷུན་རབ་པའི་ཞལ་ངོ་རྣམས་བཙན་མདོའི་མདུན་དེར་འཕྲད་པར་ཕེབས་ཤིང་གང་ཅིའི་གཞིས་ལེན་སོགས་བཟབ་མ་རང་མཛད། ཛཾ་ལ་དམར་པོ་སོགས་རྗེས་གནང་འགའ་ཤས་དང་ཚེ་དབང་སོགས་བྱས། འབྲང་ཕུ་དགོན་པར་སླེབ་ནས་མི་ངོ་རྣམས་ལ་ཡང་ཚེ་དབང་སོགས་འགའ་ཞིག་བྱས། རང་གི་ལྷན་ཅིག་གནས་པ་འགའ་ལ་སྒྲོལ་མ་འདུས་པ་དོན་དམ་པའི་རྒྱུད་རྫོགས་པར་བཤད་ཅིང༌། ཆོས་རྗེ་གྲུབ་ཐོབ་པ་ཡང་སྐྱེད་ཚལ་འོག་གི་མཁན་པོར་ཕེབས་པའི་ངེད་ལ་འཕྲད་པ་དང་ཆོས་འདྲ་ཞུ་བ་ལ་བྱོན་བྱུང༌། ལྷུན་རབ་ནས་སྡེ་པ་བླ་མའི་ཐུགས་འདོད་ལྟར་བདེ་མཆོག་ནག་པོ་པའི་དབང་དང༌། སྙིང་པོ་དོན་གསུམ་གྱི་ཁྲིད་སོགས་བཞེད་
ཆོས་རྣམས་བྱས། དེ་རྗེས་སུ་ཡོལ་བ་མཁན་ཆེན་ཡང་ཆོས་ཞུ་བར་ཆེད་ཀྱིས་ཕེབས་བྱུང་བ། བཞེད་དོན་གྱི་གཙོ་བོ་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་ཡིན་འདུག་པ་བཞིན། ཕྱག་རྒྱ་ཆེན་པོ་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་དེ་འཕྲལ་ནས་བཙུགས་ཤིང༌། ས་འདིར་ཟབ་པའི་ཚུལ་དགུ ལྷན་ཅིག་སྐྱེས་གྲུབ། གཏུམ་མོ་ལམ་རྫོགས། ཡི་གེ་མེད་པ་རྣམས་གྲུབ་ཅིང༌། ལྷག་མ་རྣམས་འབྲོག་སྟག་ལུང་དུ་བྱས་པ་ཡིན། ཡོལ་མཁན་ཆེན་དང་ངེད་རང་གི་ལྷན་ཅིག་གནས་པ་དགེ་བཤེས་འགའ་ཤས་ལ་མ་ཧཱ་མཱ་ཡའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པའི་རྒྱུད་བཤད་ཞིབ་པ་ཞིག་ཀྱང་བྱས། འདི་སྐབས་ཟླ་བ་ཕྱེད་གཉིས་ཙམ་བསྡད་ཅིང༌། དེ་མཚམས་ནས་ཡར་སྲིས། སྣ་དཀར་རྩེ་རྣམས་བརྒྱུད་ནས་ཡར་འབྲོག་སྟག་ལུང་དུ་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་སླེབ། ཚེ་དབང་རྗེས་གནང་སོགས་སླེབ་འཕྲལ་ནས་དབུ་ཚུགས་ཤིང༌། སྡེ་པ་ཁུ་དབོན་རང་ལ་ཚེས་བཅོ་བརྒྱད་ནས་ལམ་འབྲས་ཞིག་ཀྱང་འགོ་ཚུགས། འདི་སྐབས་ཁུ་དབོན་གཉིས་མ་གཏོགས་གཞན་ལ་མི་བྱེད་པའི་རྒྱུན་མཚན་ཡང་མྱུར་དུ་རྫོགས་པར་བྱེད་དགོས་བྱུང་བའི་དགག་དགོས་ཀྱི་དབང་ལས་ཡིན་ཞིང༌། ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ལ་གྲོལ་ཟླ་གཅིག་ཞག་ཉི་ཤུ་ཙམ་སོང༌། ལམ་འབྲས་གླེགས་བམ་མན་ངག་ཕྲ་མོ་པོ་ཏི་ཡོངས་རྫོགས། ལམ་སྐོར་ཕྱི་མ་དང་བཅས་པ་རྣམས་སོང༌། མན་ངག་ལུགས་ཀྱི་རྒྱུད་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་དེ་དབང་ཆ་གཉིས་ཙམ་ཞིག་ཀྱང་བགྱིས། ཁུ་དབོན་དྲུང་རང་དུ་ལུས་དཀྱིལ་ཡབ་བཀའ་ཡུམ་བཀའ་གཉིས། ལམ་ཟབ་ཕྱི་ནང་གཉིས། བིར་བསྲུང་ཕྱི་ནང་ལ་སོགས་པ་ལམ་འབྲས་
ཀྱི་བྱིན་རླབས་རྣམས་ཀྱང་ཆ་ཚང་བར་ཕུལ། ཞལ་ངོ་རྩེ་རྒྱས་དང༌། གཞན་ཡང་གཞི་བྱེས་ཀྱི་དོན་གཉེར་སོ་སོ་དང་བཅས་པ་ལ་མན་ངག་ལུགས་ཀྱི་བདག་མེད་མ། ཀྱཻ་རྡོར་ཌོམྦི་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས་ལ་ཧེ་རུ་ཀ་བཞིའི་དཀྱིལ་འཁོར་རྣམས་ཀྱི་དབང་སྟེ་བཀའ་བབས་ལྷག་མ་དེ་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་བགྱིས། ཞལ་ངོ་ཐམས་ཅད་དང་དོན་གཉེར་མང་དག་ལ་ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཤིན་ཏུ་སྨིན་པ་ཟླ་ཆོས་ཤིག་བགྱིས་ཤིང༌། ཞལ་ངོ་མནའ་རྙིད་སོགས་ལ་བདེ་མཆོག་ནག་པོ་པའི་དབང་ཞིག་བྱས་པས། སྟ་གོན་གྱི་སྐབས་སུ་སྲིན་ལག་ནས་ཁྲག་དང་བརྡོལ་ཏིང་ཆུང་ཞིག་ཁེངས་པ་ཙམ་བྱུང༌། དབང་མི་དྲུག་ཅུ་ཙམ་ལ་དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས་ཤིག་ཀྱང་བགྱིས། སྒྲོལ་མ་རྣལ་འབྱོར་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ། ཞལ་ངོ་བཞི་སོགས་དབང་མི་དགུ་ཙམ་ལ་དབང་ཉིན་བདུན་མའི་ཕྱག་ལེན་རྫོགས་པ་དང་རྒྱུད་ཀྱི་ལུང་ཡང་བགྱིས། ཞལ་ངོ་རྣམས་ལ་རྣམ་རྒྱལ་ལྷ་མང༌། གཟའ་ཡུམ་ནོར་རྒྱུན་མ་སྟེ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱི་དབང་ཡང་ཕུལ། གནས་བཅུའི་ཞལ་ཐང་ཆེན་མོ་གསར་བཞེངས་ལ་རབ་གནས་བྱས་པས་གནས་བརྟན་ལམ་ཕྲན་བརྟན་དང༌། རྒྱལ་ཆེན་མིག་མི་བཟང་གིས་མེ་ཏོག་བཞེས། གཞན་ཡང་རང་རེའི་གྲ་སློབ་འགའ་ཤས་ལ་ཛ་ལནྡྷ་རའི་དོ་ཧའི་མན་ངག་རྒྱས་པ་ཚར་གཉིས་དང༌། མིག་གཡོ་བླ་ན་མེད་ཀྱི་ཁྲིད་སོགས་དང༌། སྔ་སོར་ཧོར་ཟླ་གཉིས་པའི་འགོ་རང་ནས་བཀའ་བབས་བདུན་ལྡན་གྱི་མན་ངག་བཤད་པའི་འགོ་བརྩམས་པ་སྐབས་འདིར་མཐར་
ཕྱིན་པ་ཙམ་བྱུང༌། དེ་ནས་རེ་ཞིག་དེ་ཕྱོགས་ཀྱི་བྲེལ་བ་ཆོད་པའི་ལུགས་སུ་བྱས་ཏེ། ཧོར་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ལ་ལམ་དུ་ཞུགས། གནམ་གྲུར་སླེབ་སྐབས་རྒྱ་གར་ཀྱི་ཀླ་ཀློའི་ཆོས་ལུགས་འཛིན་པ་དར་བྷེ་ཤ་གཅིག་དང་འཕྲད་སེམས་མ་དགའ་སེ་བ་ཞིག་བྱུང༌། ཕུགས་རྒྱལ་རྩེར་མི་ལེགས་པའི་རྟེན་འབྲེལ་དུ་འདུག རིམ་པས་བརྒྱུད་དེ་རྒྱལ་རྩེར་འབྱོར། ཐོག་མར་རྐྱེན་སེལ་གྱི་དབང་ཆོས་འདྲ་ཕུལ་ཞིང་སོ་སོའི་བཞེད་ལྟར་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་བཅུ་གསུམ་མའི་དབང་དང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོར། མི་གཡོ་བ་རྣལ་འབྱོར་བླ་ན་མེད་པའི་དབང༌། བདག་པོ་རྒྱལ་བའི་དྲུང་དང་སྨར་ཁྲིད་དང་ཕྱག་ཆེན་གའུ་མ། ཞལ་ངོ་སྤྱི་ཁྱབ་ཏུ་སྤྲོས་མེད་ཀྱི་ཁྲིད་སོགས་ཆོས་ཀྱི་རིམ་པ་རྣམས་འཕེལ་བར་བྱུང་ཞིང༌། བར་སྐབས་དེར་འབྲོང་རྩེ་བརྒྱུད་ནས་འདོལ་བྱུང་ལ་ཕྱིན་པ། གསང་བདག་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དང་གཤིན་རྗེ་གཤེད་གདོང་དྲུག་གི་དབང་བསྐུར། གཞན་ཡང་དགོངས་བཞེད་ཀྱི་ཆོས་སྣ་མང་དུ་བགྱིས། ལྷ་སྡིངས་སུ་སྔར་ཡང་ཡང་འགྲོ་བ་བཞིན་འདི་རེས་ཀྱང་ཕྱིན། དབོན་ཆེན་ལྷུན་གྲུབ་བཟང་པོ་རང་གིས་མོ་ལ་བཏང༌། ད་ཐོད་པ་ནམ་འབོགས་ཆ་མི་འདུག་པས་ཤི་བ་བྱུང་ན་དགོན་ཆུང་འདི་ལའང་ཐུགས་རྗེས་གཟིགས་ཟེར། མངའ་བདག་རྒྱས་མོའི་སྐུ་གདུང་ཞུགས་འབུལ་བྱེད་དགོས་སྟབས་སླར་རྒྱལ་རྩེར་ཕྱིན། གམ་པ་ནས་བདག་པོའི་དྲུང་ཡང་ཕེབས་འདུག་ པ་ཚེ་དབང་བརྒྱ་ཚར་དང༌། བདེ་མཆོག་ནག་པོ་བའི་དབང་ཞིག་ཀྱང་ཕུལ། ཚེས་བདུན་གྱི་དགོངས ་མོ་རྡོ་རྗེ་མི་
འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལ་བརྟེན་ཏེ་གདུང་འོད་བཞུ་བྱས་ཞུགས་འབུལ་ཤིན་ཏུ་ལེགས་ཤིང་དབུ་ཐོག་རིལ་པོར་བྱོན་པའི་རྣམ་པ་བྱུང༌། དཔོན་ས་ཡིད་ལགས་དྲུང་དཔོན་གཡོག་བཅུ་སྐོར་ལ་ནཻ་གུའི་མགྱོགས་ཁྲིད་སྒྱུ་ལུས་དབང་མོ་ཆེ་དང་བཅས་ པ་དགོངས ་བཞེས་ལྟར་ཕུལ། དེ་ནས་རྩེ་ཆེན་དུ་ཕྱིན་ཞག་ཤས་འགོར། དགོངས་བཞེད་ཀྱི་ཆོས་འདྲ་ཕུལ། རང་རེས་སྟག་ལོ་ཆོས་སྡེའི་ཁུར་བཞག་པ ་དེ་ཕྱིན་ཆད་ཆོས་སྡེར་ཅི་ཡང་མ་ཕྱིན་པས་འདི་སྐབས་འཇམ་དབྱངས་དཀོན་མཆོག་བཟང་པོའི་དངུལ་གདུང་ལ་བྱིན་རླབས་ཞུ་བར་ཕྱིན། རང་གནས་བསམ་གཏན་སྡིངས་སུ་སླེབ། སྒྲུབ་སྡེ་བ་རྣམས་ལ་ནཻ་གུ་འབྲིང་པོ་ཞིག་བཤད་ཅིང༌། འཇག་ནས་རིན་པོ་ཆེ་སྤྲུལ་སྐུ་དཔོན་སློབ་རྣམས་དང་སྨན་ཐང་བློ་བཟང་ པ་ཡང་འཕྲད་པར་བྱོན་བྱུང༌། ཐུགས་དགོངས ་ལྟར་གྱི་ཆོས་འདྲ་བྱས། གསེར་མདོག་ཅན་ནས་ཤངས་བ་སློབ་དཔོན་པ་ཆོས་ཁྲིམས་དང་བཅས་པ་ངེད་ཡོང་དགོས་ཚུལ་ལ་ཕེབས་བྱུང་ཞིང་མ་ཧཱ་མཱ་ཡའི་དབང་བསྐུར་ཞིག་ཀྱང་བཞེད་པ་ལྟར་བྱས། སྐབས་འདིར་བསམ་སྡིངས་སུ་ཟླ་ཕྱེད་ཙམ་སོང༌། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་སྤ་མནམ་རྫོང་དུ་འོངས། ནང་པར་རྗེ་གྲུབ་ཐོབ་ཀརྨ་པ་དགུ་པ་ཡང་ཕེབས་པའི་སྐུ་གཞོགས་མཇལ་བར་ཕྱིན་ཞག་བཞིའི་བར་དུ་ཉིན་རེ་བཞིན་མཇལ་བའི་ཆོས་འབྲེལ་གྱི་ཐོག་མར་སྐུ་གསུམ་ངོ་སྤྲོད་ཆོས་ཐུན་གཅིག་ལ་འདུས་པཞིག་གནང་ཞིང༌། སྔོན་གྲུབ་ཐོབ་པ་གཤིས་ཀྱང་ཨོ་རྒྱན་པ་ལ་ཆོས་ཐམས་ཅད་ཀྱི་དོན་བརྒྱུད་གཏད་པའི་ཆོས་འབྲེལ་དངོས་སུ་སྩལ་བ་ནི་འདི་ཁོ་ན་ཡིན་
འདི་གསན་པས་ཀརྨ་ཀམ་ཚང་གི་ཆོས་ཐམས་ཅད་དོན་གྱིས་གསན་པ་ཡིན་ནོ་གསུང༌། གཞན་ཡང་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཐུན་གཅིག་ལ་ཚང་བ་ཞིག་དང༌། སྒྲུབ་ཐབས་ཟབ་པ་འགའ་ཤས་དང༌། ཚེ་དབང་གྲུབ་རྒྱལ་མ། རྩ་གསུམ་དྲིལ་སྒྲུབ། རྒྱལ་བ་རྒྱ་མཚོའི་དབང༌། བེར་ནག་ཅན་གྱི་གཏོར་དབང་བླ་མའི་རྣལ་འབྱོར་ཐུགས་ལ་ཤར་བ་གཅིག་སོགས་དགྱེས་བཞིན་དུ་སྩལ། སྔ་ཕྱིར་ཐུགས་སུ་བྱོན་པའི་བཀའ་ལུང་བག་ཕེབས་པར་གནང༌། དེ་མཚམས་ཚོང་འདུས་སུ་ཕྱིན་པའི་ཞག་བདུན་བསྡད་ཅིང༌། འདི་སྐབས་རྗེ་ཀརྨ་པ་དབང་ཕྱུག་རྡོ་རྗེས་དངོས་ལ་བསྟོད་པ་བརྟན་བཞུགས་སྨོན་ལམ་ཤླཽ་ཀ་གསུམ་པ་ཞིག་ཆེད་གཏད་སྐྱེལ་བར་གནང་བྱུང༌། དགེ་བཤེས་ནོར་བུ་དཔལ་བཟང་པ་ལ་འཕགས་པ་སྤྱན་རས་གཟིགས་པད་མ་དྲ་བའི་དབང་བསྐུར་ཞིག་ཀྱང་བྱས། སོ་སོའི་འདོད་པ་དང་བསྟུན་པའི་ཆོས་གཞན་ཡང་མང་དུ་བགྱིས། དེ་ནས་དཀར་པོ་ལ་ལ་བརྒྱུད་ནས་ཆོས་གྲྭ་ཆེན་པོ་གསེར་མདོག་ཅན་དུ་ཕྱཽགས། ལ་རྩ་ནས་མཁན་སློབ་རྣམས་ཀྱང་བསུ་བ་ལ་ཕེབས། དགེ་འདུན་རྣམས་ཀྱི་སེར་བསྒྲེངས་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་འབྱོར། བཀྲ་ཤིས་བརྩེགས་པ་མཁན་སློབ་སོགས་རགས་བསྡུས་ལ་འཁོར་ལོ་བདེ་མཆོག་སྡོམ་འབྱུང་ལྷ་བཅུ་གསུམ་མ་དང༌། སྒྲོལ་མ་བླ་མེད་མའི་དབང་ཞིག་བྱས། ཤངས་པ་གྲྭ་ཚང་དུ་ཡང་མཁན་སློབ་སོགས་དྲག་བསྡུས་ལ་འཁོར་ལོ་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་དབང༌། རྡོ་རྗེ་གདན་བཞིའི་དབང༌། རྗེས་གནང་འགའ་ཞིག་རྣམས་བགྱིས། ཚོགས་ཆེན་ལ་རྗེས་གནང་ཟུར་བཀའ་ཉི་ཤུ་ཙམ་དང༌།
གསང་འདུས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད། པཎ་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཞིབ་མོ་རྣམ་དག་གི་ཆོས་འཁོར་ཡན་ཆད་ཙམ་གྱི་ལུང་སོགས་དང༌། མཁན་སློབ་རྣམས་ལ་རིམ་ལྔ་མར་ལུགས་ཀྱི་ཁྲིད་ཡོངས་རྫོགས་དང༌། སྤྱོད་བསྡུས་སྒྲོན་མེའི་ལུང་སོགས་ཕུལ། འདི་སྐབས་རྩེ་ཆེན་ནས་དཔོན་སའི་དྲུང་ཤིན་ཏུ་བསྙུང་བའི་འཕྲལ་སླེབ་དགོས་ཚུལ་ཕེབས་བྱུང་ནའང༌། སྐུ་ཁམས་སྐྱོན་མི་ཡོང་བའི་ཁག་ཐེགད་ལམ་མི་ཡོང་ཞུས་ནས་མ་ཕྱིན། འབོད་མི་ཡིད་མ་ཆེས་བྱེད་ཀྱིན་འདུག་ནའང་ཕྱིས་དེ་ཀ་ལྟར་བྱུང༌། དེ་ནས་བསམ་གྲུབ་རྩེར་སྡེ་པ་སྐུ་གཞོན་པའི་དྲུང་དང༌། སྲས་ཡུམ་རྣམས་སུ་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དབང་བསྐུར་བ་དང༌། དཀྱིལ་འཁོར་དེ་ཉིད་ལ་བརྟེན་ཏེ་ཞལ་ཐང་འགའ་ཞིག་ལ་རབ་གནས་ཀྱང་བགྱིས་ཤིང་དགའ་སྟོན་ཚོགས་འཁོར་ཀྱང་དཔེ་མེད་བྱུང༌། འདི་སྐབས་རབ་གནས་ཀྱི་སེང་བར་ལ་དཀར་མེ་ཞིག་དར་ཡོལ་ལ་མཆེད། རྣམ་པ་གཅིག་ཙམ་ཚིགརྟོག་པ་ཟ་བར་བྱུང༌། ཡོན་བདག་ཚོར་ཐུགས་རྟོག་བྱུང་དོགས་དར་དེ་ཀ་འདྲ་བས་སྤོས་པས་སུས་ཀྱང་མ་རིགགཞན་ཡང་ཚེ་བཀའ་སོགས་དགོངས་བཞེད་ལྟར་ཕུལ་ནས། དཔལ་སྣར་ཐང་དུ་ཞག་ལྔ་ཙམ་བསྡད་པའི་ཡབ་ཡུམ་སོ་སོར་ཆོས་ཐན་ཐུན་དང༌། སྡེ་པའི་དྲུང་དུ་སློབ་དཔོན་ས་དྱཱ་ན་ཐ་ནས་བརྒྱུད་པའི་ཧེ་རུ་ཀའི་བྱིན་རླབས་ཤིག་ཀྱང་ དགོངས་བཞེད་ལྟར་ཕུལ། ཆོས་ཀྱི་གསུང་གླེང་འཕེལ་བར་བྱུང༌། ཆུ་མིག་གི་སྒྲོལ་མ་དང་བྱམས་པ ་སོགས་རྟེན་རྣམས་ལ་ཕྱག་མཆོད་རྒྱས་པར་བྱས། བྱང་ཆེན་དུ་
འབྱོར་པའི་དགོན་པ་བྱང་དུ་ཁྲོམ་དབང་ཞིག་བྱས་པ་མི་ཚོགས་ཀྱང་ཆེ། སྒྲུབ་སྡེ་རྣམས་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྨར་ཁྲིད་ཞིག་བཤད། རྣལ་འབྱོར་མའི་བྱིན་རླབས་དང༌། མི་འཁྲུགས་པ་ཇོ་བོ་ལུགས་ཀྱི་དབང་བསྐུར་ཞིག་ཀྱང་བྱས་ཤིང༌། དེ་གཉིས་ཀྱི་ཆོ་ག་འཛུགས་པའི་བཀོད་པའང་དེ་དུས་བྱས་པས་མྱུར་སྟབས་ཚུགས། དེ་ནས་རིམ་པས་ལམ་བསྲངས་སྟག་ལའི་ལ་ཐོག་ནས་ཐལ་རླུང་ཆེན་པོ་རང་གཅིག་བྱུང༌། རེ་ཤིག་སྟོད་ཕྱོགས་མ་འགྲོ་ཟེར་བའི་བརྡར་འདུག རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་འབྱོར་མ་ཐག་དཔོན་ས་རྒྱལ་དྲུང་གིས་ཇ་འདྲེན་བཟབ་མ་ཞིག་བྱུང༌། གཞན་ནི་གང་ཡང་མེད་བྱང་གི་སྤྱན་འདྲེན་པ་ནི་ལྡོགདེའི་སང་ཉིན་རང་ནས་དུས་ཁྲིད་ཞིག་ཀྱང་བཙུགས། འདི་སྐབས་གཏམ་གསར་པའི་སྔ་ལྟས་ཤིག་དང་རྨི་ལམ་གྱི་འཆར་སྒོ་གསལ་བ་འདྲ་བྱུང་བས། རྒྱུན་སྡོད་ཀྱི་ཟླ་བོ་ཐམས་ཅད་ལ་གཏམ་གསན་ཆེན་པོ་ཞིག་ཡོང་བ་འདུག་སྨྲས་པ་ལྟར། དེ་འཕྲལ་རྗེ་དབང་ཕྱུག་རྡོ་རྗེ་ཞིང་རྗེས་སོང༌། སྔོན་འགྲོའི་རིང་ལ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་བྱས། ཁྲིད་འཛུགས་པ་འཕྱིས་པའི་སྟབས་ཁྲིད་གསར་པ་མི་ནག་པའི་རིགས་མང་པོ་མ་བྱུང་ནའང༌། ཁྲིད་གསར་པ་གྲྭ་པ་བྱིས་པ་འདྲ་དང་བཙུན་གསར་མ་རང་ལྔ་བཅུ་ཙམ་ཡང་བྱུང་ཞིང༌། གཞན་ཡང་ལས་དང་པོ་རྣམས་དང་བཅས་པས་དམ་པོ་འདེབས་མཁན་མང་རབ་བྱུང༌། སྔར་ཁྱུད་ཀྱི་ཕྱག་ལེན་ལྟར་དུས་ཆོས་ཤིན་ཏུ་སྨིན་པར་བྱས། སྔོན་འགྲོའི་སྐབས་ཤིག་རྨི་ལམ་དུ་སློབ་དཔོན་པདྨ་ཡིན་ཟེར་བའི་སྐུའི་རྣམ་པ་ཤིན་ཏུ་གསལ་བ་ཞིག་དང༌། དེ་ལ་གུས་པས་བསྟོད་པ་ཞིག་
ཀྱང་བྱས་པ་སད་ནས་མ་བརྗེད་པར་ཡི་གེར་བྲིས། དེ་ཉིན་གུ་རུའི་སྐུ་འདྲ་ཞིག་ཀྱང་སྟེར་མཁན་བྱུང༌། ཡང་རྒྱལ་བ་མི་ཕམས་པ་བབས་པ་ཡིན་ཟེར་ནས་ཆོས་ཅི་ཡང་ཞིག་བཤད་ཀྱིན་འདུག གཉིད་སད་ཙ་ན་གཞན་མི་དྲན་ཤེར་སྙིང་དངོས་པོ་བརྒྱད་དང་སྦྱར་ནས་བཤད་པ་དེ་བློ་ལ་རམ་མེ་འདུག ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་ལ་སྙིང་ཐག་པ་ནས་ངེས་ཤེས་ལྷང་ངེར་ཤར། ཀུན་མཁྱེན་རྟོན་པ་བཞི་ལྡན་ཆེན་པོའི་བྱིན་རླབས་ཀྱི་འཇུག་སྒོ་ཡིན་པར་མངོན། ཁྲིད་གྲོལ་ནས་ཟླ་ཕྱེད་ཙམ་མཚམས་དམ་པར་བཅད། དེ་མཚམས་བསམ་འགྲུབ་རྩེ་ནས་དཔོན་སའི་དྲུང་ཆབ་ཚན་གྱི་ཞོར་ལ་མཚེད་དུ་མཇལ་བ་དང༌། དེ་མཐུན་ཇོ་ནང་དུ་ཡང་ཕེབས་པའི་རྟེན་མཇལ་སོགས་ཞིབ་མོར་གནང༌། སྒྲུབ་སྡེར་ནས་ཁལ་ལྔ་བརྒྱ་གནང༌། དེ་རྗེས་སུ་ཡང་ཟླ་གཅིག་ཙམ་མཚམས་དམ་པར་བྱས། དེ་ཡང་དེ་གོང་ཕག་བྱི་གླང་གསུམ་གྱི་ལོ་ལ་ཉམས་ཀྱི་རྩལ་ཆུ་ལྟར་འཁྲུག་པ་ཐུན་མོང་གི་ཡོན་ཏན་མང་པོ་སྐྱེ་སྐྱེ་འདྲ་བ་ཡོད། སྟག་ལོ་ཡང་དེའི་རྒྱུད་ཕྱོགས་འདྲ་ཙམ་བྱུང༌། ཡོས་ལོ་འདི་ནས་དེ་ཡང་རིམ་པས་ཡལ་ཞུན་མར་རྩེག་ཆོད་པ་ན་ཁོལ་མི་ཡོང་བ་དང་འདྲ་བ་ཉམས་སངས་ནས་རྟོགས་པ་ཉག་གཅིག་མཉམ་ཉིད་དུ་སོང་སྙམ་པའི་དགའ་དགའ་འདྲ་མོ་ཞིག་སྣང་ནའང་ཕུགས་ནི་ལོ་གོང་མ་གསུམ་བཞི་དེ་ལ་འཇིག་རྟེན་ཆོས་བརྒྱད་ཀྱིས་དབང་དུ་སོང་ཉམས་ཀྱི་རྩལ་ཕྱོགས་མེད་དུ་སྦྱོང་བ་མ་བྱུང་བས་དུས་ལ་བབ་པའི་རྟེན་འབྲེལ་ལས་ཡོལ་དགེ་སྦྱོར་ལ་བོགས་མ་ཐོན་པ་ཁོ་ནའི་སྐྱོན་དུ་སྣང༌། འདིས་རང་དོན་དང་གཞན་དོན་གཉིས་ཀ་ལ་སྐྱོན་ཆེན་པོ་ཞུགས་ཏེ། རེ་ཤིག་བརྗོད་
པའི་གནས་མེད་དོ། །དེ་སྐབས་གཏིང་སྐྱེས་ནས་སྡེ་པ་མ་ཆེན་དྲུང་སྐུ་ཁམས་ཀྱང་ལྟེམས་ཡུན་རིང་བ་དང༌། སྐུ་ཞུད་སོགས་སྐུ་དོག་གི་རྣམ་པ་ཆེ་བ་འདུག་པས་འཕྲལ་སླེབ་དགོས་ཚུལ་བྱུང་བ། དེ་མཚམས་ཆོས་ལུང་བྱང་རྩེར་ཁོར་ཙམ་ཕྱིན་ཆུ་སེར་གྱིས་པུས་མོ་ན་བ་ལ་ཕན་དུ་རེ་བའི་ཆུ་ཚན་ཞག་ལྔ་ཙམ་བསྟེན། སྒྲུབ་སྡེ་རྣམས་ལ་རྩ་དབུ་མའི་ཁྲིད་ཅིག་བཤད་ཅིང་དབང་རྗཻས་གནང་འགའ་བསྒྲུབས། ངེད་དབུས་ན་ཡོད་དུས་ངམ་རིང་ནས་མི་སྣ་གནང་བའི་རྟེན་སྒམ་ཞལ་འབྱེད་ལན་གཉིས་ཙམ་མཛད་པའི་བདུད་རྩི་རིལ་བུ་གཅིག་ཀྱང་མ་ལུས་འདུག གྲྭ་པ་རྣམས་ཀྱང་རྟེན་མཇལ་མ་མྱོང་བ་ཤ་སྟག་ཡིན་པས་རྟེན་སྒམ་ཞལ་འབྱེད་བྱས་པས་སྔར་གྱི་ས་ན་མེད་པ་གཉིས་གསུམ་ཞིག་སྣང༌། ངེད་རང་དོལ་དུ་མཚམས་བཅད་སྐབས་མཁའ་འགྲོས་སྩལ་བའི་སྨན་མཆོག་དབང་པོའི་འབྲས་བུ་དེ་ཡང༌། སྔ་ཕྱིའི་རྟེན་འབྲེལ་འགའ་ལ་རྟེན་སྒམ་དུ་བཞུགས་སུ་གསོལ། དེ་ནས་གཙང་མགོ་གཉིས་མར་ཚེ་དབང་རྗེས་གནང་གང་འོས་དང༌། གཟུངས་གྲྭ་ལྔའི་དབང་ཞིག་དང་ཁྲོམ་དབང་ཞིག་ཀྱང་བྱས་ཤིང༌། ཉིན་གཅིག་བདེ་མཆོག་རྩེར་ཕྱིན་པའི་བཀའ་བརྒྱད་ལྷ་ཁང་ལ་རབ་གནས་དང་ཚོགས་ཁང་དུ་བླ་མའི་རྣལ་འབྱོར་ཞིག་ཀྱང་བྱས། དེ་ནས་ཡར་ལམ་དགོན་པ་འབྲས་སྤུངས་ཀྱི་མདུན་དེར། འབྲས་སྤུངས་གདན་ས་པ་ཤཱཀ་མཆོག་པའི་དྲུང་དང་དགེ་འདུན་རྣམས་དངོས་ལ་འཕྲད་པར་ཕེབས་བྱུང༌། དེ་ནུབ་ཁྱུང་དཀར་ཞོལ་དུ་སླེབ། སང་ཞོགས་ལྷ་རྩེ་རྫོང་དབོན་གཉིས་རང་ལ་ཚེ་དབང་ཞིག་དགོས་ཟེར་བ་བྱས་དུས་ཉི་མ་གཟའ་འཛིན་བྱུང་
བའི་མུན་ཤིན་ཏུ་ནག་པར་སོང་བ་ཕྱིས་དམ་སེལ་ཆེན་པོར་འགྲོ་བའི་རྟེན་འབྲེལ་དུ་སྣང༌། དེ་ནས་བདེ་གླིང་དུ་སླེབ། གནས་པ་བཅུའི་ཞལ་ཐང་གསར་བཞེངས་ལ་རབ་གནས་བྱས། རིམ་པས་མཁར་ཆེན་དུ་འབྱོར་ཞིང༌། སྡེ་པ་རིན་པོ་ཆེའི་དྲུང་ཡང་སྐུ་ཁམས་ཡར་སོར་བྱུང་འདུག མོ་ལོན་སོགས་ཅུང་ཟད་རྩུབ་བ་ལ་བརྟེན་པའི་ དགོངས་བཞེད་ལྟར་སྡེ་པ ་མ་ཆེན་སྐུ་རྐྱང་དུ་ཚེ་དབང་གྲུབ་རྒྱལ་མ་བརྒྱ་ཚར་གཉིས་དང༌། ཛེ་ཏ་རིའི་ལུགས་བརྒྱ་ཚར། དཔལ་མགོན་པོའི་རྗེས་གནང་ཚར་ལྔ་བཅས། སླེབ་ནས་མི་རིང་བར་མཆོད་ཡོན་ལྷན་རྒྱས་ཀྱི་ཁུལ་ནས་བྲག་སྟོད་དུ་རྩ་བའི་བླ་མ་དམ་པ་སྤྱན་འདྲེན་དུ་བཏང༌། ཞང་འབྲུག་སྒྲའི་སྒྲུབ་གནས་གདོང་ཁྲ་བལྟ་བར་ཕྱིན། དེ་ན་དགྲ་ནག་གི་དཀྱིལ་ཐང་རྒྱ་གར་མ་ཡིན་ངེས་རི་མོ་ལེགས་ཉེས་འབྲིང་ཙམ་ལ་ཆུད་ཟོས་ཤིན་ཏུ་ཆེ་བས་མངོན་མི་མངོན་ཙམ་དུ་སོང་བ་ཞིག་འདུག དེ་ལ་བལྟས་དུས་ལ་ལི་ཏའི་གཤིན་རྗེ་གཤེད་འབྱུང་བའི་ དགོངས་པ ་ཞང་ལུགས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་བཀོད་པའི་རྣམ་གཞག་ལ་ངེས་ཤེས་སྐྱེ་བར་བྱུང༌། བར་འདིར་ཆམ་པ་ཤིན་ཏུ་ན་བས་ཞག་གཉིས་ཙམ་ཆོས་མཚམས་བྱས། དེ་ནས་དོན་གཉེར་སོ་སོར་བདེ་མཆོག་ནག་པོ་པའི་དབང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་དང༌། རྣལ་འབྱོར་བཞི་རིམ་གྱི་ཁྲིད་དང༌། ནཻ་གུའི་ཁྲིད་རྐྱང་ཞིག་དང༌། མི་གཡོ་བླ་མེད་ཀྱི་དབང༌། ཞལ་ངོ་རྣམས་ལ་གཤེད་དམར་བཅུ་གསུམ་མའི་དབང་དང༌། དྲག་པོའི་རྗེས་གནང་མང་དག་དང་བཅས་པ་སོ་སོ་སྒོས་ཀྱི་འདོད་ཆོས་ཐང་ཐུང་རྣམ་གྲངས་
སྣ་ཚོགས་དང༌། ཁྲོམ་དབང་སེམས་བསྐྱེད་དང་བཅས་པ་ཞིག་ཀྱང་བགྱིས། རྗེ་བཙུན་དཔལ་ལྡན་བླ་མ་དམ་པའང་སྤྱན་འདྲེན་ཞུས་པ་ལྟར་ཧོར་ཟླ་བཞི་པའི་ཉེར་ལྔ་ལ་མཁར་ཆེན་དུ་ཞབས་ཟུང་འགོད་པ་གནང༌། ཡིད་ཀྱི་གདུང་བ་ཐམས་ཅད་དབྱིངས་སུ་ཐིམ་ཐུགས་ཡིད་དབྱེར་མེད་བརྗོད་བྲལ་མཁའ་མཉམ་ཁྱབ་བདག་ཆེན་པོའི་རང་ཞལ་ལྟ་བ་ནི་ནམ་ཡང་ཡོང་མོད་ཀྱི་མདོར་ན་སྐུ་རྣམ་པ་ཐམས་ཅད་པ་ཡེ་ཤེས་ཀྱི་རང་སྣང་རྒྱལ་བ་ཀུན་གྱི་སྐུའི་རྡོ་རྗེ་དང༌། གསུང་གཞོམ་མེད་སྒྲ་སྐད་ཐམས་ཅད་པ་སངས་རྒྱས་ཀུན་གྱི་གསུང་གི་རང་བཞིན་མིག་དང་རྣ་བའི་བདུད་རྩིར་གྱུར་པ་ཉིད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གཞན་ལ་གུས་པ་དབྱིངས་སུ་ཡལ་ཏེ་འདི་ཉིད་ཁོ་ན་བདག་དང་འགྲོ་བ་མཐའ་ཡས་པའི་གཏན་གྱི་ཉེར་འཚོའོ། །ཞེས་པ་འདི་འབའ་ཞིག་ཡིད་ལ་བྱེད་པ་དང་ཉིན་དང་མཚན་དུ་ནང་གི་དགའ་བ་དང་བདེ་བས་ཁྱབ་པར་གྱུར་ཏོ། །སྐབས་འདིར་གསུང་གི་བདུད་རྩི་ཐོབ་པའི་རིམ་པ་ནི། གླིང་གི་བཀའ་འབུམ་ཡོངས་རྫོགས་བདག་ཉིད་ཀྱིས་མྱུར་བར་བཀླགས་ཏེ་འཕར་ལུང་དུ་ཞུས། རོ་སྙོམས་ཆེན་མོ་ཡོངས་སུ་རྫོགས་པའང་ཐོབ། གཙོ་བོར་བདག་ཉིད་ཀྱིས་ཇི་ལྟར་མངོན་དུ་བགྱིས་པ་ལས་བརྩམས་ཏེ། ཉིན་རེ་བཞིན་དུ་ཡང་ཡང་དུ་ཞུས་པ་དེ་དང་དེའི་འཕྲང་སྒྲོལ་བ་དང་གོང་ནས་གོང་དུ་ཁྱད་པར་དུ་བོགས་དབྱུང་བའི་བཀའ་དྲིན་སྩལ་བ་ནི་བགྲང་བ་ལས་འདས་པ་ཞིག་ཡོད་དོ། །འདིར་རྡོ་རྗེའི་གནས་པ་བཅུ་གཅིག་པ་སྦྱར་རོ། །དེ་ནས་དངོས་ལ་བླ་མ་དམ་པས་རྟེན་འབྲེལ་གྱི་གནད་ཡོད་ཅེས་ཕེབས་ནས་བརྟན་བཞུགས་
ཤིག་ཀྱང་གནང༌། ཚེ་དབང་བརྒྱ་ཚར་གྱི་བཀའ་དྲིན་ཡང་སྩལ་ཞིང༌། ད་ལམ་ཆོས་ཐམས་ཅད་ཀྱི་དོན་གྱི་དབང་བསྐུར་ཐོབ་པའི་དབང་ དགོངས་པས་བཅད་པ ་ཞིག་གནང་དགོས་ཞེས་གསོལ་བ་བཏབ་པས། དཔལ་འཁོར་ལོ་བདེ་མཆོག་སློབ་དཔོན་སྤྱོད་པ་པའི་བཞེད་སྲོལ་ལྟར་དབང་བཞི་རྫོགས་པ་དང༌། དེ་ཉིད་ཀྱི་མཐར་བདག་ཕྱོགས་ཀྱི་གོས་ཅན་ཕྱག་རྒྱ་དྲུག་ལ་སོགས་པའི་ཧེ་རུ་ཀའི་ཆས་རྣམ་པར་བཀོད་དེ། སྤྱོད་པའི་བརྟུལ་ཞུགས་ཀྱི་རྗེས་སུ་གནང་བ་ཤིན་ཏུ་རྒྱས་པར་སྩལ། རིགས་ཀྱི་བདག་པོ་ཉིད་ཀྱིས་བདག་ལ་རབ་གནས་ཀྱི་མེ་ཏོག་ཀྱང་མཐོར་བར་གནང༌། བདག་པོ་དང་བདག་པོ་ཆེན་པོའི་དབང་གི་དོན་ཡང་འདི་ལ་འདོམས་པར་འདུག་ག་ཎ་ཙ་ཀྲའི་དགའ་སྟོན་ཡང་ཉམས་སུ་མྱོང་སྟེ། ཨེ་མ་ཧོ། ད་ནི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་མ་ལུས་ཤིང་ལུས་པ་མེད་པའི་རྒྱུད་ལས་ཇི་སྐད་གསུངས་པ་ལྟ་བུའི་རིག་པའི་བརྟུལ་ཞུགས་ཀྱང་ཅིའི་ཕྱིར་སྤྱོད་པར་མི་ནུས་ཞེས་དབུགས་ཕྱུང༌། རྣམ་པ་བརྒྱ་ཕྲག་དུ་མས་མངོན་པར་མཐོ་བའི་གཟིངས་བསྟོད་པར་ཡང་གྱུར་ཏོ། །འདིར་རྡོ་རྗེའི་གནས་པ་བཅུ་གཉིས་པ་སྦྱོར་རོ། །བཅུ་གཉིས་པོ་འདི་དག་བོད་སྒོམ་རྣམས་ཀྱི་གསུང་ལྟར་ན་ཉམས་ཡིན་ཀྱང་འདྲ། རྟོགས་པ་ཡིན་ཀྱང་འདྲ། གང་ཡིན་ཀྱང་ཁྱད་མེད། འཆར་སྒོ་དེ་དང་དེ་འདྲ་གཅིག་ནི་བྱུང་བ་ལགས་སོ། །སྨྲས་པ། སྔར་མ་ཤེས་རྣམས་ཅི་ཡང་གོ །གོ་བ་ཙམ་ཡིན་ནའང་ཡིན་དུ་ཆུག །མྱོང་ཡང་མྱོང་བྱ་དང་མྱོང་བྱེད་སྟོར། །འདི་མ་ཤར་བྱ་བ་གཅིག་ཀྱང་མེད། །ཉམས་ཡིན་ཞེས་གསུང་ནའང་གསུང་བར་ཞུ། །རང་བཞིན་ལ་འགྱུར་བ་མེད་པར་རྟོགས། །རྟོགས་པ་ལ་ཡིད་དུ་རེ་བ་མེད། །ཡིན་ཟེར་ནའང་
འགལ་བ་མི་འདུག་གོ །ས་བཅུ་གཉིས་དག་པའི་གནས་པ་འདི། །ང་སྒྱུ་མའི་སྐྱེས་བུས་ཐོབ་པར་འདོད། །དོན་ཐོབ་བྱ་ཐོབ་བྱེད་དབྱིངས་སུ་ཡལ། །ཚིག་སྨྲ་བརྗོད་བྲལ་བ་ཨ་ལ་ལ། །འཇིག་རྟེན་འདི་ནི་སྤྲོས་པའི་རྗེས་སུ་འཇུག །གཞན་དག་སྤྲོས་བྲལ་ཚིག་གིས་མཚོན་པར་འདོད། །སྤྲོས་དང་སྤྲོས་མེད་རོ་མཉམ་གྱུར་པ་དག །དོན་དམ་གནས་ན་ཅི་བདེར་གནས་ཞེས་ཐོས། །དེ་ནས་དཔལ་ལྡན་བླ་མ་དམ་པར་དཀའ་དྲིན་རྗེས་སུ་དྲན་པའི་ཡོན་མཚོན་བྱེད་ཙམ་ཕུལ་ཏེ། བརྟན་བཞུགས་རྒྱས་པའི་སྒོ་ནས་ཞབས་པད་བརྟན་པར་གསོལ་བ་བཏབ་བོ། །སྔ་སོར་སྟག་ལོའི་ནང་དུ་སྐུ་ཁམས་བསྙེལ་བའི་ཚུལ་བསྟན་པ་དེ་འདིའི་བར་དུ་འཕྲོ་ལུས་པའི་རྣམ་པ་ཕྱག་ཡུལ་ཅུང་ཟད་མི་བདེ་བ་དང་སྐུ་ཁམས་ཀྱང་བྱིང་པའི་རྣམ་པ་འདུག་ཕེབས་པ་ཞིག་ཡོད་ནའང༌། བརྟན་བཞུགས་ཕུལ་བ་འདི་ལས་བརྩམས་ཏེ་སྐུ་ཁམས་ཤིན་ཏུ་དྭངས་ཤིང་སྐུ་གཟུགས་ཤིན་ཏུ་བཟང་བ་རང་དུ་གྱུར་པ་འདིས་ཀྱང་མོས་པའི་དགེ་བ་རྣམ་པར་དག་པའི་མཐུ་ཕུན་སུམ་ཚོགས་པ་བརྟན་པ་ཡིན་ནོ། །འདི་སྐབས་བཟང་ལྡན་ཆོས་སྡེ་ནས་སློབ་དཔོན་བཀྲ་ཤིས་དབང་ཕྱུག་པ་དང་བྱང་ནས་མི་སྣ་བདེ་གླིང་ནང་སོ་གཟི་འབར་བ་བྱུང༌། བཟང་ལྡན་དུ་ཚེས་བཞི་ལ་ལམ་འབྲས་ཚུགས་ངེས་དགོས་ཚུལ་དུ་འདུག་ཅིང༌། དེ་ནི་དོན་ལའང་དགོས་པར་ཡོད་མོད་ཀྱི། ཐམས་ཅད་དུས་ཐུག་ཅིང་དོག་སར་འཛོམ་པའི་འགག་ཐུག་སར་བརླ་བསྒྲད་པའི་དཔེ། དེའི་སྔོན་དུ་ངམ་རིང་དུ་ཁོར་ཙམ་མ་འབྱོར་ན་གཏན་མི་རུང་བའི་ནན་ཆགས་དང༌། གདོང་འགའ་ནས་ཀྱང་འབོར་མི་ཅར་སྡོད་ཞག་ཤས་སྡོད་དགོས་ཀྱི་ནན་ཆགས་སོགས་ཞེ་སུན་པོ་རང་
ཅིག་བྱུང་བས། འདི་གོང་གམ་པ་ལ་འགྲོ་བའི་ཁས་ལེན་ཡོད་ཀྱང་བཤོལ། བླ་མ་དམ་པའི་སྐུ་མཚམས་འོག་ཏུ་ཉིན་རེ་བཞིན་ཞལ་དཀྱིལ་མཇལ་བར་ཕྱིན་ཅིང༌། སྡེ་པ་ཞལ་ངོ་རྣམས་སུ་རྣལ་འབྱོར་མའི་བྱིན་རླབས་ཤིག་དགོས་ཕེབས་བྱུང་ནའང༌། ད་ལམ་འཇུག་གི་རྟེན་འབྲེལ་ཡིན་པས་ཕག་དཀར་ཤེས་རབ་གསལ་བྱེད་ཞིག་འགྱུར་རྙིང་པའི་ལུགས་བྱེད་བྱས་དེ་ཕུལ། ཚེས་བཅུ་དགུ་ལ་ཆས་དེ་ནུབ་ཆུ་བབས་སུ་སྒྱོགས་མཁན་པ་ཚང་གི་དེར་བསྡད། དེ་ཉིན་ལམ་གྱི་ངལ་དུབ་ཤིན་ཏུ་ཆེ་བ་ཞིག་བྱུང་སྟེ་ཕྱིན་ན་མི་ལེགས་ཟེར་རྒྱུར་འདུག དེ་ནུབ་ཀྱི་ཐོ་རངས་སྔ་ཟུར་ཙམ་ལ་གཏིང་སྐྱེས་ནས་འདྲེན་དཔོན་ཚེ་རིང་སླེབ་པའི་སྡེ་ པ་མ་ཆེན་དྲུང་ཁ་སང་དགོངས ་ཕྱོགས་ནས་སྐུ་བསྙེལ་བའི་སྐུ་ཁམས་ཐུ་བར་བྱུང་བས་འཕྲལ་དུ་ལྡོག་ཡོང་དགོས་ཚུལ་དུ་འདུག་པ། རླུང་ལྟས་སོགས་འཕྲལ་གྱི་ལྟས་ལ་བརྟགས་པས་ཉེས་སྐྱོན་གཅིག་ཀྱང་མི་འདུག་པས། དེ་ཕྱིན་བཟང་ལྡན་གྱི་ཆོས་འདི་ཡང་ཕྱིས་འགྲུབ་དཀའ་ཞིང་དགེ་འདུན་གྱི་བྱ་བ་བཤོལ་དུ་མི་རུང་བར་འདུག་སྙམ་པས་ད་ལམ་སྐྱོན་མི་ཡོང་བ་ཁག་ཐེག་པས་ཡོང་མི་དགོས་པར་འདུག་བྱས་ཞུ་ལན་ཡང་དེ་འཕྲལ་ཕུལ། རིམ་པས་གདོང་དགར་སླེབ། ཞག་བདུན་སྡོད་དགོས་བྱུང་ཞིང༌། སྐྱེས་རབས་སོ་བཞི་མཛད་བཅུ་གནས་བརྟན་བཅུ་དྲུག་སོགས་ཀྱི་ཞལ་ཐང་གསར་བཞེངས་རྣམས་ལ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། རབ་གནས་ཉིན་གསུམ་པའི་ཆོ་གས་བགྱིས་པ་དང་སྟབས་བསྟུན་དུ་དབང་བསྐུར་ཞིག་ཀྱང་བྱས། གཞན་ཡང་ཚེ་དབང་བརྒྱ་ཚར་དང༌། འཇམ་དཔལ་སྨྲ་སེང་
དང༌། ཞལ་བཞི་པའི་རྗེས་གནང་སོགས་བརྗེད་ཆོས་འགའ་ཤས་དང༌། གདོང་དགའ་སློབ་དཔོན་པ་དང་རགས་རྫོང་སློབ་དཔོན་པ་གཉིས་ལ་ནག་པོ་རིམ་བཞིའི་ཁྲིད་ཞིག་ཀྱང་བཤད། གནས་རྙིང་རྗེ་དྲུང་ཡེ་ཤེས་རྒྱ་མཚོ་པ་ཡང་ཆོས་ཞུ་བ་ལ་འདི་སྐབས་ནས་ཕེབས་བྱུང་ཞིང་རིམ་པས་ངམ་རིང་དུ་སླེབ། དེ་ཉིད་དཔལ་ལྡན་སྡིངས་སུ་ཞབས་དྲུང་ལྕམ་སྲིང་ཕེབས་འདུག བསམ་འགྲུབ་དགའ་ལྡན་པ་དང༌། རྩེར་བཞུགས་ཀྱི་དགེ་འདུན་རྣམས་གྱིས་སེར་བསྒྲེངས་དང་བཅས་བསུ་བ་གཟབ་མ་གནང༌། འདི་སྐབས་ཞག་གསུམ་བསྡད་པ་ལ་ཞལ་ངོ་སྤྱིར་ཚེ་དབང་བརྒྱ་ཚར་དང་དྲག་པོའི་རྗེས་གནང་འགའ་ཞིག་ཕུལ། གཞན་སོ་སོར་འདོད་ཆོས་ཐང་ཐུང་འདྲ་བཤད། ཧོར་ཟླ་དྲུག་པའི་ཚེས་གསུམ་གྱི་ཉིན་ངམ་རིང་ནས་སྔ་བར་ཆས་ཏེ། དཔལ་བཟང་ལྡན་གྱི་ལུང་པའི་ཕུའི་མཚོ་ཁ་དེར། ཆེ་བགྲེས་སློབ་དཔོན་རྣམས་ཀྱང་བསུ་བ་ལ་ཕེབས་ཤིང༌། དགེ་འདུན་རྣམས་ཀྱི་སེར་བསྒྲེངས་ཀྱི་བཀོད་པ་རྒྱ་ཆེན་པོ་དང་བཅས་བཟང་ལྡན་ཆོས་སྡེ་ཆེན་པོར་སླེབ། དེ་ཉིན་འཇམ་དབྱངས་ཆོས་ཁྲིའི་སྟེང་ནས་དགེ་འདུན་རྣམས་ལ་བྱིན་རླབས་ཙམ་ཞིག་བྱས། དེའི་སང་ཉིན་བོད་སྤྱིའི་འདོད་པ་ལ་བདེན་བཞིའི་ཆོས་འཁོར་གྱི་དུས་ཆེན་ཡིན་ཟེར་བ་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་བྱུང་ཁུངས་སོགས་བཤད་དབུ་ཚུགས་པར་བྱས། །ཚེས་ལྔ་ནས་བརྩམས་ཏེ་སྔ་ཆོས་ དགོངས་ཆོས་ཀྱི་ཆོས་ཐུན་གཉིས་གཉིས་ཐུན་ཤིན་ཏུ་ཆེ་བར་བཤད་ཅིང༌། སྣང་གསུམ་སྐབས་ཚོགས་པ ་ངོས་མ་སྟོང་རྭ་ཅན་ཙམ་དང༌། ཞོར་ཉན་པ་ཉིས་བརྒྱ་སྐོར་བྱུང་ཞིང༌། རྒྱུ་དབང་དབང་ཆ་བཞི་བཅུ་རྒལ་ངེས་པ་དང༌། རྒྱུད་གསུམ་མན་ཆད་སྣ་ཚོགས་པ་ངོས་མ་དྲུག་བརྒྱ་མི་ཆད་པ། ལམ་དབང་དབང་ཆ་ཉེར་ལྔ་ཙམ་བྱུང་ཞིང་སྣང་གསུམ་གྱི་སྐབས་ཁྲིད་དམིགས་གང་ངེས་དང་བཤད་པའང་མཐའ་ཆོད་པར་བགྱིས། བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ་དང༌།
རྗེ་བཙུན་གྲོལ་མཆོག་གི་རྣམ་ཐར་རྒྱས་པའི་ལུང་ཙམ་ཞིག་སོང༌། ཚེས་ལྔ་དེ་ཉིད་ནས་བརྩམས་ཏེ་གནས་རྙིང་རྗེ་དྲུང་སོགས་ལ་གུང་སེང་ལ་ཤངས་ཆོས་སྐོར་རྣམས་བགྱིས་ཤིང༌། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་གཅིག་ནས་བརྩམས་ཏེ། སྔ་ཆོས་ དགོངས་ཆོས་ཀྱི་བར་དང་དབང་གི་སེང་སོགས་ཀྱི་ཉིན་གུང་ལ་ཚོགས་པ ་རགས་བསྡུས་བརྒྱ་སྐོར་ལ་ལམ་སྐོར་ཕྱི་མ་རྣམས་བཤད་ཅིང༌། སྔ་གྲོ་རེ་བཞིན་ཚོགས་པ་གང་ཡོད་ཀྱི་སྟེང་དུ་ཉེ་སྐོར་གྱི་ཡོན་བདག་འདྲ་དང་བཅས་པ་ལ་རྗེས་གནང་ཟུར་བཀའ་གཉིས་ཙམ་རེ་འཆགས་མེད་དུ་བགྱིས། འདིར་དེ་ལྟར་ཆོས་བཤད་པའི་རིམ་པ་མདོ་ཙམ་ནི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སྨིན་རྒྱས། ལྟ་བ་བསྐྱེད་རྫོགས་རྣམས་མདོ་རྒྱུད་སྤྱི་སྒོས་ཀྱི་བཤད་པ་མཐའ་ཆོད་པ་དང༌། ལམ་འབྲས་རང་རྐང་གི་ཆོས་སྐད་ཐུན་མོང་མ་ཡིན་པ་རྣམས་ཞིབ་མོ་འཐེམས་ནན་དང༌། དམིགས་པ་རྣམས་ལ་བསྐྱར་ཆོས་ཀྱི་སྒོ་ནས་ཤིན་ཏུ་ངེས་པར་བྱས། ཨིཎྜ་བྷུ་ཏིའི་ལམ་སྐོར་མ་གཏོགས། ལམ་སྐོར་ཕྱི་མ་རྣམས་ཀྱི་དམིགས་ཁྲིད་ངེས་ཅན་དང༌། སོ་སོའི་གོ་བབས་ཀྱི་བཤད་པ་རྣམས་ཀྱང་གཅིག་ལ་གཅིག་རྒྱས་འགེབས་ཀྱི་རང་བཟོར་མ་སོང་བའི་ཐུན་མོང་མ་ཡིན་པའི་རང་སྐད་ཁོ་ནའི་སྒོ་ནས་མཐའ་ཆོད་ཅིང་སྒོམ་དོན་ལ་འདྲོ་ལོ་བར་བྱས། སེམས་བསྐྱེད་ཀྱི་སྐབས་མཆོད་པའི་
བཀོད་པ་ཡང་ཤིན་ཏུ་རྒྱས་པ་དང༌། ཞུ་མཁན་ཡང་སྟོང་ཕྲག་གཉིས་ལྷག་ངེས་པ་བྱུང༌། བདག་མེད་ལྷ་མོ་བཅོ་ལྔའི་དབང་དང༌། རྗེ་བཙུན་བདག་མེད་མའི་ལུས་དཀྱིལ་བྱིན་རླབས་རྒྱས་པ་ལམ་ཟབ་ཕྱི་ནང༌། བིར་བསྲུངས་ཕྱི་ནང༌། སངས་རྒྱས་སྤྱན་མའི་བཟླས་ལུང༌། ཨཥྟའི་བཟླས་ལུང༌། ཡིག་བརྒྱའི་བཟླས་ལུང༌། བླ་མ་རིན་འབྱུང༌། བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པ། བླ་མ་དོན་གྲུབ་ཀྱི་ཚར་གསུམ་ཁུག་པ། དབང་བཞི་ངོ་སྤྲོད། བརྡའ་དོན་གསལ་བ། མགོན་རྐྱང་གི་རྗེས་གནང༌། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། སྒྲུབ་པ་ལུང་འབྱིན་གྱི་བར་དུ་བྱིན་རླབས་ཀྱི་རིམ་པ་ཡང་མཐའ་རྒྱས་དང༌། དེ་བཞིན་དུ་བསམ་མི་ཁྱབ་ཀྱི་བྱིན་རླབས། ཕྱག་ཆེན་ཡི་གེ་མེད་པའི་བྱིན་རླབས། རགས་བསྡུས་ལ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཆ་དྲུག །མཻ་ཏྲི་མཁའ་སྤྱོད་དང་ཨིནྡྲ་མཁའ་སྤྱོད་ཀྱི་བྱིན་རླབས་ཚར་རེ། དམར་པོ་སྐོར་གསུམ་གྱི་རྗེ་གནང༌། བདེ་མཆོག་ནག་པོ་པ་དང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོར་དབང་ཆ་རེ་རེ། ཤངས་ཆོས་པ་རྣམས་ལ་སྒྱུ་ལུས་དབང་མོ་ཆེ། གའུ་མའི་བཀའ་ཆེ་ཆུང་གཉིས་མཁའ་སྤྱོད་བཀའ་ལྔ། འཆི་མེད་འཁྲུལ་འཁོར་གྱི་བྱིན་རླབས་སོགས་དང༌། གསེར་ཆོས་ལྔའི་ཁྲིད། འཆི་མེད་འཁྲུལ་འཁོར་གྱི་ལག་ལེན། ལུང་ཆོས་སྐོར་པོ་ཏི་གཉིས་སོང༌། ཚོགས་ཆེན་དུ་བྱིན་རླབས་དང་རྗེས་གནང་གི་རིམ་པ། བདེ་མཆོག་ལྷན་སྐྱེས་དང་ཀྱཻ་རྡོར་ལྷན་སྐྱེས་ཀྱི་བྱིན་རླབས། བཀའ་གདམས་ལྷ་བཞི་སོ་སོའི་རྗེས་གནང༌། རྗེ་བཙུན་འཕགས་མ་སྒྲོལ་མ་ཉིན་ཞི་མཚན་ཁྲོ། རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུགམི་གཡོ་བ་ཕྱག་བཞི་པ། མི་གཡོ་བ་ཞབས་བཞི་པ། མི་
གཡོ་སྤྲེའུ་བརྒྱད་མ། ཨོ་རྒྱན་སྒྲོལ་མ། སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་སོགས་ཟུར་བཀའ་བརྒྱད་ཅུ་ལྷག་པ་དང༌། དེ་དག་ལ་བརྟེན་པའི་ཡིག་ལུང་ཅི་རིགས་པ་དང་བཅས་པ། དོན་གཉེར་འགའ་ཞིག་ལ་བྱ་བ་སྤྱི་རྒྱུད་གསུམ་དང༌། གསང་འདུས་ཀྱི་རྒྱུད་གཞུང་འགའ་ཤས་དང༌། ཁྱད་པར་གསང་འདུས་རིམ་ལྔ་ལ་འབྲུ་བཤད་མཐའ་གཅོད་རྒྱས་པ་དང་བཅས་པ། གཞན་ཡང་དགེ་འདུན་ཉིས་བརྒྱ་ཙམ་ལ་རས་ཆུང་ལུགས་ཀྱི་ཚེ་ཁྲིད་སོགས་མདོར་ན་ཉིན་མཚན་དུ་ཆོས་བཤད་ཀྱིས་དུས་འདའ་བར་སོང༌། གོང་དུ་ཆོས་ཚུགས་སྟོན་རང་ལ་གཤིན་དོན་གྱི་མང་ཇ་ཞིག་བྱུང་བ་ལ་རྟོག་པ་ཅུང་ཟད་ཟ་བ་ཞིག་བྱུང་བ་ལྟར་རྒྱུད་གསུམ་གྱི་འགོ་ཚུགས་ཙམ་ན། སྤྲང་བོ་མང་པོ་ནད་ཀྱིས་ཤི་བའི་རྐྱེན་གྱིས་གྲྭ་བ་གསུམ་བཞི་ལ་ནད་དེས་གོས། དེ་མཚམས་རི་ཁྲོད་མའི་རྗེས་གནང་སོགས་བགྱིས་པས་དེ་ཕྱིན་ཆད་དགོན་ཁོང་དུ་མཆེད་པ་གཅིག་ཀྱང་མ་བྱུང༌། འདི་སྐབས་ཕྱོགས་མཐའ་ཐམས་ཅད་ན་ནད་ཟླ་མང་བ་རང་འདུག་ནའང༌། བཟང་ལྡན་རང་དུ་ཆོས་ཤིན་ཏུ་འཕེལ་བའི་ངོས་ནས། ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་ལམ་འབྲས་ཀྱང་གྲོལ། དེ་སྐབས་ངམ་རིང་ནས་གསུང་ཕེབས་དེ་ན་ནད་རིམས་ཡོད་འདུག་པས་ཞག་བཅུ་སྐོར་དེ་ཁར་སྡོད་པ་དང༌། དེ་ནས་བགས་བསང་བ་སོགས་ལ་ཤུག་ཁྲོད་དུ་ངེས་པར་འགྲོ་དགོས་ཚུལ་དང༌། དེ་མཚམས་ངམ་རིང་དུ་ཡོང་དགོས་ཕེབས་བྱུང་བས་དེ་སྐབས་ཟེར་ཚད་ཉན་པའི་སྤྲེའུའི་ཁུང་རང་བྱས། བཟང་ལྡན་རང་དུ་མཚམས་ཞག་བདུན་མ་ཞིག་དང༌། དེ་གྲོལ་ནས་ཤུགས་ཁྲོད་དུ་ཞག་བརྒྱད་བསྡད་ཅིང༌། སྒྲུབ་སྡེ་རྣམས་ལ་བདེ་མཆོག་ནག་པོ་པའི་
དབང་ཞིག་བྱས། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་ངམ་རིངས་སུ་སླེབ། དེའི་སང་ཉིན་རང་ནས་ཆོས་ཀྱི་རིམ་པ་རྣམས་ཚུགས་ཤིང༌། ཧོར་ཟླ་བཅུ་པའི་ཚེས་བཅུ་བཞིའི་བར་དུ། གཙོ་བོར་ཞབས་དྲུང་ཉིད་དང༌། གཞན་ཡང་གང་འོས་ཀྱི་དོན་གཉེར་སོ་སོ་དང་བཅས་པ་རྣམས་ལ་སོ་སོར། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ། མ་ཧཱ་མཱ་ཡ། སངས་རྒྱས་ཐོད་པ། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ། ས་ལུགས་རོ་ལངས་བརྒྱད་བསྐོར། ཞེ་དགུ་མ། སྐྱོ་ལུགས་དྲག་པོའི་རྗེས་གནང་དང་བཅས་པ། བདེ་མཆོག་ནག་པོ་པ། རྡོ་རྗེ་གདན་བཞི། མི་ག ཡོ་བླ་མེད་དེ་བླ་མེད་ཀྱི་དཀྱིལ་ཆེན་བཅུ་དང༌། གཟུངས་གྲྭ་ལྔ་དང༌། ཚེ་དཔག་མེད་ལྷ་དགུ་སྟེ་བྱ་རྒྱུད་ཀྱི་གཉིས། གྲི་གུག་ལྷ་ལྔ། གུར་ལྷ་བཅུ་གཉིས་མ། གྱི་ལྗང་ལྷ་བཅུ་བདུན་མ་སྟེ་མགོན་པོའི་དབང་བསྐུར་གསུམ། ཡོངས་བསྒྲིལ་དབང་བསྐུར་བཅོ་ལྔ་བྱས། དཔོན་ས་ཡུམ་དྲུང་གིས་ཀྱང་འདི་དག་གི་ནང་ནས་དྲུག་ཙམ་ཞུ་བ་མཛད། ལུ་ཕུ་གདན་ས་པ་དང་ལྷུན་སྡིངས་གདན་ས་པ་སོགས་ཀྱིས་ཀྱང་སོ་སོའི་འདོད་པ་དང་བསྟུན་པའི་དེ་དག་ཅི་རིགས་པ་ཞུས། དེ་བཞིན་དུ་མ་ཧཱ་མཱ་ཡའི་ཁྲིད། འཇིགས་བྱེད་རྭ་རྩེ་སེམས་འཛིན་གྱི་ཁྲིད་སོགས་ཁྲིད་ལུང་རྗེས་གནང་རྣམ་གྲངས་མང་པོ་རང་སོང༌། ཞལ་ངོ་ཚོ་ཚན་སོ་སོར་བཅད་པས་ཚེ་དབང༌། བརྒྱ་རྩ་ལན་བཞི་དགོས་པ་བྱུང༌། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ་དང༌། བདེ་མཆོག་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཐུབ། གཞན་རྣམས་རས་བྲིས་ཀྱི་སྟེང་ནས་བསྒྲུབས། གསེང་ཞིག་ལ་སྐྱ་བོ་ཁག་ཐང་དུ་ས་སྐྱ་པ་ཆེན་པོའི་སྐུ་འབུམ་མཇལ་བར་ཕྱིན།
སྐུ་འབུམ་ལ་གསོལ་བ་འདེབས་ཀྱིན་བསྡད་སྐབས་ཤིག་མེ་ཏོག་གི་ཆར་ཆེན་པོ་མངོན་སུམ་དུ་བབས་པ་ཐམས་ཅད་ཀྱིས་མིག་ལམ་དུ་ཕེབས། ཞོར་ལ་བྱམས་ཆེན་ཡང་མཇལ། ངེད་ཀྱིས་སྔ་གོང་བདེ་མཆོག་ནག་པོ་པའི་དབང་ལ་བཀའ་ཡངས་པ་རང་བྱེད་ཀྱིན་ཡོད་ཅིང༌། བར་སྐབས་ཤིག་བཀའ་དོག་པོ་བྱས་ན་ལེགས་པའི་ལྟས་ཤིག་བྱུང་ནས་ཕལ་ཆེར་བཀའ་དོག་པར་བྱས་ནའང༌། བར་སྐབས་དེ་དང་དེར་མང་དུ་བྱེད་དགོས་བྱུང་བས་གསལ་སྣང་དང་བདེ་སྟོང་གི་ཉམས་ལ་གནོད་པར་བྱུང༌། དེ་བས་ན་རྡོ་རྗེ་ཐེག་པའི་ཆོས་ཟབ་མོ་ཅི་རུང་རུང་ལ་སྦྱིན་པ་ནི་རང་གཞན་གྱི་དོན་གང་ཡང་མ་ཡིན་ལ། སྐལ་བ་དང་ལྡན་པ་ལ་དམ་དུ་སྤེལ་བ་ཉིད་རང་དང་གཞན་གྱི་དོན་སྔ་ན་མེད་པར་འགྱུར་བའི་གནད་དམ་པར་སྣང་ངོ༌། །ཞབས་དྲུང་གིས་དབུ་རྒྱན་སེའུ་མ་ལེགས་པ་ཞིག་ཡོན་དུ་གནང་ནས། མ་ཧཱ་མཱ་ཡའི་ཁྲིད་ཡིག་ཅིག་རྩོམ་དགོས་ཕེབས་པ་འཕྲལ་དུ་བརྩམས། ཞབས་དྲུང་ཆོས་སྐད་ལ་དགྱེས་ཤིང་སྒོ་ཡངས་པས་ཞལ་གདམས་འགའ་ཡང་ཡི་གེར་བྲིས་ནས་ཕུལ། དེ་ལྟར་ན་ཟླ་བ་ཕྱེད་དང་གཉིས་ཀྱི་བར་ལ་རྡོ་རྗེ་སློབ་དཔོན་གྱི་མཚན་ཅན་མདོ་རྒྱུད་ཀྱི་དོན་མཁྱེན་པར་མངོན་པའི་ང་རྒྱལ་ཅན་འགས་ལོ་སྦྲེལ་ནས་ཀྱང་བཤད་པར་མི་ནུས་པ་ཙམ་འགྲུབ། ལར་ནི་སྐལ་མེད་ལ་ཆོས་བཤད་བྱེད་པ་ལ་བག་ཆགས་འཇོག་ཐུབ་པའི་ཕན་ཡོན་གཅིག་ཀྱང་འདོགདབང་བསྐུར་མང་པོ་དང་དམ་ཉམས་མང་པོའི་དཔེ་ཉེས་དམིགས་གཅིག་ཀྱང་གདའ་སྟེ། ཆོས་ལར་མི་འཆད་པ་ལས་འཆད་པ་དེ་ཀ་ལོས་གྲགརང་རེའི་ལས་སྐལ་དུའང་འདུག་གོ །
དམ་ཚིག་ཉམས་པ་ཚོ་རེ་ཤིག་དམྱལ་བར་སྐྱེ་སྟེ། ཕྱིས་འཁོར་བ་མཐའ་ཅན་ཡིན་མཐའ་ཅན་གཞན་ལས་ཀྱང་ཉེའོ། །དེ་སྐབས་ཞབས་དྲུང་བདག་པོས་རྒྱ་དྲིལ་རྭ་ལོག་མ་སྤུས་གཙང་བ་ཞིག་ཡོན་དུ་གནང་ནས། ཀུན་དགའ་དཔལ་བཟང་བརྒྱུད་ནས་ཕེབས་སྒོར། དངོས་ཅག་གི་རྣམ་ཐར་ཞིབ་མོ་ཞིག་རྩོམ་དགོས་ཕེབས་པའི་བཀའ་ནན་མ་ཆོགས་པ་དང༌། གཞན་ཡང་སྔ་ཕྱིར་བསྐུལ་བ་པོ་མང་པོའང་ཡོད་པས། དེ་ནས་མི་རིང་བ་རང་ལོ་ཉེར་དགུ་ནས་སུམ་ཅུར་འཕོས་པའི་མཚམས་རྒྱལ་གྱི་ཟླ་བའི་ནང་དུ་འདི་ཡན་ཆད་བྲིས་པ་ལགས་སོ།། །།ཕྱིས་ཚིག་སྣ་ཅུང་ཟད་བསྲིངས་པ་ནི་ཡོད། བཀྲ་ཤིས། ཤུ་བྷཾ། །
ཨོཾ་སྭཱ་སྟི། ད་ནི་སྔར་གྱི་འཕྲོས་ལས་བཤད་ན། འདི་སྐབས་རྗེ་འགྱུར་མེད་དང་ལན་ཁ་ཡར་མཇལ་བྱུང༌། ཤིན་ཏུ་དགྱེས་པའི་ཚུལ་དུ་མཛད། རང་རེའི་རྩོམ་པ་ལ་ཡང་ཐུགས་དད་གུས་འཁྲུངས་ཚུལ་གནང་གིན་འདུག དེ་ནས་རེ་ཞིག་ཕྱོགས་དེར་འགྲོ་དོན་ཡང་འཕྲན་སྐབས་སུ་བབ་པ་དེ་ཙམ་གྱིས་ཆོག་ཤེས་པར་བྱས། ཕུགས་ཀྱི་དབྱིངས་དང་རྟག་བརླིང་ཁེལ་བ་ནི་གང་བྱས་ཀྱང་དཀའ་བར་གདའ། ཇོ་ནང་གི་ཕྱོགས་སུ་ཆས་ཏེ་འོངས་པའི་ཚེ། ཞབས་དྲུང་ལྕམ་སྲིང་གིས་དཔལ་ལྡན་སྡིངས་སུ་སྐྱེལ་ཐུང་ཙམ་མཛད། དེ་ནུབ་སེང་གེ་ལུང་དུ་སླེབ། ལྷ་རྩེར་ཞག་པོ་གཉིས་བསྡད། དེ་ཀུན་ཏུ་ལྟས་ཀྱང་འཚུབ་པར་བྱུང༌། །ཇོ་ནང་ཏུ་སླེབ་འཕྲལ་ནས་ལོ་དུས་ཀྱི་འཁྲིད་བཙུགས། དེ་སྐབས་ཟབ་དོན་གྱི་བསྟན་པ་དར་བར་འགྱུར་པ་ལ་ལྷོངས་ཀྱི་རྣམ་པ་དང༌། ཡོན་བདག་ལའང་སྐུ་དོག་དར་བའི་རྣམ་
འགྱུར་ལ་ཟིར་བུན་བྱུང་བ་ནི། སྔ་སོར་སྔ་མོ་ནས་བུ་ལེགས་པ་ཟེར་བ་ཁོ་པས། རྗེ་དྲུང་ཀུན་དགའ་དཔལ་བཟང་པའི་སྐུ་ཐོག་ནས་གཟུང༌། འདི་བར་དུ་ཇོ་ནང་པ་ལ་གནོད་པ་འབའ་ཞིག་བྱེད་ཅིང༌། ཁ་བཀོད་བཅུག་པའི་དགོན་འཁྲིས་རང་དུ་རི་དྭགས་རྔོན་པ་དང༌། གྲྭ་རིགས་རྣམས་ཀྱི་རྒྱགས་ཞིང་འཕྲོག་པ་དང༌། ལམ་དུ་རྡུང་བ་དང༌། མཆོད་ཐེས་ཀྱི་མཆོད་གཞིས་རྣམས་ལ་གནོད་པ་ཁོ་ན་བྱེད་པ་རྒྱུན་མི་ཆད་བྱུང་འདུག རེས་འགའ་ཟླ་གཅིག་གི་ནང་དུ་ལན་གཉིས་གསུམ་གྱི་ཟོས་མི་བདེ་ཡང་བྱུང༌། ཇོ་ནང་པའི་ཕྱོགས་ཁས་ཞན་པས་སྡུག་སྣ་དགུ་བཏང་བའི་ནད་མ་ཐེག་པ་དང༌། རྐྱེན་ཆོས་གཞིས་ཀྱི་ཞིང་འགའ་ཞིག་བཙན་ཕྲོགས་བྱས། སླར་སྤྲོད་དགོས་ཀྱི་དོན་ལ། སྡེ་སྲིད་ཀྱི་ཕྱག་དམ་མི་སྣ་ཞུས་ཤིང་གནང་བ་ཡིན་ཀྱང་བྱང་པའི་གཡོག་པོ་ལ་ལ་དཔོན་པོ་ལ་རྩི་མི་དགོས། མ་བརྩིས་པ་དེ་ལ་ཀ་དཔོན་པོ་རང་ཡང་དགའ་འགྲོ་བའི་སྲོལ་ཅིག་ཀྱང་ཡོད། ཁོ་པས་ལྷ་རྩེ་རྫོང་དཔོན་ལྟག་ཁུར་གྱིས་ཕྱག་དམ་དང་མི་སྣ་ལ་ཁ་སྐྱེངས་བཏང༌། དེའི་ཁམ་མཆུའི་ལབ་ལ་ཆད་གཟི་བ་ཕན་ཚུན་ཚིག་རྐྱེན་མ་ཐེག་པའི་འཐབ་མོ་བྱུང༌། ཁོ་ པ་ཐལ་སོང་ལ་ཤོར། དེ་འཕྲལ་ངམ་རིང་དུ་དགོངས ་སངས་ཞུ་བར་བཏང་འདུག་ནའང༌། མངའ་བདག་དྲུང་གི་ དགོངས་སངས་ཡང་མ་བཞེས། ལྷ་རྩེ་རྫོང་པས་ཇོ་ནང་གི་ཆོས་གཞིས་ཐེམ་པ ་བཅུ་ལྷག་ཅིག་ལ་གཙང་གཞུང་གི་དམག་ཆེན་བསྡུས། དང་པོ་ནས་བྱང་པའི་དམག་སྐྱ་འཐོར་ལ་ཇག་པ་བྱུང་བའི་གཏམ་དཔེ་གཅིག་ལ། ནག་མོ་དཔོན་ཏོ་ལ་དང་ཞུས་ནས་དམག་ཅིག་འོང་གི་ཟེར་བ་དེ་དངོས་སུ་ལག་ལེན་ལ་བཀལ། མེ་རྒྱག་ཤིང་བཤུ་བྱས། དེ་རྗེས་རྩེས་ལེན་
དང་མཆོད་གཞིས་གྲོང་པ་རྣམས་ལ། ཇོ་ནང་པ་དང་ཁ་ལབ་མི་བྱེད་པའི་མནའ་བཀག་ཐེལ་ཚེ་བསྡུས་པ་ཡང་རྟིང་ལ་བསྐྱས་ཚང་གཏིབ་པ་སོགས་དྲན་ཚད་ལག་ཏུ་བཀལ། འདི་དུས་ཀྱི་ལྷ་རྩེ་རྫོང་དཔོན་ཨེ་བདག་པོ་དང༌། ནོར་རྒྱས་པ་ཚེ་བ་སྤྲེལ་མའི་སྐབས་ཡིན། དེ་ལོ་ཟིར་བུན་གྱི་སྒང་ཡིན་ཀྱང་ཇོ་ནང་དུ་ཁྲིད་གསར་བ་མང་ཞིང་བཙུན་གསར་བྱེད་མཁན་ཡང་མང༌། དམ་པོ་འདེབས་པ་དང་ཁྲིད་གཏོར་གྱི་བར་ཐམས་ཅད་བར་ཆད་ཀྱི་དབང་དུ་མ་བཏང་བར་སྔར་ལས་ཀྱང་རྒྱས་པ་ཙམ་དུ་བྱུང༌། ཇོ་ནང་སྒྲུབ་སྡེ་རང་ལའང༌། དམག་སང་ཡོང་གནངས་ཡོང་གི་སྡིགས་སྡིགས་བྱེད་སྐབས། །ངེད་རང་སྐུ་འབུམ་གྱི་རྡོ་རྗེ་གདན་ན་སྡོད་སྐབས་ཡིན་ཞིང༌། དམ་རྫས་བདུད་རྩི་རིལ་བུའི་སྒྲུབ་པ་ལ་ཞུགས། དེའི་བྱ་བ་རྣམས་འཛོལ་མེད་དུ་བྱེད་ཅིང་ངག་ནི་སྒྲུབ་པའི་བཟླས་པ་ལ་བརྩོན་པར་ཡོད་ཉིན་གཅིག་སེམས་ནི་སྐྱོ་ཤས་ཤིན་ཏུ་ཆེ། ད་དགོན་གནས་འདི་བཟུང་ཡང་བསྟན་པ་སྤྱི་སྒོས་གང་ལ་ཡང་མི་ཕན་པར་འདུག དེ་བས་ཟར་ཟིར་འདི་ལ་ཆོད་འདོམས་ཤིག་བྱུང་མ་ཐག་དགོན་གནས་འདི་དག་གཞན་འཛིན་སྐྱོང་བྱེད་པ་ཐམས་ཅད་ཀྱང་བོར་ཏེ་མི་མེད་ལུང་སྟོང་འགྲིམ་ཞིང་ཆོས་བརྒྱད་དང་མ་འདྲེས་པའི་སྒྲུབ་པ་ཁོ་ན་བྱེད་སྙམ་པ་ལྷང་ལྷང་བ་ཡོད་པའི་སྐབས། ཐོ་རང་གི་ཆ་གཅིག་ཐོག་མ་རྡོ་རྗེ་གདན་ཉིད་ན་བཞུགས་པའི་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་དེ་ཀ་ཡིན་སྙམ་པ་ལ། སྐུ་དངོས་སུ་གྱུར་ནས་ཞལ་རས་སྐྱ་མེ་རེ་བ་ཞལ་ཚོམ་དཀར་པོ་ཅུང་ཟད་ཡོད་སྙམ་པ་སྤྱན་ལྟ་སྟངས་ཅན་དབུ་ཞྭ་ན་བཟའ་བཞུགས་གདན་སོགས་སྤྱི་མཐུན་འདི་ཀ་ཤིན་ཏུ་གསལ་བ་དེ་མཐོང་མ་ཐག་ཏུ། སྔར་གྱི་དགེ་སྦྱོར་གྱི་ཤུགས་ནི་ཇེ་ཆེ་ལ་མཉམ་ཉིད་དུ་གྱུར། འཕྲལ་སྣང་ཆ་བློ་མི་བདེ་བ་དེ་ཡང་རྩ་བ་ནས་སངས་ནས་དགའ་ཡལ་
ཡལ་བ་བདེ་ཆམ་ཆམ་པ་ཅིག་བྱུང་ཞིང༌། དེའི་ཞལ་ནས་ངའི་བསྟན་པ་ལ་ཕན་ཐོགས་ཡོད་དུ་ཉེ་བར་སླེབ་ན་མི་བྱེད་དམ། །ད་ནས་ཇེ་བཟང་དུ་འགྱུར་བས་སྤྲོ་བ་བསྐྱེད་གསུང་བ་ཅིག་བྱུང༌། དེ་ནས་ཀྱང་ལོ་ཤས་ནི་ཅང་མ་བྱུང་སྟེ་ཕྱིས་རིམ་པས་ཡོང་བ་ལ་དགོངས་པར་འདུག་ཡང་དེའི་ཕྱི་ནུབ་ཀུན་མཁྱེན་ཆེན་པོ་ལ་གསོལ་བ་བཏབ་པས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཡིན་སྙམ་པ་མདོ་བཀོད་དང་མཐུན་པའི་རྣམ་པ་ལྷའི་སྐུ་ཅན་ཞིག་བྱོན་ཏེ། རྣམ་པར་བཞག་བྱ་འཇོག་བྱེད་དང༌། རྣམ་གཞག་ཐམས་ཅད་རྫུན་པ་ཡིན། །བློ་ལ་སྣང་བ་འཁྲུལ་པ་སྟེ། །བདེན་པའི་དོན་ལ་གོས་པ་མེད། །གསུང་པ་ཞིག་བྱུང་བས། དེ་ཙམ་ཁོ་ནས་ཀུན་མཁྱེན་ཆེན་པོའི་བཞེད་པ་གཞན་སྟོང་གི་གྲུབ་མཐའི་གཏིང་སླེབ། ཐེ་ཚོམ་དང་གོལ་ས་ཐམས་ཅད་ཆོད། ཆོས་སྒོ་མཐའ་དག་འབྱེད་པའི་ལྡེ་མིག་ཆེན་པོ་ལག་ཏུ་འོངས་བར་གྱུར་ཏོ། །ཡང་བདག་གི་སེམས་ལ། བརྒྱུད་པའི་བཀའ་བབས་འདི་ལ། བྱིན་རླབས་དོན་གྱི་བརྒྱུད་པ་ཀུན་མཁྱེན་ཆེན་པོ་ལ་དངོས་སུ་ཐོབ་ཁོ་བོ་བརྒྱུད་ཐག་རེ་ཉེ་སྙམ་པ་ཡང་ཡང་བྱུང་བས། རྨི་ལམ་དུ་བརྒྱུད་པ་ལ་ཉེ་རིང་མེད། སེམས་སེམས་ཉིད་ལ་ཐིམ་པ་ཡིན་མོད་ཟེར་བ་ཞིག་བྱུང་བས་སྔར་གྱི་འཛིན་པ་རློམ་སེམས་དེ་ཡང་དབྱིངས་སུ་ཡལ། འདི་སྐབས་ཀྱང་ཞག་བདུན་སོང་ནས་དམ་རྫས་ལ་སྒྲ་ཆེན་པོ་བཏུད་མར་བྱུང་བ་དང་བདུད་རྩི་འབབས་པ་སོགས་བྱུང༌། མཚམས་གྲོལ་ནས་དེའི་རྟོགས་བརྗོད་ཀྱི་ཚུལ་ཏུ་གཞན་སྟོང་དབུ་མའི་རྒྱན་གྱི་ཚིགས་བཅད་དང༌། དེའི་ལུང་སྦྱོར་ཡི་གེར་བཀོད། དེ་སྐབས་བྱང་གཙང་སྐུ་ཉེ་སྦྲེལ་སྐབས་ཡིན། ལྟས་རྟེན་འབྲེལ་ལེགས་པོ་
ཡེ་མི་འདུག དེ་ལ་ཕན་ཐབས་བཅོས་བྱེད་རྒྱུ་ཕྲན་བུ་འདུག་སྟེ་གཉིས་ཐད་ནས་བཅོལ་གཏོགས་མི་འདུག་པས་ཁ་རོག་བསྡད། འདི་སྐབས་དཔོན་ས་རིན་མོ་ཆེས། གདོང་དགའ་བ་ལ་ཡོན་མཆོད་བར་གྱི་ལེགས་ལམ་གྱི་ཐབས་ཀྱིས་གསུངས་འདུག་ནའང་ཁོང་པས་མ་མཛད། དེ་མཐུན་ངེད་ལ་གླེང་བར་ཆོས་རྗེ་དཀོན་བློ་བ་ཆེད་བསྡད་བྱུང༌། དེ་ནས་དཔོན་ས་རིན་མོ་ཆེ་རང་དུ་ དགོངས་པ ་ཞུས། ཇོ་ནང་བ་དང་བུ་ལེགས་པ་ཚང་གི་རྩོད་གཞི་ཁམ་མཆུ་དེ་བྱང་གཙང་གི་མི་སྣ་གཉིས་འཛོམ་གྱི་སྟེང་ནས་གཅོད་རྒྱ་བྱས། སྐབས་འདི་དག་ཏུ་འདོམ་པའི་ཐད་དུ་གཙང་བོ་ལ་དར་ཆགས། རང་རེ་ལ་ཉེ་བ་ལྟར་སྣང་བའི་འབྲེལ་ཅན་མང་པོས་འདོམ་པའི་དར་འདི་སྔར་གྱི་ཇོ་ནང་མཁན་པོ་རྣམས་སྐུ་འདས་སྐབས་ཀྱང་ཆགས་དེ་མིན་གཞན་མ་བྱུང་བ་དང༌། ད་རེས་ཁྱེད་མཆོད་ཡོན་བཟློས་པ་འདི་ཡང༌། ཡོན་བདག་སྣང་ཆེ་ཞིང༌། སྐུ་རིམ་དགེ་འདུན་དང་མཐུ་མཁན་དང་མཐུ་བཟློག་མཁན་སོགས་འགངས་ཅན་རྣམ་གྲངས་མང་བ་ནས་རིམ་གྲོ་སོགས་གང་ཅི་ནས་བཟབ་དགོས་ཟེར། འཕྲལ་སྙིང་གཏམ་ཡིན་ཡིན་སྐད་བློ་ཕུགས་དཀྲུགས་སྡེབས་དང་སྡིགས་རི་གཏོང་བའི་གཞི་མཐུན་པར་སྣང་ཞིང་གཞན་འདྲིས་མེད་དང་ཆགས་སྡང་ཅན་གྱི་ཕྱོགས་ནས་སྤྱིར་མི་མིན་དུ་བགྲོང་བ་སོགས་རང་རེ་ལ་གྲགས་པ་དང་འགྲོ་དོན་ཅུང་ཟད་བྱུང་བ་ལ་ཕྲག་དོག་ལངས་པའི་སྐྱོན་བརྗོད་དང་ངན་སྨྲས་སྣ་ཚོགས་བྱེད་པ་གཞིར་བཅས་ཤིང༌། རྒྱུ་མཚན་དེ་དང་དེ་དག་ལ་བརྟེན་ནས་ངེད་ལ་དོག་ཆ་ཆེ་འཕྲལ་དུ་འཆི་བ་ཡོད་སྐད་ཀྱི་མཐུ་སྐད་དང་སྡིགས་རི་སྣ་ཚོགས་བྱེད་པ་བྱུང་ནའང་སེམས་ལ་ནི་གཡོ་མགུལ་དང་སྙེམས་འཁྲིག་རྡུལ་ཕྲན་ཙམ་ཡང་མ་བྱུང་ངོ༌། །ལར་བླ་མའམ་སྡེ་དཔོན་སོགས་མི་ཕལ་ཆེར་ལ་
སྡིགས་རི་འདི་འགྲོ་ཀྱིན་འདུག ང་ལ་ཡང་དེ་ཚོ་དང་འདྲ་སྙམ་མཐོང་ཆུང་གི་སྡིགས་རི་བྱེད་པར་འདུག གཞན་ཡང་དེ་འདྲའི་རིགས་ཚོད་བགམ་པའི་ཁུངས་བྱེད་པ་སོགས་མང་པོ་ཞིག་ཡོང་གིན་འདུག་སྟེ་ང་གདོད་ནས་གྲུབ་པའི་རྣལ་འབྱོར་པ་ཏཱ་ར་ནཱ་ཐ་ཡིན། བླ་རུལ་དྲི་ཐུག་ཆིང་ཆིང་ཚོ་དང་ནམ་དུ་ཡང་འདྲ་མི་ཡོང་ལགས། སྡུག་རྒན་ལ་སོང་ཡང་གཞན་ཟེར་ཁོ་ནའི་རྗེས་སུ་འབྲང་བ་ཚོ་རང་བསམ་མནོ་ཐོང༌། ངེད་རང་ནི་བྱིས་པ་ནས་གཟུང་གདེང་ཆུང་འདྲ་གདོག་ལགས། རིན་པོ་ཆེ་ཀ་བཞི་ནས་ནི་དེ་ཚོར་ཕན་འདོགས་ལ་ཞེས་ཀྱང་ཕེབས་དགོས་པ་འདུག་གསུང་པའི་ཚུར་སྟོན་གནད་བྱུང་བ་ལ། སྤྱན་འདྲེན་ལ་བཏང་དུས་ཕེབས་ནི་མ་བྱུང༌། སྡེ་པ་ཀུན་སྤངས་དྲུང་གིས་སྔ་བྱིན་ཤིན་ཏུ་བཀྱོན་པར་མཛད། རང་རེ་ལ་འགྲོ་དོན་འཕྲན་བུ་བྱུང་བ་ལ། ཞྭ་དམར་ནག་ལ་འགྲན་པ་ཡིན་ནོ་ཞེས་པ་ལ་རྐངས་བཅོལ། འཕྲལ་ཟར་ཟིར་དེ་ལ་བསྙད་པའི་གསུང་ར་ཐོན་ལུག་ཐོན་དུ་བྱོན། སྐུ་ཉེའི་གསར་འགྲོགས་ཀྱི་རྒྱབ་སྐྱོར་ཁུངས་དང༌། སྟག་ལོ་པ་སྣམ་ནས་ཡོངས་དུས་བཟང་ལྡན་པ་དང་གསེར་མདོག་ཅན་པ་དང་གདོང་དགའི་འབོད་མི་སོགས་རྟ་བ་བཅོ་ལྔ་བྱུང་བ་ཚུན་ལ་ཀོ་ལོང་མཛད། འོན་ཀྱང་ཁོ་བོའི་སེམས་ལ་ནི་ད་ལྟ་སྣ་ཚོགས་པའི་བརྗོད་པ་སྨྲ་བ་པོ་རྣམས་རང་འབྲས་དང་རང་མདོག་མྱུར་དུ་སྟོན་པར་འདུག་སྙིང་རེ་རྗེ་སྙམ་པ་མ་གཏོགས་གནོད་སེམས་ཡེ་མ་སྐྱེས། བསྟན་འཛིན་རིན་པོ་ཆེར་རྗེ་གྲོལ་མཆོག་ནས་བརྒྱུད་པའི་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་གི་སྙན་འདེབས་ཞུ་བར་དགེ་སྟེང་སློབ་དཔོན་པ་ཡང་ཡང་བཏང་བ། དཔེ་གསར་འཛིན་བྱེད་དགོས་པ་ལ་ཁག་བསྐུར་མཛད་ནས་རེ་ཞིག་མི་ཡོང་གསུང་གིན་འདུག དེ་མ་གནང་བ་ལ་ཕྱིས་ཁྱེག་འདྲ་བྱུང་ཡིན། གཞན་ཡང་བཀའ་བཀོད་སྣ་ཚོགས་ངེས་མེད་དུ་འབྱོན་ཅིང་ཕྱག་གཡོག་རྣམས་ཀྱི་འགྲོ་འཚམས་
ལ་བརྟེན་པའི་བྱེད་ལུགས་དང་བརྗོད་སྒོ་སྣ་ཚོགས་བྱས། དེ་ནས་ཉེ་སྐོར་གཡས་གཡོན་ནས་འབོད་མི་བྱུང་དོགས་དང་དེ་ལ་བརྟེན་ནས་ངམ་རིང་དུ་འགྲོ་དགོས་བྱུང་དོགས་ཇོ་ནང་ནས་ཐོ་རངས་ཤིག་བཏེགསྔར་ནས་ལུང་ནག་ཤེལ་དཀར་ལ་ཡོང་དགོས་ཚུལ་ནན་ཆགས་ཡོད་ནའང་ལྟས་མི་ལེགས་པ་ཁོ་ནས་ཤེས་དཀར་གྱི་ཐད་ལ་ཡང་གསང་སྟེ་ཕྱིན། དེ་ནུབ་ཁྲོ་ཕུར་བྱམས་ཆེན་ལ་ཕྱག་མཆོད་སྨོན་ལམ་སོགས་བྱས། བྱང་ཆེན་དུ་ཟླ་བ་ཕྱེད་གཉིས་ཙམ་ཕྱི་མཚམས་མེ་བལ་ནང་དུ་དགེ་སྦྱོར་འཕེལ་བར་བྱུང༌། རྐང་པ་ཅུང་ཟད་ན་བ་ཡང་ནད་འདོན་གྱི་དམིགས་པ་བརྟད་པ་ཁོ་ནས་སེལ། བྱང་ཕྱོགས་རུག་མ་ཞེས་བྱ་བའི་ཡུལ་ནས་འོངས་པའི་འཕྲེང་གི་ཞེས་བྱ་བའི་མི་རིགས་ཀྱི་ཚོང་པ་ཞིག་བལ་པོར་སླེབ་པ་དེའི་བྲམ་ཟེ་ཞིག་ལ་ཟོང་བསྐུར། བྲམ་ཟེ་དེས་ཀྱང་ངམ་རིང་ནས་ངེད་ཀྱི་ཟླ་ལ་འོངས་ཇོ་ནང་དུ་འཆི་ལ་ཁད་བྱུང༌། ནད་གཡོག་སྨན་སྔགས་སོགས་གང་གྲག་བྱས། ནད་ཕན་ཅིང་འདི་སྐབས་ཚོང་པ་ཁོ་རང་ཡང་སླེབ། སྔར་མ་ཐོས་པའི་བྱང་ཕྱོགས་ཀྱི་ཡུལ་གྱི་གཏམ་མང་པོ་དང༌། བཟོ་བཀོད་ངོ་མཚར་ཅན་སྔོན་མེད་མང་པོ་མཐོང༌། བྱང་ཆེན་པ་རྣམས་ལ་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་འཁྲིད་དང་བཤད་པ། བཀའ་གདམས་ཀྱི་མན་ངག་ཐོར་བུ་མང་པོ་དང་བཅས་པ་བཤད། གསེར་མདོག་ཅན་དུ་ལམ་འབྲས་སོགས་ཆོས་རྒྱ་ཆེ་རབ་དགོས་ཚུལ་གྱི་ནན་ཆགས་སྔ་མོ་ནས་ཡང་ཡང་ཡོད་པ་དང༌། དེ་སྐབས་དུས་ལ་བབ་པའི་སྟབས་གསེར་མདོག་ཅན་དུ་འགྲོ་བའི་མར་ལམ། བསམ་རྩེར་ཤོག་གསུང་བ་ལྟར་ཕྱིན། སླེབ་པའི་སང་ཉིན་ཀུན་སྤངས་དྲུང་ལ་ཚེ་དབང་འདྲ་དགོས་གསུང་བ་ལྟར་བྱས། དེ་ཡང་ཀུན་སྤངས་དྲུང་སྐུ་སྙེལ་ནས་ཟླ་བ་གཉིས་ལྷག་སོང་སྐབས་ཡིན།
སྙུང་གཞིའི་རྐྱེན་ཡང་གདོན་གྱི་གནོད་པས་བྱས་འདུག སྐབས་དེར་བསྲུང་འཁོར་ལ་རིན་པོ་ཆེ་ཀ་བཞི་ནས་གཟིམས་ཆུང་མདོ་ཕུག་ཙམ་མཛད་ནས་བཅར་བཞུགས་དང༌། ཀླུ་སྡིངས་ན་རྗེ་ཞྭ་དམར་སྤྲུལ་པའི་སྐུ་དང༌། དྲུང་པ་རིན་པོ་ཆེ་ཡང་བཞུགས་བཞིན་པ་ལ། བླ་མ་རྣམ་གཉིས་ཀྱི་དབང་བྱིན་རླབས་གནང་བ་ལ་ཕེབས་རེས་ཀྱི། སྡེ་པ་ལ་ཞུད་ཁ་གྲག་པོ་ལུང་མེད་རེ་བྱུང་བས། བླ་མ་རྣམ་གཉིས་ཀྱང་ཕེབས་པའི་རྒྱུན་ཆད། ཀ་བཞི་ནས་ཀྱང་མཛད་ཐེས་ཟད་པ་ལ། སྡེ་པ་གནང་ཆེས་པས་མི་བཞུགས་ཀ་མེད་ཀྱི་གང་གྲག་ཅི་གྲག་གི་སྐབས་དེར་སྣང༌། དེ་སྐབས་ཀུན་སྤངས་དྲུང་ལ་ཐོག་མར་བགེགས་སྐྲོད་དྲག་པོ་ཞིག་བྱས་པ། སྡེ་པ་རང་ལ་ཟིལ་ཆེན་པོ་དང་འཇིགས་སྣང་གི་དྲན་མེད་དུ་འགྲོ་ཚད་པ་དང་དྲག་ཏུ་རྡུལ་བ་སོགས་རེ་ཞིག་བགེགས་འཐོན་པའི་རྟགས་གསལ་བོར་བྱུང༌། དེ་འཕྲལ་རང་ནས་བཟུང་སྐུ་ཁམས་དེ་ཇེ་གྲག་ལ་སོང༌། ཀུན་སྤངས་དྲུང་ནི་ཁ་སང་ནས་ཟླ་བ་གཉིས་ཀྱི་ཁོངས་སུ་ཞལ་ནས་གང་བཏོན་ཚོ་ནི་བརྗེད། སྔར་བཀའ་བཀྱོན་བཀྱོན་ཀ་མཛད་མཁན་དེ་དང་རྒྱུད་མི་གཅིག་པ་འདྲ་བ་ཅིག་བྱས། རྒྱང་ཙམ་སྡོད་དགོས་ཚུལ་ནན་ཆགས་རང་གསུང་གིན་འདུག དེ་གོང་གདོན་གྱིས་སྦས་པའི་རྣམ་པས་འཚོ་བྱེད་རྣམས་ཀྱིས་ཀྱང་ནད་ངོས་མ་ཟིན་པ་ལ། དེ་མཚམས་ནས་ནད་ངོ་ཟིན་ཅིང་སྨན་གྱི་བཅོས་བྱས་ཏེ་སྐུ་ཁམས་བདེ་བའི་ལུགས་བྱས། ཞག་བཅུ་གཅིག་བར་བསྡད། ཟླ་བ་བཞི་པའི་ཚེས་བཅུ་བཞི་ལ་གསེར་མདོག་ཅན་དུ་ཕྱིན། བཅོ་ལྔ་ནས་བཟུང་ཆོས་བཙུགས་ཏེ་སྔ་ཐུན་ལ་ས་སྐྱ་བཀའ་འབུམ་ལུང་གང་འགྲོ་རེ་དང་གྲོལ་བའི་ཐིག་ལེའི་འཁྲིད། གུང་ཐུན་ལ་ལམ་འབྲས་ཀྱི་འཁྲིད་ཚུགས། ཞག་བརྒྱད་སོང་མཚམས་རིན་པོ་ཆེ་ཀ་བཞི་ནས་ཀླུ་སྡིངས་སུ་སྒར་ པ་མཇལ་བ་
ལ་བྱོན་དགོངས ་མོ་རྩེ་ལ་ཕེབས་དུས་གདོན་གྱི་ཕྱི་འབྲངས་བྱས། ཀུན་སྤངས་དྲུང་ལ་ཞུང་ཤིན་ཏུ་ཐུ་བ་བརྒྱབ་ཏེ་འགྲོངས་ལ་ཁད་བྱུང༌། དེའི་རྐྱེན་གྱིས་སྙུང་གཞི་ལོགཡང་འབོད་མི་ནན་ཅན་འཕྲལ་དུ་བྱུང་བས་བསམ་གྲུབ་རྩེར་འགྲོ་དགོས་ཤར། ཆོས་ཀྱི་སྟོབས་འཕྲལ་དུ་གསེར་མདོག་ཅན་ལ་ལོག་འགྲོ་རྩིས་ཡིན་ནའང་ཞལ་ངོ་ཐམས་ཅད་ཀྱིས་ནན་ཆགས་གནང་བས། སྐུ་ཁམས་བདེ་བསྐྱེད་ཐོན་གྱི་བར་སྡོད་དགོས་བྱུང་བ་ཟླ་གཅིག་ཞག་ཉི་ཤུ་ཙམ་སོང༌། དེ་བར་ལ་ཉིན་རེ་བཞིན་གཏོར་དབང་རེ་རེ་དང༌། ཚེ་དབང་གང་འགབ་རེ་ཀུན་སྤངས་དྲུང་རང་ལ་ཕུལ། ཞལ་ངོ་གཞན་རྣམས་ལ་དགོངས་བཞེད་ལྟར། ཚེ་དབང་རྗེས་གནང་རྣམ་གྲངས་མང་ཙམ་དང༌། དཔལ་དུས་ཀྱི་འཁོར་ལོ་དང༌། བདེ་མཆོག་ནག་པོ་པའི་དབང༌། ཆོས་རྗེ་དཀོན་མཆོག་ལེགས་འཛིན་པ་ལ་མི་གཡོ་བླ་མེད་ཀྱི་དབང༌། རྣམ་སྲས་རིགས་ཆེན་བརྒྱད། གཞན་ཡང་འདོད་ཆོས་ཅི་རིགས་བཤད། ཞྭ་དམར་བའི་སྒར་ནས་བླ་མ་གླིང་པ་འདོད་ཆོས་ཀྱི་སྙིང་པོ་གལ་ཆེ་བ་ཡིན་ཟེར་ནས། ཁོང་སོགས་དབང་ཆ་གཅིག་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་དབང་དང༌། འཁྲིད་བརྒྱ་ཚང་བ་ཞིག་བཤད། ངེད་སླེབ་འཕྲལ་ཀ་བཞི་ནས་ནི་གནོད་སྦྱིན་དོམ་གྱི་དབང་པོའི་དཔེ་འམ་བཙོན་ཐར་བ་བཞིན་དུ་ལཽག་ཕེབས་སོང༌། དེ་རྗེས་ལན་ཅིག་འཆམ་པས་རེ་ན་ཅིག་བྱུང་སྐབས། ཉི་མ་དགོང་ཁ་ཅིགགཉིད་བྱུང་དོགས་ཟུར་འཕྱོང་གི་དཔྱངས་ཁ་ན་བསྡད་ཡོད་པས། བུད་མེད་དམར་མོ་དྲེའུ་ལ་ཞོན་པ་སྣང་གསལ་གྱི་རྫོང་རི་ལས་ཆེ་ཆེ་ཙམ་ཞིག་ནས། ལས་ཀ་དོན་ཆེན་མང་པོ་དེང་སང་འཕྲལ་དུ་
འགྲུབ་པ་ཡོད་པ་ཡིན་ཏེ། ཁྱེད་འདིར་སྡོད་དགོས་འདིར་རེ་ཞིག་འགྱངས་སོང་ཟེར་ནས་ལྕགས་ཀྱི་མདའ་ཕྱོགས་ལ་ཡལ་གྱི་སོང་ངོ༌། །སྐུ་དོག་ཕན་ཚུན་དུ་འགྱུར་བའི་སྡེ་བ་ཀརྨ་བསྟན་སྲུང་དང༌། སྲང་སྟོད་ནས་ཀྱང་སྐུ་སྙེལ་བ་ལ་བགེགས་སྤྲོད་དབང་སོགས་བྱས་པ་ཙམ་གྱིས་སྐུ་ཁམས་སངས་དྭངས་པ་རྐྱང་བ་བྱུང༌། སྒར་པ་རྣམས་པ་སྣམ་དུ་ཕེབས་ཁར་སྒར་སྟོན་ལ་རྩེ་ལ་ཕེབས་དུས་ཀུན་སྤངས་དྲུང་རང་གིས་ཀྱང་ཞུད་བྱུང་དོགས་ཀྱི་བསྲུང་འཁོར་དམིགས་པ་ནན་ཅན་དགོས་ཚུལ་འཕྲལ་འཕྲལ་གསུང་དེ་དུས་ཞུད་ཁའི་རྣམ་པ་བྱུང་ཡང་མ་བྱུང་དེ་རྗེས་མི་རིང་བར་སྐུ་ཁམས་སངས་གྲག་ལྟ་བུར་སོང༌། ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་སླར་ཡང་གསེར་མདོག་ཅན་དུ་སླེབ། ལུང་ཆོས་ཀྱི་རིམ་པ་སྔར་བཞིན་བཙུགས་ནས། སྔ་ཆོས་ལ་ལུང་ཤོག་བུ་གདོང་ཐོན་བརྒྱ་བུད་རེ་བཀླགས། འཁྲིད་ཀྱི་ཆོས་ཐུན་ཅི་རིགས་པ་རེ་བྱས། དགོང་ཆོས་ལ་ལམ་འབྲས་ཀྱི་འཁྲིད་བཏབ། ཞག་ཉི་ཤུ་ཚུན་ལ་ལམ་འབྲས་ཀྱི་སྣང་གསུམ་རྫོགས་ཤིང༌། འཁྲིད་གཞན་གཤེད་དམར་སྤྲོས་མེད། ནཻ་གུ་སོགས་ཤངས་པའི་གསེར་ཆོས་བཞི། རྭ་རྩེ་སེམས་འཛིན། སྙིང་པོ་དོན་གསུམ་སོགས་རྣམ་གྲངས་མང་དུ་སོང་ཞིང༌། སེམས་བསྐྱེད་ཀྱི་དུས་ཀྱང་སྐྱེ་བོ་འདུ་འཚོགས་ཆེ། རྒྱུ་དབང་ལ་དབང་ཆ་ལྔ་བཅུ་ང་བགྲངས་བྱུང་རུང་བརྩོལ་བ་བསྐྱེད་དེ་མྱུར་དུ་གྲུབ་པར་བྱས། །རྒྱུ་དབང་སྐབས་ཤར་སྟེང་ནས་དཔོན་ས་རིན་མོ་ཆེས་ཀྱང་ཕེབས་ཤིང༌། གཞི་བྱེས་ཚང་མ་ལ་མང་ཇ། ནས་འགྱེད། སྐམ་འགྱེད། འཁྲིད་སྟོན་ཚོགས་འཁོར་བཟབ་
རྒྱས་དཔེ་མེད་རང་མཛད། རྒྱུད་གསུམ་གྱི་འཁྲིད་ཀྱི་སྐབས། སྔ་དྲོ་འཁྲིད་གཞན་གྱི་ཐུན་རེ་བཤད་པ་ལ། བསམ་མི་ཁྱབ་སོགས་ལམ་སྐོར་ཆུང་བ་བརྒྱད་པོ་རྣམས་ལ། ཨིནྡྲ་བྷུ་ཏིའི་སྐོར་མ་གཏོགས་བདུན་པོ་རྣམས་ཀྱི་འཁྲིད་དམིགས་གང་ཞིབ་བྱས། སོ་སོའི་ལུང་ཡང་ཚང་བར་རྫོགས། སྔ་སོར་བསམ་འགྲུབ་རྩེ་ནས་ཡོངས་དུས། ཀུན་སྤངས་དྲུང་ལ་ད་ལོ་བསམ་རྩེ་རང་དུ། བཞུགས་ཐུགས་དམ་བཞིན་ཡང་གནང་ཐུབ་ན་རབ། དེ་མིན་ཡང་སྐུ་རིམ་གང་གྲག་གནང་འཕྲལ་སྤྱོད་ཐུགས་རྟོག་གང་ཞིབ་གནང་པས་ལོ་གསར་ནས་སྐུ་དོག་ལས་གྲོལ་འགྲོ་ཤས་ཆེ་བ་འདུག་ཞུས་པ་ཡིན་ནའང༌། འདི་དུས་ལམ་འབྲས་གྲོལ་དུ་ཉེ་བའི་སྐབས་ཤིགཀུན་སྤངས་དྲུང་པ་སྣམ་དུ་གློ་བུར་དུ་ཐེགས་སོང་ཟེར་བས། མཐར་ཐོན་མི་ཡོང་བསམ་ཞིང་གཞི་བྱེས་གཞན་ཐམས་ཅད་ལ་ཡང་སྨྲས། ལམ་འབྲས་གྲོལ་འཕྲལ་ཨུ་རྒྱན་རྫོང་ནས་དཔོན་སའི་དྲུང་སྐུ་གཤེགས་པའི་ དགོངས་རྫོགས་ཀྱི་མགོ་ལ་འགྲོ་དགོས་བྱུང་ཞིང་གདུང་ཆོག་རིམ་པ ་ཞེ་དགུ་མ་གྲོལ་བར་དུ་སྨིན་པོར་བྱུང༌། དེ་སྐབས་འཕུར་མོའི་འབྲི་གཡག་རྣམས་དཔོན་ས་དེ་ཉིད་རང་གི་ཞལ་ཆེམས་ལྟར་དགེ་རྒྱུན་ལ་སྦྱོར་བ་མཛད། ས་འདིར་མྱང་སྟོན་པ་སོགས་དོན་གཉེར་འགའ་ལ་རྡོ་རྗེ་འཕྲེང་བ་སོགས་འཕྲེང་བ་སྐོར་གསུམ་དང་དཔུང་བཟང་གི་རྒྱུད་ཀྱི་བཤད་པ་ཡུལ་ལེ་བ་རེ་བྱས། ཀུན་སྤངས་དྲུང་ནི་ཁོང་རའི་ དགོངས་བཞེད་དང་ཕྱག་གཡོག་ཕྱོགས་འཛིན་ཅན་རྣམས་ཀྱིས་བསྐུལ་པ ་སྣམ་ཆུ་བཟང་བ་དང་བླ་མ་རྣམ་གཉིས་ཀྱི་བཀའ་བཀོད་ལ་ཡང་བརྟེན་སྐུ་ཁམས་སངས་ཏེ་གྲག་འགྲོ་བ་གཞིར་
བཞག་པ་ལ་གྲག་པའི་ངོ་སོ་གཞན་ལ་མི་འཆོར་བའི་ཕྱིར་རང་དུ་ཕེབས་པར་གནང་ཞིང༌། ཀ་བཞི་ནས་ནི་མཆོད་ཡོན་ལྷན་དུ་ཆབ་ཚན་ལ་ཕེབས་པའི་རྩིས་ཀྱི་རིན་པོ་ཆེས་ཀྱང་པ་སྣམ་དུ་ཕེབས། སྔར་བྲོས་པ་ཡིན་ཡང་དེ་དུས་ཚུར་འཁོར། དེའི་ཐོག་ཞག་ཤས་ནས་སྡེ་པ་སྐུ་ཁམས་འཕྲལ་དུ་ལོག་པའི་ཇེ་ལོད་ཀྱི་ངང་ནས་མཐར་ཡང་ཞུད་ཁས་བསྡུས་གདའ། ངེད་ཚོ་ཨོ་རྒྱན་རྫོང་དུ་སླེབ་ནས་ཞག་པོ་དགུ་ཙམ་སོང་བ་ན། བསྔོ་རྟེན་གྱིས་སླེབ་བྱུང༌། སྔར་དེ་འདྲའི་སྐུ་ཁམས་གྱོང་བ་ལ་གཞུག་ཏུ་སུ་ལས་ཀྱང་དབྱིངས་ཆུང་བ་དེ་འདྲ་ཅིག་ཡོང་བ་ཨང༌། འདིར་མ་ཟད་གྱང་གྱོང་ཤང་ཤིང་རྫས་རྫས་དབང་འདྲ་ཡོད་གྱུའི་ཁུངས་ལ་མན་ནེ་མུན་ནེ། ངན་ཤེད་ཁྱེར། བསམ་ངན་ཁོག་བཟུང་བ་སྔ་ཕྱི་ངད་ལྟའི་བར་ཇི་སྙེད་ཅིག་གདའ་སྟེ་ལང་པ་ཅིག་དང་ཁུམ་པ་ཅིག་ཀ་སྔར་ཡང་བྱུང༌། ད་དུང་ཡོང་བ་འདི་ལར་མི་གོ་བར་འདུག་ལགས། དེ་རྗེས་ཨུ་རྒྱན་རྫོང་དུ་དགོངས་རྫོགས་གྲོལ་ནས། འཇགས་སུ་རབ་གནས་ལ་འགྲོ་དགོས་སྟབས་ཆུ་བྱང་ཀ་རྒྱུད་ནས་ཕྱིན། གྲྭ་ཚང་ཆེན་མོར་རིན་པོ་ཆེ་ཚུལ་ཁྲིམས་པས་གསུང་ནན་ཅན་བྱོན་ནས་ཁོར་ཙམ་ཕྱིན། ཚོགས་པ་རྣམས་ལ་ཆོས་འབྲེལ་སོགས་ལེགས་ལམ་ཆར་བྱུང༌། དེ་ནས་འཇགས་སུ་ཕྱིན། དེ་སྐབས་ཞག་པོ་དགུ་བསྡད། ཁྱུང་པོའི་ཡིན་ཐང་ཞལ་ཕྱི་ནས་གསོལ་བ་བཏབ་པས་མེ་ཏོག་གི་ཆར་ལག་པས་བཟུང་དུ་བཏུབ་པ་ཙམ་སྙོན་མེད་དུ་བྱུང༌། ལན་ཅིག་སྟག་ལུང་རིན་པོ་ཆེ་སྐུ་བག་ཙམ་སྙེལ་བ་ཞིག་རྨི་ལམ་དུ་བྱུང་བས་བློ་ཅུང་མ་བདེ། འདི་སྐབས་སྐུ་སྙེལ་བའི་འགོ་ཙམ་ཡིན་ཚོད་དུ་གདའ། ཚོགས་པ་རྣམས་ལ་རྒྱུ་སྡེ་ལྔའི་དབང་ཆེན་མོ་དང་གསེང་ཆོས་ཆུང་བ་རྣམས་བཤད།
ཉུང་བསྡུས་འགའ་ཞིག་ལ་སུ་ཁའི་ཆོས་སྐོར་རྣམས་ཀྱང་བྱས། རིན་པོ་ཆེ་འཕྲིན་ལས་བཀྲ་ཤིས་པའི་ནང་རྟེན་ཐུབ་པའི་གསེར་སྐུ་ལ་རབ་གནས་བྱས་པའི་དངོས་གཞིའི་ཉིན་མོ་སྒོ་བསྒྲིགས་ནས་རླུང་ཆེན་པོ་ཞིག་བྱུང་སྟེ། ལྕོག་རྩེ་མགུལ་ནས་འཐུང་དཀར་དང་ཆུང་འཆག་མེད་སྡེ་པ་ཀར་བསྟན་དྲུང་གི་ཕྱག་ནས་བྱུང་འཕྲལ་ཞིག་ཡོད་པ་དེ་ཞལ་བའི་དཀྱིལ་དུ་འཕར་དེ་ཆགདེ་འཕྲལ་སྟག་སྣ་ནས་ཞབས་དྲུང་དྲེ་བོ་སྤྲུལ་པའི་སྐུས། སྟག་སྣར་ཁོར་ཙམ་ཡོང་དགོས་གསུང་བའི་འབོད་མི་ཞིག་གནང་བྱུང༌། དེ་ཉིན་ཀ་ཉུག་ནས་ཀྱང་འབོད་མི་བྱུང༌། དེའི་སྔ་ནུབ་རྨི་ལམ་དུ་ཁ་ཆེ་པཎ་ཆེན་ཡིན་ཟེར་བའི་པཎྜི་ཏ་རྒྱ་གར་གྱི་དགེ་སློང་རྒན་པོའི་རྣམ་པ་ཞིག་བྱུང་བའང་རྒྱ་འདྲེའི་ཆོ་འཕྲུལ་དུ་ཤེས་ནས་སྤྲུལ་བསྒྱུར་གྱི་འདུལ་དགོས་སྙམ་པ་ལ་ལོང་མ་བྱུང་བར་གཉིད་སད། རྨི་ལམ་དེ་དང་དཀར་ཡོལ་ཆག་པ་ལ་རྟོག་དཔྱད་ཅུང་ཟད་བྱུང་བས་དེ་སྐབས་གཉིས་ཀ་ལ་མ་ཕྱིན། སྟག་སྣ་ནས་ཚུར་ཇ་འདྲེན་ཞིག་གནང་བྱུང༌། འོན་ཀྱང་ལྟས་དེ་འཇགས་པ་སྤྲུལ་པའི་སྐུ་དང༌། ཞབས་དྲུང་དེ་ཕོ་གཉིས་ཀ་རིང་པོར་མི་བཞུགས་པ་ལ་ལྟ་བར་འདུག མགོན་ཁང་གི་རྡོ་སྐུའི་དྲུང་དུ་ནུབ་ཅིག་གསོལ་བ་འདེབས་ཀྱིན་བསྡད་པས། མགོན་གཡག་རྣམས་ཐག་རིང་པོ་ན་འཁྱམས་ཤིང་ཡོད་འཕྲོ་ལ་ནུབ་མོ་དེ་ཀ་ལ་ཐམས་ཅད་འདུས་ནས་གླིང་གསེབ་ཉུལ་ཞིང་ངར་སྒྲ་འབྱིན་པ་བྱུང༌། ཡོང་ཁར་ཆོས་ཅིག་བཤད་པ། དཔོན་ཆུང་སོགས་ཆོས་ཁྲིའི་ལྟག་ཏུ་བསྡད་སོང༌། བར་སྐབས་ཚོ་གཉིས་སུ་འགྲོ་བའི་ལྟས་སུ་གོ་ནས་ཟླ་བོ་ཚོ་ལའང་འཐབ་དགོས་བྱུང༌། ཚུར་ལམ་ཆུམས་སུ་ཆོས་རྗེ་སྐལ་བཟང་བ་དང་གསུང་གླེང་འཕེལ་བར་བྱས། གསེར་མདོག་ཅན་དུ་བླ་ཕྱེད་སྒོར་བསྡད། ས་སྐྱ་བཀའ་འབུམ་གྱི་ལུང་གི་འཕྲོ་དང་རྗེས་གནང་སྣ་ཚོགས་པ་དང་ཆོས་ཐན་ཐུན་རྣམ་གྲངས་མང་བར་བྱས། ཡར་ལམ་བསམ་འགྲུབ་རྩེར་ཞག་བཅུ་བདུན་སྐོར་བསྡད་ཞལ་ངོ་སོ་སོར་ཆོས་བཀའ་མང་རབ་དང༌། རང་གི་ཟླ་ལ་སྡོད་པའི་
དོན་གཉེར་འགའ་ཞིག་ལ། རྒྱུད་བླ་མ་ཐོགས་མེད་འགྲེལ་ཆེན་དག་བཅས་པའི་ཟབ་བཤད་བྱས། དེ་ནས་ཁྲི་ཁང་དུ་རིན་པོ་ཆེ་ཀ་བཞི་ནས་ཀྱང་ཕེབས་བདེ་མཆོག་སོགས་ དགོངས་བཞེད་ཀྱི་ཆོས་བཀའ་ཡང་མང་དུ་ཕུལ་སྔར་ལས་ལྷག་པར་གུས་པ ་ལྟར་མཛད་ཀྱིན་འདུག ཡར་ལམ་པ་སྣམ་དུ་ཁོར་ཙམ་ཕྱིན་ནས། བསམ་སྡིངས་སུ་སླེབ་འཕྲལ་མཚམས་བསྡམས། རྒྱལ་རྩེར་འགྲོ་དགོས་བྱུང་དོགས་པའི་སྣང་བ་ཅིག་ཤར་བ་ནས། པ་སྣམ་དུ་སྡེ་བ་ཀར་བསྟན་དྲུང་དང་ཡང་གླེང་སླང་བྱུང༌། དེ་ཡང་རྒྱལ་རྩེ་ནས་བདག་པོ་རྒྱལ་བའི་དྲུང་འབྲུག་པའི་བུ་ཆེན་རྗེ་ལྷ་རྩེ་བ་ལ་ཐུགས་མོས་ཆུག་ཅིང་བཀའ་ཆོས་གསན། རྟོགས་ལྡན་རྣམས་དང་ལྷན་དུ་རླུང་ཁྲིད་སྐྱོང་བར་མཛད། དེ་སྐབས་གཟིམས་ཆུང་འོད་ཀྱིས་ཁྱབ་པ་དག་དབུ་ལ་མེ་འབར་བའི་ཉམས་སྣང་བྱུང་གསུང༌། ངེད་གསེར་མདོག་ཅན་ན་ཡོད་དུས་སྨན་དཔོན་པ་བརྒྱུད་ནས་ཇི་ལྟར་ཡིན་འདྲི་བར་གནང་བྱུང་བ་ལ། ངས་ནི་བདེན་པ་རང་ལ་རྒྱལ་འགོང་གི་ཆོ་འཕྲུལ་ཡིན་ལས་ཆེ་ཞུས་ནའང༌། ཤིན་ཏུ་མ་དགྱེས། རིན་པོ་ཆེ་ལྷ་རྩེ་ནས་ཕྱག་རྡོར་གཏུམ་པོའི་བསྙེན་སྒྲུབ་ཀྱི་རྟགས་ཡིན་པར་ལུང་བསྟན་དབུས་དབྱུང་མཛད་གདའ། རྟགས་དེ་ཚོ་བྱུང་ནས་ཟླ་བ་ལྔ་དྲུག་གཅིག་སོང་བའི་འདི་སྐབས་ངེད་མཚམས་བསྡམས་ནས་ཞག་བདུན་སོང་སྐབས། བདག་པོ་སྐུ་འདས་ནས་དགོངས་རྫོགས་ལ་འབོད་མི་སླེབ། ཞག་ཤས་ནས་དུས་ཚོད་ཚེས་གྲངས་དང་བསྟུན་རྒྱལ་རྩེར་ཕྱིན། བྱང་བཞུ་སོགས་བྱ་བར་འོས་པ་རྣམས་འབད་དེ་བགྱིས། བདག་པོ་དེ་སྔ་མོ་ནས་ཐུགས་དམ་འཕེལ་ཤིང་ཐུགས་རང་བཞིན་བཟང་བ་དགེ་ཕྱོགས་ལ་དཀར་བ་ཞིག་ཡོད་ནའང༌། ཕྱིས་རྟིང་ཐུགས་སུ་བར་ཆད་ཞུགས་པའི་རྣམ་པས་འོས་བབ་
མེད་པ་ལ་ཁྲིམས་གཅོད་ཚན་ཅན་སོགས་སྣ་ཚོགས་མཛད། ད་དེ་རང་སེམས་ཀྱི་གནས་ལུགས་རྟོགས་བྱུང་གསུང་གིན་སྡིག་པ་ལ་ཡེ་མི་མཛེམ་པ་ཞིག་བྱུང་ཞིང༌། འདི་སྐབས་ཀྱང་བསྲེ་འཕོའི་རླུང་སྒོམ་ པ་ཡིན་གསུང་ནས་ཁྲུང་བག་མེད་གསོལ་སྐུ་འཁྱམས་བྱུང་བས་རྐྱེན་བྱས་པར་གདའ། སྐུ་གཤེགས་ནས་དགོངས ་རྫོགས་ཀྱང་ཧྲབ་ཧྲེབ་ལས་མ་བྱུང་སོང་དེར་ཡུན་རིང་ཡང་མ་བསྡད། ངེད་དང་བྱང་བའི་ཡུམ་ཆེན་མཁོན་སེལ་དུ་སོང་བའི་ཁུངས་ལ། གཉེན་ཚན་གྲ་བསྒྲིགས་སུ་རློམ་པའི་རྒྱང་རྩེ་རྩེ་ཆེན་གཉིས་ཀ་མ་མགུ་བའི་ནག་ལོག་ཀོ་ལོག་ལ་སོང༌། སྡོང་པོ་ཁོག་རུལ་གྱི་བླ་མ་དང་ཆོས་རྫུས་ཕོ་མོ་ཚོ་ངོམ་ངོམ་འདྲ་བྱེད་ཀྱིན་འདུག་སྟེ། གང་ཡང་མ་འགོར་བར་ཅི་འདྲ་ཅིག་བྱུང་ཀུན་གྱིས་ལྟོས་ཤིག །ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། སླར་ཡང་དགུན་ཐོག་དེ་བསམ་སྡིང་དུ་དགེ་སྦྱོར་གང་ཡོད་དང༌། ཉིན་མོ་ལྟ་རྟོགཕྲན་བུ་སོགས་བརྩོལ་པ་ཧ་ཅང་ཆེ་བ་མ་ཡིན་པ་ཞིག་ལ་ལུས། རྨི་ལམ་གཟུང་བས་ཡུལ་སྣང་གི་བཀོད་པ་ཤམྦྷ་ལ་དང་པོ་ཊ་ལ་སོགས་ངོ་མཚར་ཆེ་བར་བྱུང༌། དུས་གཏོར་གྱི་བསྐང་གསོ་བྱས་པ་ཅིག་ལ། གཏོར་མའི་དབུས་ནས་བཙོ་འཐོན་པ་དང༌། ཟིལ་ཆེན་པོ་བཟོད་པར་དཀའ་བ་བྱུང༌། དེ་རྗེས་ཞི་བའི་སྦྱིན་སྲེག་ཀྱང་མང་དུ་བྱས། འདི་སྐབས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། སྟག་ལུང་རིན་པོ་ཆེ་རྗེ་བཙུན་ཀུན་དགའ་བཀྲ་ཤིས་ཞིང་བརྗེས་པའི་གཏམ་སྐྱེལ་བ་དང༌། ཐུགས་དམ་གསལ་འདེབས་ཀྱི་རྟེན་སྐྱེལ་བ་དང༌། ཞུས་འབུལ་དང་རྟེན་བཞེངས་སོགས་གང་ཅིར་སྔ་ཁྱད་ཆེ་བའི་གལ་ཆེ་ཡོད་ཚུལ་གྱི་ནན་ཆགས་འབོད་མི་ལ་གཟིམས་དཔོན་ནམ་མཁའ་གནང་བ་ལྟར་
མི་རིང་བར་ཆས། འདོལ་བྱུང་དུ་ཞག་གསུམ་པ་ཞིག་བསྡད། དེ་མིན་ལམ་དུ་འགོར་བ་མེད་པར་ཞུགས། སྣང་ཀར་རྩེར་ཞག་ལྔ་པ་ཞིག་དང༌། འབྲང་ཕུར་ཡང་ཞག་ཤས་བསྡད། ལྷུན་རབ་ཏུ་ཕྱིན། སྐྱེད་ཚལ་འོག་གི་མཁན་སློབ་རྣམས་ཀྱིས་དགོན་པར་ཤོག་གསུང་བ་ལྟར་གྱི་ཆོས་ཁྲིའི་སྟེང་ནས་ཚོགས་པ་རྣམས་ལ་བླ་མའི་རྣལ་འབྱོར་ཞིག་བྱས། ཡོལ་རི་གོང་དུ་མགོན་པོ་ལ་བསྐང་གསོ་དང་སྤྱན་གཟིགས་འགའ་ཕུལ་གསོལ་བ་བཏབ་པས་བྱིན་རླབས་ཀྱི་རྟགས་མཚན་ཡང་ཅུང་ཟད་བྱུང༌། ཕར་ལམ་གྱི་རེ་ལྷ་ཁང་དུ་ལྷ་རིན་པོ་ཆེའི་ཕྱག་གི་འཕེལ་གདུང་སྤྱན་དྲངས་ཕྱག་མཆོད་ཕུལ་མགོན་ཁང་ཡང་མཇལ་ཙམ་བྱས། ཤིན་ཏུ་ཞག་པོ་གཉིས་བསྡད་ཚེ་དབང་སོགས་ དགོངས་བཞེད་ལྟར་བགྱིས། ལྷ་སར་ཡང་ཕྱིན། འདི་སྐབས་རྨེ་རུ་བའི་སློབ་དཔོན་གྱི་ལས་བྱེད་བྱས། སྡེ་པ ་དགའ་ལྡན་པའི་དམག་མལ་གྲོ་གོང་མཁར་ལ་བཏེག་གྲུབ་ཙམ་གྱི་སྐབས་སུ་འདུག སྔ་སོར་ལྷ་སར་སྡོད་སྐབས་དགའ་ལྡན་ཁང་གསར་ནས་རྩྭ་ཤིང་གི་མཐུན་རྐྱེན་ཕྲན་བུ་ཡོང་ཀུན་ཡོད་ནའང་འདི་སྐབས་ཡེ་མ་བྱུང༌། ལྷོ་ངོས་བརྒྱུད་ནས་གླང་ཐང་དུ་ཕྱིན་རྒྱལ་རྩེ་ནས་བླ་མའི་ཞབས་དྲུང་གིས་དེའི་གོང་ཙམ་དུ་འབྲུག་པ་སྤྲུལ་པའི་སྐུ་དཔོན་སློབ་སྤྱན་འདྲེན་མཛད་འདུག་ཅིང་ད་རུང་མྱུར་སྟབས་འབྲུག་པ་དཔོན་སློབ་ཀྱི་ཕྱག་ཕྱི་ལ་ཕེབས་རྒྱུ་ཡིན་པར་འདུག་ཟེར་བས། རེ་ཞིག་རྒྱལ་རྩེ་ལ་ཡང་ཐེགས་པ་མི་དགའ་ཞིང༌། འབྲུག་པའི་སྒར་སོགས་གཞན་ལ་ཡལ་ཡུལ་ཡང་ཡེ་མི་ལེགས། འདི་ཕྱོགས་སུ་ཡང་འདུལ་བ་ཡུལ་ལུགས་དང་བསྟུན་པའི་གནང་སྒོ་དང༌། ཆོས་སྤྱོད་བསྐང་གསོ་སོགས་ཀྱང་ཕྱི་ལྟར་དུ་སྡེ་འདི་ཁ་དང་མཐུན་པ་མཛད། དཔོན་སློབ་
ཉུང་བསྡུས་ཀྱི་ངང་ནས་མ་མཐའ་ཡང་ལོ་གསུམ་གླང་ཐང་རང་དུ་བཞུགས་པ་འཐད་ཚུལ་ཞུས་ཏེ་ཕྱག་གཡོག་གི་སྟབས་སུ་སོང་བ་ཡིན་ནམ། དེ་རྗེས་ཟླ་གཅིག་ཙམ་ནས་འབྲུགས་པའི་སྒར་ལ་ཐེགས་གདའ། དེ་རྗེས་རྒྱལ་རྩེར་ཕེབས། དེ་ལ་བརྟེན་ནས་ལོ་བརྒྱད་ཙམ་གྱི་བར་དུ་གཏམ་ངན་ལ་མཛད་དཀའ་བ་བྱུང་སོང༌། །དེ་ནས་ངེད་ཀྱི་ལྷུན་གྲུབ་རྫོང་བརྒྱུད་སྟག་ལུང་པའི་སྔར་འཁྱུད་ཀྱི་སྒྲིགས་བཀོད་དང་བཅས་སྟག་ལུང་དུ་སླེབ། དེའི་གནངས་ཉིན་མཆོག་གི་སྤྲུལ་པ་ཞབས་དྲུང་རིན་པོ་ཆེ་དང་མཇལ། དེ་སྐབས་རྟེན་བཞེངས་ཀྱི་རྒྱུ་ཚོགས་ལ་འདྲེ་བའི་དོན་དུ་སྔ་ཕྱིར་གསེར་ཞོ་ལྔ་བཅུ་ཙམ་དང༌། གཞན་ཡང་རང་རེ་ལ་ལྟོས་པའི་གང་ཡོད་དཀྲུགས་པའི་ཚུལ་དུ་ཕུལ། ཟླ་བ་གཉིས་ཙམ་དབང་ལུང་འཁྲིད་སོགས་ཆོས་ཀྱི་རྣམ་གྲངས་མང་པོ་རང་དགོས་ཕེབས་པ་ལྟར་སྔ་དྲོ་ཉི་མ་ཤར་ཙམ་ནས་ཉི་མ་ཕྱེད་ཡོལ་གྱི་བར་ལ་ཅི་ནུས་ཅི་ལྕོགས་སུ་ཕུལ། ཞབས་དྲུང་དུའང༌། བླ་མ་གསང་འདུས་དང་ཐུགས་སྒྲུབ་དང་དྲག་དམར་པདྨ་གླིང་པའི་ལུགས་སོགས་ཆོས་མང་རབ་ཞུས། ཉིན་ཕྱེད་མན་བཀའ་ཆོས་འབུལ་བ་རྫོགས་ནས། དོན་གཉེར་འདྲ་ལ་ཆོས་ཐན་ཐུན་འདྲ་ཡང་བྱས་ཤིང༌། ཕལ་ཆེར་ནི་ཞབས་དྲུང་གོང་མ་དེ་མི་བཞུགས་པས་བག་གྲང་བའི་རྣམ་པ་དང༌། སྡེ་དེ་དང་རང་རེའི་ལག་གཡོག་སོགས་གང་ལའང་ཡིད་འདྲེ་བ་ཡང་མི་འདུག་ནས། གཡས་གཡོན་གྱི་སྤང་རི་བྲག་འོག་ནེ་གསིང་དུར་ཁྲོད་སོགས་འོག་ལ་ས་རྣམས་སུ་ཕྱིན་ནས་མཉམ་གཞག་གཙོ་བོར་བྱས། རིན་པོ་ཆེ་གོང་མའི་གདུང་ནི་ལོ་དེ་ནང་དུ་ཞུ་འབུལ་མི་གནང་བར་ཐག་ཆོད་སོང༌། རབ་གནས་ནི་སྔ་སོར་སྟག་
ལུང་ན་དབུ་བླ་རེས་མཛད་པ་ཀ་མང་བ་འདུག་སྟེ་ཞབས་དྲུང་འདི་ཉིད་ཀྱིས་རྟེན་བཞེངས་གནང་བ་ཐམས་ཅད་ལ་ཞལ་ངོ་མ་གཏོགས་བླ་མ་གཞན་གྱིས་རབ་གནས་མི་མཛད་པ་ཅིག་འདུག་ པ་དེ་ད་ལྟའི་ཞབས་དྲུང་འདི་རང་གི་དགོངས ་བརྟད་ཡིན་སྣང་བ། དོན་ནི་རི་བོ་ཆེ་བ་ལ་དཔེ་འདྲ་གནང་བ་ཡིན་པར་འདུག དེ་ཕྱིན་ཕྱག་གཡོག་བྱེད་རྒྱུ་ཡང་མི་འདུག་པས་མྱུར་དུ་འགྲོ་བའི་དགོངས་གྲོལ་ཡང་ཡང་ཞུས་ཀྱང༌། ཀར་དགེའི་དུས་འཁྲུག་འདི་ཅི་འགྱུར་མི་ཤེས་པས་སྡོད་དགོས་ཚུལ་གྱི་བཀའ་ནན་མ་ཆོགས། བདག་ཇོ་བོ་ཡབ་སྲས་རྣམས་ལ་ཤིན་ཏུ་མོས་གུས་ཆེ་བས། སྔ་གོང་ཕྱོགས་འདིར་ཡོང་རེས་ཀྱིས་རྭ་བསྒྲེང་མཇལ་བ་དང་ཞབས་ཏོག་གང་གྲག་རེ་བྱེད་ཀྱིན་ཡོད། ཁོང་ཚོ་ཡང་དགའ་ཚོར་ཆེན་པོ་བྱེད་ཀྱིན་ཡོད་ནའང་རྭ་བསྒྲེང་དགོན་མི་དམངས་ལ་སྟག་ལུང་ནས་ཀྱང་སྐྱོད་དར་ཡག་པོ་མ་བྱུང་གདའ། ཁོང་ཚོས་ཀྱང་སྟག་ལུང་ལ་བློ་ལོག་བྱས་སོག་པོ་ལ་འཇུས་འདུག་པས་རྭ་བསྒྲེང་བ་ལ་སྔར་ལུགས་ལྟར་བྱས་ན་བླ་མའི་དམ་ཚིག་ལ་གནོད་པར་འདུག་པས་འདི་སྐབས་བཏང་སྙོམས་སུ་བཞགསེར་གླེར་མཚམས་བདུན་ཕྲག་གཉིས་པ་ཞིག་བྱས། དེར་དགེ་སྦྱོར་འཕེལ་ཞིང་ཉམས་བཟང་བ་ཞིག་བྱུང༌། མཚམས་གྲོལ་ནས་དཔོན་ས་གང་སྐྱིད་དང་རྗེ་བཙུན་དྲུང་ཕེབས། ནཻ་གུ་སོགས་དགོངས་བཞེད་དང་མཐུན་པའི་ཆོས་འགའ་རེ་བྱས། ཉིན་གཅིག་དབུ་ཁང་ལ་རི་ལྟས་བྱེད་དུ་ཕྱིན་རྡོ་ལ་འཁར་བའི་རྗེས་ཤིག་བྱུང་ཟེར། ཉམས་འུར་རེ་བ་ཅིག་གིས་ཡིན་མིན་དགའ་མི་དགའི་རྟོག་དཔྱོད་ནི་གང་ཡང་མ་བྱུང་དེའི་གྲགས་པ་ཡམ་མེ་བ་ཞིག་གིས་ཁྱབ། དེ་རྗེས་
ཕུ་མདོར་ཕྱིན། སྡེ་པའི་དྲུང་ལ་དབང་བསྐུར་སོགས་འགའ་ཤས་ཕུལ། རྨི་ལམ་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྔོ་ལྗང་གི་སྐུ་ཤིན་ཏུ་གསལ་བ་ཞིག་བྱུང༌། ནང་པར་དགོན་པ་བ་ཆེན་པོའི་ཐུགས་དམ་རྟེན་ཡིན་ཟེར་བ་བྲིས་སྐུ་རྙིང་པ་ཞིག་ལག་ཏུ་འབྱོར་པས་དགའ་བ་ཆེན་པོ་སྐྱེས། གཉན་ཐོག་ཏུ་ཁོར་ཙམ་ཕྱིན། རྗེ་བཙུན་མའི་སྐུ་བརྙན་བྱིན་རླབས་ཅན་དང༌། རྒ་ལོའི་ཐུགས་དམ་འབུམ་ཆ་སོགས་ལ་ཕྱག་མཆོད་སྨོན་ལམ་བཏབ། གཉན་ཐོག་རྫོང་གི་རྣམ་སྲས་ལྷ་ཁང་སོགས་ཀྱང་མཇལ། སླར་སྟག་ལུང་དུ་སླེབ་སྐབས་ངམ་རིང་ནས་དཔོན་ས་མངའ་བདག་དྲུང་སྐུ་འདས་པའི་བསྔོ་རྟེན་སྐྱེལ་བའི་མི་སྣ་སྦྲེལ་མ་འབྱོར། དགོངས་རྫོགས་དངོས་གཞི་གྲོལ་ནས། བླ་མ་དགེ་བཤེས་བཟང་དགུ་ལ་ཐུགས་དམ་འདོགས་འབུལ་བར་གནང་བར་གདའ། མངའ་བདག་དྲུང་དེ་ཕྱག་འཚལ་ཁར་མགོ་བོག་པའི་རྣམ་པས་ཁོང་རང་གཤེགས་ཁར་དམ་ཚིག་ཉམས་པ་ཡིན་ཀྱང་སྨོན་ལམ་ཡང་དག་པ་བཏབ། མི་སྣས་ཡུལ་དུས་གཞན་དུ་སྣ་ཚོགས་ཤིག་གླེངས་འདུག་ནའང་དེ་ལ་གྲུབ་འབྲས་རང་ནི་ཅང་མ་བྱུང་བ་འདྲའོ། །རྗེ་བཙུན་མའི་ཐང་ཀ་རྙིང་པ་དེ་ལ་གོང་གཤམ་སོགས་གསར་པ་གསོལ། རབ་གནས་སྐྱར་མ་བྱས་པས་མེ་ཏོག་མང་པོ་སྐུ་ལ་ཆགས་པ་དང༌། རྨི་ལམ་ཐབས་སུ་ཡི་གེ་བཅུ་པའི་སྒྲ་ཤིན་ཏུ་གསལ་བར་གྲག་པ་སོགས་ཡ་མཚན་པའི་ལྟས་མང་པོ་བྱུང༌། དམག་བྱུང་དུས་རྒྱལ་ཁམས་འཇིག་པ་ལས་སྐྱོབ་ཐུབ་པའི་རྟེན་འབྲེལ་ཡང་ངེས་འགྲིག་གདའ། དེ་ནས་ཟླ་བ་གཅིག་ཙམ་དུ་ཆོས་ཞུ་འབུལ་ཐོ་རེ་བ་བྱུང༌། དེ་མཚམས་གཙང་པའི་དམག་འཕན་ཡུལ་དུ་སླེབ། འབྲི་ཁུང་གོ་གཉིས་ནི་དམག་འབོད་མཁན་དངོས་སུ་ཀ་གནང༌། གཞན་ཐམས་ཅད་ཀྱིས་ཀྱང་མི་སྣ་བསྟུན་ཕྱོགས་སྔ་མོ་ནས་སླེབ་ཡོད་འདུག་ཀྱང་རྒྱལ་དུ་
དམག་མ་སླེབ་པར་སྟག་ལུང་ནས་མི་སྣ་གནང་བ་ཡང་མ་བྱུང༌། སྡེ་པ་དགའ་ལྡན་པ་དང་ཐུགས་འབྲེལ་ཆེས་པས་ཕྱི་ལྟར་ན་ཕྱོགས་སུ་ལྷུང་བ་ལྟར་ཡང་སོང་ནས་ཤིན་ཏུ་ཐུགས་འཚབ་ཆེ་བས་འཕན་ཡུལ་ན་ཡོད་པའི་མངའ་ཞབས་ཚོ་སྲུང་སྐྱོབ་ལ་བདག་མི་འགྲོ་ཁ་མེད་ཀྱི་བཀའ་ནན་གནང༌། ཡུལ་ཚོ་སོ་སོ་དང་ལྕང་ལུང་ཆོས་སྡིངས་པ་སོགས་དབུ་ཙུགས་ཀྱི་འབོད་མི་ནན་ཅན་མང་པོ་བྱུང༌། དེ་མཐུན་འགྲོ་དགོས་ཤར་བས་ཐོག་མ་ཉན་པོར་ཕྱིན་ཞག་བཞི་ཙམ་བསྡད། དེ་རྗེས་ལྕང་ལུང་ཆོས་སྡིངས་སུ་ཕྱིན། ཡུལ་ཚོ་སོ་སོར་ངེད་རེའི་གྲྭ་པ་རེ་རེ་ཙམ་བསྡད་པས་ཀྱང་སྲུང་སྐྱོབ་ཐུབ་ཅིང་ཕན་འདོགས་ཆེ་བ་རང་བྱུང༌། ཡོངས་བསྒྲིལ་དམག་གི་འགྲོས་དང་བསྟུན་ཟླ་གཅིག་ལྷག་ཙམ་འཕན་ཡུལ་དུ་འགོར། དགའ་མོར་སྡེ་པ་ཀར་བསྟན་དྲུང་དང་མཇལ་དུས་ད་ལོའི་དམག་འདི་ཀུན་ཡང་ཕུགས་སྡེ་པ་རང་ལ་ཕན་ཆུང༌། ད་དུང་ཀར་དགེའི་འཁྲུག་པ་ཡོང་ཤས་འདུག་ནའང་ད་ནི་སླར་དམག་མི་གནང་བ་རང་ལེགས། གནང་ན་སྐུ་ཚེ་ལ་ཤིན་ཏུ་རང་གནོད་ཐག་ཆོད་ཞུས་ཏེ། སྡེ་པའི་ དགོངས་པ ་ལ་ཀར་ལུགས་ལ་ཀོ་ལོང་བྱེད་པར་འདུག་སྙམ་པའི་གོ་བ་ལོག་པ་ཤར་སོང་ནའང༌། རང་རེའི་དྲང་པོ་རང་ཡིན་པ་ཕྱིས་རང་རྟགས་བསྟན་པ་དེར་གདའ། གཞན་ཡང་འཕན་ཡུལ་སྤྱི་ལ་ཞྭ་དམར་བའི་རྫོང་ལ་དགོས་རྒྱུའི་ཤིང་གཅོད་ཀྱང་ཞུ་ངོ་བྱས་པས་དེ་སྐབས་ནི་རྩ་བ་ནས་ཆོགས། ཇ་པ་དང་དགོན་གནས་སོ་སོར་ཇ་འདོན་མཛད་པ་ཀུན་ལའང་ཞུ་ངོ་ཕལ་ཆེར་འགྲུབ་
པ་སོགས་འདི་སྐབས་རང་རེས་སྐྱེ་བོ་མང་པོ་ལ་ཕན་ཐོགས་པར་བྱུང་ཞིང༌། དེ་མིན་ན་ཁྱད་པར་སྟག་ལུང་པ་ལ་མངའ་ཞབས་ལ་གོང་ཤོར་ཆེན་པོ་ཡོང་ངེས་པར་འདུག་ཀྱང་རང་རེས་ཞབས་ཏོག་རེ་འགྲུབ་བྱུང་བསམ་པ་ཡོད། དང་པོ་ཁྱི་ལོའི་སྐབས་ཀྱི་རྨི་ལམ་དེ་ཡང་ཐོག་ཏུ་ཁེལ་བར་གདའ། འོན་ཀྱང་སྙིགས་དུས་ཀྱི་མི་རྣམས་ངོ་མཚར་ཆེ་སྟེ། དམག་མ་ལོག་པར་ལ་སྐྱི་སྡུག་ཐམས་ཅད་ཁྱེད་ལ་རག་ལས་ཟེར་ལན་ཅིག་མ་ཡིན་པར་སྒྲོག་པ་ལ། དམག་ཕྱིར་ལོག་འཇིགས་པ་དང་བྲལ་བ་ན་འཕྲལ་དུ་རང་འགྱུར་ཏེ་ངོ་ཤེས་བྱེད་པ་ཡང་དཀའ་ཞིང་ཚིག་གི་གཏང་རག་རེ་ཡང་མི་གཏོང་སྟེ། སྟག་ལུང་པ་ཆོས་སྐྱོང་བཟང་བ་ལ་འཇིགས་པ་ཡིན་ནོ་ཞེས་བྱ་བ་དང་སོག་པོ་ལ་འཛེམས་པ་ཡིན་ནོ་ཞེས་དྲིལ་སྒྲོག་པར་བྱེད་དོ། །དུས་འཁྲུགས་འདི་དུས་རྩེ་ལ་སྒང་པའི་མཁན་པོ་སོགས་ཀོང་པོ་ཀར་སྲིད་ཀྱི་དགེ་འདུན་སེར་དམག་རྣམས་ཀྱི་རྨེ་རུ་བླ་མའི་དགོན་པ་བཤིག་དེའི་གསེར་ཆོས་མང་པོ་སྡེབས་ལ་བཞུ་ནས། དཔོན་སློབ་ཡོན་བདག་དང་བཅས་སྒོ་བཤའ་བྱེད་པ་སོགས་ཆོས་འགལ་གྱི་སྤྱོད་པ་ཧ་ལས་ཀོ་ལས་རྣམས་ལ་ཡིན་སྐྱོ་ཤས་ཆེ་ཞིང༌། ཅིས་ཀྱང་དགོས་མེད་ཀྱི་བློ་དང་དགེ་སྦྱོར་ལ་བསྐུལ་མ་ཆེར་བྱུང༌། དེ་ནས་སྟག་ལུང་དུ་ཁོར་ཙམ་ཕྱིན། གླིང་གི་གྲྭ་པ་ཕལ་ཆེར་ཞིག་ད་རེས་ཁྱེད་ཀྱིས་ཕོ་བྱས་པ་ཡིན་ཟེར་དགའ་ཚོར་ཆེན་པོ་བྱེད་དུ་བྱུང༌། ཞབས་དྲུང་རིན་པོ་ཆེ་ཐུགས་ཟབ་པའི་རང་བཞིན་དུ་སྣང་ཡང༌། དཔོན་ནི་ཞབས་ཏོག་སྒྲུབས་པ་ལ་ལེགས་སོའི་ཚིག་ཙམ་ཡང་མི་མཛད་ཀྱི་སྟེང་དུ་གནས་སྐབས་གཞན་ལ་བསྙད་ནས་བཀའ་བཀྱོན་པར་མཛད་དོ། །དེ་ལྟ་ན་ཡང་
བླ་མའི་ཞབས་ཏོག་ཡིན་བསམ་བློས་ལོངས་པར་བྱས། ངེད་ལྟ་བུ་ལ་བྱང་ཆུབ་སེམས་དཔའི་རེ་བ་ཅི། འོན་ཀྱང༌། གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་འགའ་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་ལྟ་བར་ཤོག །ཅེས་པའི་དོན་ཡང་དེ་སྐབས་སྙིང་ཐག་པ་ནས་སྐྱེས། སྟག་ལུང་ནས་ཕྱིར་འོངས་དུས་ལྷུན་གྲུབ་རྫོང་དུ་ཞག་གསུམ་བསྡད་སྡེ་པའི་དྲུང་གིས་དགེས་དགེས་སུ་མཛད་ཅིང༌། མེ་སྡེའི་ཁོག་གི་ཇ་པ་སོགས་ཕལ་ཆེ་བས་ཀྱང་ཕན་གདགས་ཀྱི་དྲིན་གཟོ་འཕྲན་ཚེགས་དང་ཐ་ན་ཚིག་གི་གཏང་རག་ཚུན་ཆོད་ནས་འོས་སུ་འགྲོ་བ་ཙམ་བྱེད་ཀྱིན་སྣང་བས། བསམ་པ་ལ་ཆོས་པའི་ས་ལས་འཇིག་རྟེན་པའི་ས་མི་གཞི་ལེགས་ཤིང་བྱེད་པ་བཟང་བ་འདི་ནི་ཡ་རེ་ཆ་བསམ་པ་ཡང་ཡང་ཤར། དེ་ནས་ལྕང་རྒྱབ། གླང་ཐང༌། ཤིང་གྲོང་སོགས་སུ་འབོད་མི་བྱུང་བ་ལྟར་ཕྱིན་དུས། ཁོང་རྣམས་ནི་སྟག་ལུང་པ་དང་ངེད་རྣམས་མོས་གུས་ནི་ངེད་རྣམས་ཆེ་ཆེ་ཙམ་ཡིན་པ་ལ། སྟག་ལུང་ཁོ་ན་ལ་ཕྱོགས་སུ་ལྷུངས་པའི་ཕན་འདི་ཙམ་འདོགས་པ་སྙམ་པའི་མཐོང་ལྟས་རེ་བྱེད་ཀྱི་འདུག་སྟེ་སྟག་ལུང་ལྷ་སྡེ་ནི་དེ་འདྲ་ཁྱེད་ཀྱིས་མ་གོ་འདུག་པ། འཇིག་རྟེན་སྒྱུ་མའི་གར་མཁན་འཁྲུལ་སྣང་གང་ཤར་གྱི་ཉམས་སྐྱོང་བ་བདེན་མེད་ལ་བདེན་ཞེན་ཅན་ཏུ་གདའ། རང་རེས་ལ་ས་ཆ་འདི་ཚོར་ཆགས་སྡང་གི་བཅོལ་གཉེར་མེད་སྙམ་ཞེ་ལ་འཛིན་པ་ཡང་མ་བྱས་སེལ་སྦྱངས་དང༌། དག་ཚངས་དང་བཤད་སྦྱངས་ཡང་མ་བྱས། གང་དགའ་གྱིས་ཕཊ་སྙམ་ནས་ཡོངས། སྒོ་ལའི་ནང་ཁུགས་སུ་ཤུན་ནས་རབ་གནས་ལ་འབོད་མི་གནང་བ་དང་འཕྲད་དུས། ས་ཆ་དེ་ཁ་
ནས་དུང་ཆུང་ལེགས་པོ་ཞིག་རྙེད། རྟེན་འབྲེལ་ལེགས་སམ་སྙམ་པ་ཤར། ཅུང་ཟད་ལེགས་པར་ཡང་འདུག ལྷོ་ངོས་སུ་དཔོན་སའི་དྲུང་གིས་སྟག་ལུང་པ་ལ་ཕན་འདོགས་ཆེ་འདུག་ཅེས་དགྱེས་དགྱེས་དཔེ་མེད་མཛད། དེ་རེས་ཐུགས་སྟེང་ཤོད་ཀྱི་སྟབས་ཅི་ཡིན་པ་འདུག དགའ་ལྡན་ཁང་གསར་དུའང་ཡོང་དགོས་ཚུལ་ནན་ཆགས་གསུང་བ་ལྟར་ཕྱིན། ཞལ་ངོ་རྣམས་ལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་སོགས་འདོད་ཆོས་འདྲ་ཕུལ། ལྟས་བརྟག་པ་འདྲ་གྱིས་གསུང་བ་ལ། ད་ལོའི་གནས་ཚུལ་འདི་ཡང་མ་ལེགས་པ་ཆེ་སྟེ་ད་དུང་ལོ་ཤས་འཇམ་གང་ཆགས་དང་བརླིང་ཆ་གང་ཆེ་མ་མཛད་ན་སྐྱོན་ཆེ་བ་རང་གདའ་ཞུས། སྣེ་གདོང་རྩེ་ནས་ལྕམ་དྲུང་གིས་ཀྱང་དེ་མཐུན་གྱི་གསུང་ཕེབས་དང༌། སྦུ་བ་གདོང་གི་ཁུར་གཞེས་མཛད་ན་ཇི་ལྟར་གསུང་བ་ལ་ཡང་གཞན་ནི་མི་ཤེས་སྐྱོང་དང་གང་གནང་གི་རིང་ལ་གཡོག་རིགས་ལ་བྱམས་པོ་གནང་དགོས་ཞུས། ལྷ་སར་ཇོ་བོའི་སྐུ་གཞོགས་སུ་ངེད་དང་ཁོང་དཔོན་གཡོག་རྣམས་སྨོན་ལམ་ལྷན་ཅིག་མཛད་རྒྱུའི་ཁུངས་ལ་རིག་པ་འུར་སྨོན་ལམ་བྱེད་འཕྲོལ་བཞག་ནས་གནས་ཚང་དུ་ལོགདེ་རྗེས་ཤུན་དུ་སླེབ་ནས་ཟླ་གཅིག་ཙམ་བསྡད། ཐུབ་པ་གནས་བཅུའི་གསེར་སྐུ་གསར་བཞེངས་གནང་བ་རྣམས་ལ་རབ་གནས་རྒྱས་པར་བྱས། རབ་གནས་གྲུབ་མཚམས་ལ་རྟེན་གཟི་བྱིན་རྒྱས་པ་དང་བག་དྲོ་བའི་རྣམ་འགྱུར་དེར་འདུས་ཐམས་ཅད་ལ་གསལ་བར་སྣང་བ་སོགས་བྱིན་རླབས་ཀྱི་རྟགས་མཚན་བྱུང༌། ཤུན་ནས་ཞབས་དྲུང་དུ་རྒྱུ་སྡེ་ལྔའི་དབང་སོགས་ཤངས་ཆོས་ཆ་
ཚང་ཞིག་དགོས་གནང་བ་ལྟར་ཕུལ་ཞིང༌། དེ་ནས་སྙེ་ཐང་དུ་གསེར་ཁང་པའི་སར་ཞག་གཅིག་བསྡད་ཁྲོམ་དབང་ཞིག་ཀྱང་བྱས། སང་ཉིན་ཡུལ་ཚོ་ཐ་དད་པའི་རྩེད་སྣ་སྣ་ཚོགས་ཀྱི་བསུ་བ་དང་བཅས་བླ་ཆེན་དྲུང་གིས་འབོད་མི་གནང་བ་ལྟར་བདེ་བ་ཅན་དུ་ཕྱིན་དེར་ཡང་ཚེ་དབང་དང་མ་ཎིའི་ལུང་སོགས་དང་བླ་བྲང་དུ་ཡང་ཆོས་ཐན་ཐུན་སོགས་ཕུལ། ནང་པར་མཁར་རྔ་བས་ནན་ཆགས་བྱས་པ་ལྟར་ཁོར་ཙམ་ཕྱིན་ནས། ཆུ་ལྷོའི་ནོར་བུ་དགེ་འཕེལ་གྱི་རྫོང་དུ་སླེབ་ཙམ་བྱས། སྐྱི་རུ་བ་སྡེ་པ་ཀུན་རྒྱལ་གྱིས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར། ཁྲོམ་དབང་ཞིག་བྱས། དཔལ་ལྡན་གསང་ཕུར་ཕྱིན་རྗེ་བཙུན་སྒྲོལ་མ་རྩོད་རྒྱལ་མ་ཇོ་བོ་གདུང་རྟེན་ཇོ་བོའི་ཐུགས་དམ་རྣམ་རྒྱལ་མཆོད་རྟེན་ལོ་ཙཱ་བ་ཆེན་པོའི་སྐུ་ཐང་ཕྱག་གནས་མ་དང༌། སློབ་དཔོན་རིན་པོ་ཆེ་འཁོན་བསོད་ནམས་རྩེ་མོས་བཞེངས་པ་ཕྱྭ་བ་ཆེན་པོའི་བྲིས་སྐུ་སོགས་རྟེན་ངོ་མཚར་ཅན་མང་པོ་དེ་རྣམས་ལ་སྤོས་མར་མེ་སྙན་དར་སོགས་བཟང་དུ་ཕུལ་སྨོན་ལམ་མང་དུ་བཏབ། དེ་ནས་རིམ་པས་བརྒྱུད་དེ་འོངས་ནས་དྲང་སྲོང་སྲིན་པོ་རིར་རྟེན་གསུམ་རྣམས་ལ་ཕྱག་མཆོད་ཕུལ། བསམ་རྩེར་སྡེ་པ་སྲང་སྟོད་ནས་སྐུ་གཤེགས་པའི་བསྔོ་རྟེན་ཡང་འདིར་སླེབ་ནང་པར་གོང་དཀར་དུ་ཕྱིན། ཟླ་བ་ཕྱེད་གཉིས་ཙམ་བསྡད། ཞབས་དྲུང་ཁུ་དབོན་སོགས་དང་བླ་མ་སློབ་དཔོན་དགེ་བཤེས་ཅི་རིགས་དང༌། དོན་གཉེར་སྣ་ཚོགས་འདུས་པ་གཞི་བཅུ་སྐོར་ལ། འཕྲེང་བའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པའི་དབང༌། ཕྱག་ལེན་མཐའ་རྒྱས་རྫོགས་པ་དང༌། གཡའ་བཟང་སྤྱན་མངའ་དང༌། ར་བ་སྨད་པའི་གྲྭ་ཚང་རྣམས་ལ། སྒྲོལ་མ་ཉི་ཤུ་རྩ་གཅིག་ཉི་མ་སྦས་པ་ལུགས་ཀྱི་རྗེས་གནང་དང༌། གཞན་ཡང་སོ་སོར་གང་ལ་གང་
འདོད་ཀྱི་ཆོས་ཀྱི་རྣམ་གྲངས་མང་དུ་བྱས། རྒྱལ་རྩེ་ནས་ཁྱིམ་ཆུང་བ་ཚང་ངེད་ལ་སྔར་ནས་མི་དད་པ་རང་ཡིན་ནའང༌། གཙང་ནས་བཀའ་བཀྱོན་བྱུང་བ་དང་ངེད་ལ་ཞུ་ངོ་དགོས་ཚུལ་ནན་ཆགས་བྱེད་པ་ཞིག་བྱུང༌། ཁྱིམ་ཆུང་བ་དབང་ལགས་ཟེར་བ་ཁོང་རས་ངེད་ཀྱི་ཟླ་ལ་ཟླ་བ་གཉིས་ལྷག་བསྡད། རིམ་པས་ངོ་ཆེན་ཞུ་རྒྱུའི་ཁུངས་ལ། འབྲུག་པ་ཡོན་མཆོད་ཀྱི་ངོ་ཆེན་ཡོང་རྒྱུ་ཡིན་ཟེར་འབྲང་ཕུ་ནས་གློ་བུར་དུ་ལོག་སོང་བས་ངོ་ཆེན་མ་དགོས་པས་སྙིང་སངས་པ་ཅིག་བྱུང་ནའང༌། ཁོ་པ་ཚོ་ལ་དོན་མ་མཐོང་བའི་ངང་ནས་མི་རིང་བར་བཀའ་བཀྱོན་གནས་ཚུལ་དེ་ལྟར་ཤར་སོང༌། དབང་ལགས་ཟེར་བ་ཁོང་རང་བར་སྐབས་ས་སྐྱ་ཁྲི་ཆེན་ལ་བློ་བརྟད་ཞུས་འདུག ཕྱིས་ས་སྐྱ་བདག་པོ་ཨ་མིས་དྲུང་གིས་གཟིམས་ཆུང་སྒོ་རྩར་ཁྲིམས་གཅོད་ལག་ཐལ་ལ་བཏང༌། དེ་མཚམས་སྐྱིད་བཤག་གཉིས་ཀྱིས་འབོད་མི་ནན་ཅན་ཡོད་པ་ལྟར། སྐྱི་གཤོངས་སུ་ཞག་དགུ་བསྡད། ཞལ་ངོ་སོགས་དོན་གཉེར་མང་དག་ལ། བདེ་མཆོག་དང་འཇིགས་བྱེད་ཀྱི་དབང༌། ནཻ་གུའི་མགྱོགས་འཁྲིད། སྒྱུ་ལུས་དབང་མོ་ཆེ་ཟླུམ་པོ་བཞིའི་དབང་སོགས་ཆོས་བཀའ་མང་དུ་བྱས། དེ་རྗེས་གཞུང་རྣམ་རྒྱལ་རབ་བརྟན་དུ་བསུ་བའི་བཀོད་པ་རྒྱ་ཆེ་བ་དང་བཅས་ནས་སླེབ། འདིར་ཡང་ནཻ་གུ་ཆོས་དྲུག་སོ་སོའི་བཀའ་དང་བཅས་པ་དང༌། གཞན་ཡང་འདོད་ཆོས་རྣམ་གྲངས་མང་རབ་བྱས། ཞག་བཅུ་གསུམ་བསྡད། ཁོང་ཚོའི་ཕྱག་ན་ལས་སྟོད་ལྷོ་པ་བདག་པོའི་ཕྱག་གི་བྱིན་རླབས་རྟེན་མང་དུ་འདུག་པ་རྣམས་ལ་རྟེན་མཇལ་བྱས། ཉིན་གཅིག་རྔོག་པའི་གདན་
ས་སྤྲེ་ཞིང་མཇལ་དུ་ཕྱིན། སྤྲེ་ཞིང་ན་བཞུགས་པའི་རྗེ་མར་པའི་གདུང་ཁང་དེ་ལ། སྤྲུལ་པའི་སྐུ་ངག་དབང་ནོར་བུས་བཅོས་དང་ནང་བཞུགས་ལ་གཟིགས་རྟོག་མཛད་རིགས་སུ་འདུག་ནའང༌། ད་རུང་རྗེ་བཙུན་མར་པའི་གདུང་རུས་བཞུགས་བདེན་ཡིན་འདུག་པས་གུས་པ་ཆེན་པོས་མཆོད་པ་ཕུལ་གསོལ་བ་བཏབ། གདུང་བརྒྱུད་པ་དང་གསུང་གླེང་འདྲ་བྱས་ནའང་ཁོང་པ་དབུ་གུག་གུག་ཀྱོག་ཀྱོག་ཙམ་མ་གཏོགས་ཆོས་ཀྱི་ཕྱོགས་ལ་སྨྲ་བཅད་དམ་པོར་འདུག མི་ལ་ཕུག་དང་དབེན་གནས་སོགས་ཀྱང་མཇལ་ཏེ། རྗེ་བཙུན་ཆོས་སྐུ་རྡོ་རྗེའི་སྐུ་འདྲ་ཞིག་འདུག་པ་སྐུ་བཞུགས་དུས་ཀྱི་ཕྱག་གནས་མ་ཡིན་ཟེར་ཡང་མིན་པ་འདུག ལུང་ཆུང་གི་དཔལ་ལྷ་མོ་བྱིན་རླབས་ཅན་དེ་ཡང་མཇལ། ཉིན་གཅིག་ཆོས་འཁོར་གླིང་ལ་ཕྱིན་དུས། དགོན་པའི་སློབ་དཔོན་རྔོག་ལུགས་ཀྱི་ཆོས་མཁས་པོ་ཡིན་ཟེར་བ་ཞིག་དང་འཕྲད་བྱུང་བས་གསུང་གླེང་འདྲ་བྱས་དུས། འབྲུག་པ་གསར་པའི་ཆོས་སྐད་གདོལ་ཐབས་ཀྱི་ཅལ་ཅོལ་ལས་རྔོག་ལུགས་རང་གི་ཕྱོགས་འགོ་ཐིངས་པ་ཙམ་ཡང་མི་འདུག འདི་སྐོར་ལ་ཡར་ལུང་བཀྲ་ཤིས་རྩེ་པ་གསར་འགྲོགས་ནི་སངས། ཁོང་རང་ཚོའི་བླ་མ་འདྲའི་བསླབ་སྟོན་ལ་བརྟེན་ལྡེམ་འགྱང་ལོག་གེ་བ་ཞིག་དང༌། ཡར་རྒྱབ་ནས་སྡེ་པས་ནི་གསུང་འགྲོས་འབུག་བཅག་ཡི་གེ་སོགས་འབྲེལ་ཐག་ཐམས་ཅད་བཅད། ཡིག་འབྲེལ་སོགས་ཅུང་ཟད་བྱས་ན་རྒྱལ་འགོང་བཞིན་ཞུད་བྱང་དོགས་ཐུགས་ལ་ཤར་བ་ཡིན་ཏེ་འོང་གང་ནའང་ངོ་མི་ཤེས་མིག་གིས་མ་མཐོང་རྣ་བས་མ་ཐོས་པ་ལྟ་བུར་མཛད་དོ། །ཆོས་རྗེ་སྐེད་སྲོངས་པ་
འཕྲད་དུ་བྱོན། ཁོང་དང་གཞན་འགའ་ཤས་ལ། བསླབ་བསྡུས་ཆེན་མོའི་བཀླགས་ལུང་གཞུང་རྩ་བ་རྣམས་ལ་འབྲུ་བཤད་དང་བཅས་པ་བྱས། ཡར་ལམ་ཡང་གོང་དཀར་དུ་འོངས། ས་འདིར་འདི་སྐབས་སོགས་སྔ་ཕྱིར་འབྲུག་པ་གསར་པའི་ཡིག་ཆ་མང་དུ་མཐོང་བྱུང་སྟེ་མཐོང་བ་ཀུན་ལ་འུམ་བསམ་པ་ལས་ནི་མ་ཤར། དེ་ནས་རིམ་པས་ཆས་ཏེ། ཀ་བརྒྱད་མར་ལྷུན་རབ་པའི་ཞལ་ངོ་རྣམས་ཀྱིས་མཐུན་རྐྱེན་སྦྱར། སྔ་སོར་དཔྱིད་ཀ་སྐྱིད་ཚལ་འོག་ཏུ་ཕྱིན་སྐབས། སློབ་དཔོན་གྲུབ་ཐོབ་པ་དང་རང་སྟོང་གཞན་སྟོང་ལས་བརྩམས་པའི་ཆོས་སྐད་བརྒལ་བརྟག་མང་དུ་བྱུང༌། ཁོང་གི་དེ་ནས་རྗེ་གོ་རམ་པ་དང༌། རྩེ་ཐང་སངས་ལྷུན་དང༌། དངོས་གྲུབ་དཔལ་འབར་བས་མཛད་པ་སོགས་གཞན་སྟོང་འགོག་བྱེད་ཀྱི་དཔེ་མང་པོ་ལ་ལྟ་རྟོག་མཛད། འདི་སྐབས་ཁོང་བྱོན་ནས། དོགས་གཅོད་ཀྱི་འབེལ་གཏམ་ལ་ཉིན་རྩེར་ཞིག་སོང༌། ཕྱིས་ཁོང་རང་ཡང་གྲུབ་མཐའི་བབས་ལ་དད་པ་རྙེད་ཙམ་བྱུང་བའི་ཁུངས་མཛད་ཀྱིན་གདའ། སང་ཉིན་གཙུབ་མོའི་བྲག་ཕུག་མཇལ་དུ་འགྲོ་བའི་ནུབ་ཏེ། ཆོ་འཕྲུལ་ཡང་ཤིན་ཏུ་ཆེ་བར་བྱུང་ཞིང་ནང་བར་མཇལ་དུས། ཕུག་ན་ལེགས་ལྡན་ནག་པོ་རིབ་རིབ་ཡོད་པ་སྙམ་བྱེད། རྟེན་རྡོ་གྲུ་གསུམ་སྐུ་འོལ་བྱི་ཡོད་ཙམ་ཡོད་པ་ཅིག་ཀྱང་རྙེད་བྱུང་ངོ༌། །སྔ་སོར་ནས་ཆོས་བརྒྱུད་ཐ་དད་པའི་ཀོ་ལོང་ཁོག་ཏུ་བཅུག་ཕྲག་དོག་གིས་ངེད་ལ་ངན་སྨྲས་ལྷུར་བྱེད་པ་མི་ཆེ་ཆུང་དབུས་ཀྱི་ལྷོ་ཁ་སྟོད་སྨད་འདི་ཀུན་ནས་མང་པོ་བྱུང་བ་ཡོས་འབྲུག་གཉིས་ལ་
ཕལ་ཆེར་དེངས་ཚར་གདའ། སྔ་སོར་བྱི་གླང་སྟག་གསུམ་དང་འདི་སྐབས་སྦྲུལ་ལོ་འདི་ཀུན་ལ་དབུས་ཀྱི་ཡུལ་སོ་སོ་དང་སྡེ་རིགས་སོ་སོར་རྟེན་འབྲེལ་ལེགས་ཕྱོགས་སྒྲིག་རྒྱུ་མང་པོ་འདུག་སྟེ་གེགས་ཕྱི་ནང་གསང་གསུམ་ཀ་ཡོང་བ་གཅིག་གིས་ཕལ་ཆེར་ལག་ཏུ་མི་ལོངས། ཅུང་ཟད་བསྒྲིགས་པ་ཚོའང་འགལ་རྐྱེན་གྱིས་མཆུགས་འགྲོ་བ་ཅིག་རང་ཡོང་གིན་འདུག ལར་སེམས་ཅན་སྤྱི་མཐུན་གྱི་ལས་དང་སྒོས་སུའང་མྱོང་བར་ངེས་པ་ལ་འཕགས་མཆོག་རྣམས་ཀྱིས་ཀྱང་མཛད་ཐབས་བྲལ་ཙ་ན། རང་རེ་ཕལ་པས་ཅི་བྱར་ཡང་མེད་མོད། འཕྲལ་མ་ངེས་པ་བསྒྱུར་དུ་རུང་བ་འདི་ཚོ་ལ་མང་པོ་ཞིག་ལ་སོ་སོར་རྟེན་འབྲེལ་འགྲིག་ན་ཕན་ཐོགས་ངེས་པ་ཇི་སྙེད་ཡོད་དེ་འདོད་པ་གེགས་སུ་སོང༌། ལར་རྟེན་འབྲེལ་ལེགས་བྱ་བ་བྱ་བྱེད་རྩོམ་པ་གཅིག་པོ་དེ་ལེགས་པར་ཡོང༌། རྟེན་འབྲེལ་ཡང་འདུས་བྱས་ཡིན་པས་རྟག་པ་གནས་ཡིན། ལེགས་པའི་རྒྱུན་དེ་མ་མཆུགས་པའི་རིང་ལ་དགའ་བར་ཡོང༌། ཕྱིས་འགལ་རྐྱེན་གྱིས་རྟེན་འབྲེལ་ལོག་མཆུགས་བྱུང་ན་ཐོག་མ་ལན་ཅིག་འགྲིག་པ་ཅིག་པོས་མི་ཆོག་པ་འདི་ཀུན་གྱིས་གོ་དགོས་པའི་གལ་པོ་ཆེ་རང་ཡིན་ནོ། །དེ་ནས་རིམ་པས་འབྲང་ཕུ་དགོན་པར་སླེབ། ནང་མི་རྣམས་ཟི་ངེ་བ་ཞིག་འདུག་ནས་ཁང་པའི་ནང་དུ་བློ་མ་ཆགས། ཉིན་མོ་ཕལ་ཆེར་ཕྱི་ལ་བསྡད། རི་ཕུག་གང་ཕུག་རི་རྩེ་སོགས་གང་དབེན་དབེན་དུ་མཉམ་གཞག་འདྲ་དང་ཁང་རྒྱབ་ཀྱི་ཞིང་སྟེང་དེར་ཆོས་ར་ཚོ་གཉིས་གསུམ་རེ་འཆག་མེད་བྱས། སྐྱ་སེར་སྣ་ཚོགས་འདུས་པ་ལ་
སྐྱེས་བུ་གསུམ་གྱི་ལམ་རིམ་དང་སེམས་བསྐྱེད་རབ་འབྱམས་པ་ཀོང་ཕྲུག་དང་སྦྱིན་པ་སོགས་དོན་གཉེར་ཁ་ཤས་ལ། དགྱེས་པ་རྡོ་རྗེའི་བསྐྱེད་རིམ་གྱི་བཤད་པ་འཛིན་ཆོས་སུ་བཏང༌། རྡོ་རྗེ་གུར་གྱི་རྒྱུད་ལ་དཔེ་བཀྲམ་ནས་རྒྱས་པར་བཤད། འདི་སྐབས་ཟླ་གཅིག་ཞག་པོ་ཉི་ཤུ་ཙམ་བསྡད། དེ་རྗེས་སྣ་དཀར་རྩེར་ཟླ་ཕྱེད་ཙམ་བསྡད་པའི་སྐབས། ཞལ་ངོ་རྣམས་སུ་ཕག་མོ་ཞལ་གཉིས་མའི་བྱིན་རླབས། གཤིན་རྗེ་གཤེད་ནག་པོ་ཞང་ལུགས་དང་གདོང་དྲུག་ར་ལུགས་ཀྱི་དབང༌། ཟླུམ་པོ་བཞི་སོགས་དབང་རྗེས་གནང་རྣམ་གྲངས་མང་ཙམ་ཕུལ། རང་དང་ལྷན་ཅིག་རྒྱུ་བའི་སློབ་མ་འགའ་ཤས་ལ། དཔུང་བཟངས་ཀྱི་བཤད་པ་དང༌། ཀྱཻ་རྡོར་གྱི་འཛིན་ཆོས་ཀྱི་འཕྲོ་རྣམས་བཏང༌། ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་ལྕམ་ཕུན་ཚོགས་དྲུང་གི་སྐྲ་བཅད་དང༌། ཆོས་ཀྱི་དགའ་སྟོན་སོགས་རྒྱས་པ་མཛད། སྔ་སོར་རྒྱལ་རྩེ་ནས་འབོད་མི་རིམ་ཅན་དུ་བྱུང་བའི་འདི་སྐབས་ཀྱང་དེ་ཕྱོགས་སུ་འགྲོ་བ་གཞིར་བཞག་ལྟ་བུར་ཡོད་ན་ཡང༌། དུས་ཐོག་ཏུ་འབོད་མཁན་ཡང་མ་སླེབ་རྨི་ལྟས་ཀྱང་འགྱུར་རིན་སྤུངས་ནས་འབོད་མཁན་བྱུང་བ་ལྟར་རོང་ཕྱོགས་སུ་འགྲོ་བར་ཆས། སང་ཉིན་འགྲོ་རྒྱུའི་དེ་རིང་རང་དེ་རྒྱལ་རྩེ་ནས་འབོད་མཁན་སླེབ་ཀྱང་དེ་སྐོར་ལ་འགྲོ་མ་ཐུབ་རོང་ཆེན་བརྒྱུད་ནས་ཕྱིན། གྲགས་པར་ཞག་མལ་ཞིག་བསྡད། ཆོས་རྗེ་འོད་མཆོག་པ་དེ་ན་བཞུགས་ཀྱི་འདུག་པའང་ངེད་ལ་འཕྲད་པར་ཕེབས་བྱུང༌། དེ་ནས་བྱམས་ཆེན་དུ་སྡེ་པ་འཇམ་གྲགས་དྲུང་བསུ་པ་ལ་ཕེབས་འདུག་ཅིང༌། བྱམས་སྐུ་ཆེན་མོ་ལ་ཕྱག་མཆོད་
སྨོན་ལམ་ཅི་རིགས་པ་བཏབ། སློབ་དཔོན་འགའ་ལ་ཆོས་འབྲེལ་ཙམ་བྱས་ཏེ། རིན་སྤུངས་སུ་ཞག་བརྒྱད་བསྡད། ཚེ་དབང་རྗེས་གནང་འགའ་ཤས་ཀྱིས་ཐོག་དྲངས། ནཻ་གུའི་མགྱོགས་འཁྲིད་དང༌། སྡེ་པ་འཇམ་གྲགས་དྲུང་སྐུ་སྒེར་དུ་གཤེད་དམར་གྱི་དབང་བསྐུར་ཞིག་དགོས་ཕེབས་པ་ལྟར་ཕུལ། ངུར་སྨྲིག་གི་སྒྲོལ་མ་དང༌། ཙན་དན་སྒྲོལ་མ་རང་བྱོན་དང༌། གནས་བརྟན་བཅུ་དྲུག་གི་བྲིས་ཐང་ཡེར་པ་ར་བ་ལ་སོགས་རྟེན་བྱིན་རླབས་ཅན་རྣམས་མཇལ། ཕྱག་མཆོད་སྨོན་ལམ་རྒྱས་པར་བྱས། དེ་ནས་རིམ་པས་འོངས་ཏེ་བསམ་འགྲུབ་རྩེར་སླེབ། ཆོས་བཀའ་ཅི་རིགས་པ་དང་རྐྱེན་སེལ་གཙོ་བོར་ཕུལ། ཤར་སྟེང་ནས་ཇོ་ནང་དུ་ཚོགས་ལ་མང་ཇ་ཐོན་པའི་ཁྲོ་སྤུས་གཙང་བ་གཅིག་གནང་བྱུང༌། ལྕམ་ཨ་མཛེས་དྲུང་བྱང་ཕྱོགས་སུ་གཉེན་འཕྲང་ལ་ཐེགས་ནས། རྒྱལ་བུ་འཁྲུངས་སྒོ་ཡང་སེང་གེ་ལུང་དུ་བྱུང་ཞིང་ཨ་མཛེས་དྲུང་རང་ས་དེར་སྐུ་མ་འཚོ་བ་ཞིག་བྱུང་འདུག རྒྱལ་བུ་སྐུ་ན་ཕྲ་གྲག་པས་ལམ་དུ་ཉེར་འཚེ་བྱུང་དོགས་ཞལ་ངོ་རྣམས་ཐུགས་མི་བདེ་བ་ལ། འདྲེ་གདོན་རྣམས་ལ་ངེད་ཀྱིས་བར་ཆད་མ་བྱེད་ཞིག་པའི་ཡི་གེ་ཞིག་ཀྱང་བྱས། ཉེས་ཞོ་མེད་པར་བསམ་རྩེར་མྱུར་དུ་ཕེབས་ཐུབ། ཞལ་ངོ་རྣམས་ལ་རྒྱུ་སྡེ་ལྔའི་དབང་དང༌། ནཻ་གུ་ཆོས་དྲུག་སོ་སོའི་བྱིན་རླབས་དང་བཅས་ པ་ཅིག་ཀྱང་བྱས་དགོངས ་བཞེད་ལྟར་ཕུལ། སྣར་ཐང་དང་བྱང་ཆེན་དུ་ཡང་ཁོར་ཙམ་ཕྱིན། སླར་ཡང་བསམ་རྩེར་རྒྱལ་བུ་སྐུ་ན་ཕྲ་བ་
ལ་བར་ཆད་མི་འབྱུང་ཞིང་རྟེན་འབྲེལ་དགེ་མཚན་དུ། ཚེ་དབང་དང་གཏོར་དབང་འགའ་རེ་ཕུལ་ནས། ཁྲི་ཁང་གི་ཀླུ་སྡིངས་སུ་རིན་པོ་ཆེ་ཀ་བཞི་ནས་ཕེབས་འདུག་ པ་དང་ཡང་མཇལ་ཞིང༌། དགོངས ་བཞེད་ལྟར་ཁྲི་ཁང་པའི་ཞལ་ངོ་རྣམས་ཕྱག་ཕྱིར་དཀྲིས་པ་དང་བཅས་པ་ལ། འཇིགས་བྱེད་ཞེ་དགུ་མ་དང༌། བདེ་མཆོག་བོང་ཞལ་ཅན་གྱི་དབང་ཞིག་བྱས། འདི་སྐབས་དད་གུས་ཆེན་པོ་དཔེ་མེད་མཛད་ཐུགས་ནང་གཙང་བའི་གསུང་ཕེབས་པ་སོགས་མཛད་ཀྱིན་འདུག པ་་སྣམ་ལྷུན་གྲུབ་རྩེར་སྡེ་པ་ཀར་བསྟན་དྲུང་ཡང་ཕེབས་ཤིང༌། གསུང་ཕེབས་ལྟར་ཞག་གསུམ་བསྡད། ཉིན་གཅིག་དབྱར་དུས་ཀྱི་ཆུ་ཤིན་ཏུ་ཆེས་པས་ཟམ་པ་དང་ཞིང་ལ་གནོད་ཆེ་བར་དོགས་པ་ཆུང་ལ་རང་རེས་སྔགས་བཟླས་པའི་ནས་གཏོར་བས་དེ་འཕྲལ་རང་ཅུང་ཟད་བྲི་དེ་ནས་ཇེ་ཆུང་ངུ་སོང་སང་ཉིན་ནས་གཟུང་ཆུའི་གནོད་པ་མ་བྱུང༌། རྫོང་གི་ཁང་པ་ཤིན་ཏུ་གྲུམ་པའི་ཞིག་ཉེན་ཆེ་བར་འདུག་པ་ལ་ཁྲུས་ཆུ་གཏོར་བས་འཕྲལ་འཕྲལ་ས་བྲུགས་ཡོད་པ་ཡང་རྒྱུན་ཆད། ཕྱིས་ཀྱང་ལོ་མང་དུ་བཅོས་མ་བྱས་ཀྱང་རྡིབ་ཆོམས་སོགས་ཉེས་སྐྱོན་མ་བྱུང༌། བསམ་སྡིངས་སུ་ཞག་བཅུ་བདུན་ཙམ་བསྡད་ཅིང༌། ཤངས་ཆོས་ཐན་ཐུན་དང༌། སྙིང་པོ་དོན་གསུམ་སོགས་ཆོས་ཐན་ཐུན་འདྲ་བཤད། མདོལ་བྱུང་དུ་ཡང་དབང་ཆོས་སྣ་ཚོགས་པ་འཕེལ་བར་བྱུང་ཞིང༌། བསམ་རྩེ་ནས་འདི་བར་ཡན་ལ། ཡོལ་པ་མཁན་ཆེན་དང་བཀའ་བཅུ་རབ་འབྱམས་སོགས་མང་དག་ལ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་གཞུང་བཤད་པས་བྱང་ཆུབ་ཀྱི་ལེའུ་རྫོགས་ཀྱི་
བར་ལ་ཞིབ་བཤད་མཐའ་ཆོད་པར་བྱས། ཉན་པ་པོ་རྣམས་བློ་གྲོས་འཛིངས་སེ་འདུག་པས་དེ་མན་ཆད་ལ་བཤད་ཚོམ་དང་ལུང་ཙམ་བྱས་ནས་རེ་ཞིག་བཞགབསམ་འགྲུབ་རྩེ་དང༌། པ་སྣམ་དང་མདོལ་བྱུང་རྣམས་སུ་རྒྱལ་རྩེ་ནས་འབོད་མི་ནན་ཅན་བྱུང་ཡང་འགྲོ་མ་འདོད་པས་ཁས་མ་བླངས། དེ་རྗེས་རྒྱལ་མཁར་དབང་ལྡན་དུ་ཕྱིན། གཏིང་སྐྱེས་ལ་འབོད་མི་ནན་ཅན་ཡོད་པའི་དོན་གྱི་རིམ་གྱིས་འདོས་འདྲར་སླེབ་ཅིང༌། སྡེ་པ་ཞལ་ངོ་རྣམས་དག་མཇལ་ཙམ་བྱས། གམ་པ་ནས་ནན་ཆགས་མཛད་པ་ལྟར། ཐོག་མར་གམ་པར་འགྲོ་དགོས་བྱུང་ཞིང་ཟླ་ཕྱེད་སྐོར་ལ་རྐྱེན་སེལ་འདྲ་ཕུལ། ཀྱཻ་རྡོར་གྱི་དབང་ཞིག་ཀྱང་བྱས། སླར་གཏིང་སྐྱེས་སུ་འབྱོར་ཏེ་ཟླ་བ་གསུམ་ཙམ་སྡོད་དགོས་བྱུང་བ། ཞལ་ངོ་རྣམས་དང་ཆོས་རྗེ་སྟག་སྣ་བ། དགོན་གསུམ་གྱི་གྲྭ་རིགས་དྲག་བསྡུས་དང་བཅས་པ་རྣམས་ལ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་དབང་བྱིན་རླབས་འཁྲིད་དམིགས་གོ་དོན་བཤད་པ་ཡིག་ལུང་དང་བཅས་པ་མཐའ་རྒྱས་དང༌། དུས་འཁོར་གྱི་དབང་ཞིག་ཀྱང་སྒྲུབས། འདི་སྐབས་རྒྱལ་རྩེར་ནང་ཞིག་བྱུང་གདའ། བྲག་དཀར་གྱི་མགོན་པོའི་སྤྱན་ལམ་དུ་གྲི་ཆེ་ཆུང་འདྲེས་པ་ཤིན་ཏུ་མང་བར་ཕུལ་ནས་མངའ་གསོལ་བྱས་སྐབས། བྲག་ཕུག་ལ་རླུང་གསེང་སོགས་གང་ཡང་མེད་ཅིང་ཕྱི་ནའང་ཡུལ་ཤིན་ཏུ་འཇམ་པ་རང་ཡིན་པ་ལ། ལྕམ་བྲལ་གྱི་ལྡེར་བཟོའི་བར་ནས་རླུང་འཚུབ་ཤུགས་ཆེན་པོ་ཞིག་བྱུང༌། སྙན་དར་དང་དཀར་མེ་རྣམས་གཡོས་ཀུན་དགའ་ཆོས་དབྱིངས་པས་ཞུན་མར་ཁུར་ཡོད་པ་
མནལ་བ་དང༌། ཕྱི་རུ་ཁྱི་སོབ་ཀྱི་སྣ་ནས་ཁྲག་ཟགས། དགྱེས་པ་དང་འཚུབ་འགྱུར་སྤེལ་མའི་ཉམས་སུ་གདའ། དེ་ཡང་ང་ལ་དགྱེས་གཞན་ལ་མ་དགྱེས་པ་ཡིན། ཡང་ཞག་ཤས་ནས་དཀར་ལར་ཕྱིན་མགོན་ཁང་དུ་ཞག་གཅིག་གསོལ་བ་བཏབ། ཆོ་འཕྲུལ་ཆེན་པོ་དཔེ་མེད་རང་དང་བྱང་ཕྱོགས་ཀྱི་བླ་རུལ་འགའ་ཞིག་འགྱེལ་འགྲོ་བའི་ལྟས་གསལ་བར་ཤར། དེ་ནས་ཞག་འགའ་སོང་ནས་བྲག་དཀར་དུ་རྒྱ་ནག་གི་སྐ་རགས་སྤུགས་ཐགས་མ་ཞིག་ལ། བཀའ་བསྒོ་དང་འདོད་གསོལ་བྲིས། དམ་རྫས་ཡོ་བྱད་འགའ་རེ་དང་བཅས་ནས་ཀུན་དགའ་དཔལ་བཟང་འབུལ་དུ་བཏང་བས་ཉམས་ཆགས་བསྐང་བའི་རྟགས་གསལ་པོར་བྱུང༌། དེ་ནས་རྩ་བའི་བླ་མ་དམ་པ་མཇལ་བར་བསམ་སྟེ། བྲག་སྟོད་ཕྱོགས་སུ་ཆས། ཕ་དྲུག་གི་ཚ་ནས་སྔ་དྲོ་ལངས་ནས་ཡོངས་པའི་ཉིན་བདེ་བ་ཅན་གྱི་གདོད་ཐད་དེར། བསམ་གླིང་མཁན་ཆེན་སྔགས་གྲྭ་པ་བསུ་བར་སླེབ་བྱུང༌། ཁོང་ལ་རྒྱལ་འགོང་རྗེས་སུ་འབྲང་པའི་ཆོ་འཕྲུལ་དུ་མ་འདུག་ནས་དེ་ལ་གཟིར་གྱིན་ཕྱིན། ཁོང་ཡང་མདོག་རོ་སོར་ཞུམ་ཞུམ་པ་བྱས་སོང༌། དེ་ནས་བླ་མ་མཆོག་གི་སྐུ་དྲུང་དུ་སླེབ། ད་རེས་འཕྲད་པ་འདི་དགའ་ཞེས་ཤིན་ཏུ་དགྱེས་པ་རང་གནང་གིན་འདུག ཟླ་གཅིག་ལྷག་ཙམ་སྐུ་དྲུང་དུ་བསྟེན་རྒྱུ་བྱུང༌། གཙོ་བོར་སྔར་གྱི་ཉམས་མྱོང་རྣམས་ལ་བོགས་འདོན་པ་དང༌། གེགས་བསལ་བ་ལམ་དུ་གཏོང་ཚུལ་ཁོ་ནའི་བཀའ་སྩལ་པ་རྣམས་བཀའ་དྲིན་དུ་ཐོབ་ཅིང༌། གདམས་པའི་གནད་ཀྱི་ཆོས་ཅི་རིགས་པ་ཡང་སྩལ། རང་རེས་མ་ཐོབ་པའི་ཆོས་ཞུ་རྒྱུ་འགའ་རེ་ཡོད་ཀྱང༌། ཐོབ་རྒྱུ་དང་ཐོས་རྒྱས་ཆོག་པ་ཡོད་སྙམ་པ་ཁོ་ན་སྙིང་ལ་
བཞག་སྟེ་ཞུ་བ་མ་བྱུང༌། དེ་སྐབས་བཀའ་ལས། འུ་ཅག་ཡང་ནམ་འཆི་ཆ་མི་གདའ་གྲྭ་རིགས་ལག་གཡོག་གྲུལ་བཏུབ་ཙམ་ཡོད་པ་ཚོ་ཡང་ཕལ་ཆེར་ཤི་ད་ལྟ་ནི་འདི་ཚོ་ན་སྣ་ཚོགས་ལས་མི་འདུག་པས་འུ་ཅག་ཤི་བ་བྱུང་ནའང་ཤུལ་འདི་ལ་ཁྱོད་ཀྱིས་བལྟ་དགོས་ཞེས་ཡང་ཡང་གསུང༌། ལན་ཅིག་འདི་ན་མནོ་བསམ་ཐ་དད་པ་འགའ་རེ་ཡོད་པས་དགོན་གནས་འདི་མི་འགྱུར་བའི་རྟེན་འབྲེལ་དུ་ཆོས་སྐྱོང་གི་རྟག་གཏོར་ཞིག་ཚུགས་ཕེབས་པ་ལྟར་བསྒྲུབས་ཡར་རྒྱབ་ནས་ཞིང་སྐྱོང་ཟེར་བའི་དཔོན་རིགས་ཤིག་འདས་པའི་བསྔོ་ཞུས་འཕྲན་བུ་སྐྱེལ་བ་ལ། སྡེ་པའི་དྲུང་རང་གི་ཕྱག་དམ་ཞིག་ཀྱང་གནང་བྱུང༌། ཡར་རྒྱབ་སྡེ་པས་བར་སྐབས་དེར་འབྲེལ་བཅད། དེ་ནས་འབྲེལ་འཐུད་པའི་ཐོག་མ་དེ་མི་ཤིའི་སྡེ་སྦྱོར་དེ་མཛད། རྟེན་འབྲེལ་དེ་འདྲས་ཡོང༌། ལན་ཅིག་མགོན་པོའི་གཏོར་ཆེན་བྲག་སྟེང་དུ་བསྐྱལ་བས། ལྕམ་དྲལ་ལམ་མེ་བ་ཞིག་གི་གསལ་སྣང་མཐོང༌། བསྐང་གསོའི་ཐུན་གཏོར་སྐྱེལ་ཁན་ལ་ཡང་མཐོང་སྣང་མང་པོ་བྱུང་གདའ། ཆོས་རྗེ་སྔགས་གྲྭ་པས་གཞི་བྱས་རྣམས་ལ་ཚོགས་འཁོར་ཞིག་བཏང༌། ཚོགས་རྫས་ཁམ་རེ་བསྟེན་པ་ལ་བླ་མ་དམ་པ་དང་ངེད་དང་ཀུན་དགའ་དཔལ་བཟང་དང་གཞན་ཡང་འགའ་རེ་ལ་ཡང་བྱུང༌། ལྷག་པར་ངེད་རང་གྲིབ་ཤིན་ཏུ་ན་བས་འཁྲིད་བརྒྱ་སོགས་འཆད་འཕྲོ་ཚོ་ཡང་འཇོག་དགོས་ལ་ཁད་བྱུང༌། བླ་མ་དམ་པའི་ཞལ་ནས། ཁ་སང་ཁོ་བའི་ཚོགས་འཁོར་དེ་མ་དག་པའི་གྲིབ་ཏུ་འདུག ཚོགས་ཀྱི་གྲིབ་ཚོགས་ཀྱིས་སེལ་བྱ་བ་ཡིན་གསུང་ནས་ཕྱག་ནས་ཚོགས་འཁོར་ཞིག་གནང་བས། ཚོགས་ཀྱི་ཕྱེད་ཙམ་ཟས་ཟིན་ཅིང་མ་དན་ཞལ་གང་བསྟེན་པའི་མོད་ལ་
སངས་ཏེ་གྲག་སོང༌། འདི་སྐབས་འཇགས་པ་སྤྲུལ་པའི་སྐུ་གློ་བུར་དུ་སྐུ་གཤེགས་པའི་བསྔོ་རྟེན་དང་གནས་ཚུལ་སྐྱེས་མཁན་འབྱོར། ཁོང་གཤེགས་རྐྱེན་འཇགས་རང་གི་ཆོས་སྐྱོང་མ་དགྱེས་པས་བསྲུང་སྐྱོབ་བྲལ་བའི་རྣམ་པར་བྱུང་བ་འདྲ། འཕྲལ་རྐྱེན་རྣམ་གླིང་ཆོས་སྡེ་པར་གཏོགས་པའི་བླ་མ་གཅིག་གིས་འཇགས་པའི་དགོན་གཞིས་འཕྲན་བུ་དེ་པ་མིག་འོག་ཏུ་བཅུག་པ་ལ་ལོ་རེ་ལོ་གཉིས་ཙམ་ཡང་རང་གིས་མ་ཐུབ་པར་དུག་སྦྱོར་བྱས་འདུག་པས་ཡིད་སྐྱོ་ཤས་ཆེ་བ་ཅིག་ཀྱང་བྱུང༌། སྤ་ལུང་དུ་ཆོས་རྗེ་ངག་དབང་པའི་སྐུ་སྐྱེ་ཡང་སྤྱན་དྲངས། ངེད་ལ་འབོད་མི་བྱུང་བ་ལྟར་ཁོར་ཙམ་ཞིག་ཕྱིན། སྒོམ་ཆེན་སེམས་རྒྱུད་མ་ཐུལ་བ་རྣམས་ཟིངས་ཤིག་ཁོ་ནས་དུས་འདའ་བ་དེ་གཤིས་སུ་འདུག་པས་ཟིར་ཟིར་བ་ཞིག་ལས་ནི་མི་གདའ། སླང་ཡང་བྲག་སྟོད་དུ་འོངས་ཏེ་ཚེ་དབང་ཞིག་རྟེན་འབྲེལ་དུ་ཞུས། ཕྱིར་འོངས་དུས་བརྟན་བཞུགས་ཤིག་ཕུལ་ཞབས་པད་བརྟན་པའི་གསོལ་བ་བཏབ་དུས་ཅང་མི་གསུང༌། སྤྱིར་རྗེ་བཙུན་འདི་ངེད་ཀྱི་ལོ་བཞི་ལོན་པའི་དུས་སུ་མཇལ་བ་ནས་ལོ་ཉེར་ལྔ་ལོན་པའི་གཏིང་སྐྱེས་སུ་མཇལ་བའི་བར་དེ་ལ། སྔ་ཕྱིར་སྐུ་ལ་བགྲེས་སུ་འགྲོ་བའི་རྣམ་པ་འགྱུར་བ་ཡེ་མེད། དེ་དུས་ཕག་ལོ་ཡིན། དེ་རྗེས་ཀྱི་ཡོས་ལོ་དེ་ལ་གཏིང་སྐྱེས་སུ་མཇལ་དུས། ཅུང་ཟད་བགྲེས་པའི་རྣམ་འགྱུར་གྱི་ཚུལ་བསྟན་འདུག དེ་ནས་རྟ་ལོའི་སྐབས་ཀྱི་བར་འདི་ལ་བགྲེས་ཚབས་ཆེ་བའི་ཚུལ་བསྟན་འདུག་སྟེ་སྐུ་དབྱིངས་སུ་བསྡུ་བའི་ དགོངས་པ ་བརྟད་པ་དེར་གདའ། འདི་སྐབས་སྐུ་གཞོགས་ནས་ཚུར་འོངས་དུས་ཆོས་རྗེ་སྔགས་གྲྭ་བ་བློ་བཟོའི་རིག་རིག་གྲས་ཀྱི་བྱེད་པ་ཕུགས་ཀྱི་རྟེན་འབྲེལ་དུ་འགྲོལ་རེ་ནས། ངེད་ལ་སྐྱེལ་མ་ཡང་བླ་བྲང་གི་སྒོའི་ཐེམ་པའི་
མཚམས་སུ་བྱེད་པ་སོགས་སྙིང་རྗེ་ཞིང་གད་མོའི་རྒྱུ་མང་པོ་བྱེད། སྔ་སོར་རྒྱང་ནས་ཐོས་ཚོད་ལ་ཁོང་པ་བྲག་སྟོད་དུ་ཡང་ཡང་ཡོང་ཞིང་བླ་མ་དམ་པ་ལ་མོས་གུས་དང་ཞབས་ཏོག་ཆེ་ཕྱག་གཡོག་འགྲུབ་པོ་ཡོད་ཟེར་བའི་གྲགས་པ་ཅིག་ཀྱང་འདུག་པས་བློ་སེམས་དཀར་བར་ཡོད་ཀྱང༌། འདི་སྐབས་ཁོང་གི་མཚན་ཉིད་རྟོགས་འཕྲལ་བླ་མའི་ཕྱག་ནས་གནང་སྦྱིན་ཞུ་བ་དང་ཁོ་པ་མི་རྟ་མང་པོ་ལ་ལྟོ་ཆས་དགོས་པའི་ཕྱིར་དུ་ཆོས་ཞུ་བ་ལ་ཁག་དཀྲིས་ནས་སྐུ་གཞོགས་ཡང་ཡང་ཡོངས་པར་འདུག་ཅིང༌། གནང་སྦྱིན་ལྐོག་ཏུ་ཞུས་ནས་མཚན་མོ་རྩིབས་རི་ལ་སྐྱེལ། འབུལ་བ་གང་ཡོད་ཁྲོམ་བསགས་ནས་བྱེད། གང་སྡོད་ཀྱི་རིང་ལ་ཡང་སྐྱུག་བྲོ་ལ་སྔོན་སླུ་བའི་སྤྱོད་ངན་ཁོ་ན་བྱེད། ཕུགས་ཀྱི་འདོད་པ་གྲྭ་རིགས་རྣམས་རིམ་པས་སླད་ནས་ཁོ་རང་ལ་འདུ་བར་བྱས། བླ་མ་ལ་འཆི་དགུགས་དང་ཤུལ་ལ་རྔམས་པ་ཁོ་ནར་འདུག སྔ་སོར་ཕྱག་གཡོག་ཅུང་གོ་ཆོད་པའི་ཁུངས་འགའ་ཤས་ཡོད་པ་རྣམས་ཀྱང་ལོ་གཅིག་གི་ཁོངས་སུ་ན་ལུགས་ཅིག་པར་བྱུང་ནས་ཐམས་ཅད་འདས་གདའ་བ་ཡང་དོགས་པའི་གཞིར་གདའ། སྤྱིར་ཁོང་པར་མ་ཟད་འདི་བའི་སྡེ་འདི་ཚོ་ཕལ་ཆེར་བསམ་སྦྱོར་ཤིན་ཏུ་རྩོག་པ་འདིའི་རིགས་ཁོ་ན་ཡོང་གིན་འདུག འོན་ཀྱང༌། གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །ཞེས་པ་ལྟར། སྐྱེ་དམན་རླུང་ཁྱེར་མ་ཚོས་སྣ་དྲངས་པའི་མི་ནག་པ་ཕལ་དང་བཙུན་པ་གླད་མེད་ཚོ་དད་པ་མི་སྐྱེ་དགུ་སྐྱེ་ཅི་བྱེད་ལས་ཟད་ལ་འགྲོ་བ་གཅིག་ནི་གདའ་ལགས། དེ་ནས་དགོན་པ་བདེ་བ་ཅན་དུ་སླེབ་ཅིང༌། ཡ་བྱང་མཚོ་སྒོ་ཉི་ཤར་རྣམས་བརྒྱུད་དེ་ཡོངས། བྲག་སྟོད་ནས་ཡོངས་པ་གནས་
བརྩམས་ཉིན་རེ་བཞིན་རླུང་ཆེན་པོས་རྗེས་བཅད་པ་བཞིན་དུ་བྱུང་སྟེ། རང་གི་སེམས་ཉིད་ཆོས་སྐུར་ངོ་སྤྲོད་པའི་བླ་མ་དེ་དང་ཚེ་འདི་ལ་ཕྱིས་མི་མཇལ་བའི་རྟགས་སུ་གདའ། མཚོ་སྒོར་ཤིན་ཏུ་འཚུབ་ཅིང་རླུང་ནག་སྤྱི་དང་མི་འདྲ་བ་བྱུང་བའང་ཁོང་རང་རྣམས་ལ་འཕྲལ་དུ་བལྟ་བར་འདུག ཕུག་དམར་གྱི་ལ་ལ་མི་རྟ་འཁྱེར་བའི་རླུང་ཙམ་བྱུང༌། ངས་དམ་ཉམས་ཀྱིས་ཁེངས་པའི་ལུང་བ་ཕ་གི་ཚོ་ལ་འགྲོ་དགོས་འདིས་ཡིན་བྱས་པས་ཆོས་རྗེ་དཀོན་བློ་སོགས་འབོད་མི་ཚོ་ལྕེ་ནར་བྱེད་ཀྱིན་འདུག གདོང་དགའ་བདེ་གླིང་སོགས་བརྒྱུད། གྲོམ་པ་ལྷ་རྩེའི་རྫོང་དཔོན་འཕོས་འཕྲལ་གྱི་དྲང་སྲོང་བ་དང་གྲོ་ལུང་པ་འདུག་པས་ཐབ་འཛིན་བཏེགཧོར་ཟླ་བཅུ་གཉིས་པའི་ཉེར་ལྔ་ལ་རི་ཁྲོད་ཆེན་པོ་ཇོ་ནང་དུ་སླེབ། དེ་ཉིད་ནས་ཀ་འཁྲིད་ཀྱང་བཙུགས་སྔ་སོར་ནགས་ཕུག་མི་དཔོན་ལ་བརྟེན་པའི་ཁམ་མཆུའི་སྐབས། ངེད་མྱུར་དུ་འཆི་བའི་ལུང་བསྟན་དང་བསྡིགས་རི་བྱེད་མཁན་རྣམས་ལ་ཕལ་ཆེར་ཁོང་རང་ཚོ་འདུས་བྱས་ཀྱི་གནས་ཚུལ་བསྟན་གྲུབ། བྱང་རང་གི་དབུ་བླའི་ཁུངས་གྱག་གྱོག་དེ་འདྲ་བཞི་ལྔ་ཞིག་བཏུད་བཏུད་ལ་འུད་ཚར་འདུག ཨང་ཡིག་པ་སངས་མ་རྒྱས་ཉེ་གནས་སངས་རྒྱས་པའི་དཔེར་སོང༌། མང་པོ་ཞིག་ནི་ཁ་སྐྱེངས་སེ་བ་གཞན་ལས་འཛུམས་གབ་གཅིག་འདུག ཁ་གཅིག་ནི་ངེད་ལ་དབང་དང་དྲག་པོའི་ལས་མཐའ་བྱེད་དོ། །སྙམ་རང་ངམ་རང་ཕྱོགས་རྣམས་མི་ཤེས་དགུ་ཤེས་མི་དྲན་དགུ་དྲན་ལག་ཏུ་མི་འགེལ་དགུ་འགེལ་བྱེད་པའི་རིགས་འགྲེས་གཞན་ལ་ཡང་དོགས་པ་བྱེད་ཅིང་འཕྲལ་ཁྱེད་བྱིན་རླབས་ཅན་ཡིན་ཞེས་ཚིག་གི་མོས་མོས་ལྟར་བྱེད། ངེད་རང་ཚང་གི་མདོག་སྨོན་འགྲོ་བ་སོགས་ནི་བར་སྐབས་དེར་གྲུབ་
མཐའ་ཆོས་བརྒྱུད་སོགས་ཀྱང་གཞན་ལ་ངོ་ལོག་གི་ཁུངས་དང༌། དངོས་དང་བརྒྱུད་པའི་སྒོ་ནས་སྣ་ཚོགས་སུ་སྨོད་ཅིང་བཟློག་པ་དང་ངན་བྱེད་ཤེས་ཟེར་བ་ཐམས་ཅད་གསོག་པར་ཡང་འདུག་སྟེ་ཐམས་ཅད་སྙིང་རེ་རྗེ་སྙིང་རེ་རྗེ་ཕཊ་ཁོ་བོ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། རྒྱུད་སྡེ་ནས་གསུངས་པའི་ལས་ཚོགས་ཏ་ཐམས་ཅད་ལ་མཁས་ཀྱང༌། ལས་མཐའ་སྒྲུབ་པའི་དོན་དུ་རྫས་སྣ་ཅིག་ཀྱང་གསོག་མ་མྱོང༌། །འཁོར་ལོ་སྦར་མཐིལ་ཙམ་འབྲི་མ་མྱོང༌། ངན་སྔགས་འཕྲེང་སྐོར་ཅིག་བཟླ་མ་མྱོང༌། སྒྲུབ་མཚམས་གཅིག་སྡོམ་མ་མྱོང༌། དམྱལ་རྒྱུ་སྐད་ཅིག་ཀྱང་གསོག་མ་མྱོང༌། ཁོ་བོས་བལྟས་ན་ནི་སེམས་ཅན་རྣམས་སྐལ་བ་དམན་པས་ང་ཡི་འདོད་དོན་མ་འགྲུབ་པ་ཁོ་ནར་སོང་སྙམ་གྱིན་གདའ། གཞན་གྱི་བློར་སྣང་ལ་ཁྱོད་ལ་དབང་དྲག་རྒྱས་པ་སོགས་བྱས་པའི་ཞད་རེ་མང་གདའ་འདོད་དོན་ཡང་འགྲུབ་ཀྱིན་འདུག་པ་རེ་མཚར་སྙམ་ན། རྣམ་པར་མི་རྟོག་པ་སྙིང་རྗེའི་རང་བཞིན་དུ་ཤར་བས། ཡེ་ཤེས་སྨྲ་བ་པོ་རྣམས་ལ། །ཡེ་ཤེས་གཅིག་བུས་ལས་ཀུན་བྱེད། ཅེས་པ་དེ་ཡིན་ཏེ་འོང༌། སྨྲས་པ། དབང་བསྡུད་མཁན་དང་དྲག་སྔགས་མཁན། །བསམ་ངན་པོ་རྣམས་བླ་ཚུགས་འཛིན། །རང་འདོད་དབང་གིས་ལས་ཚོགས་བསྒྲུབས། །དམྱལ་བའི་སྒོ་ཆེ་མ་ལགས་སམ། སྙིང་ལ་ནོར་སྒྲུབ་སྣ་ཚོགས་བཅངས། །ཡོང་ནི་ཡི་དྭགས་ཁྱུ་ཅིག་ཡོང༌། །ཉིན་མཚན་དབང་བསྡུད་བསྒྲུབས་པ་ལ། །དབང་ཐང་གཞན་ལ་ཤོར་བ་མང༌། །མཐུ་ཆེན་འདོད་པའི་དྲག་ལས་མཁན། །དགྲ་རྣམས་ཚེ་རིང་ཕྱུག་ལ་བཙན། །རང་གི་ཕྱོགས་ལ་གོད་ཁ་མང༌། །བཟློག་པ་བྱས་ཀྱིན་འདྲེ་གདོན་གནོད། །དགེ་བཤེས་བླ་མ་ཤེས་ལྡན་རྣམས། །གྲོང་སྔགས་
ནག་པོའི་རིང་ལུགས་སྤོང༌། །དད་པ་བརྟན་པོས་དགེ་ཕྱོགས་སྤེལ། །བསམ་དོན་ཡིད་བཞིན་འགྲུབ་པ་ལགས། །བླ་ཆེན་མང་ཚད་འདི་འདྲ་གདའ། །ཆོས་ཀྱི་ལག་ལེན་ལྟ་ཅི་སྨོས། ཁ་སྐད་ཙམ་ཡང་ཡེ་མེད་པ། །འཇིག་རྟེན་ཁེངས་གྲགས་ཁོ་ནས་འདའ། །བདེན་མེད་ལ་བདེན་པར་འཁྲུལ་པ་སྙིང་རེ་རྗེ། །བདེན་པ་ལ་དོགས་པ་སྐྱེ་བ་སྙིང་རེ་རྗེ། །མགོ་སྐོར་ལ་ཤ་ཚར་ནོར་བ་སྙིང་རེ་རྗེ། །དྲང་པོ་ལ་རྫུན་དུ་འཛིན་པ་སྙིང་རེ་རྗེ། །ཨ་ཙ་མ་ཨ་ཙ་མ་སྙིང་རེ་རྗེ། །འུད་གོང་གི་ལེའུ་མ་ལགས་སམ། །ད་ནི་ཀྱུས་ལ་འཇུག་པར་བྱ་སྟེ། དེ་ལོ་འཁྲིད་གསར་བ་མང་རབ་དང༌། འཁྲིད་ལོ་འབྲིང་ཙམ་བྱུང༌། ཆོས་རྗེ་ཀུན་བློ་བ་དང༌། གྲྭ་ཚངས་ཆེན་མོའི་སློབ་དཔོན་རིན་པོ་ཆེ་བླ་མ་བ་དང༌། ཡོལ་པ་མཁན་ཆེན་སོགས་མང་རབ་ལ། སྦྱོར་དྲུག་བརྒྱུད་པ་མི་འདྲ་བ་གཞན་ཡང་འགའ་རེ་བཤད། སྡེ་བ་ལྗང་པ་ཆོས་རྗེ་ལ་སྲོག་གེགས་བྱུང་བ་ལ་གེགས་སེལ་ཅིག་བསྟན། སྒོམ་པའི་ལུགས་བྱས་ཀྱང་བཅས་བཅོས་གཞན་བྱེད་མཁན་མང་བའི་སྐྱོན་གྱིས་འདས། ཧོར་ཟླ་གཉིས་པའི་ཚེས་ཉི་ཤུ་ནས་ཀུན་དགའ་ཆོས་དབྱིངས་པའང་ལྷག་པར་ན་བ་ལ། རིམ་གྲོ་སྨན་དཔྱད་སོགས་གང་ཡོད་བྱས་ནའང་ནད་འོར་དུ་ལྷུང་བའི་སླར་ཕྱིར་ལོད་ལ་ཧོར་ཟླ་གསུམ་པའི་ཉེར་གཉིས་ལ་ཁམས་མ་འཚོ། རྗེས་སྒྲུབ་གང་གྲག་རང་བཏང་བཟང་ཐག་ཆོད་པ་བྱུང་ཡང་བྱུང་བ་དེ་གང་ཡིན། ནད་གཞི་ནི་སྤྱི་བབས་ཆང་སྐྱོན་གྱི་སྔ་སོར་ནས་ལུས་ཟོམ་ཞིང་ཡང་ཡང་ན་འོང་བ་ཅིག་གདའ། དེ་སྐབས་ཀྱང་སྨུག་པོ་བྱེར་བ་འདྲ་བ་ཅིག་འདུག འཚོ་བྱེད་སྤེ་བཟང་པ་རྡོར་གྱིས་བརྟག་དཔྱད་བྱས་པ་ཟས་ངན་དུ་ངོས་
འཛིན་བྱེད་ཀྱིན་གདའ། དོགས་གཞི་ཡང་ཅུང་ཟད་བྱུང༌། གཙོ་བོར་ནི་ཕན་པའི་ངག་ལ་མི་ཉན་པར་འབྲེལ་མེད་བྱུང་རྒྱལ་དུ་བསྐྱངས་པས་ལན་སོང༌། རིན་པོ་ཆེ་ཀ་བཞི་ནས། འདི་སྐབས་ཀྱི་སྔ་ཕྱི་རྣམས་ལ། དགོན་གྲྭ་རིགས་དང་བཅས་པ་ཐམས་ཅད་ད་དགོས་ཁྱོད་ལ་བློ་གཏོང་དགོས་འདུག ངེད་ཚོའི་ཆ་ནས་ཆོས་ནས་བཤད་པའི་བླ་མ་བསྟེན་ཚུལ་རྣམ་དག་ཞིག་དགོས་རྒྱུར་འདུག་ནའང་ཁྱེད་ལ་སྔར་དེ་བཞིན་ལ་མ་གྲུབ་པ་ལ་འཐོལ་བཤགས་འབུལ། སྐྱེ་བ་ཕྱི་མ་བླ་མའི་ དགོངས་པ ་སྒྲུབ་པར་སྨོན་ལམ་འདེབས། གྲྭ་པ་ཀུན་ལའང་དེ་མཐུན་གླེང་བ་ཡོད་ཅེས་སྔ་མ་སྐུ་སྙེལ་བ་ཙམ་ནས་མ་གཤེགས་པར་ལ་བཏུད་མར་བྱུང༌། ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་སྐུ་མ་འཚོ་བར་གདའ། དེ་མཐུན་གྱི་ཆོས་ལུང་བྱང་རྩེའི་ཕག་མོ་དུར་ཁྲོད་དུ་སྤུར་བཞུ་དང༌། ངེད་ལ་ཡང་བསྔོ་རྟེན་གནས་ཚུལ་སྐྱེལ་བ་ལ་གྲྭ་རིགས་རྣམས་བྱོན་ཞིང༌། འོན་ཀྱང་གྲྭ་རིགས་ཀྱི་མགོ་མི་དང་དགོན་པའི་ཁུར་ལེན་ངེད་ཀྱིས་བྱེད་མ་དགོས་ཡང༌། འདི་སྐབས་སུ་འཇགས་ཀྱི་ཕྱོགས་སུ་ཚོ་གཉིས་སུ་སོང་བའི་ཕྱོགས་གཅིག་སྔར་ལུགས་བཞིན་གྱི་རྒྱུད་ལ་གནས་ན་སེམས་པ་དང༌། བླ་བྲང་རྙིང་པ་པའི་མི་ངོ་ཤུལ་མ་རྣམས་སྐུ་སྐྱེའི་དབོན་པོ་ལ་བརྟེན་གཞན་ཕྱོགས་ལ་ལྷག་པར་མོས་པའི་ཟི་རེ་བ་བྱུང་ཞིང༌། གཉིས་ཐད་ནས་ཡི་གེ་དང་ཟེར་ལུགས་མི་འདྲ་བ་གསོར་ཐག་འཐེན་ཡོང་བ་ཞིག་གདའ། བསམ་མནོ་ལ་འཕྲལ་དར་རྒྱས་ཆེ་ཆུང་དང་ཁ་དྲག་ཞན་ཇི་ལྟར་བྱུང་ཡང་ཆོས་ལུགས་རྐངས་མ་འཆུགས་ཙམ་བྱུང་བ་ཤངས་ལུགས་ཀྱི་ཆོས་ཀྱི་བསྟན་པ་ལ་ཕན་པ་ཡིན་བསམ་པ་དང༌། ཆོས་ཀྱི་རྐང་འཆུགས་ན། དར་རྒྱས་ཆེ་ཡང་ཤངས་པ་བཀའ་བརྒྱུད་དར་བར་མི་འགྲོ་དགོས་དོན་
སྟོང་འདུག་བསམ་པས་སོ་སོའི་དབང་དུ་མ་བཏང་བར་བསམ་རྩེར་སྡེ་པ་ལ་ཡང་ཞུས། རྣམ་གླིང་ཆོས་སྡེ་དང་དགའ་གདོང་སོགས་ཀྱིས་སྔ་མོ་ནས་སྡེ་པ་ལ་ཡང་ཡང་ཞུས་གདའ་ན་ཡང༌། དང་པོའི་ཞལ་ངོ་དེ་ཚོ་ཤེས་ལྡན་འདུག་ཅིང་གཞན། འབའ་ཞིག་ལ་གྲོས་འདྲི་མི་དགོས་པར་རང་ཐག་ཆོད་པ་ཞིག་ཡོད་པས་ཞལ་བཞེས་མ་མཛད་གདའ། དེ་ཀས་ད་ལྟའི་བར་དུ་ཚུགས་མ་སྟོར་ཙམ་བྱུང༌། ཞབས་དྲུང་ཏྲེ་བོས་ཀྱང་འཇགས་དགོན་པ་ཕྱག་ཏུ་དགོས་ཚུལ་ཕེབས་བྱུང་ནའང༌། ལན་འདེབས་ལ་སྤྱིར་གྱི་འབུལ་མི་འདོད་པ་མིན་ཡང་འདི་ཀུན་ཞལ་འཛིན་གནང་ཡང་ཁོང་ཚོ་ལ་ཡང་ཕན་མི་ཐོགས་ཤིང་ཕྱག་ཏུ་ཡང་ཕན་པ་དཀའ་བས་ད་རེས་མི་ལེགས་ཞུས། དེ་ཀ་ལུང་བསྟན་བཞིན་དུ་སོང་གདའ། དེ་ནས་ལོ་མ་འགོར་བར་ཞབས་དྲུང་ངང་སྐུ་འདས། འདི་སྐབས་ལྷུན་གྲུབ་སྤེའུ་ནས་བཀོད་པ་མཛད། རྩད་སྐོར་གླང་ལུང་རྫོང་མདུན་ཁྲམ་མདའ་རྣམས་ལ་གྲྭ་ཁྲལ་གྲྭ་པ་གསར་བ་དྲུག་ཅུ་ལྷག་ཙམ་བྱུང་བ་ལོ་བདུན་ལོན་པ་ཡན་ཆད་རབ་བྱུང་བསྒྲུབས། བསྙེན་རྫོགས་པ་གཉིས་བྱུང༌། ཇོ་ནང་གི་ཆོས་གྲྭར་རབ་བྱུང་བསྒྲུབས་བྱས་འཕྲལ་གྱི་རྟེན་འབྲེལ་ཡང་ལེགས། ཁོང་ཚོ་ལ་མི་འཁྲུགས་པ་སོགས་ཆོས་སྣ་ཁ་ཡར་བསྒྲུབས། དེ་ནས་ས་གའི་ཟླ་བའི་ཚེས་ལྔ་ལ་ཆོས་ལུང་བྱང་རྩེར་ཕྱིན། དེ་ཉིན་ལམ་བཀྲ་ཡང་ལེགས། ཞག་འགའ་ཤས་ཆོས་ཐན་ཐུན་དང༌། ལུས་ལ་ཕན་དུ་རེ་བའི་ཆུ་ཚན་འདྲ་བསྟེན་གྱི་ཡོང་སྐབས་ངམ་རིང་ནས་འབོད་མིག་གནང་བའི་ངེད་ལྷུན་སྡིངས་ཙམ་དུ་སླེབ་དགོས་པའི་འཕྲད་འདོད་ཡིན་ནན་ཆགས་ཕེབས་བྱུང་ནའང༌། ཕྱོགས་དེར་འགྲོ་བ་ལྟས་ལ་མ་ཆུག་ཟེར་བ་བྱས་དེ་དོན་ལ་ལྟག་ཚུགས་བཟུང་བའང་ཡིན། ཅི་སྟེ་ངེས་
པར་མཇལ་བའི་ དགོངས་བཞེད་ཡིན་ན་ཆོས་ལུང་ཉིད་དུ་ཕེབས་པ ་ལས་ཐབས་གཞན་མ་མཆིས་ཤིང༌། འདི་སྐོར་ལ་སྐུ་དོག་བར་ཆད་ཡེ་མེད་ཚུལ་འབུལ་བར་ཀུན་དགའ་དཔལ་བཟང་པ་སྐུ་ཞོགས་བརྫངས་དུས་རྗེ་འགྱུར་མེད་ཙམ་མ་གཏོགས་ཕེབས་པ་ལ་བཤོལ་འདེབས་བྱེད་མཁན་ཁོ་ན་བྱུང་འདུག་ནའང༌། དེ་རེས་སྐབས་ངེད་ཀྱི་ཚིག་ལ་ཐུགས་བཀལ་ནས་དེ་འཕྲལ་བསྐྱོད་པ་བདེ་བར་ཆོས་ལུང་ཉིད་དུ་ཕེབས་བཞུད་གནང་བྱུང་ཞིང༌། དེ་རེས་ཉེས་སྐྱོན་ཅང་མ་བྱུང་བ་དེ་ཀར་གདའ། གཞི་བྱས་ཐམས་ཅད་ལ་དཔལ་འབྱོར་ཕུན་སུམ་ཚོགས་པའི་སྐྱེས་དང༌། རྣམ་དཀར་གྱི་ཕུན་ཚོགས་རྒྱ་ཆེན་པོ་དང་བཅས་པར་གྱུར་ཅིང༌། བཞེད་ དགོངས་ལྟར་དཔལ་འཁོར་ལོ་ཆེན་པོའི་དབང་བཞི་ཡོངས་རྫོགས། རྐྱེན་སེལ་གྱི་རྗེས་གནང་མང་རབ་དང་བཅས་པ ་ཕུལ། ལོ་དེ་ནང་དུ་སྐུ་དོག་ལྟར་ཡོད་ཕེབས་པ་ལའང༌། ཧོར་ཟླ་བདུན་པ་ལ་འཛེར་བག་ཆེ་བ་ཙམ་དུ་སྣང༌། དེ་མིན་ཉེས་སྐྱོན་མེད་ཚུལ་འཆར་སྒོ་ལྟར་ཞུས། བྱང་ནས་ཞབས་དྲུང་ཉིད་ཀྱི་འཕྲལ་གྱི་བར་ཆད་འགའ་རེ་སེལ་བ་དང༌། སྐྱེ་བོ་མང་པོ་ལ་ཕན་པའི་ལྟས་ཀྱང་གསལ་བར་ཤར། ཆུ་ཆེན་པོ་གཅིག་ནས་སྲོག་ཆགས་ཀྱི་ཕུང་པོ་ལུང་ཕུང་ཙམ་སྐམ་སར་བཏོན་པ་དང༌། གསེར་གྱི་གྲུ་གཅིག་ལས་སྐྱེ་བོ་མང་པོ་སྒྲོལ་སྙམ་ན་འཇུག་མཁན་མང་པོ་ནི་མི་སྣང༌། ལས་མཐུན་ངོ་ཤེས་པ་ལྔ་དྲུག་ཙམ་ཆུའི་ཕ་ཁར་བསྒྲལ་བ་སོགས་རྨི། དེ་རྗེས་སྒྲུབ་སྡེ་རྣམས་ལ་རྩ་དབུ་མ་སོགས་འཁྲིད་ཆོས་འགའ་རེ་བྱས། འདི་སྐབས་ཞག་ཉེར་བདུན་བསྡད། བསམ་རྩེར་ཤར་སྟེངས་ནས་དཔོན་ས་རིན་མོ་ཆེ་སྐུ་ཁམས་མ་འཚོ་བའི་བྱང་ཆོག་
བྱེད་དགོས་བྱུང་བ་གཤེགས་རྐྱེན་རྒྱལ་པོའི་གནོད་པ་ལ་བརྟེན་པར་འདུག་པས་གཤེད་འབྲེལ་བགེགས་སྐྲོད་བུངས་བསྐྱེད་པས་བལྟས་ཀྱང་བཟང་བ་ཙམ་ཤར། ངེད་འབྲུག་སྦྲུལ་རྟ་ལོའི་སྟོད་རྣམས་ལས་སྨད་ཕྱོགས་ལ་སོང་བའི་བར་ལ་སྨོན་འགྲོ་བ་དང་ཆོས་ལུང་གི་གྲྭ་པ་ཁ་རེ་ཁོག་འབྲེལ། དཔོན་པོ་ཀུན་རྡོར་བ་ཡང་རང་གི་རྩ་བའི་བླ་མ་རྗེ་རྡོ་རིངས་བ་ལ་དད་པ་ལོགངག་བཟང་པའི་ཆེ་བརྗོད་ཀྱིས་དུས་གདའ། དགོན་ཁོངས་དང་ལུང་པའི་ཕུ་རྣམས་བྱ་བྲལ་མིང་ཅན་སྐྱ་མིན་སེར་མིན་བྱི་པོ་ཆོམ་པོ་ཚོས་གང་པ་གཅིག་བྱས། ཇོ་ནང་དུའང་སྨོན་འགྲོ་བའི་ཁང་པར་སྟོང་རྫུས་ཚོའི་འདུ་འཚོག་སོགས་འགྲོ་འཆམས་བལྟས་རྒྱུའི་ཁུངས་དང་བློ་ཕྱིར་འཆུས་མང་པོ་རང་བྱུང་འཇུགང་ཡི་བསམ་པ་ལ་དེ་ཀ་རང་འདྲ་མོ་རང་བསམ་པ་གཅིག་བྱུང་བ་སླར་ངའི་བསམ་པ་དེར་སོང༌། དེ་ནས་མར་ལམ་ཇོ་ནང་བརྒྱུད་ནས་བྱང་ཆེན་དུ་ཕྱིན། སླེབ་འཕྲལ་ནས་མཚམས་བསྡམས་ཟླ་བ་ཕྱེད་གསུམ་ཙམ་དུ་དགེ་སྦྱོར་འཕེལ་བར་བྱུང༌། ཁྱད་པར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པ་དཀྱིལ་འཁོར་ལ་བརྟེན་པ་ཅུང་ཟད་བྱས་སྐབས་ཀྱང༌། སྤྱིར་ཡང་ལྟས་བཟང་བར་བྱུང་ཞིང༌། ཁྱད་པར་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཀྱི་ཉིན། སྒྲུབ་པའི་དཀྱིལ་འཁོར་ལས་དངོས་གྲུབ་བླངས་པའི་སྐབས་མེ་ཏོག་གི་ཆར་འབབ་པ་རྫུན་མེད་མངོན་སུམ་དུ་བྱུང་ཞིང༌། སྒྲུབ་པའི་དཀྱིལ་འཁོར་གྱི་ནང་མཆོད་ཀྱང་ཞག་མང་པོ་ལོ་ནའང་གསར་པ་ལྟ་བུ་ལ་དཔེ་གཞན་གྱི་མཚོན་དུ་མེད་པའི་དྲི་རོ་བཟང་པོ་ཆེ་ཞིང་གསལ་བ་བྱུང་བ་ཡང་སྦྱངས་པ་དང་རྟོགས་པའི་ཆ་ཤས་ཙམ་དུ་གོ །འདི་དག་ཀུན་ཏུ་སྔ་ཕྱིར་ཡུལ་དུས་ཀུན་གྱི་འགྱུར་བ་ལ་
བརྟེན་ནས་རང་ཤུགས་ཀྱི་སྐྱོ་ཤས་ཆེ་བར་བྱུང༌། ཧོར་ཟླ་བདུན་པའི་ཚེས་བཅུ་བཞི་ལ་འཚུབ་དང་ཆོ་འཕྲུལ་གྱི་རྣམ་པས་བླ་མ་ཡི་དམ་གྱི་གཏོར་མ་ལ། ཨོ་དཀར་བས་གནོད་པ་བྱེད་པ་དང་སྡིག་པ་རྭ་ཅན་ཤིན་ཏུ་ཆེ་བ་ཤིག་ནམ་མཁའ་ནས་རང་གི་པང་དུ་ལྷུང་བ་སོགས་སྣ་ཚོགས་པ་བྱུང་བ་རྣམས་ཀྱང་དབྱིངས་སུ་བསྐྱལ། འཇགས་ཀྱི་གདན་ས་འགོད་དགོས་བྱུང་ནས། རྣམ་གླིང་ཆོས་སྡེ་པ་དང༌། པ་སྣམ་དགའ་གདོང་བ་སོགས་འཇགས་ལ་སུ་ཐོབ་ལིང་ངེ་བ་ལ་ཁོང་ཚོའི་ཧམ་པ་རང་རྩིས་སུ་མ་སོང་བར། ཁུ་སྤེ་བཀའ་བཅུ་བ་ཀུན་དགའ་ལེགས་གྲུབ་ཐུགས་དམ་གྲག་པའི་ཁུངས་ཀྱིས་བསྐོ་བཞག་བྱས་ནའང་ཕྱི་ནི་སྔར་གྱི་རྟེན་འབྲེལ་དེ་ཁར་གདའ་བས་ཉེ་གནས་ཀྱི་སྐྱོན་གྱིས་ཟི་རེ་བ་ཅིག་ཀ་བྱུང༌། སྔ་སོར་རང་རེའི་ལྟས་དང་མཐུན་པར། འདི་སྐབས་ངམ་རིང་དུ་སྡེ་སྲིད་རང་སྐུ་ཁམས་སྟེམས་པར་བྱུང་བ་ལ་སྐུ་རིམ་རྒྱ་ཆེ་བ་གནང་བ་དང་རྗེ་བླ་མ་དམ་པས་བཀའ་དབང་གནང་བ་སོགས་ཀྱིས་སྐུ་ཁམས་བདེ་བར་བྱུང་ཡང༌། བླ་མ་དམ་པ་འཕྲལ་དུ་སྐུ་ཁམས་མི་བདེ་བར་བྱུང་ནས་ཟླ་བ་དེ་ཉིད་ཀྱི་ཉེར་བདུན་ལ་བྱང་ངམ་རིང་གི་ཕོ་བྲང་ཉིད་དུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཚོད་དུ་གདའ། ཉེར་ལྔའི་རྨི་ལམ་དུ་བླ་མ་དམ་པ་བྱོན། འུ་ཅག་ཁ་སང་ནས་ན་ཡིན་ཡོད་ཟེར་བའི་སྐད་ཆ་ཡོད་པར་འདུག་ནའང་དེ་འདྲ་ཡེ་མི་བདེན། སྔར་ཡང་ན་མ་མྱོང་ད་དུང་ན་བ་མི་སྲིད་ཅེས་ཐུགས་འུ་རེ་ཡོད་པ་ཞིག་གསལ་པོར་བྱུང༌། དེ་དག་ཀྱང་ཕུགས་ངེས་པའི་དོན་ལ་ དགོངས་ཤིང༌། གནས་སྐབས་སུ་ཞིག་པ ་ལ་སླར་འཇིག་ཏུ་མེད་པའི་དོན་སྐུ་འདའ་བའི་ལྟས་སུ་གདའ། ཉེར་འདུན་གྱི་ཉིན་ཐོག་མར་སྤྱན་གྱིས་མི་གཟིགས་པ་ལྟར་མཛད་པ་ལ་
སླར་སྐུ་གཞོན་ནུའི་རྣམ་པ་ཤིན་ཏུ་མཚར་བ་མུ་ཏིག་གི་རྒྱན་དྲ་ཕྱེད་ཁྲལ་ཁྲོལ་དུ་གསོལ་བ་ན་བཟའ་སྤངས་པའི་རྣམ་པ་ཅན་ཞིག་ཕྱོགས་གཞན་ཞིག་ལ་ཐེགས་ཚུལ་ཡོད་པ་ཞིག་བྱུང༌། གནམ་གང་གི་ཉིན་གནས་ཚུལ་སྐྱེལ་མི་སླེབ། དོན་དུ་ནི་མཐོང་ཐོས་དྲན་རེག་གི་གདུལ་བྱ་ཐ་མ་འདུལ་བ་ལ་ དགོངས་པ ་དང་སྔ་སོར་བཀའ་ཡང་ཡང་ཕེབས་པ་ལྟར་གྱི་དགོན་གནས་ཀྱི་ཤུལ་རྣམས་བདག་ལ་གཏོད་པར་བཞེད་པ་སྟེ། དེ་ཡང་རྗེ་ཉིད་རང་ཉིད་ཀྱི་གདན་སར་སྐུ་ཐིམ་ན། བླ་བྲང་གི་ནང་མ་ནང་གཡོག་དང་གྲྭ་རིགས་སྒོམ་ཆེན་གྱི་མིང་ཅན་བླུན་པོ་རྣམས་དང་ཡོན་བདག་གི་ཁུངས་རྣམས་འཕྲལ་ཟས་གོས་དང་ཕུགས་ཆོས་རྫུའི་ཟོམས་ལ་བརྟེན་ཏེ་སྔགས་གྲྭ་བ་རྒྱམ་པད་རང་གིས་མགོ་སྐོར་ཞིང་བསླད་ཟིན་པས་རྗེ་སྐུ་འདས་མ་ཐག་པར་ཁོང་གིས་བདག་བྱེད་པ་ཞིག་ཡོང་པར་འདུག དེ་ལྟར་ན་ནི་ཆོས་བརྒྱུད་ལག་ལེན་ཉམས་ལེན་ཡོ་འཆུགས་ཏེ་བླ་མ་དམ་ པ་དེའི་དགོངས ་བཞེད་ཀྱི་ལོག་ཕྱོགས་འགལ་ཟླ་ཁོ་ན་ལ་འགྱུར་འགྲོ་བ་དེར་གདའ། འདི་སྐབས་ཀྱང་སྐུ་ཐིམ་པའི་གཏམ་ཐོས་མ་ཐགཁོང་པས་བྲག་སྟོད་དུ་ཕྱིན་གྲྭ་བ་རྣམས་ལའང་ཡི་གེ་ཐེའུ་ཚེ་ལེན་པ་དང་བླ་བྲང་གི་སྐུ་ཆས་ནས་ཇ་སྤོབ་རྩེ་ཉིས་སྦྲེལ་སོགས་མང་དག་ཞིག་རྒྱན་བུའི་རྫོང་དཔོན་ལ་རྔན་པར་བསྟབས་ན་བཟའ་བཞུགས་གདན་སོགས་སྐུ་ཆས་མང་དག་ཅིག་མཚན་མོ་བསྐྱེད་པ་སོགས་ཟར་ཟིར་མང་པོ་བྱས་གདའ། འོན་ཀྱང་འགལ་རྐྱེན་མང་པོས་ལོ་ཤས་བར་དུ་དཀའ་སེ་བའི་ངོས་ནས་སྔ་སྲོལ་བླ་མ་ཉིད་ཀྱི་ དགོངས་པ ་ལ་ཇི་ལྟར་ཡོད་པ་རྣམས་ཕྱོགས་མཐུན་ཙམ་འགྲུབ་པར་བྱུང་བ་ནི་རྗེ་ཉིད་ཡུལ་གཞན་དུ་སྐུ་ཐིམ་པའི་རྟེན་འབྲེལ་ལས་
བྱུང་བས། སྐྱེ་བོ་འགའ་ཞིག་སྡེ་དཔོན་གྱི་རྫོང་དུ་སྐུ་འདས་སྙམ་མ་དད་པ་བྱེད་ཀྱི་འདུག་ཀྱང༌། སྤྱིར་ཕྱོགས་དེ་ཀུན་ཡང་གནས་བཟང་བར་རྒྱ་གར་པཎ་ཆེན་ནགས་རིན་སོགས་ཀྱི་རྣམ་ཐར་ལས་ཤེས་ཤིང་ཁྱད་པར་རྒྱུ་མཚན་གོང་དུ་སྨོས་པ་ལྟར་དུས་གསུམ་མཁྱེན་པའི་མཛད་པ་ཁོ་ནར་ངེས་ཤེས་སྐྱེས་སོ། །དེ་སྐབས་གདུང་ཆོག་ངམ་རིང་དུ་གནང་འདུག་ནའང་སྐུ་གདུང་རིན་པོ་ཆེ་སྒྲུབ་གནས་སུ་སྤྱན་འདྲེན་ པ་དང་དགོངས ་རྫོགས་ཀྱི་དངོས་བཞི་སྒྲུབ་པར་དངོས་ཀྱིས་ཀྱང་མཚམས་བཀྲོལ་ཏེ་ཧོར་ཟླ་བརྒྱད་པའི་ཉེར་གསུམ་ལ་བྱང་ཆེན་ནས་ཆས། ཡར་ལམ་རྩད་སྐོར་གྱི་གནས་འདི། ངས་པའི་ས་གཞི་ལ་བགེགས་སྐྲོད་ཙམ་བྱས་ནས་ཧོར་ཟླ་དགུ་པའི་ཚེས་གསུམ་ལ་སྒྲུབ་གནས་ཆེན་པོ་བྲག་སྟོད་དུ་སློབ། ཚེས་བཅུའི་ཉིན་པར། ངེད་རང་གི་མི་སྣ་གྲྭ་རིགས་དང་བཅས་པ་རྣམས་ཀྱིས་ཀྱང་སྐུ་གདུང་སྤྱན་དྲངས་ནས་འབྱོར་ཞིང༌། དེའི་ཉིན་ནས་དགོན་ལག་གྲྭ་རིགས་དང་བཅས་པ། ཐམས་ཅད་འཛོམ་པའི་ཚོགས་གྲྭ་བཙུགས། ཚེས་བཅོ་ལྔའི་ཉིན་པར་གྲོལ་བ་ཡིན་ཞིང༌། རྗེ་བྱ་བྲལ་དུ་གྱུར་པས་སྐུ་ཆས་རྒྱ་ཆེ་བ་ནི་ལར་ནས་མེད་ཅིང་ཅུང་ཟད་ཡོད་པ་རྣམས་ནི་ཆགས་མེད་དུ་གཞན་ལ་སྩོལ་བར་མཛད། ལྷག་མ་ཅུང་ཟད་ཡོད་པ་རྣམས་ཀྱང་བར་སྐབས་དེར་ཟེགས་འཐོར་དུ་སོང་བས་ནས་ཆ་ཕྲན་ཚེགས་མ་གཏོགས་ཐམས་ཅད་ངེད་རང་གི་ལག་ནས་བཏང༌། རྟེན་བཞེངས་འཕྲན་བུ་ཡན་ཆད་གྲུབ་པས་དེའི་བྱིན་རླབས་ལ་བརྟེན་ནས་ཕྱིས་འབྱོར་པ་དང་དགེ་བའི་བྱ་བ་ཡང་གོང་འཕེལ་དུ་འགྲུབ་པ་ཅིག་བྱུང༌། འདི་སྐབས་ཀྱང་སྔགས་
གྲྭ་རྒྱམ་པད་ པ་ཡང་དགོངས ་རྫོགས་ཀྱི་སྐལ་བ་ལེན་པར་བྱོན་ཡོད་ཅིང་ངེད་ཀྱིས་ཀྱང་ཁོང་ལ་རྣམ་གཞག་སོགས་བཟང་དུ་བཏང༌། ཁོང་པ་རང་གིས་ནི་སྒྲུབ་སྡེ་ལ་ཐུག་པ་གཅིག་ཀྱང་དྲངས་པ་མེད། གདུང་ལ་ཞལ་ཟས་གཅིག་ཀྱང་མ་ཕུལ། དབུས་པའི་མི་ངན་ཁྲེལ་པོར་ངོ་ཚ་མེད་ལྟོགས་ལ་ཅན་འགའ་ཞིག་གི་རྣམ་ཐར་ཟངས་མ་དེ་ཀ་བསྐྱངས་ནས་དགོངས་རྫོགས་གྲོལ་བའི་ནང་པར་ཕྱི་ལ་དེངས་སོང༌། དེ་རྗེས་སུ་སྒྲུབ་སྡེ་རྣམས་ལ་ཤངས་ཆོས་དབང་བྱིན་རླབས་དང་བཅས་པ་ཆ་ཚང་བ་ཞིག་དང༌། སྐྱེས་བུ་གསུམ་གྱི་ལམ་རིམ་ཆ་ཚང་ཞིག་བཤད། ངོ་སྤྲོད་ཞུ་མཁན་མང་དུ་བྱུང་བས། ཕྱག་རྒྱ་ཆེན་པོའི་ཉམས་འཁྲིད་མང་དུ་བཏབ། ཧོར་ཟླ་དགུ་པའི་ཉེར་དགུ་ལ་རིན་རྫོང་པའི་ལག་ནས་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐུ་དང༌། གཏིང་སྐྱེས་བྲག་དཀར་ནས་བདུད་མགོན་ཆེན་པོ་ལྕམ་དྲལ་གྱི་སྐུ་ཕེབས་པ། དུས་གཅིག་ཏུ་འཛོམ། མགོན་ཁང་གསར་དུ་བཙུགས་པས་གཉན་པར་བྱུང༌། ནུབ་གཅིག་བླ་མ་ལ་གདུང་དབྱངས་ཀྱིས་གསོལ་བ་བཏབ་པས་རྨི་ལམ་ཐབས་སུ་གྲུབ་ཐོབ་བརྒྱད་ཤིན་ཏུ་གསལ་བར་བྱུང་དེ་དང་མཐུན་པའི་བསྟོད་པ་ཡང་བྱས། དེ་ནས་ཟླ་བ་གཅིག་ཙམ་སོང་རྗེས་སུ་ཅུང་ཟད་ལྟས་འཚུབ་པ་ཞིག་བྱུང་ནས་མཚམས་དམ་པོར་བསྡམས། ངམ་རིང་ལ་འཕྲལ་དུ་འགྲོ་བའི་ཆད་སོ་ཡོད་པ་ལའང་འགྱང་ཆ་ཞུས། མཚམས་བསྡམས་ནས་ཞག་གསུམ་སོང་དུས། བསམ་རྩེ་ནས་སྡེ་པ་སྐུ་འབྲིང་པའི་དྲུང་མཐུ་སྟོབས་རྣམ་རྒྱལ་བ་སྐུ་ཁམས་སྙེལ་བའི་སྟབས་ཀྱི་འབོད་མིར་སྟག་ཚོ་བ་གནང་བའི་ཞལ་ངོ་ཐམས་
ཅད་ཀྱིས་ཤིན་ཏུ་བཀའ་ནན་ཆེ་བར་བྱུང་ནའང༌། སྐུ་ཁམས་ད་ལམ་འདི་ལ་བརྟེན་པའི་སྐྱོན་ཆེ་བ་རང་མེད་སྙམ། དེ་བས་ངེད་རང་གཟབ་དགོས་ཡིན་པས་ དགོངས་གྲོལ་རང་ཞུ་བྱས་ལྟས་དང་བསྟུན་ནས་འགྲོ་མ་ཐུབ། ཕྱིས་སྡེ་པ ་མཐུ་སྟོབས་དྲུང་རང་དེ་ལ་ཐུགས་བརྙས་མ་འཁྲུངས་ནའང༌། སྡེ་པ་ཀར་བསྟན་དྲུང་དངོས་མི་དགེས་ཙམ་བྱུང་འདུག མཚམས་ཟླ་གཅིག་ལྷག་ཙམ་སོང་ལྟས་ཀྱང་འཇམ་པར་བྱུང་ནས་ངམ་རིང་དུ་ཆས་སྐབས། གཙང་གི་དམག་དབུས་ལ་བཏེག་ཟེར་བའི་སྐད་ཆ་བྱུང༌། གཞན་ལ་གཡར་པོ་མཛད་པའི་དུས་འཁྲུག་དེ་སྤྱིར་ཤིན་ཏུ་མ་ལེགས། ཁྱད་པར་སྡེ་བ་ཀར་བསྟན་དྲུང་རང་ཐུགས་ དགོངས་ལ་རྟོག་རྩིང་གང་བྱས་ཀྱང་ཀརྨ་པ ་ཡབ་སྲས་ཀྱི་བྱིན་རླབས་ཀྱིས་འཁྱོབས་ཡོང་སྙམ་པ་ཡོད་དེ་རང་གི་ལས་ངན་ལ་གཞན་གྱིས་སྐྱོབ་ཐུབ་པ་མེད། ད་ནི་སྡེ་བའི་སྐུ་ཚེ་ཡང་ལྷུས་ཐིངས་སྙམ་པ་བྱུང༌། འདི་སྐབས་བྲག་སྟོད་ཀྱི་དགོན་ལག་མཚོ་དབུས་དགོན་པར་ཆོས་བྲོས་པ་མི་ཕལ་ཅིག་བྱུང་བ་དང་བྲག་སྟོད་རང་དུ་བཙུན་གསར་མ་གཅིག་རང་བྱུང་བ་ལ་རྒྱན་བུ་རྫོང་དཔོན་གྱིས་རྩོད་པ་གཏོང་བ་སོགས་སྔར་གྱི་ཇ་སྤོབ་རྩེའི་འབྲས་བུ་རྣམས་མགོ་ཐོ་རེ་བ་སྨིན་གདའ། ངེད་ཀྱིས་གུར་ཆུང་ལ་བརྒྱུད་དེ་ངམ་རིང་དུ་སླེབ། ནམ་མཁའ་ལེགས་པ་སོགས་བཀྲ་ཡང་ལེགས་པར་བྱུང༌། བདེ་མཆོག་བོང་ཞལ་ཅན། སྒྲོལ་མ་བླ་མེད་ཀྱི་དབང༌། བསམ་མི་ཁྱབ་ཀྱི་འཁྲིད་སོགས་བཞེད་དགོངས་ཀྱི་ཆོས་བཀའ་ཡང་མང་རབ་ཕུལ། ཧོར་ཟླ་བཅུ་གཅིག་པའི་ཉེར་ལྔ་ལ་འགྲོ་རྒྱུ་ཡིན་ནའང༌། ཉེར་གསུམ་གྱི་ཉིན་ནས་ཞབས་
དྲུང་རང་སྐུ་ཁམས་བསྙེལ་བ་རང་ཞིག་བྱུང༌། སྨན་དཔྱད་པ་རྣམས་ཀྱང་འཚབ་ཆ་ཆེ་བར་བྱེད་ཀྱིན་འདུག་པ་ལ། སྤྱིར་སྐུ་དོག་ཅུང་ཟད་ཡོད་པ་རྐྱེན་སེལ་གྱི་དབང་བྱིན་རླབས་སོགས་ཀྱིས་ལྷོངས་པར་སྣང་བས་ད་རེས་སྐུ་ལ་ཉེས་སྐྱོན་དུ་མི་འགྱུར་བ་ཐག་ཆོད་ཅེས་ཁས་བླངས། ཁོ་ཚོ་ལ་ཁོག་གནོད་འདྲ་གཅིག་ཀྱང་འདུག ལ་ལ་ཡིད་ཆེས་བྱེད། ཕལ་ཆེར་ཐེ་ཚོམ་སེ་བྱེད་དོ། །སྐུ་རིམ་སྒྱུར་ཁ་འདྲ་ཕུལ་བ་ལྟར་ཆོས་སྡེ་ཚོགས་པ་དང་ཡང་དུས་མཚུངས་ཏེ་འཕྲལ་དུ་བསྒྲུབས་ཞག་ལྔའི་བར་ཤིན་ཏུ་བསྙེལ་བར་བྱུང་ཡང་ཉེར་བརྒྱད་ནས་གཟུང་སྐུ་དྭངས་སྐྱེད་ཆེ་བའི་ཚེས་གཅིག་ནས་སངས་དྭངས་འཕྲལ་རྐྱེན་སེལ་གྱིས་དབང་ཕུལ་བ་ཀུན་ཡང་ཕན་ཐོགས་བྱིན་རླབས་ཆེ་བར་མངོན་པ་བྱུང༌། ཕྲག་དོག་དང་ངན་སྨྲས་ལ་དགའ་བ་རྣམས་ཀྱིས་སྙིལ་བའི་སྐབས་སྐུ་མཚམས་དམ་པོ་མཛད་པ་ལ་སྐུ་མ་བཞུགས་པ་ཡིན་ཡོང་བསམས་ནས་ཅོལ་སྒྲོགས་སྣ་ཚོགས་ཀྱིས་མདོག་གཞུང་ཁེངས། དེ་རྗེས་སྐུ་མཚམས་འཕྲལ་དུ་བསངས་པས་དེ་ཚོ་ལ་སྙིང་ཚིམ་པའི་མཐར་ཐུགས་པ་གཅིག་བྱུང་རྗེ་འགྱུར་མེད་ཀྱང་ཕེབས་པ་དང་མཇལ་བྱུང་ཞིང་ཚེས་བཞིའི་དགོང་མོ་སྟོད་པའི་ཚོང་པ་རྣམས་དང་འཕྲད་ཁོང་རྣམས་ཀྱིས་གསེར་སོགས་མང་རབ་བྱིན་པ་རྣམས་ཕྱིས་བྲག་སྟོད་ཀྱི་རྟེན་བཞེངས་ཁོ་ན་ལ་སོང༌། ཚེས་ལྔའི་སྔ་བར་བཏེགས་མར་ལམ་ཇོ་བོ་རྗེས་བཞེངས་པའི་མཆོད་རྟེན་ཡང་མཇལ། ཚེས་བདུན་གྱི་ཉིན་མོ་ཆོས་ལུང་དུ་སླེབ། བར་སྐབས་སུ་དགོན་པ་ཉིས་འཛིན་གྱི་ཚུལ་གྱི་སྡེ་སྲིད་རང་གི་ཕྱག་ན་ཡོད་པ་དེ་དེ་སྐབས་སླར་ཡང་དངོས་ལ་གཙང་མར་རྩིས་སྤྲོས་གནང༌། སྔར་བསྟན་འཛིན་རིན་པོ་ཆེས་
བཙན་ཕྲོགས་མཛད་པའི་མཆོད་གཞིས་རྣམས་འདི་སྐབས་རྩིས་སྤྲོད་གནང་མ་ཐུབ་གཞན་མཐའ་དག་མ་ཚང་བ་མེད་པ་བྱུང༌། དེ་སྐབས་ཞག་ཤས་བསྡད་ནས་ཟླ་བ་དེའི་ཉིན་ཤུ་ལྔ་ལ་སྔར་འཁྱུད་ལྟར་གྱི་ཇོ་ནང་གི་འཁྲིད་བཙུགས། ལོ་འདི་ལ་འཁྲིད་ལོ་འབྲིང་ཙམ་དང༌། བཙུན་གསར་བྱེད་མི་དྲག་ཞན་སྣ་ཚོགས་ནས་ཤིན་ཏུ་མང་བར་བྱུང༌། འཁྲིད་གྲོལ་ནས་ཟླ་གཅིག་ཏུ་ཉེ་བ་ལ། གསང་འདུས། གཤིན་རྗེ་གཤེད། རྒྱུ་སྡེ་ལྔ་སོགས་དཀྱིལ་འཁོར་གྱི་ཆོ་གའི་ཡི་གེ་འགའ་རེ་བརྩམས། ཇོ་མོ་ནང་གི་སྐུ་འབུམ་ཆེན་མོའི་ལྷ་ཁང་ཅི་རིགས་པ་ལ་དགོན་པ་བ་ཚོས་མཛོད་བྱེད་པ་ཅིག་བར་སྐབས་ཤིག་ཏུ་བྱུང༌། རྗེ་གྲོལ་མཆོག་གི་སྐུ་ཐོག་ལ་དེ་རྣམས་འདོན་པ་གནང་འདུག་ནའང༌། ཡོས་ལོ་བྱང་སྐུ་མཆེད་ཀྱི་ནང་གཟིངས་བྱུང་དུས་རྗེ་དྲུང་གོང་མ་དཔོན་སློབ་རྣམས་ཀྱིས་ དགོངས་བཞེད་མཛད་ནས། བང་རིམ་གཉིས་པའི་གདོད་ཆེན་བཞི་མ་གཏོགས་པ ་ལྷ་ཁང་ཐམས་ཅད་གྲོང་པའི་བསྐྱས་མཛོད་དུ་སོང༌། དེ་རྣམས་སྤོ་བར་འདོད་པ་ཅིག་སྔ་མོ་ནས་ཡོད་ཀྱང་སྟབས་མ་བདེ་བ་ལ། འདི་སྐབས་ཉེ་རིང་མེད་པར་ཐམས་ཅད་ལ་སྐད་བཏང་སྟེ་ཞག་གྲངས་འདི་ཚུན་ཆོད་ལ་ཐོན་པ་བྱེད་དགོས་ཚུལ་བསྒྲགས་པར་ངེད་སྐྱི་ཕུག་ཏུ་མཚམས་ཤིག་བྱས། འདི་སྐབས་ཤངས་རྡོ་སྔོན་པ་མི་ངོ་གཉིས་འབྲུམ་པས་འདས་བྱང་གཅོག་སོགས་བྱེད་དགོས་བྱུང༌། ཡིན་ནི་འཇགས་ཀྱི་ཆོས་སྐྱོང་གི་འཚུབ་ཏུ་མངོན། ལྷ་ཁང་གི་མཛོད་རྣམས་དུས་ཐོག་ཏུ་བཏོན་ཅིང༌། འཕྲལ་དུ་གང་བྱས་པའི་དུས་ཉིན་མོ་གསུམ་བཏུད་མར་ཉིན་ཟངས་ཀྱི་འཇའ་འོད་དང་ཉི་ཐོག་དང་འཇའ་སྤྲིན་
གཟུགས་བརྙན་ཤིན་ཏུ་ངོ་མཚར་བ་དང་མེ་ཏོག་གི་ཆར་འབབ་པ་ཐམས་ཅད་ཀྱིས་མཐོང་བར་སྙོན་མེད་དུ་བྱུང་ཞིང་རོལ་མོའི་སྒྲ་སྙན་པོ་དང་དྲི་བཟང་གི་ཡུལ་ཕྱོགས་ཐམས་ཅད་ཁྱབ་པའི་རྣམ་པ་ཞག་མང་པོར་ཤིན་ཏུ་གསལ་བ་ཞིག་ངེད་རང་ལ་བྱུང་ནའང༌། གཞན་གྱིས་ཚོར་བ་ནི་ཆེར་མི་སྣང༌། འཁྲུལ་སྣང་ཡིན་ལས་ཆེ་མོད། མཚམས་གྲོལ་ནས་ཚོགས་ཁྲོའི་ཁྲོ་ལུགས་ཅིག་ཀྱང་བྱས། རྒྱུད་གྱི་རྒྱལ་པོ་མ་ཧཱ་མཱ་ཡ་ལ་ཊཱི་ཀ་ཆེན་དོན་ལྷག་པར་རྒྱས་ཤིང༌། དེ་ལ་བལྟོས་ཏེ་ཚིག་ཤིན་ཏུ་ཉུང་བ་ཞིག་ཀྱང་མ་བརྩམས། ཆོས་ལུང་དུ་ཡང་ཁོར་ཙམ་ཕྱིན། དེ་རྗེས་གསའ་ལ་བརྒལ། གཙང་གཞུང་ལ་ཡུལ་ཚོ་སོ་སོའི་ཕུའི་དགོན་པ་བ་རྣམས་ཀྱིས་ལུང་པའི་མདར་བསུ་བ་སེར་འཕྲེང་རེ་མཛད། གྲོང་ཚོ་སོ་སོར་བུ་སྐྱེས་འཕྲལ་སྤྱི་པ་ལས་མང་བའི་མིང་འདོགས་དགོས་ཤིན་ཏུ་མང་བ་ཞིག་བྱུང༌། ཕྱི་ནང་གི་རྟེན་འབྲེལ་གྱི་ལྟས་ཤིན་ཏུ་གོ །རིམ་པས་མང་མཁར་བརྒྱུད་ནས་གཏིང་སྐྱེས་སུ་ཕྱིན། དགེ་འདུན་མང་པོ་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱས་པར་བཤད་ཅིང༌། བྱང་སའི་ལུགས་ཀྱི་སེམས་བསྐྱེད་ཕོག་བར་འདིར་གམ་པ་ལ་ཡང་ཁོར་ཙམ་ཕྱིན་ཅིང༌། དུས་ཀྱི་འཁོར་ལོའི་དབང་བསྐུར་སོགས་ཆོས་བཀའ་མང་རབ་ དགོངས་བཞེད་ལྟར་ཕུལ། སླར་ཡང་གཏིང་སྐྱེས་སུ་སླེབ་ནས། རྡོ་རྗེ་ཕུར་པ ་ས་ལུགས་ཀྱི་ཆོ་ག་ལས་བརྩམས། དབང་མཐའ་དག་རྫོགས་པར་དོན་གཉེར་མང་པོ་ལ་བྱས། འདི་སྐབས་སྔ་ཕྱི་རྣམས་ལ། རང་རེས་བསྒྲིགས་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་མགོན་པོའི་སྐོར་རྣམས་མ་གཏོགས་པའི་གཞན་མཐའ་
དག་ཞལ་ངོ་རྣམས་དང་དོན་གཉེར་རྣམས་ལ་བྱས། དམ་རྫས་ཀྱི་སྒྲུབ་པ་ཅིག་བྱས་པ་ཤིན་ཏུ་ལེགས་ཏེ། དྲི་བཟང་གིས་ལུང་པ་ཁྱབ་པ་དང༌། ལྟས་རྣམས་སྔར་བཞིན་ཤར། དེ་རྗེས་སྟོན་སེར་ཁ་རུ་ཡང་སོང་ཤིང༌། བྲག་སྟོད་ཀྱི་རྟེན་བཞེངས་སྔ་སོར་ཧོར་ཟླ་གསུམ་པའི་ནང་དུ་འགོ་བཙུགས། འདི་སྐབས་ཕལ་ཆེར་ཟིན་པས་བྲག་སྟོད་དུ་འགྲོ་བའི་ཡར་ལམ་ལ་སྨད་ཀྱི་ཕྱོགས་ལ་བྱས། སྒྱེད་ཀྱི་རི་ཁྲོད་དེར་ཡང་ཁོར་ཙམ་ཕྱིན། བྱང་ཕུག་ཏུ་ཇོ་བོ་ལ་མཆོད་པ་དང་གསོལ་བཏབ་མང་དུ་བྱས། སྐྱེ་བོ་མང་པོས་བླུན་དད་ལ་བརྟེན་པའི་མིའི་རྒྱན་ཆ་དྲི་མ་ཅན་ངན་ངོན་མང་པོ་སྐུ་ལ་སྦྲོན་པས་མི་མཛེས་པར་སོང་བ་དེ་རྣམས་ལ་རིན་པོ་ཆེའི་དྲ་ཕྱེད་བྱེད་ཚུལ་གྱི་བཀོད་པ་ཡོན་བདག་ལ་ཞུས་ཤིང༌། སྐུ་ལ་ཁྲུས་གསོལ་བ་སོགས་ཀྱང་བགྱི། སྐུ་ངོ་བོ་མེ་ཐུབ་ཏུ་བྱོན་ཀྱང༌། ཕྱག་གཡས་ཀྱི་གྲུ་མོའི་མཚམས་ནས་བྲལ་བ་སོགས་ཆ་ཤས་ལ་གནོད་པ་མང་དུ་བྱུང་འདུག་པས། དེ་དག་གསོ་བར་འདོད་པ་ཙམ་བྱུང་ཡང༌། མི་གནོད་འདྲེར་འཛིན་གྱི་རྣམ་པ་འདུག་པས་སྤྲོས་པ་བསྐྱུངས། ངེད་ཀྱིས་ནི་ལྷག་བསམས་གང་དག་བྱས་པའི་ཁུངས་ཡིན་ཀྱང༌། སོ་སོ་སྐྱེ་བོའི་སྐྱོན་གྱིས་སེམས་ངན་པའི་མདུད་ཁ་བྱུང་བ་ཡིན་ཏེ་འོང༌། དེ་སྐབས་བསྲུང་མ་རྣམས་འཚུབ་ཆེ་བའི་རྣམ་པར་བྱུང་ཞིང༌། དེ་རྗེས་ཞག་ཉི་ཤུ་ཙམ་ནས་ཁོ་ཚོའི་མི་ངོ་དྲག་ཤོས་དེ་སོགས་གློ་བུར་དུ་ཤི། ཟར་དང་སྟག་སྣའི་མི་དམངས་རྣམས་སྔ་གོང་འབྲེལ་ཆགས་ཤིན་ཏུ་ཆུང་བ་ཡིན་ནའང༌། འདི་སྐབས་ཕལ་ཆེར་དད་པ་སྐྱེས་གྱུར་པའི་ཚུལ་དུ་བྱེད་པ་ཅིག་བྱུང༌། དེ་ནས་རིམ་གྱིས་
དྲང་སོང་རྫོང་སོགས་བརྒྱུད་ནས་བྲག་སྟོད་དུ་འབྱོར། སླེབ་འཕྲལ་ནས་རྟེན་བཞེངས་ཀྱི་གཟུངས་བཞུགས་སོགས་རིམ་པས་བགྱིས། གཙུག་ལག་ཁང་གསར་བཞེངས་ཡིན་པ་དང༌། དེར་རྟེན་བཞུགས་དགོས་པ་ནས། རབ་གནས་ཀྱིས་ཆོ་ག་ཀྱང་གཟའ་ཚེས་དང་བསྟུན་སྔ་བར་བྱས། ས་ཆོག་གི་སྦྱིན་སྲེག་ཀྱང་ཞི་དྲག་གཉིས་ཀར་བགྱིས་ཤིང༌། ཧོར་ཟླ་དགུ་པའི་ཚེས་བཅུ་གསུམ་གྱི་ཉིན་མོ་རབ་གནས་དངོས་གཞི་བྱུང་ལ། དེ་ཉིན་ཞི་རྒྱས་གཉིས་ཀྱི་སྦྱིན་སྲེག་དང༌། བཅུ་བཞིའི་སྔ་དྲོ་རྗེས་ཀྱི་བྱ་བ་དགའ་སྟོན་དང་བཅས་པ་སོང༌། དེ་ཉིན་ཀ་དབང་དང་ཞི་བའི་སྦྱིན་སྲེག་མཐའ་རྟེན་དང་བཅས་པ་སྒྲུབས། དེ་བར་དུ་ཕྱི་རྟེན་བྱང་ཆུབ་མཆོད་རྟེན་ཞིག་བརྩིགས་པའི་ཕྱེད་ཙམ་ཡང་གྲུབ། དེ་རྗེས་མི་རིང་བར་གྲུབ་ནས་རབ་གནས་ཀྱང་བགྱིས། འདི་སྐབས་ཀྱི་རྟེན་དངུལ་གདུང་དཔངས་སུ་རྩེ་ཁྲུ་དྲུག་པ། བཟོ་ཁྱད་ཕུན་སུམ་ཚོགས་ཤིང་ལྷུན་ཆགས་པ། དབྱིབས་ཀྱང་རྒྱ་གར་དང་མཐུན་པར་བཞེངས། ཕྲ་རྒྱན་སོགས་ཀྱང་ཕུན་སུམ་ཚོགས་པ་རང་བྱུང་ཞིང༌། རྗེ་བཙུན་བྱམས་པའི་སྐུ་བརྙན་རྒྱ་མཐོ་གསུམ་པ་ཤིན་ཏུ་མཚར་བ་ཞིག་དང༌། གསེར་ཏོག་ཆུང་ངུ་གཅིག་རྣམས་བཅོས་པ་ལ། ཡོངས་བསྒྲིལ་གསེར་རྐྱང་ཞོ་བརྒྱ་དང་དྲུག་ཅུ་སོང༌། དེ་མཐུན་དངུལ་ཤས་ཆེ་བ་དང༌། ཟངས་སོགས་རྒྱུ་ལ་སྦགས་དེ་ཡོན་རྫོངས་དེ་ལས་ལྷག་དང་བཅས་པའི་དབང་དུ་བྱས་ནས་གསེར་སྲང་བཞིས་སྣ་དྲངས་ཏེ། གོས་དར་སྤུས་གཙང་བ་ལ་ལྷུས་བླངས་པའི་གསེར་ཞོ་ཉིས་བརྒྱའི་རིན་ཐང་གི་ཚད་ཕུལ། དེ་སྐབས་ལག་ན་ཡོད་པའི་ཡོ་བྱད་ཐམས་ཅད་དཀྲུགས། ཤུལ་ན་གསེར་སེ་བ་གང་ཡང་མེད། སྤྱིར་ཡང་འདི་ཡན་ཆད་དུ་ཁོ་བོ་ཡོན་བདག་གྲྭ་རིགས་མི་
བཟང་ངན། འབྱོར་པ་ཆེ་ཆུང་དད་པ་བརྟན་མི་བརྟན་གང་གི་སར་ཡང༌། ཆོས་ཕར་གཅོད་དགོས་པའི་བླ་མའི་རིགས་དེ་ཡིན། ཚུར་ལ་འབུལ་བ་བཟའ་ཟོས་པའི་བླ་མ་དེ་འདྲ་མིན། ཕར་ལ་མཁས་འཇུག་གི་སྟེར་སྦྱིན་དང་ངོ་བསྟོད་ཡང་བྱེད་མ་མྱོང༌། ཆོས་འཚོང་མཁན་མིན། ཆོས་སྟེར་མཁན་ཡིན། བླ་མ་རླུང་ཞགས་པ་མིན། བླ་མ་རླུང་སྒོམ་མཁན་ཡིན། བླ་མ་བསྐྱེད་རིམ་པ་མིན། བླ་མ་རྫོགས་རིམ་པ་ཡིན། བླ་མ་རང་དོན་པ་མིན། བླ་མ་གཞན་ཕན་པ་ཡིན། བླ་མ་ལས་མཐའ་པ་མིན། བླ་མ་ལས་དག་པ་ཡིན། དགེ་བཤེས་སྡིག་པོ་ཆེ་དེ་མིན། བྱ་བྲལ་ཐོས་རྒྱ་ཆེན་པོ་གཅིག་ཡིན། འཕགས་པ་དམྱལ་བའི་གཏིང་རྡོ་དེ་མིན། སོ་སྐྱེས་ཐར་ལམ་གསལ་བྱེད་གཅིག་ཡིན། ཟང་ཟིང་ནོར་ལ་བརྗེ་བོ་བྱས། །དམ་པའི་ཆོས་ནི་བརྡལ་པོར་བཏང༌། །ཧ་ཧ་འདི་ཡང་ལུགས་གཅིག་ཡིན། །ཤི་མཐས་ཀོ་མཐས་བྱེད་རི་ཤི །འདི་སྐབས་བླ་མའི་དོན་དུ་རྟེན་བཞེངས་པའི་རྟེན་འབྲེལ་གྱིས་མི་རིང་བར་ལོངས་སྤྱོད་མངའ་ཐང་ཇེ་འཕེལ་དུ་སོང༌། འགའ་ཞིག་བླ་མའི་ཕྱིར་དུ་རྟེན་སོགས་ལ་འབད་ཀྱང༌། མཐོང་ཆོས་ཀྱི་ཕན་ཡོན་འཕྲལ་དུ་མི་ཡོང་བ་དེ། ཕལ་ཆེར་བསམ་པ་མ་དག་པའི་སྐྱོན་དུ་སྣང་ཞིང༌། ཁ་ཅིག་ནི་བླ་མ་རང་གི་ཡང་སྐྱོན་ནོ་སྙམ་མོ་འདིའི་སྐབས་སུ་ཚེས་བཅུ་གསུམ་གྱི་ནུབ་མོ་བླ་མ་ཆེན་པོའི་སྐུ་གདུང་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོར་བསྒྲུབས་ཏེ། ཐབས་ཀྱི་དབུས་སུ་ཞུགས་མེ་སྒྲོན་པའི་ཚེ། སྔ་དྲོ་མེ་ཏོག་གི་ཆར་དང་འཇའ་སྤྲིན་ངོ་མཚར་ཆེ་བ་དང༌། དགོང་ཇ་ཙམ་ནས་ཤར་ཕྱོགས་སུ་དབྱར་དུས་ཀྱི་འཇའ་ཚོན་ལེགས་པོ་དེ་ཁོ་ན་འདྲ་བ་གསལ་བར་ཟུག་པ་ཡུན་རིང་དུ་གནས་པ་བྱུང༌། དུས་སྐབས་ཧོར་ཟླ་དགུ་པ་ཡིན་ཞིང་ཆར་ཟིམ་ལ་སོགས་པ་གང་གིས་ཀྱང་རྐྱེན་མེད་པས། ཡ་མཚན་ཆེ་བར་མངོན། སྤུར་ཁང་ཕྱེ་བའི་ཚེ་གདུང་རུས་སྙིམ་པ་
གསུམ་ཙམ་ལས་མི་སྣང་ཞིང༌། ཕལ་ཆེར་ཅུང་ཟིའམ་ཞུ་དཀར་གྱི་རྡོ་འདྲ་བའི་རྣམ་པར་འདུག བསྐལ་དུས་རྙིངས་པ་འདི་ལ་གདུང་སྐལ་ཁྱབ་ཆེས་པ་ལའང་དགོས་པ་མི་འདུག་པས་དད་ཅན་གལ་ཆེ་བ་འགའ་རེ་ལ་གདུང་སྐལ་གྱི་དམིགས་ཅུང་ཟད་མ་གཏོགས། ཐམས་ཅད་ཟ་མ་ཏོག་གི་ནང་དུ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྐུ་བརྙན་དང་ལྷན་དུ་མཆོད་རྟེན་གྱི་བུམ་པར་བཞུགས་སུ་གསོལ། དེང་སང་འདི་སྐད་ཅེས་གདུང་རུས་ནང་རྟེན་དུ་བཞུགས་པ་དང་གདུང་དངོས་སུ་བཅུག་པ་ནི་ལྷ་ཁང་དུར་ཁྲོད་དུ་འགྱུར་བས་མི་ཤེས་ཤིང་ཡུལ་དེ་ལ་ཡང་གནོད་དོ་ཞེས་ཟེར་ཞིང༌། རུས་པའི་རང་མཚན་མེད་པར་ཐལ་བར་སྦྱངས་ཏེ་ཚ་ཚར་བསྒྲུབས་པ་བཞུགས་པར་འདོད་ལ། རྒྱུ་མཚན་འཕགས་པ་ཡིན་ན་རུས་བུ་བཞུགས་པ་མཆོག་ཡིན་ཀྱང༌། བླ་མ་རྣམས་སོ་སོ་སྐྱེ་བོ་ཡིན་པའི་ཕྱིར་རོ་ཞེས་དེང་སང་གི་དཔྱོད་ལྡན་དུ་རེ་བ་ཕལ་ཆེ་བ་འདོད་ཀྱིན་འདུག་སྟེ། གསང་སྔགས་པའི་བླ་མ་དེ་དཀོན་མཆོག་གི་གྲ་ནས་ཕུད་པ་ཁ་ཕྱི་ཟོད་ཟད་ཀྱི་གཏམ་ཡིན་མཁས་པ་འདི་ཚོ་རང་ཁ་ནང་གི་ལྤགས་པ་འཐུག་གྲགས་པས་དགའ་མོ་ཡོད་གིན་ཡོད་འདུག འུ་ཅག་ནི་རྩ་བའི་བླ་མ་སོ་སོ་སྐྱེ་བོ་ཡིན་ཟེར་བ་ཁ་ཤིན་ཏུ་རང་ཚའམ་སེམས། མི་མཁས་པ་ཕལ་ཆེར་ནི། བླུན་དད་ཉིད་ཀྱི་སྒོ་ནས་གདུང་རུས་ནང་རྟེན་དུ་བྱེད་པ་ལ་དགའ་བར་ཡང་བྱེད་དོ། །དེ་ནས་སློབ་མས་བླ་མ་ལ་སོ་སོ་སྐྱེ་བོ་ཡིན་ཞེས་ཁ་གདངས་ནས་ངོ་མཐོན་དུ་བརྗོད་པར་མི་སྤོབས་ལ། འོན་ཀྱང་ཐེ་ཚོམ་ཟ་ན་ཚ་ཚར་བསྒྲུབས་ཏེ་བཞུགས་པ་སོགས་ལོས་ཀྱང་འཐད། གང་ཟག་དེ་ཉིད་ལ་ཕན་གནོད་ནི་སངས་རྒྱས་ཀྱིས་དངོས་སུ་གསལ་བར་མ་གསུངས་པས་རིག་གྲས་ཀྱིས་ལུང་བསྟན་བྱེད་དཀའ་ལ་གནོད་པར་ངཻས་ན་ནི་བ་སོ་དང་རུས་པ་ལ་ལྷ་སྐུ་བརྐོས་པ་
ལ་ཡང་སེམས་ཅན་དེ་ལ་གནོད་པར་ཐལ་བར་ནི་འགྱུར། དུར་ཁྲོད་སྐྱོན་དུ་འགྱུར་ན་ནི། འཕགས་པ་ཡིན་ཡང་སྐྱོན་དེ་ཡོད་པར་མངོན། འཕགས་པའི་སྤུར་སྐྱེལ་ས་དེ་ཡང་དུར་ཁྲོད་ཀ་ཡིན་མོད། དུར་ཁྲོད་དུ་གྱུར་ཀྱང་གསང་སྔགས་ཀྱི་རྣལ་འབྱོར་པ་ལ་ནི་བཀྲ་མི་ཤིས་པ་ཡང་མ་ཡིན། དེར་མ་ཟད་འདུལ་བ་ལས་ཀྱང་གྲང་ཁང་དུ་དུར་ཁྲོད་འབྲི་བར་གསུངས་པ་ཀུན་ལ་ཡང་སྐྱོན་འདོགས་སམ་ཅི། འདིར་ནི་དམ་པ་ལ་འདི་ཕལ་པའི་ས་ལས་འདས་པའི་ངེས་ཤེས་བརྟན་པོ་ཡོད་ཅིང་གདུང་རུས་རིན་པོ་ཆེ་དང་མཚུངས་པར་གྱུར་པ་དེ། སླར་ཡང་ཕྱེ་མར་བགྱིད་པའི་བློ་ངན་ཅི་ཞིག་བྱེད། དེ་རྗེས་སུ་གཞུང་ཆུ་ལ་གཏོར་མ་བཏང་བས་ཆུ་མིག་ཞིག་ཀྱང་གསར་དུ་བརྡོལ། འཚམས་ཐུང་ཙམ་བྱས་པས་ལྟས་ཀྱང་བཟང་བར་བྱུང༌། གཙང་ནས་སྡེ་པ་ཀར་བསྟན་དྲུང་ལ་ཤིན་ཏུ་མཛེར་པའི་རྟགས་གསལ་པོ་ཡང་ཡང་བྱུང་ཡང་དེ་ལོ་ཐུགས་འགྱུར་རེ་འདུག་པས་སྐུ་རིམ་སོགས་སྙན་འབུལ་མ་བྱས། བལ་པོ་བཟོ་བོ་རྣམས་སླར་ངམ་རིང་ལ་འགྲོ་སྐབས་བརྒྱན་བུ་གཉེར་པ་བཤེས་གཉེན་པས་ཅི་ལོད་ལོད་བྱས་ཤིང༌། སྤྱོར་བརྟོད་ཀྱི་ཡི་གེ་རྟེན་བཅས་མི་ལེན་པར་མ་ཟད་ས་ལ་རྡེབས་པ་སོགས་ཤིན་ཏུ་འུར་བར་འདུག་ནའང༌། ཟླ་གཅིག་ཙམ་ནས་ཁོང་རང་བཏེགརྒྱུ་ཚང་བ་ལས་འབྲས་བུ་ཡོང་བ་ཆོས་ཉིད་དུ་གད་སྤ་ལུང་ལའང་མི་འདོད་བཞིན་དུ་ཁོར་ཙམ་ཕྱིན། དེ་རྗེས་ཅིག་ཉོའི་ནང་བརྒྱུད་ནས་དིང་རི་ནས་ལུང་དང་དགོན་པ་རྒྱ་ལུང་སོགས་སུ་ཁོར་ཙམ་ཕྱིན་ཆོས་འབྲེལ་མང་རབ་བྱས། དིང་རི་ཕྱོགས་སུ་ནས་སྟེར་མཁན་བྱུང་བ་འདྲ་ལ་ཆ་རྐྱེན་བྱས། རྒྱ་ལུང་དུ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་
མཆོད་གཙུགས། འདི་དགོན་ཆུང་ཡིན་ཡང་བར་ཆད་བྱེད་མཁན་མེད་པས་བཙུན་གསར་བྱེད་མཁན་ཡང་མང་དུ་བྱུང༌། བྲག་སྟོད་ཕྱོགས་སུ་ནི་སྤྱི་བབས་སྔ་གོང་ཡུལ་ཕྱོགས་དེ་ཀུན་ན་ལོ་ཉེས་སོགས་བར་སྐབས་སུ་མི་འདོད་པ་དུ་མ་ཡོད་ཀྱང༌། རྟེན་བཞེངས་རྣམས་བཀྲ་ཤིས་པའི་དེ་ནས་ད་ལྟའི་བར་ཤིན་ཏུ་བདེ་བར་བྱུང་བ་འདི་ཡིན་ནའང༌། རྒྱན་བུ་རྫོང་དཔོན་ཆོས་དགོན་པ་ལ་སྙེན་བཀུར་བྱེད་མི་ཡང་འགེགས་ཤིང་བཙུན་གསར་བྱེད་ས་མེད་པ་དང༌། ཐ་ན་གནས་སྐོར་རྟེན་མཇལ་སོགས་ཀྱང་བྱེད་ས་མེད་པའི་ནག་ཡིག་འགྲེམས་ཤིང་སྒྲོག་པར་བྱེད་དོ། །དེ་སྟབས་ནས་འདི་སྐབས་བཙུན་གསར་བྱེད་མི་ནི་མ་བྱུང༌། འོན་ཀྱང་ད་ནི་དགོན་པ་སྟངས་ཞན་དུ་ནི་མི་འགྲོ་ལས་ཆེ་སྙམ་སྟེ་ད་དུང་རིམ་པས་རྟགས་མངོན་དུ་འགྱུར་རོ། །བྲག་སྟོད་དུ་ཚོགས་ཆོས་ཀྱང་ཅི་རིགས་བཤད། ལྕགས་ཟམ་པ་སྒེར་པ་ཆོས་རྗེ་ངག་དབང་པ་ལ་ཤངས་ཆོས་གང་ཞིབ་ཅིག་བྱས། སླར་འདུ་ཁང་བཞེང་རྒྱུའི་ཤིང་བཟོ་གལ་ཆེ་བ་རྣམས་ཀྱང་གྲུབ། བྱ་ལོའི་ནང་དུ་འདུ་ཁང་བཞེང་རྒྱུའི་བཀོད་པ་སོགས་ཀྱང་བགྱིས། སྔ་སོར་ལུག་ལོའི་དགུན་ཆོས་ཀྱི་སྐབས། ངམ་རིང་སྡེ་སྲིད་དུ་མུ་ཏིག་ཆེན་མོ་མང་རབ་དང༌། གཡུ་གོས་དར་སོགས་ཞུ་རྟེན་བཟང་བ་རང་ཕུལ། བླ་མ་དམ་པ་དེ་ཉིད་ཆེད་ཀྱིས་སྤྱན་འདྲེན་གནང་བ་དང༌། གནས་སྐབས་སུ་རྐྱེན་དེས་སྐུ་འདས་པའང་ཡིན། སྐུ་འདའ་ས་ཚུན་ཐམས་ཅད་ནས་ཐུགས་ཁུར་བཞེས་པའི་བཀའ་བབས་འདུག་བསམ་བསྟན་པའི་རྒྱུན་ལ་ དགོངས་པའི་ཆོས་གཞིས་ཙམ་ཞུས་པ ་ཡིན་ནའང་གནང་མ་ཐུབ། ཉིན་གཅིག་འཁར་ལུང་ཡོང་གསུང་ནའང༌། དེའི་སང་རང་འགྱུར་ནས་མི་ཡོང་གསུང༌། དེ་ཁའི་དོད་དུ་སྤྱི་
དང་བླ་བྲང་ཡོངས་སྡོམས་ལ་ནས་ཁལ་སྟོང་ཕྲག་གཅིག་སྤྱི་སའི་རྣམས་བསྟན་པ་ནམ་གནས་པར་དང༌། བླ་བྲང་གི་རྣམས་ངེད་རང་གིས་འཛིན་བདག་བྱེད་རིན་གནང་བའི་ཞལ་བཞེས་ཡོད་པ་ལྟར་གྱི་འདི་ལོའི་ཡོང་སྒོ་རྣམས་རྩིས་བླངས། སྡེ་སྲིད་ནས་དངུལ་གདུང་ལ་དཀར་མེ་ཁོར་ཡུག་གཅིག་ཀྱང་འཛུགས་པ་གནང༌། འདི་སྐབས་ངམ་རིང་དུ་ཡོང་དགོས་ཚུལ་ནན་ཆགས་ཕེབས་ནའང་དུས་འཁྲིད་ཆག་དོགས་ནས་མ་ཕྱིན་ཞིང༌། ཡ་བྱང་སོགས་ལམ་ཞོར་ལ་ཡོང་དགོས་ཟེར་བ་རྣམས་ལ་ཁྱག་ཁྱོག་མ་བྱས་པར་ལམ་བསྲངས་ཏེ་ཇོ་ནང་དུ་དུས་ཆོས་ལ་སླེབ་པར་བྱས། འདི་ལོ་འཁྲིད་གསར་བ་ཤིན་ཏུ་མང་ཞིང་འཁྲིད་ལོ་ཡང་ལེགས། བླ་བྲང་གི་མཁར་ལས་དང་རྟེན་བཞེངས་སོགས་འདི་ལྟར་བྱེད་དགོས་པ་འདུག་སྙམ་པ་གློ་བུར་དུ་བློ་ལ་ཤར། ཧོར་ཟླ་དང་པོའི་ཚེས་བཅུའི་ཉིན། དངོས་གཞིའི་དམ་པོའི་མཚམས་ཀྱི་སྒང་ཞིག་ལ། བསམ་རྩེ་ནས་ངེད་ལ་འབོད་མི་གྲོ་མོ་ཆེ་བ་བྱུང་འར་འུར་འདྲ་བྱེད་ཀྱིན་འདུག ཁོང་ཡང་དུས་སྡེ་པ་ཀར་བསྟན་དྲུང་སྙེལ་བ་རང་མེད་པ་འདུག་ནའང༌། ཁོང་པ་འདིར་དེ་རིང་སླེབ་རྒྱུའི་མདང་ནུབ་དེ་སྙེལ་ཡོད་པར་གདའ། ལྟས་ཀྱང་འཚུབ་པ་ནས་ཁོང་ལ་རེ་ཞིག་ཁས་མ་བླངས། ཡང་སྐུ་ལྟེམ་པ་ཡིན་ཟེར་ནས་མགྲོན་གཉེར་འཇམ་དབྱངས་སོགས་ཚེས་བཅུ་གསུམ་གྱི་ཉིན་མོ་སླེབ། སྔ་སོར་དབུས་དམག་རྟིང་མ་མཛད་པས་སྐུ་ཚེ་ལ་གནོད་ཅིང་སྔ་ཕྱིར་ལྟས་ཀྱང་ཤིན་ཏུ་ངན་པས་སྐུ་ཁམས་མཐར་ཐོན་མི་ཡོང་ངེས་སྙམ། མཚམས་འོག་ཏུ་ཁོང་ཚོ་ལ་ངག་འཕྲད་ཙམ་བྱས། ནམ་ཡོང་ངེས་ཅན་ནི་ཁས་མ་བླངས་བྱིན་རླབས་རྟེན་དང་
དུང་རྫས་སོགས་བསྐུར་དེ་འབྱོར་པའི་ཉིན་མོ་སྐུ་ཁམས་བདེ་ཙམ་བྱུང་འདུག་ནའང་ཚེས་བཅུ་དྲུག་གི་ཉིན་མོ་སྐུ་མ་འཚོ། མགྱོགས་བསྔོའི་རྟེན་ཡང་འཕྲལ་དུ་སླེབ། དེ་མཐུན་གང་མྱུར་འགྲོ་དགོས་ཤར་ཏེ། འཁྲིད་འཕྲོ་མགྱོགས་པོ་བྱས། ཉེར་གསུམ་གྱི་ཉིན་མོ་ཐོན་པའི་སྔ་དྲོ་ཡོང་ཁར་བླ་བྲང་གསར་རྒྱག་གི་ས་ཆོག་རྣམས་བྱས་ཤིང་དེར་ཡང་ལམ་བཀྲ་ཡང་བཟང་ཙམ་དང༌། ལྕགས་ཁ་བཀྲ་ཤིས་རྩེའི་གདོང་དེར་གནས་བརྟན་བཅུ་དྲུག་དང༌། རྣམ་ཐོས་སྲས་ཀྱི་སྐུ་ལ་རབ་གནས་ཞུ་མཁན་ཞིག་ཀྱང་བྱུང་བའང་ཤིན་ཏུ་བཟང༌། རི་ཀླུངས་ཐམས་ཅད་ཁ་བ་བབས་པའི་སྐྱ་ལམ་མེ་འདུག་པས་ཡིད་སྤྲོ་བ་ཞིག་ཀྱང་ཤར། སྤྱི་དེ་སྐབས་ཀྱི་ཁ་བ་དེ་ཁྲོ་ཕུའི་དགོན་པ་གསར་འདེབས་ལ་སྡེ་པ་གསེར་མ་ནས་རང་ལ་འཚུབ་ཀྱི་རྣམ་པ་ཡིན་པར་འདུག་ནའང༌། ངེད་ལ་རྟེན་འབྲེལ་ལེགས་པ་ཅིག་བྱུང༌། རྟིང་སོར་ཇོ་ནང་བླ་བྲང་གསར་འདེབས་ཀྱི་འགྲམ་འདིངས་པའི་ཉིན། གཙང་ས་ནས་ངེད་ལ་འཕགས་པ་སའི་སྙིང་པོའི་ལི་སྐུ་ལེགས་པ་ཅིག་གནང་བྱུང་བ་འགྲིག་པ་སོགས་ལྟས་བཟང་པོ་ཡང་རིམ་པས་བྱུང༌། དེ་སྐབས་རྩེ་རུ་སླེབ་ནས་རེ་ཤིག་གསང་སྒོའི་ཚུལ་དང་བསྟུན་པའི་ཕྱི་ལྟར་དུ་དབང་འབུལ་གྱིན་ཡོད་པའི་ཚུལ་བྱས་ནས། མི་འཁྲུགས་པའི་ཆོ་ག་རེ་བཏང༌། མཚན་བརྗོད་པ་སོགས་དགེ་འདུན་མང་པོ་ལ་འཚོམ་ཆེན་དུ་ཚོགས་བདག་དཀར་པོ་སོགས་ཆོས་འབྲེལ་འདྲ་བྱས། སླེབ་ནས་ཟླ་ཕྱེད་སྐོར་ནས་གསངས་བརྡོལ། ཆོག་གྲྭ་ཆེ་བ་འཛུགས་པ་མཛད། ཞལ་ངོ་སྔ་མ་འདས་གྲོངས་བྱུང་བ་རྣམས་ལ་ཀར་ལུགས་ཀྱི་སེར་གསོགས་ལས་གཞན་པའི་ཆོག་གྲྭ་རྒྱ་ཆེ་བ་
ཡང་མ་བྱུང་ཞིང༌། ཅུང་ཟད་ཡོད་པ་ཡང་ཕྱོགས་རིས་ཅན་ཁོ་ན་ཡིན་འདུག་ནའང༌། འདི་སྐབས་གྲུབ་མཐའ་ཕྱོགས་མེད་ཀྱི་ཆོག་གྲྭ་འཛུགས་པར་མཛད། མཐར་སྤུང་བཞུ་སོགས་ཐམས་ཅད་རྗེས་གཙང་བར་བསྒྲུབས། དགོངས་རྫོགས་རྒྱ་ཁྱོན་ཆེ་བ་སྡིག་དང་མ་འདྲེས་པར་བྱུང༌། དེ་ཡང་སྐུ་འབྲིང་པའི་དྲུང་དང་ཞབས་དྲུང་རྒྱལ་བུ་ཡབ་སྲས་གཉིས་ཀར་ལ་ངས་ཆོག་གྲྭ་འདི་ཕྱོགས་མེད་རིས་མེད་རྒྱ་ཆཻ་བ་རང་གནང་དགོས་ཞུས་པས་དེ་འཕྲལ་ཞལ་བཀོད་གནང་སོང༌། སྔར་སྲོལ་མེད་པའི་ངཽར་ཞ་ལུ་སོགས་འདི་ནས་གཟུང་ནས་ཆུག་པ་ཡིན། ཁོ་རང་ཚོས་ཕོ་སྐྱེས་ནས་བྱུང་བ་ཡེ་མེད། འདི་སྐབས་སྐྱེད་རུ་བ་སྡེ་པ་རྒྱལ་ལས་བརྒྱུད་ཡར་རྒྱབ་ནས་འཕྲལ་དུ་ཡོང་དགོས་ཚུལ་ནན་ཅན་རང་གསུང་གིན་འདུག ལོ་འདིའི་ནང་དུ་འབོད་མི་ཡང་ཡང་དང་གཙང་སའི་ངོ་སྤྲོན་སོགས་བྱུང་ནའང་ལྟས་བཟང་པོ་ལར་མི་འདུག་པས་བློ་ཐག་བཅད། དེར་སྐུ་ཚིགས་ཞེ་དགུ་གྲོལ་ནས་ངེད་ཀྱིས་ཤངས་ཕྱོགས་སུ་ཕྱིན། སྒྲུབ་གནས་འཇུག་ཏུ་ཤངས་ཆོས་ཐན་ཐུན་མང་དུ་བཤད། དོན་གཉེར་འགའ་ལ་གཅོད་ཁྲིད་སོགས་ཉེར་མཁོ་འགའ་ཡང་བྱས། སྟག་སྣའི་དགོན་པར་འབོད་མི་བྱུང་བ་བཞིན་ཕྱིན། ཕ་རིན་པོ་ཆེ་ཏྲེ་བོ་སྤྲུལ་པའི་སྐུའི་དངུལ་གདུང་ལ་རབ་གནས་དང༌། ཚོགས་པ་རྣམས་ལ་ཆོས་འབྲེལ་ཙམ་བཤད། མི་ཤངས་ཆོས་འཁོར་གླིང་དུ་ཁོར་ཙམ་ཕྱིན་དེ་མི་དམངས་ལ་ཁྲོམ་དབང་ཞིག་ཀྱང་བྱས། སླར་ཡང་འཇག་ཏུ་ཁོར་ཙམ་འོངས་ནས་གྲྭ་ཚང་ཆེན་མོ་སོགས་ལམ་དུ་ཡང་འགྲོ་དོན་ཅི་རིགས་པ་
དང་བཅས་ཏེ། ཉུག་རྒྱལ་ཁང་དུ་ཕྱིན་ཞག་གསུམ་བསྡད། ནང་སོ་ཞལ་ངོ་སོགས་སོ་སོ་ལ་དོན་གཉེར་གྱི་ཆོས་ཐན་ཐུན་བསྒྲུབས་ཤིང༌། དེ་རྗེས་གསེར་མདོག་ཅན་དུ་ཞག་བརྒྱད་ཙམ་གྱི་རིང་ལ་ཚོགས་པ་ཐམས་ཅད་ལ་དུས་ཀྱི་འཁོར་ལོའི་དབང་རྒྱས་པ་དང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་ཚོགས་སྤྱི་དང༌། སྒོས་སོ་སོར་དབང་བྱིན་རླབས་སོགས་སྔགས་ཆོས་མང་བ་དང༌། བླ་བྲང་དང་ཤངས་པ་གྲྭ་ཚང་གཉིས་སུ་བསྙེན་རྫོགས་སྒྲུབ་པ་ཡང་ཤིན་ཏུ་མང་བར་བྱུང༌། མཁན་ཆེན་འཇམ་མགོན་ལྷུན་གྲུབ་ཀྱིས་རྟེན་བཞེངས་མཛད་པའི་ཐུབ་པ་ཇོ་ཚད་མ་དེ་ལ། དུས་འཁོར་གྱི་ཆོ་གའི་སྟེང་ནས་རབ་གནས་ཀྱང་བྱས། བྲག་དཀར་ཆོས་རྗེ་དྲུང་དང་ཡང་དེ་དུས་ཐོག་མར་འཕྲད་པ་ཡིན། སྒྲུབ་གནས་བསམ་གཏན་སྡིངས་སུ་ཡང་ཟླ་ཕྱེད་ཙམ་ལ་གཞིར་བཞུགས་པ་རྣམས་ལ་ཆོས་ཐང་ཐུང་ཅི་རིགས་པ་དང༌། ཤངས་པ་སློབ་དཔོན་པ་སོགས་འགའ་ཤས་ལ་ཕག་མོ་ལྷ་སོ་བདུན་མའི་དབང་དང་སྒྲུབ་དཀྱིལ་གྱི་གཞུང་སོགས་བཤད་ཅིང༌། དེ་ནས་འདོལ་བྱུང་དུ་ཟླ་ཕྱེད་ཙམ་བསྡད་པ་ལ་ཡང་ཞལ་ངོ་རྣམས་ལ་དབང་ཆོས་ཅི་རིགས་པ་དང༌། ཆོས་ཞུ་བ་རྣམས་ལ་རྡོ་རྗེ་གཏུམ་པོའི་དབང་དང༌། འཁོར་ལོ་སྡོམ་པའི་བསྐྱེད་རིམ་གྱི་བཤད་པ་དང་རང་རེའི་བརྩམས་ཆོས་མང་དག་སོགས་ཆོས་བཤད་རེམ་པར་བྱས། ཡར་ལམ་འབྲོང་རྩེ་བརྒྱུད་ནས་རྩེ་ཆེན་དུ་འབྱོར་ཞིང༌། སྔ་སོར་རྩ་ཆེན་ཆོས་སྡེའི་གདན་ས་མཁན་ཆེན་རབ་མཛེས་པ་སྐུ་གཤེགས་འཕྲལ་ནས། སླར་ཡང་ངེད་ལ་བྱེད་དགོས་ཚུལ་གྱི་གསུང་བྲིས་རིམ་ཅན་དུ་ཡོད་པ་དང༌། འདི་སྐབས་ཀྱང་བྱེད་དགོས་ཚུལ་ནན་
ཆགས་ཆེ་ཆེ་སྐད་ཡང་ཡང་མཛད་ཀྱི་འདུག་ཀྱང་ཞལ་ཁོ་ན་ལས་སྙིང་ནས་མིན་པར་ཡང་འདུག ཆོས་སྡེ་པ་ཕལ་ཆེར་བློ་འདུན་པར་ཡང་འདུག་མོད། ཕྱོགས་དེ་ཀུན་སྔར་ལས་རྣམ་པར་འགྱུར་བའི་བུན་ནེ་པ་ཞིག་ལས་མི་འདུག་པས་བྱེད་འདོད་ཀྱང་ཡེ་མ་སྐྱེས། དབུ་མཛད་མཁར་ཐོག་པ་ལ་ཧེ་རུ་ཀའི་འདུ་ཤེས་རང་མཛད་ཀྱིན་འདུག་པ་ལ་བཟང་རབས་དམའ་འབེབས་རང་བྱེད་པའི་སྐབས་དེ་ཡིན། འདིར་ཡང་ཆོས་ཞུ་བ་རྣམས་ལ་ཆོས་སྣ་མ་ངེས་པ་ཐན་ཐུན་སྣ་ཚོགས་དང༌། ཞལ་ངོ་སོགས་ལ་ཡང་བཞེད་པ་དང་མཐུན་པའི་དབང་ཆོས་ཅི་རིགས་བཤད། གསུང་རབ་དང་རྟེན་གསར་བཞེངས་རྣམས་ལ་རབ་གནས་ཀྱང་བགྱིས། ཞལ་ངོ་རྣམ་དག་མང་མཁར་གནས་པའི་ཆོས་མཛད་ད་ལྟ་མཁས་པ་སངས་རྡཽར་བར་གྲགས་པ་འདི་སོགས་ལ་ཞེན་པ་བཞི་བྲལ་གྱི་ཁྲིད་ཅིག་དགོས་གསུང་བ་ལྟར་རྒྱུད་ཅི་འཁུལ་གྱི་ཁུངས་སུ་བཤད་པས། ཆོས་མཛད་ཁོང་རེས་བྱ་བྲལ་གྱི་ཁུངས་བྱས་ཀྱི་རྟིང་ལ། ལྷུན་རྩེར་ཞུ་ལོག་ཕུལ་ཁོང་རང་ཚང་གི་གྲྭ་པ་མང་པོ་ཁྲིམས་ལ་སྦྱར་བ་སོགས་རང་གི་བྱ་བྱེད་ཀྱི་མནོང་ལ་ཕོགས་སྟེ་ཆོས་ཞུ་འཕྲོ་ལ་སླེབ་མ་བྱུང་བས་ངོ་མཚར་ཞིང་རྒོད་བྲོ་བར་བྱུང༌། རྒྱལ་རྩེར་ཡང་ཕྱིན་ཅིང་སྡོད་ས་ཟིལ་གནོན་གྱི་གཟིམས་ཁང་གསར་པ་དེར་བྱས། ཞལ་ངོ་རྣམས་སུ་ཚེ་བཀའ་སོགས་རྐྱེན་སེལ་མང་དག་དང༌། དབང་ཆ་གཅིག་ལ་བདེ་མཆོག་ལཱུ་ཧི་པའི་དབང༌། ས་དགེ་ཞ་ལུ་བ་སོགས་སྣ་ཚོགས་འདྲེས་པའི་བླ་མ་སློབ་དཔོན་དགེ་བཤེས་མང་དག་ལ། དཔལ་གསང་འདུས་རིམ་ལྔའི་ཁྲིད་མར་འགོས་གཉིས་ཀྱི་ལུགས་ཆ་ཚང་བ་དམིགས་པ་རྣམས་སྤུངས་ཀྱིན་བཤད། ཡང་མར་ལམ་རྩེ་ཆེན་ཀླུ་སྡིངས་སུ་ཞག་གཅིག་བསྡད། འདི་དུས་རྩེ་ཆེན་དུ་སྔ་ཕྱི་གཉིས་ཅར་
ལ་ཆོས་བདག་བཟང་ར་བབས་ནས། ཆོས་སྡེའི་འཛིན་བདག་བྱེད་དགོས་ཚུལ་ནན་ཆགས་བྱེད། ཕྱིས་ཀྱི་རྟེན་འབྲེལ་འགའ་ལ་བསམས་ཁོང་རང་གི་མངོན་དུ་ཅུང་ཟད་ཙམ་ཁས་བླངས། དེ་རྗེས་སྐྱེ་མཁར་གྱི་ཆུ་ཚན་ཞག་ཤས་བསྟེན་པས་ལུས་ལ་ཡང་འཕྲོད་རབ་བྱུང༌། འདོལ་བྱུང་དུ་སླེབ་དུས་འབྲང་ཕུ་ནས་ཨ་མ་ལགས་དཔོན་གཡོག་ཀྱང་ཕེབས་བྱུང༌། སྔ་སོར་རྩེ་ཆེན་དུ་སླེབ་དུས་ནས་འབྱོར་རྒྱས་པ་འབོད་མི་ལ་གནང་བ་ལྟར་རིམ་པས་བསམ་འགྲུབ་རྩེར་སླེབ། ཡབ་སྲས་རྣམས་སུ་ཕྱག་ཆེན་གའུ་མའི་ཁྲིད་དང༌། དབང་རྗེས་གནང་མང་དག་ཕུལ། འདི་སྐབས་ཁྲོ་ཕུར་རྡིབ་བཅོམ་བྱུང་འུ་ལག་པ་སུམ་ཅུ་སྐོར་ཤི་པའི་སྐབས་དེ་ཡིན། ཧོར་ཟླ་བདུན་པའི་ཚེས་གཅིག་ལ་སླར་ཡང་ཁྲི་ཁང་དུ་སླེབ་བཞེད་ དགོངས་དང་མཐུན་པའི་ཆོས་ཐན་ཐུན་ཕུལ། མགོན་ཁང་གསར་པ ་ལ་རབ་གནས་དང་རྟེན་གཏོར་འཛུགས་པ་སོགས་བྱས་དེ་ཁང་པ་ཁ་ཕྱིར་བལྟས་བག་མ་ཕེབས་པོ་ཅིག་འདུག ཆོས་རྗེ་གནས་གསར་པ་ཡང་འཕྲད་དུ་ཕེབས་བྱུང༌། ཚེ་དབང་ཞིག་དགོས་གསུང་བ་ལྟར་བྱས། གནས་གསར་ནས་སྡེ་པའི་ཕྱག་ནས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ཐང་རྒྱ་གར་མ་དུས་ཞབས་པ་ཆུང་ངུའི་ཐུགས་དམ་རྟེན་ཡིན་ཟེར་བ། སྔོན་ཇོ་ནང་པ་རང་གི་ཡིན་ནམ་ཟེར། གང་ལྟར་རྗེ་སྒོ་རུམ་པས་རིན་པོ་ཆེ་མཁྱེན་བརྩེ་བ་ལ་གནང་བ་དེ། རྟ་ཆས་གསེར་ཆས་ཤིག་བྱུང་ན་ངེད་ལ་ཅིས་ཀྱང་སྟེར་བ་ཡིན་ཟེར་གྱིན་འདུག་པས། སྡེ་ པ་ཀར་བསྟན་དྲུང་གི་དགོངས ་རྫོགས་སྐབས་བྱུང་བའི་གསེར་ཆས་སྒ་འཁོར་ཚང་མ་དང་རལ་གྲི་མགོ་ཤུབས་ལེགས་པ་དང་བཅས་པ་གཞན་ཡང་ཇ་གོས་དར་སོགས་བསླུ་
ཡོན་གྱིས་ཐུགས་ཚིམ་པར་བྱས་དེ་ཐང་ཀ་བླངས། ཁོང་རང་ཡང་ལྷག་པར་མགུ་ཞལ་བཞི་ཡོངས་རྫོགས་ཀྱི་བྲིས་ཐང་ཞིག་ཀྱང་རྟིང་ནས་བསྐུར་བྱུང༌། དེ་ནས་སྣར་ཐར་གྱི་ཕུན་ཚོགས་གླིང་དུ་ཡུམ་སྲས་རྣམས་ཀྱི་གསུང་ནན་ཅན་བྱུང་བ་ལྟར་ཞག་བདུན་ཙམ་བསྡད། བྱང་ཆེན་དུ་ཞག་ཉི་ཤུ་སྐོར་བསྡད་ཅིང་མཚམས་ཞག་བདུན་མ་ཞིག་གྲོལ་ནས། སྔར་མ་ཐོབ་པ་འགའ་ཤས་ལ་མི་འཁྲུགས་པའི་དབང༌། རྣལ་འབྱོར་མའི་བྱིན་རླབས། སྤྱི་ཁྱབ་ཏུ་ཐིག་ལེ་བཅུ་དྲུག་གི་དབང་སོགས་ཆོས་བཀའ་ཅི་རིགས་བྱས། འདི་སྐབས་གནས་སྲིན་པོ་རི་ནས་དྲུང་ཡིག་བལ་དུ་བ་གནང་བའི་ཡར་ལམ་གནས་དང་ཁྲོ་ཕུར་ཡང་རབ་གནས་དགོས་ཚུལ་སོགས་ཕེབས་སྒོ་བྱུང་བ་ལ། གནས་སུ་ནི་དགོངས་བཞེད་ལྟར་ཡོང་བ་གཞིར་བཅས། ཁྲོ་ཕུར་འབྲུག་པའི་གྲྭ་ཚང་གསར་འདེབས་གནང་བ་ལ། ངེད་ཀྱི་རབ་གནས་དེ་རང་མཚལ་རང་ལ་བྱས་བཙག་མིའི་དཔེར་ཡང་འགྲོ་ལས་ཆེ་ཞེང༌། ཁོང་བླ་མ་ཚོ་ཡང་མ་དགྱེས་པ་ཅིག་ཡོང༌། རབ་གནས་ལེགས་པའི་ཡོན་མཆོད་རྣམས་བཀྲ་ཤིས་པ་ཇི་ཙམ་བྱུང་རུང༌། འབྲུག་པའི་ཐུགས་རྗེ་ཡིན་ཟེར་བ་ཅིག་ལས་མི་ཡོང༌། དེ་ལས་མ་བྱུང་ཀྱང་ཁྱད་མི་འདུག་སྟེ། ཅི་སྟེ་སྐུ་དོག་དང་བྱུར་ཆགས་ཐུག་པ་འདྲ་བྱུང་ན། ཐོག་མ་རབ་གནས་བྱེད་མཁན་དེས་ཉེས་ཟེར་བ་ཅིག་ཡོང་བས། ཁྲོ་ཕུའི་རབ་གནས་ལ་ཅིས་ཀྱང་དགོངས་གྲོལ་དགོས་ཞེས་ཁ་གསལ་ནས་ཞུས། དེ་མཐུན་གནས་སུ་ཁོར་ཙམ་འབྱོར་སྐབས་གཤེད་དམར་བཅུ་གསུམ་མའི་དབང་སོགས་དགོངས་བཞེད་ཀྱི་ཆོས་རྣམས་ཕུལ། ནུབ་རེ་བཞིན་སེར་བས་སྣ་དྲངས་པའི་དྲག་ཆར་ཡུན་རིང་བ་འབབ་ཅིང༌། ནུབ་གཅིག་
རྫོང་གི་འཁྲིས་སུ་ཐོག་བབས་པ་སོགས་ཕྱི་ནང་གི་ལྟས་ཐམས་ཅད་རྩུབ་ཙམ་བྱུང༌། དེ་རྗེས་ཇོ་ནང་དུ་སྒྲུབ་སྡེ་རྣམས་བསོད་སྙོམས་ལམ་གྱིས་ཙམ་ལ་སླེབ། ཞག་ཉི་ཤུ་སྐོར་ཞིག་བསྡད་པ་བབས་ནས་དོན་མེད་སོག་དལ་དུ་ལས་སེ་བ་ཅིག་བྱུང་ནའང༌། སྟོན་དུས་བཟང་ཞིག་རིག་པ་དྭངས་ལ་སྐྱིད་པར་བྱུང༌། བླ་བྲང་དམ་ཆོས་གླིང་གསར་དུ་བཏབ་པའི་འོག་ཐོག་ཐམས་ཅད་ཁེལ་བ་དང༌། བར་ཐོག་ཀྱང་ཅི་རིགས་ཁེལ་བ་ལ་རབ་གནས་ཀྱང་མདོར་བསྡུས་ཤིག་བྱས། ལས་ཀ་གྲུབ་ཆེ་ཞིང་ཕྱི་ནང་དུ་འཚུབ་དང་ཉེས་སྐྱོན་གྱི་རྣམ་པ་ཡེ་མ་བྱུང་བའི་གཏང་རག་གི་ཚུལ་དུ་གཞོང་སྟོད་ཀྱི་དུར་ཁྲོད་དུ་གཏོར་མ་རྒྱ་ཆེ་བ་ཞིག་བཏང༌། གྲུབ་ཐོབ་འདར་ཕྱར་གྱི་སྒྲུབ་ཕུག་སྟེང་འོག་གཉིས་ཀྱི་འོག་མ་བདག་མེད་མ་དང་བདེ་མཆོག་སོགས་ཞལ་གཟིགས་ས་དང༌། སྟེང་མ་སློབ་དཔོན་པདྨ་དང་མཇལ་ས་ཡིན་པར་སྣང་ཞིང༌། འོག་མར་ཕྱིན་དུས་བྲག་གི་ཕུག་ནས་ཆུ་དྲི་བཟང་ཆེ་བ་ཞིག་གསར་དུ་བརྡོལ་བ་སོགས་ལྟས་མཚར་བ་ཅུང་ཟད་བྱུང༌། ཇོ་ནང་སྐུ་འབུམ་ནང་གི་སྨན་སྐུ་ཆག་གྲུགས་བྱུང་བ་ལ་ཞིག་གསོས་བྱས་པ་ཕལ་ཆེར་འདི་སྐབས་གྲུབ། རྣམ་སྲས་ཀྱི་འཆམ་སྐུ་གཅིག་ཀྱང་བཞེངས། སྔ་སོར་ལོ་འདིའི་དཔྱིད་གསོས་ངམ་རིང་དུ་འགྲོ་རྩིས་ཀྱི་ཁོངས་ཡིན་ནའང༌། གཙང་ལ་འགྲོ་དགོས་སྟབས་ནས་མ་ཐུབ་པས། བསམ་སྡིངས་སུ་ཡོད་དུས་ནས་གཟུང་འཇད་ནས་ཁང་པ་འབོད་མི་ཅར་སྡོད་གནང་བ་ལྟར། འདི་སྐབས་ངམ་རིང་དུ་ཆས་པའི་ལམ་རྩད་སྐོར་དུ་དགོན་པ་གསར་འདེབས་ཀྱི་ས་ཆོག་དང་ཕྱོགས་གཏོར་སོགས་རྒྱས་པར་བྱས། ཕྱོགས་གཏོར་ཚོ་སྐྱེལ་ས་ནོར་བའི་ཟིང་ངེ་བ་གཅིག་བྱུང༌། ཕྱིས་ཡོན་བདག་འཕོ་
བའི་ལྟས་སུ་གདའ། རིམ་པའི་ངམ་རིང་དུ་འབྱོར། སྔོན་མ་རྒྱང་ཙམ་སྡོད་རྩིས་ཡོད་ནའང་གཏིང་སྐྱེས་ལ་འགྲོ་དགོས་སྟབས་ནས་ཟླ་གཅིག་ལས་སྡོད་ལོང་མ་བྱུང༌། དེ་བར་དུ་གཙོ་བོར་སྡེ་སྲིད་ཀྱི་བཞེད་ དགོངས་དང༌། གཞན་བླ་མ་སློབ་དཔོན་སོགས་ཆོས་ཐོབ་དོན་གཉེར་དང་བཅས་པ ་ལ་ཆོས་ནི་འཕེལ་བར་བྱུང༌། ས་གྲང་ཞིང་དགུན་ཉི་མ་ཐུང་བའི་དུས་ཡིན་ནའང་ཆོས་ཐོབ་རྩི་བའི་རིགས་ལ་ཆོས་འགྲོ་ཡང་ཆེ་རབ་བྱུང༌། དེ་ཡང་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞེས་བྱ་བ་རང་རེས་བསྒྲིགས་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་ནོར་ལྷའི་སྐོར་ཡན་ཆད་ཡོངས་སུ་རྫོགས་པ་ལ་རྗེས་གནང་གི་ངོ་བོ་ཉིས་བརྒྱ་ཙམ་ཡོད་པ་ཕལ་ཆེར་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མོ་དང༌། ཕུར་བུ་ས་ལུགས་ཀྱི་དབང་དྲག་པོ་སྒྲོལ་དབང་དང་བཅས་པ། རས་ཆུང་ལུགས་ཀྱི་ཚེ་དཔག་མེད་ལྷ་མང༌། གཞན་ཡང་ཕྱག་རྡོར་སོགས་དབང་དང་ཁྲིད་ཀྱང་མང་དུ་བྱས། ཆགས་སྡང་སྣ་ཚོགས་ལ་བརྟེན་པའི་རྩུབ་ཟིང་ངེ་བ་ཟུར་རོང་ངེ་བ་ཡང་དགོས་པར་བྱུང༌། གཏིང་སྐྱེས་ལ་མགྱོགས་པོ་འགྲོ་དགོས་ཡིན་ནའང༌། ཨ་མ་དྲུང་རྟེན་མཇལ་སོགས་གནང་དགོས་ཀྱི་ཁྱད་ནས། ཆོས་ལུང་དུ་ཡོང་དགོས་བྱུང་བའི་རྟེན་མཇལ་ཞི་བརྒྱས་འབུལ་བ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་ཚེ་དབང་སོགས་རྐྱེན་སེལ་གྱི་དབང་ཡང་མང་དུ་འབུལ་དགོས་སྟབས་ཆོས་ལུང་དུ་ཞག་བདུན་བསྡད་དགོས་བྱུང༌། སྔ་སོར་བསྟན་འཛིན་རིན་པོ་ཆེས་བཞེས་སྤྱོད་མཛད་པའི་མི་སྡེ་གྲོང་རྣམས་ཕལ་ཆེར་སྐབས་འདིར་སྡེ་སྲིད་ལྕམ་སྲིང་སོ་སོ་ནས་ཆོས་ལུང་དུ་སྦྱོར་འཇགས་ཀྱི་རྩིས་སྤྲོད་གནང༌། གྲོང་པ་
ཁ་ཤས་སྨོན་འགྲོ་ནས་ཁ་སྔ་བང་མགྱོགས་ཀྱིས་ཞུས་གྲུབ་ནས་གནང་མ་ཐུབ། མདོག་སྨོན་འགྲོ་བ་འདི་དང་པོ་རྗེ་བཙུན་གྲོལ་མཆོག་ཆོས་ལུང་དུ་ཐོག་མ་ཕེབས་དུས། མཛེ་པོ་ཐར་པ་དང་མཇལ་བའི་རྟེན་འབྲེལ་ལས་ཆོས་ལུང་དུ་དམ་སེལ་ཆེན་པོ་ཡོད་པར་ལུང་བསྟན་མཛད་པ་རྣམ་ཐར་ན་ཡང་ཐེབས་པའི་དམ་སེལ་ཆེན་པོའི་མཚན་གཞི་དེ་སྨོན་འགྲོ་བ་ཁོ་ནར་གདའ། དང་པོ་རང་རྗེ་དམ་པའི་སྐུ་སྐྱེ་མང་པོར་ཉེ་གནས་སུ་གྱུར་པ། དགེ་སློང་དཔལ་འབྱོར་ལ་དཔོན་དྲུང་འཕན་ནེ་རང་གིས་དུག་སྦྱོར་བྱས་བདེན་མི་མང་པོའི་རྒྱས་ཡོད་དབང་པོ་ཅན་དང་ཡིན་འདུག རྗེ་བླ་མས་དགོན་པའི་ཁུར་བཞེས་གནང་དགོས་རྒྱུ་ལ་ཡང༌། འཕན་གྱི་དུས་ཆོས་གསུང་རྒྱུ་ཡོད་ཙམ་མ་གཏོགས་ལར་མ་ཕུལ། ཁོང་འདས་རྗེས་ལོ་ལྔ་ཁུར་བཞེངས་མཛད་པ་ལ་རྩེ་བ་རྣམས་རྦུད་པའི་དམ་འགལ་མངོན་གྱུར་དང་བྱས། སྔ་མོ་ཁོང་ཚོས་གང་ཅིར་མི་རིགས་པ་བྱས་པ་ལ་གྲངས་མེད་པར་འདུག ཕྱིས་ཀྱང་ངེད་ཚོར་གཞོབ་རྡོག་གནོན་རང་གང་ཤེས་བྱས་པ་དང་བླ་མ་རིན་པོ་ཆེ་བྱམས་པའི་དྲུང་སྐུ་གཤེགས་པ་ལ་དར་འཕྱར་བྱེད་པ་སོགས་ཇི་སྙེད་ཅིག་ཡོད། སྔོན་རྗེ་གྲོལ་མཆོག་གི་རྟེན་བཞེངས་སྐབས། ཕྱོགས་ཀྱི་དད་འབུལ་ལ་ཚད་བཟུང་དུ་མེད་སྐབས་དངུལ་སྡེ་ཡངས་གང་དང་གསེར་གཡུ་དྲེའུ་རྒྱབ་མང་པོ་སྨོན་འགྲོ་རང་གིས་ཟོས་ཟེར་བའི་ཁ་སྐད་གྲགས་ཆེན་ཡོད་པ་ཡང་དོན་ལ་བབ་ངེས་ཡིན། རྗེས་སུའང་སྙན་དར་མཆོད་རྫས་དགོན་པའི་ཡོངས་འབབ་ཟ་ཁམ་ལུང་མེད་རྒྱུན་དུ་བྱས་པས། དང་བོ་ཁོ་རང་ཚོ་དགའ་ཚད་ཡོད་པ་ཡིན་ཀྱང་དཀོར་ཟུག་ནས་ཕྱིས་ཁ་ལག་མཐིལ་ལ་ཐུག་པ་ཡིན། དགོན་
པའི་སྒྲིགས་བཤིག་པའི་ཡང་གཙོ་བོ་རང་དེ་ཁོང་ཚོ་ལགས་ནའང༌། ངེད་ཀྱི་ཆ་ནས་འཁོན་བསངས་བ་ཅིག་ཀ་བྱུང་ན་ལེགས་བསམ་པ་དང༌། ཆོས་ལུང་སྒྲུབ་པ་བ་འགའ་རེས་ནན་ཆགས་རེས་བྱས་པ་ལ་བརྟེན་ལུག་ལོ་དཔོན་ས་ལ་བཤགས་པ་བླངས། རིམ་པས་དཔོན་དྲུང་ལ་ཡང་ལེན་རྩིས་ཡིན་ཀྱང་བཤགས་པ་བྱེད་ཟེར་བ་ཁ་ཙམ་ཚིག་ཙམ་ཁོ་ན་ཡིན་པའི་རྟགས་ལོ་གཅིག་ཙམ་ཡང་ངང་སྲིང་མི་ཐུབ་པར་ཁ་དང་དོན་ཐམས་ཅད་ནས་མི་རིགས་པ་ཁོ་ན་བྱུང་བ་དང༌། སྤྱིར་ཁོང་ཚོ་མནའ་དམ་བཞག་དམ་ཚིག་ཐམས་ཅད་སྤངས་དུག་སྦྱོར་ངན་བྱེད་སླུས་མགོ་གཡོགས་སོགས་དྲན་ཚད་ལག་ཏུ་འགེལ་མཁན་དུ་གདའ་བས་འདི་སྐབས་ནས་སླར་ཡང་འབྲེལ་བ་སྤངས། དེ་སྔའི་བྱ་བྱེད་ལ་བརྟེན་རྗེ་བྱམས་པའི་མཚན་ཅན་སོགས་བླ་མ་གོང་མའི་དམ་ཚིག་བསྲུང་བ་ལ་ཡང་དེ་དངོས་ལེགས་པར་བྱུང༌། དེ་ནས་རིམ་གྱིས་ཆས་དེ་ལམ་འགོར་གང་ཡང་མ་བྱས་པར་གཏིང་སྐྱེས་སུ་འབྱོར། ཁོང་ཚོ་ལ་དཔོན་མོ་ཕེབས་པའི་བགེགས་སྐྲོད་དང༌། ཐོག་མར་ཆོས་བཀའ་ཐན་ཐུན་ཅི་རིགས་ཕུལ། གམ་བར་ཡང་ཞག་བཅུ་སྐོར་ཞིག་སོང༌། གསང་འདུས་དང་ཀྱཻ་རྡོར་གྱི་དབང་དང་རྐྱེན་སེལ་མང་རབ་ཕུལ། སླར་ཡང་གཏིང་སྐྱེས་ལ་རྒྱང་ཙམ་བསྡད། གསང་རི་རུ་སྡོད་གནས་ཀྱི་མཁར་ལས་བྱས་པ་ལ་ལྟ་བར་ཕྱིན་ཁང་བཀོད་བློ་དང་མཐུན་པ་ནི་ཡེ་མ་བྱུང་འདུག ཞག་གསུམ་བསྡད་སྐབས་དུས་འཁོར་ཐུགས་དཀྱིལ་རས་བྲིས་ལ་བརྟེན་ནས་ཁང་བ་རབ་གནས་དང༌། རང་གི་གཡོག་རྣམས་ལ་ཆོས་སྣ་མི་གཅིག་པ་བཅུ་གསུམ་གྱི་འགོ་བཙུགས། ཉི་མ་རྟིང་མ་ལ་གཏིང་སྐྱེས་ནས་སྡེ་པ་ཡབ་སྲས་ཀྱང་ཕེབས། ཚེ་མདོའི་བཤད་
པ་ཡོངས་རྫོགས་ཤིག་ཀྱང་བྱས། གཏིང་སྐྱེས་སུ་སྔ་ཕྱིར་མ་ཧཱ་མཱ་ཡ་དང༌། སམ་པུ་ཊིའི་དབང་དང་རང་རེའི་བདེ་མཆོག་གི་བསྟོད་པའི་འགྲཻལ་ཆེན་དང༌། མ་གཅིག་གི་གཅོད་ཁྲིད་ཚར་གཅིག་སོགས་ཆོས་འཕེལ་རབ་ཡང་བྱུང༌། དེ་ནས་ཇོ་ནང་གི་དུས་ཆོས་ཀྱང་རན་པ་ལས་འཕྱིས་པ་ཙམ་དུ་སོང་བས། གཏིང་སྐྱེས་ནས་ཡོངས་བའི་ཉིན་རླུང་འཚུབ་ཆེ་སེ་བ་གཅིག་ལ་དེ་ དགོངས་གངས་བབས་པས་སང་ཉིན་ལུང་པ ་ཐམས་ཅད་སྐྱ་ལམ་མེ་བ་བྱུང༌། བྱམས་གླིང་དགོན་པར་ཁྲོམ་དབང་ཞིག་ཀྱང་བྱས། དཔལ་རྩེ་ནས་སྔར་སྐུ་དྲུང་སྡིག་པོ་ཆེ་རང་ཡོད་དུས་འབྲེལ་ཆགས་དགའ་རབ་ཡོད་རུང༌། ཁོང་པ་འདས་ནས་ངོར་མཁན་དྲུང་གི་བསླབ་སྟོན་ལ་བརྟེན་དེ་ནས་འདིའི་བར་ལ་འབྲེལ་རྒྱུན་བཅད། ཐག་ཐུག་ཆང་ཆུང་ཡང་ཡོང་བ་ཅིག་ཀ་བྱུང་སོང་ནའང༌། འདི་སྐབས་ནན་ཆགས་ཀྱིས་འབོད་མི་བྱུང་ནས། དཔལ་ལྡན་རྩེར་བཅགས་མལ་ཞིག་བསྡད། གདོང་དགར་ཡང་ཞག་པོ་བཞི་པ་ཞིག་སྡོད་དགོས་བྱུང༌། ཇོ་ནང་དུ་ཧོར་ཟླ་དང་པོའི་ཚེས་བཅུ་བཞི་ལ་སླེབ། བཅོ་ལྔ་ནས་དུས་འཁྲིད་ཀྱང་འགོ་བཙུགས། འཛམ་ཐང་པའི་གྲྭ་བ་སོག་པོའི་བླ་མ་བྱེད་མཁན་སངས་རྒྱས་དཔལ་ཟེར་བ་ཁོང་དཔོན་སློབ་རྣམས་སླེབ། ཁོང་པ་ལ་སོག་པོའི་རྒྱལ་པོ་ཞིག་གིས་རྙིང་པ་ཚོ་བཞིའི་བླ་མ་སོ་སོ་ལ་འབུལ་བ་བསྐུར་བ་ནི་མང་དག་ཡོད་པར་འདུག གཞན་ཁོང་རང་རྣམས་ཀྱི་བློ་གཏད་ཇོ་ནང་རང་ལ་གཙོ་བོར་དད་མོས་ཀྱིས་ཞབས་ཏོག་བྱེད་པར་ཡོང་བ་ཡིན་འདུག་ཀྱང༌། དབུས་གཙང་དུ་སླེབ་ནས་མར་ཕྱོགས་ན་འབྲེལ་ཅུང་ཟད་ཡོད་པའི་ནཱ་ལེནྡྲ། རྩེ་གདོང༌། ངོར། རྟ་ནག་རྣམ་རྒྱལ་སོགས་ཁམས་དགོན་རྣམས་སུ་ཚོགས་གསོག་གི་རྙེད་བཀུར་ཞུ་རུ་ཕྱིན་དུས་ཐམས་ཅད་མགྲིན་གཅིག་ཏུ་ཆོས་ཞུས་དང༌། ཞབས་ཏོག་བྱེད་ས་ངེད་ཀྱི་འདི་ཁོ་ན་ཡིན། ཇོ་ནང་ནི་སྔོན་གྱི་སྐད་ཆ་ཙམ་མིན་
པ་ད་ལྟ་སྟོང་པ་བཞིན་སོང་སྐུ་འབུམ་གཅིག་ཡོད་ཀྱང་ཞབས་ཏོག་མེད། ཆོས་འཆད་མཁན་ཡང་མེད། བཙུན་མ་ཉུང་ཤས་ཤིག་སྡོད་མཁན་ཡོད་པ་དེ་ཀུན་ཡང་ལྟོ་མི་འབྱོར་བར་དཀའ་ཐུབ་ལ་སྙད་པའི་ཀར་གོང་ཟ་བ་ལས་མེད་ཟེར། ཁོང་ཚོའི་རྒྱུ་ནོར་འཕྲན་བུ་རྣམས་ལ་ཧམས་པའི་ཁ་བསླུས་འབའ་ཞིག་བརྗོད་འདུག་ཅིང༌། ཁོང་ཚོ་ཡང་དེ་བཞིན་བདེན་པ་ཡིན་འོང་སྙམ་ཁམས་ཕྱོགས་ན་ཇོ་ནང་པ་དང་འབྲེལ་མེད་ཀྱིས་ངེས་མེད་མང་པོ་ལ་རྙེད་བཀུར་བྱས། ནོར་ཕལ་ཆེར་ཟད་པ་ན་གནས་ཚུལ་ཅུང་ཟད་རྩད་ཆོད་དེ་ཇོ་ནང་དུ་སླེབ། བསྙེན་བཀུར་རྒྱ་ཆེར་མེད་ནའང་མང་ཇ་སྐོལ་བ་སོགས་མཆོག་ཏུ་དགའ་བས་བསྒྲུབས། དུས་ཀྱི་འཁོར་ལོའི་དབང་དགོས་ཟེར་བ་ལྟར་གཞི་བྱེས་སྔར་དུས་འཁོར་གྱི་དབང་མ་ཐོབ་པ་རྣམས་དང་ལྷན་ཅིག་དབང་བསྐུར་རྒྱས་པར་བསྒྲུབས། མགོན་པོ་ཆེ་ཆུང་གི་རྗེས་གནང་ཡང་བྱས། དབུས་གཙང་གི་གྲྭ་ས་མང་པོ་ཞིག་རྫུན་དང་ལྟོགས་ལ་ཆེ་བ་ལ་ངེས་ཤེས་རྙེད་དོ། །འདི་སྐབས་གངས་ཆེན་པོ་རང་བབས། བྱང་ནས་ལྷུན་གྲུབ་སྤེལ་བ་ཀུན་དགའ་གནང་ནས་གཙང་པ་འདི་ལ་བྱུས་ཅི་འདྲ་ཡོང༌། ཞབས་དྲུང་རང་སོ་བདུན་པའི་སྐེག་ལ་དོག་གམ་མི་དོག་གསུང་བ་ལ། གཙང་གི་སྲིད་འདི་ནི་ད་དུང་གོང་འཕེལ་འགྲོ་ཤས་ཀ་འདུག ཞབས་དྲུང་རང་སོ་བདུན་གྱི་སྐེག་ལ་ཅུང་གྲགདེ་ལས་སོ་བརྒྱད་པ་དོགདེ་བས་ཀྱང་སོ་དགུ་པ་ཆེས་དོགདེ་ལས་ཐར་ན་རེ་ཤིག་ཡངས་ཏེ་དེ་ནི་སྐྱོན་ཆེ། བཟློག་ཐབས་དགེ་བ་རྒྱ་ཆེ་ཙམ་འདི་ལྟ་བུ་དགོས་ཟེར་བ་ཞུས་ཏེ། ཐུགས་མ་ཆེས་ཤིང་བཟློག་ཐབས་མ་མཛད་སོང༌། དེ་རྗེས་ཧོར་ཟླ་གཉིས་པའི་ཚེས་ཉི་ཤུའི་ཉིན་ཆོས་གྲོལ་ཏེ། བླ་བྲང་གོང་དུ་ཕྱི་མཚམས་མེ་བྱས་ནས་དེ་ཁོག་ནས་སྐྱིད་ཕུག་ཏུ་ཕྱིན་
མཚམས་དམ་པར་བསྡམས། དགེ་སྦྱོར་འཕེལ་ཞིང་སྐྱིད་པར་བྱུང༌། དགོན་གནས་ཡས་མར་སོ་སོ་ལ་བརྟེན་པའི་ཁམ་མཆུ་སད་སུད་མང་པོ་དུས་གཅིག་ཏུ་ལངས་པ་ལྟ་བུ་ཞིག་བྱུང་ཀྱང་བློ་ལ་གཡོ་མགུལ་སྤུ་ཙམ་ཡང་མེད། ངམ་རིང་ནས་དྲང་སྲོང་བ་ལྷ་རི་རྩེ་བ། ཆུ་འོག་པ་སྟེ་མི་སྣ་གསུམ་སྦྲེལ་བྱོན། ཆ་རྒྱུས་ཆེ་ཆེ་མོ་དང་གར་གར་མོ་དང་ཚོད་ཆེ་ཆེ་མོ་དང་འཇིགས་འཇིགས་མོ་སོགས་ངེས་མེད་སྣ་ཚོགས་ཟེར་བ་ལ་རྩིས་གདབ་བྱེད་མཁན་ནི་ཡེ་མ་བྱུང་ངོ༌། །སྤྱིར་ནི་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས། དེ་ཡང་དགོན་གནས་དང་བཤད་སྒྲུབ་ཀྱི་སྡེ་འཕེལ་བ་ལ་རག་ལས་ཟེར་བ་འདི་བྱིས་པ་མདང་སྐྱེས་ཚུན་ཆད་ཀྱི་ཁ་ནས་ཏ་ཡོངས་སངས་རྒྱས་ཀྱི་བསྟན་པ་དར་བར་གྱུར་ཅིགདཀོན་མཆོག་གི་དབུ་འཕང་མཐོ་བར་གྱུར་ཅིག་ཟེར་བའི་ཁ་ཙམ་ཚིག་ཙམ་གྱི་སྨོན་ལམ་དང༌། ཆོས་སྐྱོང་ལ་འཕྲིན་བཅོལ་འདི་སྐྱ་སེར་མཁས་རྨོངས་དགེ་བ་ལ་དཀར་མི་དཀར་ཐམས་ཅད་བྱེད་པར་གདའ། ལག་ཡོད་དུ་ནི་བློ་དང་ལྡན་པ་དང་མཁས་སུ་རེ་བ་ཀུན་ཡང་བསྟན་པ་དར་བར་མི་འདོད་དེ། བཙུན་པ་བྱེད་མཁན་མང་བ་བས་དམག་ཁྲལ་རྒྱུག་མཁན་མང་བ་ལ་དགའ། དཀོན་མཆོག་གི་དབུ་འཕང་མཐོ་བར་མི་འདོད་དེ་ཆོས་པ་དབང་ཐང་ཆེ་བ་མི་འདོད། མི་ནག་པ་རང་ཤུགས་ཆེ་བ་འདོད། དཀོན་མཆོག་དབུ་འཕང་མཐོ་བ་ག་ལ་ཟེར་རམ་རྩད་གཅོད་དགོས། དགེ་བཤེས་ཀྱི་མིང་ཅན་ཕལ་ཆེ་བ་ཞིག་ལ་ཡང་འདི་ཀ་གདའ། བླ་མ་དང་སངས་རྒྱས་ལ་ཞེན་བྱས་པས་ཆོག་པའི་དོད་ཡུལ་དཔོན་རེ་ལ་མཛད། ཐོས་བསམ་སྒོམ་གསུམ་ལ་ཞེན་བྱས་པས་ཆོག་པའི་དོད་བསམ་ངན་དང་སྦྱོར་རྩུབ་དང་ཁ་ངན་རྣམས་ལ་མཛད། དགེ་འདུན་ལ་ཞེན་
མཛད་པས་ཆོག་པའི་དོད་ཉེ་དུའམ་འབྲེལ་ཆགས་ཅན་མི་ནག་ཕོ་མོ་རྣམས་ལ་མཛད་པར་འདུག་གོ །སྔོན་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱལ་སྲིད་དགེ་འདུན་ལ་ཕུལ་བ་དང༌། རྒྱལ་པོ་ཁྲི་རལ་པ་ཅན་གྱིས་བླ་སྒོ་དང་པོ་དགེ་འདུན་ལ་ཕུལ་གཉིས་པ་ནི་རྒྱལ་པོ་གསུམ་པ་ནི་བློན་པོ་ཞེས་གསུང་བ་ཡང་མི་རྒན་སྨྱོ་བ་རང་མིན་ཏེ་མཆི། དཀོན་མཆོག་གི་མངའ་ཐང་ནས་བཅད་དེ་སྐྱེ་བོ་ཕལ་པའི་ལྟོ་གོས་དང་བུ་སྨད་ཀྱི་དོན་དུ་བསྒྱུར་བ་ལ་སེམས་ཅན་ལ་ཕན་བཏགས་པའི་མིང་ཡང་མེད་དེ། མཁས་རྨོངས་ཐམས་ཅད་ཀྱིས་མི་གོ་བར་གདའ། བོད་ཤེས་ལྡན་ཚོ་སེམས་ཅན་གྱི་དོན་གྱི་ངོས་འཛིན་མཐར་གཏུགས་ན་གྲོང་པའི་ལུང་གསོག་ལ་ངོས་འཛིན་མཛད་པ་འདི་རང་དེ་ཨེ་མི་ཡིན་ཧེ་ཧེ། བླ་མ་འཕགས་པས་ཁྲི་སྐོར་བཅུ་གསུམ་ལས་ལ་བཀོལ་ནས་གཙུགས་ལག་ཁང་བཞེངས་དུས་ལས་མི་ཐམས་ཅད་ཀྱིས་སྐུར་པ་ཞུས་འཆི་སྨོན་བཏབ་སྟེ། ཁོང་པའི་དེ་སྡིག་པའི་ལས་ཡེ་མིན། མ་འོས་པ་ཡང་མིན་ལས་ཆེ། ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱི་ཡུལ་མི་ཁ་ལོག་དོགས་འཇིག་རྟེན་པའི་ཤིང་ར་ལ་ཤིང་གཅོད་མ་བྱས་པར་གཙུག་ལག་ཁང་རྙིང་པ་ཐམས་ཅད་ཤུས་ནས་རྫོང་ལ་བཀབ་པ་ལ་མ་འོས་ཟེར་ནས་ཁ་བཏང་མཁན་མ་བྱུང༌། འཇིག་རྟེན་མི་དམངས་རྣམས་སྨོན་པོ་བྱུང་སྟེ་ཁོང་པའི་དེ་ཆོས་ཡེ་མིན། རྒྱལ་ཁམས་ཐམས་ཅད་དམྱལ་བར་བཏང་བ་ཡིན། ད་ལྟ་དཔེར་ན་དགེ་ལས་ཀྱི་ཕྱིར་དུ་གྲོང་པ་རེ་ལ་ནས་བྲེ་རེ་བསྡུས་ཀྱང་བློས་མི་ལོངས་སྡུག་སྐད་འདོན་ཏེ། དེ་བས་ལྷག་པའི་ལོངས་སྤྱོད་ཐམས་ཅད་བསྡུས་ནས་དགེ་བ་ལ་སྦྱར་ན་ཡང་སྡིག་པ་མེད་ཀྱི་སྟེང་དུ་ཕན་ཡོན་ཆེས་འཕེལ་བ་ལགས། གླེགས་བམ་གསེར་མ་བཞུ་ནས་གསེར་བྱས། གསེར་སྐུ་
རྫོགས་ནས་ཟངས་སུ་བྱས། དངུལ་སྐུ་རྟིབ་ནས་ཇ་ཉོས། གསེར་ཀོང་བཤིག་ནས་སྤྱི་ཁབ་འཚོ། དེ་ཚོ་གྲོང་པའི་སྐྱེ་བོ་བླུན་པོ་རྣམས་ལ་བྱིན་ནམ་ཐ་ན་འཚོང་དུ་ཕྱིན་ཀྱང་འཛུམ་མུ་ལེ་དགའ་ནས་ཡོང་སྟེ། དེ་ལ་དགེ་བ་ཡེ་མེད་ཀྱི་སྟེང་དུ་རང་གཞན་ཚང་མ་དམྱལ་རྒྱུ་ཟངས་མའི་སྡིག་པ་ལ་སྦྱར་བར་མི་གདའ་འམ། འོན་ཀྱང་ཁོ་བོ་ཅག་ཚེ་འདི་པ་ཡིན་པས་དེ་འདྲ་བློར་མི་ཆུད་སྙམ་ན། བླུན་པོ་བླུན་ནག་ཚོ་ཅིས་ཀྱང་བདེན་མོད་མཁས་པ་དང་དཔྱོད་ལྡན་གྱི་ང་རྒྱལ་མ་བྱེད་ཅིགལར་བཙུན་པ་འདི་ཚོ་ཡང༌། ཁོག་དེ་འདྲ་བྱེད་མཁན་ཚོ་ལ་དགའ་བ་ལ། འཕྲལ་ཉམས་སྣང་མེད་པ་འདྲ་བ་ཅིག་འདུག ཁོ་བོ་ནི་སྔོན་རང་ཉིད་ཞི་བདེ་དོན་གཉེར་དང་འཛིན་ཆགས་སྤངས་པའི་བྱ་བྲལ་ལ་སྨོན། གཞན་གྱི་སྡིག་རྐྱེན་དུ་སོང་དོགས་འཛེམ་བག་ལྷུར་བྱེད་པ་ཞིག་ཡིན་ནའང༌། རང་ཉིད་གཅིག་པུ་ཕར་སྐྱོང་དགོས་མེད། ཚུར་འཁུར་དགོས་མེད་ན་དེ་བཞིན་རང་ལེགས་པར་གདའ་ཡང༌། བྱ་བ་ལས་ཀྱི་འཁོར་ལོ་ལ་བརྟེན་ཏེ་བསྟན་པའི་ཁུར་འཁུར་དགོས་ཕྱིན་འོས་པ་དང༌། མི་འོས་པ་རང་གི་རིག་པས་དཔྱད་ནས་འོས་པའི་ལས་ལ་ཚམ་ཚོམ་མེད་པར་འཇུག་པ་ལས་གཞན་མ་དགའི་དོགས་པའམ་ཁ་ཟེར་དུ་དོགས་པའི་རྩིས་བཏབ་མ་བྱས། ཇི་སྐད་དུ། སྡུག་བསྔལ་ཡིན་ཡང་གང་ཕན་དང༌། ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་ལམ་གནད་ནས་ནི་མི་འཆུགགཞན་ངོར་རྩུབ་ཟེང་ངེ་འཇུག་པ་འདི་འགྲོ་དོན་བྱེད་ལུགས་ཀྱི་འཇུག་སྒོ་གཅིག་ཏུ་གདའ། རྒྱུད་རྣམས་ལས་ཀྱང༌། མཆོད་ཕྱིར་མི་ཡི་བདག་པོ་དང༌། ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ །
ཞེས་པ་དང༌། རྡོ་རྗེ་གསང་བ་འདི་ལྟ་བུས། སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། ཞེས་གསུངས་མི་གདའ་འམ་ཕཊ། དེ་ཙམ་སྟོང་ཤོབ་ལ་ལགས་ཏེ། ཐུགས་ལ་མི་འཐད་ན་བཟོད་པ་བཞེས་པར་ཞུ། བཟོད་པ་མཛད་ན་མཛད་མཁན་རང་ལ་དགའ། ངེད་ལ་ནི་བཟོད་པ་བྱས་མ་བྱས་ལ་ཁྱད་མེད་དོ། །ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་ལུང་གཤིང་སོགས་རྟེན་བཞེངས་བྱེད་མའི་བལ་པོ་རྣམས་ཀྱང་འབྱོར། མི་རིང་བར་བཟོ་གྲྭ་ཚུགས། མཁར་ལས་ཀྱང་ཐམས་ཅད་ལ་བར་ཐོག་ཁེལ་ཞིང༌། ལྷ་ཁང་གི་ཐོག་ཀྱང་ཁེལ་བའི་སྐབས་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྔ་དྲོ་མཚམས་སེངས་ཏེ། བགེགས་མི་འཇུག་པའི་བྱིན་རླབས་ཙམ་བྱས། དེ་ནུབ་ནས་ཀ་བླ་བྲང་གོང་དུ་མཚམས་བསྡངས། ཟླ་གཅིག་ཙམ་སོང་སྐབས་རྒྱལ་ཁམས་གྱི་འགྱུར་ཟློག་ཆེན་པོ་ཅིག་འཕྲལ་དུ་ཡོང་བའི་ལྟས་བྱུང་ནས། ཆོས་དང་དགེ་བ་ལ་མི་འཁོད་པ་མཉམ་པོ་ལ་རང་རེ་ལ་ནི་རྒྱལ་ཁམས་ལྷ་སྦྱིན་གྱི་ཁ་ལ་བསྟབ་པ་དང༌། མཆོད་སྦྱིན་གྱི་ཁ་ལ་བསྟབ་པ་ལ་ཁྱད་མེད་ཞེ་སུན་པ་དང་མགོ་ན་བ་གང་ནས་ཡོང་མི་ཤེས་པས་མཚམས་ཤིན་ཏུ་དམ་པ་ཞིག་བྱེད་དགོས་སྙམ། ཧོར་ཟླ་དྲུག་པའི་ཚེས་བཅུ་བཞི་ལ་ཤུག་པ་གནམ་འཕྱང་དུ་མཚམས་དམ་པོར་བསྡམས། དེ་ཁའི་ཚེས་བཅུ་དྲུག་ལ་ལྷུན་པོ་རྩེ་པའི་འགྱུར་ཟློག་དེ་བྱུང་བར་གདའ། སྔ་ལོ་ཁྲོ་ཕུའི་རྡིག་བཅོམ་གྱི་ལོ་དུས་ཡིན། དེ་ནས་འགྱུར་ཟློག་ཆེན་པོ་ཚོ་མུ་ལ་བྱུང་བ་དེ་ལགས། དེ་ནས་ཀྱང་མཚམས་དམ་པོར་བསྡམས་པས་དགེ་སྦྱོར་འཕེལ་བར་བྱུང༌། གསལ་སྣང་གི་རིམ་པ་ཡང་ཆེས་ཆེར་མཆེད་པའི་རེ་འགའ་རྒྱ་ཆེ་རབ་བྱུང་
ནའང་འདིར་མི་འབྲི། ར་སའི་སྐོས་རུ་རྣམས་སྐྱབས་འཚོལ་བའི་ཕྱིར་ཇོ་ནང་གི་ཕུ་རུ་སླེབ། དེ་ལ་ཇ་སྦྱོ་རེ་ལ་ཡང་སྔ་ཕྱི་ཡོད་པ་ཙམ་དུ་ལྷ་རྩེ་གཉེར་ཁང་ནས་གཙེར་རྩོད་བྱེད་པ་དང༌། འབྲོག་པ་རྣམས་སོང་བསྟུན་གསེར་མ་ནས་རང་གི་འབྲི་གཡག་རྣམས་སྤྱི་མཆོད་དུ་བྲོས་པའི་དགོས་པར་འདུག་པས་ཁོང་པ་རང་གི་ཕྱག་ཏུ་ཐེབས་ན་བསམ་ནས་ཇོ་ནང་དུ་བསྡད་པ་ལ་ཡང་བསྐོར་རྒྱག་ཙབ་ཙོབ་མང་པོ་བྱུང་སྟེ། ཕྱིས་གསེར་མ་ནས་རང་གི་ཕྱག་ཏུ་འཕྲོད་པ་བྱས། དེ་སྐབས་བཅུ་པ་བ་རྣམས་བར་སྐབས་འདི་ལ་ཇོ་ནང་པས་དར་འཛུགས་བྱས་པའི་ཚེས་གཞིས་སུ་རྩིས་ལེན་པར་ཤོག་ཟེར་བ་ལན་མང་དུ་བྱུང་ནའང༌། གནས་སྐབས་འདི་རིགས་ཀྱིས་ཆས་དགོས་པ་ནི་ཡང་མེད་སྙམ་ཐག་བཅད་པས་རང་རེ་བརླིང་པོ་བྱུང༌། དེ་སྐོར་ལ་དར་འཛུགས་པ་བཞི་ལྔ་བྱུང་གདའ་ནའང་ཐོག་ཏུ་ཁེལ་བ་གཅིག་ཀྱང་མ་བྱུང༌། འདི་དག་ཏུ་སྔ་ཕྱིར་བྱང་ནས་བདེ་སྲིད་ཀྱིས་ནས་ཁལ་སྟོང་ཕྲག་གཅིག་རྟེན་བཞེངས་ཀྱི་ཆ་རྐྱེན་ཏུ་གནང༌། དེ་རྗེས་རྒྱང་ཙམ་སོང་བ་ན་བསམ་འགྲུབ་རྩེ་ནས་ནན་ཆགས་འབོད་མི་གནང་བའི་སྡེ་པ་མཐུ་སྟོབས་དྲུང་སྐུ་ལྟེམ་ནས་ཡུན་རིང་རབ་སོང་བ་ཕྱིར་ལོད་དུ་གྱུར་པ་ཞིག་འདུག་པས། སླར་སྐུ་འཚོ་མི་འཚོ་ཇི་ལྟར་བྱུང་ཡང་གལ་ཆེ་སྐབས་རང་དུ་འདུག་པས་ཡོང་དགོས་ཞེས་ཡབ་སྲས་གཉིས་ཅར་གྱིས་ནན་ཆགས་གནང་བྱུང་བས། ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་ཇོ་ནང་ནས་བཏེག་སྲད་བཀོད་དུ་བསྡད་པའི་ནུབ་ནམ་གཤིས་འཚུབ་པ་སོགས་ཕྱི་ནང་གི་ལྟས་རྩུབ་པ་ཙམ་བྱུང༌། རྩེ་རུ་སླེབ་དུས་མཐུ་སྟོབས་དྲུང་སྐུ་ཤིན་ཏུ་ལྟེམ་པ་རང་འདུག་
དབང་རྗེས་གནང་སོགས་ཕུལ་བས། བར་སྐབས་ཞག་ཤས་ཤིག་ཐུགས་རིག་དྭངས་པ་ཙམ་བྱུང་ནའང༌། སྐུ་ཟུངས་ནི་ཉིན་རེ་བཞིན་བྲི་འགྲོ་བ་དེ་ཁར་གདའ། ཉེར་ལྔ་ནས་གཟུང་ལྷག་པར་ཡང་འབྱུང་བ་སྡུད་པའི་ཚུལ་འདུག་ཅིང༌། གནམ་གང་གི་ཐོར་འགོ་ལྟས་པ་ཙམ་ལ་སྐུ་མ་འཚོ་སོང༌། འདི་སྐབས་སྒྲུབ་གྲྭ་ཆེན་པོ་འཇག་ཏུ་ཆོས་རྗེ་སྡིངས་ཁ་སྐུ་སྐྱེ་གདན་སར་བསྐོ་བཞག་བྱས། ཡོལ་ཐང་ལེགས་པ་གཅིག་དང་ཚོགས་ཁྲོ་དགའ་བ་གཅིག་སྤྱི་རྫས་སུ་ཕུལ། འདི་ནས་གཟུང་ལེགས་ལམ་ཡང་གོང་འཕེལ་དུ་ཤར་རོ། །སྡེ་པ་མཐུ་སྟོབས་རྣམ་རྒྱལ་དེ་ཉིད་བཞུགས་དུས་ཀྱང་སྐུ་སྒྲིབ་སྦྱང་བའི་ཐབས་དབང་བྱིན་རླབས་དང་གཤེགས་སྐབས་ཀྱང་འཕོ་བ་དམིགས་གཏད་སོགས་དང་དེ་རྗེས་ཀྱང་སྐུ་ཚིགས་གྲོལ་གྱི་བར་ཉིན་རེ་བཞིན་མི་འཁྲུགས་པའི་ཆོ་ག་ཚར་རེ་བཟླས་པ་མང་རབ་དང་བཅས་པ་རེ་དང་མཚན་བྱང་བཞུ་བ་སོགས་ཐམས་ཅད་བྱེད་དགོས་བྱུང་ཞིང་བདུན་ཚིགས་ཀྱི་མཚམས་སུ་རྨི་ལམ་ལྟ་བུའི་གསལ་སྣང་དུ་ངེས་པར་ཡོང་ཞིང༌། བསྙུང་གཞི་སོགས་རིམ་པས་དྭངས་པ་དང་ན་བཟའ་ཆོས་གོས་སོགས་ཀྱང་ཇེ་བཟང་ཇེ་བཟང་དུ་འགྲོ་བ་སོགས་རང་རེས་གཤིན་དོན་གྱི་ཆོ་ག་བྱེད་དགོས་གཅིག་ལ་འདི་རང་ལྟས་བཟང་བར་བྱུང༌། སྔ་གོང་ནི་ཡོན་མཆོད་ཀྱི་
འབྲེལ་པ་དང་ཐུགས་མོས་ཀྱང་དཀྱུས་འགྲོ་ཙམ་ཀ་ཡིན་ན། རྟིང་ལ་མོས་གུས་ཀྱི་ལྷག་བསམ་ཅུང་ཟད་དག་ཏུ་དག་ཏུ་འགྲོ་བ་ཙམ་ནི་བྱུང༌། དེ་མིན་གཞན་རང་མེད་ནའང་འགྲོངས་ཁའི་མཚམས་སྦྱོར་དང་སྔཽན་གྱི་ལས་འབྲེལ་ཞིག་ཀྱང་ཡིན་པ་འདྲའོ། །འདི་སྐབས་ཀྱང་བསྟན་ པ་རིས་མེད་ཀྱི་ཆོག་གྲྭ་མཛད་ཅིང་ཀར་བསྟན་དྲུང་གི་དགོངས ་རྫོགས་ལས་ཀྱང་འདི་རྒྱ་ཆེ་ཞིང་དམིགས་སུ་འགྲོ་བ་དང༌། རྟིང་གི་མཚམས་གཅོད་ཚུན་འཕྲལ་གྱི་རྟེན་འབྲེལ་ཀྱང་ལེགས་པར་བྱུང༌། བསྟན་པ་སྒོ་ཐམས་ཅད་ནས་མཆོད་པས་ཆབ་སྲིད་གོང་འཕེལ་དུ་རྒྱས་པའི་རྒྱུར་སོང༌། དགོངས་རྫོགས་འདི་སྐབས་ངོར་མཁན་དྲུང་ཤར་ཆེན་ཀུན་བཀྲས་པ ་བྱོན་པའི་ནུབ་གཅིག་རྐང་དུང་རང་ཡང་བཞི་ཙམ་སྡེབས་ལ་འབུད་བསྐང་གསོ་རོལ་མོ་འུར་དིང་རང་བཏང་བ་ལ་ནང་ཟན་རྣམས་ཀྱི་ཁ་བཏང་བས་སང་ དགོངས་ནས་བཞགདབུས་གཙང་ཁམས་གསུམ་གཤེགས་པ ་ཡིན་ཟེར་དེ་གདགས་པ་མ་ཆགས་པ་རང་འདུག་གོ །འདིའི་རིང་ལ་གཙང་སའི་སྡེ་སྲིད་ཞབས་དྲུང་ནི་བླ་མ་ལ་ཆོས་ཞུ་བ་ལ་རྟོག་དཔྱད་མི་དགོས་པ་འདུག་ཕེབས་པ་ལྟར་སྔ་ཕྱིར་བདེ་མཆོག་དྲིལ་བུ་ལུས་དཀྱིལ་ཟངས་གྲི་ཅན་ལྷ་བཅུ་བདུན་མའི་དབང་སོགས་དབང་རྗེས་གནང་རྣམ་གྲངས་མང་བར་འབུལ་དགོས་བྱུང༌། ཇོ་ནང་གི་རྟེན་བཞེངས་ལ་གསེར་ཞོ་ཉིས་བརྒྱ་སྐོར་གནང༌། ཕར་ཆེད་ཀྱིས་ཞུས་པ་མིན་ པ་ལ་དགོངས ་པས་དཔྱད་པའི་དབུས་ཀྱི་སྦུ་སྡེ་ལྷ་རྒྱལ་གླིང་ཡོང་སྒོ་དང་གཡོག་རིས་སོགས་ཐམས་ཅད་རྩིས་སྤྲོད་གནང༌། ཞེ་དགུའི་ཚོགས་ པ་རྣམས་ཀྱིས་ནས་དགོངས ་ཕྱོགས་རྩེ་ནས་ཐོན་ནས་སྣར་ཐང་གི་ཐད་ནས་མུན་སྲོས་རིན་ཆེན་གླིང་དུ་སྲོད་ལ་སླེབ་
ཙམ་བྱུང༌། སང་སྔ་བར་བྱང་ཆེན་དུ་ཕྱིན་ཞག་གསུམ་བསྡད། སྣར་ཐང་ནས་དཔོན་ས་ཡུམ་སྲས་གསུམ་ཀྱང་ཕེབས་ཆོས་བཀའ་སད་སུད་འདྲ་ཕུལ། སླར་ཡང་འགོར་མེད་དུ་རི་ཁྲོད་ཆེན་པོར་སླེབ། བལ་པོ་རྣམས་ཀྱི་བཟོ་ཡང་ཐམས་ཅད་གྲུབ་མཚམས་ཡིན་ཞིང༌། སླེབ་པའི་གནངས་ཉིན་ནས་གཟུངས་བཞུགས་སོགས་ཀྱི་འགོ་བརྩམས། དེ་བཞིན་གཤེགས་པའི་རིང་བསྲེལ་ནས་གནོད་སྦྱིན་འཁོར་ལོའི་བར་གཟུགས་རིལ་བྱིན་རླབས་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་དང་བཅས་པ་རྣམས་མ་འཁྲུགས་པར་བཞུགས་སུ་གསོལ། ཧོར་ཟླ་བཅུ་པའི་ཚེས་ལྔ་གཟའ་སྐར་བཟང་བ་ལ་རབ་གནས་ཀྱི་སྟ་གོན་བྱས། དེ་རྗེས་རིམ་ པ་བཞིན་སྔ་དྲོ་ཆོ་ག་སྔ་མའི་དངོས་གཞི་རེ་དང༌། དགོངས ་མོ་ནང་པར་དང་འབྲེལ་པའི་སྟ་གོན་རེ་བྱས་ནས་འཁོར་ལོ་ཆེན་པོ་གཤིན་རྗེ་གཤེད་གསང་འདུས་ཀྱཻ་རྡོར་བདེ་མཆོག་དུས་འཁོར་ཐུགས་དཀྱིལ་རྣམས་ལ་བརྟེན་ནས། རབ་གནས་རྒྱས་པ་ཚར་དྲུག་དེ་སྐབས་བྱས་ཤིང༌། ས་རྒྱན་གནམ་རྒྱན་མཆོད་རྫས་སོགས་ཀྱང་རྒྱས་པར་གྲ་འགྲིགདངོས་གཞི་ཆེན་མོ་དེ་ཚེས་བཅུ་གཅིག་གཟའ་སྐར་དགེ་བྱའི་སྔ་གྲོའི་ཆ་ལ་ཤིས་བརྗོད་ཡན་ཆད་ཚང་བར་བྱས། ཇོ་ནང་གཞིར་བཞུགས་དང་དགོན་ལག་སོ་སོ་རྣམས་ཀྱི་ཆོག་གྲྭ་ཡང་ཆེ་རབ་མཛད་ཅིང༌། སོ་སོར་འཇམ་མང་ཇ་ཚར་བུར་སྟོན་ཕྱེ་མར་འགྱེད་པ། སྐམ་འགྱེད་ནས་འགྱེད་སོགས་གང་བཟང་གི་ལུགས་སུ་བསྒྲུབས། དགེ་འདུན་སོ་སོ་རྣམས་དང་ཆོས་གཞིས་སོགས་མི་སྐྱ་འདུས་པ་རྣམས་ཀྱང་ལེགས་པར་ཚིམ། ཡུལ་ཆོས་དང་མཐུན་པའི་བྱང་ཞབས་
དྲུང་གི་བཀའ་བཀོད་དང་བསྟུན་ལྷ་རྩེ་ནས་དཔལ་པོ་བཙུགས། རབ་གནས་གྲོལ་མཚམས་ཀྱི་ཉིན་མོ་དགའ་སྟོན་རྒྱ་ཆེན་པོའི་དུས། བྱང་ནས་སྡེ་སྲིད་ཉིད་ཀྱང་ཕེབས། སྐུ་འབུམ་ཐང་དུ་བཟོ་བོ་སོགས་གཞི་བྱེས་ཀུན་འདུས་ཀྱི་བཞུགས་གྲལ་ཐོག་ཏུ་བཟོ་བོ་རྣམས་ལ་ཡོན་རྫོངས། ཁ་ཏི་དང་ཇུས་འདྲེས་པ་ཡུག་སྒྲིལ་མ་བཅུ། ཇ་མངར་ཧང་དང་དཔེ་ཡག་ས་ནག་རྩེ་འདྲེས་པ་སིགས་བཅུ། གསེར་སྲང་བཞི་སོགས་ཡོངས་བསྒྲིལ་ནོར་སྣ་མང་རབ་ཡོད། བྱམས་པའི་སྐུ་ལ་གསེར་ཞོ་ལྔ་བརྒྱ་ལྷག་གཅིག་སོང་བ། དེ་བས་གསེར་སྲང་བཞི་ལྔ་ཙམ་གྱི་རིན་ཐང་ལྷག་པའི་རྩིས་སུ་བཅད། བཟོ་རས་དང་གོས་བཟས་ཆ་ཚང་སོགས་ལ་རྩིས་བཏབ་མེད། སྤྱི་རྒྱལ་བའི་སྐུ་བཞེངས་པའི་ཡོན་ལ་ཚད་མེད་ཀྱང༌། ཡུལ་དང་དུས་དང་སྐྱེ་བོ་རྣམས་ཀྱི་ལོངས་སྤྱོད་ཆེ་ཆུང་དང་མིག་ལྟོས་སོགས་དང་བསྟུན་པས་ཆོས་ནས་བཤད་པ་བཞིན་འགྲུབ་དཀའ་བ་གདའ་ནའང༌། དེང་སང་ལ་བལྟོས་པའི་ལེགས་རབ་གྲུབ་པས་ཁོ་ཚོ་ཡང་མགུ་བར་གྱུར། དགའ་སྟོན་གྲུབ་མཚམས་སྡེ་པའི་དཔལ་པོ་དེ་འགྱེད་པའི་སྐབས༌། རླུང་འཚུབ་ཤིན་ཏུ་ཆེ་བ་གློ་བུར་དུ་ལངས་ཅུང་ཟད་འཚུབ་པའི་རྣམ་པ་བྱུང༌། བསམ་གྲུབ་རྩེ་མདོལ་བྱུང་གཏིང་སྐྱེས་སོགས་འབྲེལ་ཅན་ཆེ་ཕྲ་ཕལ་ཆེར་གྱིས་ཀྱང་དགའ་སྟོན་ཆེ་འབྱོར་ཆུང་འབྱོར་མང་དུ་བྱུང་ཞིང༌། སྡེ་སྲིད་དཔོན་གཡོག་གིས་ཀྱང་ཞག་དྲུག་བཞུགས། འདི་དུས་བརྡའ་གཏོང་སོགས་ཙབ་ཙོབ་ཡེ་མ་བྱས་ཀྱང་སྐྱེ་བོ་མང་པོ་དུས་གཅིག་ཏུ་འདུས་པ་སོགས་ཕྱི་རྟགས་ཀྱང་རྟེན་འབྲེལ་ལེགས་པར་བྱུང༌། དེ་ནས་སྡེ་སྲིད་དང་དགེ་བཤེས་འགའ་ལ་གསང་འདུས་
འཇིག་རྟེན་དབང་ཕྱུག་གི་དབང་སོགས་ཆོས་བཀའ་ཡང་འགའ་ཤས་བྱས། ངེས་དོན་གྱི་བསྟན་པ་ལ་ཕན་པའི་ཆོས་གཞིས་མཆོད་ཐེས་ཤིག་གནང་བའི་ཞལ་བཞེས་ཀྱང་གནང༌། དེ་རྗེས་སྒྲུབ་སྡེ་རྣམས་ལ་སྐུ་འབུམ་ཐང་གི་ཆོས་ཁྲི་ནས། དཔལ་ལྡན་ཨ་ཏི་ཤའི་ཐུགས་ཀྱི་ཉིང་ཁུ་ཐེག་མཆོག་ལམ་རིམ་རྒྱས་པ་བཤད། བྱང་ས་ཆེན་མོའི་ལུང་ཞིག་ཀྱང་བྱས། བྱམས་པའི་སྐུ་གཟུགས་ལྷ་ཁང་དང་བཅས་པ་ལ་སྔ་སོར་རབ་གནས་ལན་དྲུག་ཧོར་ཟླ་བཅུ་གཅིག་པའི་ཡར་ཚེས་བཟང་བ་ཞིག་ལ་སླར་ཡང་རབ་གནས་གཅིག་སྟེ་ཀུན་དྲིལ་རབ་གནས་ལན་བདུན་བྱས་པ་ལ། སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱི་གཞུང་བཞིན་དུ་ཚར་ལྔ། དོན་གསལ་གྱི་ལུགས་གཅིགདུས་འཁོར་ལུགས་གཅིག་རྣམས་བྱས། ཡར་ལུང་ནས་སློབ་བུ་དམ་ཚིག་ཅན་ཆོས་རྗེ་བྱམས་རིན་པ་གཤེགས་པའི་བསྔོ་རྟེན་སྐྱེལ་བ་དང༌། བྱང་སྟག་ལུང་ནས་དཔོན་སྐུ་རྫི་འདས་པའི་མང་ཇ་བསྔོ་རྟེན་སྐྱེལ་མཁན་ཡང་བྱུང༌། དེ་རྗེས་དུས་ཆོས་ཀྱི་ཁྲིད་ཀྱང་སྔར་ལུགས་བཞིན་དུ་བསྒྲུབས། གཏིང་སྐྱེས་ནས་ལྕམ་ཆོས་འབུམ་ལགས་ཀྱང་འདི་སྐབས་དམ་པོ་མཛད། བྱ་ལོ་དང་ཁྱི་ལོའི་ཁྲིད་ལན་གཉིས་པོ་འདི་ལ་འཁྲིད་གསར་བ་མང་རབ་བྱུང་ནའང༌། འཁྲིད་ལོ་ཧ་ཅང་ལེགས་རྒྱུ་མ་བྱུང༌། འཁྲིད་གྲོལ་ནས་ཇོ་ནང་ཆོས་ལུང་གཉིས་ཀྱི་ཆོས་གཞིས་ཀྱི་བུ་ཚ་དབང་པོ་ཅུང་དྭངས་པ་རྣམས་ལ་གྲྭ་ཁྲལ་བསྐུལ། བཙུན་གསར་བདུན་ཅུ་ལྷག་ཙམ་གྱི་སྐྲ་ཕུད་བཅད། ཀློག་སོགས་ཕྲ་མོ་སློབ་པའི་འགོ་བཙུགས། དེ་རྗེས་བླ་བྲང་དམ་ཆོས་གླིང་དུ་མཚམས་བསྡམས། ཟླ་གཅིག་ཙམ་སོང་སྐབས་འདོལ་བྱུང་ནས་སྡེ་པའི་དྲུང་སྐུ་ཚེའི་འཕེན་པ་བཏང་བ་ཞིག་བྱུང་
འདུག་པས་འབོད་མི་བྱུང༌། འགྲོ་བ་ལ་མངོན་དུ་ཕྱོགས་པའི་སྐབས་དབུས་ནས་ལྷ་བྲིས་པ་རྣམས་སླེབ་ཅིང༌། དེ་མཐུན་གྱི་བཀོད་པ་ཅུང་ཟད་བྱས། སྒྲུབ་སྡེར་ཚོགས་ལ་མང་ཇ་ཇ་འགྱེད་བཀྲ་ཤིས་ཁྲ་རིང་གསར་དུ་བཅོས་པ་གཉིས། རས་ནམ་ཐང་བརྒྱ་བུད་ལ་བཅོས་པའི་ཆར་ཁེབས་སྐུ་འབུམ་གྱི་ཆོས་འཁོར་བཅུ་གསུམ་ཡོངས་རྫོགས་ཁེབས་པ་གཅིག་དང༌། སྔགས་ཐང་བཅུ་གསུམ་དང་རྡོ་རྗེ་འཕྲེང་བའི་དཀྱིལ་ཐང་ཕལ་ཆེར་ཚང་བ་གཅིགགནས་བཅུའི་ཡོལ་ཐང་ལེགས་པ་གཅིགཟངས་སྦུག་ཆེ་བ་གཅིག་རྣམས་སྤྱི་ཐེས་སུ་ཕུལ། ཧོར་ཟླ་གཉིས་པའི་ཉེར་དགུ་ལ་ལམ་དུ་ཞུགས། གསུམ་པའི་ཚེས་གཉིས་ལ་འདོལ་བྱུང་དུ་སླེབ། དགོངས་རྫོགས་ཀྱི་ཆོ་གའི་རིམ་པ ་རྣམས་དང་ཁྲུས་ཆོག་བྱང་བུ་བཞུ་བ་སོགས་མཐའ་དག་བསྒྲུབས། སྡེ་པ་དེ་ཐུན་མོང་མ་ཡིན་པའི་ཡོན་བདག་དད་ཞེན་ཅན་ཡིན་པས་སྙིང་ཐག་པ་ནས་བློས་ལོངས་པར་བྱས། གཙང་ས་ནས་དབུས་དམག་གི་སྒར་གྲ་བསྒྲིགས་པའི་དཔོན་གཡོག་རྣམས་ནོར་ཁྱུང་དུ་བྱོན་སྐབས་ཡིན་པས་འབོད་མི་གནང་བྱུང་བ་བཞིན་ཁོར་ཙམ་ཕྱིན། ཞག་གཅིག་ཀླུ་སྡིངས་ལྷོ་མ་དེར་སྡོད་ཡུལ་བྱས། སྡེ་སྲིད་ཞབས་དྲུང་རང་དུ་ཚེ་དབང་དང་རྐྱེན་སེལ་གྱི་རྗེས་གནང་མང་རབ་དང༌། དཔོན་རིགས་སོ་སོས་ཀྱང་ཚེ་དབང་དང་རྗེས་གནང་ཙམ་རེ་ཞུ་བ་མང་དུ་བྱུང༌། དཔོན་གཡོག་རྣམས་ཀྱི་བར་ཆད་སེལ་བ་སོགས་རྟེན་འབྲེལ་ལེགས་པའི་དགེ་མཚན་ཡང་ཤར། གཞན་གྱིས་བསྐུལ་བ་དང་བཅོལ་གཉེར་མེད་ཀྱང་རྒྱལ་ཁམས་དང་ཆོས་ཀྱི་བསྟན་པ་ལ་མ་གནོད་པ་ཞིག་བྱུང་ན་སེམས། དམག་དབུས་ལ་དངོས་སུ་འཇུག་དགོས་པ་མི་ཡོང་བའི་ཐབས་ཅིག་རང་གནང་དགོས་ཚུལ་ནན་ཆགས་དང༌། ཐབས་
གཞན་མེད་པར་དམག་རང་མཛད་དགོས་ཤར་ནའང༌། དགོན་གནས་ཆེ་ཕྲ་ཐམས་ཅད་ལ་གནོད་པ་ཡེ་མེད་པ་གཅིག་མི་གནང་བའི་ཐབས་མེད་ཅིང༌། ཡར་རྒྱབ་དཔོན་གཡོག་ཐམས་ཅད་ཀྱི་སར་ཡང་ཐུགས་རྗེ་གང་ཆེ་གནང་དགོས་ཚུལ་ནན་ཆགས་རང་ཞུས་པས་དགོན་གནས་རྣམས་ལ་དེ་སྐབས་ཀྱི་དམག་རེས་ལ་གནོད་པ་ཡེ་མ་བྱུང༌། དེ་རྗེས་འདོལ་བྱུང་གི་སྐུ་རྗེས་གྲོལ་ནས་ལྷ་སྡིངས་སུ་ཕྱིན་ཞག་གཉིས་བསྡད། གནོད་སྦྱིན་ཞ་འོན་ཀྱི་རྗེས་གནང་དང་ཁྲོམ་དབང་སོགས་ཐན་ཐུན་བགྱི་ཤིང༌། རིན་པོ་ཆེ་ཀ་བཞི་ནས་ཀྱི་སྐུ་སྐྱེའི་བརྟག་ཞུས་པ་སླེབ་ཀྱང་འདི་སྐབས་གསལ་ནི་མ་ཐུབ། སླར་ཡང་འདོལ་བྱུང་དུ་ཞལ་བཞུགས་རྣམས་ལ་སྐུ་ཁྲུས་ཚེ་དབང་འབུལ་བར་ཞག་ལྔ་ཙམ་བསྡད། དེ་མཚམས་བསམ་སྡིངས་སུ་སླེབ་པའི་ཞག་བཅུ་གཅིག་ཙམ་ཕྱི་མཚམ་མེ་བ་བྱས། འདོལ་བྱུང་དང་ལྷ་སྡིངས་སོགས་སུ་འཆམ་པ་བྱུང་བ་འཁྲུགས་པའི་རྣམ་པས་ཁམས་ཀྱང་བདེ་མོ་མིན་པ་ཅིག་བྱུང༌། ཧོར་ཟླ་བཞི་པའི་ཚེས་གསུམ་ལ་བསམ་སྡིངས་ནས་ཆས་ཏེ་གོང་འཛིན་གྱི་ལ་ལ་འགྲོ་རྒྱུ་ཡིན་ནའང༌། ལྷ་འཕྲེང་གི་རྣམ་པས་དེ་ནུབ་རང་གངས་བབས་ནས་སད་ལ་ལ་མ་ཐར་བར་གཞུང་ལ་ཕྱིན་པས་ལྷུན་གྲུབ་བརྩེའི་གདོང་དེར་གཏམ་སྙན་ཡོད་ཟེར་དར་འཕྱར་བྱེད་པ་དང་འགྲིགངེད་རང་དགོན་པ་ནས་དགོན་པར་འགྲོ་བ་ལ་རྟེན་འབྲེལ་ལེགས་ཤིང༌། ཡོན་བདག་ལའང་ལེགས་སྙམ་པ་བྱུང༌། རྐང་བཞི་དང་དགེ་སྡིངས་སུ་བར་ཞག་རེ་བྱས། དེ་ནས་ནམ་ཟི་ལ་ཆས་གངས་ཆེན་པོ་བབས་པས་ཡུལ་ཕྱོགས་འགྱུར་བའི་སྣང་བ་འགྱུར་རེ་བའི་ངང་ནས་ཉི་མ་སྔ་ཕྱེད་ལ་ཇོ་ནང་དུ་སླེབ། གཞིར་སྡོད་རྣམས་ངེད་ནམ་
སླེབ་ཡོང་སྙམ་པ་ཙམ་ཡང་མེད་པ་ལ་སྒོ་དྲུང་དུ་ཐོབ་རྒྱག་འབྱོར། རི་མོ་བ་རྣམས་ཀྱིས་གཙོ་བོ་དུས་ཀྱི་འཁོར་ལོའི་སྐྱ་རིས་འགོ་ཚུགས་ཙམ་དང་སངས་རྒྱས་རབ་བྱུང་གཉིས་ལ་ཚོན་གྱི་འགོ་ཚུགས་ཙམ་བདེ་དགྱེས་གཉིས་ལ་སྐྱ་རིས་ཚུགས་ཙམ་གཞན་གང་ཡང་མ་གྲུབ་པར་འདུག དེ་རྗེས་ཞག་ཤས་མཚམས་བྱས། དེ་གྲོལ་ནས་ས་གའི་ཉ་ལ་སྒྲུབ་སྡེ་རྣམས་ཀྱིས་ཚ་ཚ་འདེབས་པའི་བཀོད་པ་བྱས་ཤིང༌། དང་ཐོག་སྔ་མོ་དགེ་ཚ་ཞིག་ཡོད་འདུག་ནའང་རྗེ་དྲུང་གོང་མས་གཅོག་པར་མཛད་གདའ། སླར་དེ་གསར་དུ་བཙུགས་པའི་རྟེན་འབྲེལ་ཡིན་ནམ་དེའི་ཉིན་མོ་ནམ་མཁའ་དྭངས་པ་ལ་ཉི་མ་ཐོག་ཕུབ་དང༌། སྣ་ཆ་གཉིས་རིམ་དང་ཁྱད་པར་རྟ་སྒ་གོང་དང་ཆུ་བྱང་གི་དགའ་པོའི་ཐད་ཙམ་དང་ནགས་རྒྱལ་གྱི་རྩེའི་ཐད་གསུམ་དུ་འཇའ་སྤྲིན་མ་ཡིན་པའི་དབྱར་དུས་ཀྱི་འཇའ་ཚོན་གུག་པོ་དེ་ཀ་འདྲ་བ་ཡུན་རིང་དུ་སྡོད་པ་སོགས་ཕྱི་ལྟས་ལེགས་ཤིང༌། སྐུ་འབུམ་ཐང་ནས་ཚོགས་པ་རྣམས་ཀྱིས་ཡན་ལག་བདུན་པ་བྱེད་པའི་ཚེ། སྟོན་པ་སངས་རྒྱས་མངོན་སུམ་དུ་འདི་ན་བཞུགས་ཡོད་པ་འདུག་སྙམ་པ་ཙམ་གྱི་ཡིད་འཁྲུལ་བ་ཡང་བྱུང༌། དེ་ནུབ་ནས་ཕྱི་མཚམས་ཙམ་བྱས། ཉི་ཤུ་ལྔ་ལ་སྐྱིད་ཕུག་ཏུ་ཕྱིན་མཚམས་དམ་པར་བསྡམས། ཅུང་ཟད་འཚུབ་ཆ་ཆེ་ཞིང་དགེ་སྦྱོར་ཡང་འཕེལ་བར་བྱུང༌། སྔར་བཅའ་ལུང་གི་ཆུ་དེ་ཤིན་ཏུ་ལོད་པར་གྲགས་ཤིང་ཆུ་མིག་དེ་ཡང་ཇ་སྐོལ་མི་ཉན་པ་ལྟ་བུ་ཡིན་ནའང་གཏོར་མ་བཏང་བས་ཆུ་སྐྱེ་རྩལ་ཡང་ཆེ་རུ་སོང་ཆུའི་ངོ་བོ་ཤིན་ཏུ་བཟང་བར་སོང༌། ཧོར་ཟླ་ལྔ་པའི་ཚེ་བཅོ་ལྔ་ལ་ཉིན་གུང་གཉིད་ཡུར་བ་ཞིག་གི་དུས་ཤམ་བྷ་
ལ་སོགས་རྨི་ལམ་གྱི་ཡུལ་སྣང་ངོ་མཚར་ཅན་མང་དུ་བྱུང༌། ཧོར་ཟླ་དྲུག་པའི་ཚེས་གསུམ་ནས་བཟུང་ཚེས་བཅུ་གཅིག་གི་བར་ནུབ་རེ་བཞིན་ཕྱི་ལྟས་ནམ་མཁའ་རྒོད་པའི་རྣམ་པས་སེར་བ་ཅུང་ཟད་འབབ་ཅིང་ཐོག་ཀྱང་འབབ་ཚད་པ་དང༌། ནང་ལྟས་སུ་ཡང་མཚན་མ་རྩུབ་ཙམ་རེ་ནུབ་རེ་བཞིན་རྟག་པར་བྱུང་ནས་ཐོ་རངས་ཆོ་འཕྲུལ་དེ་ཞི་འགྲོ་བའི་རྣམ་པ་ཡང་རྟག་པར་ཡོད། ཁྱད་པར་ཚེས་བཅུ་གཅིག་གི་སྲོད་ཁྱེར་ལ་ཐོག་འབྲུག་དྲག་པོ་རེ་དང་བསྟུན་གློག་འོད་མི་བཟད་པས་ནང་ཁེངས་ཡོད་པ་གདོང་ཚ་ཚུབ་ཚུབ་པ་དང་རྭ་གཞོབ་ཐུལ་ལེ་ཡོང་བ་དེ་ལན་སུམ་ཅུ་སོ་གྲངས་ཞིག་བྱུང་བ་དང༌། ནང་ལྟས་སུ་ཡང་སེམས་ཉམས་དང་ཆོ་འཕྲུལ་སྐྱི་གཡའ་སོགས་མང་དུ་བྱུང༌། འོན་ཀྱང་དབྱིངས་སུ་བཞག་པའི་ཚེས་སྙེམས་འཁྲིགས་རྡུལ་ཙམ་མེད་པས་ཆོ་འཕྲུལ་ཞི་ནས་ནམ་ཕྱེད་ཕན་ལ་མཉམ་གཞག་ལ་ཤིན་ཏུ་བོགས་ཆེ་བར་བྱུང༌། ཆོ་འཕྲུལ་དེ་ཚོ་ཡང་གཞན་གྱི་བྱད་ཁ་གཉིས་གསུམ་འཛོམ་པའི་ལྟས་སུ་འདུག སྔར་སོར་བྱ་ལོའི་ནང་དུ་སྔ་ཕྱིར་ངཻད་རང་ལ་གཏད་དང་མནན་པ་དང་ཟོར་ཁ་སོགས་བྱད་ཁ་རྦོད་གཏོང་རིགས་མི་གཅིག་པ་དགུ་ཙམ་འཛོམ་པའི་ལྟས་དང༌། གཅིག་ཙམ་རང་གི་སློབ་མའི་ཁུངས་གཅིག་གིས་བྱས་པ་དང༌། གཞན་གཅིག་ནུས་པ་ཡང་དགའ་རབ་ཡོད་པའི་ལྟས་བྱུང༌། དེ་སྐབས་དང་འདི་སྐབས་ཀུན་ཏུ་སྟོང་ཉིད་སྙིང་རྗེ་ལས་གཞན་པའི་བསྲུང་བཟློག་སྤངས་ཏེ་དེ་ཀས་དོན་འགྲུབ་པར་གདའ། དེ་ཀའི་ཚེས་བཅོ་ལྔ་ལ་ཁང་པའི་བྱང་ཟུར་ནས་རྡོ་འགའ་རེ་འཛགས་ཤིང༌། བཅོམ་རྡིབ་ཡོང་ལ་ཁད་ཀྱི་རྩིག་པ་འཕྲལ་དུ་གས་བྱུང་བས་ཐོག་མར་དེ་འཕྲལ་གནས་སྤོའམ་སྙམ་པ་ལ་རང་རེ་རྐྱེན་ཐོག་ཏུ་བཟློག་
སྒོམ་བྱེད་པར་ལ་གནས་སྤོས་པས་ག་ན་འོང༌། ཞིག་འོས་ནམ་ཞིག་ཞིག་གང་དུ་ཡང་མི་འགྲོ་སྙམ་སྟེ་དེ་ནུབ་བསྡད་པས་ཐོར་མགོ་ཟིན་ཙམ་ལ་སྒྲ་ཆེན་པོ་དང་བཅས་ཏེ་བྱང་སྐྱ་དེ་ཐམས་ཅད་འུར་སོང་འགྱེལ་འགྲོ་བའི་དུས་ན་མཚན་མོ་ཆར་མུན་འཐིབས་པ་དང་བེར་ལངས་པའི་རྣམ་པས་ཕྱོགས་གང་ནས་འཇིག་ཆ་མེད་ཅིང་སྡོད་ས་རང་གི་ཐད་ཀྱང་རྡིབ་འགྲོ་བ་ལྟ་བུའི་བེར་བ་བྱུང་ཀྱང་གཅེས་འཛིན་གྱི་སྙེམས་ཡེ་མ་བྱུང༌། སྡོད་ས་རང་ཡང་གཡབས་ཀྱི་བྱང་ངོས་འགྱེལ་འགྲོ་ས་དེ་དང་ཉེ་བར་བྱེད་ཀྱིན་ཡོད་པ་མ་སྤོས་པར་དེ་རང་དུ་བསྡད། དེ་རྗེས་སང་ཉིན་ལྟས་དུས་འགྱེལ་འོས་ཚང་མ་འགྲེལ་གྲུབ། གཞན་རྣམས་མི་འགྱེལ་བར་འདུག་པས་དེ་ཁར་བསྡད་ཀྱང་ཡོད་བར་འདུག་ནའང༌། ཆར་ཞོད་ཆེན་པོ་ལ་བྲག་ཐིགས་ཆེས་པས་སུན་པར་འདུག་ནས་ཤུག་པ་གནམ་འཕྱང་དུ་སྤོས། འདི་སྐབས་ངམ་རིང་ནས་སྡེ་སྲིད་ཀྱིས་ལྷུན་གྲུབ་སྤྲེའུ་བ་ཀུན་དགའ་ལགས་གནང་བའི་ཕུག་གསུམ་གྱི་ལུང་པ་ཕུ་མདའ་ཆོས་གཞིས་སུ་སྦྱོར་འཇགས་གནང་རྒྱུའི་རྩིས་སྤྲོད་ལ་ཆེར་གཏད་བྱོན། སླར་ཡང་ཕྱག་དམ་གསར་དུ་ཕེབས་པའི་ཞག་ཤས་འགྱངས། སྒྲུབ་སྡེ་དབྱར་མཚམས་ཀྱི་སྒང་ཡིན་པས་མང་ཇ་ཞིག་གནང་བྱུང་བ་ཚེས་བཅོ་ལྔའི་ཉིན་མོ་དུག་སྐྱེལ་བྱས། དེ་ནུབ་ཁང་པ་འགྱེལ་བ་ཡིན་དེ་དང་སྟབས་བསྟུན་ཆོས་ལུང་དུ་ཞོན་རྟ་ཞིག་ཀྱང་གློ་བུར་དུ་ཤི། དམ་སེལ་གྱི་ལྟས་འཚུབ་བོ་ཞིག་ཀྱང་བྱུང་བས། དེ་དུས་མང་ཇ་དེ་ལ་ཐེ་ཚོམ་ཟ་བ་ཅིག་བྱུང་ནའང༌། ཕྱིས་བརྟགས་དུས་ཆོས་ལུང་གི་མགོན་ཁང་དུ་སྒོའི་སྣ་ལྕགས་ཀྱི་ཟུང་བཅུས་ནས་དམ་སེལ་ཅན་གྱི་གཏོར་ཡན་དང་སྙན་དར་དང་ཡོ་བྱད་འགའ་རེ་ཕུལ་འདུག་
པས་དེའི་ཆོ་འཕྲུལ་དུ་གདའ། འདི་སྐབས་དམ་ཆོས་གླིང་དུ་གསེར་སྐུ་ལྷ་ཁང་བསྒྲིགས་པ་ཡིན། །ཧོར་ཟླ་བདུན་པའི་ཚེས་བདུན་གྱི་ཉིན་མོ་ཕུག་གསུམ་རྩིས་ལེན་བྱེད་སྐབས་གཉིད་ཀྱིས་མ་བསླད་པའི་རྫུན་མེད་མངོན་སུམ་གྱི་སྣང་བ་ལ་གནས་བདག་མའི་ཆོ་འཕྲུལ་མང་པོ་ཞིག་བྱུང༌། ནགས་རྒྱལ་གྱི་རྩེ་ན་ཕུག་གསུམ་དུ་འཇའ་དཀར་ཟུག་པ་སོགས་ཕྱི་ལྟས་ཀྱང་བཟང་པོ་བྱུང་ཡོད་པ་གདའ། ཆོས་གཞིས་ཕུག་གསུམ་འབྲེལ་ཆགས་པ་དང་ཁྱད་པར་ཇོ་ནང་གི་གྲྭ་ཚང་ལ་བསྟན་པ་ནམ་གནས་པར་སྦྱོར་འཇགས་གཙང་སྤྲས་ཆོད་པ་གནང༌། དེ་རྗེས་སྐབས་ཤིག་ཏུ་རིན་པོ་ཆེ་ཀ་བཞི་ནས་ཀྱི་སྐུ་སྐྱེ་བརྟག་པར་ཆུག་མི་ཆུག་ལུང་བསྟན་ཞུ་ཟེར། ཁྲི་ལྕགས་སོགས་ཡོན་མཆོད་ཕྱོགས་གཏོགས་ཀུན་གྱི་མི་སྣ་བྱུང༌། མཚམས་དམ་པས་འཕྲད་ནི་མ་ཐུབ། དེ་ན་ཡང་ཁོ་ཚོ་གཉིས་སུ་སོང་བའི་སྐུ་སྐྱེ་ཡིན་རུང་མིན་རུང༌། ཡིན་པར་ལུང་བསྟན་ན་གདན་ས་པ་མཁན་ཆེན་སོགས་ཕྱོགས་གཅིག་མི་དགའ། མ་ཡིན་པར་ལུང་བསྟན་ན་གྲྭ་རིགས་རྙིང་པ་ཞེན་ཅན་སོགས་གཅིག་གཤོས་མི་དགའ་བ་ཞིག་འདུག་པས་ལྷ་སའམ་ཆོས་ལུང་བྱང་རྩེ་ལྟ་བུར་བརྟག་བསྒྲིལ་གྱིས་ཞེས་ནན་གྱིས་སྨྲས་ཀྱང༌། ངེད་ལ་བྱེད་དགོས་ཚུལ་རང་ཟེར་བ་ལྟས་བརྟག་པ་བྱས་ཀྱང་ཁྱེད་རྣམས་ཡིད་མི་ཆེས། བརྟག་ཡིག་ལ་མི་སྣ་རྣམས་ཀྱིས་ཐེལ་ཚེ་རྒྱོབ་ལ། འདིར་བརྟག་པར་བསྒྲིལ་བ་ལས་འོས་མེད་བྱས་ནས་དེ་བཞིན་བྱས་པས་བརྟག་པར་ནི་ཐོན་ཡོད་པར་གདའ། དབུས་དམག་འཁོར་འཕྲལ་ནས་བརྩམས་པས་མ་གྲུབ་རྩེ་ནས་འབོད་མི་ཕྱག་
དམ་རིམ་ཅན་དུ་བྱུང་བ་དང༌། དེ་རྗེས་མི་རིང་བ་ན་ཞབས་དྲུང་སྡེ་སྲིད་རང་སྐུ་ཁམས་ཅུང་ལྟེམ་པར་བྱུང་འདུག་པས་ཤངས་པ་རབ་འབྱམས་པ་དཀོན་མཆོག་དཔལ་བཟང་འབོད་མིར་གནང་པའི་བཀའ་ནན་ཆགས་པ་རང་འདུག་པ་ལ་བརྟེན། སྐུ་རིམ་སྔ་ཁྱད་དང་དཔྱད་བཤལ་སྦྱོངས་སོགས་གནང་བ་ལ་གེགས་མི་འབྱུང་བའི་བསྲུང་སྐུད་དང་དུད་རྫས་སོགས་འཕྲལ་དུ་ཕུལ། རང་ཡང་འགོར་མེད་ཆས་པའི་ཧོར་ཟླ་བརྒྱད་པའི་ཉེར་གསུམ་ལ་ཤེལ་དཀར་ཞོལ་དུ་སླེབ་ཙམ་བྱས། ཉེར་དྲུག་ལ་རྩེ་འབྱོར། རྫོང་ཐོག་གི་ནམ་མཁའ་ལ་དགའ་འཁྱིལ་གསུམ་དང་དཔལ་བེའུ་འཁོར་ལོ་སོགས་རྣམ་པ་ཤིན་ཏུ་གསལ་བའི་འཇའ་སྤྲིན་ཡ་མཚན་བྱུང༌། སྐུ་ཁམས་ཀྱི་ལམ་པ་སོར་ཆུད་འདུག་ཅིང༌། སླར་ཞག་གཉིས་གསུམ་ནས་བདེ་དྭངས་རྟགས་ཐུབ་པར་བྱུང༌། དེ་ཀའི་སང་ཉིན་ནས་བརྩམས་ཟླ་གཞུག་དེ་ལ་གཏོར་དབང་འགའ་ཤས་དང་སྐུ་གྲིབ་སེལ་བའི་རིམ་པ་འདྲ་བྱས། ཟླ་བ་དཀར་ནས་ཚེ་དབང་སོགས་རྣམ་གྲངས་མང་རབ་ཕུལ། དེ་ནས་ཚེས་བཅུ་སྐོར་ལ་ཆོས་རྗེ་ཤངས་པ་སོགས་ཀྱང་བྱོན། ཁོང་ལ་བདེ་མཆོག་འཁྲུལ་སྤོང་གི་དབང་ཞིག་བྱས། དེའི་རྗེས་ནས་ཞབས་དྲུང་ཡབ་སྲས་སོགས་ལ་འཁོར་ལོས་བསྒྱུར་དྲུག་གུར་རིགས་བསྡུས་སམྦུ་ཊ་རྡོར་དབྱིངས་སོགས་ཀྱི་དབང་དང༌། གཅོད་ཡུལ་གྱི་ཁྲིད་ཕྱག་རྒྱ་བཞིའི་སྙིང་པོའི་ཁྲིད་སོགས་དང༌། རྗེས་གནང་བྱིན་རླབས་སོགས་མང་དུ་བྱས། ཚེས་ཉི་ཤུ་སྐོར་ལ་ དགོངས་གྲོལ་ཞུས་ཀྱང༌། །སྡེ་པ ་སྐུ་འབྲིང་བའི་དྲུང་གི་ལོ་མཆོད་ཀྱི་
ཚོགས་དཔོན་ལ་སྡོད་དགོས་ཚུལ་ནན་ཆགས་ཕེབས་ཀྱིན་འདུག་པ་བཞིན་དེ་ལྟར་བྱེད་དགོས་བྱུང༌། ལྕང་ར་སློབ་དཔོན་པ་ཨཱཪྱ་བ་ལ་ཡང་སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་སོགས་དབང་ཁྲིད་ཐན་ཐུན་བཤད། གནམ་གང་གི་ཉིན་ནས་ཚེས་བཞིའི་བར་སྐུ་མཆོད་ལ་དོར་ཞ་ལུ་དཀར་པོ་བྲག་བྱང་ཆེན་པ་རྣམས་ཚོགས་པའི་ཆོག་གྲྭ་རྒྱ་ཆེ་བ་བསྙེན་བཀུར། ཕུན་སུམ་ཚོགས་པ་དང་བཅས་པ་མཛད། འདིའི་བར་དུ་ཞབས་དྲུང་སྡེ་སྲིད་རང་སྐུ་ཕྱི་མཚམས་དམ་པོ་དེ་ཀ་མཛད་ཡོད་ཅིང༌། ཚེས་བཞིའི་ཉིན་སྐུ་མཚམས་གྲོལ་ཚོགས་སུ་ཕེབས་བསྔོ་རྟེན་དང་དགེ་འདུན་རྣམས་ལ་ཡོན་བླ་ལྷག་ཏུ་གནང༌། གྲུབ་མཐའ་སྣ་ཚོགས་འདུས་པའི་དགེ་འདུན་གྱི་དབུས་སུ་སོང་བས། ངེད་ཀྱིས་ཀྱང་ཡས་གཏམ་བསྟན་པ་སྒོ་མཐའ་དག་དང་འབྲེལ་བའི་ཚུལ་དུ་བྱས། ཡས་གཏམ་དང་བསྔོ་བ་མཐའ་རྒྱས་སུ་བྱས་པས་ཕལ་ཆེར་དགྱེས། ཀོ་ལོང་ཅན་མང་པོ་དེ་ཙམ་ལ་ཡང་ཚིག་པ་ཟ་བར་འདུག་སྟེ་གཡས་ཆུང་ཡ་ཆ། དེ་ནས་ཀྱང་བཀའ་ནན་གནང་བ་ལ་བརྟེན་ཞག་ཤས་བསྡད། སྣར་ཐང་བྱང་ཆེན་གྱི་ཆོས་གཞིས་རིན་ཆེན་གླིང་གི་དམག་སྲུང་ཆ་འཆག་པ་དང༌། ཁྱི་ལོ་དབུས་སུ་གནང་བའི་ཆོས་གཞིས་རྣམས་ལ་ཡང་གཡུལ་རྒྱལ་རྫོང་དང་ལེགས་བཤད་གླིང་པ་ཤེད་པོ་ཆེ་དེ་ཚེའི་འདྲེས་ཡོང་ཡོད་པ་རྣམས་ཁད་གཙང་བར་གཅོད་པ་དང༌། འབྲང་གི་མདར་མ་དེ་ཐུང་གིས་ཆ་ཡོད་འབབ་ས་རི་ས་སྐོར་དང་བཅས་པ་རྣམས་ཀྱང་ཆོས་གཞིས་སུ་གསར་དུ་སྦྱོར་བ་དང༌། འབྲང་ཕུ་དགོན་པ་སྔར་ཁྲལ་དགོན་ཡིན་པ་སྤྱི་མཆོད་ཐར་པ་གླིང་དུ་འདོན་པ་སོགས་སྐུ་དྲིན་ཚད་མེད་དུ་མཛད་ཅིང༌། སྔ་སོར་སྟག་ལོ་གོང་དཀར་དུ་ཞུ་རྟེན་
ཕུལ་ཆོས་གཞིས་གང་འོས་ཅིག་གནང་བའི་ཞལ་བཞེས་མཛད་རུང༌། ལག་ཐོག་ཏུ་ཅང་མ་བྱུང་བ་ལ་གཙང་ནས་འདི་ཀུན་གནང་བ་འདི་དབུས་པ་ཚོ་ལ་ངོམས་ཆོག་པའི་མི་སྡུན་དུ་མགོ་ཐོན་པ་རང་བྱུང༌། རི་ཁྲོད་ཇོ་ནང་དུ་བསྟན་པའི་རྒྱུན་ལ་ཕན་པར་ དགོངས་ནས་གཡུ་རྩེ་ས་ཁོངས་དང་བཅས་པ ་ཆོས་གཞིས་སུ་སྦྱོར་འཇགས་གནང༌། འདིར་སྡོད་རིང་ལ་ངོ་ཆེན་ཞུ་དགོས་རྣམ་གྲངས་མང་པོ་རྣམས་ལ་ཡང་དགོང་པ་མཐོ་སྦྲཽན་རེ་མཛད་ཅིང༌། ཁྱད་པར་དཔོན་ས་སྣར་ཐང་ནས་ལ་ལོ་བསྟར་གྱི་ནས་ཁལ་སུམ་བརྒྱ་རེ་དང༌། གསེར་མ་ནས་ལ་ཡང་དྲུང་པ་རིན་པོ་ཆེའི་སྐུ་ངོའི་སྟེང་དུ་འཕར་ཆ་གནང༌། གདོང་དགའ་ནས་ལ་བཀའ་བཀྱོན་ཚན་ཆེན་མངོན་དུ་གྱུར་པ་ཡིན་ནའང༌། རག་རྫོང་སྐོར་བཅས་ཙམ་བྱང་དུ་ནང་བཞེས་ཡོད་ཙམ་གནང་བའི་ཚུལ་བསྟན་པ་ཙམ་ལས་གཞན་སྐྱོན་མེད་དུ་བྱུང་བ་སོགས་གཞན་ལ་ཕན་འདོགས་ཀྱང་དགའ་རབ་བྱུང༌། གདོང་དགའ་ནས་རང་སྔ་སོར་ཁོང་རའི་ཆ་ཞབས་ནས་འཐོན་པའི་སྟག་སྣ་བ་སོགས་ལ་བྱང་གཙང་དུ་ངོ་ཆེན་བྱས་ན་མི་ཡོང་ཚུལ་དབུ་ཚུགས་མཛད་པ་ལ་ངེད་ཀྱིས་ཀྱང་བློ་དང་བསྟུན་པ་ཡིན། འདི་སྐོར་ལ་ནི་དབྱར་གུང་ནས་རང་བརྩམས་ཞུ་ངོ་དགོས་པའི་ནན་ཆགས་བསམ་ལས་འདས་པ་མཛད་ཀྱིན་འདུག་སྟེ་རང་ཐོག་དང་མི་ཐོག་ལ་བསམ་མནོ་གཏོང་བ་ཅིག་ནི་དགོས་རྒྱུར་འདུག་ལགས། ཧོར་ཟླ་བཅུ་པའི་ཚེས་བཅུ་བདུན་ལ་ཉ་རི་དགའ་ཚལ་དུ་ཡོན་མཆོད་ལྷན་ཅིག་ཏུ་ཕེབས། ངེད་ཀྱིས་དེའི་སང་ཉིན་ཨུ་རྒྱན་རྫོང་གི་གྲུ་ལ་ཐོན། རུག་མ་དང་ཁྲོ་རུ་ཞག་མལ་རེ་བྱས། ཕུག་གསུམ་དུ་ཞག་གསུམ་བསྡད། ཉེར་གསུམ་ལ་ཇོ་ནང་དུ་སླེབ།
འདི་སྐབས་གཙུག་ལག་ཁང་གི་རི་མོའི་བྱ་བ་ཕལ་ཆེར་ཟིན་ཟླ་བ་དཀར་འཕྲལ་རབ་གནས་བྱས་པ་ཡིན་སླེབ་འཕྲལ་ནས་བླ་བྲང་འགག་པ་སོགས་ལ་ནཻ་གུའི་གསེར་ཆོས་ཆུང་བ་རྣམས་བཤད། ཁོང་གིས་དེ་སྐབས་དམ་པོ་བྱེད་མ་ཉན། ཆོས་དྲུག་ལ་དུས་ཆོས་ཀྱང་བཙུགས། སྦྱོར་དྲུག་གི་སྔོན་འགྲོའི་རིང་ལ་ནཻ་གུ་ཆོས་དྲུག་སོགས་ཀྱང་བཙུགས་ཤིང༌། ཕུག་གསུམ་པ་རྣམ་ལའང་གྲྭ་ཁྲལ་བྱས། །སྔར་སོར་མགྲོན་གཉེན་ཚེ་རྣམ་གྱྀས་སྦྱར་ཞིང་བྱང་ནས་བཀའ་ཤོག་གིས་ཆོད་པའི་ཆོས་གཞིས་དེ་ལོ་ལེགས་ཉེས་འབྲིང་གི་དབང་དུ་བྱས་ན་ནས་ཁལ་ཕྱེད་དྲུག་བརྒྱ་ཙམ་འབབ་པ་ཅིག་འདུག ཇོ་ནང་དུ་སྔོན་དུས་ཆོས་རྗེ་ཡབ་སྲས་རྣམས་ཀྱི་དུས་མཆོད་ངེས་ཅན་རེ་ཡོད་འདུག་ནའང་ཆོས་གཞིས་རྣམས་རིམ་པས་བཤོར་བའི་ཀུན་མཁྱེན་ཆེན་པོ་ལ་ཡང་ལོ་དུས་མཆོད་པ་ཙམ་མ་གཏོགས། གཞན་རྣམས་ཆག་ནས་བླ་རབས་ཀྱང་འགའ་རེ་སོང་རིགས་སུ་འདུག འདི་སྐབས་ཆོས་གཞིས་དེ་ཡབ་སྲས་བཞིའི་དུས་མཆོད་ཐེས་ལ་སྦྱར། ཀུན་མཁྱེན་ཆེན་པོ་ལ་ཟླ་མཆོད་དང་གོང་མ་ཡབ་སྲས་གསུམ་ལ་ལོ་མཆོད་བཟང་བར་བཙུགས། ཕྱོགས་པའི་ཐུགས་དམ་དུས་འཁོར་གྱི་དཀྱིལ་ཐང་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་གཅིགརྭ་ལོའི་ཕྱག་དྲིལ་མཻ་ཏྲི་བའི་རྒྱན་དྲུག གྲུབ་ཐོབ་འདར་ཕྱར་གྱི་ཕྱག་ཕུར། སློབ་དཔོན་ཤཱནྟི་པ་དང༌། རྒྱལ་བ་དཔལ་ཡེ་ཤེས་དང༌། པཎ་ཆེན་ཟླ་བ་མགོན་པོའི་རྒྱ་དཔེ་སྣ་རེ་སོགས་བྱིན་རླབས་རྟེན་བཟང་བ་རྣམ་གྲངས་མང་ཙམ་བསྟན་པ་ནམ་གནས་པར་ཇོ་ནང་གི་སྤྱི་ཐེས་སུ་བཞུགས་སུ་གསོལ། དེ་རྟིང་འཕགས་པ་རིན་པོ་ཆེའི་ཕྱག་མཁར་དང་
གསོལ་ལྕོག་ཡིན་ཟེར་བ་མུ་ཏིག་ལྗོན་ཤིང་གཅིག་ཀྱང་ལྷ་ཁང་དུ་བཞག སྔོན་བྱིན་རླབས་རྟེན་བཟང་ལ་མང་བ་རང་ཡོད་པར་གདའ་ནའང༌། བར་སྐབས་སུ་ཕལ་ཆེར་གྱག་འདུག་པའི་ཀུན་བསོ་བ་ཙམ་ཡིན། དམ་པོའི་བདུན་སྔ་ཕྱི་གཉིས་ལ་ཤུག་པ་གནམ་འཕྱང་དུ་བསྡད་པས་དགེ་སྦྱོར་འཕེལ་ཞིང་སྐྱིད་པར་བྱུང༌། བདུན་སྔ་རྟིང་གི་བར་ལ་སྡེ་པ་གདོང་དགའ་ནས་ཀྱང་དྲིལ་བཟོ་མཛེས་ལམ་མཚོན་བྱེད་ཙམ་ལ་ཕེབས། དུས་ཁྲིད་འདི་ཁྲིད་ལོ་ཤིན་ཏུ་ལེགས་ཤིང་ཕག་ལོའི་སྟོན་ནས་འདི་བར་ལ་བཙུན་གསར་ཕྱེད་པ་ཡང་མང་དུ་བྱུང༌། ཁྲིད་གཏོར་ཡན་ཆད་མཐའ་རྒྱས་བསྒྲུབས། སྔ་སོར་ནས་ནགས་ཕུག་གི་མི་དཔོན་རིམ་ཅན་ཕལ་ཆེར་ཇོ་ནང་པ་ལ་དགྲ་ཁོ་ན་བྱེད། དེ་ཁས་ལོ་རེ་རེ་ལ་མི་དཔོན་རེ་རེ་ལ་སྐྱོན་རེ་ཡང་བསྟུད་མར་བྱུང༌། འདི་སྐབས་ཁྲོམ་དབང་བྱེད་སྐབས་རླུང་པོ་ཆེ་གྲགས་པ་ལ་ནགས་ཕུག་གཉེར་པ་ཀུན་རྀན་དམིགས་ཕུད་ནས་བརྫངས་པས་ཡུལ་གཤིས་འཇམ་ཐིང་བ་བྱུང་ནས་ཁྲོམ་དབང་ཐུབ་ཙམ་བྱུང༌། དེ་ནས་ཁམས་པ་མི་ཉག་ཆོས་ཞུ་བ་གསར་སླེབ་དང༌། རང་རེའི་ལག་གཡོག་པ་འགའ་རེ་ལ་གཅོད་ཁྲིད་ཅིག་ཀྱང་བཤད། དེ་རྗེས་དོན་གཉེར་འགའ་ལ་ལམ་འབྲས་དང༌། འཛམ་ཐང་གི་གྲྭ་རིགས་འགའ་ལ་སྦྱོར་དྲུག་གཅིག་གཙུགས། འདི་ཁའི་སྔ་ཕྱི་ལ་ས་ཆ་ཡས་མས་ཀྱི་ཟློས་པ་རྣམས་ཀྱང་ཆོད། གཡུ་རྩེའི་ཆོས་གཞིས་དེ་ལྷ་ཁྱུང་རྫོང་གཉིས་ཀྱི་ལག་གཡོག་ལ་མཁོ་བ་རང་ཡོད་པས་ས་བརྗེས་བྱེད་དགོས་ཕེབས་པར་ལྟར་ཧོར་ཟླ་གཉིས་པའི་ཚེས་བཅུ་བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱི་དུས་ཆེན་གསར་དུ་འགོ་
བཙུགས་པའི་ཉི་མ་ལ་གཡུ་རྩེའི་ས་ཚབ་ཏུ་བཀྲ་ཤིས་འཛོམས་རྩིས་སྤྲོད་བྱུང༌། ཚེས་བཅུ་གསུམ་ལ་ཆོས་ལུང་བྱང་རྩེར་ཕྱིན་ཟླ་གཅིག་ཞག་པོ་བདུན་ཙམ་བསྡད་ཅིང༌། གྲྭ་གསར་གྲྭ་ཚང་རྣམས་དང་གཞི་བྱས་རྣམས་ལ་སྔ་ཕྱིར་སྐྱབས་འགྲོའི་བསླབ་བྱ་དང་ཀ་རི་ཀ་ལྔ་བཅུ་པའི་གཞུང་ལ་བརྟེན་ནས་དགེ་ཚུལ་གྱི་བསླབ་བྱ་ཞིབ་མོ་དང་བྱང་སྡོམ་གྱི་བསླབ་བྱ་དང༌། བླ་མ་ལྔ་བཅུ་པ་དང་རྩ་ལྟུང་བཅུ་བཞི་པ་དང་སྒོམ་པ་བསྒྲགས་བཟུང་གི་གཞུང་ལ་བརྟེན་ནས་སྔགས་ཀྱི་བསླབ་བྱ་ཞིབ་མོ་དང་བདེ་གཤེགས་སྙིང་པོའི་མདོ་རྣམས་ཚོགས་ལ་བཤད། མི་འཁྲུགས་པའི་དབང༌། བདེ་མཆོག་ལྷ་ལྔའི་དབང༌། ནག་པོ་པའི་དབང་རྣམས་ཆོས་ལུང་རང་དུ་ཆོ་ག་བྱེད་དགོས་དང་བསྟུན་པའི་མ་ཐོབ་པ་ཅི་རིགས་ཅི་རིགས་ལ་བསྒྲུབས། དགོན་པ་དང་ལུང་པ་ལ་ཕན་པའི་ཕྱིར་ཕྱོགས་བཞིར་གཏོར་མ་ཆེན་པོ་རེ་ཡང་བཏང༌། དྲག་པའི་སྦྱིན་སྲེག་ཆེན་པོ་གཅིག་བྱས་པས་རང་རེའི་འགྲོ་དོན་གྱི་བར་ཆད་མང་པོ་སངས་པའི་ལྟས་ཤར་བཀྲ་ཤིས་འཛོམ་གྱི་གྲོང་པ་ཚོ་ལའང་གྲྭ་གསར་བཀལ་བ་རྣམས་སྐྲ་བཅད་ཀྱང་བྱས། མིག་མདས་དང་དགོན་པའི་ལྟག་ནས་རང་གི་རྨིས་ལྟས་ཀྱིས་མཐོང་བ་བཞིན་དུ་ས་ལ་བརྐོས་པས་ངེད་ཡོན་མཆོད་དང་དགོན་པ་ལ་ངན་བྱེད་བྱས་པའི་འཁོར་ལོ་གསར་རྙིང་རེ་རེ་གཉིས་ཀྱང་ཐོན། དེ་དག་སྦྱིན་སྲེག་གི་ཆོ་གས་བསྲེགས་དེས་དགོན་པ་ལ་ཅུང་ཟད་ཕན་ནམ་ཡང་སེམས་པ་མངོན་རྟགས་ཀྱང་བྱུང༌། སྔ་སོར་ངམ་རིང་ལ་ཡོང་དགོས་ཚུལ་ནན་ཆགས་ཡོད་ནའང་ལྟས་ལ་མ་ཆུག་པས་ད་རེས་ལ་མི་ཡོང་བར་ཐག་ཆོད་ཞུས་པ་དེས། ལྷར་རྩེར་མཇལ་བའི་ དགོངས་གཏད་འདུག་པ ་ལྟར་དེ་ཁའི་རྩིས་ཀྱི་ཇོ་ནང་དུ་ཕྱིན། མཁའ་
སྤྱོད་བདེ་ལྡན་གྱི་ལས་ཀ་བྱེད་རྒྱུ་འདི་ཞིག་གསོས་ཡིན་ནའང༌། ཞིག་ནས་ཡུན་རིང་ལོན་པའི་སྟབས་ས་ཆོག་ཅིག་བྱས། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ལ་ཡང་ཡབ་སྲས་གསུམ་དང་འདྲ་བར་ལོ་དུས་ཀྱི་དུས་ཆེན་མཆོད་པའི་ཐེས་སྦྱར། ཧོར་ཟླ་གསུམ་པའི་ཉེར་ལྔ་རིགས་ལྡན་སྤྲུལ་པའི་སྐུ་ཀུན་སྤངས་ཆེན་པོ་ཀུན་དུ་བཟང་པོ་མཚན་བརྗོད་པར་དཀའ་བ་ཐུགས་རྗེ་བརྩོན་འགྲུས་ཀྱི་དུས་ཆེན་གསར་དུ་བཙུགས་པའི་ཐོག་བཀྲ་ཤིས་འཛོམ་དུ་སླེབ་པར་བྱས་སོ། །དེ་རྗེས་ཉེར་བདུན་གྱི་ཉིན་གཟའ་སྐར་བཟང་བའི་ཐོག་ལ་སྡེ་སྲིད་ཉིད་ཀྱང་བསུ་བར་ཕེབས་ཤིང་གཞན་ཡང་སེར་བསྒྲེང་སོགས་འདུ་འཚོགས་ཆེ་བ་དང་བཅས་ལྷ་རྩེའི་ཕོ་བྲང་དུ་སླེབ། དེ་ཉིན་ཉི་ཕྱེད་ཡན་ཉི་མ་ཤིན་ཏུ་འཇམ་པ་ལ་ཕེབས་བསུའི་སར་ངེད་ཀྱིས་རྟ་བབས་འཕྲལ་རླུང་ཡམ་ཙམ་ཞིག་ལངས། གུར་ནང་དུ་སླེབ་འཕྲལ་རླུང་ཆེན་པོ་གུར་སྟིབ་པ་ཙམ་བྱུང༌། དེ་ནས་སེར་བསྒྲེང་སོགས་ཀྱང་རླུང་འཚུབ་ཤིན་ཏུ་ཆེ་བའི་འཁྲིས་ནས་འཁྲིས་སུ་མི་མཐོང་བ་ཙམ་ལ་སླར་རྫོང་ནང་དུ་སླེབ་ཙམ་ན་རླུང་དེ་ཡང་སངས་སོང༌། ཟླ་གཞུག་དེ་ལ་དྲག་པོའི་བཀའ་ཅི་རིགས་ཕུལ། གནམ་གང་གི་ཉིན་ས་ཆོག་བྱས། དཔལ་གསང་བ་འདུས་པ་འཕགས་སྐོར་གྱི་དཀྱིལ་འཁོར་རྡུལ་ཚོན་ལས་བཞེངས། ཞབས་དྲུང་རང་དག་ཕྱག་གཡོག་དཔོན་སྐྱ་གཅིག་གཉིས་ཙམ་ཡོད། གཞན་ཕལ་ཆེར་བླ་མ་སློབ་དཔོན་བཀའ་བཅུ་རབ་འབྱམས་སོགས་ཤས་ཆེ་བ་ལ་ཉི་ཤུ་རྩ་ལྔར་བཅད་པའི་དབང་ཆ་གཉིས་པ་ཞིག་བྱས། དེ་རྗེས་དཔལ་གསང་བ་འདུས་པ་རིམ་ལྔ་དང་རྗེས་སུ་འབྲེལ་པར་བསྐྱེད་རྫོགས་ཀྱི་ཁྲིད་ལམ་རིམ་ཞིབ་
མོ་དང་བཅས་པ་རྒྱབ་རྟེན་འཕགས་པ་ཡབ་སྲས་ལྔའི་གཞུང་རྣམས་དང་རྩ་རྒྱུད་དང་སྒྲོན་གསལ་སོགས་ཀྱི་ལུང་གཞན་ཡང་ཆོས་ཀྱི་རྣམ་གྲངས་མང་རབ་དོན་གཉེར་སོ་སོ་ལ་ལེགས་པར་བསྒྲུབས་ཤིང༌། ངམ་རིང་ཆོས་སྡེའི་མཁན་ཆེན་ལ་རྣལ་འབྱོར་མའི་ཁྲིད་ལྭ་བ་པའི་ངོ་སྤྲོད་ཚིགས་བཅད་གཅིག་མ་སོགས་སྒེར་གྱི་བཞེད་ཆོས་ཀྱང་ཁ་རེ་བསྒྲུབས་ཤིང༌། དཔལ་རྡོ་རྗེ་མཁའ་འགྲོ་ཧེ་རུ་ཀ་ལྷ་དྲུག་ཅུ་རྩ་གཉིས་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་སྟེང་ནས། ཡོན་མཆོད་སོགས་ལ་དབང་ཆ་གཅིག་བགྱིས་པ་ལ། ཆོས་འཁོར་ལྷུན་པོའི་མཁན་པོ་བྱམས་རྡོར་བ་དང༌། འཇད་ཡངས་པ་ཅན་པའི་མཁན་སློབ་རྣམས་ཀྱང་བྱོན། ས་གའི་ཚེས་བཅོ་ལྔ་དུས་ཚེས་བཟང་པོ་ལ་རྫོང་གི་མདུན་དུ་ཆོས་ཁྲི་གསར་པ་བརྩིགས་པའི་སྟེང་ནས་གཙང་གཞུང་གི་སྐྱེ་བོ་ཕལ་ཆེར་འདུས་པ་ལ་མ་ཎིའི་ལུང་དང་ཚེ་དབང་བསྒྲུབས་ཤིང༌། དེ་རྗེས་སུ་རྫོང་གི་ཚོམ་ཆེན་དུ་ཡོན་མཆོད་དང་དགེ་བཤེས་གཙོ་བོར་གྱུར་པའི་སྐྱ་སེར་འདྲེས་པ་འཚོམ་ཆེན་ཁེངས་པ་ཙམ་ལ་སེམས་བསྐྱེད་ཆེན་མོར་གྲགས་པ་མཁས་མཆོག་ས་སྐྱ་པཎྜི་ཏའི་གསུང་གི་ཡི་གེ་གཞིར་བཞག་པའི་སྟེང་ནས་སྒོམ་དོན་ངོ་གང་འཕྲོད་ཀྱི་ལུགས་སུ་བྱས། དེ་ལྟར་ན་ཡུལ་ཕྱོགས་བཟང་པོར་ཆོས་དང་འབྱོར་བ་ཕུན་སུམ་ཚོགས་ཤིང༌། གཞན་ཕན་རྒྱ་ཆེ་བའི་སྐབས་འདི་ཉིད་དོ། །དེ་ལ་སྤྱིར་ལོ་རྒྱུས་འདི་ཐོག་མའི་ཚིག་ཏུ་སྨོས་པ་བཞིན་དུ་འདི་ལ་གཟིགས་པ་པོ་ཐམས་ཅད་ཀྱི་ དགོངས་པ ་བཞུགས་པ་ཞུ། དེས་ན་ཁ་ཅིག་འདི་སྙམ་དུ་ཁྱེད་ཀྱི་འདི་ལ་ངོ་མཚར་བའི་ཆོས་ཡི་གེར་འགོད་རིན་ཆོག་པ་ནི། གང་ཡང་མི་སྣང༌། དེ་ལས་གཞན་དུ་ཕྱོགས་རིས་སུ་བཅད་པ་དང་ཆགས་སྡང་ལ་སོགས་པ་ཆོས་བཞིན་མ་ཡིན་པ་ཡང་དུ་མ་སྣང་ལ། མཐོ་དམན་འབྱོར་རྒུད་
སྣ་ཚོགས་ཀྱི་གཏམ་ཡང་སྣང་བས་མཆོག་ཏུ་མཛེས་པ་མ་ཡིན་པའི་གཏམ་ཅིའི་ཕྱིར་འབྲི་བར་བྱེད་ཅེ་ན། ཁོ་བོ་ནི་འདི་འབྲི་བ་ལ་མཆོག་ཏུ་སྤྲོ་བ་ཡང་མ་ཡིན་ལ། ཆགས་སྡང་ལ་སོགས་པའི་ཉེས་པ་སྤངས་པ་ཡང་ག་ལ་ཞིག་སྟེ། བདེ་སྡུག་གི་ཁྱད་པར་དང་དགྲ་དང་བཤེས་ཀྱི་འགྱུར་བ་སོགས་སྣ་ཚོགས་འབྱུང་བ་ནི་འཁོར་བའི་ཆོས་ཉིད་ཡིན་ལ། འོན་ཀྱང་གཞན་གྱིས་ནན་ཏན་དུ་བསྐུལ་བའི་ཕྱིར་ན། དོན་ཆེན་པོ་མ་ཡིན་ཀྱང་སུག་རིས་འདི་བྲིས་པ་ཡིན་པ་དང༌། སེམས་ལ་ཆགས་སྡང་དྲག་པོ་འཆང་བཞིན་དུ་ཚིགས་འཇམ་པོས་བྲིད་ནས་གཞན་བསླུ་བའི་ཐབས་ཀྱང་ངས་ནི་མི་ཤེས་ལ། བདེ་བ་དང་འབྱོར་བ་དང་མཐུན་པའི་གཏམ་ལེགས་པོ་དག་བྲིས་ནས། སྡུག་བསྔལ་བ་དང་རྒུད་པ་དང་མི་མཐུན་པའི་གཏམ་སྦེད་པ་ལ་ཡང་སྤྲོ་བ་མེད་དོ། །ཡང་བདག་གང་ཟག་བཟང་པོ་མ་ཡིན་པ་ལ་རྣམ་ཐར་བཟང་པོ་འབྱུང་དུ་རེ་བ་ཡང་མ་མཛད་ཅིགརང་ཉོན་མོངས་མེ་ལྟར་འབར་བ་ཅིག་བྱས་ནས་རྒྱུད་དུལ་བའི་དུལ་ལུགས་དང་ཉེས་སྐྱོན་ཉོན་མོངས་མེད་པའི་མེད་ལུགས་བཤད་པས་ནི་སྐྱེ་བོ་བསླུ་བའི་ཧམ་གཏམ་དུ་འགྲོ་བ་ཡིན་ནོ། འོན་ཀྱང་སྟོན་པ་དེ་བཞིན་གཤེགས་པས་གསུངས། མཁས་གྲུབ་རྣམས་ཀྱིས་བསྒོམ་ཞིང་བཤད། ད་ལྟའི་བར་དུ་བཀའ་མ་ཆད་པར་བཞུགས་པའི་ཆོས། རྣམས་ལ་ཞུ་བ་དང་ལྟ་བ་དང་ཉན་པ་དང་གཞན་ལ་འདྲི་བ་དང་ཐེ་ཚོམ་གཅོད་པ་རྣམས་ཀྱང་བྱས། དེ་ཡང་རང་མཁས་སུ་རེ་བ་དང་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་འདོད་པའི་དང་ལྟོས་ཙམ་མ་ཡིན་པར། སེམས་ཅན་འཁོར་
བ་ལས་སྒྲོལ་བ་ཆོས་ལ་རག་ལས། དེ་ལ་ཡང་ཚིག་དོན་མ་ནོར་ཞིང་རྒྱུན་མ་ཆད་པ་ཞིག་དགོས་པར་ཤེས་ནས། ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་ཅིང་ཞུམ་པར་མ་བྱས། །ཉུང་ཞིང་གསལ་བ་ལ་བརྙས་ཤིང་ཁྱད་དུ་མ་གསད་པར་ནན་ཏན་དུ་བསླབས་ཏེ་གཞན་ལ་སྟོན་པར་བྱེད་པ་འདི་ནི་ཁོ་བོའི་རྣམ་པ་ཐར་པ་སྟེ་དང་པོ་ཡིན་ནོ།། །།མདོ་སྔགས་ཀྱི་གསུང་རབ་རྒྱ་མཚོ་རྣམས་ལས་རྒྱལ་ཚབ་འཕགས་པ་བྱམས་པའི་གཞུང་རྣམས་དང་འཕགས་ཡུལ་གྱི་མཁས་གྲུབ་དུ་མའི་ངེས་དོན་གྱི་གཞུང་རྣམ་པ་མང་པོ་དང༌། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང༌། སངས་རྒྱས་ཡེ་ཤེས་ཞབས་དཔོན་སློབ་དང༌། བྲམ་ཟེ་ཆེན་པོ་ས་ར་ཧ་དང༌། ལཱུ་དྲིལ་ནག་གསུམ་དང༌། ལ་ལི་ཏ་དང༌། དཔལ་འཛིན་དང༌། བིརྺ་པ་དང༌། ཀུ་ཀུ་རཱི་པ་ལ་སོགས་པ་གྲུབ་ཐོབ་རྣམས་ཀྱིས་མཛད་པའི་སྔགས་ཀྱི་གཞུང་རྣམས་དང༌། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲེལ་པ་དང༌། ཁྱད་པར་དུ་གྲུབ་ཆེན་ཞི་བ་སྦས་པ་ལ་སོགས་པའི་མན་ངག་ལ་རང་བྱན་ཆུད་ཅིང་ དགོངས་པ ་ལོངས་པར་བྱས་པས་སྒོ་ཕྱེད་དེ། མདོ་རྒྱུད་རྒྱ་མཚོའི་ཚོགས་རྣམས་མཐོང་བ་དང་ཐོས་པ་ཙམ་གྱིས་གོ་ཞིང་ཟབ་མོའི་དོན་གྱི་སྙིང་པོ་ལེན་པར་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་གཉིས་པ་ཡིན་ནོ།། །།བོད་དུ་བྱོན་པའི་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་དང༌། དེ་དག་གི་རྗེས་སུ་འབྲང་བ་སྔོན་བྱོན་མང་པོ་དང༌། བར་སྐབས་སུ་བྱོན་པའི་མཁས་གྲུབ་ཆེན་པོ་དམ་པའི་སྤྱོད་པ་ཅན་དུ་མ་བྱོན་པ་རྣམས་ལས་ཕྱོགས་རིས་སུ་བཅད་པའི་ཆགས་སྡང་གི་བློ་སྤངས་ཏེ། འབྲོག་
འགོས་མར་གསུམ། རྭ་སྐྱོ་ཞང་གསུམ། ས་རྔོག་དཔྱལ་གསུམ་སོགས་ཡོངས་སུ་གྲགས་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་ཀྱི་མན་ངག་དང་བཤད་སྒྲོས་དང་ཐུགས་ཀྱི་གསང་བ་ཕལ་ཆེར་བྱང་ཆུབ་ཅིང༌། བསྐྱེད་རྫོགས་ཆོ་ག་འཕྲིན་ལས་ཀྱི་ལག་ལེན་ཁྲིགས་བཀོད་ཐམས་ཅད་ཀྱང་བློ་ལ་མ་མཛིངས་པར་འཆར་ནུས་པ་དང༌། བྱིན་རླབས་དང་ཉམས་མྱོང་ཅུང་ཟད་ཤར་བ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་གསུམ་པའོ།། །།བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་མཐུ་ལས་གནས་ལུགས་ཀྱི་དོན་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་དང༌། དེ་རྟོགས་པར་བྱེད་པའི་ཐབས་མདོ་དང་སྔགས་ལས་གསུངས་པ་ཇི་སྙེད་པ་ཐམས་ཅད་ལ་ཡིད་ཆེས་རྣམ་པ་གསུམ་ལ་བརྟེན་ཏེ་ངེས་ཤེས་དང་དད་པ་ཐོབ་པས་དེ་དག་སྟོན་བྱེད་ཀྱི་གསུང་རབ་རྣམས་དང་གནས་ལུགས་དེ་གཟིགས་ཤིང་ཐབས་དེ་མངོན་དུ་གྱུར་པའི་སྐྱེས་བུ་དམ་པ་ཀུན་ལ་ཡང་རྐྱེན་གཞན་གྱིས་གཞིག་ཏུ་མེད་པའི་དད་པ་མི་ཕྱེད་པ་ཐོབ་པས། དམ་པ་མཆོག་རྣམས་ཀྱི་རྣམ་པར་ཐར་པ་ཐོས་པའམ་དེའི་དཔེ་རིས་མཐོང་བ་ཙམ་གྱིས་ཀྱང༌། བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་དང་བ་སྐྱེ་སྟེ། ཆོས་དང་གང་ཟག་ལ་དད་པ་ཕུན་སུམ་ཚོགས་པ་སྐྱེ་བ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཞི་པའོ།། །།གཞན་ཡང་མཁས་པ་ཁ་ཅིག་ཀུན་རྫོབ་ཀྱི་སྣང་བ་འདི་ལ་ཨ་འཐས་ཀོ་འཐས་ཤི་འཐས་རོ་འཐས་སུ་སོང༌། བློ་ལྷན་སྐྱེས་ཀྱི་ཨ་འཐས་དང་བསྟུན་ནས་གྲུབ་མཐའ་འཇོགའཁྲུལ་སྣང་ཚང་མར་བྱས་ནས་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་གྲས་བྱེད་པར་གདའ་ནའང༌།
ཆོས་འདི་ཀུན་སྒྱུ་མ་ལྟ་བུར་གོ་མྱོང་བརྟན་པོ་ཡོད་ཅིང༌། སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་གསུང་ལ་འཁྲུལ་བ་དང་འཛོལ་སོ་ཡེ་མེད་པར་ངེས་ནས། འཕགས་པ་རྣམས་ཀྱི་མཉམ་གཞག་དང་དེ་བཞིན་གཤེགས་པའི་ལུང་ལ་སྙིང་ཐག་པ་ནས་ཡིད་བརྟན་འཆའ་བར་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་ལྔ་པའོ།། །།མཁས་པ་ཁ་ཅིག་སངས་རྒྱས་ཀྱི་བསྟན་པའམ་སྐྱེས་བུ་དམ་པ་འགའ་རེ་ལ་ཕྱོགས་འཛིན་གྱི་ཞེན་ངོ་བསྟོད་འགས་པ་ཙམ་བྱེད་ཅིང༌། སངས་རྒྱས་ཀྱི་འཕྲིན་ལས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་ཡང་མ་ཤེས། ཐེག་པ་ཆེན་པོའི་ཐབས་ལ་མཁས་པ་ཡང་མ་གོ་ནས། རང་ཉིད་ལྟ་བ་མཆོག་ཏུ་འཛིན། སངས་རྒྱས་པའི་གྲུབ་མཐའ་གཞན་རྣམས་ལ་དགྲར་ལྟ། མུ་སྟེགས་ལ་སོགས་པའི་མིང་ཡང་ཐོས་སུ་མི་རུང་པ་སྐད་བྱེད་དེ། བློ་ཆུང་ཤེས་རབ་ཅན་དུ་རེ་བ་ཡ་རེ་ཆ། རང་རང་གི་སྐལ་བ་དང་འཚམས་པར་སྟོན་པའི་ཕྱིར། གྲུབ་མཐའ་དང་ཐེག་པ་གོང་མ་གོང་མ་ཐམས་ཅད་ལ་འོག་མ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་པ་ཁྱད་འཕགས་རེ་ཡོད་ཅིང༌། སྐྱོན་སྤང་ཚུལ་དང་ཡོན་ཏན་ལྷག་ཚུལ་རེ་ཡང་ཡོད། ཆེ་བ་དུ་མ་དང་ལྡན་མོད། འོན་ཀྱང་རྒྱང་ཕན་པའི་གྲུབ་མཐའ་ཚུན་ཆད་མ་རིག་པ་འཇོམས་བྱེད་ཀྱི་ཕྱོགས་སུ་གཏོགས་ཤིང༌། རྩའི་བུ་གར་ཉལ་བའི་སྲིན་བུ་ཕྲ་མོའི་ཁ་ཟས་ཚུན་ཆད་ཀྱང༌། སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་གྱི་སྟོབས་ལས་ཡིན་པར་ཤེས་ནས། དེ་བཞིན་གཤེགས་པ་དང་དམ་པ་ཆོས་ཀྱི་སྒོ་རྣམས་ལ་གཞན་ལས་ཁྱད་པར་དུ་འཕགས་པར་མི་ཕྱེད་པའི་དད་པ་ཐོབ་ཀྱང་
གཞན་རྣམས་ལ་ཡང་བརྙས་སེམས་དང་ཁོང་ནས་འཁྲུགས་པའི་འདམ་རྫབ་དུ་མ་བྱིངས་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་དྲུག་པའོ།། །།རྡོ་རྗེ་འཆང་ཆེན་པོའི་བཅས་པ་ལས་མི་འདའ་བའི་ཕྱིར། སྔགས་ཀྱི་ཆོས་བཤད་པ་ལ་སོགས་པའི་དོན་དུ་དཀྱིལ་འཁོར་ཐ་དད་པ་ཕལ་ཆེར་གྱི་གྲངས་བསྙེན་རེ་ཡང་བགྱིས་མོད། གཙོ་བོར་ལྷག་པའི་ལྷ་ཐམས་ཅད་ཀྱང་རོ་གཅིགསྔགས་ཐམས་ཅད་ཀྱང་རོ་མཉམ། རྫོགས་པའི་རིམ་པའི་རྣལ་འབྱོར་ཐ་དད་པ་རྣམས་ཀྱང་རང་བཞིན་མཉམ་པ་ཉིད་དུ་གྱུར་པ་ལ་རྣལ་འབྱོར་དུ་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བདུན་པའོ།། །།གཞན་ཡང་བླ་མ་དང་ལྷག་པའི་ལྷ་མང་པོས་རྗེས་སུ་བཟུང་བ་སྙམ་བྱེད་ཀྱང་དངོས་གྲུབ་སྟེར་བ་པོ་ལ་དགའ་བ་དང་རེ་བ་མེད། བར་ཆད་བྱེད་པ་པོ་ལ་འཇིགས་པ་དང་དོགས་པ་ཡང་མེད། ལྷ་དང་བདུད་རོ་མཉམ་དུ་གྱུར་པས་བར་དུ་གཅད་བྱ་གཅོད་བྱེད་དབྱིངས་སུ་དགབྱིན་གྱིས་བརླབ་བྱ་རློབ་བྱེད་སེམས་སུ་ཤེས། དངོས་གྲུབ་སྟེར་བྱ་སྟེར་བྱེད་ཐམས་ཅད་ཀྱང་རིག་པའི་རང་རྩལ་ཙམ་དུ་ཉམས་སུ་མྱོང་བ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་བརྒྱད་པའོ།། །།བཙུན་པོར་རློམ་པ་གཞན་རྣམས་མགུ་བའི་སྤྱོད་པ་བཟང་པོ་མེད་ཀྱང༌། ཆོས་ལས་ཇི་སྐད་བཤད་པའི་བླང་དོར་རྣམས་ལ་བདེན་ཞེན་དང་མངོན་ཞེན་དྲག་པོ་ཡང་མེད་ཅིང༌། སྤང་བླང་གི་ཚུལ་རྣམས་སྤྱིར་བཏང་གི་གནས་སྐབས་སུ་སྤྱིར་བཏང་དང་མཐུན་པ་དང་དམིགས་གསལ་དགོས་པའི་གནས་སྐབས་སུ་དགག་བྱ་དགོས་པ་བསྟུན་ཏེ་བླང་དོར་མ་འཁྲུལ་པར་བྱེད་པ་ལ་ཆོས་དང་རང་སེམས་ཞུ་དག་ཕེར་ཙམ་ཡོད་པ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་དགུ་པའོ།། །།
བཟང་པོར་རློམ་པ་རྣམས་མཉེས་པར་འགྱུར་བའི་རྒྱལ་སྲས་ཀྱི་རྣམ་ཐར་མ་མཆིས་ཤིང༌། འཇིག་རྟེན་གྱི་སྐྱེ་བོ་ཕལ་ཆེར་དགའ་ཞིང་འདུན་པའི་ཐབས་མ་བྱས་མོད། ལག་ལེན་དུ་སེམས་ཅན་བསླུ་བའི་ཐབས་མ་བྱས་མི་བྱེད་པར་མི་འགྱུར་ལ། སྐྱེ་བོ་མང་པོ་ལ་ཕྱི་མའི་ཚེ་ལ་མི་གནོད་ཅིང་ཕན་པའི་ཐབས་སུ་འགྱུར་བ་མཐོང་ན་རང་གི་གྲགས་འདོད་དང་བཟང་འདོད་དང་ཆོས་དང་མཐུན་མཐུན་མོར་གཞན་གྱིས་མ་མཐོང་ཡང་ཁྱད་མེད་སྙམ་པའི་བློ་བརྟན་པོས་སྤྱོད་པ་གཞུང་ལམ་དྲང་པོར་བསྲངས་ཏེ་འགྲོ་བ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཅུའོ།། །།གྲུབ་པར་མངོན་པར་རློམ་པ་དག་མགུ་བར་འགྱུར་བའི་རྟགས་དང་མཚན་མ་མེད་ཀྱང་སྔགས་དང་རྒྱུད་ཀྱི་སྦྱོར་བ་དང་ལས་ཚོགས་རབ་འབྱམས་རྣམས་དང༌། ཐུན་མོང་ཀྱི་དངོས་གྲུབ་ཐམས་ཅད་ཀྱང་སྒྱུ་མའི་རྣམ་རོལ་ཙམ་དུ་གོ་བས་སྲེད་པ་ལོག་ཅིང༌། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཞེས་པའི་སྒྲ་བོ་ཆེ་དེ་ཡང་དོན་དམ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ལོགས་སུ་མི་འདུག་པས། སྤྱིར་ཐོབ་འདོད་དྲག་པོ་ཡོད་ཀྱང་གཞན་དོན་དུ་ཡིན་མོད་ཀྱི། རང་གི་ངོ་བོ་ལ་ཐོབ་བྱ་ཐོབ་བྱེད་ཐམས་ཅད་དང་བྲལ་བས་ཐོབ་འདོད་ཀྱི་སྲེད་པ་ཕལ་ཆེར་ཟད་པ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་བཅུ་གཅིག་པའོ།། །།ལྟ་བ་དང་གྲུབ་མཐའ་ཐ་དད་པ་རྣམས་ལས་ནོར་པ་རྣམས་ཀྱི་འཚང་རིག་གནས་གཞན་ཕལ་ཆེར་གྱི་བློ་ལ་མ་ཤར་བའི་སུན་འབྱིན་དང་ཐལ་འགྱུར་གྱི་རིག་པ་གསར་
པ་མང་པོ་དང༌། གྲུབ་མཐའ་མ་ནོར་བ་རྣམས་ལ་ངེས་པའི་གཏན་ཚིགས་ལ་ཞུགས་པའི་རྒྱུ་མཚན་ཡང་དག་པ་མང་པོ་ཞིག་གཞན་ཕལ་ཆེར་གྱིས་མ་ཤེས་པ་གསར་དུ་རྟོགས་ཀྱང་རང་ཤུགས་ལ་རློམ་སེམས་མི་སྐྱེ་ལ། སྒྲ་དང་སྙན་ངག་དང་རྟོག་གེ་རྣམས་ལ་མཁས་འདོད་ཀྱི་སྲེད་པ་ལས་གྲོལ་ཞིང༌། དོན་ལ་མི་སྦྱོར་ན་མཁས་པའི་ཁུར་ཆེན་པོས་བརྗིད་པ་ལས་ཀྱང་ཚིགས་བཅད་གཅིག་ཁོ་ན་འཛིན་པས་དད་པ་འབའ་ཞིག་གིས་ཆོས་དོན་དང་མཐུན་པའི་ལག་ལེན་སྣ་རེ་བྱེད་པ་ལ་ཡང་གདིང་མཐོང་ཆེ་བ་ཞིག་སེམས་ལ་འཆང་བར་གདའ། འདི་ཡང་སྟོན་པའི་བཀའ་དང་མཐུན་པའི་ཆོས་ཀྱི་གོ་ཚུལ་ཅིག་ཡིན་ནམ་སེམས་ཏེ། དེང་སང་ཕལ་ཆེར་གཞན་རྣམས་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་སྟེ་བཅུ་གཉིས་པའོ།། །།གཞན་ཡང་འདུས་བྱས་མི་རྟག་པའི་རང་བཞིན་ལ་རེ་དོགས་བྱེད་དོན་མེད་དེ། ཚེ་རིང་བར་སྨོན་པ་ཡང་མེད། ཐུང་གི་དོགས་པ་ཡང་མེད། འཆི་བ་ལ་འཇིགས་པ་ཡང་མེད། ཉི་མ་དེ་རིང་ཉིད་འཆི་བདག་གི་རྒྱལ་པོ་འོངས་ཀྱང་རང་སེམས་སྐད་ཅིག་གི་དོན་འཆི་རྒྱུ་འཆི་བར་བྱེད་པ་པོ་ཇི་ལྟར་འཆི་བའི་ཚུལ་གང་ཡང་གྲུབ་པ་མེད་ཅིང༌། འཆི་བའི་རང་བཞིན་གང་ཡིན་པ་དེ་ཡང་བདེ་ཆེན་ལྷན་ཅིག་སྐྱེས་པ་ངེས་པར་རྙེད་ལ། དེ་ལས་གཞན་ཤུལ་མའང་གྲྭ་རིགས་སམ་གཞན་དོན་ནམ་བྱ་བ་བྱེད་འཕྲོ་འདི་ལྟ་བུའོ་ཞེས་ལྷག་མ་ལ་ཡོངས་སུ་ཆགས་པའམ་རྗེས་སུ་འདི་ལྟ་བུ་ཞིག་དགོས་པར་འདུག་ཅེས་བློ་ལ་བཅགས་པ་ཡང་མེད་ལ། ཅི་སྟེ་ལུས་སྒྱུ་མའི་འཁྲུལ་འཁོར་མ་ཞིག་པ་དེ་སྲིད་དུ་རང་གཞན་ལ་ཕན་པ་མང་དུ་སྒྲུབ་ནུས་པ་འདི་ཡང་ཁོ་བོའི་རྣམ་པར་
ཐར་པ་སྟེ་བཅུ་གསུམ་པའོ། །འཁོར་བ་ཡིན་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་བདག་ལ་ན་རྒས་འཆི་རྒུད་འཕོ་འགྱུར་མི་ཡོང་བ་མ་ཡིན་ཀྱང༌། གང་ཞིག་ཐོག་ཏུ་བབ་པ་དེ་ཀ་ཆོས་ཉིད་ཡིན་པའི་ཡི་ཆད་དང་བློས་མ་ལོངས་པ་དང་སེམས་སྡུག་ཡོང་བའི་གནས་མི་འདུག་ཅིང༌། དེ་ཐམས་ཅད་གློ་བུར་བ་ཙམ་དུ་ཤེས་པས་སྤང་བླང་ལ་རྩལ་འདོན་ཡང་མི་བྱེད་ལ། ཆོས་ཀྱི་དོན་དང་གཞན་ལ་ཕན་པའི་ཕྱིར་ཁྲོ་ཆགས་ཀྱི་རྣམ་འགྱུར་དུ་མ་འབྱུང་བ་ཡང་གྲིབ་མའི་སྐྱེས་བུའམ་ཆུ་ནང་གི་གཟུགས་བརྙན་བཞིན་དུ་འཁྲུལ་པའི་རང་འཚང་རྡིབ་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཅུ་བཞི་པའོ།། །།ཡང་ཁྱེད་ཅག་འདི་ན་ངས་འཇིག་རྟེན་གྱི་ཕན་འདོགས་འདྲ་ཡོད་དུ་རེ་བའི་ངོས་འཛིན་གྱིས་ཆོས་ཞུ་བ་དང་ཡོན་མཆོད་ཀྱི་འབྲེལ་བྱེད་པ་འདྲ་འདུག་སྟེ། ང་ནི་མཁོས་མི་ཤེས་པར་མ་ཟད་སྙིང་ཤིན་ཏུ་རིང་བས་དེ་འདྲའི་རེ་བ་མ་ཆེ་ཞིག་ལྐོག་རྔན་བླངས་པའི་ངོ་ཡང་ངས་མི་ཡོང་ཉིན་མཚན་ཤད་པའི་འགྲུལ་ཡང་ངེས་མི་ཕེར། གསོན་གཤིན་གྱི་རྙེད་བཀུར་ལ་ཧོར་རྒྱུག་རྒྱུག་ཀྱང་ངས་མི་ལྕོགས། ཞི་དྲག་ཐབས་སྐྱོག་སྣ་ཚོགས་ཀྱིས་དགྲ་འདུལ་ནི་ང་མི་བྱེད། སྙིང་རིང་བ་འདི་ཡིན་པ་སྐྱོན་ཡིན་ཏེ་སློབ་མ་བརྟག་པ་ཞོར་ལ་ཡོང༌། ཡོན་བདག་གི་དད་པ་བརྟན་མི་བརྟན་བརྟག་པ་ལ་ཡང་འདི་དགོས། རང་དགེ་སྦྱོར་རང་ཅིག་བྱེད་ན་རང་དགོས་པར་འདུག སྙིང་ཐག་ཉེ་ཉེ་མོའི་སྲེད་པས་དགེ་སྦྱོར་རླུང་ལ་བསྐུར། དེའི་རྒྱུ་མཚན་ད་ལྟ་འགྲོ་བའི་དོན་ནི་ཅུང་ཟད་ཙམ་ཡིན་གྱི། རྒྱུ་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་འདི་ལས་བརྩམས་ནས་རྣམ་པར་མི་རྟོག་པ་ལྷུན་གྱིས་
གྲུབ་པའི་སྤྱོད་ཡུལ་ནམ་མཁས་གར་ཁྱབ་གྱི་ཡུལ་རྣམས་སུ། འཁོར་བ་ཇི་སྲིད་པའི་དུས་ཐམས་ཅད་ལ་དོན་མེད་དུ་འགྱུར་བ་ནམ་ཡང་མི་སྲིད་པར་གང་ལ་གང་འདུལ་གྱི་འགྲོ་བའི་དོན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་བཞིན་དུ་འཇུག་པར་འགྱུར་བ་སྲིད་ཞི་ཐམས་ཅད་ཀྱི་སྣང་བརྙན་ཅན་དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱི་རྒྱ་མཚོར་འཇུག་པར་འགྱུར་ཏེ། མོས་པའི་དགེ་བ་ཕུན་སུམ་ཚོགས་པ་ལ་རྣལ་འབྱོར་དུ་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཅོ་ལྔ་པའོ།། །།བཅོ་ལྔ་པོ་འདི་ང་རང་ལ་ཡོད་ངེས་པའི་རྣམ་ཐར་རང་དེ་ཡིན་ པ་དགོངས ་ཞུ། གཞན་ཡང་རྣམ་པར་ཐར་པ་མང་པོ་ཡོད་པ་རྣམས་འབྲི་བར་འགྱུར་རོ། །སྡེ་ཚན་བར་པ་འདི་རང་ལོ་སོ་བརྒྱད་པའི་སྟེང་དུ་བྲིས་པ་ཡིན། ཕྱིས་ཅུང་ཟད་བསྣན་པ་ཡོད། བཀྲ་ཤིས།། །།
ཨོཾ་སྭཱ་སྟི། ཡང་སྔར་གྱི་འཕྲོས་ལས་བརྩམས་ཏེ། རང་གི་གནས་ཚུལ་ཅུང་ཟད་བརྗོད་ན་གྲོམ་པ་ལྷ་རྩེའི་ཕྱོགས་དེ་ཉིད་དུ། སྔར་གྱི་ཆོས་བཤད་པའི་འཕྲོས་དེ་ལས། དབང་རྗེས་གནང་ལུང་བཀའ་ཐན་ཐུན་མང་རབ་དང༌། ཁྱད་པར་བྱང་ཞབས་དྲུང་རང་གི་ དགོངས་བརྟད་དང་བསྟུན། ཞབས་དྲུང་རང་དང༌། །ངམ་རིང་མཁན་ཆེན་ཚུལ་ཁྲིམས་པ ་དང༌། གཞན་དགེ་བཤེས་བརྒྱད་དགུ་ཙམ། སེར་ཆགས་འགའ་རེ་དང་བཅས་པ་ལ། དབུ་མ་གཞན་སྟོང་གི་བཤད་འདོམས་རགས་པ་དང༌། རང་རེས་བརྩམས་པའི་གཞན་སྟོང་གི་གཞུང་ཐན་ཐུན་དང་བཅས་པ་ཡང་བཤད། སློབ་དཔོན་བྱམས་བཀྲས་པ་སོགས་གྲུབ་མཐའ་དེ་ལ་ཕྱོགས་ཞེན་བག་ཙམ་གདའ་ནའང༌། ངེས་པོ་ནི་མ་བྱུང་བ་འདྲ། གཞན་དགེ་བཤེས་ཀྱི་ཁུངས་རྣམས་ངེད་ཅི་འདྲ་ཞིག་སྨྲའམ་བསམ་ཚོད་བགམ་པའི་ཕྱིར། བདག་ཅག་ཀྱང་གྲུབ་མཐའ་འདི་ལ་མོས་པ་ཡིན་པས། ཆོས་གྲྭ་འདི་ལ་ཞུགས་པས་ཆོག་པ་དགོས་ཟེར་ཡང་ཡང་ནན་བཅགས་བྱས་དེ་ཡོངས་མོད་ཀྱང༌། སྔར་གྱི་བག་ཆགས་རྙིང་པ་བློ་ལ་ཞེན་པ་དེ་ཁ་མ་གཏོགས་ཆོས་ལ་གོ་ནས་དད་པ་སྐྱེ་བ་ལྟ་ཅི་སྨོས། གོ་བ་རང་སྔོན་མ་ནས་མི་སྐྱེ་བ་འདུག སྔར་གྱི་གོ་བ་རོ་ཐེད་ངན་པ་རབ་རི་བ་དེས་བསྒྲུབས་ནས། རང་རེས་ཞིབ་པོ་བཤད་ཀྱང་གོ་བ་གཙང་སང་ངེ་བ་འཆར་ཐུབ་མཁན་མི་གཅིག་ཀྱང་མི་འདུག རང་ཉིད་གང་མོས་པའི་རྩ་བའི་གྲུབ་མཐའ་དེ། ཕྱོགས་ཞེན་གྱི་སྒོ་ནས་འཛིན་པ་དམ་པོ་བྱེད་པ་ནི། དེང་སང་ཕལ་ཆེར་གྱི་ལུགས་སུ་གདའ་ནའང༌། གཞུང་ལུགས་
ཤེས་གྱུའི་ཁུངས་ཀྱིས་ཆོས་ཉན་ཕྱིན། སོ་སོའི་འདོད་ཚུལ་ཐ་དད་པའི་གོ་བབས་ཀྱིས་མཚམས་བྱེད་པ་ཙམ་མམ། ངེད་ཀྱིས་བཤད་པ་དེ་ཕྱོགས་སྔ་ཡིན་དུ་བཅུག་ནའང༌། ཕྱོགས་སྔ་གོ་བ་ཅིག་ཀ་ཡོང་ཐང་བ་ལ། མན་ནེ་མུན་ནེ་ཅིག་མིན་པ་འདི་ཡིན་མེད་པའི་སྟེང་ནས། རྒྱུ་མཚན་མ་ཡིན་པ་ལ་རྒྱུ་མཚན་དུ་འཛིན། རྒྱུ་མཚན་རང་དེ་ཡེ་མི་གོ གནད་དོན་མ་ཡིན་པ་ལ་གནད་དུ་འཛིན། གནད་རང་དེ་མཐའ་ལ་ཡལ། གོ་ཆོག་ས་ནས་མི་གོ མ་གོ་ཆོག་ས་ནས་གོ་བ་ཤ་སྟག་ཡོང་གིན་འདུག་པས། རྒོད་ཀྱང་བྲོ་ལ་ཡི་ཡང་མུག་པར་བྱུང༌། ཕལ་ཆེར་མ་གོ་ཞིང་ཅུང་ཟད་གོ་བ་ལ་ཡང་བློ་མ་སོང་བས་ཤེས་པར་འདོད་པའི་དོགས་གཅོད་བྱེད་པ་ཡང་མེད། མི་འཐད་པ་གོ་བའི་རྒལ་བརྟག་འབེལ་གཏམ་བྱེད་པ་གང་ཡང་མེད་པར། ཁ་སྐྱེངས་བསུ་བ་བྱེད་ལ་ཁྱེད་ལ་མདོ་ཕྱོགས་ཀྱི་བསླབ་ཤེས་འདི་ཙམ་ཡོད་སྙམ་པ་སྔར་མ་བྱུང༌། འདི་ལྟར་ཡོད་ཕྱིན། མདོ་ལུགས་ཀྱི་བཤད་གྲྭ་ཞིག་བསྐྱངས་ན་བསྟན་པ་ལ་ཕན་པ་འདུག་ཟེར་བའི་ངོ་བསྟོད་གཅམ་བུ་དེ་མི་རེ་ངོ་རེས་གཏོང་དུ་གྱུར། དགེ་བཤེས་འདི་རྣམས་ཀྱིས་མི་གོ་བའི་རྒྱུ་ཡང་འདིར་འདུག་སྟེ། གཞན་སྟོང་འདི་སེམས་ཙམ་རྣམ་རྫུན་པའི་ལུགས་ཡིན་ནོ་ཞེས་ཟེར་བ་དང༌། གཞན་སྟོང་པ་རྣམས་ནི་བྱམས་ཆོས་བར་ པ་གསུམ་གྱི་དགོངས ་པ། རང་ལུགས་ཀྱི་དབུ་མར་འདོད་པ་ཡིན་ཟེར་བའི་གཏམ་ཙམ་ཞིག་རྣ་བ་ལྷུངས་པ་དེས། རང་རང་གི་གྲྭ་ས་ན་རྣམ་འགྲེལ་གྱི་སེམས་ཙམ་རྣམ་རྫུན་གྱི་སྐབས་དང༌། བྱམས་ཆོས་བར་པ་གསུམ་གྱི་དོན་ཡིན་གྱུ་བ་སེམས་ཙམ་དུ་འདོད་པའི་
གྲུབ་མཐའི་ཁུལ་ཞིག་འདུག་པ་དེ། དབུ་མ་གཞན་སྟོང་དུ་མིང་བསྒྱུར་བ་མ་གཏོགས། དེ་ཁ་རང་ཡིན་ཡོང་སྙམ་ནས། གཞན་སྟོང་དང་སེམས་ཙམ་གྱི་ཁྱད་པར་ཤིན་ཏུ་ཆེ་བ་རྣམས་ཡེ་མི་གོ་བར། ཁྱད་ཆོས་དེ་དག་ཁོང་རང་ཚོའི་འདོད་ཚུལ་རྙིང་པའི་སེམས་ཙམ་གྱི་ལུགས་དེ་ལ་ཀ་ཡོད་པ་ཨེ་མི་ཡིན་ནམ། སྔར་གྱི་དེ་དང་ནི་འདྲ་ལ་འདྲ་མིན་ཞིག་བྱུང་སྙམ་པའི་མགོ་བོ་སྤོས་པ་དེ་ཁར་འདུག་གོ །འདི་སྐབས་ས་གའི་ཚེས་བཅོ་ལྔ་ལ། རང་ཡུལ་དུ་ཕ་སྐུ་མདུན་རྣམ་རྒྱལ་ཕུན་ཚོགས་དེ་སྐུ་གཤེགས་ པ་འདུག དགོངས ་རྫོགས་དངོས་ཀྱི་སྐོར་ལ་ནི་མཁན་པོ་བློ་གྲོས་རྒྱལ་མཚན་པ་སྤྱན་དྲངས་གདའ། སྐབས་འདིར་གནས་ཚུལ་སྐྱེས་མི་བྱུང་བས། དགོན་སྟོད་སྨད་ཐམས་ཅད་དུ་མང་ཇ་ནས་འགྱེད་སོགས་ དགོངས་པ ་རྫོགས་ཐབས་གང་གྲག་བགྱིས་པ་ཡིན། ཅུང་ཟད་སྐྱོ་ཤས་ཆེ་བ་ཅིག་ཀྱང་བྱུང༌། བྱིས་པའི་དུས་སུ་རྩེ་མོའི་རྣམ་པས། ཀུ་རེ་ཀྱལ་ཀའི་སྒོ་ནས། ཕ་ལ་མ་གུས་པའི་རྣམ་འགྱུར་བྱས་པའི་མཐོང་ཆོས་ཀྱི་འབྲས་བུ་ལ། ད་ལྟར་ཡང་རླུང་ཁམས་ཀྱིས་རྟག་ཏུ་གཙེས་པའི་ཁམས་མི་བདེ་བ་ཡོང་བར་འདུག དེས་ན་ཕྲ་ཞིང་ཕྲ་བ་ལ་སྤང་བླང་བྱེད་པ་གལ་ཆེ་བར་གདའ། དེ་སྐབས་ཞིག་ཞབས་དྲུང་དང་བྱམས་བཀྲས་པ་གཉིས་ཀྱིས། ཤིན་ཏུ་ནན་བཅགས་ཆེས་པའི་ངོ་མ་ཆོགས་པར། ཁོང་དཔོན་གཡོག་གཉིས་ལ་གྲུབ་ཆེན་ཞི་བའི་ཞབས་ནས་བརྒྱུད་པའི་སྦྱོར་དྲུག་གསར་མ་དེ་བཤད་དགོས་པར་བྱུང༌། སོར་སྡུད་ལ་མུན་ཁྲིད་ཀྱི་རྣམ་པ་ཙམ་གཅིག་ཀྱང་མཛད། འདིའི་དབང་མན་ངག་བཤད་པ་རྣམས་ཚར་
གཅིག་ཚར་བར་བྱས། དེ་སྐབས་བཀའ་ཅུང་ཟད་ལྟས་འཚུབ་པར་བྱུང་ནའང་སྐྱོན་ཙམ་མེད་དམ་སྙམ་ཆེར་ཆེར་མ་བྱས། ཡིག་བརྒྱ་བཤགས་པ་ཚོགས་མཆོད་སོགས་བྱེད་པ་ཡང་མ་བྱུང༌། འདི་སྐབས་རྩིས་གནས་གསར་བའི་རྗེ་དྲུང་ཁོང་མདར་ནས་ཡར་ལུང་ཕྱོགས་ལ་ཐོགས་པའི་ཞོར་ལམ་དུ། ཁོང་པའི་དཔོན་སྲས་ཆོས་རྗེ་ཆུང་ཆུང་དེ་དང་བཅས་ངེད་ཡོན་མཆོད་རྣམས་མཇལ་བར་བྱུང༌། བྲག་སྣ་སྟོད་དང་པོ་ཞིག་བྲག་སྣ་ཆོས་རྗེ་པས་བདག་པོ་ཀུན་རིན་པ་ལ་ དགོངས་པ ་ཞུས་ནས་ཆོས་ལུང་བྱང་རྩེར་ཕུལ་བར་འདུག དེ་ལ་འཕན་ནེ་བས་མགོ་སྐོར་གྱི་རྣམ་པ་བྱས་འདུག་ཀྱང༌། ཕྱིས་བྲག་སྣ་ཆོས་རྗེ་སྨྱོན་པ་ལ་ཁས་ཆད་ཡོད་པའི་དགོས་ཆ་རྣམས་མ་བྱུང་བ་ཡུན་རིང་པས་སྔ་སོར་ཅིག་ངེད་ལ་བྱིན་པ་ཡིན་ཀྱང༌། གཟིངས་གཞི་ལ་དགོས་པ་མི་འདུག་སྙམ་ལོ་མང་དག་ཅིག་བཞག་པ་ཡིན། འདི་སྐབས་ཆོས་ལུང་དགོན་པར་ངན་བྱེད་བཙུན་པ་ཀུན་ཡང༌། སྨོན་འགྲོ་བ་རང་རྟོགས་ལྡན་དང་བཅས་པས་བཙུད་པ་ཡིན་ངེས་སུ་འདུག་པ་དང༌། ཆོས་རྗེ་སྨྱོན་པས་ཀྱང་ནན་གྱིས་ཕུལ་བ་འཛོམ་ནས། རང་རེས་ཀྱང་ཁམས་གཤིས་ལངས་ཏེ་ཁས་བླངས་པས། འདི་སྐབས་བྲག་སྣ་སྟོད་ལག་ཏུ་བྱུང་བ་ཡིན། སྨོན་འགྲོ་བ་གཏན་ཞལ་གྱིས་སྡིགས་རིས་ལུང་པ་བཀང་ཡང༌། རྗེས་ལ་འདི་ཡིན་རང་ནི་ཅང་མ་བྱུང༌། དེ་ནས་ཧོར་ཟླ་ལྔ་པ་ཚེས་འཕྲལ་ལ་ཡར་ཆས་ཏེ། སྡེ་པ་དཔོན་གཡོག་གིས་སྐྱལ་མ་ཅུང་ཟད་མཛད། རགས་རྫོང་གཞོལ་གྱི་གདོང་དེར་གདོང་དགའ་བས་སྣ་ལེན་བྱུང༌། མདར་རྫོང་གསར་
གྱི་མདུན་དུ་སྡེ་པ་དགྲ་འདུལ་བ་དང་མཇལ། དེ་ཡང་དགྲ་འདུལ་བ་ལ་རྒྱལ་པོའི་གནོད་པ་གཙོ་བོར་གྱུར་པའི་ནད་གདོན་གཉིས་འཛོམ་ཞིག་གིས་ཡུན་རིང་བསྙུང༌། ཐབས་རྟེན་འབྲེལ་གྱི་རིགས་ལ་མ་མཛད་པའི་སྣ་མེད་པར་འདུག གནས་གསར་རྗེ་དྲུང་གིས་རྔས་བསྲུངས་རྒྱང་ཙམ་མཛད། དབང་བསྐུར་རིམ་གྲོ་དཔག་མེད་མཛད་ཟེར། ཁོང་པའི་གསང་ཆབ་ཀྱང་ཆུ་འཇོ་འཇོ་མཆོད་གདའ་ནའང༌། ཕན་སྐྱེད་ནི་ཆེར་མ་བྱུང་བར་འདུག མོས་ཞེན་ནི་དེ་ཕྱོགས་རང་ལ་ཆེ་མོད། ནད་གདོན་ཕན་དུ་རེ་ནས་ངེད་ལའང་དེ་སྐབས། དངོས་བརྒྱུད་དུ་མ་ནས་ནན་བཅགས་མཛད་པའི་སྟབས། འདྲེ་ལ་སྲུང་ཡིག་དང་བྱིན་རླབས་སོགས་ངེད་ཀྱིས་ཀྱང་བྱས། ཕན་ཐོགས་ཆེ་རབ་ཀྱང་བྱུང་ནི་བྱུང༌། ནམ་ཕན་པ་ནས་གསུང་ཐུགས་བརྗེད་ངས་ཀྱི་དབང་དུ་སོང་ཡོད་པ་ནི་གཞིར་བཅས། དེ་ནས་ངེས་ཅག་ལུས་ལ་འཕྲོད་དུ་རེ་པས། མང་མཁར་ཕུའི་ཆུ་ཚན་ཅུང་ཟད་བསྟེན། ཉི་མ་སྔ་མ་གཉིས་ལ། བྱང་ཞབས་དྲུང་གི་གསུང་ནན་ཆགས་ཆེན་པོ་ཡོད་པ་ལྟར། སྦྱོར་དྲུག་ཉེ་བརྒྱུད་ཀྱི་འཁྲིད་དམིགས་ཡི་གེར་བཀོད་ནས་ཕུལ། ཞག་གཉིས་སོང་བའི་ཉིན་མོ་བེ་སྣབས་འདྲེས་པའི་ཁྲག་སླ་ང་དོ་གསུམ་ཙམ་སྐྱུགས། དེ་ཐོག་མ་ཆུ་ཚན་གྱིས་བད་ཁྲག་པ་ཕན་པའི་རྣམ་འགྱུར་ཞིག་ཡིན་ནམ་སྙམ་པ་བྱུང་ཡང༌། ཆོས་རྡོ་རྗེའི་རྣལ་འབྱོར་གྱི་མན་ངགའཕགས་ཡུལ་གྲུབ་པའི་ཐུགས་བཅུད་དེ་ཉིད་སྐབས་སུ་མ་བབ་པ་ལ་བཤད་ཅིང་ཡི་གེར་བཀོད་པའི་གཉན་ཆ་རང་གཙོ་ཆེ་བའི་རིགས་སུ་འདུག དེ་མ་ཐག་མ་ནས་གཉིད་ཤིན་ཏུ་ཆེ། ཁམས་
ཉོག ལུས་ཤིན་ཏུ་མ་བདེ་བ་ཞིག་བྱུང་བའི་ངང་ནས། རྒྱ་ཚོ་ལ་དང༌། ཆེ་ལ་སོགས་བརྒྱུད་ནས་རིམ་པས། བླ་མའི་བཞུགས་གནས་རི་ཁྲོད་ཆེན་པོ་བྲག་སྟོད་དུ་འབྱོར། གཙང་ཁང༌། འདུ་ཁང༌། ལོགས་བྲིས་དང་བཅས་པ་སོགས་རི་ཁྲོད་ཉིད་ལ་བལྟོས་པའི་རྒྱ་དཔངས་མི་ཆུང་ཙམ་རང་རེས་སྔ་སོར་དུ་རྒྱང་ནས་བཀོད་པ་བྱས་པ་ཡང༌། དེ་སྐབས་མཐར་ཕྱིན་པའི་སྐབས་ཡིན་པས། སླེབས་འཕྲལ་ནས་ཁམས་མ་བདེ་བཞིན་དུ་དེ་རྣམས་ལ་རབ་གནས་རྒྱས་པར་བྱས། དངོས་གཞི་ཚེས་བཅོ་ལྔ་ལ་ཡིན། དེ་རྗེས་ཚེས་བཅུ་བདུན་བཅོ་བརྒྱད་གཉིས་ལ། ཡ་ཕྱང་བ་དྲུང་ཆེན་བརྟན་པ་མི་ངོ་སོགས་ལ་ཀྱཻ་རྡོར་གྱི་དབང་ཞིག་ཀྱང་བྱས་པ་དངོས་གཞི་ལ་དབང་རྫས་འགྲིམ་པ་མི་ལྕོགས་ལ་ཁད་ལ་ཐུབ་ཙམ་བྱུང༌། དེ་བར་དུ་ཁམས་ཤིན་ཏུ་མི་བདེ་བ་དེ་ཇེ་ལོད་དུ་སོང་ནས། དེའི་ནང་པར་ནས་གང་ཡང་མ་ལྕོགས་པར་སྡོད་དགོས་བྱུང༌། དེ་ཡང་ཉིན་མཚན་ཀུན་ཏུ་ཁམས་ཉོག་ཅིང་གཉིད་ལ་འགྲོ་བ། མགོ་ལུས་རུས་ཚིགས་ཐམས་ཅད་མི་ན་བའི་ས་གཅིག་ཀྱང་མེད་པ་ལ། ལུས་ཟུངས་ཆུང་ཞིང་ཁ་ཡང་འགག་པ། རྟག་ཏུ་མགོ་འཁོར་བའི་རྣམ་པ་ཡོད་པ། མིག་དང་རྣ་བ་དབང་པོའི་སྒོ་རྣམས་ཀྱང་འགྲིབ་པ་སོགས་ཤིན་ཏུ་ནད་ཚབས་ཆེ་བ་དོས་དྲག་པར་བྱུང་ནའང༌། འཚོ་བྱེད་སྨན་པ་སོགས་གང་ལའང་མ་བསྟན། ནང་ལ་ཐོག་འགེལ་དང༌། བློས་བཏང་གི་ལམ་ཁྱེར་ཅུང་ཟད་རེ་བསྒོམ། ལར་བླ་མའི་
སྐུ་དྲིན་ཡིན། འཆི་བ་ལ་འཚེར་བ་དེ་སངས་ནས་ནི། དེ་གོང་ནས་ལོ་མང་པོ་ཞིག་ཀྱང་ཐལ། གལ་ཏེ་དུས་ལ་བབ་པ་ཡིན་ན། སྤྱིར་འཆི་བའི་ས་ཆ་ལ་ཁྱད་མི་འདུག་ཀྱང༌། བླ་མའི་གདན་སར་སླེབ་པ་འདི་ཤིན་ཏུ་སྟབས་ལེགས་འདུག་སྙམ་པ་ཙམ་ནི་བྱུང༌། དེ་ཀ་ལ་ཞག་མང་རབ་ཅིག་སོང༌། དེ་སྐབས་སུ་ཉེར་མཁོའི་ཁ་ཟས་དང་ཡོ་བྱད་འགའ་ཞིག་དཀོན་པར་བྱུང་ནས། བློ་བཅོས་མ་མ་ཡིན་པར་རང་གིས་རང་ལ་སྙིང་ཚིམ་མང་པོ་བགྲོང་བར་བྱུང་སྟེ། ཁྱོད་དགོས་ཆ་གང་འདོད་ཡོད་པའི་སྐབས། དཀོན་མཆོག་ལ་མི་མཆོད། དགེ་བ་མི་བྱེད་པར་རང་གིས་ཡོག་ཟས་དང་ཡོག་འཐུང་ཁོ་ན་བྱས། ད་རང་ལ་དགོས་དུས་མེད་ཐབས་མེད་པའི་ཡོ་བྱད་རྣམས་མི་འཛོམ་པ་འདི། དཀོན་མཆོག་གི་སྐུ་ཡོགས་འགོ་མ་རྣམས་ཀྱི་བརྡ་གཏོང་ཡིན། སྙིང་རེ་ཚིམ། ད་དུང་འདི་བས་ཀྱང་ཆེས་ཆེ་བའི་ན་ཚ་སྡུག་བསྔལ་ཐམས་ཅད་སྤུངས་ཤིག་སྙམ་པ་ཁོ་ན་ཡང་ཡང་རང་ཞུགས་ལ་བྱུང༌། དེ་ནས་སྔ་དྲོ་ཞིགམེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམས་པ་དང༌། །སེམས་དམྱལ་རྣམས་ཀྱི་ཕྱག་ན་པདྨ་མཐོང་བར་ཤོག །ཅེས་པ་སྤྱོད་འཇུག་གི་ཚིག་འདི་ཡང་ཡང་དྲན་པས་རྐྱེན་བྱས་ནས། འཕགས་པ་སྤྱན་རས་གཟིགས་འབའ་ཞིག་ཡིད་ལ་དྲན་ཞིང༌། མོས་གུས་ཀྱི་གདུང་ཤུགས་དྲག་པོ་མཆི་མ་རང་དབང་མེད་པར་འཆོར་བ་དེ་ཀ ཞག་པོ་གཉིས་གསུམ་ཞིག་ཤུགས་འབྱུང་ལ་བྱུང༌། དེ་ཀའི་ངང་ལ་ཉིན་གཅིག་གཉིད་ཆོགས་
ཏེ། གཉིད་དུ་འཕྲི་ཙམ་སོང་བ་ན། འཕགས་པ་སེམས་ཉིད་ངལ་གསོ་འདྲ་རུང་བའི་སྐུའི་རྣམ་པ་གསལ་པོ་ཞིག་ཁྲ་ལམ་གྱིས་བྱུང༌། གཉིད་སད་པ་ན། དེ་འཕྲལ་རང་དུ་ཁམས་ཅུང་ཟད་བདེར་སོང་འདུག དེ་ནས་ཞག་པོ་གཉིས་གསུམ་ན་ནད་རགས་པ་དེ་གྲགསྔར་རབ་གནས་ཀྱི་སྐབས་ནས། རང་གི་གྲྭ་རིགས་སུ་གཏོགས་པ་དགོན་ཐ་དད་ནས་འདུས་པ། ཆོས་ཐོབ་འདོད་ཅན་མང་པོ་ཡོད་པ་ལ། སྒོམ་ཆེན་བྱ་བྲལ་སྙོམ་ཆུང་གི་རིགས་འདི་དད་པ་ཆེ་བས་འཚོ་བ་རང་རྒྱགས་ལ་བརྟེན་ཞིང༌། ཆོས་ཀྱི་དགུག་སྡོད་བྱེད་མཁན་ཁོ་ནས་མཐའ་འཁོར་ནས་ཡོད་པས། ཁམས་ཚོ་ཟིན་ཙམ་ནས་གཟུང༌། གྲྭ་རིགས་ཕོ་མོ་ཁོ་ན་ལྔ་བརྒྱ་ཙམ་དང༌། ཡོན་བདག་སྐྱེ་བོ་ཅི་རིགས་པ་དང་བཅས་མང་པོ་ལ་ཚོགས་ཆོས་སུ་དབང་བསྐུར་རྗེས་གནང་གྲངས་མང་བ་དང༌། ནཻ་གུ་ཆོས་དྲུག་གིས་སྣ་དྲངས་ཤངས་ཆོས་ཆ་ཚང་སོགས་འཁྲིད་སྣ་མང་དུ་བྱས། སྙིང་པོ་དོན་རྒྱུད་རང་སེམས་ངོ་སྤྲོད་པ་ཡིན་པས། འཁྲིད་གསར་པའི་རིགས་ངོ་སྤྲོད་ཞུ་འདོད་ཤིན་ཏུ་མང་བ་འདུག་པ་རྣམས་ལའང༌། སོ་སོར་ངོ་སྤྲོད་འཐེམས་རྒྱས་སུ་བྱས་པ་རྣམས། འཁྲིད་ཐེབས་ཚུལ་ཡང་ལེགས་རབ་བྱུང༌། གྲྭ་རིགས་ཡོན་བདག་སོ་སོས་རང་ལ་གང་ཡོད་ཆེ་འབྱོར་ཆུང་འབྱོར་དུ་བྱིན་པའི་རྣམ་གྲངས་ཀྱང་ཤིན་ཏུ་མང༌། ལར་བཀའ་བརྒྱུད་པའི་སྒོམ་ཆེན་འདི་རྣམས་ལ། སྔོན་གྱི་སྤྱན་ལྟོས་བཟང་པོའི་རྒྱུན་འདི་ཁ་ངོ་མཚར་ཆེ་བར་གདའ། ལུས་ལོངས་སྤྱོད་བླ་མའི་ཕྱོགས་སུ་བཏང་ནས། ངས་བྱས་དང་དྲིན་བགྲང་བར་མི་བྱེད། བླ་མའི་དཀོར་ལ་ཤིན་ཏུ་འཛེམ་ཞིང་རང་ལ་ལན་གྱི་རེ་བ་མི་བྱེད་པས། སོ་སོར་
ཡང་རྟེན་འབྲེལ་ཅུང་ཟད་རེ་འགྲིག་ནས། རང་རང་ལ་ཡང་མདུན་མ་ཐ་ཤལ་རང་མིན་ཙམ་རེ་དང༌། སྡེ་དེ་ལའང་དགེ་མཚན་འཕྲན་བུ་རེ་དང༌། དུས་དང་དབང་པོ་ལ་བལྟོས་པའི་དགེ་སྦྱོར་སྐྱེ་ཚུལ་འཕྲན་དུ་རེ་ཡང་འཕྲལ་དུ་ཡོད་ཀྱིན་འདུག སྔོན་སྒེར་སྒོམ་ཞིག་པོས། བླ་མ་ཀ་བ་ཅན་པའི་རྩར་བྱོན་པའི་དཔེ་བཞིན་ཡིན། ཆོས་ཕར་བཤད་དགོས། ཞབས་ཏོག་ཕར་བྱེད་དགོས། ཕྱག་ཕར་ལ་སྟོབ་དགོས། དྲིན་ཚུར་ལ་འདེད་དུ་འོང༌། ང་ལ་ནི་བཙུན་པའི་སློབ་མས་དགོས་པ་མེད་ཟེར་ནས། ཡུན་རིང་དུ་མཇལ་ཁ་མ་བཏང་སྐད། ཆ་ཅིག་ནས་དེ་ཡང་བདེན་པོར་གདའོ། །དེ་སྐབས་བོ་དོང་དང་ཤེར་དཀར་གྱི་མཁན་པོ་རྗེ་འཕགས་ཆེན་པ་གཤེགས་པས་གཤེགས་རྫོང་གི་གྲལ་དབུ་ལ་བློན་པོ་དགོན་པར་ཡོང་དགོས་ཚུལ་གྱི་ནན་ཆགས་ལ། ཆོས་རྗེ་ནམ་མཁའ་རྡོ་རྗེ་བ་རང་ཕེབས་བྱུང་ནའང༌། ཁམས་མི་བདེ་བའི་འཕྲོས་ཀྱང་ཡོད། ཡུན་རིང་སྡོད་ལོང་ཡང་མེད་ནས་འགྲོ་བ་མ་ཐུབ་པས་སྐལ་བ་ཚུར་སྐྱེལ་བར་མཛད། རྒྱ་ལུང་དུའང་འདུ་ཁང་གི་ལོགས་བྲིས་གསར་བཞེངས་ཀྱི་རབ་གནས་ལ་འགྲོ་དགོས་ཡིན་ཡང་འགྲོ་མ་ཐུབ། དེ་སྐབས་ཕྱོགས་དེ་ཀུན་ཏུའང་ཕྱི་ནང་གི་རྟེན་འབྲེལ་སྒྲིག་རྒྱུ་འགའ་རེ་འདུག་པ་ནས། གཡས་གཡོན་སྟོད་སྨད་ཀྱི་རི་རྣམས་ལ་གཏོར་མ་མང་པོ་བཏང༌། རྟེན་འབྲེལ་ཕྱོགས་རེ་ཙམ་ནས་འགྲིག་པ་ཡར་བྱུང༌། རྒྱན་བུ་རྫོང་དཔོན་གཉིས་དང་ཕྲད་པའི་ཚེ། དམ་ཚིག་ཤིན་ཏུ་མི་གཙང་ཞིང༌། ཁོག་ནང་སོལ་བ་ལྟར་བྱས་པ་ལ་ཕན་ཚུན་གཉིས་ཐད་ནས་ཁ་མཛེས་མཛེས་ལྟར་བྱེད་དགོས་པ་དེ་དོན་ཤིན་ཏུ་ཆུང་ཞིང༌། ཁྱད་པར་ཕྱོགས་དེ་ན་རྩུབ་འགྱུར་མང་དུ་མཐོང༌།
ཁོ་ཚོས་ཕར་ལམ་གཞི་ལེན་བྱེད་པའི་རྩིས་ཀྱང་བྱས། བྲག་སྟོད་དུ་མི་མཐོ་སོགས་འདུག་ཀྱང༌། དེ་ཐམས་ཅད་ཀྱིས་རིག་ཚོར་མེད་པར་ཐོག་རྒྱག་ཏུ་བཏེག་ནས་ཕྱིན། རྒྱན་བུའི་གདོང་ཐད་རང་ལ་ཕྱིན་ཀྱང་སུ་ཡང་གིས་རིག་ཚོར་མ་བྱུང༌། དེ་ནུབ་སྔོ་མ་ལུང་དུ་བསྡད་དེ་ཅུང་ཟད་འཚུབ་པ་ཞིག་ཀ་བྱུང༌། ནང་པར་རྒྱན་བུ་རྫོང་དཔོན་ཚེ་ལེགས་པ། བྱང་ཕྱོགས་ལ་འགྲོ་རྒྱུ་ཡིན་འདུག་པས། ལ་དེ་ལ་འཕྲང་ཡོད་དམ་ཟེར་མཁན་འདུག་ཀྱང་འཕྲད་མ་བྱུང༌། ཁོང་དེ་ནས་ཟླ་གཅིག་ལྷག་ཙམ་ནས་ངམ་རིང་དུ་ཐོག་ཕོག་པའི་རྐྱེན་གྱིས་ཤི་འདུག དེ་ནས་མཚོ་སྒོའི་ཐད་ཀྱི་ཆུ་བྱང་ཁ་དེར་མཚོ་སྒོ་གྲྭ་ཚང་གི་སློབ་དཔོན་ཨར་བ་ཆེན་པོ་ཡིན་ཟེར་བའི་སྲད་པ་དེ་སོགས་མཚོ་སྒོའི་སྐྱ་སེར་རགས་རིམ་རྣམས་འཕྲད་པར་བྱུང༌། ཁོང་དེ་ལོ་ཁམ་མཆུ་རྒྱལ་བ་ཡིན་ཟེར་ནས་ཕོ་བཟོ་ཆེ་བའི་སྐབས་སུ་འདུག ངེད་རྣམས་དེ་ལ་བརྟེན་པའི་ཕྱོགས་ལས་རྒྱལ་གྱི་ཐ་སྙད་བྱེད་པ་སོགས་བཞད་གད་ཆེ་བར་བྱུང་བ་དེ་ཀ་རྟེན་འབྲེལ་ཤིན་ཏུ་མི་ལེགས་པའི་རྣམ་པར་འདུག་གོ །སྐབས་དེར་དགྲ་ཐངས་ནས་བླ་ཆེན་ཆོས་རྗེ་དེ་སྐུ་གཤེགས་པའི་བསྔོ་རྟེན་སྐྱེལ་མཁན་སླེབ། ཁོང་བསྟན་པ་ལ་ཕན་པའི་དགེ་བཤེས་ཅིག་ཡོད་པས་ཤིན་ཏུ་ཕངས་པ་བྱུང༌། དེ་ནས་སྔར་གྱི་འབོད་མི་ནན་ཆགས་ཀྱི་རྒྱུན་ཡོད་པ་ལྟར་རིམ་པས་གཏིང་སྐྱེས་སུ་སླེབ། ཟླ་གཅིག་ལྷག་ པ་ཞིག་བསྡད། ཞལ་ངོ་རྣམས་ལ་དགོངས ་བཞེད་ལྟར་དབང་ཆོས་སྔར་ཁྱུད་ལྟར་ཕུལ། ཁྱད་པར་དགེ་བཤེས་འགའ་རེ་དང་བཅས་པ་ལ། སྔགས་ཀྱི་ལམ་རིམ་ཚིགས་བཅད་བཅུ་པའི་བཤད་པ་ཆོས་ཐུན་བདུན་ལ་རྫོགས་པ་ཅིག་བཤད། དེ་བཞིན་དུ་དབུས་
མཐའ་རྣམ་འབྱེད་ཀྱི་བཤད་པ་ཞིབ་པ་ཞིག་བྱས་པ་ཕྱེད་ལྷག་ཙམ་སོང༌། འདི་རྣམས་ཐོག་ཁར་རབ་འབྱམས་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཀྱང་ངེས་པོར་ཉན། མང་རབ་ཞིག་ལ་གཅོད་ཀྱི་འཁྲིད་དང་ལུང་བཀའ་ཞིབ་ཅིག་ཀྱང་བྱས། བྲག་དཀར་མགོན་ཁང་མཇལ་བ་དང༌། གསང་སྔགས་རི་བོར་ཡང་ཁོར་ཙམ་བྱིན། བྲག་དཀར་ལྟག་རི་དང༌། གསང་རིའི་ལྟག་རི་གཉིས་ཀར་དུ་གཏོར་མ་རྒྱ་ཆེ་ཙམ་རེ་ཡང་བཏང༌། ཕྱོགས་དེར་ཡོན་བདག་གི་བར་ཆད་རགས་རིམ་སེལ་བའི་ལྟས་ཀྱང་བྱུང༌། རྒྱལ་བུ་དབང་གི་རྒྱལ་པོ་བ་ཆོས་ལ་ཐུགས་འདུན་ཆེ་བར་ཡོད་པ་ལྟར། ཕྱག་ཐོག་ཏུ་ལོངས་པའི་དབུ་སྐྲ་བསིལ། མཚན་ཀུན་དགའ་ཡེ་ཤེས་རྒྱ་མཚོར་བཏགས། དགེ་མཚན་ཁྱད་པར་ཅན་སྦྱར་བས་ལེགས་པོ་བྱུང༌། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། སྡེ་བ་མ་ཆེན་གྱིས་ཀྱང་དགེ་བསྙེན་གྱི་སྡོམ་པ་ལེན་པར་མཛད། སྔར་ཡོད་རེས་ཀྱིས་བྱེད་པ་ལྟར་མི་འཚོགས་འདུས་ཆེ་བ་ལ་ཁྲོམ་དབང་ཡང་བྱས་ཤིང༌། དབྱར་ཁ་དེ་རང་ཤུགས་ཀྱིས་འཁྲུ་སྦྱོངས་ཡང་ཡང་བྱུང་བས་སྔར་ན་བའི་ནད་ཀྱི་གཞུག་དེ་ཡངས་སངས་ཏེ་གྲག་ནས་རེ་ཞིག་ལུས་རྣལ་དུ་གནས་པར་བྱུང༌། གམ་པ་ནས་བདག་པོ་དགྲ་འདུལ་དྲུང་སྔ་སོར་ནས་སྤྱི་སྤྱི་ནང་གི་སྒོས་སྒོས་ཐུགས་ཉེར་བའི་ཁུངས་རང་ཡིན་ཞིང༌། ཇོ་ནང་དང་བྲག་སྟོད་སོགས་ཐམས་ཅད་དུ་མི་ཡང་ཡང་གནང་བ་ཞིག་ཡོད་ཀྱང༌། བླ་མའི་ཚུལ་ཅན་མི་ནག་པ་འགའ་ཞིག་གི་ཐུགས་བསྒྱུར་བ་ཡིན་ནམ། དུས་གཟེངས་གྲ་སྒྲིག་གིས་ཡིན་སྙམ་པའི་རྟོག་ངན་ནི་ཤར། གང་ལྟར་ཡང་ཐུགས་འགྱུར་བའི་འདི་སྐབས་ཡིག་འབྲེལ་ཙམ་ཡང་མ་
བྱུང༌། དེ་ནས་ཚུར་ལམ་གཞོང་རྨ་བྱ་རྫོང་དུ་ཞག་གཅིག་བསྡད་ཅིང༌། སྔ་སོར་བྱང་ནས་གསུང་བཀོད་ཡོད་པ་ལྟར། རྨ་བྱའི་ཆོས་སྡེ་འདི་རྡོ་རིངས་ཀུན་སྤངས་ཆོས་རྗེ་དང༌། བདག་ཅག་གི་བླ་མ་དམ་པ་དེ་ཀུན་གྱིས་ཞལ་བདག་མཛད་པའི་རྒྱུན་ཡིན་པ་བཞིན། ངེད་རང་གིས་ཀྱང་འཛིན་སྐྱོང་གི་ཁུལ་དུ་བྱས་པས་ད་ལྟའི་བར་དུ་ལེགས་པར་ཡང་བྱུང༌། ཚུར་ལམ་འབོད་མི་ནན་ཆགས་ལྟར་གདོང་དགའ་ཕྱོགས་སུ་ཆས། རྫོང་ལ་ནི་འདི་རེས་ཡེ་མ་ཕྱིན། ཀླུ་སྡིངས་དེར་ཞག་གཉིས་བསྡད། དྲིལ་བུ་པའི་དབང་ཞིག་བྱས། ལྟས་ཀྱང་བཟང་རྒྱུ་མེད་ཙམ་བྱུང༌། འདམ་ལ་ལ་འོངས་ནས་རྩད་སྐོར་དུ་སླེབ། དེ་ཉིན་ལམ་ལ་འབྲོག་པ་འདྲ་བྱིན་རླབས་ཞུ་བར་བྱུང༌། སྐད་ཆ་དྲིས་པས་ངེད་ཚོ་རྒྱ་རྒན་ནང་སོའི་གཡོག་ཡིན་གྱིན་འདུག ཁྲོལ་ལེ་མའི་གདོང་དེར་ལོ་ཆེན་དབོན་པོ་མཁས་བཙུན་བསུ་བ་ལ་བྱུང་བ་འདྲེད་ཐག་བྱུང་ནས་འགྱེལ། ཕྱིས་དགོན་པ་ངེད་ལ་ཡོང་བའི་རྟེན་འབྲེལ་དུ་འདུག དེ་ནས་རྩད་སྐོར་རང་གི་རྫོང་དང་དགོན་པ་གཉིས་ཀར་ན་སུ་ཡང་མ་བསྡད་པའི་སྟོང་སེང་སེང་བ་ཅིག་དང༌། སང་ཞོགས་དེ་རྫོང་དཔོན་ཡང་སླེབ་ནས། ཕྱིར་འོངས་དུས་སྐྱེལ་ཐག་ཤིན་ཏུ་རིང་བ་དང༌། གཞན་ཡང་ཚིག་བཀྲ་སོགས་ནས་འཕོ་འཇུག་ཡོད་པའི་རྟེན་འབྲེལ་རྣམས་ཤར། ཇོ་ནང་དུ་སླེབ་ནས་མཁའ་སྤྱོད་བདེ་ལྡན་གྱི་ཁང་པ་ལ། ཞལ་དྲོའི་ཕྱིར་དུ་ཞག་གཅིག་བསྡད། ཁང་བཀོད་རྣམས་བཀོད་པ་བཞིན་མ་བྱུང་བའི་བློ་ཁེངས་པ་རང་མ་བྱུང་ནའང༌། རེ་ཞིག་དེ་ཁས་ཆོག་པའི་ལུགས་སུ་བྱས། གཞོང་སྟོད་དུ་གཏོར་མ་རྒྱ་ཆེ་བ་ཞིག་བཏང༌། དེ་ནས་
འབྲིང་བུ་ཕྱོགས་སུ་མྱུར་དུ་སླེབ་དགོས་ཡོད་པས་མགྱོགས་པོ་འགྲོ་གྲབས་ཡིན་པ་ལ། ངམ་རིང་ནས་ལྷུན་གྲུབ་སྤེའུ་བ་ཀུན་དགའ་དང༌། བྱམས་བཀྲས་པ་སོགས་མི་སྣ་སྔ་ཕྱི་མང་པོ་བསྟུད་མར་གནང་བའི་དགུན་ཙམ་གྱི་བར་འགྲོ་བ་བཤོལ་འཐེན་ནན་བཅགས་རང་མཛད། དེ་ཙམ་འཐེན་མི་ཐུབ་པ་རང་ཞུས་པས། འཕྲལ་དུ་འཕྲལ་དགོས་པ་ཡིན་པས་རྒྱང་ཙམ་འཐེན་དགོས་ཚུལ་གྱི་ནན་བཅགས་ལུང་མེད་མཛད་པས་ཟླ་གཅིག་ཙམ་འགྱངས། དེའི་དགུག་སྟོད་སྟབས་མཚམས་ཐུང་ཙམ་གཅིག་ཀྱང་བྱས། དེ་གྲོལ་ནས་ཤངས་ཆོས་ཀྱི་དབང་བྱིན་རླབས་གལ་ཆེ་བ་འདྲ་བྱེད་ཚུལ་གསལ་བར་བཀོད་པ་གཅིག་ཀྱང་བརྩམས། དེ་རྗེས་མི་རིང་བར་བྱང་ཞབས་དྲུང་རང་ལྷ་དབང་རྩེར་ཕེབས་ཞོར་ལ། མར་ལམ་ཇོ་ནང་དུ་ཕེབས་དུས་ཀྱང་ནམ་མཁའ་དངས་པོ་ཡོད་འཕྲོ་ལ། འཕྲལ་རང་དུ་དུས་མིན་གྱི་རླུང་ཆེན་པོ་ལངས་པ་དང༌། མཛོད་པ་སོགས་ཕེབས་བསུ་བྱེད་རྒྱུའི་ཁུངས་ལ་རྟ་རྣམས་སྨྱོ་བ་སོགས་དང༌། གཞན་ཡང་འཚུབ་ཆ་ཆེ་བ་རང་བྱུང་ཞག་གཅིག་བཞུགས། ཞང་གྲོ་སྒྲུབ་སྡེ་པ་རྣམས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཞིག་ཞུར་བྱུང་བ་ལ་ཡང་བྱས། ལྷ་དབང་རྩེ་འགྲོ་རྒྱུའི་དུས་ཐོག་སྔ་མ་དེ་ལ་གློ་བུར་དུ་ཁམས་མ་བདེ་བ་ཞིག་བྱུང་ནས་ཅུང་ཟད་ཅིག་འགྱངས། དེ་རྗེས་ལྷ་དབང་རྩེར་བྱིན་དུས་ཀྱང༌། ཟླ་རྒྱབ་ཀྱི་བསུ་བའི་སར་ཡང་ཅུང་ཟད་འཚུབ་པའི་རྣམ་པ་རང་བྱུང་ཞིང༌། རྫོང་རྩེར་སླེབ་པ་དང་ཉི་མ་བཞུད་པ་དུས་མཉམ་པ་འདྲ་བའི་རྟེན་འབྲེལ་ལ་ཡང་རྟོག་དཔྱོད་ཤར། སྔར་ལྷ་རྩེར་ཡོངས་སྐབས་དང༌། འདི་
རེས་གཉིས་ཀར་དུ་དཔོན་གཡོག་དྲུང་སྐོར་གཟིགས་ཆུང་བ་སོགས་ཐམས་ཅད། འབྲུག་པའི་བུ་ཆེན་རྗེ་མོག་པ་ལྷ་རྩེ་བ་ངག་དབང་བཟང་པོ་སློབ་མའི་ཚོགས་དང་བཅས་པའི་བསྔགས་བརྗོད་ཁོ་ནའི་འཕྱར་རྒྱག་དང༌། བེམ་པོ་ལྕགས་ནག་པོ་འགྲོ་འོང་འདུ་འཚོག་མགུར་མ་དབྱངས་རྟ་རྐང་དུང་གི་བརྡ་སྐད་ཉིན་རེ་བཞིན་ཁོར་མོར་ཡོང་བ་ཞིག་ཀ་འདུག་པ། འཇིག་རྟེན་ཕྱོགས་ཀྱི་ཕྱི་ནང་གསང་གསུམ་གྱི་སྒོ་ཐམས་ཅད་ནི་བཞད་གད་ཀྱི་རྒྱུ་ཁོ་ནར་འདུག རྟེན་འབྲེལ་ནི་མི་ལེགས་པ་རང་ཡིན་པར་སྣང་ནའང༌། དྲུང་སྐོར་ནང་གཟན་ཚོ་ནི་ངེད་ཚོའི་རྩར་ཡང་ངོམ་ངོམ་བྱེད་ཀྱིན་འདུག ང་ཡི་བསམ་པ་ལ་ནི་གཡའ་གཡའ་དང༌། ཕ་ཕའི་དང༌། ཐའི་ཐའི། འུམ་འུམ་སྟེ་བཞི་པོ་དེ་ཁོ་ན་བྱུང༌། སྤྱིར་ཆོས་སུ་བཟང་ཏ་ཆ་གཅིག་ནས་མི་ཤེས་ཏེ། སྐབས་སུ་བབ་པ་གཅིག་བྱེད་དགོས། བྱ་བྱེད་གང་དགའ་ཏ་མི་ཤེས་ཏེ། དུས་དང་བསྟུན་པ་ཅིག་བྱེད་དགོས། ཚད་པའི་སྨན་ལ་ག་བུར་ལས་བཟང་བ་མེད་ཀྱང༌། ཚད་པ་མ་སྨིན་པ་ལ་དུག་ཏུ་འགྲོའོ། །ཡང་རྣམ་པ་གཅིག་ཏུ་ན། རྒྱལ་ཁམས་གཞན་གྱི་གླིང་བརྗོད་རེ་ཞིག་བཞགབོད་ཡུལ་འདི་ན་ངེད་གྲུབ་མཐའ་ཐ་དད་ཡིན། ལྟ་བ་ཐ་དད་ཡིན་ཟེར་ནས་ཀོ་ལོང་མགོ་གས་གས་དང༌། སྐེ་འཕྲེང་ཝ་བ་རས་རས་བྱེད་ཀྱིན་འདུག་སྟེ། སྤྱིར་ནང་པ་ཡིན། སྒོས་སུ་ཐེག་ཆེན་པ། ཡང་སྒོས་སུ་དབུ་མ་པར་ཁས་བླངས་བྱིན། གྲུབ་མཐའ་ཐ་དད་ཡོང་དོན་ནི་མི་འདུག ཡོད་རང་ཡོད་ན་ནི་སོ་སོ་ཐ་དད་ནས་སུ་བཟང་སུ་ངན་ཡང༌། ནང་འཐབ་དམེ་འཁྲུག་ཤོར་བའི་མི་ངན་གྲིབ་ཅན་རྐྱང་པར་འགྲོ་ཉེན་ཡོད་ལར་བོད་འདིར་སྔོན་ཆོས་ཀྱི་བཀའ་སྲོལ་རྐང་འཛིན་སོ་སོ་དུ་མ་ཞིག་བྱུང་འདུག་ཀྱང་
དགེ་འདུན་ཤས་ཆེར་རིགས་སུ་མ་ཆད་སྤྱི་ལ་བཞུགས། ད་ལྟ་ཆོས་ཀྱི་བཀའ་སྲོལ་མང་པོ་ཞིག་ནི་ནུབ། མ་ནུབ་པ་ཚོ་ལའང་གཞན་རྣམས་ལ་རྐང་འཛིན་ཆེར་མི་གདའ། དགེ་འདུན་ནི་སྤྱི་ལ་བཞུགས་མཁན་སུ་ཡང་མེད། ཐམས་ཅད་ཨ་མ་ཁ་ཞགས་ལ་སོང༌། ས་དགེ་བཀའ་གསུམ་དང་རྙིང་མ་བར་གྲགས་པ་སྟེ་བཞི་པོ་འདི་སྒྲ་ཆེ་བར་གདའ། དེ་དག་ཏུ་མ་གཏོགས་ཅི་རིགས་པ་དེང་སང་ཡང་ཡོད་མོད་ཞེན་འཐེན་མཁན་སྐྱ་སེར་ཉུང༌། བར་སྐབས་ལན་ཅིག་དགེ་ལྡན་པའི་ལུགས་དར་རྒྱས་ཆེ་གྲགས་པ་སྙིང་དུ་མ་སྡུག་ནས་ས་བཀའ་རྙིང་གསུམ་གྲུབ་མཐའ་གཅིག་ཟེར་གྱིན་དཔུང་པ་ཕྱོགས་སུ་གཞིབས། མདུན་མ་གཅིག་ཏུ་སྒྲིལ་རྒྱུའི་ཁུངས་བྱས། དགེ་ལྡན་པ་ལ་ཕྱིར་འབུད་ཀྱི་འཆར་ཀ་བརྗོད་འདོགས་ཡིད་ལ་དྲན་ཚད་ཁ་ནས་བཏོན། དེའི་ལན་དུ་ཁོང་ཚོས་ཀྱང་ཚུར་ལ་ཁྱེད་རྣམས་ཐམས་ཅད་ལ་ཐར་པ་ཐོབ་པའི་ཆོས་ཡོད་རི་ཤི་བྱས་པས། བོད་ཡུལ་གྱི་བསྟན་པའི་ཐེད་རོ་ཅུང་ཟད་ཡོད་པ་དེའང་རྣམ་པ་དུ་མར་གྱེས། ཕན་ཚུན་ཐམས་ཅད་བྱ་རོག་དང་འུག་པའི་ཚུལ་དུ་སོང་བ་དེར་གདའ། ས་བཀའ་རྙིང་གསུམ་ནི་གྲུབ་མཐའ་གཅིག་རུང་མི་གཅིག་རུང་གཅིག་གོ་ཞེས་ཁས་བླངས་པ་དེ་ཡིན། རྗེ་བཙུན་ཙོང་ཁ་པ་ཆེན་པོས་མདོ་སྔགས་ཐམས་ཅད་དུ་ཆོས་སྐད་སྔར་གྱི་བོད་རྙིང་པ་དང་མི་འདྲ་ཙམ་ཅི་རིགས་པ་མཛད་པ་ནི་བདེན་ཏེ། འོན་ཀྱང་ཁོང་གི་བཞེད་པ་ཐུན་མོང་མ་ཡིན་པ་རྣམས་ཀྱི་ནང་ནས། ཁ་ཅིག་གིས་སུམ་ཆ་ཙམ། ལ་ལས་ཕྱེད་ཙམ། འགའ་ཞིག་གིས་སུམ་གཉིས་ཙམ། གཞན་རགས་ཐམས་ཅད་བྱས་ཏེ་གྲུབ་མཐའ་རྙིང་པར་འདོད་པ་ཕལ་ཆེར་ཡང་དེའི་
གྲུབ་མཐའ་ཁས་ལེན་པར་འདུག དེར་མ་ཟད་སྒོམ་པ་ལ་ཁྱད་ཡོད་སྲིད། གོ་ཡུལ་གྱི་ལྟ་བ་རང་ལ་ཚིག་ཙམ་མིན་པ་ཁྱད་ཆེ་རང་ཧེ་ཧེ། དེའི་ལུགས་དེ་ནག་པོ་ཡིན་རང་ཡིན་ན། གཞན་ཕལ་ཆེར་ཡང་ནག་ཁྲ་རུ་ཀ་ཡོང་ཉེ་གདའ། དེས་ན་མིང་བཏགས་སོ་སོར་འཛིན་པ་ཙམ་མ་གཏོགས། གྲུབ་མཐའ་གསར་རྙིང་གི་དབྱེ་བ་རང་ཅིག་ཡོད་ཡོད་མི་འདྲ། ཕྱིས་དེང་སང་བཀའ་རྒྱུད་དུ་གྲགས་པའི་རྐང་འཛིན་གྱི་གཙོ་བོ་གནམ་དབྲོལ་བ་དེ། ཀར་འབྲུག་གཉིས་སུ་གདའ་ནའང༌། དེའི་ནང་ཚན་རྗེ་བཙུན་མི་ལའི་ལུགས་ཡིན་ཟེར་བའི་དབུ་མ་བསྒོམ་ཚུལ་ན་ཤིང་རྟའི་དཔྱད་པ་བདུན་གྱི་སྒོ་ནས་བསྒོམ་ཚུལ་དཔྱད་སྒོམ་གསལ་བོར་བྲིས་པ་དང༌། ཡང་ཆེན་པོ་གཞན་ཞིག་གིས། དབུ་མ་འཇུག་པ་དང་ཕྱག་ཆེན་དོན་གཅིག་གསུངས་ཤིང༌། ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་གི་ནང་དུ་དབུ་མའི་གཏན་ཚིགས་ཆེན་པོ་བཞི་བསྒོམ་དགོས་སྐད་པའི། མདོར་ན་ཕྱིས་ཀྱི་བཀའ་རྒྱུད་པ་སྐད་ཆེན་རྒྱང་གྲགས་ཀྱི་བཤེས་གཉེན་ཚོ་ཡང༌། དགེ་ལུགས་དང་འདྲ་མིན་ལ་དེའི་ལུགས་ཀྱི་གནད་ཀྱང་མ་ལོངས། དེ་ལས་ཁུངས་ཀྱང་ཆུང་ངུ་སོང་བ་ཅིག་བྱས། རང་ལུགས་སུ་འདོད་པའི་བླ་མ་གོང་མ་རྣམས་དང་འགལ་ཁྱབ་ཏུ་སོང་བ་དེ་དཔའ་ལོར་ཁྱཻར་ནས་ངོ་སོ་འཕྱར་མཁན་ཁོ་ནར་འདུག དེས་ན་ལྟ་སྤྱོད་སྒོམ་གསུམ་ཀུན་ཕན་ཚུན་འདྲ་སེ་བ་རྐྱང་པ་ལ། འཁྲུག་ལོང་མང་པོ་ཡོད་པ་འདི་རྙེད་བཀུར་དང་ཁ་དྲག་སྙིང་ལ་བཞག་པས་ལན། ཇི་སྐད་དུ། རྒྱུད་ལས། འཛིན་ཅིང་མཆོད་པ་བྱེད་པ་ནི། །འཚོ་བའི་
ཐབས་ཀྱི་རྒྱུ་ཕྱིར་རོ། །ཞེས་གསུངས་པ་དེར་གདའ། འཕྲོས་དོན་གྱི་ཅལ་ཅོལ་ལ་ཟད་པ་མེད། དགོས་ངེས་ཀྱི་གནད་དོན་ལ་སྒྲིལ་པ་ཞུ། མི་ཤེས་རབ་ཅན་ཀུན་འོ་རེ་རྒྱལ། འཕྲལ་དབྱིངས་སུ་བཅད་ན་དགའ་བ་ཡིན། །ད་སྔར་གྱི་འཕྲོས་བཤད་ན། དེ་སྐབས་བྱ་མཆུ་བ་རྣམ་རྒྱལ་རྟོགས་ལྡན་བྱས་པ་ལ་དཔོན་གཡོག་ཐམས་ཅད་སྨོན་པའི་གནས་སུ་མཛད་ཀྱིན་འདུག་སྟེ། སླར་ཁོང་པས་འཕྲལ་ཉིད་དུ་རང་རྟགས་བསྟན་པ་དེ་གསར་འགྲོགས་ཆེན་པོ་རྣམས་ལ་སྙིང་རེ་ཚིམ་མོ། །འདིའི་རིགས་ཀ་ཡང་ཡང་ཡོད་པར་འདུག་ཀྱང༌། འཇུངས་མེད་ཚོ་ལ་སུན་རྒྱུ་མེད། དཔག་བསམ་འཁྲི་ཤིང་ལས། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡད། །རྟག་ཏུ་གསར་པ་གསར་པ་འཚོལ། །རིང་ན་གནས་པ་ཐམས་ཅད་ནི། །ཀུན་གྱི་ཡིད་དུ་འོང་བ་ཡིན། །ཞེས་འབྱུང་བ་དེ་དོན་ལ་གནས་པ་ཞིག་གོ །དེར་འཕྲལ་དུ་འགྲོ་འདོད་ཡིན་ཡང༌། གསུང་ནན་ཆེ་བའི་མཐར་ཐུག་པ་ནས་རྒྱང་ཙམ་སྡོད་དགོས་ཤར། སྒྲོལ་མ་བླ་མེད་ཀྱི་ཆོས་སྐོར་ཆ་ཚང་དང༌། གཅོད་ཁྲིད་སོགས་བཞེད་ དགོངས་ལྟར་ཕུལ། ཆོས་གཞུག་མ་དེའི་མིང་བཀྲ་ལ་རྟོག་པ ་ཅུང་ཟད་བྱུང༌། ཕྱིར་ཡོང་དུས་སྔ་དྲོའི་དུས་དར་སྡིངས་ནས་ལྕམ་གཅིག་སྐྲ་བཅད་ལ་བྱོན། གཞོན་ནུ་མ་རྒྱན་གྱིས་བརྒྱན་པ་ཆོས་ཀྱི་སྒོར་འཇུག་པ་སོགས་རང་རེ་ལ་ལམ་བཀྲ་དེ་ཐོག་མ་རང་ནས་ལེགས། རྐྱང་ལའི་ལ་ཐོག་པར་ཞབས་དྲུང་དཔོན་གཡོག་རྣམས་ཀྱིས་སྐྱེལ་མ་ལ་ཕེབས། མིང་བཀྲ་དེ་ལའང་རྟེན་འབྲེལ་གྱི་རྟོག་དཔྱད་ཅུང་ཟད་བྱུང་ཞིང༌། ལྷ་རྩེ་ནས་ཡར་འགྲོ་
དུས་ཀྱི་སྐྱེལ་མའི་སྐབས་དང༌། འདི་སྐབས་གཉིས་ཀ་རུ་ཞབས་དྲུང་རང་གིས་ནན་བཅགས་མཛད་དེ། མི་དམངས་ཀྱི་དཀྱིལ་དེར་ཞབས་དབང་རེ་བྱེད་དགོས་བྱུང་བ་ལའང༌། ཕྱག་གཡས་ཕལ་ཆེར་བཞིན་འགྱུར། མུན་སྲོས་བ་བཞིན་དུ་ནག་ཐོམ་ཐོམ་པར་འདུག དཔོན་གཡོག་རང་ལ་ཤིན་ཏུ་མི་ལེགས་པའི་རྟེན་འབྲེལ་དུ་གོ །བྲག་རམ་དང་ཨེ་འབྲོག་པའི་རྩྭ་མཚམས་ཀྱི་ཁམ་མཆུའི་ཐད་ནས། ལྷ་རི་རྩེ་པ་རྒྱལ་ཆེན་གྱིས་རྔན་པ་ཆེན་པོ་ཟོས་པའི་ཞུས་སྟབས་ནས། ཞབས་དྲུང་རང་གི་ཐུགས་ཀྱང་འཕྲལ་འཕྲལ་འགྱུར་འགྲོ་བའི་ད་ལྟ་རང་ཁྲིམས་དྲང་པོ་འདི་དང་འདི་ལྟ་བུ་མཛད་གསུང་བའི་ཞལ་ལེན་ཡོད་འཕྲོ་ལ། ཕྲ་མ་ལ་ཁོང་ཚོས་གང་ཞུས་འདྲི་པ་དང༌། ནགས་ཕུག་པ་དང་རྩོད་གཞིའི་ཐད་ལ་ཡང༌། ངེད་ཚོའི་མི་གཏོར་སྐུ་རྒྱལ་ཆད་སྒྲུབ་སོགས་འགེལ་བ་ལྟར་མཛད་ཅིང༌། ལྐོག་ཏུ་ཆད་པའི་དངོས་པོ་བླངས་གྲུབ་གྲུབ་པ་དེ། སླར་ཁོང་ཚོ་ལ་སྤྲོད་པ་སོགས་ངེད་ལ་ཕྱི་མ་ནང་གི་ལུགས་ཡིན་པ་ལ། རང་ཡང་པོར་གཏོང་བ་དེ་འདྲ་མཛད་ཀྱིན་གདའ་འོ། །སྐྱེལ་མའི་ས་དེ་ནས་རྟ་ཐོག་ཁེལ་ནས་ཡོངས་དུས། སྣོད་ཁེངས་པ་ཐོགས་པ་སུམ་བརྒྱ་ཙམ་འཕྲེང་དུ་བསྒྲིགས་པ་དང་ཕྲད་པ་སོགས་ངེད་རང་ལ་ནི་ལམ་བཀྲ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པའི་ངང་ནས། ལམ་བར་དུ་ཡང་ལོངས་སྤྱོད་ཆེན་པོ་དང་བཅས་ཏེ། རིམ་པས་བཀྲ་ཤིས་སྒང་གི་གྲུ་ལ་འཐོན་དེ་བསམ་གྲུབ་རྩེར་སླེབ། དེ་ཉིན་ཕེབས་བསུའི་སར། ཐོག་མར་རླུང་ཆེ་ཞིང་རྗེས་ལ་འཇམ་པ་དང༌། རྒྱ་གར་ལྷོ་ཕྱོགས་ནས་འོངས་པའི་བྷཱ་ཌ་ཞིག་གིས་སྐད་གསངས་མཐོན་པོས་ཤིས་བརྗོད་བྱེད་པ་སོགས། རྩུབ་ཀྱང་རྩུབ་ལ་བཟང་ཡང་བཟང་བའི་ལྟས་སུ་བྱུང༌། འདི་སྐབས་ཞག་བཅུ་ལྷག་ཞིག་བསྡད། རྐྱེན་སེལ་གྱི་
ཆོས་བཀའ་འབུལ་དགོས་དཀྱུས་མཐུན་དུ་ཕུལ་ཞིང༌། ཁྱད་པར་བསྟན་བཅོས་འགྱུར་རོ་འཚལ་གསར་བཞེངས་སུ་མཛད་པ་རྣམས་དང༌། ཉེ་བའི་སྲས་བརྒྱད་ཀྱི་ལུགས་སྐུ་སོགས་རྟེན་གསར་བཞེངས་མང་པོ་ལ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་ཟབ་རྒྱས་སུ་བགྱིས། དཀྱིལ་འཁོར་དེ་ཁའི་སྟེང་ནས་ཞབས་དྲུང་ཡབ་སྲས་རང་དང༌། གཞན་བླ་མ་དགེ་བཤེས་གཅིག་གཉིས་དང་བཅས་པ་ལ་དབང་བསྐུར་ཡང་བྱས། རབ་གནས་ཀྱི་མངའ་དབུལ་གྲུབ་མཚམས་དེར། ཤིང་འབྲས་ཤིན་ཏུ་སེར་བ་ཀ་ཏོ་ར་གང་མཆོད་ཤོམས་ཀྱི་དྲུང་དུ་འབུལ་མཁན་བྱུང༌། དེ་ཡང་ཕྱོགས་ནས་གློ་བུར་དུ་བྱུང་བ་ཡིན། ཆེད་ཀྱི་སྒྲིགས་པ་མ་ཡིན་རང་འགྲིགས་བྱུང་བ། ཕྱི་རྟགས་ཀྱི་རྟེན་འབྲེལ་ཡང་ལེགས་པར་གོ །དཀྱིལ་འཁོར་སྒྲུབ་དང༌། རྟེན་གྱི་ཡེ་ཤེས་སྤྱན་འདྲེན་སོགས་ཀྱི་སྐབས་ནང་རྟགས་ཀྱང་ལེགས་ཏེ། རབ་གནས་ཤིན་ཏུ་ཞལ་གྲོ་བར་བྱུང༌། དེ་ནས་བྱང་ཆེན་བརྒྱུད་དེ། ཚོང་འདུས་ཀླུ་སྡེངས་སུ་འབྱོར། ཚོང་འདུས་པའི་སྡེ་པ་སྐུ་གཞོན་པ་དེ་ཆུ་ནད་ཀྱིས་བསྙུང་བར་འདུག་པས་རྫོང་རྩེ་ལ་ཕྱིན་ཏེ། ཚེ་དབང་དང་གཏོར་དབང་ཞིག་བྱས་དེ་ཕན་ཐོགས་ནི་ཅང་མ་བྱུང༌། དེ་སྐབས་ཉང་སྟོད་རྩེ་ཆེན་རྫོང་ལ་ཧཾ་པ་ཐེབས། དུས་ཟིང་ཆེན་པོ་ལངས་ཏེ། རྒྱལ་ཁམས་གྱི་འགྱུར་ལྡོག་ཆེན་པོ་དེའི་འགོ་ཚུགས་སོ། །ལར་རྒྱལ་ཁམས་ཀྱི་འགྱུར་ལྡོག་ཆེན་པོ་འདི་འདྲ་ཅིག་ཡོད་པའི་ལྟས་ཙམ་ལོ་མང་པོའི་སྔ་རོལ་ནས་ཡང་ཡང་ཤར། དེ་སྟབས་ཀྱིས་སྔ་མོའི་དུས་ཡང་ཡང་འགྲོ་དགོས་པའི་དཔོན་རིགས་སོ་སོའི་སར་ཡང༌། མི་དགོས་ཁ་མེད་རྣམས་མ་གཏོགས་
འཕྲོ་བ་ཉུང་ངུ་བཏང་ནས་ལོ་འགའ་ཤས་སོང་བ་ཀུན་ལ་གསལ་བ་དེ་ག་ཡིན། དང་པོ་སྔ་སོར་གཞོན་དུས་ནས་ཀྱང་འགྲུལ་ཤད་ཕེར་བ་རང་ཅིག་མེད། དགེ་ལྡན་པ་དང་ཀརྨའི་བླ་མ་སློབ་དཔོན་ཡོད་པའི་རིགས་དང་པོ་ནས་མིན། འགྲོ་བ་ལ་དགའ་ཤོས་དེ་མིན་པས། ལོ་སྟར་གྱིས་དབུས་གཙང་བསྐོར་ནུས་པ་ཅིག་ཀྱང་མིན། དེ་སྟབས་ནས་རང་རེ་ལ་ཉེ་ཞིང་ཤ་ཚ་བར་རློམ་པ་འགའ་རེས་ཀྱང༌། རྗེ་གྲོལ་མཆོག་དེ་གཅིག་ཏུ་ཡུན་རིང་མི་བཞུགས་པར་ཐམས་ཅད་དུ་སྐོར་ཞིང་གཤེགས་པ་ཡིན། ཁྱེད་རང་ཡང་དེ་བཞིན་རང་བྱེད་དགོས། ཡོན་བདག་སོ་སོའི་དུས་དབང་སོགས་ལ་ལོ་གཅིག་མ་སླེབ། ལོ་གཉིས་ཀྱང་མ་སླེབ་ན་རིམ་པས་འགྱུར་འགྲོ་བ་ཡིན་ཟེར་བ་དང༌། ཁྱད་པར་འདི་སྐབས་ཀྱི་ལོ་སྔ་མ་རྣམས་ལའང༌། དེ་འདྲའི་རིགས་ཀྱི་གྲོས་འདེབས་བྱེད་པ་མང་དུ་བྱུང་ན་འང༌། འགྱུར་འགྲོ་བའི་རིགས་ཀྱི་སློབ་མ་དང་ཡོན་བདག་དེ། རེ་ཞིག་ངོ་གང་ཟིན་བྱས་ཀྱང་ཕུགས་རྟག་ཐུབ་པ་ཅིག་མི་ཡོང༌། འགྱུར་མཁན་ཚོ་རང་འགྱུར། མི་འགྱུར་མཁན་ཚོ་རང་མ་འགྱུར་སྙམ་ཞེ་མེད་བྱས་ནས་བཞག་པ་ཡིན། དེ་ཁས་ལ་ལ་ནི་མ་འགྱུར་ཏེ། མ་འགྱུར་བ་ཚོང་ལྟའི་བར་དུ་བདེ་བར་ཡོད་པ་དེ་ཡིན། རེ་མང་ཞིག་འགྱུར་སོང་སྟེ། ངེད་ཀྱི་ལས་སྟབས་ལ་ནི་མ་གནོད་པའི་སྟེང་དུ་གོང་འཕེལ་ལ་སོང༌། འགྱུར་བ་ཅིག་ལ་དེ་ཚོལས་འགྱུར་གོ་བཅད་པ་མ་བྱུང༌། ཁོང་རང་རྣམས་སོ་སོར་ཁུངས་སྟོངས་པའི་དུས་སུ་ཁུར་ཡང་བའི་ཁེ་བྱུང༌། ལར་ནས་དམ་ཚིག་དང་ལྡན་པའི་རྡོ་རྗེ་སློབ་མ་ནི་ཤིན་ཏུ་དཀོན། འཇིག་རྟེན་འཕྲལ་དཔེ་ཙམ་གྱི་དཔོན་སློབ་དང༌། འཇིག་རྟེན་འཕྲལ་དཔེ་ཙམ་གྱི་ཡོན་མཆོད་ལ་
སྐྱག་བརྟད་ཅིང་ཡོད། ཕཊ། དེ་ནས་བསམ་སྡིངས་སུ་ཕྱིན། ཞག་ཤས་བསྡད་གཙང་ནས་ཞབས་དྲུང་ཉང་སྡོད་འཁོར་ནས་པ་སྣམ་དུ་ཕེབས། བྱང་ཕྱོགས་ལ་དམག་འདེགས་པའི་དཔུང་གྲ་སྒྲིག་པའི་སྐབས་སུ་འདུག དམག་བཤོལ་བའི་ཞུ་བ་ནན་བཅགས་བསྟུད་མར་ཕུལ་ནའང༌། ད་རེས་འདི་ཉིད་བྱང་ལྷོ་བྲག་དབུས་པ་སོགས་ཁོག་འགྲིག་པའི་ངེད་ཚོ་ཤུལ་མེད་ལ་གཏོང་རྩིས་ཀྱི་ཚུར་བགེགས་ཁོ་ན་ཡིན་པས། དམག་བཤོལ་མི་ཐུབ་གསུང་ཡིག་རིགས་ཚོ་སྟོན་པ་མཛད་པའི་རྦད་གཅོད་ཁོ་ན་བྱུང་བ་ནས། དམག་བཤོལ་ནི་མ་ཐུབ། རིམ་པ་ཞུ་བ་གང་ལེགས་བྱེད་པའི་ལུགས་སུ་བྱས་དེ་ནས་འདོལ་བྱུང་དུ་ཞག་ཤས་ཅིག་བསྡད། དབུས་ལ་འགྲོ་བའི་ཁུངས་ཀྱི་ཆས་ཁ་རྣམས་དེར་བཞག་ནས་སླར་ཡང་ཡོངས། ཡར་ལམ་རིན་ཆེན་གླིང་དུ་ཞག་གཅིག་བསྡད། བར་སྐབས་ལོ་འགའ་ཤས་ཅིགསྡེ་པ་སྣར་ཐང་ནས་ཡིག་འགྲུལ་སོགས་ཀྱང་བཅད། འབྲེལ་ཐམས་ཅད་སྤངས་ཀྱང༌། ངེད་ལ་གནོད་རྒྱུ་ནི་ཅང་མ་བྱུང༌། འདི་སྐབས་སྔར་ཕར་ལམ་ཚོང་འདུས་སུ་སླེབ་སྐབས་ཀྱང་ཇ་འདྲེན་དང༌། འདི་རས་ཀྱང་དེའི་སང་ཉིན་ལམ་དུ་ཐབ་འཛིན་སོགས་གཏོང་བ་མཛད། བྱང་ཞབས་དྲུང་དུ་སྔ་སོར་བསམ་སྡིངས་ནས་སྙན་འབུལ་གྱི་ཞུ་ཡིག་ཞིག་ཀྱང་ཕུལ་བ་ཡིན་ནའང༌། ཐུགས་ཡིད་མ་ཆེས་པའི་ དགོངས་པ ་ལོག་པ་ཞིག་ཤར་འདུག སྐབས་འདིར་ཚོར་ཡང༌། འཇད་ཤར་ཕྱོགས་པ་སོགས་བྱང་རང་གི་སྤྱན་ལམ་དུ་རྒྱུག་པའི་དཔོན་རིགས་ཅི་རིགས་པས་ཀྱང༌། ཁ་འདོན་དང་ལག་ལེན་གྱི་སྤྱོད་པ་སྣ་
ཚོགས་ཞིག་བྱེད་དུ་བྱུང་ནའང༌། དེ་འདྲ་ལ་མ་ལྟས་པར་ཡང་ཡོངས་ཇོ་ནང་དུ་སླེབ་མཚམས་ཁམས་མ་བདེ་བར་ཞག་ཤས་ལུས། ལྷུན་གྲུབ་སྤེའུ་པ་ཀུན་དགའ་བསྐུལ་མ་ཅར་སྡོད་བྱས་ཤིང༌། གཞན་ཡང་ཉིན་རེ་བཞིན་ལྷ་རྩེ་ནས་བྱང་ཞབས་དྲུང་གི་ཕྱག་རྟགས་བང་ཆེན་སོགས་ལ། བཀའ་བཀོད་འཕྱར་རྒྱག་སྣ་ཚོགས་དང་བཅས་པའི་ངེས་ངེས་རང་མེད་པ་ཤ་སྟག་བྱུང༌། ཁམས་མི་བདེ་བཞིན་དུ་དིངས་སུ་ཕྱིན། དེར་ཡང་ཁམས་ཤིན་ཏུ་མི་བདེ་བས་ཞག་འགའ་ཤས་འགོར་ཞིང༌། འདི་དང་བདེ་ཆེན་དུ་རྒྱལ་རྩེ་ནས་བདག་པོ་མཐུ་སྟོབས་པའི་དྲུང་སོགས་ཀྱི་དཀར་ཡང་བྱས་ཆོག་པའི་ཞུ་ངོ་དགོས་ཚུལ་བྱུང་བ་ལྟར་གཙང་སར་ནན་བཅགས་ཞུས་ཀྱང་དོན་འགྲུབ་པ་ཞིག་ནི་མ་བྱུང༌། ལར་རང་དུས་རྒྱུན་དུ་མཐོང་ཡེ་མེད་པ་ལ་དགོས་གལ་འདི་འདྲ་རེ་བྱུང་དུས་ཁྱོད་ཤེས་ཟེར་ཤོར་བར་གདའ་འོ། །སྔར་ནི་ངེད་དང་དགེ་སློང་སྲད་པ་གཉིས་ལ་ཕྱི་མཐོང་འདྲ་འདྲ་ཡིན། སྡིང་མཐོང་ཁོང་ལ་ཆེ་ལགས། ཁོང་གིས་ཕན་འདོགས་གང་བྱུང་བ་དེ་ངས་ཀྱང་ཡོད་བ་ལགས། དེ་རྗེས་གཙང་ཞབས་དྲུང་གི་ དགོངས་པ ་ཡང་ཡང་ཞུས། ཅུང་ཟད་ཙམ་དགོངས་བཞེས་ཡོད་པའི་སྐབས། ངེད་ཀྱིས་བདེ་ཆེན་དུ་སླེབ་པར་བྱས། སྔ་སོར་ནས་ངམ་རིང་མཁན་ཆེན་སོགས་མཁན་སློབ་སྤྱི་ཆོས་ཁྲིམས་གཙོ་བོར་གྱུར་པ་མང་དག་གིས། དམག་
རྣམས་ཤ་བ་ལུང་ནག་ཏུ་སླེབ་པ་ཙམ་ནས་གཟུང༌། སྐོར་གཡང་འདྲ་བྱེད་ཚུལ་དང༌། ཁྱད་པར་བྱང་པ་རང་གི་ཕྱག་གི་རྟེན་མཆོད་སྣང་ཆེ་བ་ཐམས་ཅད་གཙང་སའི་ཕྱག་ཏུ་སོང་ནི་གྲུབ། གསེར་མང་པོ་བསྐྱལ་ཡང་ནི་ཟེར། བཀའ་གསལ་ནི་ཚིག་གཅིག་ཀྱང་མ་བྱུང་འདུག གལ་ཏེ་བྱང་པར་ཕན་ཐོགས་ཅིག་བྱུང་ན། ངོ་སོ་གཞན་སུ་ལ་ཡང་མ་ཤོར་བའི་ཁོང་རང་ཚོས་བྱེད་བསམས་པ་ཡང་འདུག བྱང་ཞབས་དྲུང་རང་ནས་ཀྱང་ཕར་ཕྱོགས་སུ་དེ་སྐབས་དངོས་པོ་འབུལ་སྤྲོད་སྔ་ཕྱིར་གང་དགོས་ཅི་ཡིན་ཐམས་ཅད་ངམ་རིང་ཆོས་སྡེ་པ་ཁོ་ན་བརྒྱུད་ནས་མཛད་པ་སོགས། བྱང་པ་རང་ལ་ཕན་ཐོགས་སུས་བྱུང་ཀྱང༌། ངོ་སོ་དེ་ངམ་རིང་ཆོས་སྡེ་པ་སོགས་ངམ་རིང་རང་གི་གཞི་སྡོད་རྩ་བའི་གཡོག་པོའི་རིགས་ཅིག་ལ་ཡོད་པ་བྱེད་ དགོངས་པ ་དང༌། ཕྱག་གཡོག་ཕལ་ཆེར་ཡང་དེ་ཁོ་ན་སྙིང་ལ་བཞག་པ་དེར་འདུག ངམ་རིང་མཁན་སློབ་སོགས་དེ་དག་ནི་བྱང་པ་ལ་ཕན་ཐོགས་བྱུང་ན། ངོ་སོ་གང་ཐུབ་དང་ཡུས་ཆེན་པོས། བྱང་པའི་ས་ན་གཞན་སུ་ཡང་མེད་པའི་ཆོས་སྲིད་གཉིས་ཀ་ཁོ་རང་ཚོས་འཛིན། གལ་ཏེ་བྱང་པ་ལ་ཕན་ཐོགས་མ་བྱུང་ན་བྱང་པའི་ནོར་ཕར་སྤྲད་ནས། ཁོང་རང་ཚོ་ཕ་རོལ་གྱི་དཔོན་རིགས་ཁ་དྲག་ཅན་རེ་ལ་སྔོན་མ་ནས་སྒོས་དཔོན་བཙལ་ནས་འཇུ་ཐུབ་པ་བྱས་པའི་ཕྱིས་ཁས་དྲག་པ་རེ་བྱེད་སྙམ་པའི་ཟར་ཟིར་གཡོ་སྒྱུ་དེ་ཀ་མ་གཏོགས་མི་འདུག་ནའང༌། དེ་མི་ དགོངས་པ ་དབུ་སྦོས་འདུག ངས་ནས་སྔ་མ་ནས་དེ་ལྟར་གོ་ཞིབ་ཤེས་ཀྱང༌། བྱང་རང་དུ་
ཕན་ཐོགས་གང་དྲག་ཞི་ཨེ་ཡོང་བསམ། རང་རེའི་མཛོད་པ་ཀུན་དགའ་དཔལ་བཟང་གིས་ཡང་ཡང་སྐོར་གཡང་ཞུས་ཞིང༌། སྒོ་དུ་མ་ནས་ནན་བཅགས་ཕུལ་བས། ཐོག་མའི་ས་འཇགས་རགས་རིམ་ལ་ཡང་ཕན་ཐོགས་ཆེར་བྱུང་ཞིང༌། ཁྱད་པར་ཕྲ་མ་བཏང་གྲུབ་པའི་རྗེས་སུ་ཡང༌། ཞུ་ནན་གང་ཆེ་ཞུས་པས་མུས་ལུང་ནང་དང༌། བུང་ཆུ་འཁོར་སོགས་ངེད་ཀྱི་ངོ་ཆེན་ཁོ་ན་ལ་རྟེན་ནས་འཕར་ཆ་བྱུང༌། བྱུང་ཞབས་དྲུང་རང་ནས་སྔ་སོར་ལྷ་དབང་རྩེ་ནས་ངེད་འགྲོ་དུས། སྟོད་སྨད་ཀྱི་སྡེ་དཔོན་གཞན་སོ་སོ་ཇི་ལྟར་ཡིན་རུང༌། བྱང་ནས་གཙང་སར་ལོག་པར་འགྲོ་བ་སྔར་ཡང་མ་བྱས་ཤིང་ཕྱིས་ཀྱང་མི་བྱེད་པས། ཐུགས་ཡིད་ཆེས་ཤིང་བློ་བརྟན་པས་ཆོག་ཚུལ་དང༌། ཁྱེད་ཀྱིས་ཀྱང་དེའི་ཁག་ཐེག་པས་ཡོད་ཚུལ་ཞུ་དགོས་གསུངས་པའི་ནན་བཅགས་ཡོད་པ་ལྟར། བསམ་རྩེར་ཕྱིན་དུས་སྙན་དུ་ཡང་ཕུལ་མོད། འདི་སྐབས་ཉང་བྱང་ལྷོ་དབུས་སོགས་སྦྲེལ་པའི་ཡིག་ཚང་དང༌། བྱང་རང་གི་ཕྱག་རྟགས་དང་ཡིག་རིས་མངོན་ཚན་ཅན་ཐམས་ཅད་གཙང་བའི་ཕྱག་ཏུ་ཐེབས་པའི་ངེད་ཀྱི་མིག་ལམ་དུ་ཡང་འབྱོར་པ་དང༌། བྱང་ཞབས་དྲུང་རང་ལའང་སླར་སྟོན་པ་གནང་དུས། སྤྱིར་ཞུ་ཐེས་ཀྱང་མེད་པའི་བྱེད་དཀའ་བ་དང༌། སྒོས་སུ་སྔ་སོར་ལྷ་དབང་རྩེའི་གསུང་དགོས་དེས་ངེད་ཀྱང་བསླུས་ཤིང་ཁྱི་ཟན་དུ་བསྐྱུར་བར་སོང་འདུག འདི་སྐབས་རང་ཡང་ཞབས་དྲུང་རང་ཆོས་ཚུལ་མཛད། ལོ་གསུམ་གྱི་བར་ལ་རྫོང་གཞིས་འགངས་ཆེ་བ་རྣམས་ཉིས་འཛིན་དུ་བྱས། ས་ཆ་རྣམས་རང་མོས་པ་ལ་སྦྱར་ཆོག་པ་ཞུས། དེ་རྗེས་ཐུགས་དམ་ལ་སྒྲིལ་བ་ཡིན། དེའི་ངོ་ཆེན་བྱེད་
དགོས་གསུང་བ་སོགས་ཕེབས་བྱུང་བའང་ཞིབ་ཏུ་ཞུས་ནི་ཞུས། རྒྱ་ཞིང་དེ་ཙམ་ལ་ཐུག་ནས་བྱིས་པའི་གསུང་དེས་མགོ་སྐོར་ཐོངས་རིས་མིན་པ་འདུག་ཅིང༌། དེ་རྗེས་ལྷ་རྩེ་ནས་ཕར་ཕེབས་དུས་ཀྱང༌། ངེད་ཀྱི་མི་མ་སླེབ་པ་ལ་མཁན་ཆེན་ཁྱི་གུ་བ་དང༌། ངོར་པ་མཁན་དྲུང་སོགས་སུ་ཡང་ཡོང་མ་ནུས། དཔོན་གཡོག་ཚོ་རང་ཤིན་ཏུ་སྐྲག་པས་ཕེབས་མི་ནུས་པའི་གང་དྲག་ཅི་དྲག་ཏུ་འདུག་པ་ལ། དགོན་བསམ་བར་དུ་ཀུན་དགའ་དཔལ་བཟང་གིས་ཕེབས་སྐྱེལ་ཞུས། དམག་མི་སྣ་ཚོགས་ཁ་གཏོང་འདོད་ནས་ལྟད་མོ་བལྟ་བར་བྱུང་བ་རྣམས་ཀྱང་བསྲུངས། སྙིང་ཐག་པ་ནས་ཞབས་ཏོག་ཏུ་གང་འགྲོ་བྱས། བྱ་བའི་འགྲོས་དང་གཤིས་ལ་དཔགས་པའི་ཕན་ཐོགས་ཀྱང་དགའ་ཚད་རང་བྱུང་བ་ལགས། ཕར་འབྱོན་དུས་རྔོད་པའི་རྟོགས་ལྡན་པས་ཆིབས་སྣ་བྱེད་པ་སོགས་ཡ་ཆ་ལ་བཀྲ་མི་ཤིས་པ་དེ་འདྲའང་གདའ། འདི་སྐབས་ལྷུན་གྲུབ་སྤེའུ་བ་ལའང༌། ས་འཇགས་སོགས་ཡེ་མི་ཡོང་བའི་བཀའ་བཀྱོན་གྱི་སྒོ་འདུག་ཀྱང་ནན་ཆེར་ཞུས་པས་ས་ཆ་ཕལ་ཆེར་སྐྱོན་མེད་དུ་འཇགས། དྲང་སྲོང་བ་ལ་སྲོག་ལ་འབབ་པའི་ཁྲིམས་གཅོད་ཀྱི་བཀའ་བཀྱོན་འདུག་ཀྱང༌། སྲོག་ལ་སྐྱོན་མེད་པར་མ་ཟད། ནོར་རྣམས་ཅི་བདེར་ཐོན་ཅིང༌། གཏེར་རྒྱུས་འབྲས་གཤོངས་ལྟོ་སྐལ་དུ་བྱུང་བ་དང༌། ཡ་བྱང་བ་དྲུང་ཆེན་གྲགས་པ་ལ་ཡང༌། སྔ་སོར་ནས་འབུལ་སྤྲོད་འབུལ་དགོས་རྣམས་འགྲོ་མཚམས་
ལྟས་པའི་ལོ་ཤས་མ་ཕུལ་བ་དང༌། དམག་གི་དུས་ཀྱང་སྒྱོགས་གཅོག་གི་གདམས་ངག་བྱས་པ་སོགས། སྲོག་ལ་བབ་པའི་བཀའ་བཀྱོན་ཡོད་ཀྱང༌། སྲོག་དང་ནོར་ལ་སྐྱོན་མེད་ཅིང༌། མཆོད་གཞིས་བརྟེན་ནས་རྔོ་མ་ལུང་ཙམ་འཇགས་པ་དང༌། གདོང་དགའ་ནས་སྔ་སོང་ནས་གཉིས་ཀ་མི་འགལ་བ་ཡིན་ཡང༌། རྗེས་ལ་བྱང་ཚོར་མཁས་ཉམས་ངོ་སོ་རྣམ་གྲངས་མང་པོ་དེ་གཙང་སར་འཕོག་ཐུག་ཆེས་པ་དང་རྒོད་པ་སྐྱོན་དུ་སོང་བ་ཅིག་བྱུང་ནའང་ནན་བཅགས་ཞུས་པས། ད་ལྟའི་ས་ཆ་འདི་རྣམས་རྟིང་ལ་གནང་བ་ཡིན། གཞན་ཡང་དཔོན་རིགས་མང་པོ་ལ་བཀའ་བཀྱོན་ཡོད་པ་རྣམས་ལའང་ཅི་རིགས་ཅི་རིགས་སུ་ཕན་པ་མང་དུ་བྱུང༌། དེ་བཞིན་དུ་རྒྱན་གཉེར་པ་རྣམས་གོང་དུ་སྨོས་པ་ལྟར། བྲག་སྟོད་ལ་མིག་གི་རྭ་ལས་མ་བདེ་བ་དེ་ཡིན་ཀྱང༌། དེ་སྐབས་ཆས་ཁ་ཐམས་ཅད་བྲག་སྟོད་དུ་སྐྱེད་དགོས་པ་བྱུང༌། གནོད་ལན་དུ་ཕན་འདོགས་པ་དེ་ཀ་ལ་ཟེར། གཞན་ཡང་སྐབས་འདིར། གཙང་གཞུང་ཆུ་ལྷོ་བྱང་མདོག་སྨད་ཕལ་ཆེར་ལ། ངེད་ཀྱི་ཡུལ་བསྲུང་རེ་བཏང་བས། དམག་གིས་གནོད་པ་ཡེ་མ་བྱུང༌། ཕྱི་ནོར་ནང་ནོར་ཁང་ཞིང་གང་ལ་ཡང་མ་སྐྱོན། བདག་པོ་འཕོ་འཆུག་བྱུང་ཡང་གནས་ཁང་སྐྱོན་མེད་དུ་བསྡད་ཆོག་པའང་ངེད་ཀྱི་དྲིན་ཡིན། གཞན་ཤག་ཚལ་ཡན་ཆད་དང༌། འཕྱོས་མ་ཡན་ཆད་ལ་ངེད་ཀྱིས་བསྲུང་མི་བཏང་བ་རྣམས་མ་གཏོགས་ཇི་ལྟར་གྱུར་
པ་ནི་ཀུན་ལ་གསལ། དེ་སྐབས་ངེད་ཀྱི་དགོན་ཆོས་གཞིས་ཀུན་ཏུ། གཞན་ཐམས་ཅད་ཀྱི་ནོར་སྐྱེད་ས་བྱས་པས། རྒྱལ་ཁམས་ཕལ་ཆེར་ལ་ནོར་གོང་མ་བྱུང་བ་ཡིན། ངེད་ཀྱི་དགོན་གཞིས་འདི་དག་མེད་པའམ་ཡུལ་བསྲུང་མ་བཏང་བ་ཞིག་ཡིན་ན། གཙང་མདོག་གི་གཞུང་འདི་དག་ཀྱང་སྟོང་གོག་ཙམ་ལུས་པའི་ལུང་སྟོང་ཞིག་འོང་བ་ཡོད། ཕན་ནི་ཤིན་ཏུ་ཆེ་སྟེ་དྲིན་ཤེས་པ་ནི་ཕལ་ཆེར་ལ་མི་གདའ། མདོ་བཤད་པ་དང༌། དྲིལ་སྣ་པ་དང༌། ཁམས་རིངས་པ་ལ་སོགས་པས་འབྲེལ་ནི་ཆེ་སྟེ། དང་པོར་སོར་གནས་ཀྱི་དུས་ན་ཆོས་ལུང་ཇོ་ནང་གཉིས་ལ། དབང་ཆེའི་རས་གཅོད་དང༌། བླ་མ་དང་ཆོས་ལུགས་ཀྱི་སྒོ་ནས་ཀྱང༌། གཞན་རྣམས་ཁུངས་མ་དང་སངས་རྒྱས་མངོན་སུམ་པ། ཞབས་ཏོག་ཀྱང་རི་ལྟར་སྤུངས། འདི་ཕྱོགས་ལ་བཀའ་བཀྱོན་དང་ཁྱད་གསོད་ཁོ་ན་བྱེད། འབྲེལ་པ་ཆུ་ཐིགས་གཅིག་ཀྱང་བྱུང་གི་དོགས་བྱེད་མཁན་མང་པོ་ཞིག་པར་སྐབས་དེར་འདི་ཕྱོགས་སུ་འཇིགས་སྐྱོབ་བྱེད་དགོས་བྱུང་ཞིང་ཡང་ཡུལ་ལོག་གི་སྐབས་དགྲའི་དང་མལ་སླེབ་བྱུང་ཀྱང༌། དེ་མ་ཐག་ཁམ་ཚུལ་འདི་བཞིན་སོང་དུས། ཡང་ངེད་ལ་ཡུས་ཆེན་པོ་ཡོད་པ་ལྟར། རེ་ཆེན་པོས་སླེབ་བྱུང་བ་ན་གནོད་ལན་མ་བྱས་པར། ཕན་ཅུང་ཟད་བཏགས་པ་འདི་བཞིན་ཡིན་པས། ཆོས་པའི་ཐ་མ་རང་ཞིག་བྱེད་བསམ་པ་མེད། བདེན་མི་བདེན་ཇི་ལྟར་ཡིན་སོ་སོ་ནས་བསམ་མནོ་ཐོང༌། རྒྱལ་ཁམས་ལ་དྲིས་པས་གསལ། གཙང་ནས་སྡེ་
སྲིད་ཀྱང་བདེ་ཆེན་ལ་ཉིན་འཁོར་ཞིག་དངོས་ལ་འཕྲད་པར་ཕེབས་ཤིང༌། ངེད་ཀྱིས་རི་ཁྲོད་ཆེན་པོར་སླར་འཁོར་ཞག་ཤས་སོང་བ་ན། སྡེ་སྲིད་དཔོན་གཡོག་ཆིབས་རགས་རྣམས་མར་ལམ་རི་ཁྲོད་ཆེན་པོ་མཇལ་བའི་དགོངས་པས་ཕེབས། རྙེད་བཀུར་ཞབས་ཏོག་བཟང་ལ་རྒྱ་ཆེ་བ་ཡང་མཛད། ཞག་གསུམ་བཞུགས། འདི་དག་གི་སྔ་ཕྱིར་དགོན་མཆོད་གཞིས་ཀྱི་རིགས་སྦྱོར་འཇགས་གནང་བ། བཀྲ་ཤིས་གླིང༌། རྫོང་མདུན། ཁྲམ་མདའ། ཁྲམ་ཕུ། ཆོན་བྲག་སྣ་མཐིལ། བོ་དོང་ནས་བཀྲ་ཤིས་སྒང་ཤར་བ་སོགས་ཐེམ་པ་འགའ་ཤས་དང༌། མདོག་ནས་འདམ་བུ་བཀྲ་ཤིས་སྒང་རྣམས་དང༌། ལ་སྟོད་ཕ་དྲུག་ཏུ་བཀྲ་ཤིས་འཛོམ་སོགས་མཆོད་གཞིས་སུ་སྦྱོར་འཇགས་གནང་ཞིང༌། ནགས་ཕུག་འདི་སྔར་ས་འབྲེལ་ལ་བརྟེན་ནས་སེལ་ཅུང་ཟད་ཡོད་པས་མིང་བསྒྱུར་ན་ཕུགས་ཀྱི་རྟེན་འབྲེལ་ལེགས་པར་ཤེས་ནས་མིང་བཀྲ་ཤིས་གླིང་དུ་བསྒྱུར་བ་ཡིན། དེ་དག་སོ་སོ་ན་ཡོད་པའི་དགོན་གནས་ཅི་རིགས་པ་དང༌། མཆོད་དགོན་གནས། དགྱེ་བསུ། སྤྲུ་མཆེ་བསུ། གླིང་སྔོན། གཡག་པོ། བཀྲ་ཤིས་དགེ་འཕེལ། བཀྲ་ཤིས་རྩེ་སོགས་དང་བཅས་པ་ཡང་སྦྱོར་འཇགས་དང༌། དེ་རྗེས་མི་རིང་བར་མདོག་ལྷོ་དགོན་གནས་དང་བཅས་པའང་བྱུང༌། དགོན་བསམ་འབྲས་སྤུངས་འདི་ལྷ་རྩེའི་དམག་གི་སྐབས་འཇིགས་སྐྱོབ་ཏུ་བྱང་ཞབས་དྲུང་རང་གིས་ཀྱང་བསླབ་སྟོན་མཛད་ཅིང༌། ཆོས་བརྒྱུད་ཀྱང་གཅིག་པའི་དབང་དུ་བྱས། ངེད་ཀྱི་མི་སྐྱོང་གི་ཁོངས་བྱས་པས། དགོན་གནས་ཐམས་ཅད་ལ་དམག་གི་འཇིགས་པ་སོགས་མ་བྱུང༌། དེ་མཐུན་སྡེ་སྲིད་ཀྱིས་ཀྱང་ངེད་ལ་
སྦྱོར་འཇགས་གནང༌། མུས་མདའ་དྲིལ་སྣ་ཆ་ལག་དང་བཅས་པ་དང༌། ལྷོ་ཕ་དྲུག་གི་མཁར་ལུང་གཉིས་ཐོག་མར་ཀུན་དགའ་དཔལ་བཟང་ལ་གནང་བ་ཡིན་ཀྱང༌། དགེ་རྒྱུན་མཆོད་ཐེས་སུ་ཕུལ་བས་དེ་མཐུན་མཆོད་གཞིས་ཉིད་ལ་སྦྱོར་འཇགས་གནང་བ་ཡིན། ནང་པ་བོད་མཁར་པའི་བརྒྱུད་པ་ནང་སོ་རྒྱ་ཚོ་བ་རྒྱལ་ཆེན་གྱིས་མདོག་གི་གཅེས་དང༌། འཇད་སྲུག་མོ་གཉིས་དགེ་རྒྱུན་མཆོས་ཐེས་སུ་ཕུལ་བ་ལ་ཡང༌། དེ་རྒྱུན་ལ་གནས་པའི་འཇགས་གནས་གནང༌། འཇད་ཀྱི་དགོན་པ་དངུལ་ཆུ་ཆོས་རྫོང༌། སྤོ་མཐོན་སྔགས་པ་ཆོས་རྗེ་ཚེ་རིང་བས་ངེད་ལ་ཕུལ་བའང་སྦྱོར་འཇགས་རྒྱབ་གནོད་ཞུས་ཤིང་གནང་བ་སོགས། མདོར་ན་མཆོད་གཞིས་མཆོད་ཐེས་ངེད་ཚོ་རང་ལ་བལྟོས་པའི་རྒྱ་ཆེ་བ་དགེ་རྒྱུན་དུ་སྦྱོར་བ་མཛད། དེ་འཕྲལ་ཉིད་དབུས་ཕྱོགས་སུ་དམག་ལངས་པའི་དཔུང་ཆེན་དབུས་ཕྱོགས་སུ་འགྱོགས་པ་མཛད་སོང༌། དེ་ལོ་དགུན་འཁྲིད་ནི་དུས་སྐབས་ཡོལ་བས་བཤོལ། བྱང་ཞབས་དྲུང་ལ་བསྙེལ་ཇ་ཞུ་བར་བསྟན་འཛིན་སོགས་བཏང༌། ཁག་དྲུག་མ་གཉིས་དང༌། སྤོབ་རྩེ་བཞི། ཁ་ཐི་ཡུག་སོགས་འབུལ་ཚན་བཟང་བ་རང་ཕུལ་མོད། འཕྲལ་གྱི་ལྟར་དགྱེས་དགྱེས་ཙམ་ཡང་མེད་པའི་ཐུགས་ཁྲོས་སེ་བ་ཡོད་འདུག ངམ་རིང་ཆོས་སྡེ་ལ་མང་ཇ་རེ་སྔ་སོར་ནས་ཀྱང་གཏོང་གིན་ཡོད་པས་དེ་མཐུན་ཞུར་བཏང་ཡང༌། མཁན་ཆེན་པས་གཙོ་མཛད་ལས་འཛིན་ཕལ་ཆེར་ཞིག་མང་ཇ་མི་འཐུང་བ་ཡིན་ཟེར་ལྐོག་ཤུབ་དིར་དིར་བྱེད་ཀྱིན་ཡོད་འདུག་པས། དེ་ཕྱིན་ཆད་ནས་ངམ་རིང་ལ་མང་ཇ་མ་བཏང༌། འཕགས་པའི་དགེ་འདུན་མངོན་སུམ་དུ་གྱུར་པ་ཅིག་ནི་དེང་སང་གང་བྱས་
མི་རྙེད། རྟགས་ཆ་ལུགས་ཙམ་གྱི་དགེ་འདུན་ནི་གང་དུའང་རྙེད་པར་གདའ་འོ་སྙམ་མོ། །ངེད་ཀྱིས་འདིར་སྒྲུབ་སྡེ་གྲྭ་པ་དང་བཅས་པ་ལ་བློ་སྦྱོང་ཞིབ་པ་ཅིག་བྱས། དགུན་མཚམས་དམ་ཞིང་ཐུགས་དམ་འཕེལ་བར་བྱུང༌། བར་སྐབས་དེར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འཁྱེར་བདེ་བ་འདི་བརྩམས་པ་ཡིན། དེ་ནས་འཕྲལ་དུ་དབུས་ཕྱོགས་སུ་འགྲོ་བར་འདོད་ཀྱང༌། ཉེ་སྐོར་འདི་ཀུན་ན་ཟི་རེ་བ་ཞིག་འདུག་པ་དང༌། རང་རེ་ལ་སྡེ་སྲིད་ཀྱིས་མཆོད་གཞིས་གནང་བ་ལ། དོན་མེད་ཕྲག་དོག་ལངས་པའི་མིག་མ་ཤོང་བྱེད་མཁན་སྣ་ཚོགས་ཞིག་འདུག་པས། རེ་ཞིག་འདི་སྐོར་རང་དུ་བསྡད། དགེ་སྦྱོར་འཕེལ་བར་བྱུང་ཞིང༌། གཏོར་མ་འགའ་རེ་ཡང་བཏང༌། རྨི་ལམ་གྱི་ལྟས་ངོ་མཚར་ཆེ་བ་ཤས་ཅིག་ཀྱང་བྱུང༌། སྐབས་ཅིག་ཁྲོལ་ལེ་མ་ནས་ལོ་ཆེན་སྤྲུལ་སྐུའི་དབོན་པོ་མཁས་བཙུན་པ་ཉུག་ཙམ་ཕྲད་པར་བྱུང་དུས་ཁོང་གི་རྔམ་འདྲེ་ཆེན་པོས་ཇ་དང་ཞོ་ཆང་ཐམས་ཅད་ཉེས། བགེགས་སྐྲོད་ཅིག་བཏང་བས་དེ་འཕྲལ་ཁུགས་བྱུང༌། སྐབས་དེར་ཕྱག་འཚལ་ལ་མོ་ནས་རྫོང་མདོའི་བར་གྱི་རི་འདི་དག་གང་རུང་ཅིག་ལ་སྡོད་གནས་བྱའམ་སྙམ་པའི་བླཽ་ཡང་ཡང་སྐྱེ་བ་ཞིག་བྱུང་སྟེ། ཕྱིས་དགོན་གནས་འདི་འདིངས་པའི་རྟེན་འབྲེལ་དུ་འདུག ཧོར་ཟླ་གསུམ་པའི་ཚེས་བཅུ་གཉིས་ཀྱི་ཉིན་རྒྱབ་རི་ཇོ་འབོར་སྐྱོང་གི་རྩེར་གཏོར་མ་རྒྱ་ཆེ་བ་ཞིག་གཏོང་བ་ལ་ཕྱིན་དུས། ཡར་ལམ་རིའི་རྩེ་འོག་ནས་ཕར་ཤིན་ཏུ་ངལ་ཞིང་ཐང་
ཆད་པ་དང༌། རྐང་པ་གཡས་ལ་རྡོ་ཟུར་གྱིས་གནོད་པའི་རྨ་ཆེན་པོ་བྱུང་བ་སོགས་ལྷོངས་ཆེ་སེ་བ་ཅིག་གི་ངང་ནས་གཏོར་བསྔོ་ཕྱེད་ཙམ་སོང་བ་ན། རྩུབ་འགྱུར་དང་ཁམས་ཉོག་པ་སངས་རིག་པ་དྭངས་ཤིང་དམིགས་པ་གསལ་ལ་ཟིལ་ཆེ་བ། དམ་ཅན་ཆོས་སྐྱོང་སྲུངས་མ་རྣམས་དངོས་སུ་ཕང་ཕུང་དུ་འདུས་པའི་ཉམས་སྣང་དང༌། ཁྱོད་ཀྱི་འདོད་དོན་འཕྲིན་ལས་བདག་གིས་བསྒྲུབ་པར་བྱའོ། །ཟེ་བའི་རྣམ་པ་བྱུང་ཞིང༌། འཇུག་ཏུ་བར་ཆད་ཞི་བའི་ཕྱིར་ཕྱོགས་མཚམས་བརྒྱད་ལ་ཟོར་རེ་འཕངས་པས། འུར་སྒྲ་དང༌། ཐུག་ཆོམ་ཆེན་པོ་དང༌། སྡེ་བརྒྱད་རྣམས་རླུང་ནག་འཚུབས་པ་བཞིན་དུ་ཕྱོགས་བཅུར་འགྲོ་བའི་རྣམ་པ་བྱུང༌། འདི་སྐབས་རྩེ་ཆེན་ཆོས་སྡེའི་ཆོས་བདག་དགེ་བསྙེན་བཟང་ར་བ་དེ། ལུས་གཡས་བསྐུལ་ནས་འདིར་སླེབ་བྱུང་པས། སྤྱིར་དཔལ་ཇོ་ནང་པའི་བསྟན་པ་བསྲུང་བར་ཁས་བླངས། ཁོང་རང་གི་འདོད་དོན་ལ། རྩེ་ཆེན་གྱི་མཁན་པོ་ལ་ཡོངས་དགོས་ཚུལ་དུ་འཇུག་ཅིང༌། གནས་སྐབས་སུ་འཕྲིན་ལས་སྒྲུབ་པ་ལ་གཏོར་མ་གཤེར་བའི་ཚུལ་ཡང་བྱེད། དེ་སྐབས་ཡར་ཀླུངས་ཀྱི་དུས་འཁྲུག་ལ་ཕྱོགས་གཏམ་སྣ་ཚོགས་སྨྲ་བ་ཞིག་ཡོད་པ། ལུས་གཡར་དེ་མི་རྣམས་ཟེར་བའི་གཏམ་སྣ་ཚོགས་དེ་ཁ་ལབ་པར་འདུག བཟང་ར་རང་ཁོག་ཏུ་ཞུགས་ནས་དམག་གི་གཏམ་སྨྲ་བ་དེ། དེ་དང་མི་མཐུན་པར་ཞིབ་རྒྱས་མང་པོ་ཟེར་བ་འདུག་པ། རྟིང་ལ་དེ་ཀ་བདེན་ཅིག་ཐིགས་པར་བྱུང༌། དེ་ནས་ཆད་མདོ་མང་པོ་ཞིག་བྱས་ནས་ལོག་སོང༌། འདི་སྐབས་
སྔ་ཕྱིར་རང་རེའི་གྲྭ་པ་གསར་པ་རྣམས་ལ་འཇིག་རྟེན་བསྟན་བཞག་དང་བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་དང༌། གཟུངས་དབང་གི་རྒྱལ་པོའི་མདོ་ཕྱིར་ཙམ་བཤད་པ་ཡིན་ཏེ། ལོ་གཞོན་པ་དང་རྗེས་ལ་སློབ་དཔོན་དགེ་རྒན་གྱིས་ནན་བཅགས་བྱེད་མཁན་གྲུལ་ཐུབ་པ་མེད་པས་རྗེས་ཡེ་མ་བྱུང༌། དེ་སྐབས་ཡར་འབྲོག་ནས་དབོན་ས་ཆུ་ཤུལ་མ་གཤེགས་པའི་ དགོངས་རྫོགས་ཀྱི་གྲ་དབུ་ལ་འབོད་མིར་སྡེ་པ ་ཁ་བ་ལུང་ནས་འབྱོར། ཚེས་བཅོ་ལྔའི་ཉིན་མོ་བཀྲ་ཤིས་གླིང་དུ་ཕྱིན། ཁྲོམ་དབང་ཞིག་ཀྱང་བྱས། འབྲུག་སྒྲ་ཆེར་བསྒྲགས་པ་སོགས། རྟེན་འབྲེལ་གྱི་སྒོ་འགའ་ཤས་ཤར། རྟོགས་ལྡན་བཟང་རྒྱན་པ་དང་གླེང་བརྗོད་པ་འདྲ་བྱས་དུས། ཆོས་རྗེ་ཤོངས་ཆེན་པ་དང༌། དཔོན་པོ་མཁས་བཙུན་པ་དང༌། ཁམས་རིངས་ཆོས་མཛད་སོགས་ལ་ཁོང་གིས་བོ་དོང་བཙན་ཐབས་ཡུན་རིང་དུ་བསླབ་ཚུལ་སོགས་ཁོང་རའི་སློབ་མ་རྣམས་ངོམས་པར་འདུག ལར་སེམས་ཆུང་དགའ་མོད་འདུག་སྟེ། བླ་ཆུང་ཕལ་ཆེར་ལ་ཡོད་པའི་ཆོས་བརྒྱད་སད་སུ་དེ་ཁོང་ལའང་གདའོ། །སྔ་སོར་ལྷ་རྩེའི་དམག་གྲོལ་བ་ནས་འདིའི་བར་དུ་ཕྲག་དོག་ཅན་གྱི་བླ་མ་སློབ་དཔོན་སྔགས་པ་བོན་པོ་དགོན་སྡེ་རིགས་མང་པོ་ཞིག་ནས། ངེད་ལ་བསམ་སྦྱོར་ངན་པའི་མཐུ་བཏད་ངན་བྱེད་རྦོད་གཏོང་སྣ་ཚོགས་བྱས་པའི་ལྟས་མང་པོ་རང་ཞིག་རྨི་ལམ་དུ་ཤར་བྱུང་ནའང༌། རྣམ་རྟོག་ཟ་བའི་སྙེམས་ཁྲིགས་ཡེ་མ་བྱུང༌། རི་རྩེར་གཏོར་མ་ཆེན་པོ་བཏང་བ་དེས། དེ་དག་ཐམས་ཅད་
ཕར་ལོག་པའི་ལྟས་གསལ་པོ་ཞིག་ཚེས་བཅོ་ལྔའི་དགོངས་མོ་དེ་བྱུང་སྟེ། བདག་རང་ཁྲོ་བོའི་སྐུ་གཅིག་ཏུ་གྱུར་ནས། རི་ནག་པོ་གཅིག་བཤིག་ཅིང་བསྒྱེལ་བ་དང༌། ཡང་ངས་མི་ནག་པོ་ཉི་ཤུ་རྩ་འདྲེན་ཞིག་གི་སྐེ་བཅད་དེ་མགོ་རྣམས་ཟོས། འཕྲོ་རྣམས་གཡང་ས་ལ་བསྐྱུར་བ་དང༌། རི་བྲག་ཤིན་ཏུ་མཐོ་བ་དོག་མོ་གཅིག་ཏུ། རླུང་ནག་འཚུབ་མ་མི་བཟད་པའི་གསེབ་ནས། འཇིགས་སུ་རུང་བའི་གཟུགས་ཀྱིས་ས་གཞི་བར་སྣང་ཐམས་ཅད་ཁྱབ་འདུག ཐམས་ཅད་བདག་ལ་རྒོལ་དུ་བྱུང་བ་ལ་རང་ཤར་བདེན་མེད་སྒྱུ་མ་ལྟ་བུ་ཤེས་ནས། དེ་ཀ་ལ་བཞག་པས་ངེད་རྣམས་མ་འཛིན་པར་གཏོང་རོགས་ཀྱིས་ཟེར་དེ་ཐམས་ཅད་ཙབ་ཙོབ་ཏུ་འཇུག་པ་ལ། ཕཊ་ཅིག་རྒྱབ། དབྱིངས་རིག་བསྲེས་ནས་བསྐྱུར་བཏང་བས། ངེད་རྒྱལ་པོ་ཡིན་པ་ལ། ངེད་བཙན། ངེད་གཟའ། ངེད་ཀླུ་ཡིན་པ་ལ་འདི་འདྲ་བྱེད་པ་ཨ་ཟེར་ཞིང་ཚོམ་སྡིང་གི་ནམ་མཁའ་མཐའ་མེད་པ་ཅིག་ལ་ཡས་ནས་སོང༌། སེམས་སྟོང་གསལ་གཡོ་བ་མེད་པ་ཡུན་རིང་པ་ཅིག་ཏུ་གནས་བྱུང༌། དེ་མཚམས་ཅིག་ནམ་མཁའ་ནས་སྙིང་རྗེ་སྒོམས་སྙིང་རྗེ་སྒོམས་ཟེར་བའི་སྒྲ་ཅིག་བྱུང༌། སྤྱིར་ཉོན་མོངས་ཀྱི་རྣམ་རྟོག་རྣམས་སྟོང་ཉིད་རྐྱང་པས་ལམ་དུ་ཁྱེར་ན། རེ་ཞིག་ལམ་དུ་ལོངས་ཡོད་ཀྱང༌། རོ་མ་གཅིག་ལྡང་ཉེན་ཡོད། ཕུགས་མཐའ་གཙང་ཡོང་བ་ལ་སྙིང་རྗེས་ཟིན་པ་དགོས་ཟེར་བའི་ཆོས་སྐད་ལ་བརྟེན་ནས། ལུང་བསྟན་རྫུས་མ་བྱེད་པ་ཡིན་པར་ངོ་ཤེས་བྱུང༌། མཉམ་གཞག་དེ་ཁའི་ངང་ནས་འདི་སྐད་དུ། སྙིང་རྗེའི་རྒྱུས་དང་ང་ཆེ་སྟེ། མཛོ་བདག་གི་ཀློགས་སུ་མཛོ་རབ་
ཨང༌། །སེམས་ཅན་གདོད་ནས་མེད་པ་ལ། །སྙིང་རྗེའོ་སྙམ་ན་སྙམ་མཁན་འཁྲུལ། བྱ་བའི་ཚིག་དེ་གསལ་པོར་ལྷང་གིས་ཤར་ཞིང༌། སླར་གང་དུ་ཡང་བཞགས་མེད་པའི་མཉམ་བཞག་དེ་ག་ལ། ལ་བཟླས་པས། ཇ་སྦྱོར་གཉིས་གསུམ་ཙམ་སོང་བ་ན། རིག་པ་འཇམ་ཞིང་བདེ་བ་མདངས་བྱམས་སྙིང་རྗེ་ཆེད་བསྟད་བསྒོམས་པ་མ་ཡིན་པར་རང་ཤུགས་སུ་ཤར་བ་ཅིག་བྱུང༌། སྔར་གྱི་འཇིགས་པ་ཅན་དེ་རྣམས་གཟུགས་མཛེས་པའི་རྣམ་པ་ཅན་དུ་བྱས་ནས་སྒུམ་སྒུམ་ཕྱག་འཚལ་ཞིང་བཤགས་པ་འབུལ་རྗེས་སུ་བཟུང་དུ་གསོལ་ཟེར་བའི་རྣམ་པ་འདུག་པ་ལ་ཡང༌། དགའ་ཚོར་དང་མཚན་འཛིན་དང༌། སྲེད་པ་དང༌། རློམ་སེམས་སོགས་གང་ཡང་མ་བྱུང་སྟེ། ཚིག་འདི་སྐད་ཅེས་ཐོལ་ཏེ་སྨྲས་སོ། །འདི་ཐམས་ཅད་ང་རང་གི་རིག་པའི་རྩལ། །ཕྱི་སྣང་སྲིད་ལྷ་འདྲེ་ག་ལ་སྲིད། །ཁྱོད་ལྷ་འདྲེ་ཡུལ་ནས་མེད་པ་ལ། །རྦོད་གཏོང་དང་གནོད་བྱེད་ག་ལ་ཡོད། །ནང་རིག་པ་ཡོད་དུ་སྐད་བྱས་ཀྱང༌། །བྱར་མེད་ཀྱི་ངང་ལ་རིག་པ་ སྟོར། །སྔར་ང་རང་གི་རིག་པ་ཟེར་བ་བྱས། །ང་རང་ཉིད་མེད་པ་ལ་རིག་པ་ཅི། །ལུས་སྣང་བ་འདི་མི་བདེན་རྫུན་པའི་ངང༌། །སེམས་རིག་པ་མིང་སྟོང་སྒྲ་སྐད་ཙམ། ཁྱེད་གནོད་པ་བྱེད་ན་སུ་ལ་བྱེད། ཁྱི་བླུན་པོ་བྱ་གྲིབ་ཀྱི་རྗེས་ལ་རྒྱུག །སྣང་སྲིད་ཀྱི་ལྷ་འདྲེ་ཁྱེད་རྣམས་དང༌། །མི་བདག་ཅེས་མིང་སྐམ་ཐ་དད་ཀྱང༌། །དོན་རིག་པ་གཅིག་ལས་གཉིས་སུ་མེད། །གནོད་བྱ་གནོད་བྱེད་ཀྱི་རྩ་བ་བུད། །
ཁྱེད་བཤགས་པ་འབུལ་ན་སུ་ལ་འབུལ། །ལར་བཟོད་གསོལ་ལེན་ན་སུ་ཡིས་ལེན། །ཉེས་པ་ནི་རྨི་ལམ་གྱི་བུ་དང་འདྲ། །འགྱོད་ཚངས་ནི་ནམ་མཁའི་མེ་ཏོག་ཡལ། །ཐུགས་རྗེས་འཛིན་བྱ་དང་འཛིན་བྱེད་སུ། །མཐའ་མེད་ཀྱི་ནམ་མཁའ་སྟོང་སེང་ལ། །འཛིན་འདོད་ཀྱི་སྤར་ནོམ་བྱེད་པ་འཁྲུལ། །འཇའ་ཚོན་ལ་རྟ་རྒྱུགས་བྱེད་མཁན་གང༌། །ཞེས་པ་ལ་སོགས་པ་ཉམས་འུར་བའི་ཚིག་མང་དུ་ཡོད་དེ། དེ་ཙམ་མ་གཏོགས་ད་དགོས་བརྗེད་འདུག དེ་ནས་དེ་རྣམས་ཁྲག་གི་མཆི་མ་ནར་ནར་ཕྱུང་ནས་སྨོན་ལམ་རེ་བཏབ། ལུས་ས་ལ་བོར་བ་བཞིན་བྱས་ཏེ་ཡལ་སོང༌། དེ་ལྟར་བྱུང་བ་འདི་ཡང་དངོས་རང་ནི་ཅི་ཡིན་རྨི་ལམ་རང་ཡང་མ་ལགས། གཉིད་ལ་ནི་མ་སོང༌། གསལ་སྣང་ནི་ཉིན་མོ་ལས་ཀྱང་ཆེ། ཉམས་སམ་དེ་ཀ་ཡིན་དེ་འོང༌། ཡང་སྐབས་འདིར་སྨྲས་པ། ངེས་དོན་གྱི་གནད་འགག་གོ་བ་འདིས་ཆོག །མདོ་རྒྱུད་ཀྱི་ དགོངས་དོན་ཐལ་མར་བརྡལ། །སངས་རྒྱས་སུ་སྒྲོག་པ ་ལ་རེ་མ་དགོས། ཁོང་ཁ་སྒྲིགས་མཁན་ཀུན་ཡི་རེ་མུག །ལྷན་སྐྱེས་ཀྱི་བློ་གྲོས་ཁོང་ནས་ཤར། །འགལ་འབྲེལ་གྱི་རིག་པ་ཟད་པ་མེད། །ཐལ་འཕྲེང་ལ་སློབ་གཉེར་མ་དགོས་ཙམ། །པིར་སྐྱོག་གི་པོ་ཏི་ཀུན་རླུང་ལ་བསྐུར། །རིག་པ་རང་གྲོལ་འདི་གདེངས་རེ་ཐུབ། །སྡེ་བརྒྱད་འབྱུང་པོ་ཀུན་བཀའ་བཞིན་ཉན། །དྲག་དམར་གྱི་བསྙེན་པ་ལ་མི་རེ་ཙམ། །རཀཤ་དང་ཐོད་འཕྲེང་ཀུན་སྲང་ཁར་ འཐོར། །ཕུང་པོ་ཟན་བསྒྱུར་འདིས་གོ་རེ་ཆོད། །མཐུ་བཏད་དང་འདྲེ་ཁ་ལ་ཞལ་སྐྱེངས་བྱུང༌། །
ཡང་བཟློག་ལ་མུར་ཉིད་མི་དགོས་ཙམ། །ཕུར་ཐོགས་ཀུན་གང་དགའ་ཅི་དགའ་གྱིས། །སྟོང་ཉིད་ལ་འདུན་པ་སྒྱུར་བས་ཆོག །སྡང་དགྲ་ལ་ཕྱི་རྟགས་ནང་མར་འོང༌། །མཛེ་ཐོད་ལ་ནོར་རྙིང་འཆོལ་མི་དགོས། །རྫས་འཁོར་ལོ་ཀུན་རྩིག་ཕུགས་སུ་རུལ་རུལ་འདྲ། །ཞེན་མེད་ཀྱི་སྙིང་རྗེ་འདི་གོ་ཆོད་པོ། དགོས་ངེས་ཀྱི་ལྷ་མི་ཀུན་དབང་དུ་འདུས། །ཕོ་རྟགས་ལ་ཕྱག་མཆོད་མི་དགོས་ཙམ། །དབང་སྡུད་ཀྱི་ཤོ་རིལ་ཀུན་ཆུ་ལ་ཤོར། །རྩོལ་མེད་ཀྱི་བུམ་ཅན་འདི་གོ་ཆོད་པོ། །བདེ་དྲོད་ཀྱི་ངང་ལ་སྲོག་ཐུར་འདྲེས། །རྒོད་རྐང་དང་ལྕགས་སྦུབས་ལ་མི་རེ་ཙམ། ཁོང་ཤ་སྲེད་འབུ་སྲེད་ཀུན་འོ་རེ་བརྒྱལ། །གང་ཤར་གྱི་ལྷ་སྐུ་གོ་ཆོད་པོ། །འདོད་དོན་ཀུན་གེགས་མེད་ལྷུན་གྱིས་འགྲུབ། །རྔ་བརྡུང་ལ་མི་ཚེ་སྐྱེལ་མ་དགོས། ཁོང་རེ་དོགས་ཅན་ཀུན་དང་འདྲ་རེ་ཀན། །ཞེས་བྱའོ། །དེ་ནས་ཟླ་བ་དེ་ཁའི་ཚེས་བཅོ་བརྒྱད་དང་བཅུ་དགུ་ལ། དམག་བརྡ་འགོ་མ་རྣམས་རྒྱབ། གཡས་རུ་བྱད་པའི་ཡུལ་ལངས་སུ་གྲགས་པ། དཔོན་གཡོག་ཐམས་ཅད་ཕུང་བ། སྐུ་ཆགས་ཀྱི་ཞིག་ཆ་ཆེན་མོ་དེ་མཛད། མདོ་བཤད་པ་དང་དྲང་སྲོང་པས་ངེད་ཀྱི་མཆོད་གཞིས་གསར་རྙིང་ཐམས་ཅད་ལ་ཡང་ཡུལ་ལོག་གི་དམག་བསྐུལ་ལ། བྱང་ཞབས་དྲུང་རང་གི་ཕྱག་རྟགས་ཁྱེར་ནས་སླེབ། དེ་སྐབས་ངེད་ཡར་འབྲོག་ལ་འབྲེལ་དུ་འགྲོའི་ཆས་ཁ་བརྡེག་འབྲུ་ཚུན་ཆད་གྲུབ་པ་ཡིན་ན་ཡང༌། ཟིན་བུན་ཆེས་པའི་སྟབས། དགག་དགོས་དུ་མ་འདུག་པ་ནས། དེ་རེས་འགྲོ་མ་ཐུབ། སྐབས་དེར་འབྲས་སྤུངས་པ་དང་བདེ་མཆོག་
རྩེ་བ་རྣམས་སྔ་སོར་རང་རེ་ལ་འཇིགས་སྐྱོབ་ཀྱི་བློ་གཏད་བྱས་པ་ཡིན་ཀྱང༌། བར་དེར་ཡུལ་ལོག་གི་གྲ་ལ་ཅུང་ཟད་ཐེབ་པའི་སྡོད་ལུགས་མ་མཁས་པ་ལ་བརྟེན། བྱེད་ལུགས་དང་བསྟུན་པའི་ཡོང་ལུགས་ཀྱི་རྣམ་པས་གཟན་སོ་ཅི་རིགས་པ་བྱུང༌། མཚེད་པའི་ཕྱག་གཡོག་རྣམས་ཀྱིས་ཡུལ་ལོག་གི་སྐབས་མི་འཚམ་པ་དུ་མ་བྱས་ཡོད་ཀྱང༌། རེ་ཞིག་སྒྲོས་མེད་དུ་བཞག་གོ །ཡུལ་ལོག་གི་ཟེར་བུན་ཆེ་བ་རང་གི་སྐབས་དེར་ཡང་ངེད་ལ་ནི་དོ་གལ་ཙམ་མ་བྱུང་སྟེ། མཚམ་མོ་བའི་ཁོག་ནས་དཔའ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་ཞི་བའི་སྦྱིན་སྲེག་ཁྲི་ཕྲག་ལྔ་པ་ཞིག་དང་རྡོ་རྗེ་ཕག་མོ་ལ་ཡང་དེ་ཙམ་ཞིག་ཕུལ། ཉིན་གཅིག་ནག་པོ་ཆེན་པོ་ལ་ཡང་སྟོང་ཕྲག་བཞི་ཕུལ། དེ་དག་གི་རིང་ལ་ཉིན་མོ་ཀུན་དགའ་དཔལ་བཟང་གིས་འགོ་བྱས། གཞི་སྡོད་རྣམས་ཀྱིས་ཤར་གྱི་ཤོལ་ར་ཆེན་མོའི་ཤིང་འདེབས་རྣམས་བྱེད་ཀྱིན་བསྡད། རྟེན་འབྲེལ་ལེགས་པ་ཞིག་ཡིན་འདུག དེ་དུས་བཏབ་པའི་ཤིང་ལ་མ་སྐྱེས་པ་ཅིག་ཀྱང་མ་བྱུང༌། ཕྱོགས་ནས་ཡོངས་པའི་མི་རྣམས་ན་རེ། གཙང་མདོག་གཉིས་ཀ་ན་ཡུལ་ལངས་དང༌། དམག་གི་ཤོམ་ལུགས་དང༌། ད་ལྟ་རང་ཁྱེད་ཀྱི་གནས་དགོན་ཆོས་གཞི་ས་ཐམས་ཅད་ཧབ་ཟས་ལ་གཏོང་བ་ཙམ་གྱིས་རྔམ་འཇིགས་འདི་འདྲ་ལ། འདི་རུ་སླེབ་དུས་འདི་འདྲའི་སོས་དལ་བ་རང་ག་འདྲ་ཡིན་ནམ་ཟེར་མཁན་རྐྱང་བ་བྱུང༌། དེ་དུས་རྒྱ་གན་ནས་ཀྱིས་འགོ་བྱས་པའི་ཉང་གཙང་གི་ཕོ་ཡན་སོགས་ཀྱི་དམག་རྣམས་ནི་ལམ་ལ་དལ་འགྲོས་རང་དང་བོ་དོང་རང་
དུ་ཡང་ཞག་བཞི་ལྔ་བསྡད། འདི་ཕྱོགས་སུ་ཡུལ་ལངས་མུས་མདོག་གི་དམག་རྣམས་གཞི་མེད་དུ་འཐོར་གྲུབ་པའི་རྗེས་ལ། ཉི་མ་གཉིས་གསུམ་ནས་སྐད་ཆ་ངེས་ཅན་ཚོར་བའི་ནོམ་པ་ལ་རྔམས་ནས་རྒྱུགས། དེའི་སྔོན་ལ་བོ་དོང་ཡན་ཆད་ལ་ཅི་ཡང་ཡོང་མ་ནུས། གཞུག་ཏུ་ཡུལ་འཇོམས་དང་ངམ་རིང་གི་ནོར་སོགས་ནོམ་པ་ལ་རྔམས་རྒྱུགས་བྱས་པ་ལ་དཔའ་རྟགས་ལེན་པ་དེ་ཡང་ཡ་ཆ་བར་གདའ། གང་ལྟར་ཡུལ་ལངས་གཙང་མདོག་གཉིས་ཅར་ལ་དམག་ཤིན་ཏུ་མང་བ་དེ་རྒྱུ་མཚན་མེད་པ་ལ་བྱེར་པ་དེ་ཡང་བསྲུང་མ་རྣམས་ཀྱི་བཀའ་ཆད་ཡིན་པར་ཐེ་ཚོམ་མེད་དོ། །མཁའ་འགྲོ་ཆོས་སྐྱོང་བྱ་བ་རྦད་བསྐུལ་བྱས་པ་རྐྱང་པས་འགྲོ་བ་རང་ཅིག་མིན། དམ་ཚིག་མ་ཉམས་ཤིང་ཆོས་བསྒོམ་པ་ལ་བུ་བཞིན་སྐྱོང་བ་ཅིག་ཡིན་ལགས། དེ་ནས་མི་རིང་བར་བདེ་འཇམ་དུ་སོང་བ་དང༌། རང་ཡུལ་ནས་ཨ་ཁུ་ལགས་ཀྱང་སྐུ་ན་ཚོད་སྨིན་གྲགས་པའི་འགྲེས་ནད་ཀྱིས། ཞལ་མ་བཞུགས་ཟེར་འབོད་མཁན་བྱུང་བས་རྐྱེན་བྱས་ཏེ་འཕྲལ་དུ་བཏེག གྲྭ་པ་གང་ཡོད་རྣམས་ཁྲིད་ནས་མཚེད་ཀྱི་མདའི་གང་རྫོང་ཆུང་ཆུང་དེར། ངེད་དབུས་ནས་འཁོར་གྱི་བར་གྲྭ་པ་རྣམས་སྡོད་ས་བྱེད་པ་བྱས། ངེད་ཀྱིས་ཀྱང་ཞག་གཉིས་བསྡད། རིམ་པས་ཆས་འོངས་པས། དབུ་རྒྱན་རྫོང་གི་གྲུ་ཧྲུལ་པོ་དེ་ལ་ཞུགས་ཡོངས་དུས། ག་ནས་བྱུང་ཆ་མེད་པ་ལ་བུད་མེད་ནག་རུལ་ལེ་བ་འཇིགས་པ་ཞིག་གྲུ་ནང་དུ་ཞུགས་ནས་མཉམ་པོར་བྱུང༌། ཆུའི་དཀྱིལ་རང་དུ་སླེབ་ཙམ་ལ། རླུང་ནག་ལུང་མེད་ཞིག་ལངས་གྲུ་ཐམས་ཅད་ཆུས་ཁེངས། སྡིབ་ལ་ཁད་པ་ལ། སྣང་
སྟོང་སྒྱུ་མ་རྨི་ལམ་དང་ལྟ་བུར་རང་ཤར་ཏེ། སྙེམས་ཁྲིགས་རྦད་ཀྱིས་ཆོད་པ་ན། འཕགས་མ་སྒྲོལ་མའི་སྐུའི་རྣམ་པ་ཞིག་ཝལ་གྱིས་ཤར། དེ་ཁའི་ངང་ལ་འགྲམ་དུ་སླེབ། རླུང་ཡང་ཞི། བུད་མེད་དེ་ཡང་གར་སོང་མ་བྱུང༌། མདོལ་བྱུང་དུ་སླེབ་དུས་གཙང་སྡེ་སྲིད་ཀྱང༌། དབུས་ཕྱོགས་ཀྱི་བྱུས་ལེགས་ཤིང་ཡར་ལམ་རྒྱལ་རྩེར་ཕེབས་པ་དང་འཛོམ་སྟེ། འབོད་མཁན་གནང་བྱུང་བ་ལྟར་རྒྱལ་རྩེར་ཕྱིན། རྩེ་ཆེན་རྒྱབ་ཀྱི་དགའ་ཐོག་ན་ཁ་ནས་གཟུང་ཆིབས་རགས་མང་པོ་དང༌། ཡ་ཚད་ནས་ཆོས་སྡེའི་སེར་བསྒྲེང་གྲངས་མང་ཞིང་ཕྱག་ཁྱེར་རོལ་མོ་སོགས་བཟབ་རྒྱས་དཔེ་མེད་རང་གི་བཀོད་ཤོམས་མཛད་འདུག དགོངས་བཞེད་ལྟར་གྱི་རྐྱེན་སེལ་དབང་ཆོས་ཅི་རིགས་པ ་ཕུལ། ངམ་རིང་ནས་བྱང་ཞབས་དྲུང་རང་ཕེབས་དགོས་བྱུང་བའི་སྐབས། མནན་གཏད་འགོམ་འཇོག་སོགས་ཀྱི་འཁོར་ལོ་མང་པོ་བྲིས་པ་རྣམས་ཤུལ་དུ་ལུས་པའི་རྗེས་ངན་བསྟན། འཁོར་ལོ་མང་པོ་ཞིག་དེ་སྐབས་ཁྱེར་འདུག་པ། ངེད་ཀྱི་བཀྲུ་སྦྱངས་བྱས། དགེ་ཚ་ཆེན་མོའི་གོས་སྐུ་འགྲིམས་པའི་ཉིན་ཆོས་སྡེའི་སྐུ་འབུམ་ཆེན་མོར་ཕྱིན། ཆོས་སྡེར་མང་ཇ་སྦྲེལ་མ་དང༌། རྟ་བཟང་བ་གཅིག་གིས་གཙོས་པའི་འགྱེད་དང༌། བསྔོ་རྟེན་རྣམ་གཞག་ཐམས་ཅད་ཀྱང་གང་བཟང་རང་བསྒྲུབས། རྟེན་མཇལ་རྣམས་ཞིབ་པར་བྱས། བླ་བྲང་དུ་ཞབས་དྲུང་འཕགས་པའི་དྲུང་དང་ཡང་མཇལ་སྐབས་དེར་ཞག་བཅུ་ཙམ་བསྡད། ཁང་སར་གྲྭ་ཚང་ནས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་བརྙན་གསུང་འབྱོན་མ་སྤྱན་དྲངས་དེ་གསོལ་བ་བཏབ། རེ་ཞིག་རྩེ་རུ་བཞུགས་ན་ལེགས་པ་འདྲ་སྙན་དུ་ཕུལ་ཀྱང༌། ཕྱིས་གྲྭ་
ཚང་བས་ནན་བཅགས་ཞུས་ནས་དེ་འཕྲལ་སྤྱན་དྲངས་འདུག གཞན་ཡང་ཉིན་རེ་བཞིན་འཕེལ་གདུང་ལ་སྐུ་གྲིབ་སེལ་བྱེད་ཀྱི་སྐུ་ཁྲུས་ཕུལ་བས་ལེགས་པའི་དགེ་མཚན་ཡང་བྱུང༌། སྔ་སོར་རྨི་ལམ་ལ། རྒྱལ་རྩེའི་ལི་མ་ལྷ་ཁང་ན་རྟེན་བཅུ་ལྷག་ཞིག་རམ་མེ་འདུག གཞན་གང་ཡང་མེད་པའི་སྟོང་སང་ངེ་བ་དེ་འདྲ་ལན་གཉིས་གསུམ་བྱུང་བ། དེ་སྐབས་མངོན་སུམ་ལྟ་བུར་གྱུར་འདུག དེ་ནས་འགྲོ་ཁར་ལྷུན་གྲུབ་སྤེའུ་ནས་རྣམས་ངོ་ཆེན་ཞུ་བར་སླེབ། རང་རེས་སྙན་དུ་ཕུལ་བས་གང་འོས་ཅིག་ཡོང་གསུང་བ་བྱུང༌། འགྲོ་བ་དང་ཐུག་པས་རྗེས་འཐུད་རྒྱུ་མ་བྱུང༌། ད་ལྟ་ཉིན་བྱེད་གླིང་པས་ངོ་སོ་ཡོང་ཙམ་བྱས་པའི་ས་ཆ་འདི་ཡིན། བྱང་རང་གི་དཔོན་གཡོག་ཐམས་ཅད་བློ་རིགས་འདྲ་བ་ཅིག་ཀ་གདོགདེ་སྐབས་རི་ནང་སྔགས་འཆང་བ་ཡང་འཕྲད་པར་བྱོན། ཁོང་ཤེས་རབ་སྤུས་གཙང་ཞིང་སྒྲུབ་པ་ནུས་པ། རྙིང་མ་བའི་ལུགས་ལ་ནག་ཆང་གིས་མ་ཁྱེར། དགེ་སློང་གི་བརྟུལ་ཞུགས་ལ་གནས་པའི་གམ་གཙང་བ་ཞིག་འདུག་ཅིང༌། །ངེད་དང་སྣང་བ་དག་པ་ཞིག་ཡིན་ནའང༌། ལས་སྦྱོར་དང་འདྲེ་འདུལ་འགའ་ཞིག་གནད་དུ་མ་སོང་བས་ལན་གདའ། སྐབས་འདིར་སྙིང་རླུང་ལ་གནོད་བྱེད་ཀྱིས་བསྐྱོད་པའི་བློ་ཤིན་ཏུ་མི་བདེ་བ་ཚུགས་པ་མེད་པ་འདྲ་བ་ཞིག་འདུག ངེད་ཀྱིས་གསང་འདུས་འཕགས་ལུགས་ཀྱི་དབང་བསྐུར་ཞིག་ཀྱང་བྱས། ཅུང་ཟད་བདེ་བ་ཙམ་བྱུང་སྟེ། ཕྱིས་མི་རིང་བར་འཚོ་མ་ཐུབ་པར་འདུག རྟིང་ལ་བསྔོ་རྟེན་སོགས་སྐྱེལ་མཁན་འབྲང་ཕུར་སླེབ་བྱུང་སྟེ། སྨོན་ལམ་དང་སྒྲིབ་སྦྱོང་གི་དམིགས་
བཏད་ཡང་ཡང་བྱས། དྲག་སྔགས་འཇིག་རྟེན་པ་རྣམས་མང་པའི་སྐྱོན་ཡིན་ནམ། ཤིན་ཏུ་རྩུབ་པའི་རྣམ་འགྱུར་ཅིག་གི་ངང་ནས། འཇུག་ཏུ་ལམ་བདེ་བའི་ལྟས་ཙམ་ནི་བྱུང་ ངོ༌། །དེ་སྐབས་མུས་གླིང་ག་སོགས་མུས་སྟོད་ཀྱི་དགོན་པ་རྣམས་དང༌། དབུས་ཀྱི་གྲ་ཐང་དང༌། བྱམས་པ་གླིང་གི་འཛིན་སྐྱོང་བྱེད་དགོས་ཕེབས་ཀྱིན་འདུག་ནའང༌། མི་ཕལ་ཆེར་གྱི་མིག་ལམ་དུ་མི་བདེ་ཞིང་རྫོང་དཔོན་གྱི་རིགས་ཤིན་ཏུ་རང་མ་དགའ་བ་ཅིག་ཡོང་བ་དང༌། ངེས་དོན་ཀྱི་བསྟན་པ་ལ་ཕན་ པ་ནི་མི་ཡོང་བ་འདུག་པས། དེ་དུས་རང་ཡང་དགོངས ་གྲོལ་ཞུས། ཕྱིས་ཡི་གེ་འགའ་རེ་ཕུལ་བས་སྟོན་སེར་ཁ་ཅིག་ཁྲོལ་བྱུང༌། དེ་སྐབས་ངེད་རྒྱལ་རྩེ་ནས་གཡུང་གི་ལ་བརྒྱུད་ནས་ཕྱིན་པས། གཡུང་དར་རྒྱས་པ་རྣམས་ཀྱིས་འབོད་མི་ནན་བཅགས་བྱུང་ནས། ལམ་ཞོར་ལ་ཁོར་ཙམ་ཕྱིན། མང་ཇ་འགྱེད་བཅས་སོགས་བསྒྲུབས། ཡར་སྲིས་སུ་ཡར་འབྲོག་ནས་ཐབ་འཛིན་བྱུང༌། མང་ཇ་འགྱེད་བཅས་སོགས་སྒྲུབས། དེ་ནས་མྱུར་བར་ཤད་འབྲང་ཕུར་སླེབ། ཆོ་ག་སོགས་བཙུགས་ཤིང༌། དགོན་སོ་སོར་མང་ཇ་འགྱེད་བཅས། མཁའ་རག་ཚོ་བཞི་ལ་ཐང་སྟོན་སོགས་སྐུ་རྗེས་བཟང་ཐག་ཆོད་བཏང༌། དེ་རྗེས་བལ་པོ་རྒྱ་མཚོ་སྤྲིན་སོགས་བཟོ་བོ་མཁས་པ་གསུམ་གྱིས་དུས་གསུམ་སངས་རྒྱས་ཀྱི་སྐུ་གཟུགས་རྒྱ་མཐོ་གང་པ་རེ་གར་ལུགས་སུ་བཞེངས་པ་དང༌། རང་བྱུང་གི་ཟངས་ལ་བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་སྐུ་ལུགས་མ་མཐོ་གང་བ་ཅིག་རྣམས་ནང་རྟེན་གྱི་ཚུལ་དུ་བཞེངས་པ། དེ་རྣམས་བཟོ་སྒྲོས་ཤིན་ཏུ་གཙང་བ་
རྒྱ་གར་བ་ལ་འགྲན་བཟོད་པར་བྱུང༌། ལུང་པའི་ཕུ་ན་ཡོད་པའི་སྨན་ཆུ་དེ་ཡང་ཞག་ཤས་བསྟེན། སྐབས་ཅིག་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་མན་ངག་ལ་བརྟེན་ཏེ། དམ་རྫས་བདུད་རྩི་རིལ་བུའི་སྒྲུབ་པ་ཞིག་བྱས་པ་ཡང༌། དྲི་བཟང་པོས་ལུང་ནང་ཐམས་ཅད་ཆོད་པ་དང༌། སྒྲ་ཆེན་པོ་དང་བཅས་པ་བྱུང༌། འདི་སྐབས་ཀྱང་བདུད་རྩི་མང་དུ་བབས། འགྲུབ་ལེགས་ཤིང་ཡ་མཚན་ཆེ་བར་བྱུང༌། མི་ངོ་རྣམས་ལའང་ཚེ་དབང་བརྒྱ་རྩ་སོགས་དང༌། དབང་རྗེས་གནང་འགའ་རེ་བྱས། མེས་པོ་རིན་པོ་ཆེ་དེ་ཉིད་ཀྱི་སྐུ་གདུང་ཡང་དུས་དེ་ཐུབ་བཞུགས་པ་དང༌། ཨ་ཁུ་ལགས་ཀྱི་གདུང་དེ་ཡང་རིང་དུ་བཞུགས་པ་ལ་དགོས་པ་མི་འདུག་པས། ངན་སོང་སྦྱོང་བའི་དཀྱིལ་འཁོར་ལ་བརྟེན་ནས། །འོད་བཞུའི་ཆོ་ག་ཞིབ་འཐེམ་དང་བཅས་པ་ལེགས་པར་བསྒྲུབས། འདི་སྐབས་ཞིག་བསམ་འགྲུབ་རྩེའི་སྐུ་ཁྲུས་རབ་འབྱམས་པ་དཀོན་མཆོག་དཔལ་བཟང་འདས་པའི་བསྔོ་རྟེན་རྣམས་འབྱོར། ཁོང་འདྲིས་ཆེ་ཞིང་ངེད་ལ་སྣང་བ་དག་པ་ཞིག་ཡིན་པས་རྒྱང་ཙམ་ཞིག་སྨོན་ལམ་མང་དུ་བཏབ། ཐེབས་པའི་རྟགས་མཚན་བཟང་ཙམ་ཅིག་ཀྱང་བྱུང༌། ཕྱོགས་ཀྱི་ཆོས་ཞུ་བ་འདྲ་ཡང་སླེབ། རང་རེའི་ཟླ་ལ་ཡོད་པའི་ནང་ཟན་རྣམས་བདེ་མཆོག་གི་ཆོ་ག་དེ་གཏོང་གིན་ཡོད་པས། །ཞོར་ལ་ཡང་འགྲོ་བ་འདུག་པ་ཚུན་འཁོར་ལོ་བདེ་མཆོག་སྤྱོད་འཆང་དབང་པོའི་ལུགས་ཀྱི་གདམས་པ། ལམ་སློང་གི་འཁྲིད་སྙན་རྒྱུད་ཡོངས་
རྫོགས་དང༌། གཞུང་དྲུག་གི་བཤད་པ་སོགས་ཆོས་སྐོར་ཆ་ཚང་ཞིག་བཤད། འབྲས་སྤུངས་པ་རྒྱ་ལེ་ཆོས་མཛད་འདས་པའི་བསྔོ་རྟེན་བཟང་རབ་ཅིག་སྐྱེལ་མཁན་བྱུང་བ་དང༌། འཚུར་ཕུ་ནས་དྲུང་པ་རིན་པོ་ཆེ་གུ་ཤི་གྲགས་པ་དོན་གྲུབ་ཀྱི་ཐུགས་དམ་གསལ་འདེབས་མཚོན་བྱེད་ཙམ་སྐྱེལ་མཁན་ཡང་བྱུང༌། ཕ་ཏྲེ་བོ་སྐུ་སྐྱེ་རིན་པོ་ཆེའི་སྤྲུལ་སྐུ་ད་ལྟའི་འདི་དང་པོ་རང་གང་དུ་ཕེབས་བརྟག་པ་དང་སྐུ་སྐྱེ་ཕེབས་པའི་གསོལ་འདེབས་དང༌། སྐབས་འདིར་ཡང་ཡར་འབྲོག་ནས་སྤྱན་འདྲེན་གྱི་བརྟག་པ་བྱེད་དགོས་པའི་ནན་བཅགས་རང་མཆོད་དཔོན་པས་བྱེད་དུ་བྱུང་བར་ཅི་རིགས་པ་བྱས་པའང་ལགས། དེ་ལྟར་འབྲང་དུ་ཟླ་བ་གསུམ་ལ་སྣ་བསྟད་པ་ཞིག་བསྡད་ཟླ་བ་བརྒྱད་པའི་ཚེས་བཅུ་སྐོར་ལ། ལྷ་རྒྱལ་གླིང་དུ་སླེབ་ཙམ་དང༌། སྡེ་པ་ལྷ་འོད་པས་ཤོག་གསུང་བ་ལྟར་གཡུལ་རྒྱལ་རྫོང་དུ་ཕྱིན། ཚེ་དབང་དང༌། རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང་སོགས་ དགོངས་བཞེད་ལྟར་ཕུལ། ལྷ་མདོངས་ཀྱི་ཀླུ་སྡིངས་དེར། སྡེ་པ ་ཀུན་བཟང་པ་སྐུ་མཆེད་སོགས། ལྷ་མདོངས་པའི་ཞལ་ངོ་རྣམས་དང་ཕྲད་ཅིང༌། འོ་བརྒྱལ་བར་འདུག་བསམ་སྟེ། བརྡབ་ལན་གང་བཟབ་རང་ཕུལ། ཡོལ་རིན་ཆེན་གླིང་དུ་ཕྱིན། མཁན་ཆེན་བློ་གྲོས་རྒྱལ་མཚན་པས་གཞི་ལེན་ཚོགས་འཁོར་སོགས་བཟབ་རྒྱས་རང་བྱུང་ཞིང༌། ཤངས་ཆོས་ཀྱི་རིགས་བྱིན་རླབས་མགོན་བཀའ་སྔར་ཁོང་གིས་མ་གསན་པ་མང་དག་ཅིག་བགྱིས། དེར་ཞག་གསུམ་བསྡད་པའི་ཉིན་གཅིག་རི་གོང་མཇལ་
བ་ལ་ཉིན་འཁོར་བྱས། མཆོད་པ་སྙན་དར་ཚོགས་འཁོར་སོགས་སྔར་གྱི་རྒྱུན་བཞིན་མཐའ་རྒྱས་སུ་བསྒྲུབས། སྡེ་པ་དཔལ་རྒྱས་དྲུང་ཡང་འཕྲད་དུ་བྱུང༌། ཆུ་ཤུལ་རྩེར་གྲོ་མོ་ཆེ་པས་ཡོད་དགོས་ཚུལ་ནན་བཅགས་དཔེ་མེད་ཡིན་ཚུལ་བྱེད་ཀྱིན་འདུག་ནའང༌། ཁོ་བས་གྲུབ་མཐའི་ཕྱོགས་འཛིན་ཡིན་གྱུའི་ཁུངས་ཀྱིས་སྔ་སོར་ནས་རིན་པོ་གཅིག་ཀྱང་མ་བྱུང༌། རྫོང་ལ་ནི་མ་ཕྱིན། གཞོམ་དུ་གཞི་ལེན་ཅིག་ནི་བྱུང༌། མཚར་པ་སྣང་བདག་མོ་རྗེ་བཙུན་དྲུང་གིས་ཤོག་གསུང་ཕྱིན། དཔོན་གཡོག་ཁ་ཅིག་གི་སྟེང་དུ། ཤེལ་གྲོང་དགེ་སློང་སོགས་རི་བདེ་བ་ཁ་ཅིག་བསྣན་པའི་འགའ་ཤས་ལ། གཤེད་དམར་ལྷ་ལྔའི་དབང་དང༌། དགོན་པ་བ་རྣམས་ལ་ཆོས་འབྲེལ་ཅིག་དང༌། ལྷ་ཁང་གི་ལོགས་བྲིས་པ་རབ་གནས་རྣམས་བྱས། གཞི་ལེན་སོགས་བཟབ་རྒྱས་རང་མཛད་ནའང༌། རྟེན་འབྲེལ་གྱི་སྒོ་རྣམས་ཐ་མར་རང་ཞིག་བྱུང༌། རི་བདེ་སྔར་འཛུགས་དུས་ཤངས་པ་བཀའ་རྒྱུད་ཀྱི་ལུགས། འཛུགས་པའི་ཁུངས་མཛད་ཀྱང༌། བར་སྐབས་དེར་ཐུགས་འགྱུར་གྲུབ་ནས་ལོ་གཅིག་ཙམ་སོང་བའི་སྐབས་དེ་ཡིན། དེ་ནས་རིམ་གྱིས་ཤིན་དུ་སླེབ། ཞབས་དྲུང་རིན་པོ་ཆེ་དང་མཇལ་ཞག་ཤས་ཅིག་བསྡད། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་ཡང་སྐབས་འདིར་ངེད་ཀྱི་ཟླ་ལ་ཕེབས་བྱུང༌། ལྷ་སར་འཛུགས་རྒྱུའི་དར་པོ་ཆེ་རྣམས་བརྩེམས། རྐྱེན་སེལ་གྱི་དབང་རྗེས་གནང་འདྲ་ཕུལ། དེ་ནས་ལྷ་སར་ཕྱིན། འདི་སྐབས་ཞག་བདུན་བསྡད། དར་པོ་
ཆེ་བཙུགས་པའི་སྐབས། ནམ་མཁའ་དྭངས་ཤིང་མེ་ཏོག་གི་ཆར་བབས། གཞན་དར་པོ་ཆེ་འཛུགས་པ་ལ་མི་མང་ལག་མང་དགོས་པའི་དཀའ་ལས་ཆེ་ཙམ་འདུག་ཀྱང༌། དཀའ་བ་ཡེ་མ་དགོས་པར། ཉི་མ་སྔ་ཐོག་གཅིག་ལ་ཀ་ཕལ་ཆེར་ཚུགས། དར་པོ་ཆེ་ཐོག་མ་དེ་སློང་བཞིན་པའི་ངང་ལ། མི་མང་པོའི་ཅོ་དིར་གྱི་དབུས། དར་ཤིང་ཡང་འཕྲེད་གསེགས་ལ་འགུལ་བཞིན་པ་ཡིན་ཡང༌། དར་ཤིང་གི་རྩེ་མོར་བྱ་རོག་སྣུམ་ཞིང་བཀྲག་དང་ལྡན་པ་ཅིག་ཆགས། དར་དེ་རྩ་བ་ནས་ལྷོངས་ལྷོངས་ཀྱི་བར་དུ་ཆགས་ཆགས་པ་དེ་ལ་བསྡད། དེ་ནས་སྐད་སྙན་པོ་ཞིག་འདོན་གྱིན་ལྡིང་འཁོར་བྱེད་པ་སོགས་ཡ་མཚན་པའི་ལྟས་དང༌། ཡང་ལྷོ་ཕྱོགས་ཀྱི་དར་པོ་ཆེ་གཞན་གཅིག་ལའང་དེ་མཚུངས་བྱུང༌། ལྷ་ས་གོ་གཉིས་ཐམས་ཅད་དུ་ཕྱག་མཆོད་སྨོན་ལམ་མར་མེ་སོགས་ཀྱང་དཀྱུས་མཐུན་འབུལ་རྒྱུ་བྱུང་ཞིང༌། ཉིན་རེ་བཞིན་ལྷ་ཁང་རྣམས་ལན་གཉིས་གསུམ་མཇལ་བ་སོགས་བྱས་སེམས་ཅན་ཐམས་ཅད་ལ་ཕན་པའི་སྨོན་ལམ་མང་པོ་བཏབ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་བརྙན་གསུང་འབྱོན་མ། སྐུའི་གཡས་གཡོན་དུ་སྤྱན་རས་གཟིགས་དང་ཚེ་དཔག་མེད་ཀྱི་སྐུ་བརྙན་ཏེ། བྱིན་རླབས་ཅན་གྱི་རྟེན་གསུམ་པོ་དེ་ལ། སྒོས་མཆོད་འབུལ་བ་སོགས་ཀྱི་གནད་འདུག་པས་སྒོ་འབྱེད་གཅོད་ཅན་གྱི་གཞུགས་ཁང་བྱས་ཤིང༌། མཆོད་རྫས་ཆ་ཚང་བ་བཤམས། སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་འདི་ཡང་དེ་དུས་བརྩམས་པ་ཡིན་
ནུབ་ཅིག་ཇོ་བོའི་དྲུང་དུ་ཡུན་རིང་སྨོན་ལམ་འདེབས་ཤིང་བསྡད། ར་མོ་ཆེར་སྔོན་ཆད་དར་པོ་ཆེ་འཛུགས་མཁན་ཆེར་མི་འདུག་པ་ལ། དར་པོ་ཆེ་འཛུགས་པའི་སྲོལ་བརྟོད། ཇོ་ཤག་རྣམ་པ་གཉིས་དང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་བརྙན་ལ་མཆོད་པ་ཕུལ་ནས་སྨོན་ལམ་བཏབ་པའི་སྐབས། ཉམས་སྣང་གི་ཚུལ་དུ་ངོ་མཚར་གྱི་གཏམ་ཅུང་ཟད་ཡོད་དེ་གླེང་མི་དགོས་པར་གདའ། སྔ་སོར་འབྲང་ན་ཡོད་པའི་དུས་ནས་འདིའི་བར་དུ། ཨོ་རྒྱན་གཞི་ཀ་ནས་བདག་མོའི་དྲུང་གི་རྩེ་ཞབས་དྲུང་གདུང་བརྒྱུད་དེའི་དགོངས་རྫོགས་ལ་ཡོད་དགོས་ཚུལ་གྱི་བསྐྱར་ཆགས་ཡང་ཡང་བྱུང་ཞིང༌། ཞབས་དྲུང་གདུང་བརྒྱུད་དེ་ཉིད་ལ། སྐྲ་བཅད་ཙམ་མ་གཏོགས་ཆོས་བཀའ་ཐམས་ཅད་ངེད་ཁོ་ནས་ཕུལ་བ་ཡིན་པས་གལ་ཆེ་ས་རང་ཡིན་ཡང༌། དེ་ཕྱོགས་འགྲོ་བའི་འདུན་པ་བསྟད་རེས་ཀྱིས་རང་གཞན་གཉིས་ཀར་གྱི་ཐད་དུ་ལྟས་ལོད་ཅིང་འཚུབ་པ་ཁོ་ན་ཤར་བས་འགྲོ་ཐེས་ནི་མ་བྱུང༌། ཞབས་དྲུང་བདག་མོའང་ཐུགས་ལོག་ཅིང༌། ཤུན་ཞབས་དྲུང་སོགས་རང་རེ་ལ་ཐུགས་ཉེ་བའི་ཁུངས་རྣམས་ཀྱང་ད་རེས་འགྲོ་དགོས་རྒྱུ་རང་ཡིན་པ་ལ། ཞེས་གྱོད་རྡལ་མང་པོ་གནང་གིན་འདུག་སྟེ་ཐབས་མ་བྱུང༌། དེ་ནས་ཤུན་དུ་འོངས་ཏེ། དཔོན་གཡོག་སྐྱ་སེར་ཕྱོགས་ཀྱི་ཆོས་ཞུ་བ་དང་བཅས་པ། ཀར་དགེ་འབྲུ་གསུམ་སོགས་གྲུབ་མཐའ་སྣ་ཚོགས་འདུས་པ་ཞིག་ལ། སྔ་དྲོ་བཞིན་སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། ཉིན་གུང་ཞབས་དྲུང་དཔོན་གཡོག་ཉུང་བསྡུས་ལ། ཤངས་ཆོས་ཀྱི་སྐོར་དང༌། དབང་རྗེས་གནང་ཅི་རིགས་པའི་
ཆོས་ཐུན་གཉིས་གསུམ་རེ་དོན་གཉེར་སོ་སོ་དང་བཅས་པ་ལ་བྱས་ཤིང༌། ལན་ཅིག་ཕུག་ཁང་སློབ་དཔོན་པ་བསོད་ནམས་གྲགས་པ་སྔར་འདྲིས་ཡོད་པ་ལྟར། རྒྱུད་སྡེ་ལྔའི་དབང་སོགས་འདོད་ཆོས་འགའ་ཞིག་ཞུ་བ་ལ་བྱོན་བྱུང་བ། ཐུགས་བཞེད་ཀྱི་ཆོས་རྣམས་བཤད། ཁོང་དབང་པོ་དྭངས་ཤིང༌། ཡོན་ཏན་སྤུས་གཙང་བ་ཞིག་འདུག་པ་ལ་མངོན་སྤྱོད་དྲག་ལས་ལ་བློ་གཞོལ་བ་འདི་ཕུགས་རང་ཉིད་ལ་གྱོང་ཆེན་པོར་འགྲོ་ཉེན་ཡོད་སྙམ་པ་ཡང་བྱུང༌། གཞན་མང་པོ་ལའང་སྨྲས། ཁོང་པ་རང་ལའང་ཟུར་ཙམ་གྲོས་འདེབས་བྱས་པས། འཕྲལ་བླ་མའི་སྐུ་རིམ་ཙམ་བསྒྲུབ་པ་ལ་མི་གཞན་གྱིས་ཕྲག་དོག་གི་སྒོ་ནས་བརྗོད་གླེང་བྱས་པ་མ་གཏོགས། དེ་འདྲ་ཡེ་བྱས་པ་མེད་གསུང་གིན་འདུག་ནའང༌། ཕྱིས་དེ་བཞིན་ཐོག་ཏུ་བབས་པ་ཀུན་ལ་གསལ། དཔལ་འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་དོན་གཉེར་མང་དག་ལ་དབང་བསྐུར་ཞིག་ཀྱང་བྱས། ཞབས་དྲུང་ནས་ཀྱང་གསན། ཡང་དོན་གཉེར་མང་དག་ལ་ཕྱག་རྒྱ་ཆེན་པོ་གའུ་མའི་འཁྲིད་རྒྱས་པ་ཅིག་ཀྱང་བཤད། ཡུང་ཐང་ནག་གུར་པའི་ཆོས་མཛད་ལ་ཡང་ངོ་སྤྲོད་བསྐྱར་མ་དགོས་ཟེར་བ་ལྟར་བྱས་ཤིང༌། ལྷ་སར་དར་པོ་ཆེ་སློང་རྒྱུའི་འཕྲོས་འགའ་རེ་ཡོད་པ་སོགས། སླར་ཡང་ལྷ་སར་ཕྱིན་ཏེ་དེ་རེས་ཞག་བཞི་བསྡད། སྔ་ཕྱི་སྡོམས་པར་དར་པོ་ཆེ་བཅུ་བདུན་ཙམ་བསླངས། འདི་སྐབས་སྟག་ལུང་ནས་སྡེ་པའི་ཞབས་དྲུང་ཡབ་སྲས་དང༌། བན་དཔོན་ཀུན་དགའ་རྒྱལ་བཟང་སོགས། སྟག་ལུང་
ཕྱོགས་ནས་གྲྭ་རིགས་མང་པོ་དང༌། འཕན་ཡུལ་གྱི་ཕྱོགས་ནས་བུ་སློབ་ཡོན་བདག་མང་པོ་ཞིག་ངེས་འཕྲད་པར་བྱུང༌། སོ་སོ་ལ་འདོད་ཆོས་ཀྱི་འབྲེལ་བ་རེ་ཡང་བྱས། སྔ་ཕྱི་གཉིས་ཀར་སྡོད་ས་དགའ་ལྡན་ཁང་སར་དུ་བྱེད་དགོས་བྱུང་སྟེ། རྒྱལ་འགོང་གི་ཆོ་འཕྲུལ་ཆེ་བ་རང་ཅིག་གདའ། སེ་ར་བྱེས་པའི་སློབ་དཔོན་ས་སྐྱ་པའི་གདུང་བརྒྱུད་དུ་གཏོགས་པ་ཡིན་གསུང་བའི་ཞལ་སྔ་ནས་འཁོན་བཙུན་ཡང༌། ངེད་ལ་འཕྲད་པར་ཕེབས་ཤིང་ དགོངས་བཞེད་ཀྱི་ཆོས་མང་དག་འདུག་པ ་ཡང་བྱས། འདི་སྐབས་སྡེ་པ་དགའ་ལྡན་པས་ནི་ཡིག་འབྲེལ་ཙམ་ཡང་མ་བྱུང༌། སྔ་སོར་སྡེ་པ་ཡིད་བཞིན་གཙང་ན་བུག་དེ་ལ་ཡོད་པའི་སྐབས། ངེད་ལ་ལྟོས་པ་ཡོད་པ་མིན་ཡང༌། སྡེ་དཔོན་དྲག་ཁ་ཞིག་འདི་ལྟར་བཞུགས་དགོས་པ་འཕངས་བསམས་ཏེ། ཟས་ནོར་གཉིས་ཀ་ནས་འབྲེལ་བ་གང་དྲག་ཞུས་པ་ཡིན་རུང༌། འདི་སྐབས་ནི་ཁོངས་པས་ཀྱང་ཅང་མེད། ཚུར་ལམ་ཡང་ཤུན་དུ་ཞག་ཤས་ཅིག་བསྡད་ནས། ཕྱིར་ཡོངས་དུས་ཞབས་དྲུང་ཉིད་སྐྱེལ་མར་ཡང་ཕེབས། སྙེ་ཐང་གསེར་ཁང་དུ་ཞག་སྔ་ཕྱི་གཉིས་མཁར་རྔར་ཞག་གཅིག་རྣམས་བསྡད། ཆོས་རྫོང་གི་གནས་སྔར་མ་མཇལ་བས་མཇལ་དུ་ཕྱིན། མང་ཇ་འགྱེད་བཅས་ཅིག་བཏང༌། གསེར་ཁང་ནས་ནང་སོ་གཞོན་པ་རྡོ་རྗེ་པད་མའི་དྲུང་གིས། སྙིང་ཐག་པའི་དད་པས་ཀུན་ནས་བླངས་ཏེ། བདེ་མཆོག་ཆོས་གླིང་གི་སྒྲུབ་སྡེ་འདིར་གསར་འཛུགས་དང༌། ཁོར་རང་གི་སྐུ་སྐལ་དང་གསར་འཕར་སྟེང་ནས་ཕོགས་སོགས་མཆོད་ཐེས་ཐམས་ཅད་སྦྱོར་བའི་བཀའ་གྲོས་རྣམས་བྱུང་ཞིང༌། དེ་འཕྲལ་ཕྱག་ཐོག་ཏུ་འཁྱོན་པ་འདི་ཡིན། བླ་མ་
དམ་པ་ཡེ་ཤེས་དབང་པོ་ལ་འཕྲང་ཕུབས་བཤོར་ཁ་འབུལ་གྱིན་ཡོད་འདུག དེ་སྐབས་འཕྲ་བུ་བ་སྟོངས་པས་སྙེམས་མདའ་ནས་སྔར་འཁྱུད་ཨེ་ཡོང་བདེ་སྐྱིད་པར་ནན་བཅགས་ལ་བས་ཀྱང་ཡེ་མ་བྱུང༌། དེ་ནས་སྐྱིད་རུ་བ་སྡེ་པ་ཀུན་རྒྱལ་གྱིས་འབོད་མི་ནན་བཅགས་སྟབས། འཕྲང་གོང་དུ་ཞག་གཉིས་བསྡད། ཁྲོམ་དབང་ཞིག་ཀྱང་བྱས། ནུབ་གཉིས་ཀར་ལ་ཤིན་ཏུ་འཚུབ་ཆ་ཆེ་བ་དང༌། ཁྱད་པར་འབྲས་སྤུང་གི་ཆོས་སྐྱོང་མངོན་སུམ་དུ་འོངས་ནས། ཁང་པ་བསྒྱེལ་བའི་ཚུལ་བྱེད་ཀྱིན་འདུག དེ་རྗེས་ཀམ་པ་ལའི་ལ་རྩེ་ཐུབ་སྐྱེལ་མ་ལ་ཆོས་མཛད་གསལ་ཡང་མིག་གཅིག་པ་བྱུང་བ། ཕྱི་ལོན་གྱི་ཚུལ་དུ་ཡོང་ལུགས་འདི་བཞིན་འདུག་པས། རིམ་གྲོ་བཟློག་པ་རྒྱ་ཆེ་བར་རང་དགོས་ཚུལ་བྱས་ཤིང༌། དེ་མཐུན་རིམ་གྲོ་ཐན་ཐུན་འདྲ་བཏང་བའི་རིགས་ཡིན་པ་འདུག་ནའང༌། དབྱིངས་ཆེན་མ་བྱུང་བས་མི་རིང་བར་སྐྱིད་རུ་བ་རང་ལ་དེ་བཞིན་ཤར་སོང༌། དེ་ནུབ་སྲིན་པོ་རིར་བསྡད། སྔར་འཁྱུད་ལྟར་ལྷ་ཁང་དེར་ཉལ། འཇུན་པ་དཔོན་གཡོག་རྣམས་བྱོན་ནས། ཆོས་སྐྱོང་སེང་གེ་ནག་པོའི་བསྐངས་གསོ་དང༌། རྔ་བརྡུང་གི་འར་འུར་མང་པོ་བྱེད་ཀྱིན་འདུག ནམ་ཐོ་རངས་ཙ་ན་ཧཱི་ཧི་ཟེར་བའི་སྒྲ་ཆེན་པོ་གཅིག་དང་པོ་ཐོག་མ་ཕ་ཚད་ན་ཡོད་སྙམ་པ་ལ། རྟིང་ལ་རི་ཀླུང་མེད་ཁྱབ་ཅིང༌། ནམ་མཁའ་མཐའ་མེད་ཀྱི་བར་དུ་ཡང་ཁྱབ་པ་འདྲ་བ་ཅིག་ཡུན་རིང་རབ་བྱུང༌། དེ་ནས་གོང་དཀར་དུ་འབྱོར། གོང་མ་ཁུ་དབོན་དང་མཇལ། སྔར་གྱི་རྒྱུན་ལྟར་ལས་ཐོག་མར་རྐྱེན་སེལ་རྣམས་ཕུལ་རྗེས་སྤྱིར་དབང་ཆོས་རྣམས་གྲངས་མང་རབ་
བྱས། ཁྱད་པར་དུ་དཔལ་འཁོར་ལོ་སྡོམ་པ་སློབ་དཔོན་སྤྱོད་པའི་རྡོ་རྗེའི་ལུགས་ཀྱི་དབང་ཁྲིད་ལུང་བཤད་པ་རྣམས་མཐའ་རྒྱས་དང་བདེ་མཆོག་རྩ་རྒྱུད་དང༌། ལྭ་བ་པ་དང༌། ལང་ཀ་རྒྱལ་བཟང་གི་འགྲེལ་བའི་ལུང་སོགས་ཕུལ། གཞན་ཟུར་ཆོས་ཞུ་མཁན་རྣམ་གྲངས་མང་བ་ལ། གང་ལ་གང་འཚམས་ཀྱི་རྗེས་གནང་འཁྲིད་དམིགས་ཐན་ཐུན་མང་དུ་བྱས། བཞི་སྡེ་དབུ་མཛད་སོགས་མང་རབ་ཅིག་ལ་ངེས་དོན་རྒྱ་མཚོའི་ལུང་དང༌། ཨོ་རྒྱན་བསྙེན་སྒྲུབ་ཀྱི་འཁྲིད་སོགས་བཤད། ཆོས་སྡེར་ཁོར་ཙམ་ཕྱིན་ཞིང༌། སྔར་ཁྱུད་ཀྱི་མཆོད་པ་སྙན་དར་སོགས་ཀྱང་ཕུལ། བླ་མ་དམ་པ་ཡེ་ཤེས་དབང་པོའི་དྲུང་དུ་དབང་ཆོས་འགའ་ཡང་ཞུས། དེ་ནས་རྩེར་སྒྲོལ་མ་ཉེར་གཅིག་གི་ཞལ་ཐང་གསར་བཞེངས་རྣམས་འགྲེམས་པར་མཛད་ནས། རྣམ་དག་གཙུག་ནོར་ལུགས་ཀྱི་རྗེས་གནང་རྣམས་ཕུལ། སྡེ་པ་སྒེར་པ་རྣམས་ཀྱི་ཐུགས་འདོད་ཀྱི་གཙོ་བོ་བསྟན་འཛིན་རིན་པོ་ཆེའི་སྐུའི་སྐྱེ་བར་གྲགས་པ་ངམ་རིང་ནས་ཡོད་པ་འདི། སྐུ་སྐྱེ་ཡིན་ནམ་མིན། འགྲོ་དོན་ཡོང་ངམ་མི་ཡོང་བརྟག་པ་དགོས་ཞེས་སྔ་སོར་འབྲང་ཕུར་རྗེ་དྲུང་རྟོགས་ལྡན་པ་གསུང་གིན་འདུག་པས། དེ་སྐབས་ལྷ་སར་བརྟག་པ་བྱེད་པར་ཁས་བླངས། སྐབས་འདིར་ཚོགས་འཁོར་བཟབ་པ་ཅིག་དང་བཅས། རྗེས་དྲུང་སྐུ་བགྲེས་པས་འདྲི་བར་བྱོན་བྱུང་བ་ལ། བརྟག་པ་ཇི་ལྟར་ཤར་བ་བཞིན། རྗེ་བསྟན་འཛིན་རིན་པོ་ཆེའི་ཐུགས་རྒྱུད་དངོས་ཡིན་མིན་ཅི་ཤེས། བར་ཆད་མ་བྱུང་ན་འགྲོ་དོན་ནི་ཅི་རིགས་པ་ཡོང་བ་འདུག་སྨྲས་པས། སྔར་མཚན་གྲགས་དེ་བྱུང་ཕྱིན་འགྲོ་དོན་ཡོང་ན་དེ་ཆོག་པར་འདུག་གསུང༌། དེ་འཕྲལ་སྤྱན་འདྲེན་གྱི་ཐུགས་བརྩེ་
བརྟད་སོང༌། དེ་ནས་བླ་མ་དམ་པ་ཡེ་ཤེས་དབང་པོ་རྩེར་ཡང་སྤྱན་འདྲེས་ཞུས་ཏེ། སྤྱིར་ཡང་ཆོས་བཀའ་འགའ་རེ་ཞུས་སྔར་རྡོ་རྗེ་རིངས་པ་བ་ལ་ཐོབ་ཟིན་ཡང་བྱིན་རླབས་ཀྱི་སྒོ་ཞིག་ཡོད་པས། བདག་མེད་མའི་བྱིན་རླབས་རྒྱས་པ་དེ་ཞུས། འདི་ཤིན་ཏུ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བར་བྱུང༌། དེ་ནས་ཡར་ལམ་ཡང་འབྲང་ཕུར་ཡོངས་ཟླ་ཕྱེད་སྐོར་ཞིག་བསྡད། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་ལ་ཐུབ་ པ་དགོངས ་རྒྱན་གྱི་འཛུག་ཁྲིད་ཞིག་བྱས་པ་ལེའུ་དང་པོ་ཙམ་སོང༌། ལྷ་རྒྱལ་གླིང་དང་འདེ་ཐུང་ལ་སོགས་པའི་མཆོད་གཞིས་ལ། བན་ཁྲལ་ལམ་པ་ཞིག་བྱས་པའི་གྲྭ་གསར་རྣམས་ཀྱི་སྐྲ་ཕུད་རེ་ཡང་བླངས། འདི་རེས་ཟླ་ཕྱེད་ཙམ་བསྡད། རང་རེའི་དབོན་པོས་ཀྱང་སྐྲ་བཅད་བྱས། འབྲང་ནས་ཡོང་བའི་སྔ་དྲོ་རྟ་ཐོག་ཏུ་མ་མཁྱོན་ཙམ་ལ། གཞིས་ཀ་གོང་དཀར་ནས་པཎ་ཆེན་ཆོས་མཛད་སྟོན་པའི་སྐུ་བརྙན་འདྲ་བཤུས་ཅིག་དང༌། རང་རེས་བཀོད་པ་བྱས་ནས་བཞག་པའི་དཔལ་ལྷ་མོའི་ཐང་ཀ་དེ་ཡང་གྲུབ་འདུག་པ་ཁྱེར་ནས་བྱུང༌། རྟེན་འབྲེལ་ལེགས་པར་གོ་རིམ་པའི་སྣ་དཀར་རྩེར་འབྱོར། ཞལ་ངོ་ཁུ་དབོན་ལ་ཚེ་དབང་སོགས་རྐྱེན་སེལ་གྱི་རིམ་པ་རྣམས་དང༌། གཤིན་རྗེ་གཤེད་ནག་པོའི་དབང༌། རྡོ་རྗེ་ཕག་མོ། གཞན་དོན་གཉེར་མང་དག་དང་བཅས་པ་ལ། ཀུན་རིག་གི་དབང་དང༌། གཞན་སྔགས་པ་འགའ་རེ་ལ་ཡང་ཆོས་ཅི་རིགས་དང༌། བླ་བྲང་འགག་པ་དཔོན་སློབ་རྣམས་ཀྱང་ཡོད་པ་ལ། འཁྲིད་ཅི་རིགས་བཤད། ཡར་འབྲོག་ཏུ་སྡོད་པའི་བར་ལ། མཆོད་ཆའི་རིགས་སྟེར་མཁན་བྱུང་བ་ཀུན། བདེ་མཆོག་ཆོས་གླིང་གི་དགོས་ཆེའི་དབང་དུ་བྱས་ནས། ཁོང་དཔོན་སློབ་ལ་སྟེར་བར་
བྱས་ཏེ། སྟེར་མཁན་མང་པོ་ནི་མ་བྱུང༌། གང་བྱུང་བ་རྣམས་སྤྲད། ཨ་མ་ལགས་ཀྱང་ཁོར་ཙམ་ཕེབས་བྱུང༌། འདི་སྐབས་སྣ་དཀར་རྩེར་དུས་རིམ་ཐོག་ཏུ་འབྱོར་བའི་སྔགས་པ་རྣམས་ཀྱིས་འཚམས་སོགས་ཟིང་ཟིང་མང་པོ་འདུག ཞག་བཅོ་བརྒྱད་ཙམ་བསྡད། དེ་ནས་ཡར་ཡོང་དུས་ལམ་ཞོར་ལ། ཆོས་སྡེ་ན་དཔོན་སའི་ནང་བརྟེན་དུ་ཐུབ་དབང་གི་སྐུ་བརྙན་མི་ཚད་གཅིག་བཞེང་པ་མཛད་འདུག་པའི་རབ་གནས་ལ་བྱིན། གློ་བུར་དུ་རླུང་འཚུབ་ཆེན་པོ་ལྡང་བ་དང༌། རབ་གནས་གྲུབ་མཚམས་ལ། གཤིན་པོའི་བསྔོ་བརྟེན་འབུལ་མཁན་ཞིག་ཀྱང་བྱུང༌། ཕྱིར་ཡོང་དུས་ལམ་ལ་ཡང་རླུང་ཆེན་པོས་མཚམས་བཅད་པས་འདྲ་བར་ཞིག་བྱུང་བ། སྡེ་པ་ཨ་ཁུ་དྲུང་པ་དེ་མི་རིང་བར་སྐུ་གཤེགས་པ་ལ་བལྟ་བ་འདུག དེ་ནུབ་སྲིན་ལག་གནས་སུ་ཡང་སོ་སོའི་བསྔོ་ཞུས་དང༌། གཞི་ལེན་བྱེད་མཁན་སོགས་ཤིན་ཏུ་མང་བར་བྱུང༌། དེ་ནས་ལམ་ལ་རིམ་པས་རྒྱུད་དེ། རྒྱལ་རྩེར་སླེབ་པའི་ལྕགས་མལ་ངལ་གསོས། ཆོས་སྡེར་མང་ཇ་འགྱེད་བཅས་མཁན་ཆེན་འཕགས་པའི་དྲུང་དུ་བསྔོ་རྟེན་སོགས་སྒྲུབས་རྩེ་ཆེན་གྱི་རྒྱབ་དེར་ཡང་སློབ་དཔོན་རྣམ་པ་སྤྱི་ཆོས་ཁྲིམས་ཐམས་ཅད་འཕྲད་པར་བྱོན། འདིར་ཡང་མང་ཇ་འགྱེད་བཅས་སོགས་ཕུལ། དེ་ནས་འབྲོང་རྩེའི་མདུན་དུ་སྡེ་པ་བགྲེས་པ་རང་བྱོན་པའི་ཇ་འདྲེན་ཞིག་བྱུང་བ་ལ། གློ་བུར་དུ་རླུང་འཚུབ་མི་ཟད་པ། ཉི་མའི་འོད་ཀྱང་འགྲིབས། མུན་སྲོས་པ་འདྲ་བ་ལས་ཕྱོགས་ཐམས་ཅད་སྔོ་སྐྱ་ཡལ་ཡལ་ཡོད་པ་ལྟ་བུའི་སྤྱི་དང་མི་འདྲ་བ་རང་ཞིག་བྱུང༌། འདོལ་བྱུང་དུ་ཞག་ཤས་བསྡད་ཅིང༌། ཁོང་ཚོའི་དུས་རིམ་དང་ཐུགཞལ་ངོ་ཚོ་རང་གི་སྐུ་དོག་ཅུང་ཟད་སེལ་བའི་
ལྟས་ཤར། འདིར་སྐྱིད་ཕུག་སྐུ་སྐྱེ་བ་ལ་གཏེར་མའི་ཆོས་ཅི་རིགས་པའི་ལུང་དང༌། བརྟག་གཉིས་ཀྱི་བཤད་པའི་འགོ་ཞིག་བཙུགས། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བས་ཀྱང་གསན། དེ་ནས་བསམ་སྡིངས་སུ་ཞག་ལྔ་ཙམ་བསྡད། དགོན་པ་བ་རྣམས་ལ་ཆོས་འབྲེལ་དུ་འཆི་མེད་ཀྱི་འཁྲིད་ཞེས་བྱས། ཚོང་འདུས་སུ་ཡོངས་སྐབས་ཉི་མ་དྭངས་པོ་རང་ཡོང་འཕྲོ་ལ། ཕེབས་བསུའི་ས་ནས་ཀླུ་སྡིངས་སུ་སླེབ་ཀྱི་བར་ལ། རླུང་ནག་མི་བཟད་པ་མུན་སྲོས་པ་འདྲ་བ་སྔ་སོར་འབྲོང་རྩེད་བྱུང་བ་དེ་འདྲ་བ་ཞིག་བྱུང༌། འབྲོང་རྩེ་དང་འདིའི་ལྟས་གཉིས་ཀར་དེ་འཕྲལ་དུ་ཡང་མཁར་བཤིག་སོགས་བྱུང་ཞིང༌། མི་རིང་བར་འདས་གྲོངས་ཀྱང་ཅི་རིགས་བྱུང་སོང་བ་ལ་བལྟ་ལས་ཆེ། དེ་ནས་ཟླ་བ་དང་པོའི་ཚེས་བཅུ་ལ་བསམ་འགྲུབ་རྩེར་སླེབ་པ་ཡིན། སླེབ་འཕྲལ་ལ་གཟའ་སྐར་དང་བསྟུན་པའི་ཀུན་གཟིགས་སྟེང་གི་བཟབ་ཁང་ལ་རབ་གནས་ཀྱང་བྱས། ཞག་ཤས་སྔ་སོར་གྱི་རྒྱུན་ལྟར་ཚེ་དབང་སོགས་རྐྱེན་སེལ་རྣམས་རིམ་ཅན་དུ་ཕུལ། འདིར་ཟླ་གཅིག་ཙམ་ལོན་ནས། བརྟག་གཉིས་ཀྱི་བཤད་པའི་འཕྲོས་དེ་ཡང༌། བརྟག་པ་ཕྱི་མའི་ལེའུ་གསུམ་པ་ཡན་ཆད་སོང་དེ་མན་ཆད་བཤད་ལུང་ཙམ་བྱས། དེ་བར་དུ་སྐུ་སྐྱེ་བ་སོགས་ལ་གསར་རྙིང་མ་ངེས་པའི་ལུང་འདྲ་ཡང་བཀླགས། ཆོས་རྗེ་ཡེ་ཤེས་རྒྱ་མཚོའི་དྲུང་ཡང་ཞལ་ངོ་རྣམས་ཀྱིས་སྤྱན་འདྲེན་མཛད་པའི་གཏིང་སྐྱེས་རང་ལ་ཕེབས་སོང༌། འཕྱིང་རུ་གོང་དཀར་རྡོ་རྗེ་གདན་ནས་བླ་མ་དམ་པ་ཡེ་ཤེས་དབང་པོ་ཆོས་དབྱིངས་སུ་སྐུ་ཐིམ་པའི་ དགོངས་པ ་གསལ་བ་འདེབས་ཀྱང་སླེབ། རྟེན་བཞེངས་མ་ཚར་བར་སྡེ་པ་ནས་བཤོར་འདེབས་
ཞིག་ཞུས་པའང་བྱུང༌། བླ་མ་དམ་པ་དེ་བྱ་བཏང་ཡིན་པས་རྟེན་བཞེངས་ཀྱི་རྒྱུ་ཡང་ཕལ་ཆེར་འདི་ནས་ཀ་བསྲིངས་པ་ཡིན། ངེད་ཤིན་ཏུ་བཀའ་ནན་ཆེས་པའི་སྟབས། འདི་སྐབས་ཡུན་རིང་བ་ཞིག་སྡོད་དགོས་བྱུང་སྟེ། སྡེ་སྲིད་ཡབ་སྲས་དྲུང་དུ་དཔལ་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ། དཀྱིལ་འཁོར་བཞི་བཅུ་ཞེ་ལྔར་དབང་བསྐུར་བ་དང༌། གཞན་ཡང་དོན་གཉེར་དགེ་བཤེས་འགའ་ཤས་དང༌། ཁམས་པ་གྲྭ་རིགས་འགའ་དང་བཅས་པ་ལ་ཡང༌། དབང་ཡོངས་སུ་རྫོགས་པ་ཚར་གཅིག་བྱས། དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་སྐབས། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཤིང༌། མཆོད་པའི་བཀོད་པ་སོགས་ཆོ་ག་མཐའ་རྒྱས་དང་གཞན་ཡང་གཏོར་མའི་ཆོ་ག་སོགས་རྡོ་རྗེ་ཕྲེང་བ་དང༌། མན་ངག་སྙེ་མ་ནས་གསུང་པ་ལྟར། རང་གཞུང་ཇི་ལྟ་བ་བཞིན་དུ་སྒྲུབས། དེ་སྐབས་སྡེ་སྲིད་ཀྱི་ཕྱག་ཏུ་འབྱོར་པའི་རྟེན་གྱི་རིགས་འགངས་ཆེ་བ་རྣམས་ལ། སྐུ་ཁྲུས་དང་རབ་གནས་ཁ་གསོ་སོགས་དང༌། བཀྲལ་བཏགས་ཀྱི་གུར་ལ་བགེགས་སྤྲོད་སོགས་ཀྱང་བྱས། དེ་རྗེས་སྡེ་སྲིད་རང་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཡོངས་རྫོགས་ཞིག་ཀྱང་བསྒྲུབས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོ་ག་ལ་བརྟེན་པའི་དྲུག་ཅུ་རྩ་བཞིའི་ལག་ལེན་གྱི་ཡི་གེ་ཅུང་ཟད་རྒྱས་པ་འདི་ཡང་སྐབས་འདི་དག་ཏུ་བརྩམས་པ་ཡིན། ཆོས་རྗེ་ཤངས་པ་སློབ་དཔོན་ལ་བརྟག་པ་དང་པོའི་ལེའུ་བདུན་པ་ཡན་ཆད་ཀྱི་བཤད་པ་ཙམ་སོང༌། ཡང་འདི་སྐབས་མདོ་ཁམས་བྱང་ངོས་ཕྱོགས་ཀྱི་དགོན་པ་ཉུག་རྗེས་ནས། ཀ་བཞི་རྒྱལ་མཚན་སེང་
གེའི་སྐུ་སྐྱེ། བླ་མ་ཀུན་དགའ་ལྷུན་གྲུབ་པའི་ཕྱག་གཡོག་གཉེར་པ་ཡང་བྱེད་པ། སོག་པོའི་ཡུལ་དུ་འཛམ་ཐང་པའི་གྲྭ་རིགས་ཆེ་ཆེན་ནང་སོའི་ཡང་གཡོགས་གྲག་ཁ་བྱེད་པ། ཀུན་དགའ་བཀྲ་ཤིས་ཟེར་བ་དེ་ཀ་བཞི་པའི་དཔོན་པོ་གཉིས་དང་བཅས་པ་རྣམས་དབུས་གཙང་གི་གནས་མཇལ་དང༌། ཆེ་ཆེན་ནང་སོའི་མང་སྐོལ་ལ་བྱུང་བ་དང་བརྟུན། བླ་མ་ཀུན་དགའ་ལྷུན་གྲུབ་ཀྱི་འབུལ་སྐྱེལ་བརྡ་མཚོན་ཙམ་དང༌། དབོན་པོ་གཉིས་པོ་ཡང་རེ་ཞིག་ཆོས་ཞུ་བའི་དབང་དུ་བྱས། ངེད་ལ་དམིགས་ནས་བྱོན། ཀུན་དགའ་བཀྲ་ཤིས་གཡོག་མང་དག་དང་བཅས་པ་ལ་དུས་ཀྱི་འཁོར་ལོའི་དབང༌། རྒྱུད་སྡེ་ལྔའི་དབང༌། གུར་ཞལ་གྱི་རྗེས་གནང་སོགས་འདོད་པ་བཞིན་དུ་བྱས། འདི་ནས་སོག་ཡུལ་ལ་བླ་མ་ཞིག་ངེས་པར་རྫོང་དགོས་ཟེར་ནས། ནན་བཅགས་ཆེས་པས་ཀུན་དགའ་བློ་འཕེལ་བ་སོགས་གྲྭ་རིགས་འགའ་ཡང་བླ་ཆས་དང་བཅས་ཏེ་རྒྱལ་ཁམས་དེ་དག་ཏུ་འགྲོ་དོན་ལ་རྫོང་དགོས་བྱུང༌། དེ་སྐབས་ཁོང་རྣམས་ཀྱིས་འཛམ་ཐང་ནས་རྗེ་རྒྱལ་བ་སེང་གེའི་སྐུ་སྐྱེ་ཁམས་དུ་བྱོན་པ་དེ་ནི་གཤེགས། སྐུ་སྐྱེ་གཉིས་པའི་ཚུལ་དེ་དབོན་པོ་ཞུ་ཚང་རི་ཤིང་པའི་ཞལ་ངོ་དྲང་སྲོང་འདི་ཡིན་ཟེར་བར་འདུག་པས། འཁྲུལ་མེད་ཡིན་ནམ་མིན་བརྟག་པ་བྱེད་དགོས་ཟེར་བ། ཅུང་ཟད་བརྟགས་པས་ཡིན་དུ་ནི་རུང་ཡང༌། འཛམ་ཐང་ཕྱོགས་སུ་ཕན་ཐོགས་པ་ནི་མི་ཡོང་ཟེར་བ་བྱུང༌། དེ་ཁ་ལྟར་ཞིབ་རྒྱས་སུ་སྨྲས་སོ། །ཡང་བྱང་ཞབས་དྲུང་ནས་ངམ་རིང་དུ་ཚང་སློག་མཛད་རྒྱུ་བྱུང་ཡང༌། ཡོང་སྒོ་ཡོད་བའི་མངའ་ཞབས་ལར་མེད་པས་ཞུ་ངོ་བྱེད་དགོས་གསུང༌། དེ་མཐུན་ངོ་ཆེན་
ཞུས་པས་ཡོང་སྒོ་དྲག་པའི་དབང་དུ་བྱས་ཟུར་ཚོ་སྐོར་རྣམས་ཐམས་ཅད་བྱུང་བ་ཡིན། དེ་སྐབས་ངམ་རིང་ཆོས་སྡེ་པ་རྣམས་ཀྱིས། ཁ་སྔ་བང་མགྱོགས་བྱས་པས་ཡོང་སྒོ་དྲག་ཤོས་གང་སླེ་སོགས་མང་ཚད་གཅིག་ཆོས་སྡེ་ལ་འཇགས་གྲུབ་འདུག སྤྱིར་སྡེ་པ་ལས་དགེ་འདུན་ལ་བྱུང་བ་དེ་ལོས་དགའ་སྟེ། བྱང་པ་རང་ལ་ཁ་འགེགས་སུ་སོང་པ་དེ་ཡིན། སྡེ་སྲིད་ནས་ངེད་ལ་འདི་སྐབས་ལྷོ་ནས་འཕྱོང་ལུང་འབྲོག་པ་དང༌། གཙང་བསམ་འགྲུབ་བདེ་ཆེན་མ་ལག་སྐོར་བཅས་ཆོས་བཞིས་སུ་སྦྱོར་འཇགས་གནང༌། རྟག་བརྟན་གྱི་ཆོས་སྡེ་འདི་འཛུགས་པའི་བཀའ་གྲོས་ངེས་ཐམས་ཅད་ཀྱང་དེ་སྐབས་བྱུང་བ་ལགས། སྡེ་པ་ལྷ་སྲུང་དྲུང་ཡང་ཆོས་སྐོར་འཇུག་པ་མཛད་དེ། མཚན་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་བཏགས། དེ་ནས་ཧོར་ཟླ་དྲུག་པའི་ཡར་ངོའི་ཚེས་བཅུ་སྐོར་ལ་ཡང་བཏེགས་ནས་ཆོས་འཁོར་རྩའི་མདོ་དེར་སྣར་ཐང་ནས་ཐབས་འཛིན་ཅིག་ཀྱང་བྱུང༌། བྱང་ཆེན་དུ་ཞག་གསུམ་བཞི་གཅིག་བསྡད། གནས་སྲིན་པོ་རིའི་ཀླུ་སྡིངས་སུ་ཞག་གཅིག་བསྡད་པ། གནས་ཆོས་སྡེའི་སློབ་དཔོན་སོགས་སྐྱ་སེར་མང་པོ་ཞིག་འཕྲང་མཁན་ཡང་བྱུང༌། ཆོས་འབྲེལ་རེ་ཡང་བྱས། ལུང་ནག་ཤེལ་དཀར་ནས་རྒྱ་གན་ནས་ཆོས་དགོས་པ་ཅི་འདྲ་ཡོད་ཀྱང༌། འབོད་མི་ནན་ཅན་རང་གི་སྟབས་རྫོང་རྩེ་ལ་ཕྱིན་ཞག་པོ་གཉིས་བསྡད། ཚེ་དབང་དང་གུར་མགོན་གྱི་གཏོར་དབང་དགོས་ཟེར་བ་ལྟར་བྱས། དེ་ནས་ཚུར་ལམ་བྲག་རམ་གྱི་གནོད་སྦྱིན་ལ་གཏོར་མ་ཞིག་ཀྱང་དགོས་པའི་ལྟས་བྱུང་བ་དང༌། སྔར་
ཡུལ་དེ་ལ་མ་ཕྱིན་པས་ཇི་ལྟར་འདུག་ལྟ་བ་དང༌། སྦྲགས་ཁོར་ཙམ་ཕྱིན་པས། གནོད་སྦྱིན་དེ་དགྱེས་པའི་ལྟས་ཅུང་ཟད་བྱུང༌། ཟླ་བ་དྲུག་པའི་ཚེས་བཅུ་བདུན་ལ་ཇོ་ནང་དུ་སླེབ། གྲྭ་བཙུན་རྣམས་ཀྱིས་བསུ་བ་བཟབ་རྒྱས་བྱས་ཤིང་ཟླ་གཅིག་ཙམ་ཇི་ལྟར་བདེ་པའི་ངང་ནས། ཁམས་པོ་ངོར་དགོན་པ་བ་དབོན་པོ་ལྷུན་གྲུབ་སོགས་མང་རབ་དང༌། ཀ་བཞི་དཔོན་པོ་སོགས་ལ་ཆོས་ཀྱི་རྣམ་གྲངས་ལམ་འབྲས་ལ་སོགས་པ་མང་དག་བྱས། རང་རེའི་གྲྭ་ཚང་གི་གྲྭ་པ་གསར་པ་རྣམས་ཀྱིས་སྒྲུབ་དཀྱིལ་རང་རེས་སྒྲིགས་པ་འདི་ཁའི་སྟེང་དུ་ནས། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཐོག་མ་འཛུགས་པ་དེ། ཇོ་ནང་རང་གི་སེར་ཁ་སྒྲུབ་མཆོད་ཀྱི་སྟེང་དུ་འཛུགས་པའི་རྩིས་སུ་བྱས་ནས། བྲིས་ཐིག་གར་སོགས་སྔར་ནས་སྦྱངས་པ་རྣམས་ཀྱང་དེ་སྐབས་གྲ་འགྲིག་པར་བྱས། ཧོར་ཟླ་བདུན་པའི་ནང་དུ་ཆོག་གྲྭ་འགྲིག་ཅིང་ལེགས་པར་བྱུང༌། ལོ་འདིའི་ནང་དུ་ཙམ་མེ་སྡོད་མ་དགོས་ཙམ་ལ། ཡ་མ་དང་ཁྲག་ངན་སོགས་ཀྱིས་ཡང་ཡང་ན་བ་ཞིག་ཀ་བྱུང༌། སྒྲུབ་མཆོད་གྲོལ་བའི་རྗེས་ལ་དཔོན་པོ་ལྷུན་གྲུབ་སོགས་འགའ་ཞིག་ཡུལ་དུ་མགྱོགས་པར་ལྡོག་འགྲོ་བའི་སྟབས་སྦྱོར་དྲུག་ཅིག་ཀྱང་འཆད་དགོས་བྱུང༌། སྔ་ཕྱིར་བསྐུལ་མཁན་གཞན་ཡང་ཡོད་ལ། ཁོང་ཚོས་ཀྱང་བསྐུལ་ནས་སྦྱོར་དྲུག་གི་འཁྲིག་ཡིག་ཆེ་བ་འདི་བརྩམས། དེའི་ཡན་ལག་ཏུ་ངེས་པར་དགོས་པར་མཐོང་ནས། རྟགས་ཚད་ཀྱི་ཡི་གེ་ངོ་སྤྲོད་ཕྱི་ནང་འཁྲུལ་འཁོར་རྩ་འགྲེལ་རྣམས་ཀྱང་སྟོན་ཀ་དེ་ལ་ཀ་བྲིས་པ་ཡིན།
འདིར་སླེབ་པ་ནས་གཟུང་དེ་བར་དུ་སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་གྱི་ཞིག་སོས་ལེགས་པར་གྲུབ་པ་དང༌། སྤྱི་ཁང་སྐོར་སོགས་དེ་ལོ་ཡང་ལས་ཀ་ཐན་ཐུན་མང་དུ་གྲུབ། སྐུ་འབུམ་མཐོང་གྲོལ་ཆེན་མོར་བྲིའི་སྐོར་ཁང་ལ་བཟང་སྒྲིགས་འབའ་ཞིག་གི་བླ་རེ་དང༌། བུམ་ལྡིར་ལ་ཡང་དེ་མཐུན་གྱི་བླ་རེ་ཁོར་ཡུག །ལྷ་ཁང་གཞན་མ་སོ་སོར་བར་སྐབས་མཛོད་བཟུང་དུས་བླ་བྲེ་གྱག་པ་རྣམས་ལ་ཡང་བླ་བྲེ་ཉི་ཤུ་སྐོར་ཅིག་ཕུལ། འཇའ་འོད་དང་མེ་ཏོག་གི་ཆར་སོགས་ལྟས་ངོ་མཚར་ཆེ་བར་བྱུང༌། རང་རེ་ཇོ་ནང་པ་ལ་བལྟོས་པ་རྣམས་ཚེ་འདིའི་བདེ་སྐྱིད་སྙན་གསུམ་གང་དགོས་ཀྱང་སྐུ་འབུམ་མཐོང་གྲོལ་ཆེན་མོ་འདི་ལ་ཞབས་ཏོག་གི་རྟེན་འབྲེལ་སྒྲིག་པ་རང་གལ་ཆེ་བ་འདུག འདི་རྟགས་མངོན་གྱུར་དུ་སྟོན་མཁན་ཡིན་པས་ཐམས་ཅད་ཀྱིས་འབད་འབུངས་བྱེད་དགོས་སོ། །གནས་གཞི་གསར་དུ་འདེབས་དགོས་དེ་ལོ་འདི་ལ་བརྟག་པ་མ་ཆུག་ཅིང༌། ལོ་གསར་ནས་ཤིན་ཏུ་བཟང་བའི་ལྟས་ཤར་པས་དེ་ལོ་ཐེན་པ་ཡིན། དེ་ནས་སྟོན་གཞུག་སྐྱིད་ཕུག་ཏུ་རབ་གནས་དང་བསྟུན་ཏེ་ཕྱི་མཚམས་མེ་ལ་བསྡད། སྦྱོར་དྲུག་གི་བཤད་པའི་རྩོམ་པ་དེའི་འགོ་བཙུགས་ནས། གཞི་གཏན་ལ་འབེབས་པའི་སྐོར་རྣམས་སོང་བ་ཙམ་ཞིག་ཉིན་གུང་ཐུན་བར་ཐུན་བར་ལ་བཀའ་བཅུ་བ་ཀུན་དགའ་དབང་ཕྱུག་པས་བྲིས། དབོན་པོ་ལྷུན་གྲུབ་སོགས་དང་ཁོང་ཚོས་ནན་གྱིས་བསྐུལ་ནས། ལུང་རིག་རྒྱ་མཚོ་སོགས་འདི་ཁའི་གྲྭ་པ་འགའ་ཤས་ཁམས་ཕྱོགས་སུ་འགྲོ་དོན་ལ་འགྲོ་འདོད་རྣམས་ལ་སོ་སོའི་འདོད་ཆོས་ཐན་ཐུན་འདྲ་ཡང་མ་ཆག་པར་བྱེད་དགོས་བྱུང༌། དེ་རྗེས་ཁོང་རྣམས་ཀྱང་ཁམས་ཕྱོགས་ལ་ཐེགས། དེ་ནས་དགུན་ཁྲིད་སྔར་ལུགས་བཞིན་བཙུགས། གྲྭ་པ་གསར་པའི་རིགས་མང་པོ་དང་བཅས། འཁྲིད་གསར་
པ་ལྟོས་ཆེ་བར་བྱུང༌། ལོ་འདི་ལ་བྱང་ཞབས་དྲུང་རང་ལ་བཅུར་ཐག་ཅུང་ཟད་བྱུང་བ་ནི། སྙིང་གི་གྲོགས་ཐམས་ཅད་ཐང་ལ་བོར་བའི་རྣམ་པས། རྒྱུན་དུ་སྐུ་རིམ་བསྒྲུབས་ཤིང་བྱང་པ་རང་གི་ཕྱིར་དུ་གཞན་ལ་གཏོར་རྒྱག་དང༌། མཐུ་གཏད་བྱེད་མཁན་གྱི་སྔགས་པའི་རིགས་ལས་ཐུགས་ཉེ་ཤོས་གཅིག་གཉིས་མ་གཏོགས། ཕལ་ཆེར་འདི་དང་འདི་ཡིན་ནོ་ཞེས་གསལ་བར་ཞུས་པའི་སྔགས་པ་རྣམས་ལ་བྲུལ་དྲག་བྱུང་བའི་སྐབས་དེ་ཡིན། བླ་མ་དཀོན་མཆོག་ལེགས་འཛིན་པ་ངེད་ལ་སྔར་ནས་འདྲིས་ཆེ་བ་ཡིན་པ་ལ། ཁོང་གི་སྲས་པོ་རྒན་པ་དེ་སྐྱོན་ཆེ་བ་ཞིག་མེད་ནའང༌། འཕྲལ་གྱི་བྱེད་ལུགས་མ་ཤེས་པས། བསམ་འགྲུབ་རྩེར་བཙོན་ནང་དུ་འདས། སླར་དཀོན་ལེགས་པ་རང་ལ་ཡང་དཀའ་སྐྱོན་གྱི་སྒོ་འདུག་པ་དང༌། ངོ་ཆེན་ཞིབ་སེད་ཞུས་པས་ས་སྐྱའི་སྒོ་རུམ་དུ་མནའ་སྐྱལ་བས་ཆོག་པར་བྱུང༌། སྟོན་པ་རྡོ་ར་བ་ཡང་སྲོག་འཛེམ་ལ་འདི་ཁར་བྲོས། ཕྱིས་ དགོངས་པ ་ཞུས་པས་ཡུལ་ལ་ཕྱིན་ཆོག་པར་བྱུང༌། དེས་མཚོན་གཞན་འགའ་རེ་ལ་ཡང་ཕན་ཐོགས་བྱུང༌། སྔ་སོར་སྟོན་ཀ་ཕྱག་འཚལ་ལ་མོ་ནས་གཏོར་མ་ཞིག་བཏང་བ། རྨི་ལམ་དུ་མདངས་དཀར་གྱི་བཙན་དེ་གཏོར་མའི་སྐལ་བ་ཆད་ཟེར་སློང་བའི་རྣམ་པ་བྱུང་བས། བར་དེར་མདངས་དཀར་རྫོང་ལ་གཏོར་མ་གཉིས་གསུམ་ཞིག་བཏང་བས། མི་ཐམས་ཅད་མདངས་དཀར་ལ་དགོན་པ་གསར་འདེབས་བྱེད་རྒྱུ་ཡིན་པར་འདུག་ཟེར་བའི་ཚོད་རྒྱག་གིས་ལུང་པ་བཀང༌། འདི་སྐབས་རྩེ་ཆུང་གི་ལ་མགོ་ལ་སྡེ་པ་གཞུང་གི་སྤེའུ་འདི་རྒྱག་བ་མཛད་སོང་སྟེ། དགོས་པ་རང་ནི་ཅང་མི་གདའ། དེ་དུས་རྗེ་བཙུན་ཨུ་རྒྱན་མཚོ་མོའི་སྐུ་སྐྱེའི་དྲུང༌། ཇོ་ནང་གི་གནས་མཇལ་ལ་ཕེབས་
གསུང་བ་ཞིག་ཡོད་པའི་སྐབས། རྨི་ལམ་དུ་ཁོང་དཔོན་སློབ་ནང་ཅིག་ནས་ཡར་ཕེབས་ནས། མཚན་བརྗོད་འདོན་གྱིན་འདུག་པས། དུམ་ཅིག་ནས་མ་ཐོན་བར་ཆད་སོང༌། དེ་ནས་འདིར་ཕེབས་ཀྱང་མ་བྱུང་སྟེ། ཁོང་རང་དཔོན་སློབ་ལ་འཕྲིན་ལས་ཀྱི་བར་ཆད་ཡོང་བའི་ལྟས་སུ་གོ །དུས་ཁྲིད་གྲོལ་ལ་ཁད་ལ་རྒྱལ་རྩེ་ནས་བླ་མ་ཞབས་དྲུང་ཡང་ཕེབས། དེ་ཉིད་གློ་བུར་དུ་འབྲཽང་རྩེར་རླུང་འཚུབ་བྱུང་བ་དེ་ཀ་འདྲ་བ་ཞིག་བྱུང་སྟེ་འདིར་སྐུ་བསྙེལ་བ་དེ་ལ་བལྟ་བ་ཡིན་ནམ། དེ་མིན་ནི་ལེགས་པར་བྱུང༌། ཚོགས་སུ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ་ཞིག་ཀྱང་བྱས། འདིར་སྨྲས་པ། ལེགས་པའི་ཡོན་ཏན་འཆར་ཚུལ་བརྒྱ། །ཤེས་བྱའི་མཐའ་ལ་ཐུག་མེད་འཆར། །བསོད་ནམས་བྲལ་བའི་སྐྱེ་བོ་ལ། །རྟག་ཏུ་ནུབ་པའི་མཚན་མོ་ཉིད། །ཉིན་བྱེད་འོད་ཟེར་གཅིག་ཤར་བས། །ཡུལ་ཕྱོགས་བྱེ་བ་བརྒྱ་གསལ་ཡང༌། །བྱང་ངམ་འོག་ཏུ་ཁ་བལྟས་པའི། །ཕུག་པར་རྟག་ཏུ་མུན་པ་ཉིད། །སྐལ་ལྡན་རྣམས་ལ་བླ་མེད་བྱང་ཆུབ་མྱུར་སྟེར་ཞིང༌། །འགྲོ་བ་ཀུན་ལ་བདེན་དོན་མཐའ་ཡས་འབྱུང་བའི་གཞི། །ཟབ་མོ་དབུ་མ་བདེ་གཤེགས་སྙིང་པོའི་གཏམ་འདི་དང༌། །ཟབ་ལམ་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ལས་གཞན་ཅི། །ཞེས་པའང་བར་སྐབས་སུ་སྨྲས་པའོ།། །།
ཨོཾ་ཨ་ཐ། ལེགས་ལམ་ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་གཞི་ལས་བརྩམས་ཏེ་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་ཤིང་མོ་ཡོས་ཀྱི་ལོ་ཤར་བ་ན། དགེ་མཚན་གྱི་ལྟས་དུ་མ་དང་བཅས་ཧོར་ཟླ་
གཉིས་པའི་ཚེས་བཅུ་གཅིག་ཉི་མ་མེ་བཞིའི་འགྲུབ་སྦྱོར་འཛོམ་པ་ལ་གནས་གཞི་གསར་འདེབས་བྱེད་པར་འདོད་པས། བླ་བྲང་དམ་ཆོས་གླིང་ནས་ཡོངས་དུས། སྒོ་དྲུང་དུ་མཚམས་ལེན་བརྒྱད་ཆུ་བུམ་པ་ཁེངས་པ་ཐོགས་ནས་དགའ་བ་ལ་དགའ་བ་ལ་ཟེར་བ་སོགས་ལམ་ལ་ཕྲད་པ་རྣམས་ཀྱང་ཚིག་བཀྲ་དང་ལམ་བཀྲ་ཤིན་ཏུ་ལེགས་པ་དང་བཅས། ཉི་མ་ཤར་བ་ན་རྫོང་མདོའི་མདུན་གྱི་ས་གཞི་ཁྲི་སྟེགས་ལྟ་བུ་འདིར་སླེབ། ས་ཆོག་གི་ས་བརྟག་བསླང་སྦྱང་བཟུང་རྒྱས་པར་བྱས། ས་བཟུང་བའི་སྐབས། ནམ་མཁའ་གང་བ་སངས་རྒྱས་བྱང་ཆུབ་སེམས་དཔའ་མངོན་སུམ་དུ་བཞུགས་ངེས་སྙམ་པ་ཡང་བྱུང༌། གཏོར་མ་རྒྱ་ཆེར་གཏོང་བའི་སྐབས། ད་ལྟའི་མགོན་ཁང་ཨུ་ཙ་ལའི་མཐོ་དམན་འདི་ཙམ་གྱི་ཚད་དུ། ཆོས་སྐྱོང་མགོན་པོ་ལྕམ་དྲལ་གཞི་བདག་དང་བཅས་པ་རྣམས་འཁོར་ཨ་ཙ་ར་དང༌། མོན་པ་རྟ་ལུག་གཡག་ཁྱི་མང་པོ་དང་བཅས་རོལ་མོའི་སྒྲ་འུར་འུར་ཆེམ་ཆེམ་བྱོན་པའི་རྣམ་པ་གསལ་བྱུང༌། དེ་ནས་རེ་ཞིག་ཟླ་སྨད་དེ་ལ་རྡོ་གསོག་ཅེས་བྱས། རང་རེ་དེ་བར་དུ་རྒྱལ་རྩེ་བླ་མའི་དྲུང་དང༌། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་དང༌། དཀོན་མཆོག་ལེགས་འཛིན་པ་སོགས་ལ་་ཆོས་སྣ་འགའ་རེ་ཡང་བཤད། ཡང་ཧོར་ཟླ་གསུམ་པའི་ཚེས་བརྒྱད་གཟའ་ཚེས་དགའ་བ་ལ། གཙུག་ལག་ཁང་གི་ཐིག་འདེབས་ཤིང་འགྲམ་འདྲུ་བའི་ཕྱིར། སླར་ས་ཆོག་དངོས་གཞི་རྒྱས་པ་དེ། དཔལ་འཇིགས་མེད་འབྱུང་གནས་སྦས་པའི་བཞེད་པ་དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་ཇི་སྐད་འབྱུང་བ་བཞིན་དུ་བསྒྲུབས། སྔར་ས་བསླང་བའི་དུས་དང་འདི་གཉིས་ཀར་དུ་ནམ་མཁའ་ལ་འཇའ་འོད་དཀྱུས་མ་མ་
ཡིན་པ་དང༌། མེ་ཏོག་གི་ཆར་འབབ་པ་དང༌། ཤར་ཕྱོགས་ནས་གློ་བུར་དུ་གྲྭ་པ་མང་དག་རེ་སླེབ་པ་བྱུང༌། འདི་གཉིས་ཀ་ལ་དགའ་སྟོན་གྱི་ཚུལ་དུ། རང་རེའི་གྲྭ་པ་ཐམས་ཅད་ཀྱིས་ཀྱང་བྱོན་ཏེ། མང་ཇ་ཚ་ར་སྤྱི་འབུལ་གྱི་རྣམ་གྲངས་རེ་བྱས། སྔ་སོར་རང་བཞིན་ལ་ཡུལ་ལྗོངས་ཕུ་མདའ་འདི་ཀུན་གྲོག་མ་མང་བ་ཞིག་ཡིན། ས་ཆོག་གི་ཉིན་མོ་འདི་སྐབས་ཀྱང་གྲོག་མ་སོགས་སྲོགས་ཆགས་མང་བ་འདུག་ཀྱང༌། མི་རིང་བ་ནས་དགོན་པའི་ས་གཞི་ཉེ་སྐོར་དང་བཅས་པ་ཐམས་ཅད་ལ། ད་ལྟའི་བར་དུ་གྲོག་མ་ཡེ་མེད་ཅིང༌། སྲོག་ཆགས་གཞན་ཡང་ཉུང་ངུ་སོང༌། གཞི་བདག་ལ་སོགས་པས་ས་བྱིན་པའི་རྟགས་མངོན་སུམ་ལགས་མོད། སྔར་གྱི་ས་ཆའི་མིང་དེ་བསྒྱུར་ཏེ། རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་དུ་ཐོག་མ་ཉིད་ནས་མིང་བཏགས། སྔ་སོར་ཧོར་ཟླ་གཉིས་པའི་ནང་དུ། ཆོས་རྗེ་གཉིས་སོགས་རང་རེའི་གྲྭ་པ་སུམ་བརྒྱ་སྐོར་ལ་རི་ཁྲོད་ཆེན་པོའི་འདུ་ཁང་དུ། རྡོ་རྗེ་འཕྲེང་བའི་དབང་བསྐུར་བ་ཞག་ཉེར་བརྒྱད་པ་ཞིག་བྱས། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་རྡུལ་ཚོན་དང༌། གཞན་རྣམས་རས་བྲིས་ཡིན། ནག་པའི་ཟླ་བ་ལ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་གསར་པ་བཙུགས་ཤིང༌། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བས་ཤར་སྒོ་སློབ་དཔོན་མཛད། ལྷོ་སྒོའི་སློབ་དཔོན་ནི་རྒྱལ་རྩེ་བླ་མའི་དྲུང་གིས་མཛད་པ་ཡིན་ནའང༌། ཤིན་ཏུ་སྐུ་ཁམས་ལྟེམས་ཏེ་དངོས་གཞི་ལ་ཕེབས་མ་ཐུག་སྒྲུབ་མཆོད་ཀྱི་མཐར། ཚོགས་མཆོད་ཉེར་མཁོ་གསར་པ་སྒྲིགས་པ་དེའི་སྟེང་ནས་ཚོགས་འཁོར་ཡང་བྱས། དུས་འཁོར་གྱི་ཚོགས་མཆོད་མཛད་པའི་
སྲོལ་བར་སྐབས་ནས་འཆད་འདུག ནག་པའི་བཅོ་ལྔ་སྒྲུབ་མཆོད་དངོས་གཞིའི་ཉིན། སྡེ་པ་གཞུང་གི་ས་ནས། ཤིང་བཟོ་རྡོ་བཟོ་གཏོས་ཆེ་བ་རྫོང་བར་མཛད་པ་ཚོ་ཡང་འབྱོར། རི་བོ་ཆེ་ནས་རྗེ་འགྱུར་མེད་སྐུ་གཤེགས་པའི་བསྔོ་རྟེན་ཐུགས་དམ་གསལ་འདེབས་སྐྱེལ་མཁན་ཡང་སྐབས་འདིར་སླེབ། དེ་རྗེས་མི་རིང་བར་ཕྱོགས་ཀྱི་ཆོས་ཞུ་མཁན་ཀུན་ཡང་ཕྱོགས་ཕྱོགས་སུ་ཐེགས་སོང༌། ངེད་ཀྱི་རྟག་བརྟན་ལ་སྐབས་སྐབས་སུ་བལྟ་བ་ལ་ཡང་འགྲོ་དགོས་པ་དང༌། གཡས་གཡོན་གྱི་རི་རྩེ་ས་གནད་ཆེ་ས་རྣམས་སུ་ཟླ་ཕྱེད་ཟླ་ཕྱེད་ལ་གཏོར་མ་གཏོང་བར་ཕྱིན། གཞན་དཔྱིད་ལ་དབྱར་བཏགས་ཏེ་ཕལ་ཆེར་སྐྱིད་ཕུག་ཏུ་མཚམས་བསྡམས་ཏེ་བསྡད། ཟླ་བ་བཞི་པའི་གནམ་གང་ལ་ཉི་མ་གཟའ་འཛིན་ཞིག་བྱུང་སྐབས། ད་ལྟའི་འབྲས་སྤུངས་ཀྱི་ཐད་ཀྱི་བྲག་རྩེ་འདི་ནས་གཏོར་མ་ཆེན་པོ་ཞིག་བཏང་བས། ཆོས་སྐྱོང་གི་རྣམ་འཕྲུལ་མི་མང་པོ་དང་བྱ་རོག་ཆེས་ཆེ་བ་མང་པོ་ངེད་རྣམས་ཡར་ལུང་དང༌། ཆུ་སྒོ་གཞུང་ན་ལས་ཀ་ཆེན་པོ་མང་པོ་སྒྲུབ་རྒྱུ་ཡོད་ཟེར་ནས། ཤར་ཕྱོགས་ཀྱི་ནམ་མཁའ་ལ་ཡོལ་གྱིས་སོང༌། ཕྱིས་དེ་ངོར་དང་རས་ཆུང་ཕུག་པ་ལྟ་བར་འདུག འདི་ལོ་བྱང་ངམ་རིང་དུ་ནི་ཞབས་དྲུང་རང་གི་བཀའ་བཀོད་བསྒྱུར་བ་ལ། ཆུ་འོག་པ་སོགས་ཆོས་སྡེ་འགས་ད་ནས་རྗེ་ཀུན་དགའ་གྲོལ་མཆོག་གི་བསྟོད་པའི་རིགས་རྣམས་ཚོགས་སུ་མ་འདོན་ཞིག་ཅེས་དྲིལ་སྒྲོག་པར་མཛད་གདའོ། སེང་སེང་ལ་གསང་འདུས་འཕགས་སྐོར་གྱི་སྒྲུབ་དཀྱིལ་དང་འཁོར་ལོ་བདེ་མཆོག་ལུ་དྲིལ་ནག་གསུམ་གྱི་སྒྲུབ་
དཀྱིལ་རྣམས་བརྩམས། དེ་ཡང་འཕགས་སྐོར་འདི་ལ་སྔར་ཆོག་རྒྱས་པ་གཙོ་བོར་སྟོན་པའི་ཡིག་ཆ་ཁོ་ན་མང་བར་འདུག་པ་ལས་འདིར་དོན་ཚང་ཞིང་འཁྱེར་བདེ་བར་བྱས། ལཱུ་ཧི་པའི་སྒྲུབ་ཐབས་ལ་རྒྱ་བོད་གཉིས་ཆར་དུ་རྩ་རྐྱང་གི་ལུགས་དང་འགྲེལ་བའི་ལུགས་ཞེས་སོ་སོར་གྲགས་ཤིང༌། རྩ་རྐྱང་ལ་ཡང་ཁ་སྐོང་ཅན་གྱི་ལུགས་དང༌། ཁ་སྐོང་མེད་པ་གཉིས་ཡོད། ཁ་སྐོང་མེད་པའི་སྲོལ་འཛིན་པ་ཉུང༌། ཁ་སྐོང་ཅན་ལའང་མི་འདྲ་བ་ཤིན་ཏུ་མང་བར་འདུག འགྲེལ་པའི་ལུགས་འདི་ལ་པྲཛྙཱ་རཀྵི་ཏའི་ལུགས་སུ་གྲགས། གྲགས་པ་དེ་ལ་བརྟེན་ནས་འདི་ཚོགས་བཤད་ཡིན་པ་དང༌། འདི་ལ་མི་འཐད་པ་དང་མི་ལེགས་པ་ཡོད་ཚུལ་བྱེད་མཁན་བར་སྐབས་སུ་ཡང་ཅུང་ཟད་བྱུང་ཞིང༌། ཕྱིས་ངོར་པའི་སྲོལ་འཛིན་རྣམས་ཀྱིས་རྒྱ་ཆེར་སྒྲགས་སོ། །དེ་ནི་ཁུངས་མཆོད་པའི་ཐལ་སོང་ཆེན་པོ་ཡིན་ཏེ། པྲཛྙཱ་རཀྵི་ཏའི་ཆོས་བཞི་ཞེས་བྱ་བ་ནི། ཁོང་ཉིད་ཀྱིས་བརྩམས་པ་མ་ཡིན་ཏེ། གྲུབ་ཐོབ་ཆེན་པོ་ལྭ་བ་པས་མཛད་པའི་འགྲེལ་པ་ན། ཆབས་ཅིག་ཏུ་ཡོད་པ་དེ་པྲཛྙཱ་རཀྵི་ཏས་སྡེ་ཚན་བཞིར་བཅད་དེ་སོ་སོར་བྱས་པས་དེ་ལྟར་གྲགས་པ་ཙམ་མ་གཏོགས། ཚིག་དོན་ལ་ཕྲི་བསྣན་ཅུང་ཟད་ཀྱང་མེད་ན་པྲཛྙཱ་རཀྟི་ཏ་འགོག་པར་འདོད་པས། གྲུབ་པའི་དབང་ཕྱུག་ལྭ་བ་པ་ལ་སྡིག་སོགས་པར་ཟད་དོ། །དེ་བས་ན་ནཱ་རོ་པའི་མན་ངག་ཡིན་མིན་ལ་རག་མ་ལུས་ཀྱི། ནཱ་རོ་པ་བས་ཀྱང་ཆས་ཆེ་ཞིང༌། ཆེས་སྔ་རོལ་དུ་བྱོན་པར་ལཱུ་ཧི་པ་ཉིད་ཀྱི་རྗེས་མི་རིང་བ་ཁོ་ནར་བྱུང་བ་ལྭ་བ་པའི་ལུགས་འདི་ཉིད་ངོ་མཚར་ཆེ་བས་དེ་དང་མཐུན་པར་བྱས། དཀྱིལ་ཆོག་
ནི་དཱ་རི་ཀ་ཆུང་བའི་ལུགས་འདི་དང་བླ་མ་གོང་མ་རྣམས་ཀྱི་འདི་ཡང་མཐུན་པར་འདུག་པས་དེའི་ལུགས་དང༌། དྲིལ་བུ་ལས་དཀྱིལ་གྱི་དབང་ཆོག་ལ་ཡང༌། ཁ་བསྐོང་རྒྱས་བསྡུས་གཉིས་འདུག་པས། བསྡུས་པའི་ལུགས་འདི་ལེགས་པར་ཤེས་ནས་དེ་བཞིན་སྦྱར། ནག་པོ་ལུགས་ཀྱི་སྒྲུབ་ཐབས་ལ་ཡང་གཞུང་དང་མཐུན་པར་གཅོས་དགོས་པ་ཅུང་ཟད་སྣང་ལ། དཀྱིལ་འཁོར་གྱི་ཆོ་ག་ལ་སྔར་གཞུང་དོན་ཇི་ལྟ་བ་བཞིན་དུ་ལོངས་པ་ཆེད་མ་བྱུང་བར་སྣང་བས། གྲུབ་ཆེན་ནག་པོ་སྤྱོད་པའི་ དགོངས་པ ་ཇི་ལྟ་བ་བཞིན་དུ་གནས་པ་འདི་སྦྱར་རོ། །འདི་བྲིས་ཟིན་པའི་ནུབ་མོ་རྨི་ལམ་དུ། སྤང་ལྗོངས་ཉམས་དགའ་བ་མེ་ཏོག་དུ་མས་བརྒྱན་པ་ཅིག་ན་ཕར་ཕྱིན་པས། ཇི་ཞིག་ལྟར་ནས་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ་ཅིག་ཏུ་སླེབ། དེའི་དབུས་ན་ལྷ་ཁང་ཅིག་འདུག་པ་དེར་ཞུགས་དེ་ཕྱིན་པས། རྒྱ་གར་གྱི་ཨཱ་ཙཪྱ་མང་པོ་རེ་རེ་བཞིན་པུ་ཏི་འཛིངས་པ་རེ་ཐོགས་ནས་སྒྲིག་གིན་འདུག སོ་སོར་འགྲིག་ཙ་ན་པོ་ཏི་གཅིག་ཏུ་སོང༌། ཁ་ཕྱེ་ནས་བལྟས་པས་འཁོར་ལོ་སྡོམ་པའི་དབང་ཆོག་རྒྱས་པ་ཡིན་ཟེར་གཅིག་འདུག དེ་ནས་ཨ་ཙ་ར་དེ་རྣམས་ཀྱིས་མཎྜལ་ལྗང་ཁུ་ཆེན་པོ་ཞིག་བྱས། ཚེས་བཅུའི་ཆོ་ག་བྱེད་རྒྱུ་ཡིན་ཟེར་བུད་མེད་མང་པོས་ཚོགས་རྫས་ཁྱེར་ནས་བྱུང༌། ཁོང་རྣམས་ཆོ་ག་བྱེད་ཀྱི་འདུག མཎྜལ་གྱི་དཀྱིལ་དུ་འོད་སྔོན་པོ་ཁྱིལ་ལེ་བ་ཞིག་བྱུང༌། དེ་ལ་བརྟགས་པས་དེའི་དཀྱིལ་ན་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞལ་ཐམས་ཅད་ཤིན་ཏུ་ཁྲོ་ཉམས་ཆེ་ཞིང༌། ཡས་ཀྱི་མཆེ་བ་ཡས་ལ་
ལོག་པ། རལ་པའི་ཐོར་ཚུགས་དེ་རལ་པ་ཁམ་སེར། ཨ་ཙ་ར་འགའ་ཞིག་གི་རལ་ཅོག་ལྟར། སྒོར་སྒོར་པོ་ལ་རྡོ་རྗེའི་འཕྲེང་བ་རྒྱ་མདུད་རིས་སུ་བཅིངས་བ་གཅིག་འདུག སྐུ་དེ་ཇེ་ཆེ་ཇེ་ཆེར་སོང་ནས་མི་ཚད་ཙམ་དུ་སོང་བ་ལ་གཉིད་སད་དོ། །དེ་ལ་པོ་ཏི་འཛིངས་པ་བསྒྲིགས་པས་འགྲིག་པ་ནི། དཀྱིལ་ཆོག་གི་གོ་རིམ་སྔར་གྱི་བླ་མས་མཛད་པ་རྣམས་འཁྲུགས་ པ་ལ་འདིར་དགོངས ་དོན་དང་མཐུན་པར་འགྲིག་ཟེར་བའི་བརྡ་རུ་འདུག །སྤང་ལྗོངས་དང་དུར་ཁྲོད་དུ་ཕྱིན་པ་ནི། རི་བོ་ཚང་ཚིང་སྨན་ལྗོངས་དང༌། ཞེས་དཀྱིལ་འཁོར་འབྲི་བའི་གནས་བསྟན་པར་འདུག་པས། དབང་བསྐུར་གྱིས་ཤིག་པའི་བརྡ་དོན་ཡིན་པ་འདྲ་སྙམ་པ་ཤར། སྐབས་དེར་སྔ་སོར་གཉེར་བ་ཀུན་དགའ་བཀྲ་ཤིས་ལ་གཏམ་སྨྲས་པ་དེ་འཛམ་ཐང་དུ་སླེབ་འདུག་པས། འཛམ་ཐང་སྤྱི་ས་དང་བླ་མ་ཀ་བཞི་པའི་ཡི་གེ་འབྱོར་ཞིང༌། རེ་ཞིང་སྐུ་སྐྱེའི་གནས་ཚུལ་འདྲི་བར་བྱུང་བ་ཡིན། དེའི་དོན་སྤྱི་བབས་སྔར་བཞིན་དང༌། སྒོས་སུ་ཡང་ང་ནི་དགུང་ལོ་ཡང་བགྲེས་ཤིང་བོན་ལ་བག་ཆགས་བརྟས་པས། དེ་ཕྱོགས་སུ་ཕན་ཐོགས་རང་ཞིག་དཀའ་བའི་ཚུལ་བསྲིངས་ཀྱང༌། ངེད་ལ་འདོད་དོན་སྒྲུབ་རྒྱུ་ཅིག་ཡོང་ངམ་སྙམ་པའི་དོགས་པ་སྐྱེས་ནས་མི་ཉན་པ་སྣང། འདི་སྐབས་རྟག་བརྟན་གྱི་ལྕགས་རི་འཁོར་ཡུག་ཏུ་འབྲེལ་པ་ཐོག་སོ་དོ་ཙམ་དང༌། ཉེར་མཁོའི་ཁང་པ་གཉིས་གསུམ་དང་གཙོ་བོར་གཙུག་ལག་ཁང་ཆེན་མོའི་འོག་ཐོག་ཁེལ་བ་ཡིན། སྐབས་དེར་འདུ་ཁང་ཆེན་མོའི་ཀ་བ་འཛུགས་པའི་ཉིན། ངེད་རང་གཅིག་
པུ་སྐྱིད་ཕུག་ན་ཡོད་པའི་སྐབས། མི་ནག་པོ་འགའ་དང༌། གྱད་སྟོབས་པོ་ཆེ་ཡིན་ཟེར་བ་འགའ་རེ་དེ་རིང་ལས་ཀ་ཁག་ཆེ་བ་ཡོད། སང་ཉིན་གཏོར་མ་ཅིག་ཀྱང་སྟེར་དགོས་ཟེར་ནས་སོང༌། དགོངས་མོ་ཀུན་དགའ་དཔལ་བཟང་སོགས་ཁོང་ཚོ་སླེབ་བྱུང་བ་ལ། ཀ་བ་སློང་མཁན་མང་པོ་སོང་ཡོད་བྱས། ག་ཙམ་ཚུགས་དྲིས་དུས་སེང་གཡབས་ཀྱི་ཀ་བ་གཉིས་མ་ལགས་པའི། ཀ་བ་སུམ་ཅུ་སོ་བཞི་པོ་ཐམས་ཅད་ཚ་བཞེས་གྲོལ་ནས་ཉི་མ་ཕྱེད་ཟུར་ཡན་ལ་ཚུགས་འདུག ཧོར་ཟླ་དྲུག་པའི་ཚེས་བཅུ་གསུམ་གྱི་ཉིན་མོ་ཡིན། སང་གཏོར་མ་བཟང་པ་ཞིག་ཀྱང་བཏང༌། དེའི་ཕྱི་ཉིན་ཚེས་བཅོ་ལྔ་ལ་འདུ་ཁང་གི་གདུང་ཐམས་ཅད་སྔ་དྲོ་ནས་ཉི་ཕྱེད་ཡན་ལ་ཁེལ་ནས། མཐའི་ལྕམ་ཡུལ་འགའ་ཤས་ལ་རྒྱུག་ཀྱང་ཐོངས་པ་བྱུང༌། ཐོག་ལྷའི་ཚུལ་དུ་གྲྭ་པ་ཐམས་ཅད་བྱོན་པའི་མང་ཇ་གདན་བཞེས་སོགས་དགའ་སྟོན་དང༌། བཟོ་བོ་རྣམས་ལ་སྟོན་མོའི་སྐབས། རྨ་བྱ་ནས་སློབ་གཉེར་བ་སྔ་མ་རྣམས་ཀྱང་སླེབ་པ་སོགས་ལེགས་ལམ་དུ་བྱུང༌། སྒོ་ཁང་གི་གདུང་མདུན་མ་ཆེན་མོ་དེ་འགེལ་བའི་སྐབས། སྣེ་ཕྱོགས་གཅིག་མར་ལྷུངས་འདུག་ཀྱང༌། སྐྱོན་གང་ཡང་མ་བྱུང་ཞིང་དེ་འཕྲལ་མི་གཉིས་ཀྱིས་འཐེན་ཐུབ། འདི་སྐབས་ཐོ་རངས་སྔ་མོ་ནས་མི་སུ་ཡང་མ་ལངས་པ་ལ། རྡོ་རྩིག་པ་འདྲ་བའི་ཕྲོག་སྒྲ་ཆེན་པོ་དང༌། ཤིང་གཤོག་པ་ལྟ་བུའི་སྒྲ་སོགས་ཐམས་ཅད་ལས་ཀ་ལ་ལངས་འདུག་སྙམ་པ་ལ། བལྟ་བར་ཕྱིན་དུ་གང་ཡང་མི་མཐོང་
བ་དེ་འདྲ་ནུབ་གཅིག་ནུབ་གཉིས་མིན་པ་རྒྱུན་དུ་བྱུང༌། རྡོ་ཆེས་ཆེ་བ་མང་པོ་བྱིས་པ་བུ་མོ་ཆུང་ཆུང་འདྲས་སྐྱེལ་བ་དང༌། ཆོ་འཕྲུལ་ཆེ་བ་ལ་རྡོ་ཆེན་མོ་མི་གཉིས་གསུམ་གྱི་འདེགས་དགོས་ཡང་རྡོའི་སྤེའུ་མི་གཅིག་པ་དང་ལས་ཁུང་མི་གཅིག་པ་ཕན་ཚུན་དུ་བརྗེས་པ་ཡང་མང་དུ་བྱུང༌། ཐོག་མ་འགའ་རེ་ལ་བརྐུས་པ་ཡིན་ནམ་སྙམ་པའི་ཡིད་མི་ཆེས་བྱུང་ཡང༌། ཕྱིས་ཐམས་ཅད་ཀྱིས་ཆོ་འཕྲུལ་དུ་ངེས་ཤེས་རྙེད། ལྕགས་རིའི་རྒྱ་སྒོ་རྣམས་བཅུག་པ་ནས་གཟུང་སྟེ། ཕྱི་ནང་གི་རྟེན་འབྲེལ་ཞིག་ཡིན་པ་འདུག དེ་ལྟ་བུ་གསལ་བར་མ་བྱུང༌། དེ་སྐབས་གློ་བུར་དུ་སྦྲུལ་དཀར་པོ་གཉིས་ཤིག་ད་ལྟའི་ལྷོ་གླིང་གི་ཐང་འདིར་བྱུང་འདུག་པས། ལས་རྒྱབ་པ་གཅིག་གིས་ཆུ་རོང་དུ་བསྐྱལ་འདུག དེ་བཞག་ན་གླིང་ཁོང་དུ་ཆུ་གཅིག་རྡོལ་ཡོང་རྒྱུར་གདའ། དེ་ནས་སྟོན་སེར་ཁ་མཁའ་སྤྱོད་བདེ་ལྡན་དུ་མཚམས་ཞག་བདུན་ཙམ་ཞིག་བྱས། རྒྱབ་རི་སྔོན་འབོར་སྐྱོང་གི་རྩེ་མོར་གཏོར་མ་གཏོང་བ་ལ་ཕྱིན་དུས་ཡར་ལམ་ཁམས་ཤིན་ཏུ་མ་བདེ་བའི་ངང་ནས་སླེབ་ཙམ་བྱུང༌། ནང་པར་གཏོར་མ་བཏང་བས་ཤིན་ཏུ་བཟློགས་ཆེ་བའི་ལྟས་ཤར། རང་རེ་ལོ་བཅོ་ལྔ་པའི་དུས་ཀྱི་རྐང་ལག་གི་རྗེས་ཡིན་གྱུའི་ཁུངས་ས་ལ་སྦས་པ་ཞིག་ཡོད་པའང་ལས་བྱེད་ཚོས་ས་དྲུས་པས་ཐོན། བྲག་ལའང་རྗེས་ཡིན་སྙམ་པ་ཞིག་བྱུང་སྟེ་ཡ་མཚན་པ་དང་བར་ཆད་གང་ཡང་མིན་ལགས། དམ་ཆོས་གླིང་དུ་རིགས་ལྡན་ལྷ་ཁང་གི་ལོགས་བྲིས་རྣམས་ཀྱང་གྲུབ་ཅིང་དཀྱིལ་ཐང་དྲུག་བདུན་ཅིག་དང༌། གཞན་ཞིང་
ཁམས་མ་བདུན་ཙམ་བཞེངས་པ་ཡང་མཐར་ཕྱིན། དོན་གཉེར་འགའ་ཞིག་ལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་ཐན་ཐུན་བཤད། ཡི་དམ་དང་མཁའ་འགྲོ་ལ་གསོལ་བ་ཡང་ཡང་བཏབ་པས། གནང་བའི་མཚན་མ་བྱུང་ནས་དཔྱིད་ཀྱི་ཐིག་ལེའི་ཊཱི་ཀ་དེ་བརྩམས། རྟག་བརྟན་དུ་ཡང་སྟོན་དེ་གཙང་ཁང་གི་ཐོག་ཀྱང་ཁེལ་ཞིང༌། རུང་ཁང་གི་འོག་ཐོག་ཀྱང་ལེགས་པར་གྲུབ། ལྕགས་རི་ནང་གི་མཐའི་ཁང་པ་བཅུ་ལྷག་ཞིག་གི་འོག་ཐོག་ཁེལ་བ་དང༌། ལྕགས་རིའི་ཁ་གསོའི་ཡང་ཅི་རིགས་པ། ལྕོག་རྣམས་ལའང་མི་སྡོད་ཉན་པ་དང༌། འབྲས་སྤུང་གི་མ་ཁང་འདི་ཡང་རགས་རིམ་གྲུབ་པ་སོགས་མདོར་ན་ལས་བྱེད་པ་ཉུང་ཡང་གྲུབ་ཤིན་ཏུ་ཆེ་བ་ཞིག་བྱུང༌། འདི་ལོ་སྡེ་པ་གཞུང་ནས་འུ་ལག་བརྒྱ་སྐོར་རེ་ཟླ་བ་གསུམ་ཙམ་གྱི་བར་ལ་གནང༌། དེ་ནས་མི་རིང་བའི་དུས་ཞིག་ལ་དབང་མདོར་བསྟན་གྱི་འགྲེལ་ཆེན་འདི་ཕྱི་མཚམ་མེ་བའི་ཁོག་ནས་བརྩམས་པས་ཞག་པོ་དགུ་ལ་གྲུབ་བྱུང༌། སྔ་སོར་གནང་བཞུ་བའི་དོན་དུ་གསོལ་བ་བཏབ་པ་ལ་ཡང་ལྟས་བཟང་བ་ཅིག་བྱུང༌། དེས་ན་དེང་སང་མང་པོ་ཞིག ཁ་ཅིག་དཔེ་བྲིས་བཤུས་ཁ་ཅིག་བློ་བཟོ་ཙམ་གྱི་སྔགས་དོན་འཆད་པ་ལས་རང་གྲག་ཙམ་ཡིན་པར་གོ །དེ་རྗེས་ཁྲ་བོ་གླིང་གི་ནང་དེར་སྦྱིན་བསྲེག་ཆེ་བ་ཞིག་ཀྱང་ཕུལ། འདི་སྐབས་བསམ་འགྲུབ་རྩེ་ནས་འབོད་མི་གནང་དོན་ལ། ཀམ་ཚང་སྒང་པ་དམངས་འདི་སྤྱན་འདྲེན་ཞབས་ཏོག་རྒྱ་ཆེ་བ་མི་མཛད་པའི་ཐབས་མེད་པ་ལ་འཚུབ་འགྱུར་ཡང་ཆེ་བར་ཡོད་འདུག་པས་རྐྱེན་སེལ་གྱི་དབང་སོགས་ལ་འཕྲལ་དུ་ཡོང་དགོས་ཕེབ་བྱུང་བ་དེ་མཐུན་གྲྭ་པ་རྣམས་དང་
ལྷན་ཅིག་རྟག་བརྟན་དུ་ཕྱིན། ད་བཟོད་ལས་ཀ་མ་རན་པར་གྲྭ་པ་རྣམས་དེར་སྡོད་པར་བྱས། ངེད་ཀྱིས་རྟེན་འབྲེལ་དུ་ངེས་དོན་རྒྱ་མཚོའི་ལུང་གི་འགོ་ཚུགས་ཙམ་བྱས་ཡོངས་དུས། ལུང་ནག་རྫོང་ཞོལ་དུ་སྲོད་གདོང་ནག་ལ་སླེབ། ནང་སོ་ཐོག་གིས་གཞི་ལེན་བྱུང༌། དེ་ནས་བསམ་རྩེར་སླེབ་དུས་སྐུ་མཚམ་པ་ཙམ་གནང་འདུག སླེབ་ཉིན་ནས་གཟུང་སྟེ། རྐྱེན་སེལ་གྱི་དབང་རྗེས་གནང་རྣམ་གྲངས་མང་བ་འབུལ་བཞིན་པ་དང༌། ལོ་གསར་མདོར་བསྡུས་ཞིག་གནང་བའི་དུས་དང་ཐུག་པའི་དགའ་སྟོན་རྒྱ་ཆེ་བ་དང་གཞན་ཡང་སྐུ་རིམ་བགྱིས་པ་རྣམས་དམིགས་སུ་འགྲོ་ཞིང་ལེགས་པར་བྱུང༌། དེ་སྐབས་ཆོས་རྗེ་ཤངས་པ་ཤཱཀྱ་བསྟན་འཛིན་པའི་དྲུང་པཎ་ཆེན་ཤཱཀྱའི་མཚན་ཅན་གྱི་ཁྲི་ཐོག་ཏུ་མྱུར་དུ་འབྱོན་རྒྱུའི་ཐུགས་དགེས་པ་དང་སྤྲོ་བ་སགས་སགས་རང་དང་བཅས། དེ་མཐུན་གྱི་ཆོས་ཞུ་ཡང་ནོར་ལྷའི་རྗེས་གནང་མང་པོ་དགོས་གསུང་པ་ལྟར་བྱས། ཁོང་པ་དང་བྲག་དམར་མཁན་ཆེན་དང་སློབ་དཔོན་བཀྲ་ཤིས་ཕུན་ཚོགས་སོགས་དགེ་བཤེས་འགའ་ཤས་ལ། རྡོ་རྗེ་བདག་མེད་མའི་བྱིན་རླབས་བྱས་པས། དེ་ནུབ་ནས་ཞག་གསུམ་བཞི་ཞིག་ཤིན་ཏུ་ན་བའི་འཚུབ་ཏུ་མངོན་པར་བྱུང༌། ཚོགས་གཏོར་དང་བཤགས་པ་འདྲ་ཕུལ་བས་གྲགཁོང་རང་བླ་མ་སློབ་དཔོན་པ་དེ་རྣམས་ཐུགས་ནང་ཤིན་ཏུ་མ་དག་པར་འདུག་པས་ལན་ནམ། གང་ཡིན་ཆ་མི་འཚལ། གསེར་མདོག་ཅན་གྲྭ་ཚང་ཆེན་མོའི་སློབ་དཔོན་ཆོས་རྗེ་ཐོག་པ་བ་ལ་གཤེད་དམར་གྱི་ཆོས་འགའ་རེ་བཤད། ལི་མ་ལྷ་ཁང་རགས་རིམ་འགྲིག་པ་ལ་བགེགས་སྤྲོད་སོགས་ཀྱང་བསྒྲུབས། སྐུ་རིམ་པ་རྣམས་
འཚོགས་སའི་འདུ་ཁང་གསར་བཞེངས་ལ་རབ་གནས་བྱས། སྡེ་སྲིད་ལ་མནལ་ལྟས་འཚུབ་ཙམ་ཅིག་བྱུང་འདུག་པ། ཇི་ལྟར་ཡིན་རྟོགས་ཤིག་གསུང་བས། སྐུ་དོག་ཡོད་པའི་ལྟས་རང་ནི་མིན་པ་འདུག གཞན་གྱིས་ཆོ་འཕྲུལ་ལྟས་ངན་འདྲ་བསྒྲུབས་པའི་རྣམ་ཆར་འདུག་པས། དེ་མཐུན་གྱི་སྐུ་རིམ་ཕུལ། དེ་རྗེས་འབོད་མི་བྱུང་བ་ལྟར། ངེད་ཀྱིས་ཚོང་འདུས་སུ་ཞག་གསུམ་པ་ཞིག་བསྡད། ལ་རྒན་རྒྱུད་འདོལ་བྱུང་དུ་ཕྱིན་ཞག་ཤས་བསྡད། རྐྱེན་སེལ་གྱི་ཆོས་བཀའ་འདྲ་བྱས། ཕྱོགས་དེ་སྔར་ལུགས་ཀྱི་འཛོམ་ཆ་ཆེན་པོ་བག་དྲོ་བ་དེ་ནི་མི་གདའ། སྐུ་སྐྱེ་བཅུ་བཞིའི་ཞལ་ཐང་གསར་བཞེངས་བཟང་པོ་མཛད་འདུག་པ་ལ་རབ་གནས་རྒྱས་པ་བྱས་དེ་ནས་བསམ་སྡིངས་སུ་ཞག་པོ་གསུམ་པ་ཞིག་བསྡད་དེ། ཚུད་ལམ་རྒྱན་གོང་གི་ལྷ་མོ་དཔལ་ལྡན་མ་ལ་ཞུ་དོན་ཞིག་ཡོད་པས་མཇལ། མཆོད་གཏོར་བཟབ་མ་ཕུལ་ཚུར་ཡོངས་བས་སྔར་ཐབ་འཛིན་འོང་བའི་ཤུལ་དེ་ཀར་སྣར་ཐང་པས་ཐབ་འཛིན་ཞིག་བྱུང༌། དེར་མི་འཚོགས་ཆེ་ཞིང༌། གང་ནས་ཡོངས་ཆ་མེད་པའི་བུད་མེད་གཟི་བྱིན་ཆེ་བ་གོས་དཀར་པོ་གྱོན་པ་ཞིག་ཀྱང་བྱུང༌། མཐོང་ནི་ཐམས་ཅད་ཀྱིས་མཐོང་གིན་འདུག་སྟེ། གང་ཡིན་ངོ་ཤེས་པ་ནི་གཞན་མི་འདུག་གོ །བྱང་ཆེན་དུའང་ཞག་གསུམ་བསྡད། སྡེ་པ་བསྟན་རྒྱལ་དྲུང་དང༌། སྡེ་པ་ཀ་བཞིའི་དྲུང་གི་སྐུ་སྐྱེ་རིན་པོ་ཆེ་དང་བདག་ཅག་ལྷན་ཅིག་གནས་ཀྱི་ཀླུ་སྡིངས་དེར་ཞག་གཅིག་བསྡད། རྒྱ་གན་ནས་ཀྱི་ཡར་ལམ་རྫོང་ལ་འབོད་རྩིས་ཀྱི་བཞེད་ཡོད་པ་ལ། དེ་སྐབས་གྲབས་མ་གྲུབ་པར་
ཞོལ་གྱི་ཀླུ་སྡིངས་དེར་ཚ་བཞེས་ཅིག་བྱུང༌། སྔ་སོར་རྫོང་རྩེར་ཕྱིན་སྐབས་དང༌། ཁ་སིང་དེའི་མར་ལམ་གཉིས་ཀར་ལ་ཡང་འཚུབ་ཏུ་མངོན་དེས་ཤེས་པ་བྱུང་ཞིང༌། དེ་རེས་ནི་སྟོང་པ་ཉིད་ཀྱིས་ཟིལ་གྱིས་མནན་པས་ཅང་མ་བྱུང༌། འདི་སྐབས་གོང་དཀར་དུ་རྗེ་ངག་དབང་བཟང་པོ་གཤེགས་པའི་ཞེ་དགུའི་སྒང་གི་རླུང་འཚུབ་ཆེན་མོའི་རིང་ཡིན། ངེད་དང་ཆོས་འབྲེལ་ནི་མེད་ཞལ་འདྲིས་ཀྱང་ཆེན་པོ་མེད་དེ། བཀའ་རྒྱུད་པ་འདི་བ་མཛད་སྒོ་ལེགས་པས། ངེད་ལའང་ཐུགས་དམ་གསལ་འདེབས་ཕྲན་བུ་བསྐྱལ་བྱུང༌། ས་སྐྱ་པའི་ཞལ་ངོ་འདི་རྣམས་རང་གིས་རང་ལ་ཀ་བསྔོ་རྟེན་འབུལ་བ་མ་གཏོགས་མི་མཛད་པའི་སྲོལ་ཅིག་གདའོ། །དེ་རྗེས་འགྱངས་ཆེན་མེད་པར་རྗེ་འཇམ་གྲགས་པ་ཞུ་བའི་འབྲུག་པའི་དབུ་ཆེ་ཞིག་ཡོང་འདུག་པའང༌། གཟའ་གདོང་ཐུག་གི་རྣམ་པས་ཐེགས་འདུག་པའི་གསལ་འདེབས་བསྔོ་རྟེན་ཡང་བྱུང༌། ཁོང་དེ་གཉིས་ཀར་གྲོངས་པའི་རྒྱུ་རྐྱེན་དེ་མགར་བ་རང་གི་མཚོན་ཆས་བསད་པའི་དཔེ་ལྟར་རྒྱུ་རྐྱེན་གཅིག་པ་ཅིག་ཡིན་པར་འདུག་སྟེ། སློབ་བརྒྱུད་ཚོས་གོ་ནི་ད་དུང་མ་གོ་བར་གདའ། སྔ་སོར་དབྱར་དུས་དེ། དར་ལུང་ཕྱོགས་སུ་ཀླུ་གཏོར་མང་དུ་བཏང་བ་དང༌། སྦྲུལ་ཕྱིར་བསྐྱལ་བ་དེའི་རྟེན་འབྲེལ་གྱིས། ད་ལྟའི་སྒྲུབ་ཆུ་ཆུ་མིག་ཆེན་པོ་འདི། སྐབས་འདི་ཙམ་བརྡོལ་བ་ཡིན། དེ་ནས་རྒྱལ་གྱི་ཟླ་བའི་ཚེས་བཅུ་བཞི་ལ་ཇོ་ནང་གི་དགུན་ཁྲིད་ཀྱང་ཚུགས་པར་བྱས། རང་རེའི་སློབ་རིགས་གསང་ཕུར་པ་སྨད་པའི་སློབ་དཔོན་རྒྱལ་མཚན་འོད་ཟེར་བ་ཡང་སློང་མོ་ལ་སྐབས་འདིར་བྱུང༌། སྨོན་ཐང་མཁན་ཆེན་པས་སེ་རིབ་ཀྱི་གྲྭ་རྒྱུན་ལྔ་བ་ཞིག་རྫོང་བར་མཛད་
པ་སྐབས་འདིར་སླེབ། མཆོག་དབང་གོང་མའི་སྔ་དྲོ་སྣར་ཐང་ནས་ལྕམ་དྲུང་ཡང་འཁྲིད་ལ་འབྱོར་བ་ཡིན། དམ་པོ་གྲོལ་ནས་སྐྲ་བཅད་མཛད། དམ་པོ་མ་ཐེབས་ཀྱི་རིང་ཁྲིད་ཀྱི་སྔོན་འགྲོའི་སྐབས་ལ་རྟག་བརྟན་དང་ཇོ་ནང་གཉིས་སུ་མཚན་བསྡོད་རེ་མོས་བྱས། གཅིག་ཏུ་སྔ་ཆོས་གྲོལ་ནས་གཅིག་ཏུ་ དགོངས་ཆོས་འཛུགས་པར་སོགས། ཉིན་རེ་བཞིན་གཉིས་ཀར་དུ་ཆོས་ཐུན་མ་ཆག་པ ་ལྕོགས་ཤིང་ཟོར་ཡང་བ་ཞིག་བྱུང༌། འདིའི་སྒང་དང་ནག་ཉ་ཡན་ལ་གྲྭ་པ་རྣམས་ལ་སྙིང་པོའི་མདོ་ལྔའི་བཤད་པ་དང༌། དབང་མདོར་བསྟན་གྱི་བཤད་པ་ཡོངས་རྫོགས་སོང༌། འཁྲིད་གཏོར་སྐབས། ཡར་རྒྱབ་ནས་ལྕམ་དྲུང་ཡང་ཕེབས་ཤིང་དེ་རྗེས་མི་རིང་བ་ན་ཆོས་སྒོར་ཞུགས། ཁྲིད་གཏོར་གྲོལ་བའི་ཉིན་མོ་རང་སྡེ་སྲིད་ཀྱི་བཀའ་བཀོད་དང་བསྟུན་ནས། ཆོས་སྡེ་བྲག་དམར་བའི་གྲྭ་རྒྱུན་ཉི་ཤུ་རྩ་བགྲང་པ་ཞིག་འབྱོར། སླར་ཡང་ཟླ་བ་གཉིས་པ་དང་གསུམ་པའི་མཚམས་ནས། རྟག་བརྟན་གྱིས་ལས་ཀ་བཙུགས་ཤིང༌། གྲྭ་པ་རྣམས་རི་ཁྲོད་ཆེན་པོར་ཆོས་བར་ལ་བྱོན། ནག་ཉ་གྲོལ་ནས་རང་རེས་བསྒྲིགས་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་སྟེང་ནས། དབང་རྗེས་གནང་བྱིན་རླབས་ཀྱི་བཀའ་རྣམས་བཙུགས། སོ་སོའི་ལག་ལེན་མ་འཆུགས་པར་བྱེད་དགོས་པས་ཟླ་བ་གཉིས་ཙམ་ཐོགས། ཞག་པོ་བཅུ་བཅུ་ལ་ཤིང་བུ་ལེན་པ་སོགས་བར་སེང་ཉི་མ་རེ་རེ་དགོས་པར་བྱུང༌། ལུང་ནི་ཡོངས་སུ་རྫོགས་པ་རང་བཀླགས་ཆོས་སྐྱོང་གི་སྐོར་རྣམས་མ་གཏོགས། བྱིན་རླབས་རྗེས་གནང་གི་བཀའ་ཐམས་ཅད་སོང་ཞིང༌། ཆོས་སྐྱོང་སྐོར་ནས་
ཀྱང་བདུན་བརྒྱད་གཅིག་གི་བཀའ་བྱས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སྒྲུབ་སྡེ་རྣམས་ལ་ཡང་བྱས་ཤིང༌། དེ་སྐབས་རྟེན་འབྲེལ་ཅི་ཡིན་རུང༌། རྡོ་རྗེ་ཕག་མོའི་རིགས་དང༌། ཀུ་རུ་ཀུལླེ་དམར་ཆུང་སྐོར་གསུམ་སོགས་མཁའ་འགྲོ་མའི་ཆོས་སྐོར་གྱི་སྐབས་ཐམས་ཅད་དུ་ལག་པ་ལ་ཤུ་བའི་རྣམ་པ་འབྱུང་བ་སོགས་ཅུང་ཟད་འཚུབ་པའི་ལྟས་བྱུང༌། ཁྲོ་བོ་ཆོས་སྐྱོང་སོགས་གང་ལ་ཡང་འཚུབ་ཆ་མེད་དེ་གྲོལ་ནས་ཚོགས་ཆེན་ལ་གཤེད་དམར་ལྷ་ལྔ་དང༌། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་དང༌། རང་རེས་གསར་དུ་བསྒྲིགས་པའི་ཡི་གེའི་སྟེང་ནས། དཔལ་འཁོར་ལོ་སྡོམ་པ་སློབ་དཔོན་ཆེན་པོ་ཀཧྣ་པ་སྐྱོད་འཆང་དབང་པོའི་ལུགས་ཀྱི་དབང་བསྐུར་བ་དེ་ལེགས་པར་བསྒྲུབས་ཤིང༌། སློབ་མས་ཤོམ་མཁན་མི་འདུག་སྟེ། རང་གི་ལག་ནས་བཏོན་པའི་མཆོད་པ་གཏོར་མ་ཚོགས་སོགས་རྒྱ་བལ་གྱི་ལུགས་བཞིན་དུ་བཟབ་རྒྱས་རང་བྱས། སྒྲུབ་པ་མོ་གྲགས་པ་རྣམས་ཀྱི་ཀྱང་ཆོ་ག་འཛུགས་པའི་དོན་ལ། ཐོག་ཅིག་ལ་དབང་བསྐུར་བྱས། སྐབས་ཤིག་འདོམས་པའི་རི་རྩེར་གཏོར་མ་གཏོང་ཐེངས་གཅིག་ལ། རྡོ་སྔོན་མ་ཕྱོགས་ནས་ཆུ་གླང་ཞིག་ཚུར་ལ་བྱུང་ཆུར་ཞུགས་པ་དང༌། ལན་རྟིང་མ་གཅིག་ལ་སྨོན་སྐྱིད་ཀྱི་ལྟག་ཙམ་འདིར། ཉ་ཤིན་ཏུ་ཆེ་བ་འདོམ་བཅུ་ཙམ་ཡོད་པ་ཞིག་བྱང་ནས་ལྷོར་བཅད་པའང༌། ངེད་དང་ཀུན་དགའ་དཔལ་བཟང་གཉིས་ཀར་གྱིས་མཐོང༌། ཕྱོགས་གཞན་གྱི་ཀླུ་འགའ་ཞིག་འདིར་འོངས་པའི་རྟགས་སུ་ནི་གདའ། དེ་རྗེས་སྐུ་འབུམ་གྱི་ཆོས་ཁྲི་ཆེན་པོའི་སྟེང་ནས། སྐྱེས་བུ་གསུམ་གྱི་ལམ་
རིམ་རྒྱས་པ་ཞིག་དང༌། བདེ་བ་ཅན་གྱི་ཞིང་བཀོད་དང༌། མངོན་དགའི་ཞིང་བཀོད་གྱི་མདོ་གཉིས་རྒྱབ་རྟེན་དུ་བཤད་ཅིང༌། ལམ་རིམ་གྱི་གྲུབ་འབྲས་བྱངས་ལུགས་ཀྱི་སེམས་བསྐྱེད་ཆེན་པོ་དེ་མཛད་པ་སྔ་སྲོལ་དུ་འདུག་པ་བཞིན་བྱས། འདི་སྐབས་ལྷ་འདོངས་པའི་ཆོས་རྗེ་བགྲེས་པ་ཁོང་རའི་ཡུམ་གྱིས་བསྔོ་ཞུས་ལ་ཁོར་ཙམ་བྱུང༌། དབྱར་སྨད་ཆོས་རྗེ་ཕྱྭ་བཀའ་བཅུ་པ་དང༌། བླ་མ་དམ་པ་ཡེ་ཤེས་དབང་པོའི་ཉེ་གནས་རིག་དཔལ་བ་གཞན་འགའ་རེ་དང་བཅས་པ་ལ་བློ་སྦྱོང་ཆ་ཚང་ཞིག་བཤད། དེ་དག་དང་གྲྭ་པ་བསྙེན་རྫོགས་པ་རྣམས་ལ། སོ་སོ་ཐར་པའི་མདོའི་བཤད་པ་ཡོངས་སུ་རྫོགས་པར་གྲུབ། ཆོས་རྗེ་ཕྱྭ་ པ་སོགས་འགའ་ཤས་ལ། གྲུབ་ཆེན་ཞི་བ་སྦས་པའི་བཞེད་དགོངས ་དགྱེས་རྡོར་ཉེ་རྒྱུད་ལུགས་ཀྱི་དབང་བཀའ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་བསྒྲུབས། ལག་ལེན་ཕྲ་མོ་ཚུན་ཆོད་རྒྱ་གར་བའི་ལུགས་བཞིན་བྱས་པ། གློ་བུར་དུ་ཆར་འབབས་པས་དཀྱིལ་འཁོར་གྱི་སྟེང་དུ་ཆུ་འབབ་པ་སོགས་བྱུང་ཡང༌། དམིགས་པ་བརྟད་པས་ཆུ་དེ་ཡུད་ཙམ་ཐུབ། དེ་འཕྲལ་སྣོད་བཟེད་པས་དཀྱིལ་འཁོར་ལ་གནོད་མ་ཐུབ། འདི་སྐབས་ཀ་བཞིའི་དབོན་པོ་རྣམས་ཀྱི་ཨུ་ཚུགས་ཆེན་པོས་བསྐུལ་བས། བླ་མ་ཀུན་དགའ་བཟང་ལྡན་དཔོན་སློབ་རྣམས་ཁམས་ཕྱོགས་འགྲོ་དོན་ལ་བརྫངས་པ་ཡིན། དེ་ནས་བཙས་མ་རན་པ་ཙམ་ལ། འཁྱོག་པོའི་མཁའ་སྤྱོད་བདེ་ལྡན་དུ་ཕྱིན། སེང་ཅིག་ལ་རྒྱབ་
རི་སྔོན་པོར་སྐྱོང་གི་རྩེ་མོར་ཞག་གཅིག་བསྡད། གཏོར་མ་རྒྱ་ཆེར་བཏང༌། རང་གཞན་ལ་ཕན་པ་རྒྱ་ཆེན་པོ་འགྲུབ་པའི་ལྟས་ཞིག་ཀྱང་བྱུང༌། བྱང་སྟག་ལུང་དུ་ཞབས་དྲུང་མ་ཆེན་ངག་དབང་རྣམ་པར་རྒྱལ་བའི་ཞལ་སྔ་ནས་ཀུན་སྤང་གནང་བ་དང༌། ཞབས་དྲུང་དཔོན་རིན་པོ་ཆེ་ཁྲི་ཐོག་ཏུ་ཕེབས་པ་ལ་ཞལ་དཀར་ཇ་ཞུས་བཟབ་པར་ཕུལ། དེ་ཀ་མ་གཏོགས་མཚམས་བསྡམས་ནས་བསྡད་དེ། ཞག་པོ་ཉི་ཤུ་རྩ་ལྔ་ཙམ་སོང༌། ལོ་འདི་ལ་དུས་འཁོར་སྒྲུབ་དཀྱིལ་སོགས་རང་རེས་བསྒྲིགས་པའི་ཡིག་སྣ་འགའ་ཤས། མངའ་རིས་རྫོངས་དཀར་དུ་སྤར་རྐོ་བ་ཞུ་བ་དང༌། གོང་མ་ལ་ཇ་ཞུས་པ་ཟབ་རྒྱས་འབུལ་བ་དང༌། སྤར་གྱི་དོ་དམ་ལ་དཀོན་མཆོག་ལེགས་འཛིན་པ་བརྫངས་པ། སྐབས་འདིར་འཁོར་བྱུང་ཞིང༌། དེ་ཚོའི་ལྟ་རྟོག་སོགས་ལ་མཚམས་གྲོལ་ཏེ། དམ་ཆོས་གླིང་རང་དུ་ཡོངས། འདི་སྐབས་གཅུང་རི་བོ་ཆེ་པའི་དཔོན་དྲུང་བྱུང་ནས་རི་བོ་ཆེ་རྩེ་བ་རྣམས་ངེད་ལ་བློ་བཏོད་ཀྱི་ཚུལ་ཡང་ཞུས་ཤིང༌། སྡེ་སྲིད་དུ་ཕྱག་དམ་ཞུ་དགོས་ཚོ་ཡང་ཞུ་རིགས་བྱས་ཤིང་བྱུང་བའང་ཡིན། སྐབས་མཚམས་ཅིག་ལ། སྐྱིད་ཕུག་ཏུ་མཚམས་དམ་པ་ཞིག་བྱས། ད་ལོ་རྟག་བརྟན་དུ་གཙང་ཁང་འདུ་ཁང་རྣམས་ཀྱི་སྟེང་ཐོག་ཁེལ་
དཔལ་ཆེན་ལྷ་ཁང་ཡང་རགས་པ་འགྲུབ། ལྷ་ཁང་གཞན་ཕལ་ཆེར་གྱི་རྨངས་ཙམ་བཏིང༌། ལྕགས་རིའི་ཁ་གསོ་ཡོངས་རྫོགས། ལྕོག་རྣམས་དང་བཅས་པ་པོ་ཏ་ལའི་ཐོག་འོག་མ་གཉིས་དང༌། སྟེང་ཐོག་ཀྱང་སྤྱི་སྐྱ་རགས་པ་གྲུབ། ལྷོའི་ཕྱོགས་ཀྱིས་མཚམས་གཅོད་པའི་ལྕགས་རི་བཏགས་སོ་ཐམས་ཅད་དང༌། དཔལ་རི་དང་སཽ་རཥྟར་མིང་བཏགས་པའི་སྒོ་སྤེའུ་འདི་རྣམས་རགས་རིམ་དང༌། ལྷོ་གླིང་གི་སྤྱིལ་པོ་འདི་རྣམས་འོག་ཐོག་ཕལ་ཆེར་གྲུབ། གཞན་ཡང་སྔར་གྱི་འཕྲོས་ལ་མང་པོ་གྲུབ་སྟེ། ལོ་འདི་ལ་སྡེ་པ་གཞུང་ནས་ཀྱང་འུག་ལག་ལོ་སྔ་མ་ལས་མང་ངེས་ཤེས་པ་ཞིག་ཟླ་བ་ཕྱེད་དང་ལྔ་ཙམ་ཞིག་བྱུང༌། སྟོན་གཞུག་ནས་གྲྭ་པ་ཐམས་ཅད་ཀྱང་རྟག་བརྟན་ཉིད་དུ་བྱོན་ཏེ། ཐོག་མའི་རྟེན་འབྲེལ་ལ་འདུ་ཁང་སྟེང་གི་འཁོར་གཡབས་འདིར། སྔ་དྲོའི་དུས་སུ་མདོ་སྡེ་སྐལ་བཟང་གི་ལུང་ཡང་ཀླགས་ཤིང༌། ཀུན་མཁྱེན་ཆེན་པོའི་གསུང་བདེན་གཉིས་རྣམ་པར་དབྱེ་བའི་བཤད་པ་དང༌། ཐུགས་རྗེ་ཆེན་པོའི་སྨར་འཁྲིད་ཡིག་རྙིང་གི་ལུང་དང་བཅས་པ་སོགས་ཆོས་སྣ་སད་སུད་རྣམ་གྲངས་མང་བ་རང་བཤད། འཁོར་གཡབས་ཀྱི་མིང་བཀོད་པ་མཐའ་ཡས་སུ་བཏགས། སྡེ་པ་སྣར་ཐང་པ་ཡང་གཤེགས་པའི་འདི་སྐབས་བསྔོ་ཞུས་ལ་མགོན་པོ་གྲི་གུག་གི་གསེར་སྐུ་སོགས་བྱུང་བ་རྟེན་འབྲེལ་ལེགས་པར་གོ །དེ་རྗེས་རི་བོ་ཆེ་ནས། རྒྱ་དཔེ་པོ་ཏི་བཅུ་ཙམ་སོགས་དཔེ་ཆ་འགའ་ཤས་འབྱོར་བྱུང་བ། དུས་འཁོར་འགྲེལ་ཆེན་ཡར་ཀླུང་ལོ་ཙཱ་བའི་ཕྱག་དཔེ་ངོས་མ་ཉིས་པོད་ཞིག་འདུག་པའི་རྒྱུད་ཀྱི་དཔེ་དེ་དབུས་
ཕྱོགས་ནས་ངེད་ཀྱི་ལག་ཏུ་སྔ་མོ་ཞིག་ནས་འབྱོར་བ་ཡིན། འགྲེལ་པ་དེ་ཁའི་གྲས་དེ་འདི་སྐབས་འབྱོར་པ། ཡིད་ལ་ཡ་མཚན་སྐྱེས་ཤིང་རེ་མང་ཀློགས་པས། ཟུང་སྦྱོར་ལ་ཡང་བློ་སྐྱེད་རེ་ཀ་ཐོན་བྱུང༌། དབང་མདོར་བསྟན་གྱི་འགྲེལ་པ་དོན་དམ་བསྡུས་པ་དང༌། ཀྱཻ་རྡོ་རྗེའི་འགྲེལ་པ་རྡོ་རྗེའི་ཚིག་བསྡུས་གཉིས་ཀའི་རྒྱ་དཔེ་འདུག་སྟེ། སྔ་མ་ལ་མཛད་བྱང་ནཱ་རོ་པའི་མཚན་འབྱར་བ་དེ་ཀ་འདུག ཕྱི་མ་ལ་སྔར་བོད་དུ་འགྱུར་བ་ན། ཁ་ཆེའི་ཡུལ་དུ་སྐྱེས་པ་ཡི། །དགེ་སློང་སྙན་གྲགས་བཟང་པོས་བྱས། །ཟེར་བ་འདུག་ཀྱང་རྒྱ་དཔེ་འདི་ན་སྙན་གྲགས་བཟང་པོའི་སྐད་དོད་ལ་ཡ་ཤོ་བྷ་དྲ་ཞེས་པ་མེད་པར། བྱང་ཆུབ་བཟང་པོའི་སྐད་དོད་བོ་དྷི་བྷ་དྲ་ཞེས་པ་སྣང་བས། ཁ་ཆེ་བྱང་ཆུབ་བཟང་པོའི་ཡིན་ཟེར་རྒྱུར་འདུག སྔར་དཔྱལ་ཆོས་བཟང་གིས་བསྒྱུར་བའི་དུས་ཀྱི་ཁ་ཆེ་པཎ་ཆེན་གྱི་རྒྱ་དཔེ་ལ་སྙན་གྲགས་བཟང་པོས་མཛད་ཟེར་བ་ཡོད་པར་འདུག དེར་མ་ཟད་ཆག་ལོ་དང་དཱ་ན་ཤཱི་ལ་ཡང་ནཱ་རོས་མཛད་པར་བཞེད། དཔང་ལོས་འགྱུར་བཅོས་མཛད་པ་ལ་ཡང་དེ་བཞིན་དུ་འདུག་ཀྱང༌། རྒྱ་དཔེ་གཞན་ལས་བྱང་ཆུབ་བཟང་པོ་འདུག་པ་མངོན་སུམ་དུ་མཐོང༌། མཁས་པ་ཆེན་པོ་གཞན་རྣམས་ཐམས་ཅད་ནཱ་རོས་མཛད་པར་འདོད་ཀྱང༌། ས་སྐྱ་པཎྜི་ཏ་ནི་ནཱ་རོས་མ་མཛད་པར་བཞེད་སྐད་ལ། གོང་ལྟར་དཔྱད་གཞི་འབྱུང་བ་བདེན་པར་སྣང་ངོ༌། །དེ་ནས་མི་རིང་བར་རི་ཁྲོད་ཆེན་པོར་ལོ་དུས་ཀྱི་དགུན་ཁྲིད་བཙུགས་ཤིང༌། ཡུལ་ནས་ཨ་མ་ལགས་དང༌། དབོན་པོ་ཡང་ངཻད་འཕྲད་པར་འབྱོར་བྱོན། འདི་སྐབས་རྟག་བརྟན་དུ་ཡང་ཆོས་བཙུགས་ཤིང༌། གཉིས་ཀར་དུ་
ཆོས་ལ་ཡར་མར་དུ་བགྲོད་ཚུལ་རེ་མོས་བྱས། རི་ཁྲོད་དུ་རྒྱབ་ཆོས་ལ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལུང་བཀླགས། རྟག་བརྟན་དུ་ནི་འདི་སྐབས་ཐུན་མོང་གི་ཁྲིད་ཞེན་པ་བཞི་བྲལ། བློ་སྦྱོང་ཐུན་གཅིག་མ་དང༌། ཚིག་རྐང་བརྒྱ་དམ་སྙིང་པོ་དོན་གསུམ། སུམ་པ་ལོ་ཙཱ་བའི་བློ་སྦྱོང༌། སྐྱིད་སྡུག་ལམ་འཁྱེར་གྱི་འཁྲིད། སྒྲོལ་དཀར་གྱི་འཁྲིད། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་འཁྲིད། སེམས་ཉིད་ངལ་གསོའི་འཁྲིད། དེ་ཉིད་རྒྱ་གཞུང་འབྲེལ་བ་དང་བཅས་པའི་ལུང༌། ཐུན་མོང་མ་ཡིན་པ་ཀུ་རུ་ཀུལླེའི་ཁྲིད་སོགས་འཁྲིད་ཐུང་རྣམ་གྲངས་མང་བ་ཞིག་བཤད། འདི་རེས་དུས་འཁྲིད་ཀྱི་འཁྲིད་ལོ་ལེགས་པར་བྱུང༌། གཤེད་དམར་མངོན་རྟོགས་ཀྱི་བཤད་པ་ཡང་འདི་དུས་བརྩམས་ཏེ་ཉི་མ་གསུམ་ལ་གྲུབ་པ་ཡིན། སྣར་ཐར་ནས་དཔོན་ས་ཡུམ་སྲས་ཀྱང་ས་སྐྱར་བཞུགས་མ་ནུས་པར་སྐྲག་པས་འདི་ཕྱོགས་སུ་ཕེབས་བྱུང་ཞིང༌། སྡེ་པ་རྒྱལ་བུའི་དྲུང་ཡང་ཆོས་སྐོར་འཇུག་པ་མཛད། ཁྲིད་གྲོལ་མཚམས་སུ་ཡང་གཙང་ས་ནས་འབོད་མི་གནང་ཞིང༌། ལྔ་སོར་སྒར་ཆེན་བསམ་འགྲུབ་རྩེའི་རྫོང་ནང་ལ་སྤྱན་འདྲེན་གནང་བའི་དུས། སྤྱིར་གོང་འོག་ཐམས་ཅད་དུ་འཚུབ་ཆ་དང༌། དེ་ནས་གཟུང་ནས་རྗེས་སུ་ཡང་ཟླ་བ་གཉིས་ཙམ་ཅུང་ཟད་འཚུབ་པའི་ངང་དང༌། སྡེ་སྲིད་རང་སེར་མ་ལ་བརྟེན་པའི་སྐུ་ཁམས་ལན་ཅིག་ལོང་པོ་རང་ཡང་བྱུང༌། ཅུང་ཟད་ཟི་བ་ཡང་ཡང་ཡོང་བ་ཅིག་བྱུང་འདུག སྤྱིར་
ནི་མྱོང་བར་ངེས་པའི་ལས་ཀྱི་འབྲས་བུ་དང༌། བྱ་བ་བྱས་ཟིན། འབྲས་བུ་གྲུབ་ཟིན་དུ་ཐལ་བའི་རིགས་ལ་བཅོས་ཐེས་མེད། དེ་མིན་ཆགས་ཆེ་ཉམས་ང་ཐན་ཐུན་རྣམས་རིམ་གྲོ་ཆང་ཆུང་གིས་ཀྱང་བཟློག་ན་ཆེན་པོས་ལྟ་ཅི་སྨོས། དེས་ན་ཞིང་གི་མཆོག་བླ་མ། དེའི་ནང་ནས་ཀྱང་གཞན་སུ་དང་མི་འདྲ་བའི་ལུང་མེད་འདི་ལྟ་བུ་ལ། ཞབས་ཏོག་དང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ནི། གཞན་དགེ་འདུན་གྱི་སྡེ་ཀུན་དང༌། བླ་མ་དགེ་བཤེས་གཞན་ཀུན་ལ་ཚེ་གང་དུ་ཞབས་ཏོག་མཛད་རྒྱུའི་དངོས་པོ་ཙམ། འདིར་ཉིན་རེའམ་ཟླ་རེ་ལའང་གཏོང་དགོས་ན། སྐུ་དོག་ཆང་ཆུང་ཡང་བཟློག་མི་ཐུབ་པའི་ཁར། བར་ཆད་གསར་པ་སྐྱེས་ཡོང་བ་འདི་འདྲ་རང་ཡང་ཅི་ཡིན་སྙམ། ཡོང་བཏངས་ཀྱི་སྦྱབས་ལ་བློ་སྐྱོག་གེ་བ་ཞིག་ཞག་ཤས་བློ་ཡུལ་དུ་བྱུང༌། གང་ལྟར་འཕྲལ་མྱུར་དུ་འགྲོ་བ་ཤར། ལམ་སྟབས་བདེ་ཞིང་ས་གཙང་བའི་སྟབས་ཆུ་བྱང་བརྒྱུད་ནས་ཕྱིན། གཡག་པོ་རུ་བཞིར་སླེབ་དུས་རྩེ་ནས་ལོ་གསར་གྱི་སྐལ་པ་སྐྱེལ་མཁན་གནང་བ་ཡང་འབྱོར། རྩེར་སླེབ་འཕྲལ་ནས་གཟུང༌། ཐོག་མར་ཚེ་དབང་གྲུབ་རྒྱལ་མ་བརྒྱ་ཚར། ལྷ་དགུ་བརྒྱ་ཚར་སོགས་དབང་རྗེས་གནང་རྐྱེན་སེལ་གྱི་རིགས་རྣམས་གཙོ་བོར་ཕུལ། བགེགས་བསྐྲོད་དང་ཁྲུས་གསོལ་གྱི་རིགས་མང་དུ་བྱས་པས། ངེད་སླེབ་ནས་ཤིན་ཏུ་འཇམ་པར་བྱུང༌། རེ་ཞིག་གི་རྐྱེན་སེལ་དེ་ཙམ་གྱིས་ལྕོགས་པར་འདུག་ཡུན་རིང་རབ་སྡོད་དགོས་ཕྱིན། ཆོས་རྣམ་པར་དག་པ་དེ་སྙན་དུ་གསོལ་དགོས་སྙམ་ངེད་རའི་བློ་ལ་ཡང་བྱུང༌། སྡེ་སྲིད་རང་གི་ དགོངས་པ ་ལ་ཡང་དེ་ཁོ་ན་བཞིན་འདུག་པ་རྩེ་མཐུན་དུ་བྱུང་ནས། ཆོས་ཀྱི་རྩ་བ་སྐྱབས་འགྲོ་དང༌། སྐྱབས་འགྲོའི་རྩ་བ་དད་པ་ཡིན་
ཞིང༌། དད་པའི་རྩ་བ་སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་གོ་བ་ལ་རག་ལས་པས། སྟོན་པའི་རྣམ་ཐར་རྒྱས་པ་འདུལ་བ་ལས་འབྱུང་བ་རྣམས་ཀྱི་ནང་ནས། ལོ་རྒྱུས་སྡེ་ཚན་ཆེ་བ་རེ་ཙམ་གཉིས་ཙམ་རེ་ལ་ཆོས་ཐན་ཐུན་རེ་བྱས་པ་དང༌། འཇིག་རྟེན་བསྟན་བཞག་གི་གོ་བ་ཞིབ་ཅིང་གསལ་ལ་འགྲིལ་བ་རིམ་ཅན་དུ་ཕུལ་བའི་གོ་བ་ཡོངས་རྫོགས་དང༌། བཤེས་པའི་འཕྲིན་ཡིག་ལ་ཐུན་མོང་མ་ཡིན་པའི་ལེགས་བཤད་གསར་པ་དུ་མས་བརྒྱན་པའི་བཤད་ཚོམས་རྒྱ་ཆེ་བ་དང་བཅས་ཏེ་བཤད། བཤེས་འཕྲིན་དང་འཇིག་རྟེན་བསྟན་བཞག་གཉིས་ཀ་ལ་འཛིན་ཆོས་རྒྱས་པ་གནང་བའི་ཐུགས་རྩོལ་བླ་ན་མེད་པ་མཛད་ཟིན་བྲིས་ཡི་གེར་འགོད་པ་མཛད་པ་ཡང་ཤིན་ཏུ་དག་པ་གཞན་པས་ཆེས་ཕུན་སུམ་ཚོགས་པ་བྱུང༌། སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་འདི་ཚིག་འཛིན་སྤུས་གཙང་ཞིང༌། དོན་ལ་ཡང་གོ་བབས་ཤིན་ཏུ་བཟང་བའི་ཐུགས་རབ་ཁྱད་པར་ཅན་རང་ཡིན་པར་འདུག བཤེས་འཕྲིན་གྱི་བཤད་པ་འགོ་བཙུགས་པའི་ཉིན། རི་བོ་ཆེ་ནས་རྒྱ་དཔེ་པོད་ཆུང་ཞིག་བསྐུར་བྱུང་བ། དེའི་ནང་ན་བཤེས་འཕྲིན་ཡོངས་རྫོགས་ཀྱང་འདུག མགོ་ཞབས་ན་ཤླཽ་ཀ་རེ་རེ་ལྷག་པོ་ཞིག་ཀྱང་སྣང༌། འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡི། །ཞེས་སོགས་ཀྱི་བཤད་པའི་སྐབས་སུ། བཅུ་གཅིག་ཞལ་ལ་ཀླུ་སྒྲུབ་ཀྱི་སྐུ་མང་པོས་བསྐོར་བའི་ཐང་ག་སྟེར་མཁན་ཞིག་ཀྱང་བྱུང་བས། ཕྱི་ནང་གི་རྟེན་འབྲེལ་ངོ་མཚར་ཅན་དུ་ཡིད་ཆེས། སྔར་གྱི་འགྲེལ་པ་ཐམས་ཅད་ནི་བསྡུས་དོན་སྣ་ཟིང་སྤུ་ཟིང་ལས་ལམ་རིམ་རྐང་
ཚུགས་མི་འདུག་པ་ལ། བསྡུས་དོན་གྱི་རྐང་སྒྲིག་ཚུལ་ཁྱད་པར་ཅན་ཅིག་བློ་ལ་ཤར་བ་འདི། འཕགས་པ་ཉིད་ཀྱི་བྱིན་རླབས་ཡིན་ནོ་ཞེས་པའི་བརྡ་དོན་ཡིན་པར་མངོན་ནོ། །གཞུང་འདིའི་དོན་རྣམས་ཤིན་ཏུ་ཐུགས་ལ་འཕྲོད་པར་ཡང་བྱུང༌། འདི་སྐབས་སྡོད་ས་ལི་མ་ལྷ་ཁང་དང་ཐག་ཉེ་བས། ཕྱག་མཆོད་སྨོན་ལམ་ཡང་ཡང་ཐུབ་པས་ཤིན་ཏུ་དགའ་བར་བྱུང༌། ཆོས་བཟང་ཉི་མས་སེ་རིབ་ཀྱི་གྲྭ་རྒྱུན་གསར་པ་འདྲ་ཡང་ཁྲིད་ནས་སླེབ། ཁོང་ཚོ་ལ་མ་དཱ་ན་པུ་ར་ནས། ཙནྡྲ་ཤིང་རྒྱལ་པོས་དུང་བཟང་པོ་གཅིག་ངཻད་ལ་བསྐུར་གདའ། འདི་སྐབས་ཤིག་རྒྱ་གར་ཡུལ་གྱི་བི་མཱ་ན་འདྲ་བའི་གུར་ཞིག་འཚོ་བ་གནང་འདུག་པའི་རབ་གནས་དང་བསྟུན་གསེར་མདོག་ཅན་པའི་ཚོགས་པ་རྣམས་མཚན་བརྗོད་ལ་ཡོད་པ་ལ། ཆོས་འབྲེལ་རྗེས་གནང་གསུམ་པ་ཅིག་དང༌། མཁན་སློབ་རྣམས་ལ་ཀྱཻ་རྡོར་ནག་པོ་ལུགས་ཀྱི་དབང་ཅིག་བྱས། བྲག་དམར་མཁན་ཆེན་ལ་ཡང་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་ཅི་རིགས་པ་ཞིག་བཤད་སྐབས་ཤིག་ལ་ཡར་འབྲོག་བསམ་སྡིངས་ཀྱི་རྗེ་བཙུན་མ་ཨོ་མཚོ་པ་དཔོན་སློབ་རྣམས་ཀྱང་མངའ་རིས་གུང་ཐང་ཕྱོགས་ལ་ཐེགས་པའི་ཞོར་ལམ་སྡེ་པ་མཇལ་བར་ཕེབས། ཐལ་རླུང་ཆེན་པོས་རྒྱ་གླིང་ཆ་པ་སོགས། ཁོང་རང་དཔོན་སློབ་ཀྱི་འཕྲིན་ལས་ལ་བར་ཆད་ཀྱི་ལྟས་དུ་མ་མཐོང་སེལ་ཐབས་བྱས་ན་བར་ཆད་དེ་སེལ་བ་དཀའ་ལས་མི་འདུག་སྟེ། ཁོང་དཔོན་སློབ་ཚོ་རང་དགོས་དོན་མེད་པའི་འགྲན་ཟླའི་ཁུངས་རང་འདུག་པས། བཅོལ་གཏོགས་མེད་པ་དེ་བཞག་པ་རང་ལེགས་པ་འདུག
འབྲས་སྤུངས་ཐམས་ཅད་མཁྱེན་པའི་སྤྲུལ་པའི་སྐུ་ལ་ལྷ་སར་དར་འཛུགས་པའི་དུས་དེ་ལྟ་བུར་ངེད་ཀྱི་རྟེན་འབྲེལ་སྒྲིགས་ན། གང་སྤྱིར་ཕན་པའི་ཐབས་ཤིག་ཡོད་པ་ཡིན་ཏེ། ལྷོ་ཁ་ལ་ཐེགས་པས་སྟབས་མ་འགྲིགའདི་སྐབས་སྐུ་ཡལ་བའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་བཟབ་པར་བྱུང༌། སྐབས་དེར་འདར་གདོང་བདེ་གླིང་པ་གསུམ་ལ། བཀའ་བཀྱོན་དབྱིངས་ཆེ་བ་བྱུང་བ་ལ་ཡང༌། ཞུ་ངོ་གང་དྲག་རང་ཞུས་པས། མདར་དུ་མཁར་བཤིག་ཙམ་བྱས་པས་གཞན་བདེ་བར་བྱུང་བ་དང༌། གདོང་དགའ་ནས་ཀྱང་གསེར་མདོག་ཅན་དུ་བཞུགས་དགོས་ཙམ་ལས། རྫོང་གཞིས་ས་ཆ་གསར་གནང་རྣམས་ལ་སྐྱོན་མ་བྱུང་བ་དང༌། བདེ་གླིང་པ་ཡང་བདེ་བར་བསྡད་ཆོག་པ་བྱུང༌། སྔོན་མ་འདར་བའི་སྙིང་ཁུངས་ཀྱི་སྟེང་ནས་འབྲོག་རིགས་རྣམས་མ་བྱུང་བ་ལ་ཞུ་ངོ་བསྐྱར་ཆགས་ཞུས་ནས་སླར་གནང་བ་ཡིན། ལར་མི་འདི་རྣམས་ལ་ཕན་ཐོགས་བྱུང་ཚད་དེ་འཕྲལ་བརྗེད་འགྲོ་བར་འདུག ཡང་བརྗེད་པའི་འཕྲོ་ལ་མི་བདེ་བ་རེ་བྱུང་ན་ཁུ་ལོང་གཡབ་གདའ་ཡོ་རང་དགོས་པ་གཅིག་ཀྱང་གདའ། དེ་ནས་ཧོར་ཟླ་གསུམ་པའི་ཉེར་གསུམ་ལ་ཡར་བཏེག་ནས་འོངས། བཀྲ་ཤིས་ལྷུན་པོའི་མདུན་དེར་དྲུང་ཆེན་དང༌། ལྷུན་གྲུབ་སྒང་པས་ཇ་འདྲེན་ཞིག་བྱུང༌། ཡངས་པར་ཐབ་བསུའི་སར་འབྲུག་སྒྲ་ཤིན་ཏུ་ཆེ་བ་བསྟུད་མར་ཡོང་བ་དང༌། གངས་ཆར་ཆེན་པོས་ལུང་བ་དཀར་པོར་སོང་བ་ཞིག་བྱུང་སྟེ། ངེད་རང་ལ་ནི་རྟེན་འབྲེལ་ལེགས་པར་གོ །སྣར་ཐང་
དུ་ཆོས་སྡེའི་བསུ་བ་སེར་བསྒྲེངས་དང་བཅས་སླེབ། སྣར་ཐང་སྡེ་པའི་ཤུལ་གྱི་ཐང་ཀ་ཅི་རིགས་སྡེ་སྲིད་རང་གི་ཕྱག་ཏུ་གཞེས་པའི་ལྷག་མ་ཕལ་ཆེ་བ་རྣམས་དང༌། དཔེ་ཆ་རྣམས་ལས་ཇི་ལྟར་མཁོ་ཆེ་བ་རྣམས་རྟག་བརྟན་གྱི་ཆོས་སྡེ་གསར་འདིངས་ལ་མཁོ་ཆེ་བར་ཡོངས་འདུག་པས། ཁྱེར་ཐོང་གསུང་བའི་བཀའ་ལུང་ཡོད་པ་ལྟར། དེ་ཚོ་བལྟ་རྟོག་ལ་ཞག་པོ་གསུམ་བསྡད། རྒྱལ་རྩེ་མངོན་དགའ་ནས་ཡིན་པའི་རྒྱ་དཔེ་འགའ་རེ་ལག་ཏུ་འབྱོར། རྒྱ་དཔེ་འདི་ཚོ་དང་པོ་རང་ཐར་པ་ནས་སྤྱན་དྲངས་པར་འདུག འདིར་བྱུང་བའི་ཚེ་མདོའི་རྒྱ་དཔེ་གཅིག་ལ་གཟུགས་སྔགས་ཨོཾ་གཉིས་མ་ཁོ་ན་ཡིན་པར་འདུག ཨོཾ་གསུམ་མའི་རྒྱ་དཔེ་ཡང་སྔར་ནས་ངེད་ཀྱི་ལག་ན་ཡོད། དེས་ན་ངོར་ཆེན་གྱི་གསུང་བགྲོས་དཔལ་གྱི་རྒྱ་མཚན་པའི་ཟིན་བྲིས་སོགས་ཚེ་མདོའི་བཤད་པ་གསུམ་བཞི་གཅིག་ན། ཨོཾ་གཉིས་མ་མ་དག་ལོ་པཎ་ཡོན་ལ་མ་མགུ་བར་སྔགས་ཀྱི་གུང་ནས་བཅད་པ་ཡིན་ཟེར་བ་ཁོ་ན་འདུག་པ་ཡང༌། རྣ་གཏམ་རྒད་པོ་ལ་ཡིད་བརྟན་བཅས་པའི་ཅལ་ཅོལ་ཁོ་ནར་བས། རྒྱ་དཔེ་རང་ལ་ཨོཾ་གཉིས་མ་ཡོད་པས་སོ། །དེ་ནས་བྱང་ཆེན་དུ་ཡང་ཕྱིན། འདི་སྐབས་རྒྱལ་ཆེན་རྩེའི་ཕྱོགས་ཀྱི་ནང་ལ་བབས་ཏེ། ཕུག་མོ་ཆོས་རྫོང་གི་མདའ་བྱམས་གླིང་སོགས་དང༌། ཤབ་ཀྱི་མདའ་དང་རོག་ཚོ་སོགས་བརྒྱུད་པའི་གཙང་པོ་ལྷོ་ཁ་ཡིན་པ་ལའི་བྱང་ཁོ་ན་བརྒྱུད་ནས་ཡོངས། རྟག་བརྟན་དུ་ཧོར་ཟླ་བཞི་པའི་ཚེས་གསུམ་ལ་སླེབ། འདིའི་རེས་ལ་བྲེལ་པ་དེ་ཚོའི་སྟབས་ཀྱིས། ནག་པའི་ཉ་ལ་རང་རེས་མ་སླེབ་པ་
དང༌། རྟག་བརྟན་དུ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཚུགས་པའི་ཐོག་མ་ཡིན་པས། ཆོ་གའི་འགོ་ལ་རང་རེ་ཡོད་པ་རང་ཞིག་དགོས་པར་བྱུང་ནས། སྔ་གོང་རི་ཁྲོད་དུ་ནག་ཉ་ལན་གཉིས་སོང་བ་དེ་ཡིན་ཀྱང༌། རྟག་བརྟན་དུ་འཛུགས་པའི་ཐོག་མ་དེ་ས་ག་ལ་བྱུང་བ། དེ་ཕྱིན་ཆད་ཀྱང་ས་ག་ཉིད་ལ་བྱས་སོ། །འདི་སྐབས་སྒྲུབ་མཆོད་སྔར་འཁྱུད་ལྟར་ལས། གྲྭ་རིགས་དུས་འཁོར་གྱི་དབང་བསྐུར་མ་ཐོབ་པ་རེ་མང་འདུག་པ་རྣམས་ལ། དབང་བཅུ་གཅིག་པོ་ཡོངས་རྫོགས་ཞིག་བྱས། ཆོས་སྡེ་ནང་གི་བླ་མ་སློབ་དཔོན་དང་གྲྭ་རིགས་གལ་ཆེ་བ་གཉིས་གསུམ་དང༌། འཇག་པ་བླ་མ་དང༌། སློབ་དཔོན་བཀྲ་ཤིས་ཕུན་ཚོགས་དང་བཅས་པ་ཡོངས་དྲིལ་བཅོ་བརྒྱད་ལ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་དང༌། བདག་པོ་ཆེན་པོའི་དབང་ཡོངས་སུ་རྫོགས་པར་བསྒྲུབས། ཟླ་བ་དེ་ཀའི་ཉི་ཤུ་བདུན་ལ། ཆོས་སྡེ་རྣམས་ཆོས་ལུང་བྱང་རྩེར་ཆོས་བར་ལ་བྱོན། རྟག་བརྟན་གྱིས་ལས་ཀ་རྣམས་ཀྱང་ཚུགས། ངེད་ཀྱིས་རི་ཁྲོད་ཉིད་དུ་བསྡད། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་ལ་གསང་འདུས་སྐོར་གྱི་ཆོས་མང་པོ་དང༌། སྦྱོར་དྲུག་གསར་མའི་འཁྲིད་ལག་ལེན་བཤད་བཀའ་དང་བཅས་པ་སོགས་ཆོས་མང་རབ་བཤད་ཅིང༌། གང་བཤད་པ་དེ་རྣ་མཆོག་གི་གོང་ཁ་ལ་མ་སོང་བའི་ངེས་ཏིག་ཅན་ངག་སྒྲོས་རྣམས་ལ་ཡང་ཟིན་བྲིས་ཐེབས་པའི་བཤད་པ་ལ། རྗེས་ཡོད་པར་བྱུང༌། རྗེ་བུདྡྷ་ནཱ་ཐ་དེ་གྷོ་ར་ཊཾ་ཊ་ན་བཞུགས་ཀྱི་ཡོད་འདུག །གྲྭ་རིགས་ཛོ་གི་ཕོ་མོ་གཉིས་བོད་ལ་བྱུང༌། ལྷོ་ཕྱོགས་ཀྱི་དཔེ་ཆ་སྒྲོལ་མའི་རྒྱུད་འགྲེལ་ཅིག་བྱིན་བྱུང༌།
སློབ་དཔོན་བཀྲ་ཤིས་ཕུན་ཚོགས་པ་ཁམས་ལ་འབྱོན་པའི་འདོད་ཆོས་དབང་རྗེས་གནང་ཁྲིད་སོགས་རྣམ་གྲངས་མང་བ་ཉིན་རེ་བཞིན་དང༌། བདེན་མཆོག་རྩེ་པ་གཞི་གྲྭ་ཐམས་ཅད་དང་བཅས་པ་ལ་ཀུན་རིག་གི་དབང་ཞིག་ཀྱང་བྱས། འདི་སྐབས་རྒྱ་གར་ཡུལ་དབུས་ཝཱ་རཱ་ཎ་སཱི་ནས། བྲམ་ཟེ་པཎྜི་ཏ་ཀྲྀཥྞ་ཞེས་བྱ་བ་སྒྲ་སོགས་ཕྱི་རོལ་གྱི་རིགས་གནས་ལ་ཤིན་ཏུ་བྱང་བ། བྱེ་བྲག་པ་དང༌། རིག་པ་ཅན་པ་དང༌། རིག་བྱེད་མཐའ་པའི་གཞུང་གསུམ་ལ་ཤིན་ཏུ་སྦྱངས་པ་ཆེ་བ་ཞིག་ཁྱད་པར་སྒྲ་ལ་ཆེས་མཁས་པའི་གྲུབ་འབྲས་སཾ་སྐྲི་ཏའི་སྐད་ལ་བྱང་བའི་མཐར་ཐུག་པ་རང་ཅིག་བྲམ་ཟེའི་བུ་ལོན་མ་ཁྱེར་བའི་སློང་མོ་ལ་བྱུང་བས། ཁོང་ལ་དབྱངས་ཅན་མའི་སྒྲ་མདོ་ནས་ཅུང་ཟད་ཉན། དགོས་པ་རང་མི་འདུག་ཀྱང་རྩེད་མོ་ཚུལ་དུ་ལྷ་ཀྲྀཥྞའི་གསུང་ལེགས་ལྡན་གྱི་གླུ་ནས་ལེའུ་གཉིས་དང༌། ཁྱབ་འཇུག་ཆེན་པོའི་མཚན་སྟོང་གི་འགོ་རྒྱངས་ཕན་ཡོན་དེ་བསྒྱུར། དེ་རྗེས་དབྱངས་ཅན་བྱཱ་ཀ་ར་ཎའི་འགོ་ནས་མཚམས་སྦྱོར་བུད་ཙམ་བསྒྱུར་ཅིང༌། ཁྱད་པར་དུ་དོན་ཆེ་བ་ལ། རི་བོ་ཆེ་ནས་བྱུང་བའི་རྒྱ་དཔེའི་སེབ་ན། དཔལ་ལྡན་ཀ་ལཱ་པར་སྒྲོད་ཐབས་ཀྱི་གཞུང་བལ་པོའི་དཔེ་ཞིག་བྱུང་བ། ཁ་ཡིག་ལ་ཀ་ལཱ་པཱ་བ་ཏ་ར་ཞེས་འདུག་པས་སྒྲ་མདོ་ཀ་ལཱ་པའི་བཤད་པ་ཞིག་ཡིན་ནམ་སྙམ་ནས་སྒྲའི་གསེབ་ཀྱི་རྒྱ་དཔེའི་སྡེབས་ལ་བཅུག་འདུག གང་ལྟར་དེ་ཡོངས་སུ་རྫོགས་པར་བསྒྱུར་བས་ངོ་མཚར་ཆེ་བར་བྱུང༌། སྤྱིར་སྔོན་གྱི་ལོ་རྒྱུས་ལ་ཤམྦྷ་ལའི་ལམ་ཡིག་དང་པོ་ཏ་ལའི་ལམ་ཡིག་སོགས་རྡོ་རྗེ་གདན་ཀྱི་སྒོའི་རྡོ་ཁང་ན་ཡོད་ཅེས་འབྱུང་བའི་ཤམྦྷ་ལའི་ལམ་
ཡིག་དེ་འདི་ཡིན་པར་འདུག འདི་འཕགས་པ་དོན་ཡོན་ལྕགས་ཀྱུས་གསུངས་པ་ཡིན། པོ་ཏ་ལའི་ལམ་ཡིག་དེ་སྔར་འགྱུར་ནས་བསྟན་འགྱུར་དུ་ཆུག་པ་འདི་ཡིན་ཏེ། རྗེ་བཙུན་མ་སྒྲོལ་མས་གསུངས་པ་ཡིན། འདི་གཉིས་ཀར་རྒྱུད་ཀྱི་རིགས་སུ་གཏོགས་པར་བྱེད་དགོས་ཚུལ་འདི་མཐོང་ནས་སྔར་གནས་སྐོར་བ་གཅིག་གིས་ཤམྦྷ་ལར་ཕྱིན་ནོ་སྐད་པ་སྐྱེ་བོ་མི་ནག་པ་རྣམས་ཀྱི་ལག་ཏུ་འཁྱམས་ཡོད་པའི་རྫུན་གཏམ་དེ་ཆེས་རྫུན་པར་གོ་ནུས་སོ། །དཔལ་ལྷ་མོའི་མཚན་སྟོང་གི་རྒྱ་དཔེ་ལག་ན་ཡོད་ཅིང༌། འདི་དངོས་ནང་པའི་གཞུང་རང་ནི་མིན་པ་འདུག་ནའང༌། བོད་ཀྱི་ལྷ་མོའི་བསྟོད་རྙིང་ཀུན་ན། མི་གཅིག་མ་ལ་མིང་དགུ་མ། མཚན་བརྒྱ་མ་ལ་མཚན་སྟོང་མ། །མཚན་བརྒྱ་དབྱིངས་ཀྱི་དབང་ཕྱུག་མ། །གང་ནས་བོས་ཀྱང་ཁྱོད་ཀྱི་མིང༌། །བྱ་བ་ལ་སོགས་པ་འདུག་པ་ལ། གཞན་རྣམས་ལ་རྒྱ་གར་ལུགས་དང་མཐུན་མི་མཐུན་ཇི་ལྟར་ཡང༌། བོད་རང་ལ་ངོས་འཛིན་རྒྱུ་རེ་འདུན་པ་བྱིན་རླབས་དང་ཡང་ལྡན་པར་གྲགས་ལ། མཚན་སྟོང་ནི་བོད་པ་ལ་ངོས་འཛིན་རྒྱུ་མི་འདུག་ཅིང༌། འདི་ཁོ་ན་ཡིན་པར་སྣང་བས་བསྒྱུར་འདོད་དེ་བཤད་པ་ཚར་གཅིག་ཉན་བོད་སྐད་དུ་འབེབས་པར་བརྩམས་ན། གཉན་ཆ་ཆོ་འཕྲུལ་ཆེ་བ་རང་གིས་དེ་རེས་འཇོག་དགོས་པ་བྱུང༌། པཎྜི་ཏའི་བུ་ལོན་སྦྱང་བའི་ཕྱིར། རང་རེས་ཀྱང་བུམ་གདན་ཁ་གང་མ་གཅིག་དང་གསེར་སོགས་གང་དྲག་ཕུལ། ཤིས་བརྗོད་ཤླཽ་ཀ་གཉིས་ཁོང་རང་གིས་བརྩམས། དེ་ངེད་ཀྱི་བསྒྱུར་བའི་སྐད་གཉིས་ཤན་སྦྱར་གྱི་དཔེ་དང་བཅས་ཏེ། སྡེ་སྲིད་
སྐུ་གཞོགས་སུ་བརྫངས་པ། ཞབས་དྲུང་ཡབ་སྲས་དགའ་བ་ཚལ་ནས་ཚུར་ཕེབས། འཚོམས་ཆེན་དུ་བཞུགས་གྲལ་ཞལ་དཀར་བཞེས་རྒྱུ་ཞབས་དྲུང་རྒྱལ་བུ་བཞུགས་གྲལ་ཆེན་མོ་ལ་ཕེབས་པའི་ཐོག་མ་དེ་དང་འཛོམ། ཁོང་གིས་ཤིས་བརྗོད་ཀྱང་ཕུལ་གདའ། རྟེན་འབྲེལ་ཡང་ལེགས་པོ་ཡིན་ཤེས་འདུག ཤིན་ཏུ་དགྱེས་པ་བྱུང་བའི་གསེར་སྲང་གཅིག་སོགས་གནང་སྦྱིན་ཡང་བཟང་བར་བྱུང༌། ཁོང་རང་ཡང་མགུ་བས་རྒྱ་གར་དུ་ཐེགས། ཆོས་ལུང་ཚོགས་ཀྱི་མཁན་ཆེན་རྙིང་པ་ངམ་རིང་མཁན་པོ་ལྷུན་རབ་པ་ཡང་ངེད་འཕྲད་པར་ཕེབས། ཆོས་བཀའ་ཐན་ཐུན་དགོས་གསུང་བ་ལ་དེ་མཐུན་བྱས། སླར་གསང་འདུས་རིམ་ལྔ་ཞུ་བ་ལ་ཡོངས་གསུང་གིན་འདུག ཕྱིས་ཕེབས་ནི་མ་ཐུབ། དབྱར་གུང་གཅིག་ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་དང༌། རང་དེའི་དབོན་པོ་སོགས་དམ་ཚིག་གཙང་བ་ཉུང་བསྡུས་གཅིག་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གསང་བའི་རྗེས་གནང་ཐུན་མོང་མ་ཡིན་པ་རང་རེའི་ཕ་ཆོས་དེ་ཡང་བྱས། ས་སྐྱར་བདག་ཆེན་རྒྱན་པ་གཤེགས། སྐུ་མཆེད་ཕྱིས་ཐུགས་ཉེ་རིང་ཡོང་ཁུན་ཡིན་ཀྱང༌། དང་པོའི་བརྣག་པ་ཅིག་ཐུགས་ལ་ཡོད་པ་ལོས་ཡིན། ཞབས་དྲུང་ཁྲི་ཆེན་དགྱེས་གྲགས་ནས་ཞབས་བྲོ་མཛད་པའི་གྲགས་པ་ཡང་བྱུང༌། གདོང་རྒྱུད་བགྲེས་གཞོན་གཉིས་ཀྱི་དང་པོ་རྩ་བའི་བླ་མ་ཁྲི་ཆེན་རང་ཡིན་ཀྱང་བར་སྐབས་གཟིགས་ཕྱོགས་མི་གཅིག་པའི་སྐབས་འདིར་དངོས་སུ་ཐུགས་འགལ། གདུང་བརྒྱུད་ཨ་མིས་དྲུང་ལ་མཛད་བཀའ་གཙང་སར་ཞུ་སྒུགས་
ལ་ཕེབས་དགོས་བྱུང༌། ངེད་ལ་ངོ་ཆེན་དགོས་ཕེབས་པ་སྡེ་སྲིད་དུ་ནན་བཅགས་ཞུས་པས་ཡོན་མཆོད་དུ་ཡང་འབྲེལ། ལྕང་གསེབ་བེར་ཆེན་སོགས་སྐུ་སྐལ་མ་ཕམ་ཙམ་བྱུང་བ་ཡིན། ཕྱིས་དྲིན་སེམས་པར་མི་མཛད་དོ། །དབྱར་སྨད་རང་རེའི་ལག་གཡོག་སྒྲུབ་པ་བྱས་པ། ཀུན་དགའ་རིན་ཆེན་པ་དཔོན་སློབ་ཚོ་ཡང་ཁམས་ཕྱོགས་ལ་ཐེགས། སྦྱོར་དྲུག་གི་བཤད་པ་བར་སྐབས་སུ་གཡེང་བས་འབྲི་འཕྲོ་ལ་ལུས་པ་དེ་སྟོན་སེར་ཁ་འདིར་ཆེད་གཏད་བྲིས། དུས་ཀྱི་འཁོར་ལོའི་རྫོགས་རིམ་གྱི་རྣམ་བཤད་འདི་ཡིག་སྣ་མགོས་ཆེ་བ་ལ་ཐེ་བ་ཙམ་བྱུང༌། དབྱར་གཞུག་འདི་ལ་སྔ་ཕྱི་རིམ་ཅན་དུ་སྡེ་སྲིད་ཀྱི་རྫོང་ལྟར་གནང་སྟེ་དབུས་ཆུ་ཤུལ་ཁོག་དང༌། ཀྱི་ཤོད་ཕྱོགས་དང༌། གྲ་དོལ་གཞུང་གསུམ་འཕྲང་པོ་རྣམས་ནས་གྲྭ་གསར་བརྒྱ་ལྷག་པ་ཡང་འབྱོར། ལོ་འདིའི་ནང་དུ་རྟག་བརྟན་དུ་ནི་གཙང་ཁང་གི་སྟེང༌། འོག་མིན་ལྷ་ཁང་དུ་དུས་འཁོར་རྒྱལ་བ་རིགས་ལྔ་རྒྱལ་བ་རིགས་དྲུག་གནས་གཙང་མའི་སྟེང་གི་འོག་མིན་བཀོད་པ་སོགས་ལོགས་བྲིས་ལེགས་པ་གྲུབ་པ་དང༌། གཙུག་ལག་ཁང་ཆེན་མོ་གཙང་ཁང་སྒོ་ཁང་དང་བཅས་པའི་ཤིང་རྩི་དང༌། གཞན་ཡང་ཤིང་རྩི་དགོས་པའི་རིགས་ཐན་ཐུན་མང་དུ་གྲུབ་ཅིང༌། ཆོས་བཟང་དུ་མིང་བཞག་པའི་སྡེ་ཡངས་ཆེན་མོ་དང༌། ནུབ་ཀྱི་ལྷ་ཁང་གསུམ། ཤར་གྱི་ལྷ་ཁང་གསུམ། གཞལ་ཡས་ཁང་དུ་མིང་བཞག་པའི་གཙང་ཁང་ཀ་བཞི་ཁ་ཆེ་ལུགས་དང་འཁྱམས་ཀ་བ་བཅུ་དྲུག་པ་དང༌། ལྷ་ཁང་གཞན་རྣམས་ཀྱི་ཡང་འོག་ཐོག་ཕལ་ཆེར་
ཁེལ། བྱང་གླིང་གི་ཁང་པ་ཐམས་ཅད་ཀྱི་འོག་ཐོག་ཁེལ་ཞིང༌། ཆ་ཕྱེད་ཙམ་སྟེང་ཐོག་ཀྱང་ཁེལ་བ་དང༌། འབྲས་སྤུངས་ཞོལ་གྱི་འོག་ཐོག་དང༌། པོ་ཏ་ལའི་སྟེང་ཁང་སོགས་ཇི་སྙེད་ཅིག་གྲུབ། ཨུ་ཙ་ལར་མཚན་གསོལ་བའི་མགོན་ཁང་འདི། ཐོག་འོག་མ་གཉིས་ལོ་སྔ་མ་དང་སྟེང་ཐོག་ལོ་འདི་ལ་ཕུབ། དེ་སྐབས་མགོན་ལུག་གཅིག་ཡོད་པ་དེ། མགོན་ཁང་བྱེད་རྒྱུ་དེའི་སྒོ་འོག་ཁོ་ནར་ཉལ་བ་དང༌། འུ་ལག་པ་རེ་གཉིས་ལས་ཀ་མི་བྱེད་པར་ཡིབ་ཅིང་ཉལ་བ་ལ། ལུག་དེས་ཆེད་གཏད་འཚོལ་དུ་ཕྱིན་ནས་བརྡུངས། ཤིང་ལས་ལ་བསྐུལ་བ་སོགས་ཆོས་སྐྱོང་འཁོར་བའི་ལྟས་མང་དུ་བྱུང་ཅིང༌། དེ་དུས་རྟེན་བཅས་པ་མེད་ཀྱང༌། མགོན་པོའི་བཞུགས་ས་བྱེད་རྒྱུ་ཡིན་བྱས་པ་ཙམ་གྱི་བདག་བྱེད་པར་འདུག ལོ་འདི་ལའང་སྡེ་པ་གཞུང་ནས་འུ་ལག་སྔར་ཁྱུད་ལྟར་གནང་ཞིང༌། ལས་རྗེས་ཤིན་ཏུ་ཆེ་བ་དེ་ཡིན། འདི་རྗེས་ནས་སྡེ་པས་ཟུག་མི་རང་རྫོང་ལྟར་གནང་བ་མེད། མཆོད་གཞིས་པ་ཁོ་ནས་བྱས་པ་ཡིན། ལོ་སྔ་མ་གསུམ་གཞུང་དང་མཆོད་བཞིས་གཉིས་ཀར་ལོག་ནས་བྱས་པ་དང་གྲུབ་ཆེ་ཆུང་རང་ཁྱད་ཆེན་མ་བྱུང༌། འདིའི་སྟོན་གཞུག་ནས་ཆོས་སྡེའི་གྲྭ་པ་རྣམས་ཀྱང་རྟག་བརྟན་རང་དུ་གཞི་ཕབ་པ་ཡིན། ཁམས་ཕྱོགས་ནས་བརྡ་དུ་སྐུ་སྐྱེ་སོགས་འགའ་ཤས་ལ་སྦྱོར་དྲུག་ཆ་ཚང་ཞིག་བཤད། ས་སྐྱ་ཞབས་དྲུང་ཁྲི་ཆེན་གྱི་བཀའ་སྐྱོན་བྱུང་དོགས་པའི་འཇིགས་བྲོས་ལ་ཇོ་ནང་དུ་བསྡད་པའི་རབ་འབྱམས་པ་ཏེ་བ་སོགས་འགའ་ཤས་ལ། གཅོད་ཁྲིད་ཞིབ་པ་ཞིག་ཀྱང་བྱས། རྩས་
ཆོད་སྐོར་ལ་དཀོན་ལེགས་པ་ལ་འདོད་ཆོས་འདྲ་བཤད་ཀྱིན་ཡོད་སྐབས། རི་བོ་ཆེ་པའི་རྗེ་དྲུང་ངག་དབང་པ་ཁུ་མཚན་གཉིས་ཀྱང་འབྱོར། རྗེ་དྲུང་སྐལ་བཟང་པའི་སྲས་པོ་དེ་སྐྲ་བཅད་པར་མཛད། ཁོང་གི་བཞེད་པ་ཆོས་ཆུང་བརྒྱ་རྩའི་ལུང་ཞིག་ཀྱང་བཀླགས། དེ་ནས་རྟག་བརྟན་དུ་ཚོགས་ཆེན་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་རྒྱ་གཞུང་གི་ལུང་དང་བཅས་པ་ཡང་བྱས། སྐྱེས་བུ་གསུམ་གྱི་ལམ་རིམ་བསྡུས་ཙམ་ཞིག་ཀྱང་བཤད། སྐབས་འདིར་སོག་པོའི་རྒྱལ་པོ་ཆེ་ཆེན་དས་ཆིན་འདས་པའི་མང་ཇ་བསྔོ་རྟེན་སོགས་བྱུང་ཞིང༌། མི་སྣ་མི་རྒན་ས་འབྱིན་ཟེར་བ་དེ། སྔ་སོར་སྟག་ལོ་དགུན་ཀ་ཇོ་ནང་དུ་བྱུང་བ་དགོན་གནས་གསར་འདིངས་བྱེད་རྒྱུ་ཡིན་ཟེར་བའི་གླིང་བརྗོད་ཅིག་ཡོད་པས། དེ་བརྫུན་མ་ཡིན་པར་བདེན་པར་འདུག་ངོ་མཚར་ཆེ་ཟེར། དེ་རྗེས་གསང་བ་འདུས་པའི་དཀྱིལ་འཁོར་བཞི། གཤིན་རྗེ་གཤེད་དམར་པོ་བཅུ་གསུམ་མ་ནག་པོ་བཅུ་གསུམ་མ་རྭ་ལུགས། མ་རྒྱུད་སྒྱུ་ཐོད་གདན་གསུམ་སོགས་ཀྱི་དབང་བསྐུར་བྱས། དཀོན་ལེགས་པས་ཆེད་ཀྱིས་ཞུས་ནས་ཚོགས་ཆེན་ལ་གཤིན་རྗེ་གཤེད་ནག་པོ་ཞང་ལུགས་ཀྱི་དབང་དེ་ཡང་བྱས། ཁམས་ནས་ཡར་རེ་ཤིང་པའི་སྐུ་སྐྱེ་སྤྱན་འདྲེན་ལ་ཨརྐེ་སྐུ་སྐྱེ་དང༌། འཛམ་ཐང་གཉེར་བ་རྒྱལ་བ་དཔལ་སོགས་མང་པོ་ཞིག་བྱུང་བ། སྐབས་འདིར་འདི་ཕྱོགས་སུ་སླེབ། ཐམས་ཅད་ལ་མཆོག་དབང་སོགས་ཆོས་འབྲེལ་འགའ་ཞིག་དང༌། ཨརྐེ་སྐུ་སྐྱེ་ལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་སློབ་དཔོན་གྱི་དབང་ཡང་བྱས། རྗེ་དྲུང་ངག་དབང་པ་སོགས་ལ་
འཁྲིད་བརྒྱའང་བཤད། དེ་ནས་དུས་འཁྲིད་ཀྱང་སྔར་ཁྱུད་ལྟར་བཅུགས། ཁམས་པ་ཁྲོམ་ཚུགས་སྐུ་སྐྱེ། སྒང་པ་དབོན་པོ་སྡོམ་ཙ་དབོན་པོ་སྟེ་བླ་ཚུགས་འཛིན་པ་གསུམ་པོ་དེ་སོགས་ཁམས་པ་ཉི་ཤུ་རྩ་འདྲེན་ཞིག་སྦྱོར་དྲུག་ལ་ཞུགས་དམ་པོ་རྒྱབ་པ་ཡིན། འདི་སྐབས་ལྷོ་རོང་ན་འབྲུག་པ་ར་ལུང་བ་ལ་བརྟེན་པའི་དུས་འཁྲུག་དང༌། བྱང་རྒྱབ་སྨད་ན་སོག་པོའི་འདུ་འཚོག་གི་སྐབས་དེ་ཡིན། གཏིང་སྐྱེས་ནས་བདེ་སྐྱིད་ལགས་ཀྱང་དམ་པོ་འདེབས་པར་ཕེབས། དམ་པོ་གྲོལ་ནས་ཆོས་མཛད་པ་ཡིན། སྐབས་དེར་ཨོ་ལ་པ་ཏིའི་རིམ་བཞིའི་ཊཱི་ཀ་དེ་ཡང་བརྩམས་སངས་རྒྱས་ཐོད་པ་དང༌། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་དཀྱིལ་སོགས་ཀྱང་བྲིས་པ་ཡིན། དྲང་སྲོང་པ་སོགས་བྱང་གི་དཔོན་རིས་མང་དག་ཞིག་དབུས་ལ་འགྲོ་དགོས་བྱུང་བའི་དུས་དེ་ཡིན་པ་དྲང་སྲོང་པ་མར་ལམ་ཡོངས་དུས་ངེད་ལ་བཤགས་པ་འབུལ་ཟེར། འདིར་སྐོར་ཙམ་བྱུང༌། བཤགས་པ་ཡང་བླངས། ཧོར་ཟླ་གཉིས་པའི་སྐབས་ཤིག་ལ་ནང་ཅིག་གནོད་སྦྱིན་ཀྵེ་དྲ་པཱ་ལ་དང༌། ལས་ཀྱི་གཤིན་རྗེ་ཡིན་སྙམ་པས་མི་ནག་པོ་གཉིས་ཀྱིས། ནག་ཧྲིལ་བ་ཅིག་སྡིར་སྒྲ་དང་བཅས་ཏེ་མདུན་དུ་བསྐྱུར་དམ་ཉམས་ཀྱི་མགོ་འདི་རེ་ཟེར། བལྟས་པས་རྩིབས་རི་བསམ་གླིང་གི་མཁན་པོ་རྒྱ་མཚོ་པད་དཀར་བའི་མགོ་བོར་འདུག དེ་ནས་མི་རིང་བར་ཁོང་འདས། ངེད་ཀྱིས་རྦད་བསྐུལ་བྱས་ཀྱང་མ་བྱས་དགོས་ཀྱང་དགོས་པ་མེད། ཁོང་རང་བླ་མ་དམ་པ་བདེ་བར་གཤེགས་པ་དེ་ལ་སྒོ་གཅིག་མ་ཡིན་
པ་ཐམས་ཅད་ནས་དམ་ཉམས་པ་དེས་ཡིན་པར་གདའོ། །རྟག་བརྟན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ཞང་ལུགས་ཞེ་དགུ་མ། སྐྱོ་ལུགས་གཤིན་རྗེ་མོ་བརྒྱད་ཀྱིས་བསྐོར་བ། མལ་ལུགས་རོ་ལངས་བརྒྱད་བསྐོར། རྭ་ལུགས་བཅུ་གསུམ་མ་རྣམས། རས་བྲིས་ཀྱི་དཀྱིལ་འཁོར་དང༌། རྭ་ལུགས་རོ་ལངས་བརྒྱད་སྐོར་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་མཆོད་པ་རྒྱས་པ་དང་བཅས་པ་སྒྲུབས་ཏེ། གྲྭ་པ་ཐམས་ཅད་ལ་དབང་བསྐུར། ཚོགས་ཀྱི་ཁྲི་གསར་པའི་བྱིན་རླབས་ལ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་བསྐུར་དང༌། ལྷ་ཁང་གཞལ་ཡས་ཁང་གི་ཁྱམས་སུ་སྔར་མ་ཐོབ་པའི་རིགས་རྣམས་ལ་མི་འཁྲུགས་པ། ཚེ་དཔག་མེད། བདེ་མཆོག་ནག་པོ་པ། དྲིལ་བུ་པ། གཤེད་མར་ལྷ་ལྔ་སོགས་ཀྱི་དབང་བསྐུར་བྱས། དེ་བཞིན་དུ་གཤིན་རྗེ་གཤེད་དམར་པོའི་ཁྲིད་སྤྲོས་མེད་དང༌། རྣལ་འབྱོར་བཞི་རིམ་གཉིས་ནག་པོ་ཞང་ལུགས་ཀྱི་འཁྲིད་རྣལ་འབྱོར་བཞི་པ་དང༌། འཇིགས་བྱེད་སྐྱོ་ལུགས་ཀྱི་འཁྲིད་རྭ་རྩེ་སེམས་འཛིན་དང༌། གཤེད་དམར་ལུགས་གཉིས་ལ་བརྟེན་པའི་བྱིན་རླབས་ཀྱི་བཀའ་བཅུ་གསུམ་ཙམ་སྟེ། དེ་ཐམས་ཅད་ཚོགས་ཆེན་རང་ལ་བྱས་པ་ཡིན། འདི་སྐབས་སངས་རྒྱས་རབས་བདུན་གྱི་སྐུ་བཞེངས་པའི་མགོ་ཚུགས་པ་ཡིན་པ་ལ། རང་རེའི་གྲྭ་པ་ཅིག་གིས་རྒྱ་གར་རྡོ་རྗེ་གདན་འཁོར་བའི་བྱང་ཆུབ་ཤིང་གི་ཡལ་ག་ལག་ངར་ཙམ་ཅིག་དང༌། དེ་བཞིན་གཤེགས་པའི་ཞབས་རྗེས་ཀྱི་སྤར་འགའ་རེ་བྱང་ཆུབ་ཤིང་ལོ་མང་པོ་དང་བཅས་པ་འབྱོར་བྱུང་བ།
གཟུངས་བཞུགས་ཀྱི་རྟེན་འབྲེལ་འགྲིག་པར་འདུག སྨོན་འགྲོ་བའི་རྒྱལ་བུ་ཚེ་དབང་ལྷུན་གྲུབ་པ་ཡང་ལུགས་ལེགས་བྱེད་ངེས་པར་མཇལ་ཁ་དགོས་ཟེར་ནས་ཕྲད་ཙམ་བྱས། རི་བོ་ཆེ་ནས་སློབ་གཉེར་གྲྭ་རྒྱུན་གསར་པ་ཐོག་མ་རྣམས་ཀྱང་སྐབས་འདིར་འབྱོར། ས་གའི་སྒྲུབ་མཆོད་ཀྱང་སྔར་ལུགས་བཞིན་བྱས་པ་ལས། གྲྭ་པ་གསར་པ་དུས་འཁོར་གྱི་དབང་མ་ཐོབ་པ་ཤིན་ཏུ་མང་བ་ནས། དཀྱིལ་འཁོར་དེ་ཀའི་སྟེང་ནས་སློབ་མའི་དབང་ཡོངས་སུ་རྫོགས་པ་ཚར་གཅིག་བྱས། དེ་རྗེས་ཀྱང་ངེད་ཀྱིས་སྔོན་འབོར་སྐྱོང་གི་རྩེ་མོ་ལ་གཏོར་མ་ཆེན་པོ་སྒྲུབ་པའི་ཕྱིར་སང་འགྲོ་རྒྱུའི་དེ་རིང་དེ། གྲོ་ཁུད་པ་སྡེ་སྲིད་ནས་ཡར་གནང་བ་འབྱོར། སྤྱིར་སྐུ་རིམ་རྒྱ་ཆེ་བ་གནང་འདུག ཁོང་སྒོས་སུ་སྒྲུབ་སྡེ་དང་རྟག་བརྟན་ལ་མང་ཇ་འགྱེད་སོགས་སྐུ་རིམ་རྒྱ་ཆེར་མཛད་པ་དང༌། སྡེ་སྲིད་སོག་པོའི་སྟེང་དུ་དཔུང་འདེགས་གནང་རྒྱུའི་བསྲུང་འཁོར་སོགས་ཀྱིས་གསུང་བའི་གསལ་འདེབས་སུ་འདུག་གཏོར་མ་ཆེན་པོ་ཡང་སྟབས་འགྲིག་པ་སྦྱིན་བདག་ཆེན་པོའི་བར་ཆད་སེལ་བ་ལ་ནི་དམིགས། འདི་སྐབས་ཕ་རོལ་པོ་ཞྭ་གསེར་ཐོགས་ཡིན་ཀྱང༌། ངེད་ནི་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་ལྷག་པར་མོས། དགེ་ཕྱོགས་པ་འདི་པ་དང༌། ལྷག་པར་འབྲས་སྤུངས་ཀྱི་ཆོས་གྲྭ་ལ་ཉེ་སེམས་བག་ཆགས་མཐུག་པ་ཞིག་ཡོད། གནོད་སེམས་ག་ལ་ཞིགཆོས་གྲྭ་དེ་དག་ཏུ་ཆོས་དར་བར་སྨོན་པ་དང༌། རྩོད་པ་འཇམ་པོའི་ཕྱོགས་སུ་ཞི་བར་སྨོན་ལམ་བཏབ་པ་ཡིན་ཀྱང༌། དེའི་དབང་དུ་འགྲོ་བ་ཞིག་མི་འདུག ཕན་ཚུན་གཉིས་ཀ་ལས་ངན་གྱིས་བདས་པ་ལ་ཐབས་ཅི་བྱར་ཡོད། དབྱར་
སྟོད་དེ་གྲྭ་པ་ཐམས་ཅད་ལ། གསང་འདུས་རིམ་ལྔ་མར་ལུགས་མགོས་ལུགས་གཉིས། ཡེ་ཤེས་ཞབས་ཀྱི་ཟབ་གསལ་དང་གྲོལ་བའི་ཐིག་ལེ། དེ་དག་གི་རྒྱབ་རྟེན་རྒྱ་བོད་ཀྱི་གཞུང་དང་བཅས་པ་ཐམས་ཅད་བཤད། རྒྱུད་ཀྱི་སྐོར་ལ་རྩ་རྒྱུད་ཀྱི་ལུང་ཙམ་མ་གཏོགས། འགྲེལ་པ་སོགས་གཞན་མ་སོང༌། མན་ངག་མཐའ་རྒྱས་རང་དུ་སོང་བ་ཡིན་ཏེ། གྲྭ་གཞོན་ཐམས་ཅད་རྩེད་མོ་ལ་ཡེངས། རྒན་པ་ཐམས་ཅད་ཀྱི་རྣ་བའི་གོང་ཁ་ལ་སོང་བའི་བློ་ལ་བཅགས་རྒྱུ་དང་བློ་སྐྱེད་ཐོན་པ་ལྟ་ཅི་སྨོས། ཆོས་ག་འདྲ་ཅིག་ཐོབ་བཤད་རྒྱུ་ཡང་མེད་པའི་བྱིས་པ་མདོ་མེད་ཅིག་ཀ་བྱུང༌། ལོ་འདིའི་སོས་ཀ་དང་དབྱར་གྱི་རིང་སྡོད་ས་པོ་ཏ་ལར་བྱས། ཁམས་དྭངས་ཤིང་ཤིན་ཏུ་སྐྱིད། སྦྱིན་སྲེག་ནུབ་འགའ་ཤས་བྱས། ཤིན་ཏུ་ཟིལ་ཆེ་བ་དང༌། སྦྱིན་སྲེག་གི་ཐ་མར་དྲུག་ཅུ་རྩ་བཞིའི་གཏོང་མ་གཏོར་རེས་ཀྱི་གཏོར་མའི་ཁར་སྡིག་པ་རྭ་ཅན་རེ་དངོས་སུ་ཡོང་པ་སོགས་ཤིན་ཏུ་རྩུབ་པར་མངོན་ཀྱང༌། འདི་སྐོར་ལ་བརྟེན་པའི་ཡོན་བདག་གི་སྐུ་དོག་ཐམས་ཅད་སེལ། རང་རེའི་བར་ཆད་ཀྱང་མང་པོ་སེལ་འདུག འདི་སྐབས་རེ་ཤིང་ནས་སྐུ་སྐྱེ་ཡང་ཕེབས། འཛམ་ཐང་ཕྱོགས་ལ་ཕེབས་འདོད་སྟབས། དགེ་བསྙེན་དགེ་ཚུལ་དགེ་སློང་གི་བར་དུ་ཆོས་སྒོར་འཇུག་པ་དང༌། དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས། སྦྱོར་དྲུག་གི་མགྱོགས་འཁྲིད། བློ་སྦྱོང༌། ནཻ་གུ། ཀུན་རིག་གི་དབང༌། ཉེར་མཁོའི་རྗེས་གནང༌། ཚེ་དབང་སོགས་ཅི་རིགས་གསན་ཏེ་ཐེགས་སོང༌། ཨརྐེ་སྐུ་སྐྱེས་
རྗེས་སུ་ཡང་སྦྱོར་དྲུག་གི་ཁྲིད་ཞིམ་མོར་ཉན། བདེ་མཆོག་ལ་སོགས་པའི་ཆོས་བཀའ་གཞན་ཡང་མང་དུ་ཞུས་སོང༌། དབྱར་གུང་ནས་གཟུང༌། ཆོས་བཟང་གི་ཆོས་ཁྲིའི་ཁ་འབེབས་ལ། ཐེག་མཆོག་རབ་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་དེ་བརྩམས་ཤིང༌། བརྩམས་གྲུབ་རིམ་ནས་བཤད་པ་འཚམས་པ་རེ་བཤད། ཞག་ཉི་ཤུ་རྩ་གཉིས་ཙམ་ལ་ཆ་ཚང་བར་འགྲིལ། འདི་རྩོམ་པའི་བློ་ཤར་བའི་དུས། ཐོ་རངས་ཁ་ཅིག་གཉིད་དུ་སོང་བ་ནི་མིན། ད་ལྟའི་སྣང་བ་འདི་ནུབ་ནས་ས་གཞི་རི་བོ་ནགས་ཚལ་ཐམས་ཅད་རིན་པོ་ཆེ་དང་འདྲ་བ་དང༌། མཚོ་རྫིང་མེ་ཏོག་དུ་མས་བརྒྱན་པ་སོགས་དང་གཞལ་མེད་ཁང་དཔག་ཏུ་མེད་པ་ན། སངས་རྒྱས་རེ་རེ་ལ་འཁོར་བྱང་ཆུབ་སེམས་དཔའ་མང་པོ་མང་པོས་བསྐོར་བ་ཡོད་སྙམ་པ་དང༌། ཁྱད་པར་དབུས་ཀྱི་ཕྱོགས་ན་ལྗོན་ཤིང་རྒྱས་པ་མཐའ་མེད་པ་གཅིག་གི་རྩ་བ་ན། སྐུ་ཚད་ནགས་རྒྱལ་གྱི་རི་འདི་བས་ཀྱང་ལྡབ་ཀྱི་མཐོ་བའི་སངས་རྒྱས་ས་གནོན་གྱི་ཕྱག་རྒྱ་མཛད་པ་ཅིག་འདུག་པ་དེ། འོ་སྐོལ་གྱི་སྟོན་པ་ཡིན་སྙམ་པ་བྱེད་ཅིང༌། སྐུའི་གཡས་ན་བྱང་ཆུབ་སེམས་དཔའ་དཀར་པོ་གངས་རི་ཙམ་པ་ཅིག་འདུག འཇམ་དབྱངས་ཡིན་སྙམ་པ་བྱེད། གཡོན་ན་དེ་ཙམ་དམར་པོ་ཞིག་འདུག སྤྱན་རས་གཟིགས་ཡིན་སྙམ་པ་བྱེད། །དཀར་པོ་དེའི་ཡང་གཡས་ན་སེར་པོ་ཞིག་འདུག་བྱམས་པ་ཡིན་སྙམ། གཡོན་རང་ན་སྔོན་པོ་ཞིག་འདུག་པ་དེ། ཕྱག་རྡོར་ཡིན་ནམ་ནམ་མཁའི་སྙིང་པོ་ཡིན་ནམ་སྙམ་པ་ལས་ཧ་ཅང་ངེས་
གསལ་མ་བྱུང༌། ང་འཕགས་པ་ཀུན་ཏུ་བཟང་པོ་ག་ན་བཞུགས་སྙམ་ཙ་ན། ལྗོན་ཤིང་དེ་བས་ཀྱང་སྐུ་གཟུགས་རིང་བ། སྐུ་མདོག་མ་ངེས་པ་སྐུའི་ནང་ཐམས་ཅད་ན་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བཀོད་པ་མཐའ་ཡས་པ་ཡོད་པ་ཅིག་འདུག གཞན་འཁོར་ཚད་གཟུང་མེད་པས་བསྐོར། ཐམས་ཅད་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ལས་བརྩམས་ཆོས་གསུང་བའི་སྣང་བ་བྱུང༌། ཞིང་ཁམས་འདི་གང་ན་ཡོད་ཞུས་པས། ཁྱོད་རང་གི་སྙིང་གི་དཀྱིལ་ན་ཡོད་གསུང༌། དུམ་ཅིག་ནས་སྣང་བ་དེ་ཡང་འགགས། དེའི་རྒྱུན་ལས་ཞག་མང་པོའི་བར་དུ་རིག་པ་གསལ་ཞིང་དྭངས་པ། འཆར་སྒོ་མཐའ་ཡས་པ་ཤར་ཡང་ཐམས་ཅད་སྤྲོས་བྲལ་དུ་གནས་པ། དགའ་བདེའི་ཆ་ཤས་ཀྱིས་བརྒྱན་པ་ཉིན་མཚན་ཀུན་ཏུ་བྱུང༌། གཉིད་ཀྱང་ངོས་གཟུང་མེད་པའི་ཏིང་ངེ་འཛིན་དེ་ཁ་ལ་གནས། གདམས་ངག་རྣམས་ནས་རྣམ་གསུམ་རིགས་དབྱེ་བཤད་པ་དེ། ལས་དང་པོ་པ་རེ་དོགས་ཅན་ལ་དོགས་པ་ཡིན། རེ་དོགས་དང་དགའ་སྡུག་མེད་ན་རྣམ་གསུམ་རིགས་དབྱེས་ཅི་བྱེད། དེ་དགོས་པ་བྱུངཙམ་ཉིད་ནས་ཆེར་ཁ་ཤོར། སངས་རྒྱས་མཐོང་ཡང་ཞེན་རྒྱུ་མེད། སྡིག་སྦྲུལ་མཐོང་ཡང་སུན་རྒྱུ་མེད། བདུད་ནག་མཐོང་ཡང་སྟོང་ཉིད་སྙིང་རྗེའི་ངང༌། ཡི་དམ་མཐོང་ཡང་ནམ་མཁའི་འཇའ་ཚོན་གྱི་ཚུལ་དུ་འདུག རོ་མཉམ་གཅིག་ལ་ཁྱད་པར་ཏ་གང་ཡང་མི་འདུག་ཀྱང༌། རྟེན་འབྲེལ་མ་འགགས་པའི་འཆར་ཚུལ་དེ་འདྲ་ཅིག་བྱུང༌། ལར་དུས་ཀྱང་
ཤིན་ཏུ་ཐ་མར་སླེབ་པའི་ལྟས་ལོས་ཡིན་ཡོད། ལོ་འདི་ལ་ལྷ་སའི་མི་བསད་ཆེན་མོ་དང༌། སེར་དང་འབྲས་སྤུངས་སོགས་སྟོང་ལ་ཁང་པའི་དགེ་ལྡན་པའི་གྱ་ཉེས་ཆེན་མོ་དེ་ཡང་བྱུང༌། དེ་རྗེས་སྟོན་གྱི་རིང་ལ། དཀོན་མཆོག་གསུམ་གྱི་བཀྲ་ཤིས། ལྟུང་བཤགས། དཀོན་མཆོག་རྗེས་དྲན། བྱམས་སྨོན། སྒྲོལ་མ། ཚེ་མདོ། ཕྱག་རྒྱ་ལྔའི་མདོར་གྲགས་པ་སྡེ། ཚིགས་བཅད་གཅིག་པ། གཉིས་པ། བཞི་པ། སྒོ་དྲུག་པ། བཟང་སྤྱོད་རྣམས་ལ་འགྲེལ་པ་རེ་བརྩམས་པ་ཡང་ཤིན་ཏུ་རྩོམ་འབབ་པ་ཞིག་བྱུང༌། འདི་སྐབས་མདོག་སྨོན་གྲོ་ནས་ལྷ་རྩེ་རྫོང་དུ་རྒྱུགས་པའི་གཟིངས་གཞི་མང་པོ་བྱས། རྫོང་ནས་སྤེའུ་བ་ཚེ་དབང་རྡོ་རྗེ་བས་ངེད་ཀྱི་མཆོད་གཞིས་འདྲའི་སར་བཅོམ་རྒྱག་བྱེད་ཟེར་ནས་དམག་བསྐུལ་བྱས། ཁོང་རང་རྟ་ཐོག་ཏུ་འཁྱོན་མ་ཐག་གནམ་གཟེར་བྱུང་ནས་ས་ལ་ལྷུང༌། དེ་ནས་མི་རིང་བར་རྫོངདཔོན་ཡང་ཤོར་བ་ཡིན། དེ་རྗེས་ནས་དུས་གཟིངས་ཀྱང་ཞི་བའི་སྐབས། དུ་བ་མཇུག་རིངས་གཉིས་ཤར་བ་དེ་བྱུང༌། སྟོན་གཞུག་གི་ཆོས་དང་དགུན་ཆོས་ཀྱི་ཚུལ་དུ་རང་རེས་བརྩམས་པའི་འགྲེལ་བ་དེ་ཁའི་སྟེང་ནས། ལྟུང་བཤགས། བྱམས་སྨོན། དཀོན་མཆོག་རྗེས་དྲན་སོགས་ཀྱི་བཤད་པ་རེ་ཡང་བྱས། ལོ་འདིའི་དཔྱིད་ཀ་ནས་དེ་ཡན་ཆད་ཀྱི་བར་ལ་མཁར་ལས་ཀྱི་རིགས་ལྷོ་བྱང་གི་ལྷ་ཁང་སྔར་སྟེང་ཐོག་མ་ཁེལ་བ་ཐམས་ཅད་ཁེལ། ལྷ་ཁང་རྣམས་ཀྱི་ལོགས་ཞལ་མཐིལ་ཞལ་སོགས་ཞིབ་ཆ་རྣམས་དང༌། གཞལ་ཡས་ཁང་གི་སྟེང་
དང༌། ལྷོ་གླིང་གི་སྤྱིལ་པོ་ཐམས་ཅད་ཀྱི་སྟེང་ཐོག །ཤར་ནུབ་བྱང་གསུམ་གྱི་གླིང་ལ་ཡང་སྟེང་ཐོག་མ་ཁེལ་བ་རྣམས་ཀྱང་ཁེལ། རྩེ་དང་ཞོལ་གཉིས་ཀར་དུ་སྤྱིལ་པོ་གསར་པ་ཡང་མང་དུ་གྲུབ། མཁར་ལས་སྔར་ལས་ཀྱང་གྲུབ་ཆེ་བ་ཙམ་བྱུང༌། སྦུས་ཁྱིམ་པ་དཔོན་སློབ་འགའ་ཤས་དང༌། གཙོ་བོར་གཞི་པའི་ལྷ་རིས་པ་རྣམས་ཀྱིས་གཙུག་ལག་ཁང་ཆེན་མོའི་ལོགས་རིས་རིམ་གྱིས་གྲུབ། ལྷ་ཁང་བདེ་བ་ཅན་གྱི་ལོགས་བྲིས་ཀྱང་གྲུབ་ཅིང༌། འཇམ་དཔལ་ལྷ་ཁང་གི་ལོགས་བྲིས་ཀྱང་ཆ་ཕྱེད་གྲུབ། སྒོ་ཁང་གི་རྒྱལ་ཆེན་བཞི་ཡང་ལོ་འདི་ལ་ཀ་བྲིས་པ་ཡིན། གཙོ་ཆེ་ཤོས་བལ་པོ་བཟོ་བོ་ཉི་ཤུས་སངས་རྒྱས་དཔའ་བོ་བདུན་གྱི་སྐུ་བཞེངས་པ་ལ། གཙོ་བོ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་དང༌། འཁོར་གྱི་ཚུལ་དུ་གཞན་དྲུག་ཡིན་པ་ལས། གཙོ་བོ་དང་བཅོམ་ལྡན་འདས་རྣམ་གཟིགས་དང་རིན་ཆེན་གཙུག་ཏོར་ཅན་དེ་གསུམ་པོ་དེ། ཧོར་ཟླ་བཞི་པའི་འགོ་ནས་གཟུང༌། བརྒྱད་པའི་ཚེས་བཅུ་གསུམ་ཚུན་ལ་གཟུངས་བཞུགས་ཡན་ཆད་ལེགས་པར་གྲུབ། རིགས་ལྡན་གྱི་ཐང་སྐུ་སུམ་ཅུ་སོ་བདུན་དང༌། སྔགས་སྐུ་ཐང་མོ་ཆེ་འགའ་རེ་ཡང་འདི་ཡན་ཆད་ལ་ལེགས་པར་ཟིན། ཚེས་བཅུ་བཞི་གཟའ་སྐར་བཟང་བ་ནས་བརྩམས་དེ། ཟླ་བའི་འཕྲོས་དེ་ཀ་ལ། གསང་འདུས་འཇིག་རྟེན་དབང་ཕྱུགའཁོར་ལོ་བདེ་མཆོག་ལཱུ་ཧི་པ། གཤིན་རྗེ་གཤེད་ནག་པོ་རྡོ་རྗེ་འཇིགས་བྱེད། མི་གཡོ་བླ་མེད། ཕྱག་ན་རྡོ་རྗེ་གཏུམ་མོ། ཕག་མོ་ལྷ་སོ་བདུན་མ་
རྡོ་རྗེ་བདག་མེད་མ་རྣམས་ཀྱི་དཀྱིལ་འཁོར་རས་བྲིས་ལ་བརྟེན་ནས། རབ་གནས་ཚར་རེ་བྱས་པས། ཚར་བརྒྱད་དང༌། ཟླ་བ་དགུ་པའི་ཡར་ཚེས་གསུམ་པ་གཟའ་སྐར་བཟང་བ་ལ། རབ་གནས་ཆེན་མོ། དགའ་སྟོན་ཅན་དེ་བྱས་པ་ཡིན་ཏེ། གནམ་གང་གི་ཉིན་མོ་ས་ཆོག་བྱས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཐུགས་དཀྱིལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་སྟེང་ནས་ཡིན་པས་རབ་གནས་ཚར་དགུ་སོང༌། ཉིན་རེ་བཞིན་སྐུའི་གཟི་བྱིན་རྒྱས་པ་སོགས་བྱིན་རླབས་ཀྱི་རྟགས་མཚན་མཐའ་མེད་པ་དང༌། བུམ་པའི་ནང་དུ་ཡུངས་དཀར་ལྷུངས་པ་ལ། མྱུ་གུ་སྡོང་བུ་མེ་ཏོག་ཤར་བའི་བར་དུ་བྱུང༌། དགེ་འདུན་རྣམས་དང་ཕུ་ནས་སྒྲུབ་སྡེ་ཡོངས་རྫོགས་ཕེབས་པ་རྣམས་ལ་མང་ཇ་གསུམ་སྦྲེལ། ཚ་ར་ནས་འགྱེད། སྐྱེ་བོ་མང་པོ་རང་ཤུགས་ཀྱིས་འདུས་པ་ལ། ནས་འགྱེད་སོགས་ཞལ་དྲོ་བྱིང་ཆགས་པར་བྱུང༌། སྐྱ་སེར་ཐམས་ཅད་ལ་རྟེན་མཇལ་ཡང་ལེགས་པར་བཏང༌། དེ་ལྟར་ན་ཐུབ་པའི་དབང་པོ་སོགས་སངས་རྒྱས་གསུམ་པོ་དེའི་སྐུ་གཟུགས་ལ། རྒྱུ་ཟངས་ཁལ་ཉིས་བརྒྱ་ཉི་ཤུ་ཙམ། སྐུད་གསེར་ཞོ་སྟོང་ཕྲག་གསུམ་ཙམ། ཐ་ན་རྩི་ལ་ཡང་ཤ་དཀར་ཞོ་དྲུག་ཅུ། ཏི་ཚ་ཉ་ག་ལྔ་བཅུ་ཙམ། དངུལ་ཞོ་བརྒྱ་དང་སུམ་ཅུ་སྐོར་སོང་ཞིང༌། དགའ་སྟོན་ཆེན་མོ་འདིའི་གནས་སྐབས་སུ། བལ་པོ་ལྷ་བཟོ་བ་རྣམས་ལ་ཡོན། བཀྲ་ཤིས་ཁ་བཏགས་བཅོ་བརྒྱད། གསེར་སྤྱི་ལེགས་པ། གསེར་སིལ་མ་སྲང་བཞི། གཡུ་ལེགས་པ་དྲུགགཡུ་རྣ་རྣ་རྒྱངས་ལྔ། ཡང་གཡུ་རྣ་ཆིག་འདོགས་
གཅིག དངུལ་ཕོར་བཅུ། གན་དཀར་ལེགས་པ་རྒྱ་ཤུབས་ཅན། ཁ་ཐི་སོགས་གོས་ཡུག་སྣེ་ཚད་བཅུ། རྒྱ་གོས་གཅིགདར་སྨན་ཚེ་དང་བྱར་དར་ཡུག་ཉི་ཤུ། བཀྲ་ཤིས་ཁ་བཏགས་ཀྱི་ཡོལ་བ་གཅིགསྨན་ཚེའི་ཡོལ་བ་གཉིས། ཇ་སིག་སུམ་ཅུ། བུར་ཏང་ལྔ། གཡས་ཤག་གསེར་ཤོག་མ་ཉི་ཤུ། དོང་པ་གསེར་ཤོག་མ་ཆ་ཚང་གསུམ། སྟག་སྒམ་ཆ། གཟིག་སྒམ་ཆ། སྟག་ཁོམ་ཆ། དོམ་ཁོམ་ཆ། དངུལ་སྒ་གཅིགགཞན་ཡང་དུང་ཆས། མདོ་བ་ཆས། པ་རི་སོགས་ཕྲན་བུ་རྣམ་གྲངས་མང་པོ་དང༌། ཀ་ཡུག་སྣེ་ཚང་བཅུ། སྤུན་མདབ། གོན་མ། རས་ཡུག་དཀྱུས་མ་སྣེ་ཚད་རྣམས་ཉི་ཤུ་ཉི་ཤུ་རྟ་བཟང་བ་སྒ་འཁོར་དང་བཅས་པ། མོ་གོས་ལེགས་པ། བཟོ་བོ་ཉི་ཤུ་པོ་ཐམས་ཅད་ལ་གོས་ལྷམ་སྐེ་རགས་ཚུན་ཆད་ཆ་ཚང་བ་རེ་རྣམས་སྤྲད། འབྲེལ་ཅན་རྣམས་སྔོན་དུ་འགྲོ་བའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པ་དང༌། གནས་སྐབས་སུ་ཡང་འཇིག་རྟེན་བདེ་ཞིང༌། བསྟན་པ་སྤྱི་དང༌། ཁྱད་པར་དུ་ཡང་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་དང་ལྡན་པའི་བསྟན་པ་རྒྱས་པར་སྨོན་ལམ་བཏབ་པོ། །དགའ་སྟོན་གྱི་གྲལ་འདི་ལ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ལ་བཤད་ཚོམས་རྒྱ་ཆེ་བར་བྱས། དེ་རྗེས་དགུན་ལ་ཉེ་བ་ན། ཆོས་རྗེ་བླ་བྲང་འགག་པ་བྱམས་པ་ཀུན་དགའ་བ་གྲྭ་བཙུན་སུམ་ཅུ་སྐོར་དང་བཅས་པ་ཆོས་ཞུ་བར་བྱུང༌། ཚོགས་ཆེན་ལ་བློ་སྦྱོང་ཞིག་བཤད་པའི་གཞུག་ཙམ་ལ་སླེབ་པ་ཡིན། རྒྱལ་
ཆེན་བཞིའི་ལོགས་བྲིས་ཀྱི་རབ་གནས། གསང་འདུས་འཇམ་རྡོར་ལ་བརྟེན་ནས་བྱས་པ་དེ་ཁའི་སྟེང་ནས། ཁོང་དཔོན་སློབ་རྣམས་ལ་དབང་ཞིག་ཀྱང་བསྐུར། འདི་སྐབས་ཇོ་ནང་དབུ་མཛད་པའི་ཇོ་ཇོ་འདས་པ་དང༌། ཁོང་ཚོ་དཔོན་སློབ་ཚོའི་བསྔོ་ཞུས་གཤིན་དོན་མང་པོ་དབང་ཡོན་དང་གུ་ཆུ་རུག་བྱས་པའི་གཤིན་བསྔོ་བྱེད་དགོས་དང༌། རླུང་དྲག་པོ་ལངས་པ་སོགས་རབ་གནས་དེ་རྟེན་འབྲེལ་ལེགས་རྒྱུ་མ་བྱུང༌། ནཻ་གུ་ཆོས་དྲུག་གི་དམིགས་པ་ངེས་པོ་ཞིག་ཀྱང་བཤད། དེ་རྗེས་དགུན་ཁྲིད་རིམ་པས་སྔར་ལུགས་བཞིན་བཙུགས། འགག་པ་དཔོན་སློབ་ཐམས་ཅད་ཀྱིས་དམ་པོ་ཡང་རྒྱབ། ཤངས་ཆོས་ལྷག་མ་རྣམས་ཀྱང་ཆ་ཚང་ཙམ་བྱས། འདི་སྐབས་གསང་བའི་དེ་ཁོ་ན་ཉིད་ཀྱི་ཊཱིཀྐ་དེ་བརྩམས་པ་ཡིན་ཏེ། ཅུང་ཟད་མཁའ་འགྲོ་རྣམས་ཀྱི་བཀའ་མ་གྲོལ་བའི་རྨི་ལྟས་ཞིག་ཀྱང་བྱུང༌། བྲེལ་བས་གཡེངས་ནས་ཚོགས་གཏོར་བཤགས་པ་སོགས་བྱེད་པའང་མ་བྱུང༌། དམ་པོ་གྲོལ་ནས་བླ་མ་བྱམས་པ་ཀུན་དགའ་རང་ལ་སྦྱོར་དྲུག་གི་ཡན་ལག་ཕྱི་མ་རྣམས་ཀྱི་ལག་ལེན་འཛུག་བཙུགས་དང༌། ངོ་སྤྲོད་རྣམས་ཀྱི་གོ་དོན་ཞིབ་མོར་འཁྲིད་དགོས་པ་བྱུང་སྟེ། ཕྱིས་བློ་ལ་འཇགས་པ་ནི་མ་བྱུང་འདུག སྔར་གསང་བའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་བརྩམས་པ་དེའི་གཉན་ཆ་དང་ཁོང་ལའང་སྦྱོར་དྲུག་གི་ལག་ལེན་སྟོན་དགོས་བྱུང་བའི་གཉན་ཆ་སྡོམས་པ་འདྲ་བ་ཅིག་གིས་རྐྱེན་བྱས་ཏེ། སྲོག་གེགས་ཀྱི་རྣམ་པ་ཤིན་ཏུ་ན་བ་ཞག་བདུན་ཙམ་བྱུང༌། ཡོངས་གྲིལ་བ་ནད་གཞུག་དེ་ཟླ་གཅིག་ལྷག་པ་བསྡད། ཐུར་སེལ་གསུས་པར་ལོག་པས་དང་ཁ་འགྲིབས།
ད་དུང་ཡང་དེའི་སྲེད་སྐབས་རེ་ལངས་ཡོང་བ་འདུག སྤྱིར་ཡན་ལག་ཕྱི་མ་རྣམས་ཀྱི་ལག་ལེན་འདི་ཤིན་ཏུ་བཀའ་གཉན་པར་འདུག ཁྱད་པར་ཁོང་བ་དང་པོ་སྦྱོར་དྲུག་གི་ཆོས་ལ་དད་པ་ཆེན་པོ་མི་འདུག་པས། དེ་སེལ་དུ་སོང་ནས་ལན་པ་འདྲའོ། །དེ་རྗཻས་དམ་རྫས་རིལ་བུ་ཞིག་བསྒྲུབས། དམ་ཚིག་གཙང་བ་རྣམས་དང་ལྷན་ཅིག་ཚོགས་དང་གཏོར་མ་འགའ་རེ་བྱས་པས་ནད་གཞུག་ལྷག་མ་དེ་ཡང་དེ་སྐབས་སངས་པ་འདྲ་བ་ཞིག་བྱུང༌། འདི་སྐབས་དུས་ཁྲིད་དཀྱུས་ལས་ཟླ་གཅིག་གི་སྔ་བ་ཡོད་པས་ལེགས་པར་བྱུང༌། གཞན་དུ་ན་བ་དེ་ཆོས་སྒང་རང་ལ་ཡོད་པ་འདུག་ཅིང༌། བྲེལ་བ་མང་པོ་དང་ཡང་ཐུག་པ་ཅིག་ཀ་ཡོང་བ་འདུག རྒྱལ་བ་སེང་གེའི་སྐུ་སྐྱེ་རི་ཤིང་པ་ཡང༌། ཁམས་ཕྱོགས་ལ་འབྱོན་པའི་བློ་རྩེ་བྱས་འདུག་ཀྱང༌། འབྲི་གུང་ཙམ་ནས་ཤིན་ཏུ་བསྙུང་བའི་ཚུར་ལོགས་སྐྱིད་ཤོང་བྲག་དཀར་སྐེར་དུ་གཤེགས་འདུག དང་པོ་ངེད་ཀྱི་བརྟག་པ་དེ་བདེན་པར་བྱུང། དེ་རྗེས་ལུག་ལོ་གསར་བ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཡན་ལ། སངས་རྒྱས་རབས་བདུན་གྱི་ནང་ནས་བཅོམ་ལྡན་འདས་ཐམས་ཅད་སྐྱོབ་དང༌། ལོག་པར་དད་སེལ་དང༌། གསེར་ཐུབ་དང། འོད་སྲུང་གི་སྐུ་བརྙན་རྣམས་ཀྱང་གཟུངས་བཞུགས་ཕྱིན་ཆད་མཐའ་དག་མ་ཚང་བ་མེད་པར་གྲུབ། དཔལ་སངས་རྒྱས་ཐོད་པ་དང༌། ཡེ་ཤེས་དབང་ཕྱུག་མ་དང་ཕྱག་རྡོར་སྟོད་འགྲེལ་ལུགས་ཀྱི་བདེ་མཆོག་སྟེ། དཀྱིལ་འཁོར་གསུམ་པོ་དེ་རིམ་ཅན་དུ་ཞལ་ཕྱི་ནས་རབ་གནས་ཚར་རེ་བྱས། འདི་སྐབས་སྡེ་སྲིད་དབུས་ནས་བསམ་འགྲུབ་རྩེར་ཕེབས་དེ་རྒྱང་ཙམ་སོང་སྐབས་ཡིན། རབ་གནས་འདི་ཙམ་ལ་ཡོང་བ་ཡོད་ཞུ་བར་བཏང་ན། རབ་སྟོན་གཤེར་བར་སོང་དོགས་འཕྲོད་ཡེ་མ་ཕུལ་ནའང༌། མ་གི་ནས་ཐུགས་ཚོད་གནང་བ་དང་འགྲིག་སྟེ། རབ་སྟོན་མང་ཇ་སྦྲེལ་མ། ཚར་བཟང་པ། དར་འགྱེད་ཇ་འགྱེད། ངེད་ལའང་གཡངས་ཁྲེའུའི་དམ་ཁ་གཅིག་སོགས་བཟབ་མ་དང༌། ཀུན་དགའ་དཔལ་བཟང་ལ་ཡང་ཙན་དན་དམར་པོའི་རྒྱ་རྟགས་གནང་བ་སོགས་དང༌། བརྡ་མ་བཏང་བ་ལ་སྐྱེ་བོ་མང་པོ་རང་འདུས་པར་ཙམ་པ་དང་ངེད་རང་གི་ལག་ནས་སྐྱ་བཙུན་ཐམས་ཅད་ལ་ནས་འབོ་རྒྱག་སོགས་མདོར་ན། ཐོག་མའི་རྩིས་ལ་སྐབས་འདིར་རབ་གནས་གསངས་སེ་བྱས། དགའ་སྟོན་དང་བཅས་པའི་རབ་གནས་ཕྱིས་བྱེད་སྙམ་ནའང༌། འདི་སྐབས་རང་དུ་དགའ་སྟོན་བཟབ་རྒྱས་རང་ཤུགས་ལ་བྱུང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་ཕྱིས་བཞེངས་པ་བཞི་པོ་འདི་ལ། ཟངས་ཁལ་ཉིས་བརྒྱ་བདུན་ཅུ་སྐོར། གསེར་ཞོག་སུམ་སྟོང་དུ་ཉེ་བ། རྩི་རང་ལ་ཏི་ཚ་ཁལ་གཉིས་ཙམ། དངུལ་ཞོ་དགུ་བཅུ་ལྷག་ཙམ། ཤ་དཀར་ཞོ་བརྒྱད་ཅུ་ཙམ་དང་བཅས་པ་སོང༌། དགའ་སྟོན་ཐོག་ཡོན་རྫོངས་སུ། བཟོ་བོ་སྔར་གྱི་རྣམས་ལ། བཀྲ་ཤིས་ཁ་བཏགས་ཁ་བཞི་བཅུ། གསེར་སྲང་བཞི། གཡུ་རྣ་གཉིས། ཕོ་སྐོར་བཞི། གཡུ་ཉི་ཤུ། དངུལ་སྤྱི་གཉིས། དངུལ་ཕོར་གཉིས། རྟེན་ཁེབས་བཅུ། མ་ཎི་མའི་མཐོངས་ཡོད་
པའི་བླ་བྲེ་གཅིག བྱུས་སེར་པོ་ཡུག སྨན་ཚེ་ཡུག་བཅོ་ལྔ། གཞན་དར་ཡུག་བཅོ་ལྔ། སྨན་ཚེའི་ཡོལ་བ་གཉིས། སྨན་ཚེ་ཁ་འཁྱར་བརྒྱ་ཐམ་པ། དར་གཞན་ཁ་འཁྱར་སུམ་བརྒྱ། ཇ་སིག་བཞི་བཅུ། བསེ་སྒམ་ཆ། ཀ་ཅིའི་ཡོལ་བ། གཡས་ཤག་དང་འཇོང་དར་མ་བུ་འདྲེས་པ་བཅོ་ལྔ། གཙང་སྣམ་དབུ་སྣམ། སྟོད་རས་ཡུག་རྣམས་བཅུ་བཅུ། ཁ་ཤ སྤུན་འདབ། ཀ་ཡུགགོན་ཆེན། གོན་ཆུང་རྣམས་ཉི་ཤུ་ཉི་ཤུ། རས་ཡུག་སུམ་ཅུ། རྟ་གཅིགདྲེའུ་གཉིས། སྡེར་སྤྱད། དཀར་ཡོལ་བ་རི་ལ་སོགས་པ་ནོར་སྣ་ཕྲན་བུ་སྣ་ཚོགས་དང་བཅས་པ་སྦྱིན། དགའ་སྟོན་སྔ་ཕྱི་གཉིས་ཀར་ལ། བཟོ་བོ་ཉི་ཤུ་པོ་རེ་རེ་བཞིན་སྨན་ཚེ་ཚོན་རྫོགས་མ་ཁ་མདུད་རེ་ཡང་ལེགས་དར་གྱི་ཚུལ་དུ་སྤྲད། སྔར་བཞིན་སྐུ་གཟུགས་བཞེངས་པ་ལ་བྱ་བ་བྱས་པའི་དགེ་བ་ཐམས་ཅད་རང་ཤར་སྤྲོས་བྲལ་དུ་ངོ་ཤེས་པའི་སྒོ་ནས་བསྔོ་བས་འཕྲལ་དུ་རྒྱས་ཐེབས་པར་ཡང་བྱས། སྨོན་ལམ་དེ་དག་འགྲུབ་པར་འདུག་སྙམ་པའི་ངེས་ཤེས་ཀྱང་སྐྱེ་བར་བྱུང་ངོ༌། །རབ་གནས་ཀྱི་སྒང་ལ་ངེད་ལ་སྔ་མོ་ཞིག་ཆོས་དུ་མ་རེ་ཐོབ་ཟེར་བའི་རྟོགས་ལྡན་ཞིག་རྒྱ་གར་དུ་ཕྱིན་པའི་རྡོ་རྗེ་གདན་ནས་ཀྱང་རྒྱང་ཙམ་ལྷོར་ཕྱིན། ངེད་ཀྱི་བླ་མ་གང་བའི་རྡོ་རྗེས་བསྐུར་བ་ཡིན་ཟེར། དེ་བཞིན་གཤེགས་པ་མཉམ་བཞག་མཛད་པའི་རྡོ་སྐུ། སྔོན་རྡོ་རྗེ་གདན་གྱི་འཁྱམས་ཀྱི་ལྷ་ཡིན་པ་སྐྱོན་མེད་ཞིག་ཁུར་ནས་ངེད་ལ་གཏད། ནུབ་ཕྱོགས་ནས་ཡེ་ཤེས་སེམས་དཔའ་དངོས་སུ་བྱོན་པའི་རྣམ་པར་འདུག གཙང་ཁང་ཆེན་མོར་དིང་ཕོན་བུམ་གདན་མ་གསེར་མ་གསུམ་གྱིས་
གཙོས་པའི་བུམ་གདན་མ་བཅུ་དགུའི་བླ་བྲེ་དང༌། འདུ་ཁང་ཆེན་མོའི་ཀ་བ་སུམ་ཅུ་སོ་དྲུག་གི་ས་ལ་ཁེབས་པའི་བླ་བྲེ་བཟང་སྒྲིགས་ཆེན་མོ་ཉི་ཤུ་རྩ་བདུན། འོག་མིན་ལྷ་ཁང་ལ་དགུ་དང༌། རྒྱ་གར་ལྷ་ཁང་ལ་ཁ་ཐི་དང་བྱུས་ཡུག་སྒྲིགས་པའི་བླ་བྲེ་སོགས་ཀྱང་འབུལ་ཐུབ། དེ་ནས་ལུག་ལོའི་ཧོར་ཟླ་གཉིས་པའི་ནང་དུ་གཙང་དུ་སྡེ་སྲིད་རྒྱལ་བུའི་དྲུང་ཁྲི་ཐོག་ཏུ་ཕེབས་རྒྱུའི་ཐོག་ལ། ངེད་ལའང་འབོད་མི་ཕེབས་པ་ལྟར་ཚེས་གཉིས་ལ་རྟག་བརྟན་ནས་བཏེག་སྟེ། འཇད་ཀྱི་ནེ་སིང་དུ་ཞག་གཅིག་བསྡད་པའི་སྐབས། ཉེ་སྐོར་དེ་ཚོ་ནས་འཕྲད་མཁན་ཤིན་ཏུ་མང་བ་ཞིག་བྱུང༌། གསེར་སྡིངས་སུ་བསྡད་པའི་ནུབ་མོ། རྒྱལ་པོ་གནས་རྙིང་པའི་ཆོ་འཕྲུལ་བཙུན་གཞོན་བོང་རིང་ཤིན་ཏུ་མཛེས་པ། འཁོར་བན་དེ་དང་སྐྱེས་པ་བུད་མེད་བཟབ་ཆས་ཅན་ལྔ་བཅུ་དྲུག་ཅུས་སྐོར་བ་ཞིག་བྱས་དེ། ངེད་ལ་ཕྱག་ཅིག་ཕུལ། ཇ་ཞལ་ཅིག་དྲངས། ད་རེས་ཁྱེད་ཡོངས་པ་དེ་ངེད་ལ་བཀྲ་ཤིས། སྔར་གྱོད་ཁ་ཆེ་བ་ཞིག་ཡོད་པ་ངེད་རང་སང་འགྲོ་བ་འདུག གཞན་ཐབས་ཀྱིས་ཕར་ཡོལ་ཚུར་ཡོལ་བྱས་པ་ཡིན་ཟེར་བ་ཅིག་བྱུང༌། ཚེས་ལྔའི་ཉིན་མོ་བསམ་རྩེར་སླེབ། དེ་ཉིན་སྔར་གྱི་རྟོགས་ལྡན་སྨྱོན་པ་དེས། ངེད་ཀྱི་རྟ་གདོང་ནས་ཕར་སྐྱིད་ལ་ཟེར་འཁྲབ་ཀྱིན་རྒྱུགས། རྟེན་འབྲེལ་འཚུབ་ཙམ་དུ་འདུག་སྟེ་མངོན་འགྱུར་ནི་ཅང་མ་བྱུང༌། འགོང་པོ་དགའ་བའི་རྣམ་འགྱུར་དུ་ཡོང་བ་འདུག སླེབ་འཕྲལ་ནས་ཞག་གསུམ་གྱི་རིང་དེ་ལ་སྐུ་ཁྲུས་དང༌། དྲག་དབང་ཚེ་དབང་སོགས་ཅི་རིགས་པ་ཕུལ། ཚེས་བརྒྱད་ཀྱི་སྔ་ཐོག་གཟའ་སྐར་
བཟང་བ་ལ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཚོགས། ཁྲི་ཐོག་ཏུ་འཇོག་པའི་མངའ་གསོལ་དེ་ཕུལ། སྡེ་སྲིད་རང་ཡང་སྔ་གོང་སྟོབས་ཀྱི་རྒྱལ་པོ་ཡིན་པས། ཁྲི་འདོན་ཀ་དཔེ་མ་མ་གནང་བས། དགོངས་བཞེད་ལྟར་ལྷན་དུ་ཕུལ་བ་ཡིན། སྤྱི་བབས་བོད་ཀྱི་སྡེ་དཔོན་ཕལ་ཆེར་རང་འཚམས་ཀྱི་རྒྱལ་སྲིད་འཛིན་པ་དེ་སྲོལ་ཡིན་པ་འདུག འགའ་ཞིག་ལ་ཆེ་འདོན་བྱེད་པའི་སྲོལ་འདུག་ཀྱང༌། ཤིས་བརྗོད་རེ་ཙམ་མ་གཏོགས། ཆོ་ག་འདི་བྱེད་ཀྱི་ངེས་པ་མི་འདུག་ནའང༌། འཕགས་ཡུལ་ན་རྒྱལ་རིགས་དྲ་མ་རྒྱལ་སྲིད་དུ་བསྐོ་བ་ལ། རིག་བྱེད་ལས་འབྱུང་བའི་ཆོ་ག་འདུག་པ་དེ། དེ་དང་རིག་པ་མཚུངས་པ་ལ། ཆོ་ག་ནང་པ་སངས་རྒྱས་པའི་ལུགས་སུ་སྦྱར་ནས་སྐབས་འདིར་བྱས་པ་ལགས། དེ་ནས་ཞག་མང་པོའི་བར་དགའ་སྟོན་རྒྱ་ཆེན་པོས་ཁྱབ་པར་མཛད། སྒྱུ་མ་ལྟ་བུའི་རྩེད་སྣ་ཡང་མང་དུ་མཐོང༌། མི་འཚོགས་དང་གྲགས་པ་ཆེས་པས་འདྲེ་མི་མ་ཡིན་མང་པོ་འདུས་སམ་སྙམ་པ་འདུག །དེ་འདྲས་ནད་ཡམས་ལ་སོགས་པ་བྱུང་དོགས་འདུག་པ་ནས། འབྱུང་པོ་སྤྱི་གཏོར་དང༌། བགེགས་གཏོར་མང་ཙམ་བཏང་བས། སོ་སོར་གྱེས་པའི་རྣམ་པ་ཡང་ཤར། གཞན་ཡང་ཕྱི་ནང་གི་རྟེན་འབྲེལ་ཡིན་འདུག་པས། རྒྱལ་སྲིད་ཀྱི་བྱ་བ་བྱེད་པའི་མི་མ་ཡིན་སྔ་ཕྱི་ལས་ཚན་བརྗེ་བའི་རྣམ་པས་གསར་པ་མང་པོ་སླེབ། རྙིང་པ་སྐྲག་མདངས་གཟི་བརྗིད་ཅན་མང་པོ་ལཽག་འགྲོ་བའི་རྣམ་པ་འདུག བུད་མེད་ཟིལ་ཅན་གཅིག་སྔར་སྐྱིད་པོ་རང་བྱུང༌། ད་འགྲོ་ཟེར་འཁོར་མང་པོ་དང་
བཅས་ཕྱོགས་བྱང་ཤར་ལ་སོང་བའི་སྣང་བ་གསལ་བར་བྱུང༌། ཉིན་མོ་མི་འཚོགས་ཆེ་ཞིང༌། རྩེད་སྣ་ཟང་ཟིང་མང་པོ་དང༌། མཚན་མོ་འབྱུང་པོའི་ཟང་ཟིང་མང་པོས་དུས་འདས་ཀྱང༌། དེ་ཐམས་ཅད་འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ཚུལ་ལ་ངེས་ཤེས་སྐྱེད་པའི་བརྡ་དོན་ཁོ་ནར་བྱུང་བས། རི་ཁྲོད་དུ་བསྡད་པ་ལས་ཀྱང་ཉམས་མྱོང་ལ་བོགས་ཆེ་བ་ཙམ་ཤར། དགའ་སྟོན་གྱི་རིང་དེར། ས་ཆུ་དྲོས་པ་རང་ཞིག་བྱུང་བ་ལས། དེ་རྗེས་ཅུང་ཟད་བསིལ་དུ་སོང༌། ཟླ་བ་དེ་ཁའི་ཟླ་གཞུག་ནས་དྲག་པོའི་གཏོར་དབང་འདྲ་ཡང་ཕུལ། ཟླ་བ་དཀར་ནས་ཚེ་དབང་སོགས་ཐོག་མར་རྐྱེན་སེལ་ལ་ཕུལ་རྗེས། དབང་ངམ་རྗེས་གནང་སོགས་དབང་ཆོས་རྣམ་གྲངས་རེ་འཆག་མེད་དང༌། སྡེ་སྲིད་ཉིད་ཀྱི་དགོངས་བཞེད་ལྟར། མངོན་པར་རྟོགས་པའི་རྒྱན་གྱི་བཤད་པའི་ཆོས་ཐུན་རེ་ཡང་འཆག་མེད་དུ་བྱས་དེ། འཛིན་ཆོས་སྐྱོང་བ་དང༌། ཟིན་བྲིས་འདེབས་པ་ཡང༌། འདི་སྐབས་ཐུགས་བྲེལ་ཤིན་ཏུ་རང་ཆེ་བའི་སྐབས་སུ་འདུག་ཀྱང༌། འཛིན་ཆོས་དང༌། ཟིན་བྲིས་དང༌། མཐའ་གཅོད་ཀྱི་བཤད་པ་གསན་པ་སོགས་ཐུགས་རྩོལ་ཤིན་ཏུ་ཆེ་བ་མཛད། བཙུན་པ་ཀུན་ལ་འདི་འདྲའི་འདུན་པ་བྱུང་ན་འཚེད་པ་གདའ་སྟེ། ཞོགས་རྒྱུགས་རེ་ཡང་འཛིན་མི་ནུས། སྤྱི་ཆོས་ཐུན་རེ་ཡང་ཉན་མི་ནུས་པ་འདིས་ཕུང་གདའ། སྔོན་བསྟན་པ་དར་བྱ་བ་ཡང། བཙུན་པ་རྣམས་འདུན་པ་ཆེ་བའི་མིང་ཡིན། དེང་སང་ཆོས་ནུབ་བྱ་བ་ཡང༌། ཆོས་པ་རྣམས་སློབ་གཉེར་
སྒོམ་སྒྲུབ་གང་ལ་ཡང་འདུན་པ་མི་བྱེད་པ་འདི་ལ་ཟེར་བ་ཡིན། བོད་ན་བཙན་བཙུན་མང་ཉུང་རང་ཏ་ད་ལྟ་ཡང་ལྕོགས་ཙམ་གདའ་སྟེ། གྲུལ་བཏུབ་དེ་ཡེ་མི་གདའ། སྔོན་ཚངས་པར་སྤྱོད་པའི་རབ་བྱུང་དུ་མ་ཟད། དགེ་བསྙེན་དང་སྔགས་པ་དང༌། ཁྱིམ་བཙུན་ཚུན་ཆོད་ཀྱང༌། དཔེ་འདྲི་བ་དང༌། ལྟ་རྟོག་དང༌། བཤོར་སྤྱང་དང༌། ཆོས་ཞུ་བ་དང༌། ཉན་ཤད་སོགས་ལ་རྩོལ་བ་ཅན་མང་དུ་བྱུང་ཞིང༌། སྒོམ་སྒྲུབ་ལ་ཡང་རྩོལ་བ་ཆེ་བར་བྱུང༌། བསྟན་པ་གནས་པ་བྱ་བ་དེ་འདྲ་ལ་ཟེར་བ་ཡིན་པར་གདའ། ཐུགས་བྲེལ་ཆེས་པས་ཉིན་མོ་ཆོས་གསན་ལོང་མི་ཡོང་འདུག་པ། ཆོས་བཀའ་རྣམས་མཚན་མོའི་རིང་ཁོ་ན་ལ་མཛད་དེ། རེས་འགའ་འཛིན་ཆོས་གྲོལ་བ་ན་ནམ་ཕྱེད་ཡོལ་ལ་ཁད་སོང་བ་ཡང་ཡོང་གིན་འདུག ཟིན་བྲིས་ཕྱག་བྲིས་དེའི་རྗེས་སུ་མཛད་པས། ཐོ་རངས་ཙམ་དུ་འགྲོ་བ་ལན་མང༌། འདི་སྐབས་བྱང་ཞབས་དྲུང་ནོར་ཁྱུང་ཀླུ་སྡིངས་ནས་ཡར་ངམ་རིང་ལ་ཕེབས་སོང་བའི་སྐད་ཆ་ཚོར་ཏེ། ལྟས་ནི་ཤིན་ཏུ་འཚུབ་པར་འདུག ཁོང་རང་ལ་ནི་ཞུ་མཁན་མ་བཏང༌། གཞན་རྣམས་ལ་ནི་སྨྲས། ཚངས་ཆུག་བྱུང་ནས་འདི་ཡན་ཆད་དུ། ངེད་དང་འཕྲད་དགོས་པ་འདུག་གསུང་བ་ཞིག་ཡང་ཡང་བྱུང་ཀྱང༌། བཟང་བརྫུའི་ཟོམ་ཟོམ་དེ་ཀ་མིན་པ། བཤགས་པ་བྱེད་གསུང་པ་ལྟ་བུའི་ཁ་གསལ་ཅན་གང་ཡང་མི་འདུག་པས། ངེད་ཀྱིས་ཀྱང་ཟེམ་འགྲོས་ལ་བཞག་པ་ཡིན། ཡང་བར་སྐབས་སུ་སངས་རྒྱས་ཐོད་པ་དང༌། ཀྱཻ་རྡོར་མཚོན་ཆ་ཅན་
དང༌། ཡེ་ཤེས་དབང་ཕྱུག་མ་དང༌། བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང་སོགས་བྱས། ཀླུ་སྡིངས་གསར་བ་ལ་སྔར་ཆུ་ཐགས་ཤར་ཟེར་བ། བཀྲ་ཤིས་དགེ་འཕེལ་དུ་མིང་སྤོས་པ་ཡིན། ད་ཡང་དགེ་བ་འཕེལ་བ་དེ་མི་དགའ་བསམ་མིང་འདྲ་མིན་ཅིག་འདུག གཟིམས་ཁང་གི་རབ་གནས་སོགས་ལ་ངེད་ཡོན་མཆོད་ལྷན་དུ་ཕེབས་ཞག་གཉིས་བཞུགས། དེ་རྗེས་ཕྱག་ཏུ་འབྱོར་པའི་ཐགས་སྐུའི་རིགས་དང༌། སེའུ་སོགས་ཚེམ་སྐུའི་རིགས། སི་ཐང་གསར་རྙིང༌། གཞན་ཡང་ཐང་ཀའི་རིགས་ཤིན་ཏུ་མང་བ་དང༌། བཀའ་འགྱུར་ཧོར་པར་མ། གྲུབ་ཐོབ་བརྒྱད་ཅུའི་ཞལ་ཐང་གསར་བཞེངས། འབུར་སྐུ་ཡང་རྒྱ་བོད་སྣ་ཚོགས་པ་མང་པོ་དང་བཅས་པ་ལ། ས་གའི་ཟླ་བའི་ཚེས་བཅོ་ལྔའི་ཉིན་རབ་གནས་རྒྱས་པར་བྱས། ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་གནང་བ་སོགས་བཤད་ཚོད་དང་མཐུན་པར་མཛད། འབྲས་སྤུངས་དགའ་ལྡན་ཕོ་བྲང་བའི་ནང་ཟན་འགའ་ཞིག་དང་རྒྱ་ལེ་བའི་བུད་མེད་རྣམས་ལའང་བཙོན་དོང་དུ་འཇུག་པ་སོགས་བཀའ་སྐྱོན་པར་བྱུང་ཡང་ངོ་ཆེན་ཞུས་པས་བདེ་བར་ཁྲོལ། གཡོར་པོར་སིལ་མ་དང་འདའ་འུ་ནང་ནས་སྡེ་པ་གཞུང་གི་ཕྱག་ཏུ་གང་བྱུང་རྣམས་ངེད་ལ་མཆོད་གཞིས་སུ་སྦྱོར་འཇགས་གནང༌། བློན་ཆེན་བདེ་སྐྱིད་པར་བཀའ་སྐྱོན་འགངས་ཆེ་བ་རང་བྱུང་ནའང༌། ཞུ་ངོ་གང་དྲག་ཞུས་པས། གཉེར་ཁ་བཞེས་པ་མིན་པ་དེ་རེས་ལ་ཉེས་སྐྱཽན་གཞན་མ་བྱུང་བ་ཡིན། ཟླ་བ་ལྔ་པའི་ཚེས་བཞི་ལ་ཡར་བཏེགཆུ་བྱང་རྒྱུད་བྱས་དེ་ལམ་འགོལ་ཞིང་སྐྱིད་པའི་ངང་ནས། ཚེ་བརྒྱད་ཀྱི་སྔ་ཐོག་རྟག་བརྟན་དུ་སླེབ། བཅོམ་ལྡན་འདས་སངས་རྒྱས་དཔའ་བོ་བདུན་གྱི་རབ་གནས་ཞལ་དྲོ་ཆེན་མོ་དེ། ཟླ་བ་དེ་ཀ་ལ་བྱས་
ན་ཕྱོགས་ནས་ཡོང་མཁན་རྣམས་དུས་ཐུག་སྟེ་མི་འཆོམས་པར་འདུག་པས། ཧོར་ཟླ་དྲུག་པའི་ཡར་ཚེ་དགེ་བ་ཅིག་ལ་བྱེད་པར་བྱས་དེ་བར་དུ་ཆོས་ཐན་ཐུན་འདྲ་བཤད། བྱང་ནས་ཞབས་དྲུང་ཤིན་ཏུ་སྐུ་བསྙེལ་བའི་སྐུ་རིམ་ལ་དགོན་ཡར་མར་དུ་མང་ཇ་དང༌། ངེད་ལའང་ད་རེས་བཤགས་པ་འབུལ་བ་ཡིན་པས། ངམ་རིང་དུ་ཡོང་དགོས་གསུང་བ་བྱུང་བ་ནའང༌། བཤགས་པ་ནི་ལེན་པར་སྤྲོ་ཡང་ཡར་ཕྱོགས་འགྲོ་ནི་མ་ཐུབ། སྐུ་རིམ་དེ་ལའང་སེལ་གྱི་རྣམ་པ་ཡོད་ངེས་ཤེས་པའི་འུ་ལག་པ་མི་གསུམ་ལ་སྐྱོན་པར་བྱུང༌། སྒེར་པ་རྗེ་དྲུང་རྟོགས་ལྡན་པ་འབྱོར་པ་ལ་ཡང༌། ཁོང་གིས་སྔར་མ་ཐོབ་པའི་ཤངས་ཆོས་ཀྱི་འཕྲོ་འདྲ་རིམ་པས་བཤད། རི་ཁྲོད་ཆེན་པོར་སྒྲུབ་སྡེ་ལ། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་དང༌། སྤྱན་རས་གཟིགས་ཀྱི་རྗེས་གནང་གི་རིགས་མང་ཙམ་བྱས། གཏིང་སྐྱེས་ནས་སྡེ་པ་རྒྱལ་བུའི་དྲུང་དང་ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་དཔོན་ས་ཡུམ་སོགས་ཀྱང་རབ་གནས་ཀྱི་དགའ་སྟོན་དང་ལེགས་ཇ་གནང་བར་ཕེབས། ཚེས་བརྒྱད་ཀྱི་ཉིན་གཟའ་སྐར་སོགས་འགྲུབ་སྦྱོར་བཟང་བ་ལ། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ངག་གི་དབང་ཕྱུག་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཞལ་ཕྱེ་ནས་རབ་གནས་དངོས་གཞི་སྒྲུབས། དེའི་ནང་པར་རབ་གནས་རྗེས་ཀྱི་བྱ་བ་རྣམས་བྱས། འཇའ་འོད་དང་མེ་ཏོག་གི་ཆར་འབབ་པ་ཉི་མ་བསྟུད་མར་བྱུང་བ་སོགས་ཕྱི་ལྟས་ནང་ལྟས་
ཐམས་ཅད་ལེགས་པར་བྱུང༌། རང་རེའི་ལག་ནས་བཏང་བ་དང༌། ཕྱོགས་ཀྱི་ཟུར་འདྲེན་སོགས་དགའ་སྟོན་ཉིན་ཞག་མང་པོ་འབྲེལ་བ་ལ། རྟག་བརྟན་རང་གི་ཚོགས་པ་དངོས་རྣམས་འདུ་ཁང་ཆེན་མོ་ཁེངས་པ་དང༌། སྒྲུབ་སྡེ་རྣམས་གཞལ་ཡས་ཁང་གི་ཁྱམས་སུ་འཚོག་ས་མཛད། དེ་མིན་རང་རེ་ལ་གཏོགས་པའི་དགོན་ཐ་དད་པའི་གྲྭ་བཙུན་སྣ་ཚོགས་པ་རྣམས་ཆོས་བཟང་གི་རྡོ་བཅལ་དུ་འཚོགས། དེ་ལ་སུ་འདོད་ཡོངས་ཆོག་པའི་ཚོགས་ཡངས་པར་བྱས། ཡོངས་གྲིལ་བ་ལ་ཧཾ་རྒྱག་ཙམ་མ་ཡིན་པར་རེ་རེ་ནས་བགྲངས་པ་ལ། སེར་མོ་བའི་ཁུལ་དུ་སྟོང་ཕྲག་གསུམ་ལྷག་བཅས་ལ། ཉིན་རེ་བཞིན་མང་ཇ་གང་ཐོངས་ཐོངས་དང༌། ཚ་གྲོ་མར་ཐུད། འཁུར་བ་སོགས་དང་དགའ་སྟོན་དངོས་གཞིའི་ཉིན་བུར་བསྒར་མཐོ་གྲུ་བཞི། རྩམ་ནས་ཁལ་འགྱེད། དངོས་པོའི་ཕྱག་འགྱེད་བཟབ་པ་དང༌། གཞན་གཏིང་སྐྱེས་ནས་ཞལ་ངོ་རེ་རེས་མང་ཇ་འགྱེད་བཅས་ཏེ། གཞན་ཡང་གྲྭ་རིགས་མཆོད་གཞིས་ཀྱི་ཁུལ་ནས་ཟུར་འདྲེན་དགའ་སྟོན་གྱི་འབུལ་བ་སོགས་རྣམ་གྲངས་མང་བ་དང༌། མཆོད་གཞིས་པས་གཙོས་པའི་སྟོད་སྨད་ཐམས་ཅད་ནས་འདུས་པའི་སྐྱེ་བོའི་ཚོགས་དགའ་སྟོན་ལེན་པ་དང༌། རྟེན་མཇལ་བར་འོངས་པ་ཆེས་ཚོགས་ཆེ་བར་འདུས་པ་རྣམས་ལ་གྲོ་བཞེས། ཆང་གང་འཐུང༌། བུ་རམ་འཁྱིད་གྲུ་བཞི་ནས་འབོ་སོགས་དགའ་སྟོན་རྒྱ་ཁྱོན་ཆེ་ཞིང་བྱིངས་ཆགས་པ་འཐབ་རྩོད་སོགས་ཉེས་སྐྱོན་ཡེ་མེད་པའི་འཇམ་པ་རང་ཅིག་བྱུང༌། དེ་མཚམས་ཡེ་ཤེས་སེམས་དཔའ་དངོས་སུ་བྱོན་པའི་ཕྱི་རྟགས་སྐུའི་བྱིན་ཕེབས་
པའི་རྟེན་འབྲེལ་དུ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་ཐུབ་པའི་རྡོ་སྐུ་འདི། བླ་མ་སྨན་ཆུ་བས་སྤྱན་དྲངས་ཏེ་འདིར་བྱོན། ཕྱིས་ཀྱི་མ་ཕྱི་སོགས་དགོན་པའི་སྤྱི་ཐེས་སུ་དགོངས་ནས་སྡེ་སྲིད་ཀྱིས་བཀའ་འགྱུར་ཡོངས་རྫོགས་ཞིག་གནང་བ་ཡང་དགའ་སྟོན་ཐོག་མའི་ཉིན་འབྱོར་བ། གསུང་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟེན་འབྲེལ་འགྲིག་ཅིང༌། གསུང་རྡོ་རྗེའི་ཡེ་ཤེས་ཕེབས་པར་ངེས་ཤེས་སྐྱེས། བར་སྐབས་དེར་ཤེར་སྙིང་གི་འགྲེལ་བ་ཆུང་བ་དང༌། ཆེ་བ་དེ་ཡང་སུམ་གཉིས་ཙམ་ཞིག་བྲིས་ཐུབ། འདི་སྐབས་བྱང་ཞབས་དྲུང་ཡང་ཟླ་བ་དྲུག་པའི་ཚེས་བདུན་ལ་སྐུ་གཤེགས་པའི་སྐབས་འདིར་བསྔོ་རྟེན་དང༌། སྐུ་བྱང་ཅིག་ཀྱང་གཅོག་དགོས་བར་བྱུང་བ་ལུགས་གཉིས་ཀར་ནས་འབྲེལ་བ་ཤིན་ཏུ་ཆེ་བས་སྐུ་སྒྲིབ་སྦྱངས་ཐབས་དེ་སྐྱོ་ཤས་དང་འབྲེལ་བ་ཅིག་གི་ངང་ནས། དམིགས་སུ་གང་འགྲོ་སྙིང་ཐག་པར་བྱས། ཅུང་ཟད་ཕན་ཐོགས་པར་མངོན་པ་ཅིག་བྱུང༌། འདི་སྐབས་ཀྱང་གཙང་སྡེ་སྲིད་ནས་གཡུ་རྩེ་ས་རི་ས་སྐོར་ཐམས་ཅད་ཐོག་མ་མཛོད་པ་ཀུན་དགའ་དཔལ་བཟང་ལ་གནང་བ་ཡིན་ནའང༌། རྟག་བརྟན་དུ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་ཐེས་བསྟན་པ་ནམ་གནས་སྦྱོར་བ་གནང༌། དེ་རྗེས་རྟག་བརྟན་གྱི་དབྱར་ཆོས་ལ་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོ་དྲིལ་བུ་པའི་ཁྲིད་རིམ་པ་ལྔ་པ། ནག་པོ་རིམ་བཞི་ལམ་སློང་ཆེན་མོ། དཔྱལ་ལུགས་ཀྱི་ཕག་མོ་སྒོམ་དྲུག་གི་འཁྲིད། རྩ་དབུ་མའི་ཁྲིད། ནཱ་རོ་མཁའ་སྤྱོད་ཀྱི་ཐུན་མོང་མ་ཡིན་པའི་ཁྲིད། བདེ་
མཆོག་དཀར་པོའི་བྱང་ཆུབ་སྒྲུབ་ལམ་གྱི་འཁྲིད་དང་ཚེ་ཁྲིད་གཉིས། བདེ་མཆོག་ལྷན་སྐྱེས་ཀྱི་ཁྲིད། མ་ཧཱ་མཱ་ཡའི་ཁྲིད། སངས་རྒྱས་ཐོད་པའི་ཁྲིད། རྡོ་རྗེ་གདན་བཞིའི་ཁྲིད་དེ་མ་རྒྱུད་ཀྱི་ཁྲིད་རྣམ་གྲངས་མི་འདྲ་བ་ཁུངས་དང་ལྡན་པ་བཅུ་གཅིག་དང༌། ཨོ་ལ་པ་ཏིའི་འགྲེལ་པ་རང་ཉིད་ཀྱིས་སྦྱར་བ་དེ་ཀའི་སྟེང་ནས། ལུང་དང་བཤད་པ་རྒྱས་པ་ཚར་གཅིགཚེ་མདོའི་འགྲེལ་པའི་བཤད་པ་དང་ལུང་རྣམས་བྱས། དེ་ནས་ཧོར་ཟླ་དགུ་པའི་སྟོད་ལ་གཏིང་སྐྱེས་ནས་སྡེ་པ་མ་ཆེན་ཡང་གནས་མཇལ་དང་ངེད་འཕྲད་པར་ཕེབས། སྒྲུབ་སྡེ་ཆོས་སྡེ་གཉིས་ཆར་དུ། མང་ཇ་འགྱེད་བཅས་རྣམ་གཞག་བསྔོ་རྟེན་སོགས་ཁྱད་པར་ཅན་སྒྲུབ་པར་མཛད། ཚེ་དབང་རིགས་གཉིས་བརྒྱ་རྩ་དང༌། རྐྱེན་སེལ་གྱི་རྗེས་གནང་ཅི་རིགས་པ་དང་འཁོར་ལོ་བདེ་མཆོགནག་པོ་ལུགས་ཀྱི་དབངདང༌། རྣལ་འབྱོར་མའི་བྱིན་རླབས་སོགས་གསན། དུས་སྟོན་གཞུང་ཡིན་ཀྱང་དགུན་ཆོས་དང་སྦྲགས་པ་ལ། བདེ་མཆོག་འཁྲུལ་སྤོང་དང༌། རྡོ་རྗེ་མཁའ་འགྲོ་དང༌། སྡོམ་པ་འབྱུང་བ་དང༌། འཁོར་ལོ་སྒྱུར་དྲུག་དང༌། སྦྱངས་པའི་ཡོན་ཏན་མ་དང༌། དྲིལ་བུ་ལྷ་ལྔ་དང༌། འཇམ་པའི་རྡོ་རྗེ་དང༌། བོང་ཞལ་ཅན་དང༌། ཕྱག་རྡོར་སྟོད་འགྲེལ་ལུགས་ཀྱི་རྩ་དཀྱིལ་དང་ཕག་མོ་ལྷ་སོ་བདུན་མ་སྟེ་བདེ་མཆོག་ཡབ་ཡུམ་དུ་གཏོགས་པའི་དབང་བཀའ་བཅུ་པོ་དེ་རྣམས་ཚོགས་པ་ཐམས་ཅད་ལ་བསྐུར། གཏིང་སྐྱེས་ནས་སྡེ་པའི་དྲུང་གིས་ཀྱང་དེ་ཐམས་ཅད་ཞོར་ལ་གསན། དེ་ནས་བར་སྐབས་དེར་རི་ཁྲོད་ཆེན་མོར་མཚམས་ཞག་བཅུ་སྐོར་ཞིག་བྱས། རང་རེ་བསམ་འགྲུབ་རྩེ་ནས་འཁོར་བ་ནས་གཟུང་འདི་བར་
དུ། སྒོ་ཁང་གི་ལོགས་བྲིས་ཆོས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་དང༌། གཙང་ཁང་གི་ལོགས་བྲིས་དཔལ་དུས་ཀྱི་འཁོར་ལོ་དང་དཔལ་འཁོར་ལོ་སྡོམ་པ་དང༌། རྡོ་རྗེ་འཇིགས་མཛད་ལ་སོགས་པ་སྔགས་སྐུ་གཙོ་ཆེ་བའི་ལོགས་བྲིས་ཡོངས་རྫོགས་དང༌། འཇམ་དབྱངས་ལྷ་ཁང་གི་ལོགས་བྲིས་འཕྲོས་དང༌། ཨོ་རྒྱན་མཁའ་སྤྱོད་ལྷ་ཁང་གི་ལོགས་བྲིས་ཕྱེད་ཙམ་དང༌། སྨན་བླ་ལྷ་ཁང་གི་སྐྱ་རིས་ཙམ་གཞི་སྡོད་ཀྱི་ལྷ་རིས་པ་རྣམས་ཀྱིས་གྲུབ་པ་ཡིན། དབོན་པོ་བསོད་ནམས་སོགས་ཀྱིས་ཕྱག་རྡོར་ལྷ་ཁང་གི་གྱང་རིས་གྲུབ་ཅིང༌། གནོད་སྦྱིན་ནོར་ལྷའི་ལྷ་ཁང་གི་སྐྱ་རིས་ཙམ་ཐེབས་སོ། །ངང་པའི་རྒྱལ་པོའི་རྣམ་པ་ཅན་གྱི་གྲུ་ཤན་བཟང་པོ་ཅིག་ཀྱང་འགྲོ་བ་རྣམས་འཁོར་བའི་ཆུ་བོ་ལས་སྒྲོལ་བ་མཚོན་བྱེད་དུ་ལེགས་པར་བཙུགས། བལ་པོ་བཟོ་བོ་བདུན་ཙམ་གྱིས་ལུགས་སྐུ་ཐན་ཐུན་མང་རབ་དང༌། གཙོ་བོ་བཅོམ་ལྡན་འདས་ཀྱི་རྒྱབ་ཡོལ་འོད་སྐོར། རྒྱུ་གསེར་ཟངས་དངུལ་གསུམ་ལས་གྲུབ་པ་སངས་རྒྱས་ཀྱི་སྐུ་གཟུགས་བཅུ་གཅིག་གིས་མཛེས་པར་བྱས་པ། འཕྲ་རྒྱན་ཁྱད་པར་ཅན་དུ་མས་ཡོངས་སུ་སྤྲས་པ་འདི་བཞེངས་ཐུབ། མཆོད་རྫས་ཀྱི་ཁྱད་པར་མཆོད་རྐོང་ཆེན་མོ་དང༌། རྟིང་ཆེན་མོའི་རིགས་འགའ་རེ་ཡང་བཅོས། རི་ལོགས་ཀྱི་སྤྱིལ་བུ་རྣམས་གཙོ་བོར་གྱུར་པའི་སྤྱིལ་པོ་བཞི་བཅུ་སྐོར་ཐེབས། གཞན་ཡང་ལས་ཀ་གྲུབ་ཆེ་བར་བྱུང༌། ལས་མི་ཉུང་ཡང་ལས་མི་མང་པོའི་དུས་
དང་འདྲ་བ་རང་བྱུང་ངོ༌། །འདི་སྐབས་གཅིག་ལ་ལུང་ནག་ཤེལ་དཀར་དུ་ཚུར་གྱི་མཐུ་བཟློག་དང་ཕར་ལ་དྲག་ལས་གཉིས་ཀར་ཡིན་རྒྱུའི་ཁུངས་ཀྱིས་སྒྲམ་སྒྲམ་སིལ་སིལ་མང་པཽ་ཞིག་བྱས་པའི་གྲུབ་འབྲས་ལ། དཔོན་མོ་དེ་གཟའ་གདོང་ཐུག་བྱུང་ནས་གློ་བུར་དུ་འདས། བསྔོ་རྟེན་སྐྱེལ་མཁན་བྱུང་བས། ངེད་ཀྱིས་ཀྱང་མ་ལེགས་སྐྱེལ་བཟབ་པ་ཞིག་བྱས། དེ་ནས་སྔར་ཁྱུད་ལྟར་དགུན་གྱི་འཁྲིད་ཀྱང་བཙུགས། རྟ་ལོ་ལུག་ལོའི་དགུན་ཁྲིད་འདི་གཉིས་ལ། རྟག་བརྟན་དང་རི་ཁྲོད་ཀྱི་ཆོས་མཉམ་པོར་ཚུགས་པ་དེ་ནི་མ་ཐུབ། འདི་ལོ་སྡེ་པ་བསྟན་པའི་རྒྱལ་མཚན་གྱིས་དམ་པོ་མཛད་པ་ཡིན་ཞིང༌། སྐྱེས་རྒྱལ་གྲྭ་རིགས་དམ་པོ་བྱེད་མཁན་ཤིན་ཏུ་མང་བར་བྱུང༌། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་ལ་འདི་རས་སྔ་ཕྱིར་ལམ་འབྲས་ཀྱི་གདམས་ངག་ཡོངས་སུ་རྫོགས་པ་དང༌། ནཻ་གུའི་ཁྲིད་དང་བྱིན་རླབས་ཆ་ཚང་བ་ཞིག་དང༌། མ་ཧཱ་མཱ་ཡའི་རྒྱུད་ཀྱི་བཤད་པ་ཞིབ་མོ་སྨོན་ལམ་རྣམ་གསུམ་ལ་རང་རེའི་ཊཱི་ཀའི་སྟེང་ནས་བཤད་པ་འཛུག་ཁྲིད། བཀའ་བབས་བདུན་ལྡན་གྱི་གཞུང་གི་བཤད་པ་ཕྱེད་ཙམ་དང༌། མན་ངག་ཡང་དེ་ཙམ་བཤད། རྒྱུད་སྡེ་ལྔ་དང་ཀུན་རིག་ལ་སོགས་པའི་དབང་བསྐུར་ཡང་བྱས། སྐབས་འདིར་ཤེར་སྙིང་ཊཱིཀ་ཆེན་གྱི་འཕྲོས་ཀྱང་རྫོགས་པར་བྲིས་པ་ཡིན། དུས་ཁྲིད་གྲོལ་ནས་མཚམས་དམ་པོ་རྒྱང་ཙམ་ཅིག་ཀྱང་བྱས། སྨོན་ཐང་མཁན་ཆེན་བྲག་དཀར་ཆོས་རྗེ་ཡང་གློ་བོ་དང་སེ་རིབ་ཕྱོགས་ཀྱི་གྲྭ་རྒྱུན་གསར་པ་དང་བཅས་ལེགས་པར་འབྱོར། མཁན་ཆེན་ལྷུན་རབ་པས་དགོས་མེད་ལ་དགེ་རྒན་ཚོ་ལ་ངན་སློབ་ཞལ་ཏ་དངོས་སུ་བཅུགའདིར་ཡོང་མཁན་
གྲྭ་པ་ལྔ་ཙམ་གཞན་ལ་སྐྱོགས་འདུག དེ་ནས་གློ་བོ་བ་ཚོས་མང་ཇ་འགྱེད་བཅས་བསྔོ་རྟེན་རྣམ་གཞག་སོགས་བཟབ་རྒྱས་སུ་བྱུང༌། ཡང་འདི་སྐབས་མཆོད་གཏོར་བཤམས་ཤིང་གསོལ་བ་བཏབ་པས་ལེགས་པའི་མཚན་མ་ཡང་བྱུང་ཞིང༌། ཁྱད་པར་འཕགས་བ་འཇམ་དཔལ་གྱིས་གནང་བ་བསྩལ་བའི་རྨི་ལྟས་ཅིག་ཀྱང་བྱུང་ནས། གསང་འདུས་རིམ་ལྔ་ལ་ཊཱིཀྐ་ཞིབ་པ་འདི་བརྩམས་པ་ཡིན། འདི་འབྲི་བ་ལ་ཉི་མ་ཉི་ཤུ་རྩ་ལྔ་སོང༌། སྐབས་འདིར་མདོག་སྨོན་འགྲོ་བའི་རྒྱལ་བུ་ཚེ་དབང་ལྷུན་གྲུབ་པ་ཡང༌། བསམ་འགྲུབ་རྩེའི་ཞོལ་དུ་རྐྱེན་དྲག་པོ་ཐོག་བབས་ཀྱིས་གློ་བུར་དུ་འདས་འདུག་པས། བསྔོ་རྟེན་དུ་ཡི་དམ་ཆོས་སྐྱོང་གི་སྐུ་འགའ་ཞིག་བྱུང༌། ཨ་ཕས་བུ་ལ་དུག་བཏང་བ་ཡིན་ཟེར་བའི་གཏམ་ནི་འདུག གལ་ཏེ་མིན་ན་བཀའ་ཆད་རང་ཡིན། དེ་རྗེས་བྱང་ནས་དཔོན་སའི་དྲུང་ལ་གཏིང་སྐྱེས་ནས་ཡབ་ཡུམ་རྣམས་ཀྱིས་ཀྱང་ངོ་ཆེན་མཛད་པ་སོགས་ནས། བཤགས་པ་ཁ་གསལ་མཛད་དེ་ཕེབས། སྡེ་གཉིས་སུ་མང་ཇ་རྙེད་བཀུར་སོགས་མཛད། ཅུང་ཟད་འཚུབ་ཆ་ཡོད་པ་གཅིག་ཀ་ནི་བྱུང༌། སུན་འབྱིན་བའི་སྟོབས་དང༌། སླར་བཟློག་པའི་སྟོབས་ནི་ཡོད་ཡོད་མི་འདྲ། ཕྱི་ལྟར་མཛེས་ཆའི་དབང་དུ་གདའོ། །དེ་མཚམས་རྒྱལ་རྩེ་བླ་མའི་ཞབས་དྲུང་དང་མདོག་ཆོས་འཁོར་སྒང་གི་སློབ་དཔོན་དང༌། གཞན་དགེ་བཤེས་འགའ་ཤས་དང༌། ཁྱད་པར་སྐབས་འདིར། སྨོན་ཐང་ནས་མཁན་ཆེན་བྲག་དཀར་ཆོས་རྗེའི་དྲུང་ཡང་དབུས་འཁོར་ནས་ཕེབས་པ་སོགས་དོན་གཉེར་མང་དག་གཅིག་ལ། ཕྱག་
རྒྱ་ཆེན་པོ་གའུ་མ་དམིགས་པ་གང་ངེས་ངེས་དང༌། གཞན་ཡང་ལམ་ཁྱེར་འཆི་མེད། མཁའ་སྤྱོད་སོགས་ཤངས་ཆོས་ཕྲན་ཚེགས་རྣམས་དང༌། བླ་མའི་དྲུང་དང་སྨོན་ཐང་མཁན་ཆེན་གཉིས་ལ། མགོན་པོ་ཕྱག་བཞི་པའི་ཕྱི་སྒྲུབ་ནང་སྒྲུབ་ཀྱི་ལུང་ཁྲིད་རྣམས་ཡོངས་སུ་རྫོགས་པར་བྱས། འདི་སྐབས་ལུང་ནག་ཤེལ་དཀར་བ་གསར་པ་ནང་སོ་རྒྱ་གན་པ་རྣམས་དབང་ཐང་ཁས་དྲག་དཔུང་པ་ཡོད་འཕྲོ་རང་དེ། ཇ་སྦྱོར་གཅིག་གི་སྒང་ལ་ཐམས་ཅད་སྡིབ་ཅིང་ཞིག་པའི་རྨི་ལམ་རྨི་འཕྲོ་ལ་གཉིད་སད་པ་འདྲ་བ་དེ་བྱུང་བའི་སྐབས་ཡིན། རྐྱེན་འདིས་སྤྱིར་སྟོད་སྨད་ཀྱི་མང་པོ་ཞིག་ལ་སྡིབ་སྟོང་དང༌། ཁྱད་པར་སྔ་སོར་བྱང་གི་མངའ་ཞབས་སུ་གཏོགས་པ་ཤས་ཆེ་བའི་ཁུལ་ནས། བླ་མ་སློབ་དཔོན་དགོན་སྡེ་རིགས་དཔོན་སྐྱ་ཆེ་ཆུང་མང་པོ་ཞིག་ལ། རེ་བ་འབྲས་མེད་དང་བྱས་པ་མདོ་མེད་བྱུང༌། ཆ་གཅིག་ནས་བློ་བརྟད་པས་ཆོག་སར་མི་གཏོད། ལོག་མིན་གྱི་མགོ་བརྟོད་དང༌། ཅི་མིན་གྱི་རྒྱུ་འགྲུལ་རིམ་པོ་ཁོག་ངན་བློ་ཉེས་དེ་ཚོལ་མཁོ་ཡང་མཁོ་བར་གདའ། དེ་རྗེས་གཞན་ཡང་སྨོན་ཐང་མཁན་ཆེན་སོགས་ལ་ཆོས་སྣ་ཐན་ཐུན་མང་དག་བཤད། དབང་ལྡན་ལྷ་ཁང༌། འབར་འཛིན་ལྷ་ཁང་གཞལ་ཡས་ཁང་རྣམས་ཀྱི་ལོགས་བྲིས་ཚུགས་ཤིང༌། བཀའ་འགྱུར་བཞེང་བའི་ཡིག་མཁན་ཕལ་ཆེར་སླེབ། ཡིག་གྲ་ཡང་ཚུགས། སྔ་སོར་དགུན་ནས་བརྩམས་ཏེ་ནམ་དུས་དགའ་ལོད་ལ་མ་ལྟོས་པར། ཟབ་ཆེན་གྱི་སྐུ་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་ལྷ་ལྔ་ལྷ་མགྲོན་འོད་དཔག་མེད། བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་དཔངས་སུ་ཐོག་སོ་བཅུ་
གཅིག་གི་རྩིས་ཆུ་ཞིང་གབ་ཅིང༌། ཁ་ཐི་དང་བྱུས་སོགས་ཤས་ཆེ་བའི་རྒྱུ་ཚོགས་བཟང་པོར་བཅས་པ་འདི་ཡང་སྐབས་དེར་ལེགས་པར་གྲུབ། ཐོག་མར་གཙུག་ལག་ཁང་དུ་ཞལ་ཕྱེ་ནས་རབ་གནས་བགྱིས་ཤིང༌། དེ་རྗེས་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གཙུག་ལག་ཁང་གི་ཤར་ཕྱོགས་ལ་བཀྲམ་སྟེ་ཕྱག་མཆོད་བཟབ་པ་ཞིག་བྱས། ཆོས་སྡེ། སྒྲུབ་སྡེ་སྐྱེ་བོའི་ཚོགས་ཤིན་ཏུ་མང་བ་དང་བཅས་པ་ལ་རྟེན་མཇལ་བཏང༌། དེ་ནུབ་གང་ཆེ་བ་བབས། རྒྱལ་ཁམས་དཀར་པོར་གྱུར་པའི་རྟེན་འབྲེལ་དང༌། ཆོས་བདག་མོ་མཉེས་པའི་ཆོ་འཕྲུལ་དུའང་གདའ། དེའང་དམ་ཚིག་གསུམ་བཀོད་འདི་བྱ་རྒྱུད་ཀྱི་རྩ་བ་ལྟ་བུ་ཡིན་ནའང༌། ཐ་ན་འདིའི་བྲིས་ཐང་ཙམ་ཡང་དཀོན་པར་འདུག་པས། སྐུ་བཞེངས་པ་སོགས་ཀྱི་མིག་ལྟོས་ལ་ཕན་ནམ་སྙམ་པ་དང༌། རང་ཡང་ལྷག་པར་འདི་ལ་མོས་ཤིང༌། གཞན་ཡང་འདི་ནི་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ། སྔགས་ཀྱི་དབང་བསྐུར་མ་ཐོབ་པ་རྣམས་ཀྱིས་ཀྱང་བཟླས་བརྗོད་བྱར་རུང་ཞིང༌། གཙང་སྦྲ་མ་བྱས་ཀྱང་གཙང་སྦྲར་འགྱུར་བ་དང༌། ཚུལ་ཁྲིམས་དང་མི་ལྡན་ཡང༌། ཚུལ་ཁྲིམས་དང་ལྡན་པར་འགྱུར་བ་དང༌། དཀྱིལ་འཁོར་དུ་མ་ཞུགས་པའང་དཀྱིལ་འཁོར་དུ་ཞུགས་པར་འགྱུར་བ་སོགས་ཕྱི་མའི་དུས་ཀྱི་སེམས་ཅན་ལ་ཤིན་ཏུ་ཕན་ཐོགས་ཆེ་བ་ཞིག་ཡིན་པར་གསུང་པས་དེའི་དབང་དུ་བྱས་པ་ལགས། དེ་ལ་ངཻད་ཀྱིས་སོགས་འགྲུལ་དང༌། འབུལ་སྡུང་གཏོང་བ་དང༌། ཚོང་པ་གཏོང་བ་སོགས་ནི་ཡེ་མ་བྱས། སྡེ་སྲིད་གཙོ་བོར་གྱུར་པའི་གཞན་ཐམས་ཅད་ནས་ཅི་རིགས་ཅི་རིགས་བྱུང་བའི་
དར་ཟབ་ཀྱི་རིགས་བུང་བས་མེ་ཏོག་གི་ཚོགས་ལས་སྦྲང་རྩི་ཐོབ་པ་ལྟར་བྱུང་བ་རྣམས་ལ་བཞེངས་པ་ཡིན། མ་བྱིན་པར་བླངས་པ་དང༌། གཡོ་སྒྱུ་ཁྲམ་གསུམ་རྐུ་འཕྲོག་སྐྱིས་གསུམ་སོགས་མི་འོས་པའི་རྫས་གང་དང་ཡང་མ་འདྲེས་པས་དགེ་བ་གཙང་དག་ཁོ་ན་ཡིན་ཞིང༌། དེ་ཀས་བྱིན་རླབས་ཀྱང་ཆེ་བར་བདོག་གོ །དེ་རྗེས་ལྷ་ཁང་སོ་སོར་འཇིམ་བཟོ་ཅི་རིགས་པ་ཡང་འགོ་ཚུགས་ཤིང༌། གཙང་ས་ནས་སྡེ་སྲིད་ཡར་དགས་ཕྱོགས་ལ་དཔུང་འདེགས་སུ་ཉེ་བའི་སྐབས། སྡེ་སྲིད་ཞབས་དྲུང་ནས་ཁོར་ཙམ་ཡོང་དགོས་གསུང་བའི་འབོད་མི་གནང་བྱུང་བ། ཚེས་གཅིག་ལ་བཏེགས། ལམ་ཐམས་ཅད་དུ་ཁ་བ་ཆེན་བོ་འབབ་པ་དང༌། ཁྱད་པར་བོ་དོང་བཀྲ་ཤིས་སྒང་ནས་གསིང་མའི་བར་ལ་ཉིན་ཟང་གིས་ཁ་བ་ཆེན་པོ་བབས། འདི་སྐབས་ལུང་ནག་གི་རྫོང་བསྒྱེལ་ཚུགས་འདུག སྒང་དགུ་སྐྱོང་དགུའི་སྨད་དེར་རྒྱ་གན་པའི་ནང་སོ་བསམ་འགྲུབ་བྱོན། སྡེ་སྲིད་དུ་ངོ་ཆེན་དགོས་ཚུལ་དུ་འདུག ཚེས་གསུམ་ལ་གཞིས་ཀ་རྩེར་འབྱོར་ཞིང༌། བསུ་བ་ལ་སྡེ་སྲིད་བཀྲ་ཤིས་དགེ་འཕེལ་དུ་ཕེབས་འདུག རྟ་དར་དང་རོལ་མོ་སོགས་ཀྱིས་སྣ་དྲངས་ཏེ་ཕོ་བྲང་དུ་འབྱོར། དེ་ཉིན་ནས་ཀ་ཆོས་བཀའི་འགོ་བཙུགས་དཔུང་ཐོག་ཏུ་ཕེབས་རྒྱུའི་ཐུགས་བྲེལ་གྱི་ཉིན་མཚན་འཁོར་ཡུག་ཏུ་འབྲེལ་འགྲོ་བ་འདུག་ཀྱང༌། བར་ཆད་སེལ་ཕྱོགས་ཀྱི་དབང་རྗེས་གནང་རྣམས་གསན་པ་ལ། ཐུགས་རྩོལ་ནི་ཆེར་གནང༌། ཁ་ཆར་ཆེན་པོ་འབབ་པ་དང༌། རླུང་ཆེར་གཡོ་བ་སོགས་ཆོ་འཕྲུལ་དུ་ཡང་མངོན་པ་དང༌། ཕྱི་རྟགས་ནང་རྟགས་
ལེགས་ཉེས་འདྲེས་མ་དང་བཅས་ཚེས་བཅུ་གསུམ་ལ་དཔུང་ཐོག་ཏུ་ཕེབས་སོང༌། ངེད་ལ་སྡེ་སྲིད་རྒྱལ་བུའི་དྲུང་དུ་དབང་བཀའ་སོགས་འབུལ་བ་དང༌། གང་ཅིའི་ཁྱད་ཙམ་འདུག་པས། འགྱངས་ཙམ་སྡོད་དགོས་ཕེབས་པ་ལྟར་ཟླ་འཕྲོ་དེ་བསྡད། སྨོན་ཐང་མཁན་པོ་དང༌། གཞན་ཡང་རབ་འབྱམས་པ་འགའ་རེ་སོགས་ཕྱག་ཕྱིར་དཀྲིས་པའི་སྡེ་སྲིད་རྒྱལ་བུའི་དྲུང་དུ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང༌། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང༌། རྒྱ་གཞུང་གི་ལུང་དང་བཅས་པ་སོགས་ཆོས་ཀྱི་རྣམ་གྲངས་འགའ་རེ་ཕུལ། དེ་དུས་རྟེན་འབྲེལ་ལེགས་མདོག་ཁ་མོ་ཡོད། ལར་འགོ་མ་རྟེན་འབྲེལ་ལེགས་ཀྱང༌། རྐྱེན་གྱིས་ལོག་འགྲོ་བ་ལ་ཚེགས་མི་གདའ། ཡང་ཞོལ་ན་ཐོར་པ་ཅུང་ཟད་འདུག་པས་དཔོན་ས་ཨ་ལྕེའི་དྲུང་ལ་ཕྱིལ་བསངས་ན་རང་ལེགས་ཞུས་ནའང༌། ཞབས་དྲུང་དཔའ་བོ་དང་བླ་མ་སོགས་བཟློག་པའི་འབྲུམ་སྲུང་ལ་གདེང་མཛད་ནས་གསེང་བ་ནི་མ་མཛད། འདི་སྐབས་ངུར་སྨྲྀག་གི་སྒྲོལ་མ་རྫོང་འཛིན་འདི་ན་ཕེབས་འདུག་པས་སྤྱན་འདྲེན་ཞུས། མཆོད་པ་ཕུལ། གསོལ་བ་མང་དུ་བཏབ། བར་ཆད་མང་པོ་སེལ་བ་དང༌། བྱིན་གྱིས་བརླབས་པའི་ལྟས་ཀྱང་ཅུང་ཟད་བྱུང༌། ལན་ཅིག་རྨི་ལམ་དུ་འཕགས་མ་ཉིད་ཡིན་སྙམ་པའི་མིའི་ཚུལ་ཅན་གཞོན་ནུ་མ་རྒྱན་གྱིས་བརྒྱན་པ་ཞིག་ནམ་མཁར་བྱུང༌། ཕྱིས་ལོ་ཤས་རྨི་ལམ་དུ་དཔལ་ལྡན་ཤམ་བྷ་ལ་ཡིན་སྙམ་པ་ཡང་ཡང་བྱུང་བས། སྔར་གྱི་ལས་འགྱུར་ནས། དེར་སྐྱེ་བ་ལེན་པ་ཡིན་ནམ་སྙམ་ཙ་ན། དེ་མིན་བརྩམས་ཆོས་རྣམས་ཤམ་བྷ་ལའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་དང་མཐུན་བར་བྱུང་བས། དེའི་རྟེན་
འབྲེལ་གྱི་ཡིན་གསུང་བ་ཅིག་བྱུང༌། ཧོར་ཟླ་ལྔ་པའི་ཚེས་བདུན་ལ་བྱང་ཆེན་དུ་སླེབ་ཙམ་བྱས། འཇམ་དབྱངས་ཚུལ་བཟང་བ་གྲིབ་ཀྱི་རྣམ་པས་ཁམས་ངན་པར་འདུག་ཅིང༌། ཕྱ་བཀའ་བཅུ་པ་ཡང་བསྙུང་གཞི་བརྫི་བར་འདུག་པ། ངེད་ཀྱིས་སྦྱང་བ་དང་རྣམ་འཇོམས་ཀྱི་བྱབས་བཀྲུས་ཙམ་བགྱིས་པས་ཁོང་པ་གཉིས་པོའང་མྱུར་དུ་ཁམས་དྭངས། དེ་ནས་ཡར་ལམ་འགོར་མེད་དུ་འོངས། བྲག་རམ་དུ་ཡང་ཁོར་ཙམ་ཕྱིན་པའི་གནོད་སྦྱིན་ལ་གཏོར་མ་བཟབ་པ་ཅིག་ཕུལ། ཚེས་བཅུ་གཉིས་ལ་རྟག་བརྟན་དུ་སླེབ། ཞག་ཤས་ནི་བྲེལ་གཡེངས་འདྲ་ལ་སོང༌། ཉེར་བཞི་ནས་བརྩམས་ཏེ་དབྱར་ཁ་སྤྱི་ཆོས་ལ། ཤངས་ཆོས་ཡོངས་རྫོགས་ཀྱི་དབང་དུ་བྱས་ཏེ་དཔལ་རྒྱུད་སྡེ་ལྔ་ཆབ་གཅིག་ཏུ་སྒྲུབས་པའི་དབང་བདེ་མཆོག་ལྷ་ལྔའི་དབང་སོགས་ཆོས་དྲུག་བཀའ་བཅུ། ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་ལྔ། ཕག་མོ་གསང་སྒྲུབ། སྤྱན་རས་གཟིགས་སྐྱེར་སྒང་ལུགས་ཀྱི་བཀའ་གསུམ། རྣམ་འཇོམས། ཕྱག་རྡོར་མི་གཡོ་བའི་བཀའ་སོགས་དབང་བཀའ་རགས་རིམ་ཕལ་ཆེ་བ་དང༌། ཆོས་དྲུག་ཕྱག་ཆེན་ལམ་འཁྱེར་འཆི་མེད། སུ་ཁའི་སྐོར་གྱི་འཁྲིད། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་འཁྲིད། རྗེས་སུ་ཡི་རང་གི་བར་དུ་འཁྲིད་ཀྱི་སྐོར་དང༌། ནཻ་གུ་སུ་ཁ་ར་ཧུ་ལ། རྡོ་རྗེ་གདན་པ་རྣམས་ཀྱི་མན་ངག་སོ་སོ་དང༌། ཐུགས་རྗེ་ཆེན་པོའི་སྐོར་དང༌། གཅོད་རིན་ཆེན་འཕྲེང་བ་སོགས་དཔེ་ལུང་རྣམས་ཀྱང་ཆ་ཚང་བར་སོང༌། ཁམས་པ་རབ་འབྱམས་པ་བློ་གྲོས་བསྟན་འཛིན་དང༌། ཀོང་རབ་པ་དཀོན་མཆོག་དཔལ་བཟང་སོགས་ཀྱི་གསོལ་བ་བཏབ་པའི་ངོར། གཞན་དོན་གཉེར་བཞི་བཅུ་ཙམ།
རྒྱལ་རྩེ་བླ་མ་ཞབས་དྲུང་དང་བཅས་པ་རྣམས་ལ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། ལམ་སྐོར་ཕྱི་མ་བརྒྱད་ཀྱི་བཀླགས་ལུང་དང་བཅས་པ་བཤད། ལར་དབུས་ནས་འཁོར་བའི་སྟག་ལོ་དེ་ནས་གཟུང༌། ཕྱོགས་ནས་ཡོངས་པ་ཤས་ཆེ་བའི་དོན་གཉེར་ཉུང་བསྡུས་ཉུང་བསྡུས་ལ། ལམ་འབྲས་ཆ་ཚང་རེ་ལོ་རེ་བཞིན་བཤད་དགོས་པ་བྱུང༌། དབྱར་གུང་ཡན་ཆད་ལ་དེ་བཞིན་གཤེགས་བ་དྲུག་པོ་རྣམས་ཀྱི་སྐུའི་རྒྱབ་ཡོལ་གསེར་ཟངས་དངུལ་གསུམ་ལས་བྱས་ཤིང༌། ཕྲ་རྒྱན་དུ་མས་སྤྲས་པ་རྣམས་ཀྱང་གྲུབ། རྒྱབ་ཡོལ་བདུན་པོ་རྣམས་ལ་ཟངས་ཁལ་བརྒྱ་དྲུག་ཅུ་ཙམ། བྱུགས་གསེར་ཞོ་བཞི་བརྒྱ། དངུལ་ཞོ་སུམ་བརྒྱ་ཙམ་སོང༌། རྩིའི་ཆས་ལ་སོགས་པ་ཡང་དེས་དཔག་པར་ནུས་སོ། །རྒྱབ་ཡོལ་རྣམས་ཀྱི་འཕྲའི་རྒྱུ་ལའང༌། བརྡར་ཤེལ་རྡོག་པོ་ཆེ་བ་ཉི་ཤུ་རྩ་གཅིགཆུང་བ་དྲུག་བརྒྱ་སྐོར། གཡུ་ཆེ་ཆུང་འདྲེས་པ་ལྔ་བརྒྱ་དང་བརྒྱད་བཅུ། ཕུག་སྐོར་སོག་སྣ་མེ་ཏོགརྡོ་རྗེ་སོགས་ཆེ་ཆུང་འདྲེས་པ་བཞི་བཅུ་ཞེ་བཞི་ལ་སོགས་པ་དང༌། རིན་པོ་ཆེའི་ཁྱད་པར་ཅི་རིགས་པའང་སོང༌། ཡང་སྔར་གྱི་ཟབ་སྐུའི་འཕྲོས་ལས་འོ་སྐོལ་གྱི་སྟོན་པའི་སྐུ་བརྙན་འཁོར་རྒྱལ་པོ་ཟླ་བ་བཟང་པོའི་སྤྲུལ་གཞི་ཕྱག་ན་རྡོ་རྗེ་དང༌། རིགས་ལྡན་གྲགས་པའི་སྤྲུལ་གཞི་འཇམ་པའི་དབྱངས། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སོགས་ཀྱིས་བསྐོར་བ། དཔངས་ཕལ་ཐོག་བདུན་གྱི་རྩིས་སུ་བྱས་པ་འདི་ཡང༌། ཧོར་ཟླ་བདུན་པའི་ཟླ་སྟོད་ཀྱི་ནང་དུ་ལེགས་པར་གྲུབ། རྟག་བརྟན་ཉིད་དུ་རབ་གནས་བྱས་ཤིང་
སྐྱ་སེར་ཐམས་ཅད་ལ་རྟེན་མཇལ་ཡང་བཏང༌། དེ་བཞིན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དུས་གསུམ་སངས་རྒྱས་དོལ་པོ་པའི་སྐུ་བརྙན་མདའ་གང་མ་གཉིས་བཞེངས་པའི་སྐུ་རེ་རེ་ལ་ཟངས་ཁལ་གཉིས་རེ་དང༌། གཉིས་ཀར་སྡོམས་པའི་ཕྱུག་གསེར་ལ། གསེར་ཞོ་བཞི་བཅུ་ཞེ་ལྔ་ཙམ་སོང་བ། གཉིས་ཀར་ཤིན་ཏུ་མཚར་བ་རབ་གནས་བྱས་པ་ཙམ་གྱིས་བྱིངས་ཆགས་པར་བྱུང༌། ཧོར་ཟླ་བདུན་པའི་ཉེར་གསུམ་གཟའ་སྐར་དགེ་བ་ལ། བྱང་ཆུབ་ཆེན་པོའི་ཟབ་སྐུ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་འདྲ་གཅིག་རི་ཁྲོད་ཆེན་པོར་བསུ་པའི་བཀོད་བ་དང་བཅས་སྟེ་སྤྱན་དྲངས་པས། མེ་ཏོག་གི་ཆར་ཤིན་ཏུ་ཆེ་བ་འབབ་པ་དང༌། ཕྱོགས་ཐམས་ཅད་དྲི་བཟང་གིས་ཁྱབ་པ་སོགས་ཕྱི་རྟགས་དང༌། སྒོམ་ཆེན་རྣམས་ལ་ཡེ་ཤེས་ལྷག་པར་ཕེབས་པ་སོགས་བྱིན་རླབས་ཀྱི་རྟགས་མཚན་ཤིན་ཏུ་ཆེ་བ་བྱུང༌། དེ་སྐབས་དབུས་ནས་སྡེ་སྲིད་ཀྱི་བཀའ་ཤོག་དོན་ལ། ཞབས་དྲུང་རྒྱལ་བུའི་དྲུང་དུ་འབྲུམ་པ་བྱུང་དོགས་སོགས་འདུག་ཀྱང༌། ཞུ་ལན་དུ་དང་ལོའི་རེས་ལ་མི་ཡོང་བ་འདྲ་ཞུས། སྒྲུབ་སྡེ་རྣམས་ལ་སུམ་པ་ལོ་ཙྪ་བའི་བློ་སྦྱོང་ཞིག་བཤད། རྟག་བརྟན་དུ་མི་ངན་ལག་ལེན་ཉེས་པའི་གདུང་ཆེན་གས་པ་དང༌། ལོགས་རིས་ཀྱི་སྲ་རྩི་སྡིབ་པ་སོགས་ཅི་རིགས་བྱུང༌། ཡོན་བདག་ལ་ལྟ་བར་འདུག སྒམ་པོ་སྐུ་སྐྱེ་བའི་དྲུང་ཡང་ཆོས་ཅི་རིགས་གསན་པར་ཕེབས་པ་ཚོགས་ཆོས་དེ་ཡང་གསན། ཟུར་དུ་བྱ་རྒོད་ཤོངས་ནས་སྐུ་སྐྱེ་རིན་པོ་ཆེའི་དྲུང་དང༌། གཞན་རབ་འབྱམས་པ་གཉིས་གསུམ་དང་ལྷན་ཅིག་ཏུ་སྒྲོལ་མ་ཉེར་གཅིག་ཉི་མ་སྦས་པའི་ལུགས་ཀྱི་རྗེས་གནང་དང༌། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་སོགས་གསན་སོང༌། དེ་རྗེས་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་
ལོ་ཆེན་པོའི་ཐུགས་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཐང་སྐུ་ཡང་ལག་ཏུ་བྱུང༌། ལོ་འདི་ལ་འཇིགས་མཛད་ཀྱི་སྐུ་སྟེར་མཁན་གཞན་ཡང་མང་དུ་བྱུང་ངོ༌། །དབྱར་སྟོན་སྦྲགས་པ་དེ་ལ་རང་རེའི་ཆོས་གཞིས་ཚོར་དཔོན་ས་ཨ་ལྕེའི་དྲུང་གིས་ཟེར་གསོག་ཡང་ཡང་མཛད། མི་སྣ་ཚོས་སྡེ་སྲིད་ཀྱི་བཀའ་ཤོག་ལ་ཡང་རྩི་རྒྱུ་མེད། ཨ་ལྕེ་དྲུང་གི་བཀའ་ཤོག་སྟོན་དགོས་ཟེར་བ་ཤ་སྟག་བྱུང༌། རྟེན་འབྲེལ་ལོག་པའི་རྟགས་སུ་གདའོ། །ཡང་སྒྲུབ་ཐབས་ཀུན་ལས་བཏུས་པའི་གྲངས་བཤད་པ་ཞེས་བྱ་བ། པཎྜི་ཏ་དཔལ་འཛིན་སྡེས་མཛད་ཅེས་པ་ཅིག་གི་རྒྱ་དཔེ་འཁྱམས་པོ་ཞིག་སྔ་མོ་ནས་ལག་ཏུ་འབྱོར་པ་དེ་སྒྲུབ་ཐབས་རྒྱ་མཚོའི་དཀར་ཆག་ཏུ་འདུག དེའི་རིམ་པ་དང་བསྟུན་ན། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་བསྒྱུར་བར་མཛད་པ་འདི་ལ་བར་བར་ན་རྒྱ་དཔེ་ཁོལ་འདོན་དུ་སོང་བའི་མ་ཚང་བ་མང་ཏུ་ཡོད་ཅེས་སྔར་གྲགས་འདུག་པ་ལྟར་དོན་ལ་གནས་པར་འདུག་ཅིང་ལོ་གྲགས་ཉིད་ཀྱི་བསྒྱུར་བའི་སྐབས་ལ་ཡོད་པ་ལ་ཡང༌། བོད་དཔེ་ཉིད་ལ་ཟེགས་པ་ཅི་རིགས་པའང་བྱུང་སྟེ། དཔེར་ན་སྟོབས་པོ་ཆེའི་སྒྲུབ་ཐབས་གཉིས་བྱ་བ་ལས། ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་འགྱུར་གསར་འཐོར་བས། སྔར་གྱི་འགྱུར་རྙིང་བཅུག་པ་ལྟ་བུས་མཚོན། ད་ལྟ་ཡང་དེ་དཔེ་ཁ་ཅིག་ལ་ཡོད། ལ་ལ་ལ་མེད་དོ། །དེས་ན་དཀར་ཆག་དང་བསྟུན་ན་སྒྲུབ་ཐབས་རྒྱ་མཚོའི་རྒྱ་གཞུང་དེང་སང་ཡོད་པ་འདི་ན་སྒྲུབ་ཐབས་ཤིན་ཏུ་མང་བ་ཞིག་མ་ཆུག་འདུག་པས་རང་རེས་སྔར་ནས་ཡང་ཡང་རྩོལ་བ་བྱས་ཏེ་བརྟགས་ཤིང་བཙལ་བ་ན། སྔར་བོད་དུ་འགྱུར་ཟིན་པ་ཡང་མེད་དུ་སྣང་ལ། འགའ་ཞིག་སྒྲུབ་ཐབས་རྒྱ་མཚོ་ན་ཡོད་པ་དེ་དང་མཛད་པ་པོ་གཅིག་མི་གཅིག་མི་ཤེས་པ་རེ་རེ་གཉིས་
གཉིས་ལ། དོན་གཅིག་པ་རྣམས་ཚད་མར་བཞག་ཐར་པ་ནས་སྒྲུབ་ཐབས་སྔར་མ་འགྱུར་བའི་རྒྱ་དཔེ་མང་དུ་རྙེད་བྱུང་བ། དེ་དག་རྒྱ་དཔེའི་སྟེང་ནས་བསྒྱུར། སྟོན་དེ་དག་རྣམས་ཕྱོགས་གཅིག་ཏུ་སྒྲིགས་པ་གྲུབ་པར་བྱས། བཀའ་རྒྱུན་མེད་ཀྱང་གླེགས་བམ་བཞུགས་ཚུལ་ལ་གལ་ཆེ་བར་འོང༌། ཡང་དངུལ་ལས་གྲུབ་པའི་ཐོར་ཚུགས་དཔོག་ཞུ་དཀྱིལ་འཁོར་ཡོངས་རྫོགས་མཚོན་པའི་ལྷ་བཅུ་དགུའི་སྐུ་གཟུགས་ཅན་རིན་པོ་ཆེའི་རིགས་སྣ་ཚོགས་དང༌། མཐའ་གནས་མུ་ཏིག་མང་པོ་སོགས་ཕྲ་རྒྱན་དུ་མས་བརྒྱན་པ་ཤིན་ཏུ་ལེགས་བ་གཅིག་ཀྱང་བཞེངས། དེ་ནས་ཧོར་ཟླ་དགུ་པའི་ཚེས་ཉི་ཤུ་གསུམ་གཟའ་སྐར་བཟང་བ་ལ་བཀའ་འགྱུར་རོ་འཚལ་གྱི་གླེགས་བམ་མ་ལུས་པ་གླེགས་ཤིང་དང་བཅས་པ་ཚངས་འགྲིག་ཏུ་བཞེངས་ཚར། རྩི་གྲས་ཀྱང་གྲུབ་པའི་དགའ་སྟོན་ཡོན་རྫོངས་སུ། ཡིག་མཁན་ལྔ་བཅུ་ང་ལྔ་ལ། བཀྲ་ཤིས་ཁ་བཏགས་བཅུ། བཟང་དར་ཁ་ཉིས་བརྒྱ། ཁ་བཏགས་སུམ་ཅུ། ཇ་སིག་བཅུ། བུར་བཏང་བཅུ། དོང་པ་གསེར་ཤོག་མ་དྲུག རྟ་ཆམ་བཞི། རྟ་སྒ་ལེགས་པ་ལྔ། རག་ཤས། དུང་ཆས། མདོབ་ཆས་སྡོམས་པ་བདུན། ཏིམ་པི་སྦལ་པ་སོགས་ནོར་སྣ་ཕྲན་བུ་རྣམ་གྲངས་མང་བ། གཡས་ཤག་གསེར་ཤོག་མ་བཅུ། གོན་ཆེན་གོན་ཆུང་སྤུན་འདབ་རས་ཡུགསྣམ་བུ་ཅོབ་རས་ཡུག་ཚངས་རྣམས་སོ་སོར་བརྒྱ་དང་བཅུ་བཅུ། བལ་མང་པོ་དང༌། རྟ་ན་གཞོན་བཟང་བ་གཉིས། བོང་བུ་སྒ་གདན་དང་བཅས་པ་བཅུ་གསུམ། བ་ལང་བཅུ། སྤུ་ནག་བརྒྱད་ཅུ་གྱ་བརྒྱད་སོ་སོར་སྨན་ཚེའི་ཁ་མདུད་རེ་དང་བཅས་པ་ཡོད། རྗེ་བཙུན་འཕགས་པ་ཛམྦྷ་ལ་སེར་པོའི་སྐུ་བརྙན། རྒྱུ་གསེར་ཟངས་
དངུལ་གསུམ་ལས་གྲུབ་པ་ཕྲ་རྒྱན་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། བཟོ་བཀོད་འཕགས་ཡུལ་གྱི་ལུགས་སུ་བྱས་པ་འདི་ལ། སྐུ་རྒྱུ་ལ་ཟངས་ཁལ་བདུན་ཙམ། གསེར་ཞོ་ལྔ་བཅུ་མི་འཆད་ཙམ། རྩི་སོགས་དགོས་ཆ་དེ་དང་འཚམས་པར་སོང༌། འཕྲའི་རྒྱུ་ལ་གཡུའི་རྡོ་རྗེ་གཉིས། ལོ་འདབ་གཉིས་གཞན་གཡུ་འཕྲ་ལེགས་པ་བརྒྱ་དང་བཅུ་གཅིགམེ་ཏོག་དྲུགཔད་འདབ་གཉིས། རིན་པོ་ཆེ་སུ་ཀནྟི་ཆེ་བ་གཅིགཧཀྐི་བདུན། ཙུ་ནི་བཞི་བཅུ་གཞན་མུ་མེན་བྱུ་རུ་མུ་ཏིག་སོགས་མང་པོ་དང་བཅས་པ་ཡོད། ཉེར་བདུན་ཉེར་བརྒྱད་ལ་གཟུངས་བཞུགས་དང་ཐོག་མའི་རབ་གནས་བགྱིས། དེ་རྗེས་གསེར་ཞལ་གསོལ། སྤྱན་འབྱེད་ཕུལ་ནས། ཧོར་ཟླ་བཅུ་པའི་ཚེས་གཉིས་ལྷག་པ་ལག་སོར་གྱི་འགྲུབ་སྦྱོར་བཟང་བ་ལ་སླར་ཡང་རབ་གནས་བྱས། ཤིང་ཐོག་གསར་བ་འབུལ་བ་སོགས་དང༌། ལོངས་སྤྱོད་ཁྱད་པར་ཅན་འཕེལ་བའི་རྟེན་འབྲེལ་གཞན་ཡང་མང་དུ་བྱུང༌། བལ་པོ་བཟོ་བོ་བདུན་གྱིས་རྒྱབ་ཡོལ་བདུན། ཀུན་མཁྱེན་ཆེན་པོའི་སྐུ་འདྲ་གཉིས། ཛམ་བྷ་ལ་སོགས་ཕྱིས་བཞེངས་པ་རྣམས་ལ། བཀྲ་ཤིས་ཁ་བཏགས་བདུན་བཅུ། གསེར་སྲང་གང། བཟང་ཇ་སིག་བཅུ། ཤལ་པ་དཀར་དམར་ཕྲིང་ཕྲ། ཡང་ཤལ་པ་དཀར་པོ་ཆེ་བ། སྨན་ཚེ། ཚོན་རྫོགས་ཁ་བརྒྱ་ལྔ་བཅུ། སྨན་ཚེ་དཀྱུས་མ་ཁ་དྲུག་ཅུ། ཚོན་སི་ཁ་བརྒྱ་དང་སུམ་ཅུ། དར་ཡུག་བཟང་བ་བརྒྱད། གོས་མཚལ་ཁ་ཡུག་སྣེ་ཚང༌། སྤུན་འདབ་ལྔ་བཅུ། གོན་མ་བརྒྱ་དང་བཅུ། རས་ཡུག་སུམ་ཅུ། ཀ་ཡུག་ཉི་ཤུ། སྣམ་བུ་བཅུ། གོས་ལྷམ་ཆ་ཚང་བདུན། འབྲས་བཏང་བུར་བཏང༌། འཇོང་དར་སོགས་ཕྲན་བུ་
མང་བོ་དང་བཅས་པའི་ཡོན་རྫོངས་བྱས། ཡོན་རྫོངས་དང་སྐུ་རྒྱུའི་རགས་རིམ་བྲིས་པ་འདི་ང་སེར་སྣ་ལངས་པ་མིན། ང་རྒྱལ་སྐྱེས་པའང་མིན། ཡུས་འཚོང་བའང་མིན། ཕྱིས་རྟེན་བཞེངས་མཁན་རྣམས་ཀྱིས་འདི་བཞིན་བྱེད་དགོས་བྱ་བའི་དོན་ཡིན། དབང་ཆེ་ལྟག་ཁུར་གྱི་རྟེན་བཞེངས་དེ་དོན་མེད་དོ་ཟེར་རྒྱུ་ཡིན། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྣམ་བཤད་མཛད་པའི་ལུགས་ཀྱི་སྒྲུབ་ཐབས་ཞིག་ཀྱང་བྲིས། སྔར་སྒྲུབ་ཐབས་འཕྲེང་དུ་སྒྲིགས་པའི་ནང་དུ་ཆུད་པར་བྱས། འདི་ཡན་ཆད་ལ་ནོར་ལྷ་ལྷ་ཁང༌། དབང་ལྡན་ལྷ་ཁང༌། འབར་འཛིན་ལྷ་ཁང༌། མཁའ་སྤྱོད་ལྷ་ཁང༌། པད་མ་བཀོད་པའི་ལྷ་ཁང༌། གཞལ་ཡས་ཁང་གི་ཁྱམས་ཆེན་མོ་རྣམས་ཀྱི་ལོགས་བྲིས་གྲུབ་པར་བྱས། ཐེག་མཆོག་ལྷ་ཁང་དུ་གྲུབ་ཐོབ་བརྒྱད་ཅུའི་ལོགས་རིས་བྲིས། ཀུན་གཟིགས་ལྷ་ཁང་དུ་འཇམ་དབྱངས་ཨ་ར་པ་ཙ་ན་དང༌། བདེ་བ་ཅན་དུ་འོད་དཔག་མེད་དང༌། ལྕང་ལོ་ཅན་དུ་གསང་བདག་དང༌། ཨོ་རྒྱན་མཁའ་སྤྱོད་དུ་རྡོ་རྗེ་རྣལ་འབྱོར་མ་དང༌། ཐེག་མཆོག་ཏུ་དཔལ་ཧེ་རུ་ཀ་དང༌། དགའ་ལྡན་དུ་བྱམས་པ་དང༌། འབར་འཛིན་དུ་མི་གཡོ་བ་དང༌། དྲང་སྲོང་མེ་ལྷ། དབང་ལྡན་དུ་གཤིན་རྗེ་གཤེད་ནག་པོ། དཔལ་ཆེན་དུ་དཔལ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་རྣམས་འབུལ་སྐུར་བཞེངས་ཐུབ་ཅིང༌། མངོན་སྤྱོད་དྲག་པོའི་ལྷ་ཁང་དུ་དཔལ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དང༌། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང༌། ཕྱག་བཞི་པའི་སྐུ་བརྙན་རྣམས་བཞེངས། སོ་སོར་རབ་གནས་ཀྱང་འཕྲལ་འཕྲལ་བགྱེས། ཕྱི་མ་གཉིས་མིན་པ་ཐམས་ཅད་ལ་ཚོན་ཡང་བཏང་གྲུབ་པའི་སྐབས་ཡིན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་
སྐུ་འདྲ་ཁྲུ་ཚད་ཙམ་དང༌། མདའ་ཚད་ཙམ་པ་ཉི་ཤུ་རྩ་ལྔ། དེ་ལས་ཅུང་ཟད་ཆུང་བ་ཉི་ཤུ་ཙམ་དང་བཅས་པ་སྔར་རིམ་ཅན་དུ་བཞེངས་པ་རྣམས་ལ་ཚོན་རྩི་གཟུངས་བཞུགས། རབ་གནས་ཀྱི་བར་དུ་གྲུབ། ལོ་འདི་ལ་མཁར་ལས་ནི། དཔྱིད་སོས་ཀ་ལྷོ་གླིང་གི་གཡས་ཅུང་ཟད་ངོམས་ཆེ་ས་གཅིག་འདུག་པ་འདིར། འོག་ནས་རི་འགྲོས་ཀྱང་མང་པོ་བསྡུར། དཀའ་ལས་མང་པོ་བྱས་ཏེ། ཟབ་སྐུ་འགྲེམས་ས་ཅིག་རྩིགས་པ་ཡིན་ཏེ། ངེད་གཉིས་པོ་བསམ་འགྲུབ་རྩེར་འགྲོ་དགོས་བྱུང་བ་དེས། འདིར་རྔམ་པོ་བ་སོགས་འགོ་མི་རྣམས་ཀྱང་ཞེན་མོས་གུས་ཤ་ཚ་འདོད་པ་གང་ཡང་མེད་པས་ནག་ཆང་ལ་ཡེངས་ནས་ལས་ཀ་གྲུབ་ཆུང་ཞིང༌། རྩིག་པའི་ཕྱིའི་མཛེས་ཆ་ལེགས་ལེགས་ཙམ་མིན་པ། ནང་ཧྲོམ་རྩིགས་སུ་སོང་ཆུ་འགྲོས་སོགས་གང་ཡང་ལྷུས་མ་ཐིངས་འདུག ངེད་མར་ཕྱོགས་ཟླ་གཅིག་གི་རིང་ལ་གཏོར་མའང་འགྱངས་པས་ལན་ནམ། དབྱར་སྟོད་དེ་སེར་དྲག་ཆེན་པོ་ཞིག་བབས་པའི་ཐོ་ལ་རྨངས་ནས་འགྱེལ་བའི་བྱས་པ་ལས་རོར་སོང་བ་ཞིག་བྱུང༌། དེ་མར་བཅད་པའི་ཕྱིན་ཆད་ཤིན་ཏུ་གྲུབ་ཆེ་སྟེ། ཟབ་ཡངས་ཀྱི་སྤེའུ་དང༌། ཕྱིའི་པང་སྟེགས་ལྕགས་རི་སོགས་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལ་ཁོ་བོ་བསམ་པ་བཟང་བའི་རྟེན་འབྲེལ་གྱིས། དཀར་ཕྱོགས་ཀྱི་ལྷ་རྣམས་བྱམས་པར་བྱུང་སྟེ། མཁར་ལས་འདིའི་དུས་ཀུན་ཏུ་ས་རྡོ་ཤིང་ཆུ་རྣམས་གང་འདོད་དུ་བྱུང༌། རྟེན་སྐུ་བཞེངས་པའི་ཆ་རྐྱེན་རྣམས་ཀྱང་ཤིན་ཏུ་འགྲུབ་བླ་བ་ལགས། དེ་ལ་སྤྱི་རྟག་བརྟན་གྱི་ས་ཕྱོགས་འདི་རྡོ་རང་ཏ་མོད་པའི་རིགས་སུ་འདུག་ཀྱང༌། རྣམ་གྲངས་མང་པོ་ནས་ཚོལ་བ་དང༌། གཅོག་པ་སོགས་མི་དགོས་པར་རྡོའི་ཁུང་བུ་འཁྲིས་ནས་འཁྲིས་སུ་ཐོན་
པ་དང༌། ཡོས་ལོ་དང་འབྲུག་ལོའི་དབྱར་གུང་སྒྲུབ་པ་མོ་རྣམས་ཀྱིས་ཀྱང་རྡོ་ཅུང་ཟད་བསགས་པའི་དུས། རྡོ་ཁུང་རྙིང་པ་གཅིག་ཕལ་ཆེར་ཟད། གསར་བ་གཅིག་འཚོལ་དགོས་སྙམ་པའི་སྐབས་ནུབ་མོ་བྲག་ཅིག་ཞིག་ནས་རྡོ་ཟད་པ་མེད་པ་དེ་འདྲ་ལན་གཉིས་བྱུང༌། སྔར་ཕྱོགས་ཐམས་ཅད་བྱེ་མས་ཁྱབ་པའི་རྩིག་འདམ་དང་གྱངས་སོགས་ཤིན་ཏུ་དཀོན་དཀོན་འདྲ་བ་ལ་ཕྱོགས་གང་དང་གང་དུ་ནམ་དགོས་དགོས་སུ། འཁྲིས་དེ་དང་དེ་ནས་ས་སྤྱིན་པོ་གང་འདོད་དུ་འབྱུང་བ་དང༌། གཙུག་ལག་ཁང་གི་ཞལ་ས་སྦྱོར་མ་དགོས་པར་ལེགས་པར་སྦྱར་སྦྱར་བ་འདྲ་བ་ཁོ་ན་གང་འདོད་དུ་ཐོན་ཞིང༌། གཙུག་ལག་ཁང་རེ་གྲུབ་པ་ན། དེ་ཡང་རྫོགས་འགྲོ་བ་དང༌། སྔ་ཕྱིར་ལས་ཀ་འདི་ཙམ་དུ་རྒྱ་ཆེ་བ་ལ་ཡང༌། གོང་དུ་སྨོས་པ་ལྟར་དམ་སེལ་དང་གཏོར་མ་འགྱངས་པའི་ཉེས་སྐྱོན་ཕྲན་བུ་དེ་ཙམ་མ་གཏོགས་ལས་ཀ་ལ་བརྟེན་ནས་མི་ཤི་བ་ལྟ་ཅི་སྨོས། ཡན་ལག་ལ་རྨས་ཡར་ཙམ་ཡང་ཡེ་མ་བྱུང་བ་འདི་ཡང་ངོ་མཚར་ཆེ་ཤོས་ཅིག་ཡིན། གོང་དུ་སྨོས་པ་ལྟར་ཆུ་མིག་གསར་པ་ལུ་མའི་རིགས་ཅན་བརྡོལ་པས། དགུན་གྲང་དུས་སུ་མི་འཁྱག་ཅིང༌། ཤིང་བཏབ་པ་ཐམས་ཅད་ལ་ཅི་འདོད་དུ་དྲངས་པས་ཆོག་པ། ཞིང་སོགས་གང་ལའང་གནོད་པ་མེད་པ་དང༌། ཕྱོགས་འདི་ཀུན་མཁར་ལས་བྱེད་པ་ལ་ཤིང་ཤིན་ཏུ་དཀོན་པས། དཀའ་སྤྱད་ཁོ་ན་དགོས་པ་ཡིན་ཡང༌། སྟོད་སྨད་རྣམས་ནས་འབད་རྩོལ་མེད་པར་སབ་སེབ་སྐྱབས་སྐྱིབས་དུ་མ་ནས། ཤིང་ཅི་འདོད་དུ་ཉོས་པས་ཆོག་པ་བྱུང་ཞིང༌། སྐབས་སྐབས་སུ་སྡེ་སྲིད་ནས་ཀྱང་མང་དུ་གནང་མོད། ཕལ་ཆེར་རིན་བཅལ་ཏེ་
ཉོས་པ་ཤས་ཆེ་བ་ལ་ཐམས་ཅད་ཉོ་བླ་ཞིང་འཚོལ་བླ་བ་ཤ་སྟག་བྱུང༌། ཤིང་སྟོང་ཤིན་ཏུ་སྦམ་པ་སྒུལ་སྐྱོད་ཐོངས་དཀའ་བ་ཀུན་ཡང༌། ས་ཐག་རིང་པོ་ནས་འདྲེན་པ་ལ་དཀའ་བ་མེད་ཅིང་ཉེས་སྐྱོན་ཡེ་མ་བྱུང་བ་ཡིན། དེ་བཞིན་དུ་གསེར་ཟངས་ཀུན་ཡང༌། སྔ་སོར་ཇོ་ནང་གི་བྱམས་པ་བཞེངས་པ་ཡན་ཆད་དུ་ཐམས་ཅད་ཟད་པར་བྱས་པ་ཡིན་ཡང༌། དེ་ཕྱིན་སྡེ་པ་ནས་གསེར་ཞོ་བརྒྱ་ཕྲག་བརྒྱ་ཕྲག་ཏུ་བཅད་པ་ལན་དྲུག་ཙམ་དང༌། གཞན་ཡང་སྔ་ཕྱིར་གསིལ་མ་མང་དུ་གནང་མོད། སྤྱི་བབས་དེང་སང་དུས་ངན་དེ་མི་རྣམས་འབྱོར་པ་ཆུང་བས། གསེར་དཀོན་ཞིང་སྟེར་བ་ཉུང་ཡང༌། ལྷོ་སྟོད་སྨད་འདི་རྣམས་སུ། ཆོས་གཞིས་ཀྱི་ཡོང་སྒོ་རྣམས་ལས་བསྒྲུབས་པ་ཡིན་ཡང༌། གསེར་ཟངས་གཉིས་ཅི་འདོད་དུ་སྒྲུབ་ཤིན་ཏུ་བླ་བར་བྱུང༌། སྤྱི་བབས་ད་ལྟ་ལས་ལོ་བརྒྱ་ཙམ་གྱི་སྔོན་རོལ་ལྟ་བུའམ། རོང་བྱམས་ཆེན་དང༌། ངམ་རིང་གི་བྱམས་པ་བཞེངས་པ་སོགས་ཀྱི་སྐབས་ལ་ཆ་བཞག་ན། དེ་དུས་ཀྱི་ཞོ་སྟོང་དང༌། ད་ལྟའི་ཞོ་བརྒྱ་ཡང་ཞོ་བརྒྱ་སྒྲུབ་རྩོལ་དཀའ་ངེས་ཤེས་པ་ཡིན་འདུག ཁོ་བོས་དྲན་པ་ནས་ད་ལྟའི་བར་དུ་ཡང་ཆེས་དཀོན་པར་སོང་སྣང༌། དེ་བཞིན་དུ་དངུལ་ཆུ་ཤིན་ཏུ་དཀོན་པ་ཡིན་ཡང༌། ཡོས་འབྲུག་སྦྲུལ་གྱི་ལོ་གསུམ་ལ་དངུལ་ཆུ་ཤིན་ཏུ་མང་བ་སྒོ་སྐྱེལ་གྱི་ཚུལ་དུ་བྱུང་བས། གསེར་ཟངས་ཀྱི་ལས་ཀ་འདི་ཙམ་བྱེད་པ་ལ་ཡང༌། སླར་དཀའ་བས་འཚོལ་དགོས་པ་སོགས་ཡེ་མ་བྱུང་ངོ༌། །སྔར་ཡན་ཆད་སྐུ་གཟུགས་བཞེངས་པ་ལ་དངུལ་ཆུ་ཞོ་གྲངས་སུ་བཏབ་ན་ཁྲི་ཚོ་ལྔར་ཉེ་བ་སོང༌། ལྷ་ཁང་གི་སྒོའི་ཤན་སོགས་རྟག་བརྟན་གྱི་སྐོར་འདི་ལ་ལྕགས་རང་ཡང་ལྕགས་སྒྱེད་
ཕྱེད་དང་ཉིས་བརྒྱ་ཙམ། སླ་ང་ཉིས་བརྒྱ་ལྷག་ཙམ། ཐོང་ལྕགས་བདུན་བརྒྱ་སྐོང་དེ་སྔ་ཡན་ཆད་ལ་སོང་བས་མཚོན། རྒྱ་གར་ཤར་ཕྱོགས་ནས་ཚོང་པ་རྣམས་ཀྱིས། སྔ་ཕྱིར་ལི་ཁྲི་མི་རྒྱབ་མི་རྒྱབ་ཏུ་ལོངས་པ་ཤིན་ཏུ་མང་བ་ཁྱེར་བྱུང་བ་དང༌། སྡེ་པའི་ཁྲལ་དང་སྒོས་དཔོན་གྱི་ཁྲལ་སོགས་ཀྱི་སྒོ་ནས་མཚལ་ཤིན་ཏུ་དཀོན་ཡང༌། ངེད་ལ་མཚལ་མང་པོ་སྒོ་ཉལ་གྱི་ཚུལ་དུ་བྱུང་བ་དང༌། སྤང་མ་དང་མཐིང་ནི་སྡེ་སྲིད་ནས་ཕལ་ཆེར་བྱུང་བ་ཡིན་ཏེ། མི་རྒྱབ་བཅུ་པ་གཅིག་དང༌། ལྔ་བཅུ་པ་གཅིག་དང༌། བརྒྱ་པ་གཅིག་སོགས་མང་དུ་བྱུང༌། དེ་ཡང་སྤང་མཐིང་རྐོ་མཁན་རྣམས་ཀྱིས། སྤང་མཐིང་ཤིན་ཏུ་མཐོན་ཆེ་བ་བྱུང་བས་སྟབས་ཁ་ཤིན་ཏུ་ལེགས་པ་དང་ཐུག་གོ །ཡང་འདིར་ས་རྡོའི་ལས་ཀའམ། སྐུ་གསུང་ཐུགས་ཀྱི་རྟེན་བཞེང་པ་སོགས་ཅི་ཡིན་ཡང་རུང་སྟེ། ལས་བྱེད་པ་པོ་ཐམས་ཅད་ཉིན་ཟང་ཟང་ལས་བྱེད་པ་ལ། གཞན་གྱིས་ཚ་འཛུན་མི་དགོས་པར་ཤིན་ཏུ་སྤྲོ་བས་འཇུག་ཅིང༌། འདུ་ཁང་དང་གཙང་ཁང་གི་ལོགས་བྲིས་ལ་སོགས་པའི་སྐབས་སུ་པིར་དང༌། ཚོན་ཀོང་མི་མ་ཡིན་གྱིས་ཕན་ཚུན་བསྣོལ་བ་དང༌། རང་རང་གི་ས་ཁུལ་གྱི་ཚོན་འགྱེད་པ་ན། འདི་ལྟར་ཚོན་བཏང་ངོ་མི་དྲན་ཞིང་མི་ཤེས་བ་ལ། རྒྱ་ཆེན་པོར་སླེབ་པའི་རིགས་དང༌། གཙང་ཁང་གི་འཇིགས་བྱེད་ཆེན་པོའི་སྐུ་ལ། སྦྱར་མཐིང་ཚོན་ཀོང་ཆུང་ཆུང་གཅིག་གི སུམ་ཆ་གང་ཙམ་ཞིག་གིས་ཁྱེད་པ་སོགས་ངོ་མཚར་ཤིན་ཏུ་མང་སྟེ། སྔ་སོར་སངས་རྒྱས་བདུན་གྱི་སྐུ་
བཞེངས་སྐབས། བཟོ་བོ་རྣམས་ཀྱང་ལོ་མང་པོ་འཐོགས་ཀྱི་དོགས་པ་བྱེད་ཀྱང༌། ཟླ་བརྒྱད་ཀྱི་ཁོངས་སུ་མཐའ་དག་གྲུབ་པ་དང༌། གཙོ་བོའི་སྐུའི་བྱུགས་གསེར་གསེར་ཞོ་སྟོང་ཙམ་བཞུ་ཞིང༌། བཙོ་སྦྱངས་བྱས་པའི་སྐབས། འཆད་ཡེ་མེད་པར་མ་ཟད་གསེར་ཞོ་ཉིས་བརྒྱ་ལྷག་ཙམ་འཕེལ་ལོ། །དེས་ན་བར་སྐབས་ཞིག་དགེ་སེམས་ཆུང་ཞིང་ཕྲག་དོག་ཆེ་བའི་སྐྱ་སེར་མང་པོ་ཞིག་ངེད་ལ་ཁ་ཟེར་བར་བྱེད་ཀྱང༌། དཀར་ཕྱོགས་སྐྱོང་བ་རྣམས་བྱམས་པར་ཡོད་དོ། །ཡང་ཤིང་བཟོ། རྡོ་བཟོ། ཚེམ་བུ་པ། ཡིག་མཁན། རྐོས་མཁན། པར་མཁན། ཁྱད་པར་རི་མོ་བ་ཤིན་ཏུ་མང་པོ་དང་བཅས་པ་འདི་རྣམས་ལ། ལོ་རེ་བཞིན་སོ་སོའི་ཡོན་རྫོང་མང་པོ་ཞིག་བསྒྲུབས་པ་ཡིན་མོད་ཀྱང། འདིར་ཡི་གེར་འགོད་མ་ལང་ལ། བཟོ་རིགས་པ་མང་བའི་དུས་ཉིས་བརྒྱ་སུམ་བརྒྱ་ལ་སོགས་པ་དང༌། ཇི་ཙམ་ཉུང་ཡང༌། བརྒྱར་ལོངས་པ་རྟག་ཏུ་བསྟེན་དགོས་ཤིང་དགེ་འདུན་མང་དུས་སུ་སྟོང་དུ་ཉེ་བ་དང༌། ཤིན་ཏུ་ཉུང་བའི་དུས་ཀྱང་ལྔ་བརྒྱ་མི་འཆད་པ་ལ་ཕོགས་འཁོར་ཡུག་གི་སྒོ་ནས་རྟག་ཏུ་འཚོ་བའི་བྲེལ་བ་མེད་པ་དང༌། སྒྲུབ་སྡེ་ན་ཡང་རང་རེས་ཕོགས་འཁོར་མོར་སྦྱོང་དགོས་མང་དུ་ཡོད་ཅིང༌། གོང་དུ་སྨོས་པ་ལྟར་ཟླ་རེ་བཞིན་དང༌། ལོ་དུས་ཀྱི་མཆོད་ཐེས་ཀྱང་མང་དུ་སྦྱར་བ་ཡིན། དེ་བཞིན་དུ་སྒྲུབ་སྡེར་བསམ་གཏན་གླིང་པ་རྣམས་ལ་དཔལ་རྡོ་རྗེ་ཕག་མོའི་ཚེས་བཅུའི་མཆོད་པ་ཟླ་བ་ངོ་རེ་བཞིན་བཙུགས། རྟག་བརྟན་དུ་ཡང་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་སྨོན་ལམ་དང༌། ཚེས་བཅུ་བྱུང་ངོ་ཅོག་ལ་དགེ་འདུན་ཕྱེད་ལངས་རྡོ་རྗེ་རྣལ་འབྱོར་མའི་ཚེས་བཅུའི་ཆོ་ག་གཏོང་བར་བྱས་ཤིང་དེ་དག་
སོ་སོའི་གཞི་སྐྱེན་ལེགས་པར་སྦྱར་གྲུབ་པའི་སྐབས་སུ་ཡོང༌། གཞན་ཡང་བཟོ་བོ་སྤྱི་དང་བལ་པོ་སོགས་ཀྱི་ནར་མའི་ཆས་དང༌། དུས་དུས་ཀྱི་དགོས་ཆ་མང་པོ་རྣམས་ཀྱང་བཟང་བར་གཏོགས་པ་སྟེང་འགྲུས་མེད་པ་དང༌། ཚོན་དང་དངུལ་ཆུ་འཚོང་བར་འོངས་པས་མཚོན་པའི་སྒོ་དྲུང་དུ་ཟུང་ཁྱེར་ནས་འོངས་པ་རྣམས་ལ་ཡང་རིན་ཕམ་ཁ་ཡེ་མེད་ཅིང༌། ཅུང་ཟད་ཁེ་དང་བཅས་པར་སྦྱིན་ནས་མདོར་ན་སྡིག་དང་མ་འདྲེས་པར་བྱས་སོ། །ཡང་སྔ་མ་གཅིག་ཙ་ན་དགོན་པའི་ལྕགས་རི་བསྐོར་བ་ལ། ཁ་ཅིག་རྫོང་ཡིན་པར་འདུག་ཅེས་བཙུན་པ་ཀོ་ལོང་ཅན་རྣམས་ཀྱིས་སྣ་དྲངས་ནས་ཅོལ་སྒྲོགས་སྦིར་གྱིས་བྱུང་དུས། ངེད་ཀྱིས་གཏམ་ལན་གཉིས་སྨྲས་སོ། །དང་པོ་ཆོས་དང་འབྲེལ་པའི་ལན་ནི། རྫོང་ཅིས་ཀྱང་ཡིན། དགོན་པ་དམ་པའི་ཆོས་ཀྱི་རྫོང་དང༌། ངེད་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་པོའི་ཚུལ་དུ་ཡོད་པ་ཡིན། ད་དུང་ཡོན་ཏན་གྱི་རྫོང་མང་པོ་འཕེལ་ཡོང་བ་ཡིན། རྫོང་བཏབ་པ་འདོད་ཐོག་རང་ལགས་སོ་བྱས། གཉིས་པ་འཇིག་རྟེན་དང་འབྲེལ་བའི་ལན་ནི། ལྷ་ཡུལ་རྣམ་པར་རྒྱལ་བའི་ཁང་བཟང་དང༌། ཕོ་བྲང་ལྕང་ལོ་ཅན་ཡང་རྫོང་ཀ་ཡིན། ཆོས་བཟང་ལྷའི་བདུན་ས་ཡང་བྲག་རྫོང་ཀ་ཡིན། འདོད་ཁམས་དབང་ཕྱུག་མ་ཡང་རྫོང་གི་ལྷ་མོ་ཟེར་རྫོང་ལ་ག་བཞུགས་པ་ཡིན། རྒྱ་གར་བི་ཀྲ་མ་ཤཱི་ལ་དང༌། ཨོ་ཏན་ཏ་པུ་རི་ཟེར་བའི་ཆོས་འཁོར་ཆེན་པོ་དེ་ཀུན་ཡང་རྫོང་ཀ་ཡིན།
ཉན་གོ་གང་ཡང་མ་ནོན་པ་སྙིང་རེ་རྗེ། བོད་རང་གི་བླ་མ་ཆོས་པའི་ཁུལ་དུ་གཏོགས་པ་ལའང༌། སྔོན་ས་སྐྱ་པ་དར་རྒྱས་ཆེ་དུས་ས་སྐྱ་པ་རང་ལ་རྫོང་མང༌། ཕྱིས་རྒུད་ནས་ཕལ་ཆེར་ཤོར་བ་ཡིན། ཕྱིས་རང་འབྲས་སྤུངས་དགའ་ལྡན་ཕོ་བྲང་བ་ཡང་ཁོ་རང་ཚོ་དར་རྒྱས་ཡོད་དུས་རྫོང་མང་ད་ལྟ་དར་རྒྱས་མེད་པ་དང་རྫོང་ཡང་མེད། དེས་མཚོན་པའི་འབྲི་སྟག་ཀར་གསུམ་སོགས་དར་རྒྱས་ཡོད་པ་རྣམས་ན་ད་ལྟའང་རྫོང་གདའ་བ། མི་དྲག་པ་ཀུན་ལ་རྫོང་ཡང་ཡོད། གཡོག་ཀྱང་ཡོང་བ་ཡིན། མ་བྲོ་གླུ་གསུམ་དང་མུ་ལྟོ་བ་ཀུན་ལ་རྫོང་བྱུང་བའི་རྣམ་གྲངས་མེད། རྫོང་འདེབས་རྒྱུ་ཡོང་བ་དང་རྫོང་དུ་སྡོད་རྒྱུ་ཡོང་བ་ལ་བསོད་ནམས་ཟེར་བ་དེ་ཡང་ཅུང་ཟད་དགོས། བློ་གྲོས་ཟེར་བ་དེ་ཡང་ཅུང་ཟད་དགོས། བྱ་བྱེད་མ་ནོར་བ་ཅིག་ཀྱང་དགོས་པ་ཡིན། དེ་ཚོ་མེད་ན་སྔར་ཡོད་ཡོད་པོ་རྣམས་ཀྱང་རྟ་སྦངས་གཏོང་བ་བཞིན་དུ་རིམ་ཅན་དུ་བསྐྱུར་དགོས་ཡོང་གིན་འདུག་པ་མ་མཐོང་བ་ཨེ་ཡིན། ཁྱེད་རང་རྣམས་ཀྱང་སོ་སོ་ནས། དམག་དང་དུས་ཟིང་བྱེད་འདོད་དང༌། ཕྲག་དོག་འགྲན་སེམས་ནི་ཚུགས་རྒྱུ་མེད་པ་ཙམ་འདུག ཕོ་རྒོད་པོ་ཡོད་ན་རང་རང་སོ་སོའི་ཡུལ་སྡེ་དང༌། དགོན་སྡེའི་སར་རྫོང་རྒྱོབ་ཤོགངེད་ཀྱི་རྫོང་ལ་མིག་ཚ་རྒྱུ་ཅི་ཡོད་པ། ངེད་ནི་དར་རྒྱས་ཡོད་པའི་རྟགས་ཡིན་པས་རྫོང་རྒྱག་གིན་ཡོད་པ་ཅེས་ཀྱང་འདོད། ཡིན་པ་ཏ་སྡིག་པའི་རྫོང་མིན་དགེ་བའི་རྫོང་ཡིན་ཏེ། དེ་འདྲའི་གོ་རྒྱུ་ཁྱེད་ཚོལ་མེད། ཁྱེད་ལ་བཅོལ་རྟོགས་ཀྱང་མེད། ཁྱེད་ལ་རེ་ཆེ་ཡང་མི་བྱེད་དོ་བྱས། ཆོས་ཀྱི་སྒོ་ནས་ལན་བཏབ་ན་མི་ཉན་པར་འདུག འཇིག་རྟེན་གྱི་ལན་བཏབ་དུས་ནག་སྤོབ་སྤོབ་
ཁ་རོག་བསྡོད་པར་འདུག སྤྱིར་ཁོང་རྣམས་དེ་སྐད་ཟེར་བ་ལ་རྒྱུ་གཉིས་འདུག་སྟེ། གཅིག་ནི་རང་རང་སོ་སོ་ན་རང་བཟང་པོ་དཔེ་མེད་ཡིན་པར་འདོད་པ་ལ་དགེ་ལས་གང་ཡང་མ་གྲུབ། ངེད་རྣམས་ཁོང་རང་ཚོ་ལས་ཆེས་ངན་རྒྱུའི་ཁུངས་བྱེད་རྒྱུ་ལ་ཁོ་ར་ཚོས་གང་ཡང་མ་བྱུང༌། རྣམ་དཀར་དགེ་བ་རླབས་པོ་ཆེ་འདི་ངེད་ཀྱིས་གྲུབ་པས་ཚིག་པ་ཟ་བ་དེར་འདུག རྒྱུ་གཉིས་པ་ནི། ངེད་ལ་བྱང་པའི་ཕྱོགས་དང༌། ལུང་ནག་སོགས་ནས་གནོད་པ་མང་པོ་ཞིག་ཨེ་ཡོང་ན། བྱུང་ན་དགའ་སྟེ་སྙམ་པ་དང༌། དེའི་ཕྱིར་དུ་རྫོང་རྒྱག་པ་ཡིན་ཡོང་སྙམ་པ་ཁོ་ར་ཚོ་ལ་བསམ་པ་ངན་པའི་རེ་གོ་ཁོག་ན་ཡོད་པ་དེའི་མེ་ཏོག་ཁ་ནས་ཤར་བ་དེར་འདུག་གོ །ཡང་ན་ནང་སྔ་རོལ་ལོ་ཤས་གཅིག་ངེད་ཀྱི་ཆོས་གྲྭ་ལ་ཆོས་སྤེལ་བའི་བར་ཆད་བྱེད་དགོས་བསམ་པ་སྟོད་སྨད་ན་མང་པོ་འདུག་པ་དེ་རྣམས་ཁོ་བོས་ནི་ཡུན་རིང་མི་གནས་པར་དུས་ཚོད་མི་རིང་མི་འགྱང་བ་ཁོ་ན་ལ་ཁང་རུལ་ཞིག་པ་བཞིན་དུ་སྟོངས་འགྲོ་བ་ནི་དང་པོ་ནས་གོ སྔ་མོ་ནས་ཤེས། དེ་ཁས་ཁོང་ཚོའི་སེམས་འཛིན་པ་ལ་མ་ཕྱིན་པ་དེ་ཡིན། ལར་འཇིགས་པ་ཡོད་ནས་ས་བཙན་འཛིན་པ་མིན། ཡིན་ན་ད་ཁ་སྔ་བང་མགྱོགས་རྒྱུག་པ་རེ་ངེད་ཀྱིས་ཀྱང་ལོས་ཤེས། ལམ་ལ་འགྲོ་ནའང་སྐྱ་སེར་གཞན་ཐམས་ཅད་ཟོན་ཅན་དུ་འགྲོ། ཁོ་བོ་ཟོན་མེད་དུ་འགྲོ། རི་ཁྲོད་དུ་ཡང་ང་ཟོན་མེད་བག་སྐྱོང༌། གཞན་ཚོ་མཐའ་ཕྱི་ཐམས་ཅད་བསྐོར་ནས་སྡོད་ཀྱིན་འདུག་པ། རྒྱུ་མཚན་ང་ལ་མནོང་མེད་པས་ཡིན། ཡང་ཕྱིས་གཙུག་ལག་ཁང་རྣམ་གྲངས་ཆེས་མང་བ། སྐུ་གསུང་ཐུགས་
ཀྱི་རྟེན་གྱིས་ཕྱུར་བུར་གང་ཞིང༌། ཆོས་ཀྱི་གཞི་ཆེན་པོ་སྦེད་པར་མི་ནུས་པ་འདི་ལྟ་བུ་གྲུབ་ཙ་ན། ཁྲེལ་མེད་ཀྱི་ཁ་སྐྱག་རྫུན་འདྲ་བརྗོད་མཁན་ཚོལ་ཞལ་སྐྱེངས་ཅིག་རང་བྱུང་སོང་ངོའང༌། ཡང་ཁོ་བོས་མདོ་སྔགས་ཐམས་ཅད་དུ་གཞན་སྟོང་དབུ་མ་ཆེན་པོའི་ལུགས་འདི་བསྐྱངས་པས། རྟ་ལོ་ཙམ་ནས་གཟུང༌། དཔལ་ལྡན་ཀ་ལཱ་པའི་ཞིང་གི་བཀོད་པ་དང༌། ས་བཅུའི་དབང་ཕྱུག་གི་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་དང་གསུང་གི་སྣང་བ་ཡང་ནས་ཡང་དུ་བྱུང་བ་དང༌། ཡང་ལན་ཅིག་པ་ད་རའི་གླིང་ན། ཨིནྡྲ་བྷུ་ཏཱིའི་སྤྲུལ་པའི་སྐུ་བཞུགས་པའི་སྐུ་དང་གསུང་གི་སྣང་བ་བྱུང་བ་དང༌། ཡང་ལན་ཅིག་སྟོང་གཟུགས་ཀྱི་སྣང་བ་ལ་བརྟེན་ནས། དྲག་པོའི་གླིང་གསལ་བར་མཐོང་ནས། བྱང་ཆུབ་སེམས་དཔའ་དྲག་པོ་དབང་ཕྱུག་གི་ཚུལ་འཛིན་པ་ལྔ་བརྒྱ་ཆོས་སྟོན་པའི་ཚུལ་མཐོང་བ་དང༌། ཤེར་སྙིང་གི་འགྲེལ་ཆེན་ཚར་བའི་ཉིན་མོ། སྤྲིན་གསེབ་ནས་སྟོང་གཟུགས་ཀྱི་རང་བཞིན་རྒྱལ་བ་མི་ཕམ་པ་ལ་ལྷ་རྣམས་མཆོད་པ་བྱེད་ཚུལ་སོགས་ཡ་མཚན་པའི་ལྟས་མང་དུ་བྱུང༌། ལུག་ལོའི་སྟོན་ཀ་ཅིག་རྟག་བརྟན་གྱི་འབྲས་སྤུངས་ན་ཡོད་དུས། སྐྱེས་བུ་དཀར་པོ་གཟི་བརྗིད་ཅན་ལ་ཕུར་ཞབས་ཅན་ཞིག་འཁོར་མང་དག་དང་བཅས་དེ་ནུབ་ཕྱོགས་ནས་བྱུང༌། གང་ནས་ཡིན་དྲིས་པས། ནུབ་ཕྱོགས་བ་ད་རའི་གླིང་ནས་ཡིན། དཔག་ཚད་ཁྲི་ཕྲག་བརྒྱད་ཀྱི་ཕ་རོལ་ནས་ཡོང་སྟེ་ཉི་མ་ཕྱེད་ལ་སླེབ། འདི་ན་སངས་རྒྱས་ཀྱི་ལྷ་ཁང་བཞེངས། བདེ་བར་གཤེགས་པའི་སྙིང་པོའི་ཆོས་ལ་མོས་པ་ཐོབ་པ་ཞིག་ཡོད་དོ། །ཞེས་པའི་གཏམ། སྡེ་བརྒྱད་གཅིག་ནས་གཅིག་ཏུ་
བརྒྱུད་པ་ལས་ཐོས་ནས་ལྟ་བར་འོངས་པ་ཡིན་ཟེར། ལྷ་ཁང་ལ་མཆོད་པ་བྱེད་པའི་རྣམ་པ་ཙམ་འདུག ད་གར་འགྲོ་དྲིས་པས། རི་བོ་རྩེ་ལྔར་འགྲོ། ཀྱཻ་རྡོར་གྱི་རྩ་སྔགས་ཚར་གཅིག་འདོན་པའི་ཚད་ལ་སླེབ་ཟེར། དེ་ནས་གང་དུ་འགྲོ། ཤར་ཕྱོགས་ཀྱི་རྒྱ་མཚོའི་དཀྱིལ་གཅིག་ན་རིན་པོ་ཆེའི་རི་བོ་དཔག་ཚད་ཉི་ཤུ་པ་ཅིག་ཡོད། དེའི་རྩེ་ན་འདབ་ཆགས་དང༌། ཕུག་པ་ན་ཕྱུགས་ཀྱི་གཟུགས་ཅན། བྱང་ཆུབ་སེམས་དཔའ་མང་པོས་སེམས་ཅན་གྱི་དོན་བྱེད་པ་ཡོད། དེ་ལ་ལྟ་བ་ཡིན། ལར་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྟོན་པ་ལ་ལྷག་པར་མོས་པ་ཐོབ་པ་ཞིག་ཡིན། ལྷ་མོ་ཆུ་སྲིན་གདོང་ཅན་གྱི་མིང་པོ་ཡིན་ཡང་ཟེར་བ་སྙམ་བྱུང༌། བདག་དང་མཚུངས་པ་བརྒྱད་ཁྲི་བཞི་སྟོང་ནུབ་ཕྱོགས་ཀྱི་རྒྱ་མཚོ་ལ་གནས་ནས། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་མཆོད་ཅིང༌། ཆོས་འདི་སྨྲ་བ་ལ་གྲོགས་བྱེད་པ་ཡིན་ནོ་ཟེར་སྟེ། དེ་ནས་མི་སྣང་བར་གྱུར། འདི་ལའང་མཆོད་གཏོར་བྱིན་ན། རང་རེའི་ཆོས་རྒྱུད་ལ་གཏོང་གྲོགས་བྱེད་པ་ཞིག་ཡིན་པར་འདུག་གོ །ཡང་ངེད་ཀྱི་སངས་རྒྱས་བྱང་སེམས་ལ་མཆོད་པ་དང༌། ལྷ་འདྲེ་འཁྱམས་པོ་མཐའ་ཡས་པ་ལ། དངོས་སུ་འཚོ་བའི་སྒོ་ནས་ཕན་ཅིང༌། འདྲེའི་ཁ་ཕྱོགས་པས་མི་ཕྱུགས་ཀུན་གྱི་སྲོག་དང་ལོངས་སྤྱོད་ལ་ཕན་པར་འདུག སྒོས་སུ་དགེ་བའི་ལས་རྒྱ་ཆེན་པོ་རྣམས་ཀྱི་བར་ཆད་ཞི་བ་དང༌། བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་བསྒྲུབ་པའི་ཕྱིར་ཤིང་ཡོས་ནས་བརྩམ་སྟེ། ཟླ་བ་ཕྱེད་རེ་བཞིན་རྩམ་པ་མི་རྒྱབ་གསུམ་རེ་ལ་གཏོར་རྩམ་བྱས། དཀར་རྒྱན་སོགས་དགོས་ཆ་དེ་དང་མཐུན་པ། ཆང་ཚོང་རེ་རེ་གཉིས་
གཉིས་ཙམ་རེའི་གཏོར་ཆང་དང་བཅས་པའི་གཏོར་མ་འཆག་མེད་དུ་ཕུལ། སྐབས་གང་དགོས་སུ་མཆོད་གཏོར་ཀ་ཏོ་ར་གཉིས་གསུམ་ཁེངས་པ་ཙམ་ཕུལ་བ་ལ་རྩིས་བཏབ་མེད། རྒྱབ་རིའི་རྩེ་མོར་གཏོར་མ་གཏོང་ཐེངས་འདི་ཡིན་ལ་ལན་བཞི་སོང་བ་ལ། རེ་རེ་བཞིན་དུ་རྩམ་ཁལ་བརྒྱ་ནས་ཉིས་བརྒྱ་བར་རེ་ཡོང་བར་བྱས། དེ་ལྟར་བྱེད་པ་ལ་ཟླ་བོ་ཀུན་དགའ་དཔལ་བཟང་མ་གཏོགས། ཐོག་མ་རང་རེའི་ལག་གཡོག་ཐམས་ཅད་ཀྱིས་ཀྱང་བློར་མ་ཆུད། ཟན་འདི་ཙམ་རང་གྲོག་པོ་ལ་བསྐུར་བ་ཟེར། སྨྱོ་ཞུགས་པ་ཡིན་ནམ་སྙམ་པ་བྱེད་ཀྱིན་འདུག དེང་སང་ཕལ་ཆེར་ཞིག་ལྷ་ལ་མཆོད་པ་ཕུལ་ཡང་མི་འབུལ། ཕུལ་ནས་ཀྱང་ཚུར་སྡུད་པར་གདའ། མཆོད་རོ་ཚུར་མི་སྡུད་པར་དེངས་སུ་འཇུག་པ་དེ་ངའི་ཁྱད་ཆོས་ཡིན། དེ་ཡང་ད་ལྟ་དགེ་བ་ལ་དཀར་བ་ཀུན། དགེ་འདུན་གྱི་ཞབས་ཏོག་གམ། སྐྱེ་བོའི་སྦྱིན་གཏོང་ལྟ་བུ་ལ་ཅུང་ཟད་བློས་ཐོངས་པར་གདའ་སྟེ་ཟ་མཁན་དངོས་སུ་འདུག་པ་ལ་ཡིད་ཆེས་པས་ཕན་ཡོན་ལ་བསམ་པ་ཡང་འདུག ཡང་དེ་དང་དེ་ལ་གྲགས་པ་ཡང་འབྱུང་སྙམ་པ་དང༌། ཟ་མཁན་དེ་རྣམས་ཀྱིས་གྲགས་པ་སྒྲོག་གོ་སྙམ་པ་དང༌། མི་ལ་ཕྱིན་པ་ལ་ཡུས་དང་ངོ་སོ་ཡོང་བ་དང༌། ཁ་ལན་གཅིག་ཀྱང་ཡོང་བ་དང༌། ཁ་ཅིག་རང་ཕྱོགས་འཛིན་པར་འགྱུར་སྙམ་པའམ་སྔར་མ་དང་ཕའམ་དགྲ་བྱེད་མཁན་ཡིན་ན་རབ་ཏུ་ཚུར་ཨེ་ཁུགས། དེ་མིན་དགྲ་མི་བྱེད་ལ་རེ་བ་སོགས་སུ་འདུག སངས་རྒྱས་སོགས་ལྷ་ལ་མཆོད་པར་འབུལ་མི་ནུས་པ་དེ། ལོངས་སྤྱོད་མཁན་ཨེ་ཡོད་མི་ཤེས་སྙམ་པའི། མདོར་ན་སངས་རྒྱས་དང་ལྷ་ཡོད་པ་ཙམ་དུ་ཡིད་
ཆེས་ཀྱང་མེད་པ་དང༌། དེ་མེད་པས་གྲགས་པ་དང༌། ངོ་སོ་དང༌། རང་རེའི་ཕྱོགས་འཛིན་པ་སོགས་མི་ཡོད་སྙམ་པ་དེར་གདའ། འདི་ལོག་ལྟའི་ཞད་ཆེན་པོ་ཡིན་པར་འདུག ལོག་ལྟའི་གཉེན་པོར་རྗེས་སུ་དྲན་པ་དྲུག་སྒོམ་དགོས་པ་ཡིན། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །ཞེས་པའི་དོན་འདི་ལ་བདག་ནི་ངེས་ཤེས་སྙིང་ཐག་པ་ནས་སྐྱེས་བདོགཞིང་གི་དམ་པ་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་མཆོད་པ་ཕུལ་བའི་ཕན་ཡོན་འདི་ལ་ཡིད་ཆེས་ཆེན་པོ་ཅིག་ཀྱང་བྱུང༌། ལྷ་མཐུ་བོ་ཆེ་རྣམས་རང་རེ་ལ་རྟག་ཏུ་བལྟ་བཞིན་ཡང་ཡོད། མི་ལ་རེ་བ་མ་ཆེ་ལྷ་ལ་གསོལ་བ་ཐོབ་ཅེས་པ་འདི་བདེན་གཏམ་ཆེན་པོ་ཅིག་ཏུ་ཡང་གོ་ལགས། ཡང་རང་རེས་དགོན་པའི་རྒྱན་དུ་འགྱུར་རམ་སྙམ། འབྲུག་ལོ་དགོན་པའི་ནུབ་ཀྱི་ཕྱོགས་རྒྱལ་བྱེད་ཚལ་དུ་མིང་བཞག་པ་འདི་དང༌། རྟ་ལུག་ལ་བྱང་ཕྱོགས་དང༌། སྤྲེའུ་ལོ་ལ་ཤར་ཕྱོགས་ཀྱི་བར་དུ་ལྗོན་ཤིང་བཙུགས་པ་རྣམས་བདག་མེད་ལྟ་བུར་བསྐྱུར་བཞག་ཀྱང་ལེགས་པར་སྐྱེས་ཤིང༌། སྔར་ནེའུ་སིང་ཅུང་ཟད་ཙམ་ལས་མེད་པ། འབྲུག་ལོ་ཁོ་ན་ལ་ནེའུ་སིང་ཤིན་ཏུ་རྒྱ་ཆེ་བར་མཆེད་པ་སོགས་ཀྱང༌། ལྷ་ཀླུ་རྣམས་དགའ་བའི་རྟེན་འབྲེལ་དུ་འདུག་ཅིང༌། ཡང་གངས་ཅན་འདི་ན་བླ་ཆེན་མང་བོ་ཞིག་ད་ལྟ་ཡང་ཡོད་དེ། སྔོན་ནས་བསགས་པའི་བང་མཛོད་མཐའ་ཡས་པ་ཡང་མངའ། ངེད་ལྟ་བུའི་ལག་ཏུ་ཚེ་གང་ལ་འབྱུང་བའི་རྒྱུ་ནོར་ཡང༌། སྐབས་རེ་ཉི་མ་རེ་རེ་དང༌། ཟླ་བ་རེ་རེར་འབྱུང་བ་དང༌། དབུས་གཙང་ཁམས་གསུམ་གྱིས་ཆ་ན་མངའ་ཞབས་རྫོང་གཞིས་ཇི་སྙེད་ཅིག་ཡོད་ཅིང༌། ཕྱོགས་འཛིན་ཞེན་མཐེན་གྱི་བན་སྐྱ་ཕོ་
མོ་མཐའ་ཡས་པ་ཡོད་པ་རྣམས་ཀྱང༌། མཐར་གཏུགས་ན་བསོད་ནམས་རྣམ་པ་གསུམ་དང༌། ཐོས་བསམ་སྒོམ་གསུམ་དང༌། རང་གཞན་སྨིན་གྲོལ་གྱི་མཛད་པ་ནི། སྟོན་དུས་ཀྱི་འབྲུག་སྒྲ་བཞིན་དུ་སྒྲ་འུར་ཁོ་ནར་འདུག་ན། བདག་ཅག་ལྟ་བུ་བང་མཛོད་ལ་མངོན་པར་དགའ་བ་ཡང་མ་ཡིན་ནོ། །ཡང་རང་གི་དགེ་བ་ཅུང་ཟད་རེ་བྱེད་ཟེར་ནས་དེ་ལ་བསྙད་པའི་གཡོག་རིགས་ལ་ཁྲལ་དང༌། ཞལ་དཀར་ལེན་པ་དང༌། གྲྭ་རིགས་ཡོན་བདག་སོགས་རྒྱལ་ཁམས་ཀྱི་སྐྱེ་བོ་འབྲེལ་ཅན་འབྲེལ་མེད་ཆེ་ཕྲ་སྐྱ་སེར་སྣ་ཚོགས་པའི་སར་འབུལ་སྡུད་དང་སློང་མོའམ། དགེ་བསྐུལ་སོགས་ཀྱི་མིང་བཏགས་པའི་གཞོགས་སློང་ཁ་གསག་རྙེད་པས་རྙེད་པ་ཚོལ་བ། ཐོབ་ཀྱིས་འཇལ་བ་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས་གཞན་ནོར་བསྡུ་བའི་མཁོས་བྱེད་པ་ཁོ་ན་མང་བར་སྣང་ཡང༌། ཁོ་བོས་ནི་དེ་ལྟ་བུ་སྣ་གཅིག་ཀྱང་མ་བྱས་ཤིང་ཤུགས་འབྱུང་ལ་ལོངས་སྤྱོད་གང་བྱུང་ཚད་དགེ་བ་ལ་སྦྱར་བ་མ་གཏོགས། གསོག་པའི་འདུན་པ་མེད་པས། ངེད་ལྟ་བུ་གནངས་ཆུང་ཁོ་ན་ཡིན་ཡང་ལག་རྗེས་མི་ཆུང་ཙམ་གྲུབ་པ་འདི་ཡིན། འདི་ལ་ཡང་ང་རྒྱལ་མ་བྱས་དེས་དཀའ་ལས་དཀའ་དགུ་འདི་ཙམ་བྱས་སྙམ་པའི་ཡུས་པ་ཡང་མེད། ད་འདི་གཞན་ལ་གཏོང་མི་ཐུབ་སྙམ་པའི་ཤི་འཇུ་རོ་འཆངས་སུ་གབ་ནས་སྡོད་སྙམ་པ་ཡང་མེད། གཞན་ལ་འགྲན་པའི་ཟུར་རྣོན་ཏ་ག་ལ་ཞིག་སྟེ། རང་ངམ་འབྲེལ་ཅན་རྣམས་ལ་དགེ་བའི་འབྲེལ་བ་ཕྲན་བུ་གཞོག་ཐུབ་ན། ཅུང་ཟད་ལེགས་སམ་སྙམ་པ་ཙམ་ལགས། ལར་བྱ་བ་ལས་ཀྱི་འཁོར་ལོའི་དགེ་བ་བརྒྱ་ཐམས་པ་ལས།
ཚུལ་ཁྲིམས་རྣམ་པར་དག་པས་ཐོས་བསམ་གྱི་དགེ་བ་གཅིག་བཟང་བ་ཡིན། དེ་འདྲ་བརྒྱ་ཐམ་པ་ལས། བདེན་བཞི་སྟོང་ཉིད་བྱང་ཆུབ་སེམས་ཀྱི་དོན་ཡིད་ལ་བྱེད་པའི་དགེ་བ་གཅིག་དགའ་བ་ཡིན། དོན་འདི་ལ་ངེས་པ་རྙེད་པས་ངེད་ལ་རློམ་སེམས་མི་ཡོང་བའི་རྒྱུ་མཚན་ཡང་དེ་ལགས། འོན་ཀྱང་དེང་སང་ཚུལ་ཁྲིམས་དག་པ་དང་སྒོམ་ཡིད་བྱེད་དེ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ནོ། །དེས་ན་བྱ་བ་ལས་ཀྱི་འཁོར་ལོ་གཙོ་བོར་བྱས་པའི་རྒྱུ་མཚན་ཡང་དེ་ན་བདོག །སངས་རྒྱས་བྱང་སེམས་ཀྱི་ དགོངས་པ ་སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པ་ཁོ་ནར་གདའ་ཡང༌། སེམས་ཅན་ལ་ཕན་པ་ལ་ཕན་འདོགས་ལུགས་ཅིག་དགོས། རབ་བྱུང་ཆོས་པའི་ཁུངས་ཀྱིས་སྐྱེ་བོ་མི་ནག་ལ་སྒུར་བ་དང༌། དད་རྫས་ཀྱི་ནོར་རྣམས་རྔན་པར་སྟེར་བ་དང༌། ནག་ཆང་ལོངས་སྤྱོད་ཀྱི་ཐེས་ལ་སྦྱོར་བ་ལ་འགྲོ་དོན་ཟེར་བ་མིན། གཞན་དོན་ཟེར་བ་ཡང་མིན། སེམས་ཅན་ལ་ཕན་པ་ཟེར་བ་ཡང་མིན། རང་དང་སྦྱིན་པ་བྱིན་པའི་ཡུལ་གཉིས་ཀར་ངན་སོང་གི་གཡང་སར་ལག་སྦྲེལ་བྱས་ནས། མཆོང་བ་ཟེར་བ་དེ་ཡིན། ཆོས་པ་ཤེས་ལྡན་འདྲ་ཡོད་ན་ཡང་གོ་ལས་ཆེ། འཇིག་རྟེན་སྐྱེ་བོ་ཤེས་ལྡན་འདྲ་ཡོད་ན་ཡང་གོ་ལས་ཆེ། ད་ནི་བསྐལ་པ་རྙིང་པས་ཤེས་ལྡན་ཙམ་ཡོད་ཡོང་དེ་མི་འདྲ། ཕྱོགས་ཐམས་ཅད་རྣེ་མཆོག་ཆེན་པོའི་གླིང་དུ་སྭཱཧཱ། ཚུལ་དེ་བཞིན་གོ་ནས་ངེད་ཀྱིས་ནི་ལག་ལེན་དུ་བཏབ་ཀྱང་བཏབ། ཁེལ་ཡང་ཁེལ། དད་པ་ཅན་བསླུར་མི་རུང་ཞེས་གྲགས་ཏེ། དད་པ་ཅན་ཡིན་ངེས་ཤེས་པ་དེ་ཡིད་བཞིན་ནོར་བུ་ལས་ཀྱང་དཀོན་པར་གདའ། རང་དང་འབྲེལ་པ་ཅན་མ་བསླུས་པ་གཅིག་དགོས་སོ། །
ད་ནི་རང་གི་བློ་འདོད་འཚོ་བའི་ལྷག་མ་ཇི་ཙམ་ཡོད་པ་འདི། ཡང་དག་པའི་དོན་ལ་མཉམ་པར་འཇོག་པས་དུས་འདའ་བར་བྱས་ན་ཅི་མ་རུང་སྙམ་པ་འདི་ཁོ་ན་ཡིད་ལ་བཅགས་པ་ནི་ལགས། འཇིག་རྟེན་ཆོས་བརྒྱད་ཀྱི་འདམ་དུ་བྱིང་བས་འགྲུབ་པར་ནི་དཀའ་བ་འདུག་ནའང༌། ཚེ་རབས་རྒྱུད་མ་ནས་རྒྱུད་མ། བསྐལ་པ་ནས་བསྐལ་པ་འབྱམས་ཀླས་པར་ཐེག་པ་མཆོག་གི་ཆོས་ལ་མོས་པ་དང༌། འཇུག་པ་ཕུན་སུམ་འཚོགས་པ་མི་འབྲལ་བར་སྤྱོད་པའི་གོ་ཆ་ལ་གནས་པ་ཙམ་འདི་བརྟད་སོ་ཡིན། ད་ནི་དཀྱུས་ཀྱི་འཕྲོས་དེ་ལས་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། དེ་རྗེས་ཀྱང་རྩོམ་པ་ཐང་ཐུང་འདྲ་དང༌། སྟོན་ཀ་དེ་སྐྱིད་ཕུག་བདེ་ལྡན་དུ་མཚམས་ཅུང་ཟད་ཅིག་ཀྱང་བྱས། དེ་སྐབས་འཚུབ་ཆ་རྣམ་འགྱུར་ཅུང་ཟད་ཆེ་བ་འགའ་ཞིག་བྱུང་ཞིང༌། མཚན་ཡང་དག་པར་བརྗོད་པའི་དོན་ཡང་ཡང་བསམས་ཤིང༌། རྡོ་རྗེའི་རྣལ་འབྱོར་སྒོམ་པའི་ལུགས་བྱས། ཐོ་རངས་ཅིག་སྟོང་གཟུགས་ཀྱི་སྣང་བ་ཀ་ཡིན་པ་འདྲ། རིགས་དྲུག་གི་སྔགས་འཁོར་རྣམས་སྒེག་པའི་རྡོ་རྗེའི་ལུགས་དང་མཐུན་པ་གཅིག་ཤིན་ཏུ་གསལ་བ་ཡུན་རིང་དུ་གནས་ཤིང་འོད་འཕྲོ་བ་ཅིག་བྱུང༌། སྔ་སོར་སྡེ་སྲིད་སྐུ་གཞོགས་སུ་ཕོ་ཉ་བཏང་ཞིང༌། རབ་ཏུ་ཧོར་ཟླ་བདུན་པ་དང༌། དེ་མིན་ཡང་བརྒྱད་པ་དགུ་པའི་ཁོངས་སུ་ཡར་ཕེབས་ཐུབ་ངེས་ཤེས་པ་ཅིག་དགོས་ པ་དང༌། དེ་མིན་སྐུ་དོག་ཆེ་བ་འདུག་ཚུལ་སོགས་ཞུར་བཏང་བ་ལ། དེ་ལྟར་གནང་བའི་དགོངས ་བརྟད་དང༌། དེ་མཐུན་གྱི་གསུང་ལན་འབྱོར་བྱུང་ནའང༌། སྐྱེས་ཆེན་དུ་རྫུ་བ་འགའ་ཞིག་གིས་ དགོངས་དོན་གྱི་གེགས་ཁོ་ན་བྱེད་པ ་
ང་ལ་ཕྱི་ནང་བར་གསུམ་ནས་མང་པོས་ཞོར་བཏེག་པའི་ཨར་འཁྱམས་ནས་ཕེབས་མ་ཐུབ། འདི་སྐབས་གཡེ་གོར་ཆོས་རྫོང་ན་བཞུགས་དུས། མི་ཞིག་ཡར་གནང་བྱུང་ནས། ཅུང་ཟད་སྐུ་ལྟེམས་ཀྱང་མ་ལོད་ཙམ་ཡོད། སླར་རིམ་གྲོ་སོགས་ཇི་ལྟར་གསུང་བ་ཞིག་བྱུང་བ་ལ། ད་ལམ་བསྙུང་བ་དེ་གྲིབ་དང་གདོན་གཉིས་ཀར་ཆེ། མི་ངན་གཅིག་མཇལ་བས་ཉིན་བསླངས་འདུག ད་ལམ་གྱི་འདི་རང་སྐྱོན་མེད་ན་ཨང༌། སླར་རོ་མ་ལངས་ཉེན་ཆེ་བ་ཡོད་པ་འདྲ། དམིགས་གསལ་སྐུ་རིམ་འདྲ༌། གནང་དགོས་ཚུལ་ཞུས། སྐབས་འདི་དག་ཏུ་སོག་པོའི་དམག་ཆེན་རྟིང་མའང་སླེབ་སྐབས་ཡིན། དེ་རྗེས་ཟླ་བ་བཅུ་པའི་ནང་དུ་རྟག་བརྟན་ན་ཡོད་དུས། གཞལ་ཡས་ཁང་གི་ལོགས་བྲིས་ཀྱི་མངོན་བྱུང་མགོན་པོ་གཉིས་ལ་རབ་གནས་བྱས་དུས། སྐད་ཅིག་ལ་རླུང་ནག་མི་བཟད་པ་རང་ལངས། ཤིང་ཤག་ཐམས་ཅད་འཕངས་པ་སོགས་རྩུབ་འགྱུར་ཆེ་ཞིང༌། རྟོག་དཔྱད་དུ་མངོན་ཙམ་ཞིག་བྱུང༌། དེ་རྗེས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན། བསམ་འགྲུབ་རྩེ་ནས་དཔོན་ས་ཨ་ལྕེའི་དྲུང་གི་སྐུ་རིམ་མང་ཇ་ཞིག་བྱུང་བ་ལ། ཚེས་བཅུ་ཙམ་ནས་སྐུ་ལྟེམས་པ་ད་དགོས་ཐོར་བ་ཡིན་པ་འདུག་ཅིང༌། རིན་པོ་ཆེ་སོག་བཟློག་དྲུང་ནས་ལྷ་འབྲུམ་དཀར་པོ་ཡང་ཡིན་གསུང་བ་འདུག་པ་སོགས་ཡང་པོའི་རིགས་ཡིན་པར་འདུག སྐྱོན་ཆེ་བ་རང་མི་འདུག་ནའང༌། རིམ་གྲོ་གནད་དུ་གང་འགྲོ་དགོས་ཚུལ་ཙམ་འདུག དེ་ནས་ཚེས་བཅུ་བདུན་ལ་རི་ཁྲོད་ཆེན་པོར་དུས་ཁྲིད་བཙུགས། ཉེར་གཅིག་གི་སྲོད་འཇིངས་ཡོལ་ལ་པ་སྣམ་གྲོང་སྟོད་པ་གཞོན་པ་
འབོད་མིར་བྱུང་བའི། དཔོན་ས་ཨ་ལྕེའི་དྲུང་ཞུད་ཁའི་རྐྱེན་གྱིས་ཐོར་པ་ནང་དུ་ལོག་པ་སོགས་ཤིན་ཏུ་ལྟེམ་པས་ཡོང་དགོས་ཚུལ་དང༌། སྡེ་སྲིད་རྒྱལ་བུའི་དྲུང་ཡང་ཤངས་ལ་ཕེབས་རྒྱུ་ཡིན་གསུང་བ་སོགས་འདུག་ལན་ལ་རྩེ་རང་དུ་བཞུགས་པས་ཁྱབ། ཤངས་ལ་མི་ལེགས་ཟེར་བ་ཕུལ་ནའང། ཞུ་ལན་མ་སླེབ་གོང་དུ་པ་སྣམ་ཚོར་ཕེབས་གྲུབ་འདུག་སྟེ་དེ་སྐབས་ཤངས་ལ་མ་ཕེབས་པ་དེ་ཀས་འཚེངས་གདའ། ཡང་སྤྱིར་ཆོས་པའི་རིགས་ཀྱིས་ཆོས་ཁོ་ན་ལ་ཕྱེ་ཐང་བྱེད་དགོས་རྒྱུར་འདུག་ཅིང༌། ཆོས་སྤངས་ནས་འཇིག་རྟེན་པའི་ཁྱེ་ཕོགས་ཆེན་པོ་དང༌། གཉེན་ཚན་ཡོན་མཆོད་སོགས་ཀྱི་འཇིག་རྟེན་གྱི་བྱ་བ་གལ་པོ་ཆེ་གང་ཡོད་ཀྱང༌། ཏིལ་འབྲུ་ཅིག་ཀྱང་མི་ཕན་པས། ཆོས་བཅག་ནས་བྱ་བ་གལ་ཆེན་ཟེན་དགོས་ཟེར་ནས་རྒྱུག་པ་དེ། ཆོས་པའི་ཁྱུ་ནས་བུད་པ་ཡིན་པར་འདུག །སྣོར་མངས་པ་སངས་རྒྱས་བཟང་པོ་དང༌། ཨོ་རྒྱན་པའི་གཏམ་རྒྱུད་བཞིན་ཡིན། ཆག་ལོ་ཙྪ་བ། དཔང་ལོ་ཆེན་པོ། ཀུན་མཁྱེན་ཆེན་པོ། བུ་སྟོན་རིན་པོ་ཆེ། བླ་མ་དམ་པ་བསོད་ནམས་པ་སོགས་ལ། རྒྱ་ནག་རྒྱལ་པོས་གདན་འདྲེན་བྱུང་ཡང་ཡེ་མ་ཕེབས། དུས་ཕྱིས་རང་བོ་དོང་བྱ་གཤོངས་ཀྱི་འཆད་ཉན་པ་རྗེ་སངས་རྒྱས་རྒྱལ་མཚན་པ་དེ། ཆོས་སྒང་ལ་མི་ཆེན་བསྙུང་བ་དང་འདས་གྲོངས་ཀྱི་རིགས་སམ་དགའ་སྟོན་སོགས་གལ་ཆེ་གང་འདྲ་ཅིག་ལ་སྤྱན་འདྲེན་པ་བྱུང་ཡང་མི་འབྱོན་པའི་ཐག་ཆོད་པོ་ཅིག་ཡོད་ཟེར། དེ་བདེན་ན་ཆོས་བརྒྱད་ཆུང་ཞིང་ཆོས་ལ་གནས་པའི་རྣམ་ཐར་དུ་འདུག་སྙམ་པ་
བྱུང་དེང་སང་དེ་འདྲའི་རིགས་ལ་མི་ཆོས་མི་ཤེས་པ། དགོས་དུས་མི་ཕན་པ་ཟེར་ནས་ཐམས་ཅད་ཁ་གཏོང་བར་འདུག ཆོས་དེ་མེད་ཁུངས་མེད་དུ་བཏང་ནས་འཇིག་རྟེན་གྱི་ཁྱེ་ཕོགས་ལ། ཆེ་བཞག་ཆུང་བཤོལ་གྱི་ཕན་ཐོགས་རྫུས་མ་རེས་མགོ་བོ་བསྐོར་དུ་ཕྱིན་ན། མི་ནག་པ་ཚོ་དགའ་བར་མ་ཟད། ཆོས་པ་ཚོ་ཡང་དེ་ཁ་རང་དགའ་བའི་ཁུངས་ཀྱིས་བསྟོད་ར་དིར་བྱེད་པར་འདུག མི་ཆེན་སྐྱ་སེར་ཤེས་ལྡན་ཡིན་པའི་ཁུངས་ཚོ་ཡང་དེ་ཁ་རང་དགེ་བཤེས་བཟང་བར་འཛིན་པར་འདུག འཇིག་རྟེན་པ་རྣམས་དེ་སྐད་སྨྲ་བ་ནི་ཤིན་ཏུ་བླུན་མོད་དེ། སྐྱེ་བོ་མི་ནག་པ་ཆོས་མ་གོ་ཙ་ན་ཐབས་མེད། དགག་པའི་ཡུལ་དུ་མ་བྱུང༌། ཆོས་པ་རྣམས་ཀྱི་ཁ་ནས་དེ་བཞིན་སྨྲ། ཡིད་ནས་དེ་ལྟར་སེམས་པ་ནི་ཁོ་རང་བདུད་ཀྱི་དབང་དུ་སོང་བ་དེར་འདུག ཐབས་མེད་ཀྱང་ཆོས་སམ་བསྟན་པ་རང་དེ་རྩ་བ་ནས་ནུབ་པ་ཡིན་པར་འདུག སྙམ་ཡིད་སྐྱོ་བའི་རྒྱུ་ཁོ་ནར་གདའ། ཁྱད་པར་ཇོ་ནང་གི་དུས་ཁྲིད་འདི་ཤིན་ཏུ་བཀའ་གཉན་པར་བྱེད། སྔོན་རྗེ་བཙུན་གྲོལ་མཆོག་ཐུགས་གཏུམ་པས། ཆོས་གསུང་འཕྲོ་བཞག་ནས་ཕེབས་པ་མང༌། ངོར་དུ་སློབ་མ་སྟ་གོན་ཅིག་གནང་གྲུབ་ཀྱང༌། ཐུགས་འུར་ནས་དངོས་གཞི་མ་གནང་བར་ཐེགས་པའི་ལོ་རྒྱུས་ཡོད། གཞན་ཡང་ལམ་འབྲས་གསུང་འཕྲོ་ལ་བོར་ནས་ཐེགས་པ་སོགས་མང་བོ་བྱུང་ཡང༌། ཇོ་ནང་དུས་འཁྲིད་སྔ་རེས་གནང་བ་ཅིག་ལ། བློ་བདེ་ནས་དཔོན་དྲུང་རབ་བརྟན་པ་ཤིན་ཏུ་བསྙུང་ནས་སྤྱན་འདྲེན་དོས་དྲག་བྱུང་ཀྱང་མ་ཐེགས། དེ་ལ་སྐྱོན་མི་ཡོང་གསུང་བའི་ཞལ་བཞེས་ཀྱང་མཛད། དེ་སྐབས་སྐྱོན་ཡང་མ་བྱུང་འདུག ཡང་ཕྱི་རེས་ཅིག་རྒྱལ་རྩེ་ནས་བདག་པོ་ནམ་མཁའ་ལྷུན་གྲུབ་ཤིན་
ཏུ་བསྙུང་བ་ལ་སྤྱན་འདྲེན་དོས་དྲག་བྱུང་བ་ལའང༌། སྦྱོར་དྲུག་འདི་ཆོས་གཞན་དང་མི་འདྲ་བས་བག་མེད་བྱས་ན་འཕྲལ་དུ་ཉེན་ཆ་ཆེ་ཞིང༌། ཕུགས་རྣམ་སྨིན་བརྗི་གསུངས་ནས་འཁྲིད་མ་གྲོལ་བར་དུ་ཕེབས་མ་ཐུབ། རྒྱལ་རྩེ་བདག་པོའང་དེ་རྗེས་སྐུ་འདས་ནས་མ་མཇལ་བར་གདའ། དགོངས་རྫོགས་ལ་ནི་ཕེབས་འདུག དེས་མཚོན་ཡང་སྒོས་སུ་ཡང་འདི་སྐབས་ལྟས་ཤིན་ཏུ་ངན་པའི་ཕན་ཐོགས་ཅིག་མི་ཡོང་བ་འདུག་པ་དང༌། ལར་ནས་ཀྱང་སྐུ་གཤེགས་དེ་ཕྱི་ལྟར་གུས་ལ་སྙིང་ནས་མ་དད་པའི་རྣམ་འགྱུར་ཅིག་ཀྱང་འདུག་པས་མི་འགྲོ་བར་ཐག་བཅད། ཁྲིད་ཀྱི་འཕྲོས་དེ་ཁ་བསྐྱངས། དེ་ནས་ཉེར་གསུམ་གྱི་ནུབ་མོ་ཨ་ལྕེ་དྲུང་གཤེགས་ཟེར་ནས། ཉེར་དྲུག་གི་སྔ་དྲོ་མགྱོགས་བསྔོ་སྐྱེལ་མཁན་སླེབ། པ་སྣམ་དུ་སྡེ་སྲིད་རྒྱལ་བུའི་དྲུང་དུ། སྐུ་སྲུང་དང་བྱིན་རླབས་རྟེན་འབུལ་དུ་རྟ་རྫི་དོན་ཡོད་དཔལ་བཟང་ཁོ་བཏང་བས། ཇོ་ནང་རི་ཁྲོད་ནས་ཞོགས་ཕྱེད་ལ་ཐོན་པ་ལ། ས་ཧྲབ་ཧྲིབ་ལ་པ་སྣམ་རྫོང་དུ་འབྱོར་བའི་དེ་འཕྲལ་ཞུ་ཡིག་རྟེན་སོགས་འབུལ་ཐུབ་པས་ངོ་མཚར་བའང་བྱུང༌། ཁྲིད་ཀྱི་འགོ་མཇུག་འདི་ཀུན་ཏུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སློབ་དཔོན་སྤྱོད་པ་པས་མཛད་པའི་རྒྱ་གཞུང་གི་ཊཱིཀ་ཆེན་དེ་བརྩོམས་གྲུབ་པར་བྱུང༌། ཁྲིད་གསར་བ་མང་ཤོས་མེད་ཀྱང་འཁྲིད་ལོ་ཤིན་ཏུ་ལེགས། འདི་སྐབས་སྡེ་སྲིད་ནས་བཀའ་ཤོག་ཕེབས་པ་ལ། ཅུང་ཟད་སྐུ་ལྟེམ་བྱུང་བས། ཐོར་པ་རང་ནི་མིན་ལས་ཆེའམ་སྐྱབས་འཇུག་དང༌། རིམ་གྲོ་ཇི་ལྟར་དགོས་ཕེབས་བྱུང་བ། མཆོད་ཤོམས་ཀྱི་མར་མེ་གློ་བུར་དུ་ཟད་པ་སོགས་
བཀྲ་ཤིན་ཏུ་ངན་པ་ཅིག་བྱུང༌། དེ་མཐུན་ཟུར་ཙམ་ཕུལ། འཁྲིད་མ་གྲོལ་ཙམ་ལ་སྡེ་སྲིད་ནས་བཀས་ཁྱབ་པའི་ཨ་ལྕེའི་དྲུང་གི་བྱང་ཆོག་སོགས་བྱུང༌། འཁྲིད་གཏོར་གྱི་ཟོར་འཕེན་སྐབས། ཕྱི་ནང་གི་རླུང་ལྟས་ཤིན་ཏུ་འཚུབ་པ་དང༌། ཁྲོམ་ཐམས་ཅད་ཀྱིས་ཚོར་བ་སྐུ་འབུམ་ཐང་དུ་སྒྲ་ཆེན་པོ་མི་བཟད་པ་ཅིག་བྱུང༌། དེ་ནས་འབོད་མི་ཡང་ཡང་གནང་བའི་སྟབས། བྱི་ལོ་ཧོར་ཟླ་དང་པོའི་ཚེས་ལྔ་ཙམ་ལ་ཁྲིད་གྲོལ། བདུན་ལ་རྟག་བརྟན་དུ་སླེབ་ཙམ་བྱས་ནས། ཞག་བཞིའི་རིང་ལ་འགྲིབ་རླུང་ཁ་ཡུག་ཤིན་ཏུ་ཆེ། ཚེས་བཅུ་གཅིག་ལ་རྟག་བརྟན་ནས་ཆས་འོངས་དུས། ཁམས་རིངས་པའི་གཤིན་བསྔོ་ཅིག་དང༌། བཀྲ་ཤིས་སྒང་ཤར་པའི་ནང་ནས་འོངས་དུས་ཀྱང༌། གནས་སྒོ་སློབ་དཔོན་རྒྱ་མ་ཆོས་མཛད་པ་དང་ཕྲད་པའི་གཤིན་བསྔོ་རྣམ་གྲངས་མང་བ་རང་ཅིག་དགོས་པར་བྱུང་བ་ལ། རྟེན་འབྲེལ་མི་ལེགས་པའི་དཔྱད་དུ་གོ་བ་ཅིག་ཤར། དེ་སྐབས་ཟླ་བ་སྔ་མའི་མར་ངོའི་བཅུ་བཞི་པ། ས་སྐྱ་ནས་བདག་ཆེན་བསོད་ནམས་དབང་པོ་སྐུ་གཤེགས་པ་ཞག་ཤས་ཤིན་ཏུ་གསང༌། དེ་སྐབས་ཚེས་བཅུ་ལ་གསང་བརྡོལ་བའི་རིགས་ཡིན་པར་འདུག དེ་དུས་ངེད་ཀྱིས་ལུང་ནག་གི་ལྟག་ཙམ་དེར་སྐད་ཆ་གོ ངེད་རང་ཤབ་ཆུ་ཐོན། ཁལ་མ་རྣམས་རྗེས་ལ་ཡོང་གིན་ཡོད་པས། བདག་ཆེན་སྐུ་གཞོན་པ་ཨ་མིས་དྲུང་དགྱེས་ཤིང་སྤྲོ་བས། དུང་རྒྱ་གླིང་དར་འཕྱར་སོགས་བཟབ་ཤོམས་དུ་མ་དང་བཅས་ནས་དགེ་སྡིངས་སུ་ཕེབས་པ་མཐོང་འདུག ཚེས་བཅོ་ལྔ་ལ་སྤ་མནམ་
རྫོང་དུ་འབྱོར། དེའི་ནང་པར་ནས་ཀ་སྡེ་སྲིད་རྒྱལ་བུའི་དྲུང་དུ། དབང་བཀའ་རྣམས་འབུལ་བའི་འགོ་བརྩམས། ཡིད་ཡུལ་མ་བདེ་བ་ཅིག་ལ་ཞག་གསུམ་བཞི་ཙམ་སོང་སྐབས། དབུས་ནས་སྡེ་སྲིད་སྔ་སོར་ཐོར་པས་བསྙུང་བ་ད་དགོས་དགའ་རབ་ཡོང་བ་འདྲ་གསུམ་བ་ཅིག་ཕེབས་བྱུང༌། དེ་རྗེས་གཞུང་ལམ་དེ་ཀུན་ལ་དམག་མི་དམ་དུམ་འགྲོ་མཁན་དང༌། རིངས་རིངས་འདྲ་བའི་མི་འདྲ་མཐོང་བ་ལ་ཡང༌། ཡིད་ཡུལ་དུ་ཐེ་ཚོམ་འཆར་བའི་མདངས་ཡོད་པ་ཅིག་ཀ་བྱུང༌། དེ་ནས་རོང་པ་བཀྲས་དར་ཟེར་བ་ཁོ་ངེད་དབུས་ལ་འབོད་མིར་གནང་བ། པ་སྣམ་དུ་ཉེར་གསུམ་ལ་འབྱོར་པ་ལས་ནི་མ་བྱུང༌། བླ་གཉན་འཁྲིས་པ་ལྟ་བུའི་སྐུ་ཁམས་ལེགས། ས་མི་འཕྲོད་པའི་ཐུགས་དོགས་ཤར་བས། སྡེ་སྲིད་རང་ཡར་ཕེབས་པའི་ དགོངས་གཏད་དང༌། གང་མཇལ་མཇལ་དུ་འཕྲད་ཡོང་དགོས་ཚུལ་ཕེབས་པར་འདུག དེའི་སང་ཉིན་གཏོར་མ་རྒྱས་པ ་ཅིག་བཏང་བ་ལ་ནི། ཕྱི་ལྟས་འཇའ་ཚོན་སོགས་ལེགས་ལེགས་འདྲ་བ་ཅིག་བྱུང༌། དེའི་ཡང་སང་ཉིན་ལམ་དུ་ཞུགས་ཡོངས་པས། སྨན་ཆུ་ལུང་གི་ཕ་ཚད་དེ་ཁར་ནམ་མཁའ་འབྲུག་དང་ཕྲད་བྱུང༌། ཡི་གེ་ཕྱི་ལྟར་རྣམས་གཏད། ཆུ་གཉན་ཐུབ་ཕྱིན། དེར་སྡེ་སྲིད་དེ་ཉིད་སྐུ་གཤེགས་ཚུལ་མགྱོགས་བསྔོ་དང་བཅས་པ། བློན་ཆེན་རྣམས་ཀྱི་གྲོས་སྟེང་ནས་ཡིན་ཟེར་བ་ཅིག་སྤྲད་བྱུང་ཞིང༌། དུས་མི་བདེ་བའི་སྟབས་རེ་ཞིག་ཤིན་ཏུ་གསང་རྒྱུ་ཡིན་པ་དང༌། སྡེ་སྲིད་རྒྱལ་བུའི་དྲུང་དུའང་རེ་ཞིག་སྙན་དུ་མི་འབུལ་ཞིང༌། སླར་ཁོང་རང་ཚོ་བྱོན་ནས་སྙན་འབུལ་བྱེད་དགོས་ཡིན་ཟེར་བ་སོགས་འདུག སྐུ་གཤེགས་ཡུལ་ནི་བཟང་ཡུལ་མོན་པ་གདོང་
དུ་སྒར་ཐོག་ཏུ་གཤེགས་གདའ། དེ་རྗེས་དོལ་མདའ་རྫོང་དུ་བཞུགས་ཡོད་ཚུལ་གྱི་གསང་ཐབས་བྱས། དེ་ཁ་ཐལ་ནས། ཕྱིས་ཀྱང་བཀའ་བློན་རྒྱུས་ཡོད་ཚོ་ཡང་དོལ་ལ་ཕེབས་པ་ལ་ནི་ཐུགས་རྟོག་ཅིག་ཀྱང་ཡོང་འདུག་ཟེར་བ་ཅིག་འདུག ངའི་སེམས་ལ་ནི་དོལ་དུ་གཤེགས་པ་མིན་པ་ལ། ལར་སྐྱེ་བོ་མི་ནག་པའི་གཏམ་ཕལ་པ་ལ་འབྲེལ་ཏ་ཅི་ཡོང་སྟེ། ཁོང་ཚོ་གཏན་ཚིགས་ཆེ་ཆེ་མོ་རང་བྱེད་འདུག་པ་དེ་ཡིན། འཇུངས་ལ་ཨཾ་བསམ་པ་ཅིག་བྱུང༌། དེ་ནས་སླར་པ་སྣམ་རྫོང་དུ་ཀ་ཕྱིན། ཧོར་ཟླ་གཉིས་པའི་མགོ་སྒང་དེ་ཁར་བསྡད། ཉིན་རེ་བཞིན་དབང་ཆོས་རྣམ་གྲངས་གཉིས་གསུམ་རེ་མི་ཆག་པ་ཕུལ་ཞིང༌། བསྟན་འཛིན་རིན་པོ་ཆེ་སྤྲུལ་པའི་སྐུ་དཔོན་སློབ་ཀྱང་ཆོས་ཞུ་བར་ཕེབས། ནཻ་གུ་ཆོས་དྲུག་སོགས་ཤངས་ཆོས་ཆ་ཚང་དང༌། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་སོགས་དབང་བཀའ་འགའ་རེ་ཡང་བྱས། དཔོན་ས་ནམ་མཁའ་མཛོད་མ་དང༌། བཀྲས་སྒང་བའི་དགེ་སློང་མའི་མིང་ཅན་སྟབས་ཅིག་ཏུ་འདས་པའི་བསྔོ་རྟེན་ཡང་འབྱོར། ཁོང་དཔོན་གཡོག་བཅུ་ལྷག་ཅིག་སྡེབས་སུ་འདས་འདུག་སྟེ། དུག་ལིངས་བྱུང་བ་ཡིན་པར་འདུག དེ་ནས་ཟླ་བ་གསུམ་པའི་འགོ་ལ། འདོལ་བྱུང་དུ་འབོད་མི་ནན་ཆེན་བྱུང་བ་ལྟར་ཕྱིན། ཐལ་རླུང་ཆེན་པོས་ལམ་ཡེ་མི་མཐོང་བ་བྱུང༌། ཞག་བདུན་བསྡད། ཞལ་ངོ་རྣམས་ལ་འདོད་ཆོས་སྔར་རྒྱུན་ལྟར་སྒྲུབས། ཚོགས་པ་མཁན་ཆེན་ཀུན་དགའ་ལུང་རིག་པ་ཡང་ཕྲད་པར་ཕེབས་ཤིང༌། བདེ་མཆོག་དྲིལ་བུ་པ་ཁ་ཆེ་པཎ་ཆེན་ལུགས་ཀྱི་དབང་བསྐུར་ཞིག་ཀྱང་ཐུགས་བཞེད་ལྟར་བྱས། དེ་ནས་བསམ་སྡིངས་སུ་ཕྱིན། ས་མཐོ་བས་ཞག་གཉིས་རླུང་ཁམས་ཀྱི་ཤིན་ཏུ་ན་བར་བྱུང༌། ད་ལྟའི་སྡེ་སྲིད་ཞབས་དྲུང་གི་ དགོངས་གཏད་ཀྱིས་
མགོན་པོའི་བྲིས་སྐུ་ཅིག་རྟག་བརྟན་དུ་བྲིས་པ ་སྔ་དྲོ་གཅིག་འབྱོར་བྱུང་བ། བྱ་རོག་མང་པོ་དུས་གཅིག་ཏུ་སླེབ་པའི་ངོ་མཚར་བའི་ལྟས་ཙམ་བྱུང༌། གསེར་མདོག་ཅན་མཁན་ཆེན་ཤཱཀྱ་བསྟན་འཛིན་དྲུང་ཡང་ཕེབས། ཐུགས་བཞེད་ལྟར་ལམ་དབང་ཅིག་བྱས། མགོན་པོ་བྲག་ནག་གཤན་པ་དྲུག་པའི་རྗེས་གནང་ལ་ཆོས་མཚམས་བྱུང༌། ཉིན་ཅིག་ཇོ་མོའི་རི་རྩེར་ཕྱིར་ནས་ཡོན་བདག་གི་སྐུ་རིམ་དུ་གཏོར་མ་རྒྱ་ཆེ་བ་ཞིག་བཏང་དུས། བྱང་ཤར་ནས་རླུང་ཤུགས་ཅན་རང་འདུག ཕྱི་ལྟས་འཚུབ་པར་མངོན་པ་ཙམ་བྱུང༌། སླར་ཡང་པ་སྣམ་རྫོང་དུ་སླེབ། རྫོང་རང་གི་ཉེ་སྐོར་ན་འབྲུམ་བགས་མང་པོ་རང་འདུག་ཅིང༌། ལ་ལ་ཕྱིར་གསེང་བའི་ཁུངས་བྱེད་འདུག་སྟེ། སྤྲེའུ་ཡོས་རྐུའི་རྣམ་པ་ལས་མི་འདུག་ཀྱང༌། དེ་རེས་སྐོར་སྐུ་འབྲུམ་ཡེ་མ་བྱུང་བ་དེ་ཡིན། དེ་སྐབས་རྟག་བརྟན་གྱི་དཔལ་ཆེན་ལྷ་ཁང་དུ། ལོགས་བྲིས་ལ་ཨ་བྷེ་དྷ་ན་ནས་འབྱུང་བའི་དཀྱིལ་འཁོར་གྱི་གཙོ་བོ་ཕལ་ཆེ་བ་དང༌། ཞིང་སྐྱོང་ཉེར་བཞི་མཁའ་འགྲོ་རྒྱ་མཚོ་ནས་འབྱུང་བ་ལྟར་དང༌། གཙང་ཁང་ནང་དུ་བདེ་མཆོག་རྩ་རྒྱུད་ཀྱི་ལྷ་ཚོགས་འབྲི་བའི་བཀོད་པ་དང༌། སྔར་མཚོན་རྩི་མ་གསོལ་བ་རྣམས་ལ་མཚོན་རྩི་གསོལ་བའི་བཀོད་པ་ཡང་བྱས། ངེད་ལ་འབོད་མཁན་ཡང་མེད། སྡེ་སྲིད་ལ་སྤྱན་འདྲེན་ཡང་མེད་དེ། ཟླ་བ་བཞི་པའི་ཚེས་བརྒྱད་ལ་ཡོན་མཆོད་ལྷན་དུ་བསམ་གྲུབ་རྩེར་འབྱོར། ལམ་ཞོར་ལ་དུད་མཚོའི་འཁྲིས་ཀྱི་སྐྱེད་ཚལ་དེར་ཕྱིན་དུས། གཡབས་རིང་ལ་མི་ལའི་རྣམ་ཐར་བཀོད་པའི་ཁུངས་ཞིག་བྲིས་འདུག་པ། རྟེན་འབྲེལ་ལོག་པ་རང་ཞིག་བྱུང་འདུག སྔ་སོར་སྡེ་སྲིད་དུ་གསང་བརྟོལ་འབུལ་རྒྱུ་དེ། པ་སྣམ་དུ་བར་ཆད་ཀྱི་རྒྱུར་འགྱུར་བས་མི་ལེགས་པ་དང༌། བསམ་རྩེར་ལེགས་
པ་དང༌། དུས་ཚོད་དེ་ཁ་ཙམ་ནས་སྡེ་སྲིད་ཞབས་དྲུང་རང་བཞུགས་ཡུལ་ཡང༌། པ་སྣམ་ཅུང་མི་ལེགས་པའི་མཚན་མ་ཤར་བ་ནས་རྩེ་ལ་ཕེབས་པ་ཡིན། དེ་ཁས་གང་ཅི་ནས་ཕོ་བྲང་མ་མོར་ཕེབས་ཐུབ་པས། རྫོང་གཞིས་རང་ལའང་བློ་བརླིང་བ་དང༌། མཐའ་བཞི་ཀུན་ཏུ་ཟིལ་ཆེ་བའི་ལེགས་ལམ་དང༌། རྩེ་ཕྱོགས་ས་ཡང་གཙང་ཞིང༌། ཡར་ཕྱོགས་དེ་རྗེས་ཐོར་པ་སོགས་ནང་བགས་ཀྱང་ཆེར་སོང་བ་ཞིག་བྱུང་བས། ལྟས་ཀྱང་དོན་དང་མཐུན་པ་དེ་ཡིན། དེ་སྐབས་གཞན་བློན་ཆེན་བཀའ་གྲོས་པའམ། རྫོང་དཔོན་སོགས་གང་གིས་ཀྱང་རྩེ་ལ་ཕེབས་ན་ལེགས་པའི་སྙན་བསྐུལ་སྤྱན་འདྲེན་སོགས་སུ་ཡང་མེད། ཁོང་རང་ཚོལ་རང་འདོད་ཀྱི་གནད་ཕྲན་ཚེགས་རྩི་རྒྱུ་ཡང་འདུག་པས། རྩེར་མ་བྱོན་པ་ལ་དངོས་དགའ་བའི་རིགས་ཡིན་པར་ཡང་འདུག ཕེབས་པའི་གནངས་ཉིན་ཀ་ཐོག་མར་མཛོད་པ་གནས་ཚུལ་ཞུ་བར་བཏང༌། དེ་འཕྲལ་དངོས་ཀྱིས་ཀྱང་ཞིབ་རྒྱས་ཕུལ། ཐུགས་ཁོག་ཆེ་བར་བྱུང་བས་སྔར་གྱི་སེམས་ཁུར་གྱིས་འཚེར་པ་སངས་སྐུའི་བར་ཆད་སེལ་བྱེད་ཀྱི་དབང་བཀའ་འཆག་མེད་རེ་ཕུལ་ཞིང༌། བསྟན་འཛིན་རིན་པོ་ཆེ་དང་གཞན་ཡང་ཅི་རིགས་ལ། དབང་ལུང་རྗེས་གནང་རྣམ་གྲངས་མང་བ་ཙམ་བྱས། དེ་ནས་གསང་བརྟོལ་སྙན་དུ་ཕུལ་གྲུབ་ཚུལ། དབུས་ཕྱོགས་སུ་བློན་ཆེན་རྣམས་ལའང་བསྲིངས། སྔར་མགོན་ཁང་ཅིག་ཡོད་པ་བར་སྐབས་སུ་བདག་རྐྱེན་ཆུང་བའི་སྐྱོན་ལ་ཐུགས་རྟོག་ཀྱང་ཅུང་ཟད་འདུག མགོན་ཁང་རྒྱ་བཀྱེད་པའི་དགོངས་བརྟད་ཤར་བས། འགོལ་སྐྱིད་ཟེར་བའི་གཟིམ་ཁང་དེའི་ཕུ་མདའ་ལ་བཅོས་ཅི་རིགས་པའང་གནང༌། བསས་ཁང་པས་མགོན་
པོ་འཁོར་མངས་ཀྱི་ཞལ་ཐང་ཅིག་ཀྱང་བྲིས། གནས་རྙིང་པའི་ལྷ་བཟོས་མགོན་པོ་ལྕམ་དྲལ་གྱི་སྨན་སྐུ་ཡང་བཞེངས་ཤིང༌། དེ་དག་ལ་རབ་གནས་ཀྱང་ལེགས་པར་བྱུང༌། མགོན་ཁང་རྟེན་རྫས་དང་བཅས་པ་ཆ་ཚང་སྒྲིག་རྩོམ་གྲུབ། དེའི་གོང་ཙམ་དུ་འཕྱོང་རྒྱས་ཀྱི་འགོ་བྱས་པའི་རྫོང་གཞིས་འགའ་ཞིག་ཡར་སྟོད་པ་ལ་ཕར་ཤོར་བ་དང། དབུས་ཀྱི་དཔོན་རིགས་ཆེ་བ་འགའ་ཞིག་ཀྱང༌། ཁམ་འགྲོས་དེ་གོ་རིག་བྱུང་བ་ལ་བརྟེན་པའི་གང་ལ་འཆུས་འགྲོ་མི་ཤེས་པའི་གཡེངས་པའི་སྐབས་ཡིན། དེ་དུས་སྡེ་སྲིད་རང་ལའང་དཀོན་མཆོག་གིས་མི་བསླུ་བའི་ཡིད་ཆེས་ཐུགས་འགེལ་ཆེན་པོ་ཐུགས་ལ་འདུག་ཀྱང་འདུག བླ་མ་དཀོན་མཆོག་ཆོས་སྐྱོང་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཞིང་གསོལ་བ་འདེབས་པ་ལ་ཐུགས་རྩོལ་ཆེན་པོ་མཛད་ཀྱང་མཛད། རང་རེས་ཀྱང་དམིགས་པའི་རྒྱབ་སྐྱོར་གང་ཡོད་བྱས། མགོན་ཁང་བཙུགས་པ་ནས་གཟུང་དགེ་བའི་རྟགས་མཚན་ཡང་ཤར། དེ་དུས་སྡེ་པའི་ཕྱག་ན་ཆིབས་པ་འོས་རིགས་མེད་པས་མགོན་པོ་ལྕམ་དྲལ་གྱི་ཟུངས་འཛུགས་པ་ལ། མགོན་རྟ་བདེ་ལེགས་ཀུན་སྨོན་དང༌། ལྷ་མོ་ལ་དྲེའུ་ཞིག་བཙུགས་རྟ་དྲེས་གཉིས་པོ་སྡེ་སྲིད་རང་གི་ཕྱག་ཏུ་ཕུལ། ལར་དེ་བཞིན་གཤེགས་པའི་སྙིང་པོ་གློ་བུར་གྱི་དྲི་མས་གཡོགས་པའི་དཔེ་དང་འདྲ་བར་པ་སྣམ་ནས་རྩེར་ཕེབས་སྐབས། ནམ་བཟའ་ཚུན་ཆོད་མདའ་ཐུང་བ་དང་ཕྱག་གཡོག་དཔོན་རིགས་ཀྱི་བུ་འགའ་ཞིག་ཀྱང་འགྲོ་འཚམས་བྱས་ནས་མི་སྡོད་པ་སོགས་ངེད་ཀྱི་ནི་བློ་ལ་མི་རན་པ་ཅིག་རང་བྱུང༌། མགོན་གསོལ་བསྐང་གསོ་བ་བཞི་སྡེ་འཛུགས་པའི་ དགོངས་པ ་ཡང་ཐོག་མ་རང་
ནས་སྡེ་སྲིད་རང་ལ་ཐུན་མོངས་མ་ཡིན་པ་ཤར་བ་ཡིན། མི་གཞན་འགའ་རེས་བསམ་པ་ལ། ངེད་ཀྱིས་རང་འདོད་ཀྱི་སྙན་འབུལ་ཕུལ་བ་ལ། སྡེ་སྲིད་སྐུ་ན་གཞོན་པས་མནོ་མ་མཁྱེན་པར་གསན་པ་ཡིན་སྙམ་པ་དང༌། ཁ་ནས་ཀྱང་སྨྲ་བར་འདུག་སྟེ། མགོན་ཁང་འཛུགས་པ་དང༌། མགོན་གསོལ་བ་འཛུགས་པ། ཐུགས་དམ་གཏོར་བསྔོ་བསྐང་གསོ་ལ་བརྩོན་པ་འདི་ཀུན། སྡེ་ པ་རང་གི་དགོངས ་གཏད་ཐུན་མོང་མ་ཡིན་པ་ཤར་བ་ཁོ་ན་ཡིན། ངེད་ཀྱིས་ཏ་ཕྱག་གཡོག་རྣམས་མ་མགུ་ཡི་དོགས་ནས། ད་བཟོད་ཙམ་རིམ་པས་གནང་ན་ཁྱབ་བམ་ཞུས་ཏེ། སྔ་ཁྱད་ཆེ་བའི་ དགོངས་པས་འཕྲལ་དུ་གནང་བ་ཡིན། ལར་དཀོན་མཆོག་ལ་བློ་གཏོད་ཅིང་དགེ་བ་ལ་རྩོལ་བ་དེ་མཛད་པ ་དགའ་ལོད་ཇི་ལྟར་ཡིན། བྱེད་ལུགས་ནོར་རམ་མ་ནོར་ཤེས་ལྡན་ཡོངས་ལ་དྲིས་ཤིགདེ་སྐབས་ཐུགས་རྩོལ་མཛད་པ་དཀས་ལེགས། དེ་མིན་ནག་ཕྱོགས་སྙིང་ལ་ཞུགས་པའི་འགལ་རྐྱེན་བྱེད་མཁན་མང་བས་ཕྱིས་ཕྱག་ཐོག་ཏུ་ཁེལ་བ་དཀའ་བ་འདུག དེར་མ་ཟད་ཆོས་སྐྱོང་འདིས་དེ་དུས་སྲོག་རྩ་ནས་བཟུང༌། དེ་མིན་བྱུས་མཐའ་ནས་བསྡུས་འགྲོ་བར་འདུག དེ་དུས་དབུས་ནས་གྲོས་བྱེད་པ་ཚོས་ཞུ་ཡིག་ཕུལ་བ་ཚོའི་གཞུག་ནའང༌། དཀར་ཕྱོགས་ཀྱི་ལྷ་ལ་མཆོད་འཕྲིན་དགོས་ཟེར་བ་རེ་འདུག་པ་དེའི་དཀར་ཕྱོགས་ངོས་འཛིན། པེ་ཀར་ཁོ་ན་ཡིན་པ་འདུག འདི་ཕྱོགས་དང་མར་ཕྱོགས་ན་ཡོད་པ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོ་ལ་ཤིན་ཏུ་མི་དགའ། འཚུབ་ཆེན་པོ་ཡོད་ཟེར། པེ་དཀར་ལ་བློ་སྙིང་བྲང་གསུམ་གཏོང༌། བདེ་སྐྱིད་ཐམས་ཅད་ཡོང་བ་ཡིན་ཟེར། ཉམས་ཅི་ཡང་མེད་པའི་བླུན་པོ་ཤེས་ལྡན་དུ་རེ་བ་ཨ་རེ་
སྡུག་ཨ་རེ་སྡུགསྙིང་རེ་རྗེ་སྙིང་རེ་རྗེ། ཇི་སྐད་དུ། ཀྱེ་མ་བསོད་ནམས་ཟད་པའི་མི། །ལྷ་སྐལ་ཆད་ནས་འབྱུང་པོ་སྒྲུབ། །ཅེས་དང༌། བཀའ་དམ་གླེགས་བམ་ལས། མཐུ་ཆེན་འདོད་པས་པེ་ཀར་སྒྲུབ། གྲུབ་མ་ཐག་ཏུ་སྲོག་ཀྱང་བཅད། །ཤི་ནས་ངན་སོང་འགྲིམ་པ་མཐོང༌། །ཞེས་གསུངས་པ་དེ་གོ་ཡང༌། མགོ་ཐོག་ཏུ་ནི་བབས་འདུག་གོ །འདི་རྒྱལ་པོ་པེ་ཧ་ར་ཁོ་ནའི་སྐྱོན་གྱི་ལུགས་མིན། འཇིག་རྟེན་ཕལ་པ་དྲག་ཤུལ་ཅན་ཀུན་གྱི་ལུགས་ཡིན། སྔར་མི་བསྟེན་པ་ཅིག་གིས་འདྲེ་ཆེན་པོ་རེ་གསར་དུ་བསྟེན་དགོས་ན། ཁོ་རང་གི་དམ་ཚིག་བསྲེ་ལུགས་དང༌། ཁོ་དབང་དུ་བསྡུ་ལུགས་དང༌། རྟེན་འབྲེལ་བསྒྱུར་ཕྱོགས་མང་པོ་དང༌། སྔར་གྱི་ལྷ་དང་འཁོན་སེལ་དང༌། ཕྱི་འབྲང་གི་བགེགས་སེལ་ཚུལ་ཐབས་མང་པོ་ཅིག་བླ་མ་ནུས་པ་ཅུང་ཟད་ཡོད་པ་ཅིག་གིས་བྱེད་དགོས། དེ་མིན་འདྲེ་དྲག་ཤས་ཁོ་རང་དང་མུ་མ་འབྱོར་བའི་སྔོན་ལ། འཁོར་གདུག་པ་ཅན་རྣམས་ཀྱིས་གོང་ཁའི་སྒོ་ཉལ་གཏོང་བ་ཡིན། ལྷ་རྙིང་པ་ཡང་དང་འགྲས་འགྲོ་བ་ཡིན། དང་པོའི་གྲུབ་ཐོབ་ཡིན་ཟེར་བ་དེ་འདྲས་ཀྱང༌། གཙང་བཙན་སོགས་འཇིག་རྟེན་རང་རྒྱུད་པ་མིན། ཡེ་ཤེས་པའི་སྤྲུལ་པ་ཡིན་ཟེར་ཏེ། གནས་ཚུལ་ལ་འཇིག་རྟེན་འདས་པའང་ཡིན་སྲིད། སངས་རྒྱས་མིན་པ་སུས་ཤེས། འཕྲལ་འཇིག་རྟེན་པའི་ཚུལ་བསྟན་པ་རང་གིས། ཡེ་ཤེས་པའི་ཁྱུ་ནས་བུད། ལམ་སྣ་འདྲེན་མཁན་ཡིན་ན་འཇིག་རྟེན་པའི་ཚུལ་སྟེན་དོན་རང་མེད། སངས་རྒྱས་བྱང་སེམས་ཅིག་བཤན་པའི་ཚུལ་བསྟན་ཡོད་ན། ཁོང་བཤན་པ་དངོས་ཀྱི་བྱ་བ་བྱེད་ཀྱི། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་ཟེར་ཆོས་བཤད་མི་ཡོང༌། འོ་
འཇིག་རྟེན་པའི་ཚུལ་བཟུང་བ་དེ་ཀ་ཁོ་འཇིག་རྟེན་པའི་ཚུལ་འཛིན་དགོས་ཙ་ན། གསོད་གཅོང་བརྡུང་འཕྲོག་རྫུན་གཏོང༌། མ་རུངས་པའི་ལས་བྱེད་ཀྱི། ཞིང་ཁམས་བདེ་བ་ཅན་དུ་འཁྲིད་རོགས་མི་བྱེད། དེ་རུ་དངོས་སུ་འཁྲིད་རོགས་བྱེད་པ་ལ། ཚུལ་ཡང་འཇིག་རྟེན་ལས་འདས་པའི་ཚུལ་ཅིག་ཀ་སྟོན་དགོས་པ་ལགས་མོད། དེས་ན་རང་རྒྱུད་པ་ཡིན་ཡང་འདྲ། སྤྲུལ་པ་ཡིན་ཡང་འདྲ། ཚུལ་དེ་འཇིག་རྟེན་པ་རང་དུ་འདུག་ན། འཇིག་རྟེན་པ་རང་གི་འགྲོགས་ལུགས་དང༌། བསྟེན་ལུགས་བྱེད་དགོས། དེ་ཡང་འཇམ་པོ་ལ་འཇམ་པོའི་འགྲོགས་ལུགས་དང༌། མ་རུངས་པ་ལ་མ་རུངས་པའི་བསྟེན་ལུགས་བྱེད་དགོས་པ་ཡིན། དེས་ན་འཇིག་རྟེན་འདས་པ་རང་དང༌། འཇིག་རྟེན་པ་ཡིན་ཀྱང་དབང་ཕྱུག་ཁྱབ་འཇུག་སོགས་ལྷའི་རྒྱལ་པོ་ཆེན་པོ་དང༌། མི་ཡུལ་ན་ཡོད་པའི་སྡེ་བརྒྱད་དྲག་རྩལ་ཅན་ཏེ། སྡེ་གསུམ་པོ་འདི་ལ་ཁྱད་ཆེན་པོ་རང་ཡོད་ལགས། བཅོམ་ལྡན་འདས་ཀྱི་ཞལ་མཐོང་མ་མཐོང་སོགས་ལའང་ཤིན་ཏུ་ཁྱད་ཆེ་བ་གོ་དགོས། སྐབས་འདིར་འདི་པ་ཚོའི་བསམ་པ་ལ་པེ་དཀར་འདི་ངེད་ལ་མི་དཀར་བའམ། ཇོ་ནང་པ་ལ་མི་དད་པ་ཅིག་ཡིན་ནམ། གཞན་ས་དགེ་བཀའ་གསུམ་ལ་དད་པ་ཅིག་ཡིན་པ་འདྲ། དེ་ལ་ཁོ་བོས་སྡང་ཤུགས་བྱས་པ་འདྲ་སྙམ་པའི་དོགས་པ་མི་དགོས་སར་བླུན་དཔྱད་ཀྱི་དོགས་པ་ཅིག་ཤར་བར་འདུག དཔལ་འཛམ་ཐང་སོགས་ཇོ་ནང་པའི་དགོན་ཆོས་གཞིས་ལ་རྒྱལ་པོའི་དཀོར་བདག་ཡོད་པ་མིང་ནས་མེད། ནང་གཏོར་རང་ལ་མི་འཇུག་སྟེ། ངེད་ཀྱི་ཕ་མེས་གོང་མ་ནས་རྒྱལ་པོ་ལ་ལས་འཆོལ། ངས་ཀྱང་ད་ལྟ་འཆོལ་དུ་རུང༌། ས་དགེ་
བཀའ་གསུམ་ཡང་ཕྱིས་འབྱུང་འདི་ཚོ་རྒྱལ་འགོང་ལ་བློ་བརྟད་བྱེད་ཀྱིན་འདུག་པ་མ་གཏོགས། སྔོན་དུས་ནང་གཏོར་ལ་མི་འཇུགབློ་བརྟད་འཆའ་ས་རང་མི་བྱེད་ལགས། ཆོས་ཉམས་ཀྱང་མེད། སྔ་ཕྱིའི་ཆ་རྒྱུས་ཅི་ཡང་མེད་པ་ཚོ་ཅིག་གཞན་ལས་སྨྲ་མཁས་པ་གདའ་བ་ཨང༌། རྒྱལ་གཉེ་བྱུང་ཟེར་རྣམ་རྟོག་ལངས་རིམ་གྲོ་སད་སུད་འདྲ་བྱེད་ཀྱིན་འདུག་པ་དེ་ཅི་ཡིན་པ་འདུག་པ་འ་ཡི་འ་ཡི། པེ་ཧ་ར་ཆེན་པོ་དྲག་ཤུལ་ཅན་ཏ་ལོས་ཡིན། དེ་ཡིན་པས་ཀ་མི་དང་འདྲ་བ་ཡིན། ལར་རྒྱལ་པོས་ཆོས་པ་དྲག་དྲག་བཟང་བཟང་ཐམས་ཅད་ལ་བར་ཆད་བཏང་བའི་ལོ་རྒྱུས་ནི་ཐམས་ཅད་ལ་ཁ་ཟད་ཟད་ཤོད་རྒྱུ་ཅིག་ནི་འདུག ཆོས་ལ་བར་ཆད་རང་ཡོང་མཁན་དེ་དཀར་ཕྱོགས་རང་འབའ་ཞིག་ཨེ་ཡིན་ལྟོས་མནོ་བསམ་ཐོང༌། ངེད་ལ་ནི་ཁྱད་མེད་དོ། །པེ་ཧ་ར་མཐོ་ན་ང་ཡང་དགའ་བ་ཡིན་ནོ། །སྡེ་པ་རང་ལ་ནི་ཕན་མི་འདོགས་པར་གདའ་ལགས། ང་ལ་སྡེ་བརྒྱད་སུ་ལའང་ཉེ་རིང་དགོས་པ་མེད་དོ་[ཨང་]། སྔ་སོར་ནས་ཀྱང་རྫུན་པོ་ཆེ་འགའ་རེའི་སྙན་སྒྲོན་གསན་པའི་སྡེ་སྲིད་གཤེགས་པ་དེས་ཀྱང་བརྟེན་ཁང་ཡང་ཡང་སྤོ་བ་མཛད་པ་ཡང༌། ཅུང་ཟད་མི་ཤེས་པའི་རྒྱུར་སོང་འདུག་ཅིང༌། བརྟེན་ཁང་དུ་པེ་དཀར་གྱི་གཏོར་བཞི་རྟེན་རྫས་སོགས་བཅའ་བ་མཛད་འདུག ཉིན་ཅིག་དེ་ལའང་གཏོར་མ་དང༌། རྟེན་རྫས་གསར་པ་མང་པོ་དང་བཅས་ཏེ། རྒྱལ་ཁང་རང་ལ་སྤོས། དེ་ནུབ་རྨི་ལམ་དུ། ཨ་ཙར་གཉིས་ཆས་ཁ་མཐིལ་ལ་ཕབ་ནས། ད་དུང་རྩེ་ལ་ལན་ཅིག་ཡོང་དགོས་ཡོང་ཟེར་བ་ཅིག་བྱུང༌། དེ་སྐབས་ཆར་བ་ཤིན་ཏུ་དཀོན། བཀྲ་ཤིས་ལྷུན་པོའི་ལྷ་ཆར་ཡང་མ་བྱུང༌། ངེད་ཀྱིས་
རྫོང་གི་ཐོག་རྩེར་གཏོར་ཚོགས་ཆེ་ཙམ་བཏང་བས། དེ་ནུབ་ཆར་ཆེ་བ་རང་བབས་དེ་ནས་མགོན་གསོལ་བཞི་སྡེ་བ་རྣམས་ནང་བར་སླེབ་རྒྱུའི་ཐོ་རངས་ཀ་གསལ་སྣང་གི་ཉམས་ལ། རི་མཐོན་པོ་ནགས་ཚལ་རྒྱས་པ་ཅིག་གི་ལྡན་ན། སྤེའུ་སྟོད་སྨད་གཉིས་འདུག་པའི་འོག་མ་དེ་ན་ང་རང་འདུག སྟེང་མ་དེ་ནས་བུད་མེད་བོངས་ཆེ་ཞིང་གཟི་བརྗིད་ཆེ་བ་རྒྱན་གྱིས་བརྒྱན་པ་ཞིག་ཐོག་རྩེ་ནས་ཉེངས་ཀྱིས་ཐོན་ནས། བཀྲ་ཤིས་སོ། །དོན་གྲུབ་བོ། །སྟ་སྟི་སྭཱ་སྟི་ཟེར་བ་ཅིག་བྱུང༌། རྟེན་འབྲེལ་ཤིན་ཏུ་ལེགས་པར་གོ ནང་པར་ཁོང་རྣམས་སླེབ། ཧོར་ཟླ་དྲུག་པ་ཉིས་རྩེགས་ཀྱི་རྟིང་མའི་མགོན་པོའི་དུས་ཆེན་གྱི་ཚེས་བཟང་བ་ཡར་ངོ་བའི་བཅུ་བཞི་ལ། དཔལ་ལེགས་ལྡན་ནག་པོ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོ་དྲཀྴད་ཆེན་པོའི་བསྐངས་གསོ་རྒྱུན་མི་འཆད་པའི་དབུ་ཚུགས། ཐུན་གཏོར་དང་གཏོར་འབུལ་ཐམས་ཅད་མགོན་ཁང་གི་སྟེང་གི་ཡང་རྩེ་དེར་ཕུལ། དེ་ནས་བརྩམས་ཏེ་ཟླ་འཕྲོ་དེ་ལ། འཕྱོང་རྒྱས་སོགས་རྫོང་པར་ཤོར་བ་ཐམས་ཅད་ཚུར་སླཽགས་པ་དང༌། གཞན་ཡང་སྟོད་སྨད་དུ་བྱུས་ལེགས་ཀྱི་རྣམ་པ་ཡང་ཡང་བྱུང་བའི་དར་འཕྱར་རྒྱུན་མི་འཆད་པ་ཁོ་ནའི་བཀྲ་ཤིས་པའི་ལེགས་ལམ་དེ་ཁ་རང་བྱུང༌། སྔར་གྱི་རྨི་ལྟས་དང་མཐུན་ཉིན་ཅིག་ཕྱག་མཛོད་རྣམས་ལའང་བགེགས་སྐྲོད་རབ་གནས་བྱས། ནོར་ཕྱིར་འབྲངས་པའི་རྒྱལ་འགོང་རྣམས་བསྐྲད་པའི་ལྟས་ཀྱང་གསལ་བར་བྱུང༌། དེ་ཡན་ཆད་ལ་བར་སྐབས་དེར། ད་ལྟའི་ཞབས་དྲུང་འདི་ཁར་སྒོ་དུ་མ་ནས་རྟེན་འབྲེལ་ལེགས་ཚོགས་ཁྱད་པར་ཅན་དུ་མ་འགྲིག་པའི་དགེ་མཚན་ཁོ་ན་ཡོད་པའི་སྐབས་ཡིན། འདིར་གསང་བརྟོལ་ཕུལ་གྲུབ་ཚུལ་མ་བཏང་བར་ལ།
ཤར་ནས་ཚོ་འཛིན་པ་སུ་ཡང་སླེབ་མ་བྱུང༌། སྐབས་དེར་གསང་སྒོའི་ཚུལ་གྱི་སྡེ་སྲིད་དེ་ཉིད་ཕེབས་ཀྱིན་ཡོད་པར་རྫུ་བག་བྱས། མགྲོན་གཉེར་དཔོན་བོད་གོང་བ་དང༌། བླ་མ་སོགས་བཟློག་པ་སོགས་རིམ་པས་འབྱོར་བའི་བྲག་དམར་ཆོས་སྡེ་པའི་གླ་འཚལ་དེར་སླེབ་པའི་ དགོངས་མོ་ནམ་འཇིགས་ཤིན་ཏུ་རྒོད་པ ་རང་ཅིག་བྱུང༌། སང་ཐོ་རངས་རྫོང་དུ་ཕེབས་པའི་རྫུ་བག་ཙམ་བྱས། དེ་དུས་མགྲོན་གཉེར་དཔོན་གྲོས་པ་ཁ་གཙོ་ཤོས་རང་ཡིན། མགོན་ཁང་བཙུགས་པ་ལ་ཁོང་ཤིན་ཏུ་མ་མགུ་བར་འདུག ཚོགས་བདག་ཡང་སྟེང་དུ་བཞུགས་ཡུལ་མཛད་པར་རྫུ་དགོས་པའི་སྟབས་ཡིན་ཟེར་ནས་གཏོར་འབུལ་བྱེད་ས་ཡང་མར་ཕབས་ནས་ཀུན་གཟིགས་སྟེང་གི་ཐོག་ཁར་བྱས། དུས་མཚམས་དེ་ཀ་ནས་དར་ཕྱར་གྱི་རིགས་ཀྱང་རྒྱུན་ཆད་པ་འདྲ་བ་ཅིག་བྱུང༌། དགེ་འདུན་སེར་ཚོགས་སོགས་སྐུ་རིམ་བྱུས་རིམ་གྱི་རིགས་མང་པོ་བཙུགས་ཤིང༌། བདུན་པའི་ཚེས་བརྒྱད་ཀྱི་ཉིན་མོ་གཏོར་ཟོར་འཕེན་མཁན་མང་དུ་བྱུང༌། སྔ་སོར་སྤྲེའུ་ལོ་རྟག་བརྟན་དུ་ཐོག་བབས་པ་ཅིག་བྱུང་བ་སོགས་ཀྱང་སྡེ་སྲིད་དེ་ཉིད་ཀྱི་ཁམ་འགྲོས་ལ་ལྟ་བར་འདུག འདི་སྐབས་ཚེས་བརྒྱད་ལ་དིངས་སུ་ཤྭ་སྐྱོན་ཆེན་པོ་བྱུང་བའང་དམག་བྱུས་ལ་བལྟ་བར་འདུག གཙང་གི་རྒྱལ་སྲིད་ཀྱི་བླ་དེ་དགོན་འདིར༌། ཆགས་འདུག་སྟེ། སྨྲས་ན་བདེན་སྙམ་པ་སུ་ལའང་མི་ཡོང་བ་འདུག ཉམས་སྣང་ཡང་མི་འདུག་སྟེ་བླ་རྡོ་ཉར་མ་བྱུང་བར་མི་ལག་ཏུ་ཤོར་བའི་ཉམས་ཅིག་ཡོང་ཉེན་གདའོ། །དེ་སྐབས་ནི་གཏོར་ལྟས་ཀྱི་རྫི་རྣམས་མི་ལེགས་པ་ཁོ་ན་དང༌། ཚེས་བཅུའི་ཉིན་མོ་རྫོང་གི་རྩེར་རྒྱལ་གསོལ་རྒྱས་པ་ཡང་བཏང༌།
བཅུ་གཅིག་གི་ཉི་ཤར་ལ་ཇོ་གདན་པ་ཚོས་རྣམ་སྲས་བསྐང་གསོའི་གཏོར་འབུལ་ཏེ། ཤར་སྟེང་གི་རྩེ་རང་ནས་བྱེད་ཀྱིན་འདུག ལྷ་སྟོབས་ཆེ་ཆུང་དང༌། ཆོས་སྐྱོང་མཆོག་དམན་གྱི་དབྱེ་བ་མ་ཤེས་པས། གཙོ་བོ་ཡེ་ཤེས་ཀྱི་མགོན་པོའི་གཏོར་སྟེགས་མར་ཕབ། འཁོར་གནོད་སྦྱིན་གྱི་གཏོར་སྟེགས་རྩེ་ལ་བཏོན་པས་རྟེན་འབྲེལ་འཆུགས། ཚེས་བཅུ་གཅིག་གི་སྔ་དྲོའི་དུས་དེ་ཁ་རང་ལ། དབུས་སུ་ཕོ་བྲང་དམར་ལྕགས་ཀྱི་འཁྲིས་དེར། དཔུང་ཆེན་གྱི་ཐོག་ལ་སོག་པོ་རྒྱུགས་པའི་ཉིན་བྱུས་ཉེས་པར་མ་ཟད། དེ་རྗེས་ཀྱང་སྒར་སྐོང་དང་བཅས་པ་དེ་བྱུང་བ་ཡིན། དེ་དག་ལ་སོགས་པ་སྔར་རྟེན་འབྲེལ་ལེགས་ལམ་གྱི་སྒོ་དཔག་ཏུ་མེད་པ་ཡོད་པ་ལ། ཁོང་རང་སླེབ་པ་ནས་གཟུང་ནས། ལོ་དེ་ནང་དུ་རང་རྟེན་འབྲེལ་མང་པོ་ལོགསྔ་སོར་ཞབས་དྲུང་གོང་མ་དེའི་ དགོངས་བརྟད་དུ་འདུག་པ ་ངེད་ཀྱིས་བྲིས་ཡིག་ཀྱང་བྱས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་ཞིང་བཀོད་རྒྱས་པ། ཐང་ཀ་དྲུག་ཅུ་སྐོར་ཡོད་པ་ཡང་སྐབས་དེར་གྲུབ་སོང༌། གོང་གཤམ་ཞལ་ཁེབས་སོགས་ཆ་འགྲིག་དང་བཅས་ལེགས་པར་ཚར་བ་ལ། རབ་གནས་རྒྱས་པར་ཡང་བྱས། སྡེ་སྲིད་དེ་ཉིད་ཀྱི་མཚན་བྱང་གཅོག་པ་སྔ་སོར་ནས་བསམ་སྡིངས་སུ་བྱས་པའི་བྱང་ཡོན་རྣམས་ཀྱང་དེ་དུས་སྤྲད་བྱུང་བ་ལ། སྔོན་བད་རྔམ་པ་ལྷ་ཁང་གི་རྟེན་གཙོ་ནོར་སྐྱོང་འདུལ་མཛད་ཐུབ་པ་ཆེན་པོའི་སྐུ་འདྲ་དེ་ཡང་བྱུང༌། དེ་དང་ཐུབ་ པ་ཆེན་པོའི་ཟབ་སྐུ་འདི། ཞབས་དྲུང་དེ་ཉིད་སྐུ་བཞུགས་དུས་རྟག་བརྟན་དུ་གནང་བའི་དགོངས ་བརྟད་དང་བཀའ་བཀོད་གནང་བ་ཡིན་འདུག དབ་རྔམ་
པའི་ཇོ་བོ་ཐུབ་པ་འདི་སྣེ་གདོང་རྩེ་ན་བཞུགས་པ་ལ། བླ་ཆེན་འགའ་ཞིག་གིས་ཀྱང་ཉམས་ཀྱི་མཆོད་པར་བོད་མི་ཡིན་པའི་ལུགས་སུ་བྱས་ནས་མ་འདོད་པར་འདུག ལར་བོད་མ་ཡིན་པ་ཙམ་གྱིས་ངན་པར་ཏ་མི་འགྲོ། ཆོས་ཀྱང་རྒྱ་འགྲེལ་འབྲིང་མན་ཆད་ལས་བོད་འགྲེལ་བཟང་ཤོས་རྣམས་བཟང་བར་མངོན་གསུམ་གྱིས་གྲུབ། རྒྱ་ལྷ་འབྲིང་མན་ཆད་ལས་བོད་ཆོས་རྒྱལ་གྱི་དུས་ཀྱི་རྣམས་བཟོ་སྒྲོས་དང་བྱིན་རླབས་གཉིས་ཀར་བཟང༌། འོན་ཀྱང་འདི་རྡོ་རྗེ་གདན་ནས་བྱོན་པར་གནང་ཞིང༌། དབུས་ནས་སྤྱན་འདྲེན་དུས་དཀའ་མོ་བྱུང་ཟེར། བསམ་འགྲུབ་རྩེ་ནས་རྟག་བརྟན་གྱི་བར་ལ་དཀའ་ཚེགས་གང་ཡང་མ་བྱུང༌། གླང་ཆེན་སྨྱོན་པ་བཏུལ་བའི་སྐུ་བརྙན་ཡིན་པས། ཇོ་བོ་ཕྱོགས་ལས་རྣམ་རྒྱལ་དུ་མཚན་གསོལ་ནས། གཙང་ཁང་ཆེན་མོར་བཞུགས་སུ་གསོལ་བ་ཡིན། དེ་སྐབས་བོན་གོང་ནས་སོགས། གླེང་བརྗོད་བྱེད་དུས། སྟོན་པའི་རྣམ་ཐར་འདི་འཚུབ་པོ་རང་བྱུང་ཟེར། འཇིགས་འཇིགས་བྱེད་པ་སྐད་འདུག་ཆོས་ཉམས་ནི་མེད། རྣམ་རྟོག་ནི་རྒོད་འོ་རེ་བརྒྱལ། སངས་རྒྱས་ཀྱི་རྣམ་ཐར་བཞེངས་པ་ལ་འཚུབ་ཡོང་ན། སངས་རྒྱས་ཀྱི་སྐུ་འདྲ་བཞེངས་པ་ལའང་འཚུབ་ཅིའི་ཕྱིར་མི་འོང༌། དེ་ལའང་ཡོང་ན། འཚུབ་མི་ཡོང་པའི་ལྷ་སྐུ་མི་སྲིད་པར་ཐལ། ཀླ་ཀློ་ཏུ་རུ་ཀའི་གྲུབ་མཐའ་དེ་ཀ་རང་དུ་གདའ། ལྷ་སྐུ་ཡིན་སྙམ་ནས་མི་གཟུགས་རྡབ་རྡོབ། རྒྱལ་འགོང་གི་སྡོད་ས་འདྲ་ལ་བློ་བཏོད་ལ། ཕར་ཧྲེང་ཚུར་ཧྲེང་གི་འདི་ཕྱི་གཉིས་མེད་དེ་ཁྱེད་རང་ཚོ་ལ་ཡོང་བ་ཡིན་སྙམ་པ་བྱུང༌། སྔ་སོར་ཕེབས་མཚམས་ནས་ངའི་ཡིད་ལ་ད་ལྟ་
དཀའ་ལས་བྱས་ཀྱང༌། ཕུགས་རྟིག་པོ་རང་ཡང་མེད། དེ་བས་རང་གི་དགོན་པར་ཕྱིན་པ་དགའ་སྙམ་པ་བྱུང་ཡང༌། ཕྱག་གཡོག་རྣམས་མ་སླེབ་པར་ལ་ དགོངས་པ ་ཞུ་མ་ནུས། མགྲོན་གཉེར་དཔོན་སློབ་མཚམས་ནས་ཡང་ཡང་ དགོངས་པ ་བཞུས་ཀྱང༌། དུས་གཟེངས་འཁྲུགས་ཆེས་པ་དང༌། བྱ་བྲལ་དེ་རྣམས་ལ་རྒྱང་ཙམ་འགོར། མདོག་སྨོན་འགྲོ་བ་ཡུམ་སྲས་ཚོའི་ཤུལ་ས་ཆ་རྣམས་སྡེ་སྲིད་གོང་མའི་ དགོངས་བརྟད་ཡོད་པ ་ལྟར་མ་ལག་ཐས་ཅད་གཙང་གྲས་སུ་སྡེ་སྲིད་འདི་ཀས་དེ་དུས་ངེད་ལ་གནང་བ་ཡིན་རྩིས་སྤྲོད་ཅུང་ཟད་འགྱངས། དགུན་ཀ་བྱུང་བ་ཡིན། དེ་ནས་རེ་ཞིག་པར་ཆིངས་ཀྱང་བྱུང་འདུག་པ་དང་གཏིང་སྐྱེས་སུ་སྡེ་པ་མ་ཆེན་གཤེགས་པས་འབོད་མི་བྱུང་བ་བཞིན། ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ལ་ཡར་བཏེག ཡར་ལམ་རྟག་བརྟན་དང་རི་ཁྲོད་ཆེན་པོར་ཡང་ཡོངས། མགོན་ཁང་མངོན་སྤྱོད་དུ་རྣམ་སྲས་དང་། ཞལ་བཞི་པ་དང་། རྩེ་ཆེན་ལོགས་བྲིས། དཔལ་ཆེན་ལྷ་ཁང་གི་ལོགས་བྲིས་ཕལ་ཆེར་གྲུབ་འདུག་པའི་རབ་གནས་ཀྱང་བགྱིས། སྔ་སོར་ནས་འཛམ་ཐང་སོགས་ཁམས་ཕྱོགས་ལ་ཆོས་རྒྱུན་འདྲ་སྤེལ་བར་སོང་བའི་བླ་མ་ལུང་རིག་པ་དང་། རབ་རྒྱས་གླིང་དབུ་མཛད་དཔོན་སློབ་རྣམས་ཀྱང་ཉེས་མེད་དུ་འཁོར། ངེད་བསམ་འགྲུབ་རྩེར་ཡོད་དུས་སླེབ་པ་འདི་སྐབས་ཁོང་རྣམས་ཀྱིས་དགོན་ཡར་མར་གཉིས་སུ་རྙེད་བཀུར་སྒྲུབ་དགོས་རྣམས་ཀྱང་ལེགས་པར་འགྲུབ། དེ་ནས་ཡར་ལམ་མདར་ཞོལ་ནས་རྒྱལ་བུ་སྐུ་གཞོན་པ་སྐུ་ཆོས་མཛད། ཕར་ལམ་ཕུག་དམར་དགའ་ལྡན་དུ་གསུང་ནན་ཆེན་པོ་ཡོད་པས་ཕྱིན། རྒྱལ་རྩེ་ནས་བླ་མ་ཞབས་དྲུང་སྔ་སོར་སྐུ་ཁམས་ལྷེ་མ་ཅིང་། དེ་སྐབས་ཀྱང་རྟག་ཐུབ་
རང་མི་འདུག་གསུང་ཁྲུས་ཆབ། གཏོར་དབང་། ཚེ་དབང་སོགས་ཕུལ་བས། དེ་འཕྲལ་ནས་སྐུ་ཁམས་དངས་པ་རང་བྱུང་། ནང་པར་རྨ་བྱ་ཆོས་སྡེ་པ་རྣམས་ཀྱིས་མགོན་པོའི་འཆམ་སྐུ་སོགས་སྤྱན་དྲངས་བའི་བསུ་བ་བྱས། དེ་ནས་རིམ་པས་གཏིང་སྐྱེས་སུ་འབྱོར། ཞག་ཤས་དཔལ་ཆེན་ཕོ་བྲང་དུ་བསྡད། གདུང་ཆོག་གི་རིམ་ པ་སོགས་དཀྱུས་མཐུན་དུ་བྱས། དགོངས ་རྫོགས་ཤིན་ཏུ་བཟང་བ་འབྲིང་འཚམས་ལྷོ་རྩ་ཁོག་ལ་ལྟོས་པའི་དགེ་འདུན་ཚོགས་ཤིན་ཏུ་ཆེ་ཞིང༌། སྐྱེ་བོའི་སྦྱིན་གཏོང་གི་བར་དུ་མཐའ་རྒྱས་རང་མཛད་སོང༌། དངོས་གཞི་ཏེབ་རའི་ས་ཁུལ་ཡངས་ས་དེར། དགེ་འདུན་སྟོང་ཕྲག་གཉིས་ཙམ་འདུས་པའི་སྟེང་དུ། ངེད་ཀྱིས་དགེ་བའི་རྩ་བ་སྒྲིབ་གཉིས་བྱང་བ་དང་བྱང་ཆུབ་ཏུ་བསྔོ་བ་རྒྱས་པར་བྱས། དེ་ནུབ་དགའ་ལྡན་རྩེར་སླེབ་ཞག་གཉིས་བསྡད། དེ་ནས་རྗེ་བླ་ཆེན་ཡེ་ཤེས་དྲུང་དང༌། སྡེ་པ་རང་དང་བཅས་ངེད་ཡོན་མཆོད་ཐམས་ཅད་ཀྱིས་ཟར་སྐྱ་རང་ཕེབས། སྔར་གྱི་སྐྱར་ཆོས་སྡེ་ནི་ལྷག་ལུས་ཕྲན་བུ་ཙམ་ལས་དེངས་འདུག་པས། དེར་ད་ལྟའི་ཆོས་འཁོར་བདེ་ཆེན་གྱི་གནས་གཞི་གཙུག་ལག་ཁང་དང་བཅས་ པ་འདི་བཞེང་བའི་དགོངས ་བརྟད་མཛད། གཏོར་ཆོག་རྒྱས་པ་དང་བཅས་པས་ས་བླང་བ་དང༌། མཆོད་ཡོན་གྱི་ཆོ་ག་སྔོན་དུ་འགྲོ་བས་ས་ཆོག་རྒྱས་པ་ཅིག་བྱས། བྱང་ཕུག་གི་ཇོ་བོ་ལ་མོས་པ་ཆེན་པོ་ཡོད་པས། དེ་རེས་ཀྱང་ཉིན་སྐོར་ཅིག་མཇལ་དུ་ཕྱིན། བྱང་ཕུག་པ་རྗེ་ཀུན་དགའ་ལེགས་པ་དེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་བུ་ཆེན་ཕྱག་ཚར་མ་ཡིན། ཁོང་གིས་བཞེངས་པའི་ལྷ་ཁང་ན། མཁའ་འགྲོ་རྒྱ་མཚོའི་འཁྱུད་ཡུམ་ཞལ་བཞི་ཕྱག་བཅུ་གཉིས་པ་བྲིས་འདུག་པའང་རྒྱུད་དང་མཐུན། དགྱེས་རྡོར་གྱི་རིགས་
ཚོ་ཡང་བཀྲམ་གདན་ཁོ་ནར་བཞེངས་འདུག དཔལ་དུས་ཀྱི་འཁོར་ལོ་དབུས་ཀྱི་ཆ་ལ་བཞུགས་པ་སོགས། བློ་གྲོས་ཕུར་ཁུང་ཐུག་པ་མ་ཡིན་པའི་རྣམ་འགྱུར་ཚོར་འདུག་པས། ཕྱིས་ཀྱི་འགའ་ཞིག་ལ་རྒོད་བྲོ་བ་ཅིག་ཀྱང་བྱུང༌། དེ་ནས་སླར་ཡང་མཁར་ཆེན་དུ་ཕྱིན། གཤེད་དམར་གྱི་དབང་ཅིག་ཀྱང་བྱས། ཚེ་དབང་སོགས་རྐྱེན་སེལ་རྣམས་ཀྱང་ཕུལ། ལ་སྟོད་ལྷོ་ཕྱོགས་ཀྱི་དགོན་གྲྭ་རིགས་རྣམས་ཀྱིས་ཡོང་དགོས་དགོས་ཚུལ་བྱུང་རུང༌། སླར་བསམ་འགྲུབ་རྩེར་གསངས་བརྡོལ་ཡོངས་ཁྱབ་དང་བསྟུན་ནས་དགོངས་རྫོགས་ཀྱི་མགོ་ལ་འགྲོ་དགོས་ཡོང་བའི་སྟབས། ཡར་ཕྱོགས་འགྲོ་བ་བཤོལ། གསང་སྔགས་རི་བོ་བརྒྱུ་ནས་དགེ་གྲོད་ཐུབ་ཕྱིན། རྟག་བརྟན་ཆོས་འཕེལ་གྱི་དགོན་པ་འདེབས་པའི་ས་ཆོག་དང་བཀོད་པ་རྣམས་ཀྱང་བྱས།དེ་རྗེས་ལྕིམ་ལུང་གི་བྱམས་གླིང་དུ་ཕྱིན། ལྕིམ་ལུང་རྫོང་དཔོན་གཉིས་པོས་ཀྱང་མཐུན་རྐྱེན་ཆ་འགྲིག་ཙམ་བྱུང༌། བྱམས་གླིང་དང་དགེ་དཔལ་ཆ་ལག་དང་བཅས་ པ་རང་རེས་བདག་རྐྱེན་བྱས་ཞག་གཉིས་བསྡད། སྡེ་སྲིད་སྔ་མའི་དུས་ནས་གནང་བའི་དགོངས ་བརྟད་ཙམ་ཡོད་ཀྱང་ཕྱིར་འགྱངས། ད་ལྟའི་སྡེ་སྲིད་འདི་ཉིད་ཀྱིས་བསྐོ་འཇའ་སྒྲགས། ཚུར་ལམ་ཡང་མང་མཁར་སོགས་བརྒྱུད་ནས་དགོན་པ་འབྲས་སྤུངས་སུ་ཕྱིན། ཞག་གཉིས་བསྡད། ཁྲོས་དབང་ཞིག་ཀྱང་བྱས། དེ་དུས་རྩེ་ནས་འབོད་མིའི་ཚུལ་དུ་གཏིང་སྐྱེས་ནས་བརྩམས་ཏེ་ཨ་སྡིང་བསྐོར་མང་ཡོད། སླར་རྟག་བརྟན་དུ་འབྱོར་དེ་འཕྲལ་ཤར་ཕྱོགས་ལ་ཕྱིན་པས་ཆོག་པ་ཡོད་ཀྱང། དེ་སྐབས་བཀའ་གྲོས་ པ་ཚོ་དགོངས ་རྫོགས་ཆོག་གྲྭ་སོགས་ལ་མྱོང་བ་ཆུང་ཞིང་ལྷུས་མི་ཐིངས་པ་ཞིག་འདུག་པ་ནས། སྡེ་སྲིད་ཀྱི་གསུང་ཤོག་བྱུང་བར། སྔ་སོར་ནས་ཟླ་བ་བཅུ་གཅིག་
བར་དུས་ཁྲིད་བྱེད་རྒྱུན་འདུག་པ་ཐོག་མར་དུས་ཆོས་བྱས་ནས། གྲོལ་མཚམས་གདུད་ཆོག་བྱེད་དགོས་འདུག་གསུང་བ་བྱུང་བས། དེ་འཕྲལ་དུས་འཁྲིད་བཙུགས་པ་ཡིན། ཁྲིད་ཚུགས་ནས་ཞག་བཅུ་ལྷག་སོང་སྐབས་ལ། གདུང་ཆོག་བསྙུར་དགོས་པ་འདུག་པས། ཁྲིད་མ་ཚུགས་གོང་དུ་ཡོང་དགོས་གསུང་བ་ཅིག་བྱུང༌། བཀའ་གྲོས་པ་ཚོ་ཡང་གྲ་མ་འགྲིག་ཅིང༌། རྩིས་པ་ཚོ་ཡང་སྨྱོན་པའི་རྟུལ་ཞུགས་འཛིན་ པ་དེར་འདུག འོན་ཀྱང་དགོངས ་རྫོགས་དངོས་གཞིའི་དུས་ཐོག་དེ་ལ་འཁྲོལ་འདུག་པ་དང༌། ཆོག་གྲྭ་གཞན་ཚོ་འཛུགས་པ་དང་མཉམ་པོར། རྟག་བརྟན་གྱི་གྲྭ་པ་རགས་བསྡུས་སུམ་བརྒྱ་ཙམ་སྔོན་ལ་བྱོན། འདི་ཁར་དམ་པོ་བདུན་ཕྲག་གཉིས་སོགས་བླ་མ་གོང་མའི་ཕྱག་རྒྱུན་རྣམས་ཉམས་སུ་མི་རུང་བར་འདུག གཞན་རྣམས་མདོར་བསྡུས་སུ་བྱས། འཁྲིད་གཏོར་གྱི་སྤྲོས་པ་རྣམས་ཀྱང་གྲྭ་རགས་རྣམས་མ་བསྡད་པས། གྲྭ་གཞོན་བཙུན་ཆུང་རྣམས་ཀྱིས་བྱས་པས་ངོ་མཚར་བར་བྱུང༌། ཁྲིད་གྲོལ་འཕྲལ་ཤར་ཕྱོགས་ལ་བསྐྱོད། འདྲ་འདྲེའི་ལྟག་ཙམ་ནས་རླུང་ནག་ལངས་ཏེ། སྣར་ཐང་དུ་སླེབ་ཀྱི་བར་ཉི་མ་གཉིས་ལ་རླུང་འཚུབ་ཤིན་ཏུ་ཆེ་བར་བྱུང༌། བཅུ་གཉིས་པའི་ཚེས་ཉེར་གསུམ་ལ་བསམ་འགྲུབ་རྩེར་སླེབ། ཆོ་ག་རེ་ཡང་བཏང༌། དེ་དུས་ལོ་མཆོད་ཀྱི་དབང་དུ་བཏང་བར་འདུག་ཀྱང༌། ཟླ་གཅིག་སྔ་བསྣུར་བའི་ཁུངས་སུ་འདུག ཉེར་ལྔ་ལ་གདུང་ཆོག་གྲོལ་བ་ཡིན། གདུང་ཆོག་པ་ཐམས་ཅད་ལྷན་ཅིག་ཏུ་འཚོག་པ་ནི་མ་བྱུང༌། འཚོམ་ཆེན་དུ་རྟག་བརྟན་པ་རྣམས་དང༌། ངོར་པའི་ཆོག་གྲྭ་པ་རྣམས་ཀྱི་དཀྱིལ་དེར་ཡས་གཏམ་དང་བསྔོ་
སྨོན་རྒྱས་པར་བྱས། རྒྱ་ནག་ཏུ་ཧོར་དུས་སྤར་བཞེངས་པའི་བཀའ་འགྱུར་མཚལ་སྤར་མ་ཁ་ཐིག་ཚང་བ་དེ་བསྔོ་ཡོན་གྱི་སྐབས་སུ་བྱུང༌། བསྔོ་བ་གྲོལ་འཕྲལ་སྣུར་སྨད་དེ་ཁ་ལ་ཡོངས། སྣར་ཐང་བཀྲས་རབ་ཏུ་སླེབ་ཙམ་བྱས། རླུང་འཚུབ་ཤིན་ཏུ་ཆེ། གཤིན་དོན་འདི་འདྲའི་རིགས་ལ་རླུང་གིས་མཚམས་བཅད་པ་རྟེན་འབྲེལ་ལེགས་པོ་ཡིན་ཟེར་ཀྱིན་ནི་འདུག དེ་ནས་བྱང་ཆེན་དུ་ཞག་པོ་བདུན་བསྡད། ཞྭ་དམར་ཅོད་པཎ་འཛིན་པ་སྤྲུལ་པའི་སྐུར་ཞུ་ཡིག་ཇ་ཞུས་བཟབ་ཙམ་ཅིག་ཕུལ། ཚུར་ལན་གནང་བ་ལ་ཇོ་ནང་པའི་གྲུབ་མཐའ་རྟག་བརྟན་ཐེར་ཟུག་ཏུ་འདོད་པ་འདི་འཁོར་ལོ་དང་པོར་བདེན་ཡོད་དང༌། བར་པར་བདེན་མེད་དང༌། གསུམ་པར་བདེན་ཡོད་བསྟན་ན་གླང་ཆེན་ཁྲུས་ཀྱི་དཔེར་འགྲོ་གསུང་བ་དང༌། རང་རེ་ལ་བསྟན་པ་རིས་མེད་རང་གིས་གསུང་བ་ཞིག་འདུག དེའི་ལན་དུ་འཁོར་ལོ་རྣམ་གསུམ་ དགོངས་པ ་གཅིག་པར་ཇོ་ནང་པ་བཞེད་ཀྱི་ཕྱི་མ་ཕྱི་མས་སྔ་མ་སྔ་མ་ལ་སྐྱོན་འགེལ་བར་མི་བཞེད་བྱ་བ་དང༌། ལུགས་གཉིས་ཀར་ལ་སྟོབས་ཆེན་པོ་ཉིད་ལྟ་བུ་ཡང་བསྟན་པ་ཕྱོགས་རེ་ཁོ་ན་སྐྱོང་བར་མཛད་ན། ངེད་བྱ་བྲལ་གཅིག་གིས་བསྟན་པ་རིས་མེད་ཇི་ལྟར་སྤེལ་ཐུབ་ཟེར་བ་ཞུས། གཡག་ཆེན་ལ་བགོ་བཤའ་བྱེད་རིན་མི་ཆོག་ན། བྱི་བའི་རོ་ལ་བགོ་བཤའ་སུས་ཐུབ་སྙམ་པ་བྱུང༌། རྩེར་ཞག་པོ་ལྔ་སྡོད་རིང་དང་དེའི་རིང་ལ་རྐང་པ་གཡས་པ་ཤིན་ཏུ་ན་བར་བྱུང༌། དེ་རྗེས་བཅོས་མ་བྱས་པ་ལ་སངས་སོང༌། སླར་ཡང་ཕག་ལོ་ཟླ་བ་དང་པོའི་ཚེས་གསུམ་ལ་བསམ་འགྲུབ་རྩེར་སླེབ། བོད་དབུས་གཙང་
གི་བདག་པོ་ཡིན་ཡང༌། དབུ་སྐྲ་འཁྲུ་མཁན་སྐབས་བབ་ཅིག་གྲ་མ་འགྲིག་པར། སྐྲ་བཀྲུའི་རིམ་པ་ཚོ་ཡང་ངེད་ཀྱིས་ཕུལ། ས་སྐྱོང་ཕུན་ཚོགས་རྣམ་རྒྱལ་དེ་ཉིད། སྤྱིར་མཁྱེན་རབ་དང༌། བློ་གྲོས་དང། བསོད་ནམས་ལས་ཤུགས་ནི་སྨོས་མ་དགོས། ཐུགས་ཞེན་རང་འཐེན་ས་དང་ཐུགས་ནད་གཙང་བའི་རིགས་དང་འབྲེལ་ཟབ་ཟབ་རང་གི་བླ་མའི་རིགས་ནི་མང་ནས་མེད། གཅིག་ཁོ་ནར་མི་གདའ། རང་རེའི་ཆ་ལའང་ཐུགས་ནད་ཤིན་ཏུ་དག་པར་མཛད། བསྐལ་དུས་འདི་རྩོད་ལྡན་ཡིན་པའི་དབང་གིས། བླ་མའམ་ཤིན་ཏུ་ཉེ་བའི་གྲོགས་ལའང་ཕྱི་མ་ནང་དང་གཡོ་སྒྱུ་ཕྲན་ཚེགས་རེ་ཡོང་བ་འདི་ཀུན་གྱི་ལུགས་སུ་འདུག་པས་མ་བཀགགཞན་རང་རེ་ལ་ཐུགས་གཏོད་པ་རང་ཡོད། དེ་ལས་ཀྱང་ཁྱད་པར་དུ་དཔལ་ཇོ་ནང་པའི་ལྟ་བ་ལ་ཐུགས་མོས་ཆེ་ཞིང༌། བསྟན་པ་འཕེལ་བསྐྱེད་ཅུང་ཟད་བྱུང་བ་འདི་ཁོང་གི་ཕྱག་རྗེས་ཡིན་པས་སྐུ་བཞུགས་དུས་ཀྱང་སྐུ་རིམ་སྙན་སྦྲཽན་སོགས་ཕུལ། དེ་ལ་ཐུགས་མི་གཏོད་པ་མིན་ཡང༌། རྣམ་གཡེང་གི་བར་ཆད་དབང་གིས་ཕྱག་ཐོག་ཏུ་མ་ཁེལ། བསྲུང་དམིགས་སོགས་ལ་ཏ་བརྩོན་པ་རང་ཡིན་ཏེ། སེམས་ཅན་ལས་ཀྱི་དབང་དུ་འགྲོ་བའི་རང་བཞིན་དུ་འདུག་པས། ཡ་གི་སངས་རྒྱས་སུ་བརྫུ་བ་ནས། མ་གིའི་གཡོག་པོའི་བར་དུ་རྫུས་པའི་བར་ཆད་བྱེད་མཁན་རྒྱ་ཆེ་ལ་དཔངས་མཐོ་བ། ཆགས་སྒོ་བློ་བཏགས་གྲངས་མང་པོའི་ཁ་ནས་ཐར་པའི་རིགས་སུ་མ་བྱུང༌། དེ་
སྐབས་བར་ཆད་ཀྱི་དབང་དུ་མ་སོང་ན། དགུང་ལོ་བཞི་བཅུ་ཞེ་ལྔ་སྐོར་ཐུབ་པའི་མཚན་རྟགས་ཡོད་པ་ཡིན། དོན་ལ་དགྲ་བྱེད་པ་པོ་ཕ་རོལ་པོའི་བླ་མ་དང་སྡེ་དཔོན་གྲོས་སྟེང་ནས་ཐོར་པའི་བགས་ཚོ་ཡང་སྐུ་གཞོགས་བསྐྱལ་བར་འདུག ཐོར་པ་རགས་རིམ་གདངས་མཚམས་སུ་དེའི་སྐད་ཆ་གོ་བ་དང༌། ཐོར་པས་མི་འགྲོངས་པར་འདུག་སྙམ་ནས། དུག་སྦྱོར་བྱུང་བ་ངེས་ཅན་དུ་འདུག སྐུ་རྐྱང་ལ་མ་ཐོངས་པར་དེའི་སྐྱོགས་དེ་དཔོན་ས་རྒྱ་དགའ་དཔོན་གཡོག་ཚོ་ལ་ཡང་སོང་བར་འདུག དངོས་སུ་དུག་སྦྱོར་བྱེད་མཁན་ཡང་དགྲ་ཕྱོགས་ཀྱི་འཚོ་བྱེད་འབྲུམ་བཅོས་མཁས་པ་ཡིན་ཟེར་བ་ཅིག་གིས་བྱས་དེས་སུ་འདུག་ཅིང༌། དུག་སྦྱོར་ཐོངས་མཚམས་ནས། བླ་མ་བ་དེ་བས་མཐུ་སྐད་ཀྱང་མང་དུ་བྱས་འདུག སྐུ་བསྙུང་བའི་སྐབས་ཀྱང༌། དང་པོ་ཕར་ཡང་བཀའ་སྐྱོན་མཛད། ཁོང་ཚོས་ཀྱང་དགྲ་ངོས་བླངས་པ་མངོན་འགྱུར་བྱེད་མྱོང་བའི་མཁན་པོ་ཀུན་བློ་སྤྱན་དྲངས། ཚེ་དབང་ཕུལ། ལར་དེ་འདྲས་ཡོང་བ་ཏ་ག་ལ་སྲིད་དེ། སྐུ་འཁོར་དཔོན་གཡོག་ཐམས་ཅད་འཁྲུལ་པ་ཞིག་པ་ལོས་ཡིན་དགྲ་ཕྱོགས་ཀྱི་བླ་མ་གཞན་ཅིག་ཀྱང་སྤྱན་དྲངས་ནས་བྱུག་སྨན་སོགས་བཅོས་ཀ་ཡང་བྱས་གདའ། ཕྱག་གཡོག་འདྲས་ཀུན་བློ་དང་འཚོ་བྱེད་ལ་གྲུབ་མཐའི་སྲིད་ཕྱོགས་གཅིག་པའི་ཞེན་བྱས་འདུག་སྟེ། དེ་ལོ་སྲིད་ཕྱོགས་ནད་ཞིག་བྱུང་ཙ་ན། སྔར་སྲིད་གཅིག་པས་ག་ལ་ཕན། ལར་མི་ཆེན་གནངས་ཆེ་ཤོས་འདི་ཚོ།
ཕྱག་གཡོག་བཀའ་གྲོས་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་འཚོང་པའི་རེ་མོས་རང་བྱེད་དགོས་པ་ཅིག་གི་དཔོན་པོ་ནི་བློན་པོ་སྤྱིའི་ཚོང་ཟོང་དུ་འདུག སྡེ་དཔོན་ཆེན་པོ་བཙོངས་ཙ་ན་ལོས་ཀྱང་ཡོད། རིན་དེ་ཡང་ཁམ་པོ་ཆེ་ཅིག་རང་ཡོད་གིན་འདུག་གོ །རང་རང་གི་མཆོད་གནས་དང་བླ་མ་ལ་མོས་གུས་དད་ཞེན་ཡོད་ན། རང་གི་ནོར་དང་ས་ཆ་ནས་གཏོང་དགོས་པ་ཡིན། རང་གི་ལག་ནས་མི་འཆོར་བ་གཟོར་བཞག་གི ངོ་སོ་འཕྱར་བ་ལ་བཏད་ར་ཅི་ཡོད། མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་ཀྱི་ནང་ན། གཞན་གྱི་ལོངས་སྤྱོད་སྟེར་བ་ཞེས་པ་ཅིག་ཡོད་དོ། །དེ་ལོ་ཡང་སྐུ་རིམ་ཏ་མང་པོ་མཛད་གདའ། འགངས་ཆེ་བ་ལ་ཟངས་རི་རྫོང་གཞིས་དང་བཅས་པ་ཙམ་ལྡེག་[ལྡོག་]སྟེ་ཆོས་གཞིས་ལ་སྦྱར། གཞན་ཡང་ཕྱོགས་རིས་སུ་ཆད་དེ་བའི་སྐྱོན་ཡོད་པ་ཅིག་གི བླ་འབྲིང་སོགས་དགོན་པ་ཆུང་ཆུང་མང་པོ་ལ་ཆོས་གཞིས་ཁར་ཁོར་མང་པོ་སྦྱོར་བ་མཛད་འདུག་སྟེ། སློབ་དཔོན་དཔའ་བོའི་ཞལ་ནས། སྦྱིན་བདག་སྟོབས་ལྡན་ཁྱབ་འཇུག་སློང་བ་པོ། །རྟ་ཡི་མཆོག་སྦྱིན་དུས་སུ་ས་ཆེན་བྱིན། འབྲས་བུ་བཅིངས་པ་ཉིད་ནི་ཐོབ་པར་འགྱུར། རྒྱུ་འབྲས་འཚོལ་པ་འདི་ལ་སུ་ཞིག་སྨོན། ཞེས་པ་དེར་གདའ། རིམ་གྲོ་དང་འབུལ་བ་སྦྱིན་གཏོང་སོགས་ཀྱང་གནད་མ་ཤེས་ན་རྒྱུ་སོང་ཡང་ཕན་ཡོན་མེད་པ་ཅིག་འདུག གནད་ཤེས་ན་ཉུང་ངུས་ཀྱང་རྐྱེན་བསྒྱུར་ཐུབ་པ་ཅིག་འོང་སྟེ། དེ་ལོའི་སྐུ་རིམ་
དམིགས་གསལ་ཅན། ཚོ་ཡང་གནད་དུ་འགྲོ་པོ་མ་བྱུང་ཡོད་པར་འདུག ལར་འཁོར་བ་ཐམས་ཅད་སྡུག་བསྔལ་མི་བརྟན་པའི་རང་བཞིན་ཅན་ཡིན་པས་སྙིང་པོ་ཏ་ག་ལ་ཡོད་དེ། སྡུག་བསྔལ་གྱི་ཆུ་འབབ་དེ་ལ་ཀ་བཞག་ན་ཡོང་བ་ལ། ཕུ་དཀྲུགས་མདའ་དཀྲུགས་རང་ཀ་བྱེད་པ་མང་བར་འདུག་གོ །དེ་དུས་ཕྱག་གཡོག་ལ་ཡོད་པ་དྲག་པའི་ཁུངས་རྣམས་ནི། རང་གིས་གོ་མ་ཆོད་པ་དེ་མི་འདོད། དཔང་པོ་མེད་པ་གཞིར་བཞག་གིས། ཁོར་རང་ཚོས་སྙན་སྦྲོན་ཡག་པར་ཕུལ་ཚུལ་དང༌། སྡེ་པས་དེ་ལ་མ་གསན། གནང་སྒོ་མ་ལེགས་ཚུལ་མང་པོ་གླེང་བར་འདུག མི་ལེགས་པ་ཡོད་ཤས་ཆེ་ནའང༌། ཁོང་ཚོས་སྒྲོག་པའི་བབ་ཐོབ་དེ་ཨེ་ཡོང༌། ཡང་ཟེར་རིགས་འདི་ལ་དཔགས་ན་ག་འདྲ་ཡིན་ཡང་མི་ཤེས་པ་འདུག་བསམ་པའང་བྱུང༌། ཡང་མཛད་པ་ལེགས་པ་ཟེར་བ་དེ་དགེ་བ་ཡིན། མི་ལེགས་པ་ཟེར་བ་དེ་སྡིག་པ་ལ་འཇོག་ན། མི་ཕལ་ཆེར་སྡིག་པ་རང་བྱེད་པ་མི་ལེགས་པ་འབའ་ཞིག་ཡིན། བསྐལ་པ་རྩོད་ལྡན་གྱི་རྒྱལ་པོ་དང་བློན་པོ་རྣམས་མི་དགེ་བ་བཅུའི་བེམ་པོ་རང་ཡིན་མོད། ཆོས་མངོན་པ་སོགས་ལས་རྒྱལ་པོ་དང་བློན་པོ་སྡོམ་མིན་རྒྱུད་ལྡན་དུ་བཤད་པ་མ་ལགས་སམ། སྔོན་གྱི་རྒྱལ་པོ་གསལ་རྒྱལ་འདྲ་བའི་དཔྱོད་ལྡན་གྱིས་ཀྱང༌། མི་འོས་པའི་ཐུབ་ཚོད་ཅི་ཡང་བྱས་པའི་གཏམ་རྒྱུད་ཡོད། དུས་དེང་སང་སྨོས་མ་དགོས། ད་ལྟའི་བླ་མ་དགེ་བཤེས་ཀྱི་ཁུངས་འགངས་ཆེན་ལའང་བྱེད་པ་
མི་ལེགས་པ་མང་ནས་མེད་ན། སྐྱེ་བོ་སྡེ་དཔོན་རང་ལ་ཅི་ཞིག་གཏམ། སྡེ་པ་ལས་ཏ་གཡོག་རིགས་ཚོ་རང་ཀ་བཟབ་དགོས། སྒོས་སུ་གྲོས་པ་བློན་པོ་ཚོ་རང་དེ་ལས་ཀྱང་གཟོབས། ཡང་འཇིག་རྟེན་པའི་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་རྩིང་ཞིབ་ཙམ་ལ་མཛད་པ་དགའ་ལོད་ཀྱི་དབྱེ་བ་བྱེད་ན་ནི་ཁྱེད་ཚོས་ཡོད་པ་བེ་ར་བ་ཤེས་པ་ཅིག་རང་ཏ་སྡེ་པས་ཀྱང་ཡོད་ཙམ་ཡོད་དེ་ཡོང༌། ལ་ལས་ལྐོག་ངན་ཟོས། ལ་ལས་རང་འདོད་ཁོ་ན་བྱས། ལ་ལས་རང་གི་སྒོས་དགྲ་འདུལ། ལ་ལས་རང་གི་ཉེ་ཕྱོགས་རང་སྐྱངས། གཞུང་སའི་དོན་གལ་ཆེ་ཆུང་ཉེ་རིང་ཐམས་ཅད་རླུང་ལ་བསྐུར་བ་དེ་བྱེད་པ་བཟང་པོ་ཡིན་ལགས་སོ། །སྤྱིར་གཡོག་པོ་དཔོན་པོ་ལ་ཐེས་མེད་བྱེད། དཔོན་པོས་ཀྱང་གཡོག་ལ་ཐེས་མེད་བྱེད། གྲྭ་པ་ནང་ཟན་གྱིས་བླ་བྲང་ལ་ཐེས་མེད་བྱེད། བཙུན་པ་ཚོས་ཆོས་ལ་ཐེས་མེད་བྱེད། མི་སྡོད་མཁན་ཚོས་སྡོང་ཡུལ་ལ་ཐེས་མེད་བྱེད་པ་འདི་ཚེ་ལོ་བཅུ་པ་ཧབ་རྒྱུགས་བྱེད་མཁན་ཀུན་གྱི་སྤྱི་ལུགས་སུ་འདུག ཁྱེད་རྣམས་སྒོས་སུ་བློ་སྐྱོག་མི་དགོས་པ་འདུག་སྙམ་པའང་ཤར། དེ་དུས་ཀྱི་ཚོ་ཕལ་ཅིག་ད་ལྟ་དེངས་གྲུབ་སྟེ། ད་ལྟ་ཡོད་པ་དང༌། ད་ཡོད་རྒྱུ་ཚོ་རང་ཡང་སུམ་པ་རྒྱ་ཤོད་འཕྲང་གི་རྣ་བའི་ཤ་ལེན་པའི་དཔེ་དེ་ཀར་འདུག ཡང་སྡེ་སྲིད་དེ་རང་གིས་མི་གཟུགས་བཅོས་ཤིན་ཏུ་སྐུ་དྲིན་བསྐྱངས་པའི་མི་ཚོ་ནི། ལོངས་སྤྱོད་དང་ཁ་དྲག་པོ་ནི་ང་རང་ལ་ཡོད། ད་ནི་མགོ་ཐོག་གི་གཡམ་པ་བསལ་སྙམ་པ་
རང་གི་གླུ་བྲོ་དང་སྤྱོད་རྩིང་གིས་ལུང་པ་བཀང་ནས་འདུག་སེམས་འཕྲལ་འཁུར་མཁན་སུ་ཡང་མི་གདའ། འཇིག་རྟེན་ཕལ་པ་ལ་ཕན་བཏགས་པ་ལ་འབྲས་བུ་དེ་ཀར་འདུག སྐུ་གཤེགས་པ་ནས་གཟུང་དེ་བར་ངེད་ཀྱིས་ནི་སྐུ་སྒྲིབ་སྦྱང་བའི་ཐབས། བུམ་ཆོག་བཟླས་བརྗོད་སོགས་བར་མ་ཆད་པར་བྱས། ཇི་ཞིག་ནས་ལྟས་ཀྱང་བཟང་རབ་བྱུང༌། སྐུ་སྒྲིབ་ཀྱང་ཆེ་སྟེ་དགེ་སྟོབས་ཀྱང་ཆེ། ཁྱད་པར་དུ་ཟབ་མོའི་ཆོས་ལ་མོས་པ་ཡོད་པས་གནད་ནས་ཟིན་པར་ཡོང་བ་ལགས། འདི་སྐབས་ཀྱང་སྡེ་སྲིད་འདི་པར་རྐྱེན་བཟློག་གི་དབང་རྗེས་གནང་གྲངས་མང་བར་ཕུལ། དཔལ་འཁོར་ཆོས་སྡེའི་གོས་སྐུ་བྱམས་ཆེན་གྱི་ཚད་བླངས་པའི་གོས་སྐུ་ཆེན་མོ་རྒྱུ་ཕུན་སུམ་ཚོགས་པ་དང༌། ལིང་ཁོ་ན་ལས་བཞེངས་པའི་སངས་རྒྱས་ཀྱི་སྐུ་ཡང་བཞེངས་པ་མཛད་འདུག་པ། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་སྟེང་ནས་རབ་གནས་ཀྱང་བགྱིས། སྐྱེ་བོའི་ཚོགས་ལའང་རྟེན་མཇལ་ཙམ་མཛད་སོང༌། རབ་སྟོན་ནི་དགེ་འདུན་ལ་མང་ཇ་འགྱེད་བཅས་ཙམ་མ་གཏོགས་སྐྱེ་བོ་ལ་སྦྱིན་གཏོང་ནི་མི་འདུག བཞུགས་ཡུལ་ཡང་རྩེ་ཕྱོགས་རང་དུ་བཞུགས་ནས་སྐབས་སྐབས་འགྲེམས་པ་སོགས་བྱུང་ན་ལེགས་ཞུགས་ཀྱང༌། གྲིབ་ཚོད་སྔ་ཕྱིའི་ཁྱད་ཡོད་པ་ཙམ་བྱས་ནས་དཔལ་འཁོར་ཆོས་སྡེར་སྤྱན་དྲངས་སོང༌། གྲྭ་སར་ཡར་མར་ན་ནི་འདུག་རྩེ་རང་ན་གོས་སྐུ་མི་བཞུགས། རྒྱལ་རྩེ་ཕྱོགས་གོས་སྐུ་མོད་སར་གདའ་སྟེ་བསམ་པ་ནི་བྱུང༌། དང་པོ་བྱང་དུའང་ཞབས་དྲུང་ལ་ངེད་ཀྱིས་ཞུས་ནས་ཕྱག་རྟགས་གནང་བའི་ཐོག་མ་རང་ཅིག་དཔོན་
ས་ཆེན་མོ་དང་རྫོང་དཔོན་འདྲས་བདེན་མེད་ལ་བཏང་པས་རྟེན་འབྲེལ་ཐམས་ཅད་འཆུགས་པ་འདི་ཡིན། འདི་སྐབས་ཀྱང་སྡེ་སྲིད་འདི་ཉིད་ཀྱིས་སྦྱོར་འཇགས་ཕྱག་རྟགས་ཐོག་མ་དང་གནང་བ་ཅིག་ཡོད་པའང་བློན་པོའི་བློ་གྲོས་དང༌། སྡེ་སྲིད་རང་ནས་ཀྱང་བདེན་མེད་ལ་གཏོང་བ་ནི་གནང་སོང༌། ངེད་ལ་འདི་དུས་དོན་དག་ནི་མ་གྲུབ་པ་དེར་འདུག ཕྱིས་ཡོང་རྒྱུ་ཅང་མེད། སྡེ་པ་རང་ལ་ནི་ཕུགས་ཀྱི་རྟེན་འབྲེལ་ཆེན་པོ་རང་ཅིག་འཆུགས་སོང༌། གཉེན་ཚན་གྱིས་ཕུད་པའང་ལགས། དེ་རྗེས་ དགོངས་པ ་ཡང་ཡང་ཞུས་ཀྱང༌། ཟླ་བ་བཞི་ཙམ་སྡོད་དགོས་བྱུང༌། ཧོར་ཟླ་གཉིས་པའི་འཇུག་ཏུ་སེར་གསོག་ཅིག་ཀྱང་མཛད། དེ་འཕྲལ་ཡར་བཏེག་ནས་ཐར་པ་གླིང་དུ་ཕྱིན། གཙུག་ལག་ཁང་བཞེངས་པའི་ས་ཆོག་བྱས་དུས། མཆོད་ཡོན་གྱི་ཆོ་གའི་སྐབས་ཆུ་ཆེན་པོ་གློ་བུར་དུ་བབས་པ་དང༌། ཆུ་མིག་རྒྱས་ཤིང་སྦལ་པ་དཀར་པོ་ཐོན་པ་སོགས་དགེ་མཚན་དུ་མངོན་པ་བྱུང༌། གྲྭ་རིགས་ཐོག་མ་རྣམས་ལ་གཤེད་དམར་གྱི་དབང་དང༌། དཔལ་མགོན་པོ་སྟག་ཞོན་གྱི་རྗེས་གནང་སོགས་སྒྲུབས། འབོད་མི་ཡོད་པ་ལྟར་འདོལ་བྱུང་དུ་ཕྱིན། སླར་ཚུར་ལམ་ཡང་ཐར་པར་ཡང་ཞག་གཅིག་བསྡད། ཁྲོམ་དབང་གི་ལུགས་ཅིག་ཀྱང་བྱས། ཡང་བསམ་འགྲུབ་རྩེར་སླེབ། ཟླ་གཅིག་ལྷག་ཙམ་སྡོད་དགོས་བྱུང༌། མཁན་ཆེན་འཇམ་མགོན་ལྷུན་འགྲུབ་ཀྱི་སྐུ་སྐྱེའང༌། ཉང་སྟོད་སྟག་ཙལ་གྱི་ཐད་སྨད་པ་ཚོའི་མི་ངོ་ལ་གསལ་པོར་བྱུང་འདུག་པས། ངོས་འཛིན་མཛད་པའི་སྐྲ་ཕུད་ཀྱང་བླངས། ཞབས་དྲུང་ཤུན་ནས་སྔ་སོར་ས་གླང་གི་ལོ་ལ་མཇལ་སྐབས་
ཞབས་དྲུང་རང་གི་གསུང་གླེང་གནང་བ་ལ་རང་མི་བརྒྱུད་མེད་པ་ནས་སྔ་སོར་གོང་དཀར་དང་ཕྱོགས་གཅིག་པའི་ལུགས་བྱས་ཀྱང་ད་དགོས་དེ་ནི་མ་འགྲིགགཡོག་རིགས་རྣམས་ཡར་སྟོད་ལ་བློ་གཏོང་འདོད་མང་བ་འདུག་ཀྱང་རང་རེ་གཙང་དུ་རང་བློ་གཏོང་ཞུ་བསམ་པ་ཡིན་པས། དེ་མཐུན་ཡར་ལམ་ཁྱེར་ཀྱིས་ཞུ་གྲོགས་ཀྱིས། འཕྲང་སྟོད་སྨད་ཀྱི་ས་ཆ་རྣམས་ནས་ཇི་ལྟར་འོས་པ་དགེ་རྒྱུན་ལ་གང་འགྲོ་སྦྱོར་ཚུལ་སོགས་གླེང་བརྗོད་རྒྱ་ཤོམས་མང་རབ་གནང་གིན་འདུག་དེ་མཐུན་ཡར་ལམ་ངེད་ཀྱིས་གཙང་དུ་ཞུས་ཀྱང༌། དེ་རྗེས་བར་སྐབས་སུ་ཐུགས་གཏོང་ས་ཅུང་ཟད་འགྱུར་བའི་ཆ་ཤས་ཅིག་བྱུང་ཡོད་འདུག་པས་པར་ཤུན་གཙང་དུ་འབུལ་དགོས་བྱུང་བ་དེར་འདུག སྤྲེའུ་ལོ་འདིར་ངེད་ལ་འབོད་མཁན་གནང༌། གཙང་ཀུར་འཛིངས་པ་འདི་ཚོ་ལ་གཙོ་བོར་ཞྭ་དམར་ནག་བཞུགས་འདུག་སྟེ་ཁྱེད་ཀྱིས་ཀྱང་ཕན་འདོགས་བྱེད་དགོས་རྒྱུར་འདུག དེ་མིན་ཡང་མར་ཕྱོགས་ལ་ཡོང་དགོས་གསུང་བ་བྱུང༌། དེ་ནས་སྤྲེལ་བྱའི་མཚམས་སུ་སྣེ་འུར་སྐུ་ལ་དམ་འཇུར་བྱུང༌། བྱ་ལོའི་དབྱར་གཙང་དུ་ཕེབས། ངེད་ཚོས་སྔར་ཤུལ་དུ་ཕེབས་ཆོག་པའི་ངོ་ཆེན་ནན་བསྐྱེད་བསྐྱར་ཆགས་སུ་ཞུས། སྔར་ཤུལ་རང་དཀའ་བ་འདུག་སྟེ། ཐོག་མར་སྡེ་སྲིད་རང་ནས་དགའ་ཚད་གནང་བའི་དངོས་བརྟད་ཡོད་དེ། བཀའ་གྲོས་པ་ཚོས་སྒོ་སྣ་ཚོགས་ཀྱི་བཀགའཇིག་རྟེན་པ་དགྲ་གཉེན་བལྟ་དགོས་པས་ཆ་ཅིག་ནས་དེ་ཀ་ཡིན་པའང་ནི་སྲིད། བྱ་ལོའི་ནང་དུ་ཞལ་གསལ་མ་བྱུང༌། སྐབས་འདིར་སྐུ་སྐལ་དུ་རོག་ཚོ་ངོ་ཆེན་ལ་གནང་བ་ཕུགས་རྟག་བརྟན་གྱི་ཆོས་གཞིས་སུ་བསྟན་
པ་ནམ་གནས་སྦྱོར་བའི་བཀའ་ཤོག་ཀྱང་གནང༌། ཞབས་དྲུང་རང་ནི་དང་པོ་རང་ཐུགས་སྣ་ཆོས་ལ་བསྒྱུར་མཁན་བྱུང་ན་ལན་རེ་འགྱུར་བླ་བ་ཅིག་འདུག་ཀྱང༌། རྒྱུན་དུ་བསྐུལ་མཁན་བྱུང་ན་མིན་པ་བརྟན་པོ་མེད་པར་ཡང་འཇིག་རྟེན་རང་ལ་ལོག་འགྲོ་བའི་ཐུགས་སྣ་རིང་བ་རང་ཅིག་གིས། ད་ལྟའི་བར་དུ་ཡང་ཉི་མ་ཤར་ཡང་མགོ་ཕུར་བས་ནམ་མ་ལངས་པར་རེ་བའི་དཔེ་དེར་འདུག སྤྱི་དུས་ཀྱི་མ་ཁྱོགས་པས་སྟོད་སྨད་ཐམས་ཅད་ལ་འདུག སྒོས་སུ་དབུས་ཕྱོགས་ཀྱི་དཔོན་རིས་དང༌། བླ་སློབ་ཀྱི་རིགས་ལ་མང་བར་འདུག་སྟེ་རྒྱལ་འགོང་གི་བར་ཆད་ཀྱི་རྣམ་པས་བློ་སྣ་མང་བ། འགྱུར་རྐྱེན་པ། ངོ་ཚ་འཚེར་བག་ཆུང་བ། ཕྱི་ཐག་ཐུང་བ། བྱ་བྱེད་མང་བ། སྡིག་པ་ཆང་ཆུང་ཚུན་ཆོད་ལའང་འཛེམ་མི་ཐུབ་པ། འཆོལ་པའི་མཚན་ཉིད་ཅིག་ཡོང་གིན་འདུག་པས། ལར་མི་ཆེན་གྱི་རིགས་ཚོ་རིམ་གྲོ་དཀར་ཕྱོགས་བསྲུང་འཁོར་ལ་རྩོལ་འདོན་དགོས་པའི་རིགས་སུ་འདུག་གོ །མི་ཆེན་འགའ་ཞིག་གཞོན་དུས་དད་པ་ཆེ་ཞིང་ཆོས་ལ་དཀར་བ་དེ། དར་མ་ཙ་ན་དད་པ་ཡལ་ནས་སོལ་བའི་ཕྱེ་མ་ལྟར་ནག་ཐིབས་ཀྱི་འགྲོ། ཡང་ལ་ལ་དར་བབ་ཙ་ན་རྣམ་དཔྱོད་དང་ལྡན་ཞིང་གར་སླ་འཚམ་པ་ཅིག་ཡོད་པ་དེ། ན་ཚོད་ཅུང་ཟད་སྨིན་ནས་འབྲེལ་མེད་ཅལ་ཅོལ་འབའ་ཞིག་ཏུ་འགྲོ་བ་ཅིག་ཀྱང་འདུག དང་པོ་ཉང་སྟོད་དུ་བླ་མ་ཨཱརྻ་
བ་ན་རེ། རྒན་འཆལ་སྔ་ཤོས་དེ་ལོ་ཉི་ཤུ་རྩ་གཉིས་ཙམ་ནས་ཡོང་ཟེར་བའི་དཔེ་དར་གདའ། དང་པོ་རང་བཞིན་ངན་པ་ཅིག་ཡོད་པ་དེ་འགྱུར་ན་ལེགས་དེ་མི་འགྱུར། དང་པོ་རང་བཞིན་བཟང་བ་ཅིག་ཡོད་པ་དེ་མ་འགྱུར་ན་དགའ་སྡེ་འགྱུར་འགྲོ་བ་ཅིག་འདུག ལར་མི་འགྱུར་བ་རང་དེ་སེམས་ཀྱི་གནས་ལུགས་རྟོགས་པ་དེ་རང་ཡིན་པར་གདའ་ལགས། དེ་སྐབས་འབྲུམ་ནད་མཆེད་རྐྱཻན་ཅང་མང་བས་རྟག་བརྟན་དུའང་འབྲུམ་པས་ན་བ་མང་ཞིང༌། ཞུད་ཁ་ཡང་མང་བར་འདུག་ཟེར་བས། རང་རེས་སླེབ་ན་ཕན་པར་སེམས་ཏེ། ཡང་ཡང་ དགོངས་གྲོལ་ཞུས་ཀྱང་བཀའ་ནན་ཆེས་པས་ཧོར་ཟླ་བཞི་པ ་རྫོགས་རྫོགས་འགོར། སྡེ་སྲིད་གོང་མའི་དུས་མཆོད་ཐེས་ལ་ཕྱོགས་ཡོ་ཆེ་སེ་བ་ཅིག་ནི་བྱུང་འདུག་སུའི་སྐྱོན་ཡིན་ནམ། ལར་དགོན་སོ་སོར་མཆོད་ཐེས་མང་པོ་རང་གནང་སོང༌། འདི་ཚོར་ཡང་ལྷ་དབང་རྩེའི་སྐོར་རྣམས་སྦྱོར་འཇགས་གནང༌། དེ་ནས་ཡར་ཆས་ཏེ་འོངས། བྲག་རམ་དུ་གནོད་སྦྱིན་ལ་གཏོར་མ་བཟབ་པ་ཅིག་བྱས། ལས་ཐན་ཐུན་བཅོལ་བ་རྣམས་འགྲུབ་པར་བྱུང༌། རྟག་བརྟན་དུ་ཟླ་བ་ལྔ་པའི་ཚེས་གསུམ་ལ་སླེབ། དེ་གོང་དུ་འབྲུམ་ནད་ཀྱིས་གྲྭ་བ་ཤི་ཆད་འགའ་རེ་བྱུང་འདུག ངེད་ཀྱིས་སླེབ་ནས་ཞུད་ཁ་དང་ཤི་ཆད་ཡེ་མ་བྱུང༌། འབྲས་སྤུངས་སུ་བདུན་ཕྲག་གཉིས་ཙམ་མཚམས་ཞིག་བྱས་པ་ལ་ནུབ་ཅིག་རྨི་ལམ་ན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་སློབ་མའི་ཚོགས་དང་བཅས་པ་གསལ་
བར་རྨི་ནས། མི་ཤིགས་པའི་ཐིག་ལེའི་ངེས་དོན་འདི་དང་འདི་ཡིན་གསུང་བ་ཅིག་བྱུང༌། ཆོས་ལུང་བྱང་རྩེའི་བྲག་གི་རྩེ་ཤར་མ་ལ་གཟིམས་ཁང་བདེ་མཆོག་ཕོ་བྲང་འདི་འདེབས་པའི་བཀོད་པ་ལ་རང་རེས་དངོས་སུ་མ་ཕྱིན། མཛོད་པས་བཀོད་པ་ལ་ཕྱིན་པ་ཡིན། དབྱར་སྟོང་དེ་དཔལ་གྱི་ཇོ་ནང་དུ་བསྡད། རྒྱ་བ་རི་སྔོན་འབོར་སྐྱོང་གི་རྩེར་ཞག་ཅིག་བསྡད་ནས་གཏོར་མ་རྒྱ་ཆེ་བ་ཅིག་བཏང༌། དེ་མཚམས་ནས་འབྲས་སྤུངས་ཀྱི་ཁང་པ་རྒྱ་བཀྱེད་ཅིང་ཟེ་སྦྲོན་པའང་བྱས། འདི་སྐབས་མཁན་ཆེན་ལྷུན་རབ་པ་གཤེགས་པའི་བསྔོ་རྟེན་བྱུང་ཞིང༌། སྟོན་ཀ་ཐུབ་བསྟན་ཡངས་ཅན་དུ་ཆོས་རྗེ་ནག་ཚང་རང་འགྲེ་བ་ཡང་གཤེགས་པའི་བསྔོ་རྟེན་བྱུང༌། འདིའི་ཁ་སེད་དཔྱིད་ཀ་དེ་ངེད་བསམ་འགྲུབ་རྩེ་ན་ཡོད་དུས། མཁན་ཆེན་ལྷུན་རབ་པ་ལ་དཔལ་འཁོར་ཆོས་སྡེའི་མཁན་པོ་དང༌། ཆོས་རྗེ་རང་འགྲེལ་བ་ཡངས་པ་ཅན་གྱི་མཁན་པོར་བརྟག་པ་ཐོན་པ་ཡིན་ཟེར་བློན་ཆེན་རྣམས་གླེང་གིན་འདུག རང་འདོད་ཀྱི་ཁག་བརྟག་པ་ལ་བསྐུར་ན་འདིའི་རིགས་རང་ཡོད་བསམ་པ་ཅིག་ཤར། བརྟག་པ་ཆུག་པའི་སྤུས་དེ་འདྲ་ཨང༌། བཀྲ་ཤིས་ཁ་བཏགས་གཙོ་བོར་གྱུར་པ་ལ་སྒྲོལ་དཀར་གྱི་ཟབ་སྐུ་ཅིག་ཀྱང་བཞེངས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་འདུལ་བ་ལུང་གཙོ་བོར་གྱུར་པའི་འཁོར་ལོ་དང་པོ་ལས་བཏུས་པ། རྒྱས་བསྡུས་འཚམས་པ་འདི་ཡང་དབྱར་ཐོག་དེ་ལ་སྒྲིགས་པ་ཡིན།
འཇུག་ཕྲན་ཚེགས་ཅིག་ལོ་འདིའི་དགུན་ཀ་བྲིས། ཟླ་བ་དྲུག་པའི་ནང་དུ་ཨ་མ་ལགས་ཀྱང་དབུས་ནས་ཡར་སྤྱན་དྲངས་ཏེ། སྐུ་གཤེགས་ཀྱི་བར་འདི་ཁར་བཞུགས་པ་ཡིན། དེ་ནས་སེར་ཁ་དེ་རྟག་བརྟན་དུ་ཚོགས་ཆོས་ལ་བསྟན་རིམ་གྱི་འཁྲིད་དམིགས་པ་དང་བཤད་པ་གཉིས་ཀར་ཞིབ་མོར་བྱས་པ། ཟླ་ཅིག་ཞག་པོ་བཅུ་ཙམ་གྱི་རིང་བཤད། བྱམས་ཆོས་སྡེ་ལྔ། ཐེག་བསྡུས། བསླབ་བསྡུས། སྤྱོད་འཇུག་སོགས་གཞུང་ཆེ་ཆུང་མང་པོའི་ལུང་ཡང་བྱས། སྔ་སོར་སངས་རྒྱས་རབ་བདུན་གྱི་སྐུ་གཟུགས་བཞེངས་པའི་རབ་གནས་དགའ་སྟོན་རྒྱ་ཆེར་སོང༌། དེ་རྗེས་བཞེངས་པ་ཐམས་ཅད་ཀྱི་ཞལ་གྲོ་ཆེན་མོའམ། གསོན་དགེ་སྦྲགས་མ་ལ་དགའ་སྟོན་ཆེན་པོ་བྱས་ཏེ། ཆོས་སྡེ་སྒྲུབ་སྡེ་ཡོངས་རྫོགས་དང༌། སྟོན་དུས་སུ་སོང་བས་ཕྱོགས་ཀྱི་དགེ་འདུན་ཡང་ཤིན་ཏུ་རྣམ་གྲངས་མང་བར་འདུག ཆོས་གཞིས་ཀྱི་དགོན་ལག་རྣམས་དང༌། གཙང་མདོག་འཇང་པོ་དོང་གི་སྐྱེ་བོ་ཇི་སྙེད་འདུས་པ་ཁྲི་ཁྲག་རྒལ་ངེས་པ་ལ་དགའ་སྟོན་རྒྱ་ཆེར་སྶུབས། སྐྱེ་བོ་མི་ནག་པ་ཐམས་ཅད་ལ་ཡང་ནས་ཁལ་རེ་བཀྱེ། ཙམ་པ་འབོ་དང༌། རྐམ་འགྱེད་བལ་འགྱེད་སོགས་ཀྱང་ཡོད། ཟབ་སྐུ་དམ་ཚིག་གསུམ་བཀོད་དང༌། ཐུབ་པ་དང༌། སྒྲོལ་དཀར་གསུམ་པོ་ཞལ་ཕྱེ་འདིར་ཟབ་སྐུ་བཀྲམ་པའི་ཐོག་མ་ཡིན། མེ་ཏོག་གི་ཆར་ཆེན་པོ་ཡང་བབས། ཤུན་ཞབས་དྲུང་ཡང་ཕེབས་ཡོང་བས་ནས་འགྱེད་བལ་འགྱེད་སོགས་ལ་ཐུགས་ཧ་ལས་ཤིང༌། ལྷ་ས་སྨོན་ལམ་ཆེན་མོའི་མི་ཚོགས་ཆེ་དུས་
ལས་ཀྱང་ད་རེས་མང་བ་འདུག་གསུང༌། གནས་རྙིང་པའི་ལྷ་བཟོས་མགོན་ཁང་ཆེན་མོར་དཔལ་མགོན་པོ་ལྕམ་དྲལ་གྱི་སྐུ་བརྙན་སྐུ་ཚད་ཆེ་བ་འདྀ་ཡང་དུས་ཡུན་ཐུང་ངུ་ལ་བཞེངས་གྲུབ། ལྕམ་དྲལ་གྱི་འཚམ་སྐུ་ཆེན་མོ་ཡང་བཞེངས། མགོན་སྐུ་བཞེང་པའི་ལས་ཀ་བཅུགས་པའི་ཉིན། མགོན་པོའི་གཟུངས་སུ་འཛུགས་རྒྱུའི་དོམ་ནག་ཅིག་ཀྱང་འབྱོར་བ། རྟེན་འབྲེལ་ལེགས་པར་བྱུང༌། དེ་རྗེས་འབྲས་སྤུངས་སུ་རྒྱང་ཙམ་མཚམས་བྱས། འཇད་ཀྱི་ཕུ་ལ་སོགས་པོའི་ཇག་རྒྱུགས་ཐང་ཐུང་ཅིག་ཀྱང་བྱུང༌། སྒང་གཟུག་གཉིས་ཀྱི་རྫོང་གཉེར་རྣམས་སྡེ་པ་གཞུང་གི་ཕྱག་ཏུ་བཞེས་པ་སོགས་ལ་མི་རྣམས་དུས་གཟིངས་ལངས་ཡོད་སྙམ་པའི་ཟིར་བུན་ཆེར་བྱེད་ཀྱིན་འདུག སྤྱོད་པ་རྣམ་འགྱུར་རྒོད་བྲོ་མོ་བྱེད་མཁན་མང་པོ་རང་འདུག་སྟེ། སྒོས་དཔོན་རེ་བཙལ། ལྐོག་རྔན་རེ་རྒྱབ་པས་ཐམས་ཅད་ཁ་འཕངས་མཐོ་ཡེ་རེ་ཡུས་ཆེ་ཆེ་ལྟར་བྱས་པས་ཆོག་པ་རྐྱང་པ་འདུག རྟག་བརྟན་གྱི་སྨན་བླའི་སྐུ་བརྙན་ཡང་ལོ་འདི་ལ་བཞེངས་པ་ཡིན། དེ་རྗེས་དགུན་ལ་ཕྱོགས་པ་ན་འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག་དེ་ཡང་བརྩམས། དེ་ནས་དུས་ཁྲིད་ཀྱི་ཐོག་ཏུ་བབ་པ་ན། འཕན་ཡུལ་སྙེ་ཐང་སོགས་དབུས་ཕྱོགས་པའི་གྲྭ་རིགས་དང༌། ཆོས་སྡེ་སྒྲུབ་སྡེ་དགོན་ལག་གི་གྲྭ་རིགས་སོགས་ཡོ་སྡོམ་པ་ལ། འཁྲིད་གསར་པ་དམ་པོ་འདེབས་མཁན་རང་ཕྱེད་དང་ལྔ་བརྒྱར་ཉེ་བ་ཙམ་བྱུང༌། འཁྲིད་གསར་བ་དེ་ལོ་རང་མང་ཞབས་དྲུང་ཤུན་པའང་
ཆོས་ལའང་ཕེབས་ཡོད་དེ། དམ་པོ་ནི་མི་མཛད་པ་དེ་སྤྱན་ལྟོས་ཕྱག་སྲོལ་ལ་གནོད་ཀྱང༌། མི་ཆེན་འདི་ཚོ་ལ་དབང་ཆེ་སྤྱོད་ཀྱི་ཁུངས་རེ་ཡོང་གིན་འདུག་བསྟན་འཛིན་སྤྲུལ་པའི་སྐུ་དང༌། གནས་སྒོ་སློབ་དཔོན། བྱ་གཤོངས་གདན་ས་པ་ཆོས་འཁོར་སྒང་བ་ཡིན་པ་དེའང་འཁྲིད་ཞུ་ལ་བྱོན། ཉང་སྟོད་ནས་བཟང་ར་བའི་སྐུ་ཁོག་ཡོངས། འཁྲིད་གཏོར་གྱི་སྐབས་སུ་ཁོ་བབས་པའི་ལུང་བསྟན་ཐན་ཐུན་དང་ཟོར་འཕེན་སོགས་བྱེད་པ་ཅིག་བྱུང༌། དེ་ནས་ཕག་ལོར་སླེབ་ཅིང༌། འཁྲིད་གྲོལ་ནས་སྐྱིད་ཕུག་ཏུ་མཚམ་མི་བསྡད། དགེ་སྦྱོར་གང་འཕེལ་ཙམ་མ་གཏོགས། མཚམས་དམ་པོ་རང་ནི་མེད། ཧོར་ཟླ་གཉིས་པའི་སྨད་ལ་སྡེ་སྲིད་ནས་ལྷུན་གྲུབ་སྒང་པ་རབ་བརྟན་པ་རྫོང་པ་གནང་བའི་སོག་པོས་འབྲི་ཁུང་གོ་གཉིས་བཅོམ་པ་སོགས་ལ་བརྟེན་དབུས་ལ་དཔུང་འདེགས་དང་དཔུང་ཐོག་ཏུའང་སྡེ་སྲིད་ཕེབས་རྒྱུ་ཡིན་པས། ཅིས་ཀྱང་ཡོང་དགོས་ཚུལ་ནན་ཆེ་ཆེ་འདྲ་བ་ལ། ཡང་ཡོང་མ་ཐུབ་ན་བརྟག་པ་སོགས་ཞུ་རྒྱའི་སྐོར་ཡང་བྱེད་རྒྱུ་ཡིན་ཟེར། དཔུང་ཐོག་ཏུ་ཕེབས་དེས་ཤེས་པ་ཡིན་ནམ་ཡང་ཡང་དྲི་མལ་བྱས་དུས་ཡིན་ཟེར་བས། འོ་ན་སྐུ་གལ་ཆེ་ཙ་ན་ཡོང་དགོས་བྱས་ཏེ། མི་རིང་བར་ལམ་དུ་ཆུག་པ་བྱས་དེ་ཕྱིན། མ་གིར་སླེབ་དུས་བོན་གོང་ནས་སོགས་གྲོས་པ་འགའ་རེ་དེ་དུས་ངེད་སླེབ་པ་ལ་མི་དགའ་བའི་རྣམ་འགྱུར་བྱེད་སླེབ་མི་ཡོང་བ་གཞིར་བཞག་གིས་འབོད་མཁན་བཏང་བ་ཡིན་འདུག་ནའང༌། ཡོངས་བཏང་བ་ངེས་སྙིང་ཚིམ་པར་བྱུང༌། སྡེ་སྲིད་
རང་གིས་དངོས་སུ་གསུང་བ་ལ། དབུས་ལ་དམག་ཐོག་ཕྱིན་ན་ཉེས་སྐྱོན་ཡོད་དམ་མེད་ཕེབས་པ་ལ། བརྟག་པའི་འཆར་སྒོ་ལ་ཉེས་སྐྱོན་ཡེ་མེད་ཅིང་ལེགས་པར་འདུག་ནས། དེ་ཁ་ལྟར་སྙན་ཏུ་ནི་ཕུལ། དེ་མ་ཐག་བཀའ་གྲོས་པ་རྣམས་བྱུང་ནས། བརྟག་པ་ཞུུ་བ་གནང་ཡོད་འདུག་པས་དབུས་ལ་ཕེབས་པ་མ་ཆུག་ཚུལ་ཞུ་དགོས་ཟེར་བ་ལ་བརྟག་པའི་གནས་ཚུལ་ཞུས་གྲུབ་ཚུལ་ལབས། ལར་ཡང་བརྟག་པ་ལ་ཁག་བཏང་བའི་རྫུན་བྱས་པས་ག་ནས་འོང་སྟེ། ཁོང་རང་ཡོན་མཆོད་ཚོ་ལ་དེ་རང་ཡོང་འདུག་པས་ཡིན་ནམ། སླར་ཡང་དབུས་འབྲོག་ན་འབྲུམ་པ་སོགས་ས་མི་གཙང་བ་ཡོད་ཚུལ་དང༌། དབུས་ཕྱོགས་ཕེབས་ཀྱང་སྐུ་ན་གཞོན་པས་དཔུང་ཐོག་རང་ནི་མི་ཕེར། དཔུང་འཁྱེར་འཁྲིད་ལ་མི་ཕན་པའི་ཁར་གནོད་པ་ལས་མི་ལོང་བས། བཤོལ་འདེབས་ནན་ཆགས་བྱེད་དགོས་ཟེར་ཡང་ཡང་ལབ་ཀྱིན་འདུག རང་རེའི་སེམས་ལ་ནི། བརྟག་པ་གྱིས་གསུང་བ་ལ་ནི་འཆར་སྒོ་གང་ཤར་བ་དེ་རྫུན་མེད་དུ་ཞུས་པ་ཡིན། རྫུན་ཞུས་པས་ག་ལ་ཡོང༌། རྫུན་བྱེད་རྒྱུ་ཡིན་ན་བརྟག་པ་བྱེད་དོན་ཡང་མི་འདུག་གོ །ཐིགས་མི་ཐིགས་ནི་སུས་ཤེས། འདི་ལྟར་མཛོད་འདི་ལྟར་མ་མཛད་ཟེར་པ་ལ་ནི། ངེད་གནང་ཆུང་ཡིན་ཙ་ན་ལར་གྱི་ཡང་གསན་ པ་ཀོགསྒོས་སུ་ཁྱེད་རང་རྣམས་ཀྱིས་ངེད་ཀྱིས་ཞུས་པའི་རིགས་ལ་གསན་དགོངས ་མཛད་ན་ཡེ་མི་ཡོང་ཚུལ་རྒྱུན་མི་འཆད་ཕུལ་ནས། ཡང་ད་རེས་བཤོལ་འདེབས་ངེད་ལ་རེ་དོན་རང་མེད་པ་འདྲ། ཡ་རུ་སྐྱེ་ལམ་མ་རུ་སྐྱེལ་ཀྱང་དབང་ནི་ཁྱེད་རང་ཚོ་ཆེ་སྙམ་པ་ཅིག་བྱུང༌། འོན་ཀྱང་ཁོང་ཚོའི་ཟེར་ཚུལ་ཙམ་ནི་ཞུས།
གཞན་སྤྲ་ལག་པ་མཁས་འཇུག་མཁན་མང་པོ་ཡང་དེ་ན་སླེབ་འདུག དེར་ཞག་དྲུག་གི་རིང་ལ་རྐྱེན་སེལ་དབང་ཆོས་གང་འགྲུབ་ཕུལ། དེ་མཚམས་དབུས་ཕྱོགས་ཐེགས་མི་ཐེགས་ཐེ་ཚོམ་ལྡིང་དེ་བའི་ངང་ནས་དཔོན་གཡོག་རྣམས་ཕེབས་སོང༌། ཡོལ་ཐང་ལ་རབ་གནས་ཀྱིས་གསུང་བ་ལྟར་ངེད་ཀྱི་དེ་རྗེས་ཞག་པོ་བཞི་བསྡད། ཡོལ་ཐང་ལ་རབ་གནས་ཉིན་གཉིས་མ་ཅིག་གྲུབ། གསེར་མདོག་ཅན་པའི་མཁན་སློབ་ཚོགས་པ་ཐམས་ཅད་སྐུ་རིམ་ལ་བཞུགས་པ་ལ། ཀྱི་རྫི་སྟེང་དུ་ཆོས་འབྲེལ་ལ་སེམས་བསྐྱེད་ཅིག་བྱས། སྣང་ཐང་གི་རྟེན་མཇལ་མ་བྱས་པར་ཡུན་རིངས་ལོན་པས་ཡར་ལམ་སྣར་ཐང་གི་རྟེན་མཇལ་བྱས། རྟེན་སྒྲིག་ཚུལ་རྣམས་བར་སྐབས་སུ་སྔར་དང་མི་འདྲ་བར་བཅོལ་འདུག་པ། བྱམས་ཁང་སོགས་སྔར་གྱི་མཐངས་གསལ་ཞིང་བག་དྲོ་བ་དེ་མ་ཡིན་པར། མུན་མུན་སྟོང་ཆང་ཆང་ཅིག་བྱུང་འདུག དེ་ནས་ཡར་ཡོང་རྟག་བརྟན་གྱི་འབྲས་སྤུངས་སུ་མཚམས་ཐུང་ཙམ་བྱས། རྒྱལ་བ་རིགས་ལྔའི་ཟབ་སྐུ་བཞེངས་པའི་འགོ་བརྩམས། རི་ཁྲོད་ཆེན་པོར་ཡང་མཚམས་རྒྱང་ཙམ་བྱས། དགེ་སྦྱོང་ཡང་འཕེལ་བར་བྱུང༌། དབྱར་སྟོད་ཚུན་ལ་འབྲས་སྤུངས་རྩེའི་མཁར་ལས་འཕྲོས་སྐྱོངས་རྣམས་དང༌། སྔར་གྱི་ཟབ་སྐུ་འགྲེམས་ས་བྱེད་རྒྱུའི་ཁུངས་འགྱེལ་བའི་ཤུལ་དེར། ལྷ་ཁང་ཁྱམས་མགོན་ཁང་དང་བཅས་པ་བཞེངས་ནས། ཁྲོ་རྒྱལ་ལྷ་ཁང་དུ་མཚན་གསོལ་བ་དང༌། ཆོས་ལུང་བྱང་རྩེར་བདེ་མཆོག་ཕོ་བྲང་གི་ལས་ཀའི་འཕྲོས་རྣམས་ཀྱང་གྲུབ་པར་བྱས། ཧོར་ཟླ་ལྔ་པའི་ཉེར་
དགུ་གནམ་གང་ལ་རྒྱབ་རིའི་རྩེ་མོར་ཞག་སྡོད་བྱས་ཤིང༌། གཏོར་མ་ཡང་རྒྱ་ཆེར་བཏང༌། སྔོན་སྐྱེར་སྒང་བའི་རྣམ་ཐར་ན། ཕྱུག་པོ་རྡོར་འབུམ་གྱི་ཡོན་བདག་བྱས་ནས། ཙམ་ཁལ་བརྒྱ་ལ་བྲུལ་གཏོར་ལན་ཅིག་མཛད་གསུང་བ་ཡོད། འདི་རེས་ཀྱང་ཙམ་ཁལ་བརྒྱ་ལྷག་ཙམ་སོང༌། གདོང་དགའ་བའི་དཔོན་ས་གཡང་ལགས་ཀྱི་གསོལ་སྐལ་སྟེར་རྒྱུས་ཟངས་དཀར་གཉིས་མཆོད་གཞིས་སུ་ཕུལ་ཁོང་པ་རང་སླར་ཆོས་སྒོར་ཞུགས་པ་སོགས་མཛད་པ་ཡིན། གཞན་ཡང་ལོ་འདིའི་ནང་དུ་རྟག་བརྟན་གྱི་ལྷ་ཁང་ཤར་མ་གསུམ་གྱི་སྟེང་གི་ལོགས་བྲིས་དང༌། ཇོ་བོ་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱབ་ཡོལ། ཕྱེ་ཕུར་དང༌། གོང་བུ་སོགས་མཆོད་རྫས་མང་པོའང་གྲུབ། སྐོར་ཆེན་པའང་མང་པ་ཞིག་བྱུང༌། ཧོར་ཟླ་བདུན་པའི་ཆོས་བརྒྱད་ལ་རིགས་ལྔའི་ཟབ་སྐུ་གྲུབ་པའི་རབ་གནས་བྱས་ཤིང༌། དགེ་འདུན་དང་སྐྱེ་བོའི་ཚོགས་ལ་དགའ་སྟོན་དང༌། རྟེན་མཇལ་ཡང་ལེགས་པར་བཏང༌། དེང་སང་ཕལ་ཅིག་རབ་གནས་བྱེད་ཟེར་ནས། བསྙེན་སྒྲུབ་གང་ཡང་མ་སོང་བའི་འཆོལ་པ་འགའ་ཞིག་འཚོགས། ཆོ་ག་མ་དག་པ་ཅིག་ལ་གསང་སྒྲོགས་གང་ཡོད་ཡོད་བྱས། དགའ་སྟོན་ཡིན་ཟེར་མི་འགའ་ཞིག་གིས་ལྐོག་ཟས་གྲུབ་པ་དང༌། རྟེན་བཞེངས་མཁན་རང་ལ་འབུལ་བ་འདྲ་ཡོང་ལ་རེ་ཞིང༌། རྟེན་མཇལ་གཏོང་ནའང་མི་རྣམས་ཁ་སྟོང་གྲོང་སྟོང་ལ་ཐལ་བ་ཕྱུ་རེ་གཏོང་མཁན་དུ་མང་བ་འདུག་སྟེ། ངེད་ཀྱིས་ནི་དེ་འདྲ་ཡེ་མ་བྱས། རྟེན་བཞེངས་ཆེ་ཙམ་རེ་བྱས་པ་ལ། དེར་འཚོགས་ཀྱི་དགེ་འདུན་དང་སྐྱེ་བོ་ལ་དགའ་སྟོན་མ་བྱས་པ་མེད། བསྙེན་སྒྲུབ་མ་བྱས་པ་ཆོ་ག་ལ་མི་འཇུགརབ་གནས་དངོས་དེ་གསང་སྒྲོགས་སུ་མ་སོང་བ་རང་བྱས། རྒྱལ་བ་རིགས་ལྔའི་ཟབ་
སྐུ་ལྔ་པོ་འདི་དག་ལ། ཞག་ཉེར་ལྔ་ཙམ་དང༌། ཉི་ཤུ་ཙམ་དང༌། ཟླ་ཕྱེད་ཙམ་ལ་རེ་རེ་གྲུབ་པ་སོགས་ཟླ་བ་གསུམ་ལྷག་ཙམ་གྱི་ཁོངས་སུ་ཐམས་ཅད་གྲུབ། མགྱོགས་ལ་ལེགས་པ་བཀྲ་ཤིས་པར་བྱུང༌། ལོ་འདི་ནང་ཅུང་རི་བོ་ཆེ་ཞོལ་པ་སྐོར་ཐམས་ཅད་ཀྱང་རང་རེའི་འོག་ཏུ་བྱུང༌། སྔར་མི་གྲོག་པོ་རང་ཚོས་ཡ་རི་མ་རི་ཅི་བྱེད་འདི་བྱེད་མེད་པ་བྱས་པ་ལ་དོན་འདོར་ཏེ་སྟོངས་སོང༌། སྟོན་སེར་ཁ་དེ་བླ་མ་འགག་པ་གྲྭ་བཙུན་ལྔ་བཅུ་སྐོར་དང་བཅས་པ་ཆོས་ཞུར་བྱུང༌། འཁྲིད་གྱི་རྐང་སྦྱོར་བ་ཡན་ལག་དྲུག་པ་བཙུགས་ཏེ། ཐོག་མར་དགེ་བ་ཡན་ཆད་དབང་ཁྲིད་མཚམས་སོགས་ཆ་ཚང་སོང་བ་ཡིན་ནའང་ཇོ་ནང་པ་རང་གི་ཕྱག་ལེན་གྱི་རྒྱུན་བཟང་པོའི་དམ་པོ་འཇུར་ལ་ཐེབས་པ་དེ་ཁོང་ཚོས་བྱེད་མི་ནུས་དེའི་རྫུ་སོབ་ལ་འཁྲིད་གཉེར་དགོན་ཡས་མར་གང་རིས་ཀྱི་ལག་ལེན་རྒྱུས་དང་མྱོང་བ་ཡོད་པ་རྣམས་ལ་མ་བཅོལ་བར། ཁོང་རང་ཚོའི་སྡེབས་ཀྱི་རྒན་པ་འགའ་རེས་བྱེད་ཟེར་མི་ཉན་པར་འདུག སྭ་ལག་ཟེར་དུས་མར་ཕྱོགས་སུ་སླར་དམ་པོ་བྱེད་པ་ལ་འཁྲིད་གཉེར་ལག་ལེན་རྒྱུ་ཡོད་པ་ཅིག་དགོས་པར་འདུག་ཟེར་བ་ལ་སྙད་བྱེད་ཀྱིན་འདུག་སྟེ། ལར་རྒྱུས་ཡོད་པར་དགོས་ན་ཀ་སྔར་མྱོང་ཡོད་པ་ཅིག་ལ་བརྟེན་དགོས་པ་ཡིན་ཏེ། མི་ཉན་པ་ལ་ཁ་ཏའི་དཔེར་འདུག་པས། ངས་ཀྱང་ཁོང་རང་ཚོའི་འདོད་ཐོག་ཏུ་བཞག་པས། ཁོང་ཚོའི་སྦྱོར་དྲུག་དེ་ཟོ་གྱོ་ལེ་བ་ཅིག་ལས་མ་བྱུང༌། ཡིན་ནི་རང་གིས་རང་ལ་བསླུས་གཏོང་བ་དེར་འདུག གཞན་འདོད་ཆོས་ཐན་ཐུན་འདྲ་ཡང་བྱས། རྟག་བརྟན་དུ་ཡང་ས་ལུགས་ཀྱཻ་རྡོར་
བཀའ་བབས་བཞི། རྡོ་རྗེ་གུར་རིགས་བསྡུས། རྔོག་ལུགས་ཀྱཻ་རྡོར་ཡབ་བཀའ་ཡུམ་བཀའ་གུར་རིགས་བསྡུས་སོགས་ཀྱཻ་རྡོར་གྱི་དབང་བཀའི་རིགས་ཕལ་ཆེར་དང༌། བསམ་མི་ཁྱབ་ལ་སོགས་པའི་ལམ་སྒོར་འདུན་གྱི་འཁྲིད་དང་བཤད་པ་ངག་ཐོག་ནས་བྱེད་པ་དང༌། བརྒྱད་ཆར་གྱི་ཡིག་ལུང་དང་རྔོག་ལུགས་བསྲེ་འཕོ་དང༌། ལམ་དགུ་སྐོར་གྱི་འཁྲིད་དེང་སང་ལུང་རྒྱུན་ཤིན་ཏུ་དཀོན་པ་དགྱེས་རྡོར་གྱི་གཞུང་འགྲེལ་ཆོས་སྣ་སུམ་ཅུ་རྩ་དགུར་གྲགས་པ་དེ་རྣམས་ཀྱི་ལུང་ཡང་བྱས། དེ་དག་གི་སྔ་ཕྱིར་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་འབུར་སྐུ་ཁྲུ་ཚང་མ་དང༌། ལྷ་ཁང་ཤམ་བྷ་ལ་ཕུ་མདའི་ལོགས་བྲིས་ལ་སོགས་པའང་ཚར། པད་མ་བཀོད་དང་བདེ་བ་ཅན་གྱི་མདའ། ཨོ་རྒྱན་མཁའ་སྤྱོད་ཀྱི་མདོའི་ལོགས་བྲིས་སོགས་ཀྱང་རིམ་ཅན་དུ་གྲུབ་པ་ཡིན། འདི་དུས་ཀྱང་བཟང་ར་བའི་ལྷ་བབས་ཏེ་བྱུང༌། ལུང་བསྟན་གྱི་ཁུངས་དོན་ཚན་གསུམ་བྱེད་ཀྱིན་འདུག་པ་ནི་འབྲུག་ལོ་འདི་ཡན་ལ་ཐིངས་པོ་བྱུང་སོང༌། ལར་རང་དེ་འདྲའི་རིགས་ལ་ངེས་ངེས་ཅི་འཚལ། དེ་བཞིན་དུ་མགོན་ཁང་ཆེན་མོའི་ལོགས་བྲིས། མགོན་པོ་འཁོར་མང་འདི་ཉིན་ཞག་གསུམ་ལ་གྲུབ། ཉིན་མོ་བས་ཀྱང་མཚན་མོ་སྲོད་ལ་མདངས་གསལ་བར་བྱུང་འདུག སྤྱིར་ངེད་ཀྱི་མཁར་ལས་རྟེན་བཞེངས་བྱས་པ་འདི་ཀུན་ལ་ལས་མི་ཐམས་ཅད་དྭངས་སྤྲོ་བ་རང་ཞིག་འོང༌། དེ་རེས་མགོན་ཁང་གི་ལོགས་བྲིས་འདི་སྐབས་ཀྱང༌། རི་མོ་བ་རྣམས་ངལ་དུབ་ཀྱང་མེད་ཅིང༌། སྡོད་ཉིན་མི་
འདོད་པར་འཕྲལ་དུ་ལས་ཀ་ལ་འཇུག་འདོད་པ་རང་བྱུང་འདུག རྟག་བརྟན་ཚོགས་ཆེན་ཕྱེད་ལངས་ཀྱིས་ཟླ་བ་ངོ་རེ་བཞིན་རྣམ་རྒྱལ་འཇོམས་ཀྱི་ཆོ་ག་གཏོང་བ་ལ་གཞི་རྐྱེན་སོགས་ཀྱང་སྦྱོར་ཐུབ་པ་དང༌། མགོན་ཁང་ཆེན་མོའི་སྟེང་གི་མགོན་ཁང་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་དྲཀྴད་རིགས་མི་འདྲ་བ་དུ་མ་དང༌། དཔལ་ལྷ་མོ་རིགས་མི་འདྲ་བ་དུ་མ་བཞེངས་ཤིང༌། སྔོན་མ་ཡི་དམ་ཁྲོ་བོའི་རིགས་ཅིག་འབྲི་དགོས་སྙམ་པ་ཡོད་ནའང༌། འཕགས་པ་བྷུ་ག་མའི་སྐུ་བཞེངས་ན་ལེགས་པའི་ལྟས་ཅིག་བྱུང་ནས། ཇོ་བོ་བྷུ་གང་གཙོ་འཁོར་ལྔ་པ་བྲིས། དེ་ལོའི་དུས་ཁྲིད་ཧོར་ཟླ་བཅུ་གཉིས་པའི་འགོ་ལ་ཀ་བཙུགས་ཤིང༌། དེ་ལོའང་འཁྲིད་གསར་པ་གཉིས་བརྒྱ་ལྷག་ངེས་ཤེས་པ་བྱུང༌། འཁྲིད་ལོའང་ཤིན་ཏུ་ལེགས། འདི་དུས་རྒམ་པོ་སྤྲུལ་སྐུས་ཀྱང་དམ་པོ་མཛད། ཆོས་མང་དུ་གསན། འཁྲིད་གྲོལ་མཚམས་ལ་ཐོག་མར་བསམ་གྲུབ་རྩེར་ཡོད་དགོས་ཕེབས་པ་ཅིག་བྱུང་ནའང༌། སྤྱིར་ལོ་དེ་ལ་སྡེ་པ་རང་གཞན་མི་ཆེན་དང་མཇལ་འཕྲད་མང་པོ་དགོས་པའི་དོག་ཆ་སོགས་སེལ་བ་ལ་གནས་རྟེན་བྱིན་རླབས་ཅན་མཇལ་བ་སོགས་སྡེ་སྲིད་རང་འདི་ཕྱོགས་ཕེབས་ན་ལེགས་པའི་དགེ་མཚན་ཤར་བ་ལ་བརྟེན་ནས། དེ་བཞིན་ཕུལ་བ་ལྟར་ཧོར་ཟླ་གཉིས་པའི་ཉེར་ལྔ་ལ། སྡེ་སྲིད་དཔོན་གཡོག་བཟབ་རྒྱས་དང་བཅས་པ་རྟག་བརྟན་དུ་ཕེབས། སྔ་མ་ཞག་ལྔ་ཙམ་ལས་མི་བཞུགས་པའི་རྩིས་སུ་འདུག་ཀྱང༌། གནས་མཇལ་རྟེན་མཇལ་རྣམ་གྲངས་མང་བ་དང༌། དབང་དཀའ་གསན་དགོས་སོགས་ཀྱིས་ཞག་བཅུ་ཙམ་བཞུགས་དགོས་བྱུང༌། གཞན་འདི་འདྲའི་
རིགས་ལ་རང་འདོད་ཀྱི་ཞུ་དོན་མང་པོ་དབུ་ཚུགས་མུ་ཚུགས་བྱེད་པ་ཅིག་ཡོད་པར་འདུག་སྟེ། ཐུགས་སུན་པར་འགྲོ་བསམས། ཞུ་དོན་ཅིག་ཀྱང་མ་ཞུས་དགོན་ཡས་མར་དུ་རྙེད་བཀུར་སོགས་ཀྱང་བཟང་རབ་གནང་ཞིང༌། རྩང་སྐོར་གྱི་ས་རིས་ཐམས་ཅད་བསྟན་པ་ནམ་གནས་བར་སྦྱོར་འཇགས་སུ་གནང་བ་ཡིན། དཔོན་གཡོག་རྣམས་ཡར་ཕེབས་དུས། བྲག་རམ་དང་ཉེ་བའི་ཐད་ཙམ་ལ་ནམ་མཁའ་ལ་འཇའ་སྤྲིན་རྒྱ་བྱའི་གཟུགས་ཀྱི་རྣམ་པ་གསལ་པོ་བྱུང་འདུག དེ་ཡང་ཆོས་བདག་ནགས་རྒྱལ་དགྱེས་པའི་ལྟས་སུ་ནི་གསལ། སྔ་སོར་བར་སྐབས་རྟེན་འབྲེལ་མང་དུ་འཆུགས་པ་ལ་དེ་རེས་འདིར་ཕེབས་པ་དེས་ལ་ལ་སོར་ཆུད་འདུག དེས་ལོ་ཤས་ཀྱི་སྐུ་དོག་ཀྱང་སེལ་གདའ། མི་ཆེན་འགངས་ཆེན་འདི་ལྟ་བུ་ཕེབས་པ་ལ་མི་འཁམས་བྱས་པས་མི་རུང་བསམས། ཕེབས་གྲོ་དང་འབུལ་གནད་གང་བཟབ་རང་བྱས། སྒྲོ་ལ་གང་ཡོད་མདའ་ལ་སྐྱོན། གཞན་འདི་ན་ཡོན་བདག་རང་ལ་གཞོགས་སློང་བྱས་ནས། ཡོན་བདག་རང་ལ་འདྲེན་པ་སྐད་བྱེད་མཁན་ཚོ་དང་ཅུང་མི་འདྲ། སྡེ་བླ་མཛོད་ཀྱི་བདག་པོ་རྒྱལ་ཁམས་ཁ་ལ་འདེབས་པ་ཚོ་དང་ཡང་མི་འདྲ། ངེད་བྱ་བཏང་ལ་ཡོད་དོ་བྱས་ཀྱང་ཅི་ཡོད། མེད་པ་དེ་ཁ་མཆོག་ཡིན། ནོར་ཆེ་ཡིན་སྐྱུག་བྲོ། གཡོག་བུ་རྟ་མང་གིན་ཞེ་མྱང༌། ཁ་དྲག་དབང་ཆེ་ཡིན་མགོ་གཞུག་ལོགགྲྭ་རིགས་ཡོན་བདག་མང་གིན་
ཡོ་ཚད་དམྱལ་བའི་རྒྱུ། འགྲོ་དོན་འཕྲིན་ལས་ཡིན་ཟེར་ཐམས་ཅད་སྡུག་ལ་གཏོད། ཨ་རེ་རེ་ཨ་རེ་རེ། པཎྜི་ཏ་ཀྲྀཥྞ་བྷནྚ་ཡང་བུ་ལོན་བྱང་སྐྱིད་པོ་བྱུང་བའི་དྲིན་དྲན་ནས་ཡོངས་པ་ཡིན་གསུང་ལོ་སྔ་མའི་ནང་དུ་བྱུང༌། སྭ་ར་སྭ་སྟིའི་འཕྲོས་རྒྱང་ཙམ་དང༌། སྡེབས་སྦྱོར་ཉེར་བསྡུས་དང༌། དབྱངས་ཅན་མའི་བསྟོད་པ་ཅིག་བསྐུར། ལྷ་ས་མཇལ། ཞྭ་དམར་ནག་དང་སྡེ་སྲིད་སར་སློང་མོ་ལ་བྱོན། ངེད་ཀྱིས་རྙེད་པ་གང་དྲག་བྱས་སྐབས་འདིར་ལི་ཏི་ཐུབ་སྐྱེལ་མ་བཏང་ནས་རྒྱ་གར་ལ་ཐེགས་སོང༌། དཔོན་གཡོག་རྣམས་ཐུགས་རྗེས་མི་རིང་བ་ཅིག་ན། རྗེ་པཎ་ཆེན་དབེན་རྩ་ནས་ཀྱང་བྱང་ཁ་ལ་ཕེབས་སོང་བ་ལ་ཇ་ཞུས་འབུལ་མཁན་བཏང༌། བར་སྐབས་དེར་ངན་སོང་སྦྱོང་རྒྱུད་རང་ཐང་སྤྱོད་རྒྱུད་ལུགས་དང༌། ཡང་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་ལུགས་ཀྱི་ཡིག་སྣ་གསུམ་པོ་དེ་བརྩམས། དཔལ་འཁོར་ཆོས་སྡེ་ནས་མཁན་ཆེན་ཀུན་དགའ་ལུང་རིག་པ་ཡང་ཕེབས། ཁོང་དཔོན་སློབ་རྟག་བརྟན་ཚོགས་པར་བཅས་པ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དམ་ཚིག་གསུམ་བཀོད་ཀྱི་དབང་དང་གཞན་ཡང་རིགས་གསུམ་སྤྱི་དང༌། ཨ་ར་པ་ཙ་ལྷ་ལྔ་སོགས་དབང་བཀའ་ཆེ་ཆུང་ཅི་རིགས་པའང་བྱས། ཁོང་རྣམས་ཕྱིར་ཕེབས་པའི་རྗེས་སུ། རང་རེས་སྒྲིགས་པའི་སྟོན་པའི་རྣམ་ཐར་ཆེན་མོ་དེའི་སྟེང་ནས་ལུང་དང༌། ངག་ཐོག་ནས་གཏམ་རྒྱུད་རྒྱས་པ། ལྷ་སོ་སོའི་
རྗེས་གནང་མང་རབ་དང་བཅས་པ་བཤད། གཙུག་ལག་ཁང་ཆེན་མོའི་སྒོ་ཁང་གི་སྒོ་སྒྲིགས་ཀྱི་ནང་ལ། སངས་རྒྱས་ཀྱི་སྐུ་བརྙན་བཀྲ་ཤིས་རྫས་བརྒྱད་འབུལ་མཁན་གྱི་བཀོད་པ་དང་ཀླུའི་རྒྱལ་པོ་བརྒྱད་དང་བཅས་པ་བྲིས། ཁྲོ་རྒྱལ་ལྷ་ཁང་གི་གཙང་ཁང་དུ་དགྲ་གདོང་འཇིགས་གསུམ་གྱི་ལྷ་ཚོགས་བཀའ་སྲུངས་དང་བཅས་པ་དང༌། འཁྱམས་སུ་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བའི་ཁྲོ་བོ་བཅུ། གཤེད་དམར་ལ་སོགས་པ་དང༌། སྒོ་ཁང་དུ་གདོང་བརྙན་བཅུ་དྲུགམགོན་ཁང་དུ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང༌། ཆོས་རྒྱལ་ལས་གཤིན་དམར་ནག་འཁོར་བཅས་གཞན་ཡང་མགོན་པོ་ལྕམ་དྲལ་གྱི་རིགས་མང་རབ་དང་བཅས་པ་རྣམས་ཀྱང་ལོགས་བྲིས་སུ་གྲུབ། གཡུ་ལོའི་ལྷ་ཁང་དང༌། སཽ་རཥྟའི་སྟེང་སྦྲོན་པ་སོགས་ཀྱང་སྔ་ཕྱིར་རིམ་གྱིས་བྱས། སྔར་སྨན་ཆུ་ལུས་ལ་འཕྲོད་པར་ཡོང་གིན་ཡོད་པ། འཕྲོད་དུ་རེ་ནས་དིངས་སུ་ཕྱིན་ཕུ་ལུའི་སྨན་ཆུ་དེ་ཞག་གསུམ་ཙམ་འཐུངས་ཏེ། ལུས་ཡང་བ་སོགས་ཀྱི་ཕན་ཡོན་ཅུང་ཟད་བྱུང་ཡང༌། རླུང་ཁམས་ལ་ཤིན་ཏུ་གནོད་པར་བྱུང༌། ཧོར་ཟླ་ལྔ་པའི་ནང་དུ་ཆོས་ལུང་བྱང་རྩེར་འགྲོ་རྩིས་ཡིན་པ། འགྲོ་བར་ཆས་པ་རང་ལ་ལྟས་ཤིན་ཏུ་འཚུབ་པ་ཞིག་བྱུང་ནས། འགྲོ་བ་བཤོལ་དགོས་བྱུང༌། དེ་འཕྲལ་རྨི་ལྟས་དང་བསྟུན། བདེ་མཆོག་ཕོ་བྲང་དུ་མགོན་པོའི་བསྐངས་གསོ་བྱེད་མཁན་བཏང༌། ཕྱོགས་དེར་འགྲོ་བ་ལ་བར་དུ་གཅོད་པའི་གདུག་པ་ཅན་འགའ་རེ་ཐུལ་འགྲོ་བའི་ལྟས་ཀྱང་བྱུང༌།
དེ་ནས་ཟླ་བ་བདུན་པ་ལ་ཡང་ཇོ་ནང་དུ་མཚམས་མེ་བར་བསྡད། མཆོད་གཞིས་ཁོག་གི་ཁྱུ་འཛིན་ཐམས་ཅད་དང༌། ཤ་ཡོང་མང་པོ་ཞིག་གཙུག་ལག་ཁང་སོ་སོའི་དཀར་མེའི་ཐེས་སུ་བསྟན་པ་ནམ་གནས་སྦྱར་སྡིག་རྒྱུན་དགེ་བར་བསྒྱུར། བརྒྱད་པའི་འགོ་ནས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་བཤད་པ་ཆེན་པོ་རྩོམ་པའི་དབུ་ཚུགས། ཟླ་བ་དེ་ཁའི་ནང་དུ་ཕལ་ཆེར་གྲུབ། དེའི་འཕྲོས་དེ་ཀ་ལ་ཟླ་བ་དགུ་པའི་ནང་དུ་དཀྱིལ་ཆོག་གི་རྣམ་བཤད་ཀྱང་རྫོགས་པར་བྲིས། སྤྱིར་ངེད་ཀྱི་སྲོལ་ལ་རྩོམ་པ་ཆེ་བ་རེ་བྱེད་འདོད་ཡོད་ན། སྔ་སྲོལ་ནས་དཀོན་མཆོག་ལ་གསོལ་བ་འདེབས། ཁྱད་པར་སྔགས་ཕྱོགས་ལ་ཆོས་སྐོར་དེ་ཁ་དང་འབྲེལ་པའི་ལྷག་པའི་ལྷ་ལ་མཆོད་པ་རྒྱས་པ་ཕུལ་ཞིང་གསོལ་བ་བཏབ་ནས་གནང་བ་ཞུ། སྣང་བའི་མཚན་མ་དངོས་བྱུང་བའང་ཡོད། གང་ལྟར་ལྟས་བཟང་ངེས་པ་བྱུང་ན་རྩོམ་པ་དེ་ལ་འཇུག་པ་ཅིག་བྱེད་ཀྱིན་ཡོད། འདི་རེས་ཀྱང་དེ་སྐབས་སྣང་བ་ཐོབ་པ་ནི་ཡིན་ཀྱང༌། སྔོན་མེད་པའི་ལེགས་བཤད་གསར་པའང་སྤྲོ་རྒྱུ་ཡོད་ཅིང༌། ལོག་རྟོག་དུ་མའང་འཇོམས་རྒྱུ་ཡོད་པའི་སྟབས་དང༌། ཆོས་རང་ཡང་གཞན་ཐམས་ཅད་པས་བཀའ་གཉན་པའི་སྟབས་ཡིན་པར་འདུག རྩོམ་པའི་རིང་ལ་ཆོ་འཕྲུལ་འཚུབ་ཆ་ཆེ་བར་བྱུང༌། བར་སྐབས་ཅིག་ཚིག་དོན་རྣམ་གྲངས་མང་པོ་བློ་ལ་ཁྲ་གསལ་ལེ་བསྔོགས་ནས་ཡོད་འཕྲོ་ལ། ཁེབས་བཀབ་པ་བཞིན་དུ་ཡུད་རེ་གང་ཡང་མི་དྲན་པའི་རྣམ་པར་འགྲོ་བ་ཡང་ལན་འགའ་རེ་བྱུང༌། སྲུང་འཁོར་གྱི་བཤད་པ་སོང་མཚམས་ཀྱི་སྐབས་ཤིག་དམ་ཆོས་གླིང་གི་འོག་
གི་རྨིག་ཆུང་དེ་ན་ཡི་གེ་འབྲི་ཡིན་ཡོད་པའི་སྔ་དྲོ་ཅིག ཕྱི་ལོགས་ནས་བུད་མེད་ཤིན་ཏུ་ཆེ་བ། གདོང་གི་དཔངས་ལའང་ཁྲུ་གསུམ་ཙམ་ཡོད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ་ཅིག་ངེད་ལ་ཆེར་གྱི་བལྟ་བ་དང༌། ཧེ་ཧེ་ལགས་ཞེས་གད་མོ་རྒོད་པའི་ཚུལ་བྱེད་པ་ཅིག་མངོན་གསུམ་དུ་བྱུང༌། དཀྱིལ་ཆོག་གི་བཤད་པའི་ཕྱེད་ཙམ་སོང་བ་ན། ཆོ་འཕྲུལ་འཚུབ་འགྱུར་རྣམས་སངས་ཤིང༌། རིག་པ་གསལ་ལ་བདེ་བ་བྱུང༌། ལར་འདིའི་སྐབས་སུ་ཐོག་མ་ལུས་ལ་གཉན་ལྷོག་གི་འབུ་རུ་ཐེབས་ཤིང༌། དེ་སངས་ནས་ཤུ་བ་རྒྱ་ཆེན་པོ་དང༌། པགས་པའི་ཆ་རྣམས་ལས་ཆུ་སེར་ཁ་དོག་ཤིན་ཏུ་ནག་པ་འཛག་པའི་ལུས་མི་བདེ་བའི་རྣམ་པ་བྱུང་ཞིང༌། དེའི་འཕྲོས་དུས་འཁྲིད་རན་རན་བར་དུ་མ་གྲགའཁྲིད་འཛུགས་ཁར་ཉིན་ཅིག་ལ་གྲག་སོང༌། ལོ་འདིའི་སྟོན་གཡུ་ལོ་སོ་སོ་རཥྟ་དང་བཅས་པའི་ས་རྡོའི་མཁར་ལས་རྣམ་གྲུབ་པ་ཡིན། དེ་མཚམས་ཅིག་སྡེ་སྲིད་གོང་མ་དེའི་གདུང་ཞུས་འབུལ་དགོས་པ་འདུག་པས། བསམ་འགྲུབ་རྩེ་ལ་ཡོང་དགོས་ཚུལ་ཕེབས་པ་ལྟར་མི་རིང་བར་རྩེ་ཕྱོགས་སུ་ཕྱིན། ཟླ་བ་གཉིས་ལྷག་ཙམ་སྡོད་དགོས་བྱུང༌། འདི་སྐབས་རྗེ་ཆོས་དབྱིངས་རྡོ་རྗེས་སྡེ་སྲིད་ལ་མུ་ཏིག་སྲུབས་མའི་ཕྱག་འཕྲེང་ཞིག་གནང་འདུག་པ་ལ་བྱིན་རླབས་གྱིས་ཤིག་གསུང་བ་ལྟར་བྱིན་རླབས་བྱེད་ཀྱིན་ཡོད་ཙ་ན། འདུལ་ལུང་ན་ལྷ་སྦྱིན་གྱི་ལྷོ་ཕྱོགས་པའི་སྒྱོགས་མཁན་ལ་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རེ་བ་བྱིན་ཅེས་པ་དེ་ཡང་འདི་འདྲ་ཅིག་ཡིན་པ་འདུག་པ་སྙམ་པ་ཅིག་ཝལ་
ཝལ་བྱུང༌། ཡིན་ཡང་ཡིན་པ་འདུག ཧོར་ཟླ་བཅུ་པའི་ཚེས་བདུན་ལ་སྐུ་གདུང་ཞུས་འབུལ་བྱས་པ་ཡིན། དེ་སྐབས་མེ་རང་འབར་ལྟ་བུ་དང༌། ནམ་མཁའ་འཇའ་སྤྲིན་ལེགས་པོས་ཁེབས་ཤིང༌། སྟེང་ཐད་རང་ལ་འཇའ་འོད་སྒོར་མོ་སོགས་ཀུན་གྱིས་མཐོང་བ་དེ་ཡིན། འགའ་ཞིག་མེ་ཏོག་གི་ཆར་འདུག་ཀྱང་ཟེར། གང་ལྟར་ནའང་ཕྱི་ནང་གི་ལྟས་ཐམས་ཅད་ལེགས་པར་འདུག ལྷའམ་མི་མཆོག་གི་སྐྱེ་བ་བརྙེས་པར་ཐག་ཆོད། སྤུར་སྟོན་ལའང་དགེ་འདུན་གྱི་ཞབས་ཏོག་ནི་རྒྱ་ཆེ་རབ་གནང་སོང༌། བྲག་དམར་མཁན་པོ་སོགས་རང་རེའི་སློབ་མ་འགའ་ལ་ཆོས་ཐོར་ཙམ་བཤད། སྡེ་སྲིད་རང་དུ་དབང་བཀའ་རྗེས་གནང་སྔར་ཁྱུད་ལྟར་རྣམ་གྲངས་མང་ཙམ་ཕུལ། སླར་ཡང་ཡར་ཡོངས། བྱང་ཆེན་ས་མཐོ་ཞིང༌། དགུན་དུས་ཀྱི་གྲང་རེག་ཆེ་བས་འགྲོ་མི་ཐུབ་པར་བྱས་ནས། རིན་ཆེན་གླིང་དུ་ཡོངས། བྱང་ཆེན་ཚོགས་པ་སྤྱི་དང་ཡང་ཕྲད་མདོ་འཇམ་དབྱངས་ཚུལ་བཟང་པ་རང་རེའི་སློབ་མ་ཆོས་དང་མཐུན་པ་ཉམས་མྱོང་བཟང་བ་ཡིན། ན་ཚོད་ཤིན་ཏུ་མཐོ་བས། ད་རེས་མིན་པ་ཕྱིས་མི་འཕྲད་པར་གོ་བས། ཆེད་གཏད་ཁོང་དང་ཕྲད་པའི་ཕྱིར་ཡིན། ཡར་ལམ་ཤུན་ཞབས་དྲུང་གིས་ཤོག་གསུང་ནས་རོག་ཚོ་ལ་འགྲོ་རྩིས་ཡིན་ཡང༌། ཤེལ་དཀར་གྱི་ལྟག་ཙམ་དེ་ནས་ལྟས་ལོག་སྟེ། དེ་འཕྲལ་དགོངས་གྲོལ་ཞུ་མཁན་བཏང༌།
བྲེ་གོང་གི་ཐད་དེར་བྱིན་རླབས་ཞུ་མཁན་འགའ་རེ་བྱུང་བའི་བུད་མེད་ཅིག་གི་མགོ་ལ་མེ་ཏོག་དམར་པོ་ཕོར་ཆེན་ཙམ་ཞིག་འདུག དེ་ནས་དེ་གདོང་མདོག་མི་འདྲ་བ་འཕྲལ་འཕྲལ་འགྱུར་ཞིང་འགྲོ་བ་ཞིག་ཕྱི་མིག་བལྟ་ཞིང་སོང༌། ཞིང་གི་རྣམ་པར་ཞིག་ཡིན་པར་འདུག །ཕྱིས་དེ་མཐོང་མ་བྱུང༌། དེ་ནུབ་བལ་མདར་བསྙེགས། ཞབས་དྲུང་ཨོ་རྒྱན་མཚོ་མོའི་སྤྲུལ་སྐུའི་གསུང་ཤོག་དང༌། ཕྱག་གཡོག་རབ་འབྱམས་པ་རིན་ཆེན་ཆོས་གྲི་ཁར་རྐྱེན་ལམ་དུ་འདས་པའི་བསྔོ་རྟེན་སོགས་བྱུང༌། རྟག་བརྟན་དུ་ཞག་བཞི་བསྡད་ནས་དཔལ་གྱི་ཇོ་ནང་དུ་དུས་ཁྲིད་ཚུགས། དེ་ལོ་ཡང་འཁྲིད་གསར་པ་ལོ་སྔ་མ་དང་འདྲ་རུང་མང་བར་བྱུང་ཞིང༌། འཁྲིད་ལོ་ཡང་ཤིན་ཏུ་ལེགས་དེ་ནས་དུས་ཁྲིད་གྲོལ་འཕྲལ་གླང་ལོ་ཧོར་ཟླ་དང་པོའི་ནང་དུ་རྟག་བརྟན་དུ་སླེབ་པར་བྱས། ཟླ་བ་གཉིས་པའི་ཚེས་གསུམ་ནས་དཔལ་དུས་ཀྱི་འཁོར་ལོའི་ཆོས་བཙུགས་ཏེ། ཆོས་བཟང་གི་ཆོས་གྲྭར་རྡོ་རྗེ་གདན་གྱི་ཁྲི་ཐོག་ནས། རང་རེས་བརྩམས་པའི་སྒྲུབ་དཀྱིལ་གྱི་བཤད་པ་དེ་ཁའི་འཛུག་ཁྲིད་དང་མཐའ་གཅོད་དོན་བསྡུ་རྒྱས་པ་ཆོས་ཐུན་ཤིན་ཏུ་ཆེ་བ་རེ་ཚོགས་པ་བྱིངས་ལ་བཤད། ཆོས་ཐུན་དེ་གྲོལ་འཕྲལ་སྔར་སྦྱོར་དྲུག་གི་དམ་པོ་བྱེད་མྱོང་བ་བཞི་བརྒྱ་སྐོར་ལ་བཀོད་པ་མཐའ་ཡས་སུ་སྦྱོར་བ་ཡན་ལག་དྲུག་པའི་འཁྲིད་ཚུལ་ཡོངས་སུ་རྫོགས་པའི་དམིགས་པའི་ཆོས་ཐུན་ཞིབ་པོ་
རེ་ཡང་བྱས། ཆོས་ཐུན་གཉིས་པོ་དེ་ཚར་རྟིང་མ་ནས་ དགོངས་སྐྱོག་པར་ཐུབ་པ ་ཤ་སྟག་བྱུང༌། ཚུལ་དེ་ཀས་ས་གའི་སྒྲུབ་མཆོད་ཚུགས་ཀྱི་བར་ལ། མངོན་རྟོགས་ཀྱི་བཤད་པ་ཡོངས་རྫོགས་དང༌། དཀྱིལ་ཆོག་གི་ཕྱེད་ཙམ་སོང༌། དེའི་འཕྲོས་དེ་སྒྲུབ་མཆོད་གྲོལ་ནས་བྱས། དེ་མཚམས་ཕ་དྲུག་སྤ་ལུང་བའི་བླ་མ་ངག་དབང་པའི་སྐུ་སྐྱེ་བ། རྐྱེན་གློ་བུར་བ་ཆུ་ལ་ཤོར་ནས་གྲོངས། ཆོས་ཀྱི་མགོ་སྒང་ལ་ལྷུན་གྲུབ་སྒང་པ་ཉི་མ་ལགས་དང། ཁོང་ཚོའི་ས་མནའ་མ་དྲུང་མོ་འདས་པའི་རྗེས་སྒྲུབ་ཀྱི་རྣམ་གྲངས་ལ་འདིའི་དགེ་འདུན་རྣམས་ལ་རྙེད་བཀུར་བཟང་པོ་རང་བྱུང༌། བོ་དོང་སྤོ་མཐོན་པའི་བླ་མ་སྔགས་པ་ཆོས་རྗེ་ཚེ་རིང་བ་ཡང༌། སྔ་སོར་ཡུན་རིང་པོ་ནས་ན་ཚའི་རྣམ་འགྱུར་སྣ་ཚོགས་རང་ཅིག་བསྟན། དེ་སྐབས་ཁོང་མ་འཚོ་བའི་དགེ་འདུན་ལ་རྙེད་བཀུར་སོགས་ཀྱང་བྱུང༌། དེ་ནས་ཆོས་མཚམས་ཟླ་ཕྱེད་ཙམ་ཞིག་ཀ་བྱས་ནས། ཡང་སྔར་གྱི་རྒྱུན་འདུ་ཁང་དུ་ཚོགས་ཆེན་ལ། རང་རེས་སྒྲིགས་པའི་ཟུང་འཇུག་རབ་གསལ་གྱི་འཛུག་ཁྲིད་དང༌། དེར་མ་འདུས་པའི་སྤྱི་དོན་མཐའ་གཅོད་ཞིབ་བཤད་དུ་བྱས་ཤིང༌། དམ་པོ་ཞུ་མྱོང་བ་རྣམས་ལ་རྟགས་ཚད་དང་ངོ་སྤྲོད་ཕྱི་ནང་པའི་གེགས་སེལ་སོགས་མཐའ་རྒྱས་རང་ཚང་བར་བྱས། ལོ་འདི་རང་ཆོས་འཕེལ་ཞིང་བློ་སྐྱེད་ཆེ་ལ། རྣམ་གཡེང་ཆུང་བས་ཟོས་བདེ་བ་རང་རེའི་ཉམས་མྱོང་ཡང་བོགས་ཆེ་
བ་ཞིག་བྱུང༌། ལོ་འདི་ནང་དུ་ཟབ་ཡངས་ཀྱི་ཕྱེད་ཙམ་བདེ་ཡངས་ཅི་རིགས་དང་བཅས་པ། གཡུ་ལོ་དང༌། སཽ་རཥྟ་སྐོར་གྱི་ལོགས་བྲིས་འཕགས་མ་སྒྲོལ་མའི་འབུར་སྐུ་དང་བཅས་པ་བཞེངས་གྲུབ། གཙུག་ལག་ཁང་ཆེན་མོའི་པར་ཁང་སྟེང་དུ་ལྷ་ཁང་བྱས་ཏེ། རྗེ་བཙུན་འཕགས་མ་སྒྲོལ་མ་སྔོ་ལྗང་གི་གསེར་སྐུ་མི་ཚད་ཆེ་བ། རྒྱབ་ཡོལ་ཡང་གསེར་ཟངས་སོགས་ལས་སྒྲུབས། རབ་གནས་དང༌། རབ་སྟོན་སོགས་ཀྱང་དཀྱུས་བཞིན་གལ་ཆུང་ངུ་མ་སོང་བ་བྱས། སྟོན་ཁ་དཔལ་ལེགས་ལྡན་ཡེ་ཤེས་འཕྲིན་ལས་ཟུང་དུ་འཇུག་པའི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཟབ་སྐུ། སྐུ་ཚད་ཀྱང་མི་ཆུང་ཞིང་རྒྱུ་ཚོགས་ཕུན་སུམ་ཚོགས་པ་ལས་བཞེངས་ཐུབ། ལྕམ་དྲལ་གཉིས་ལ་ཟབ་སྐུ་སོ་སོར་ཡོད། འདི་ཕལ་ཆེར་གྲུབ་པའི་སྐབས། བཟོ་བོ་ཚོས་ཐོག་མཐིལ་ལ་བཀྲམ་ནས་སྒྲིག་ཚོམ་འདྲ་བྱེད་པའི་སྐབས། ནམ་མཁའ་ནས་འབྲས་བུའི་ཆར་བབས་པ། དེར་འཚོགས་ཐམས་ཅད་ཀྱི་མཐོང་འདུག རབ་གནས་བྱས་པའི་སྐབས་ཀྱང་ཤིན་ཏུ་ཟིལ་ཆེ་བའི་རྣམ་འགྱུར་བྱུང༌། དེ་དག་གི་སྔ་ཕྱིར་མགོན་པོ་ལྕམ་དྲལ་གྱི་གསེར་སྐུ་རྟ་བ་མདའ་ཚད་པ་གཉིས་ཀྱང་བཞེངས་ནས་ཨུ་ཙ་ལར་བཞུགས་པ་ཡིན། དེ་ལོ་ཟར་ཆོས་འཁོར་བདེ་ཆེན་གྱི་ལོགས་བྲིས་ཀྱང་གྲུབ། འདི་སྐབས་བསམ་འགྲུབ་རྩེ་ལ་འབོད་མི་གནང་བྱུང་བ་ལྟར་ཆུ་བྱང་ཁ་བརྒྱུད་ནས་ཕྱིན། རྩེར་སླེབ་པའི་ དགོངས་མོ་གངས་ཆེན་པོ་རི་ཀླུང་མེད་ཁྱབ་པ ་
ཅིག་བྱུང༌། དགེ་བའི་མཚན་མ་ཅིག་ཡིན་པར་ནི་འདུག ལོ་སྔ་མ་བྱི་ལོ་རྩེར་ཕྱིན་དུས། དཔལ་རབ་ཀྱི་ཡིན་འདུག་པའི་སྔགས་ཐང་ཉི་ཤུ་སྐོར་ཅིག་སྟོན་པའང་གནང༌། དེ་ཁའི་འདྲ་བཤུས་རུང་བ་རྣམས་དེ་ལུགས་དང༌། བསྒྱུར་དགོས་དང་དེ་ན་མེད་པའི་ཁ་བསྐོངས་དགོས་པ་རྣམས་ལ་བྲིས་ཡིག་ཅིག་དགོས་གསུང་པ་ལྟར་ཞིབ་པོར་བྲིས། གླང་ལོ་དེ་རྣམས་བཞེངས་པའི་ དགོངས་བརྟད་ངེས་པ ་རང་གནང་གིན་འདུག་ནའང༌། གླང་ལོའི་སྐབས་འདིར་འགོ་རྩོམ་ཙམ་ཅིག་མཛད། ཐུགས་རྟོག་བསྐུར་མཁན་བྱུང་བ་ཡིན་ནམ་ཅི་ཡིན་རུང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཙམ་བཞག་ནས། བཀའ་རྒྱུད་ཕོ་ཁྲོམ་ཚར་གཉིས་བཞེངས་པ་མཛད་འདུག ཙན་དན་སྐྱེ་ལ་ཁད་ལ་སྲེད་དེ་མར་འགྱུར་གདའ། དང་པོ་ནོར་བུ་ཁྱུང་རྩེ་བ་རྣམས་གནས་བརྟན་བཅུ་དྲུག་ལ་རྣམ་རྟོག་བྱེད་པ་དང༌། ཉང་སྟོད་གཞུང་ན་མར་ཡང་སྔགས་སྐུ་བཞེངས་ན་འཚུབ་ཡོང་ཟེར་བའི་ཁ་སྐད་ངན་པ་ཅིག་འདུག །ད་རྣ་མཆོག་ཏུ་ཁྱེར་བའི་སྔ་སོར་ནས་བོད་གོང་བ་སོགས་མང་པོའང་ཡོལ་ཐང་ཚུན་ཆོད་ལ་སྔགས་སྐུ་འདི་འཚུབ་གྲགས་པས་སྔགས་སྐུ་མེད་པ་རང་ཅིག་དགོས་ཟེར་གྱིན་འདུག དེ་འདྲའི་རིགས་ཅིག་འདི་རེས་ཀྱང་བྱུང་བ་འདྲ། སྤྱིར་གསང་སྔགས་ནང་གི་ལྷ་བཞེངས་སྐབས། སྐལ་མེད་ཁྲོམ་དུ་ཚོགས་པའི་དཀྱིལ་མིན་པ་ཅིག་ཏུ་དགོས། མཆོད་གཏོར་དང་ཚོགས་འཁོར་བྱུང་ན་དགོས་པའི་ཡན་ལག་ཡིན། གཞན་ནི་མི་འཕྲོད་པ་ཡིན་དོན་མེད། ཅིས་ཀྱང་མེད་ཀྱི་ཡོང་གིན་
ཡོད་ན། ཡང་ན་བཞེངས་མཁན་སྦྱིན་བདག་རང་དམ་ཚིག་ཉམས་པ་ཡིན། ཡང་ན་རས་ཆོག་དང་རབ་གནས་བྱེད་མཁན་གྱི་བླ་མ་དེ་རང་དམ་ཉམས་ཅིག་ཡིན་པ་ཡིན་ཡོད། སྔགས་སྐུ་བཀྲ་མི་ཤིས་ཟེར་བ་འདི་ཁོ་རང་ཚོ་སྦྱིན་བདག་ལ་དམ་ཚིག་མེད། བླ་མ་ལ་བྱིན་རླབས་མེད་པའི་ཝ་སྐད་ཤོར་བ་ལ་ཉམས་ཆེན་ཡིན་རྒྱུའི་ཁུངས་བྱས་པ་དེར་འདུག དེ་མིན་སྔགས་སྐུ་བཞེངས་ན་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། དབང་ཐང་རྒྱས་གདོན་གྱི་གནོད་པ་ཞི། དགྲ་ཐུལ། ཕུགས་སངས་རྒྱས་ཐོབ། སྐུ་གཞན་ལས་ཕན་ཡོན་བརྒྱ་འགྱུར་གྱི་ཆེ་བ་ལགས་མོད། ལར་ད་ལྟ་བསྟན་པ་ཤིན་ཏུ་ཉམས་པའི་དུས་ཡིན། ཐེག་པ་གཞན་རྣམས་ཐོས་བསམ་གྱི་གོ་བ་དང་བག་ཆགས་འཇོག་པ་ཙམ་ཡིན། ལག་ལེན་མིག་ལྟོས་དང༌། སྒྲིགས་བཀོད་པ་དགོས་པ་ཙམ་དང༌། བློ་ཆོས་ལ་བསྐུལ་བྱེད་སོགས་ལམ་གྱི་ཡན་ལག་དང་སྤྱོད་པའི་ཚུལ་ལ་གལ་ཆེ་མོད། གསང་སྔགས་དང་མ་འབྲེལ་ན། དེ་དག་གིས་ཆོས་གནད་དུ་འགྲོ་བ་ཅིག་ཀྱང་མི་ཡོང༌། གསང་སྔགས་མི་བྱེད་ན་སྒྲོལ་མ་དང་མཚན་བརྗོད་ཀྱང་མ་འདོན། མ་ཎི་ཡང་མ་བགྲོང༌། གཏོར་མ་བཏང་ནས་ཀྱང་ཅི་བྱེད། ཚེ་དབང་ཡང་མ་ཞུ། མདོས་གཏོར་རྒྱག་རིམ་གྲོ་སོགས་བྱས་ནས་ཀྱང་ཅི་ཕན། སྲུང་བ་སྲུང་མདུད་སོགས་བཏགས་ནས་ཀྱང་གང་བྱེད། ཁྱེད་ཚོ་ལ་གསང་སྔགས་ཀྱི་དྲ་དྲི་དགོས་རྒྱུ་མིན་པ་ལ། དེ་ཚོ་གསང་སྔགས་ཀྱི་དུམ་བུ་རྐྱང་པ་ཡིན་པ། འོ་བླ་མའི་གསོལ་འདེབས་བྱ་
བ་དེ་ཡང་གསང་སྔགས་པ་ཁོ་ན་ལ་དགོས་པ་ཡིན། ཡི་དམ་བསྒོམ་བཟླས་དང༌། ཆོས་སྐྱོང་སྲུང་མ་བསྟེན་ཟེར་བ་དེ་ཡང་གསང་སྔགས་ཁོ་ན་ལ་ཡོད་བ་ཡིན། ནོར་ལྷ་བསྟེན་ཟེར་བ་དེ་ཡང་གསང་སྔགས་པ་ཁོ་ན་ནས་ཡོད་བ་ཡིན། ཚེ་སྒྲུབ་ཟེར་བ་དེ་ཡང་གསང་སྔགས་འབའ་ཞིག་ཡིན། མདོ་རྐྱང་པ་ལ་དེ་འདྲའི་སྒྲོས་མི་ཡོང༌། སྦྲུ་སྦྲུ་སྦྲུ། དོན་ལ་འདི་ལྟར་ཡིན་ཏེ། སྔགས་སྐུར་རབ་གནས་ཅན་བྱུང་ན། ནག་ཕྱོགས་ཀྱི་འདྲེ་རྣམས་སྐྲག་ཅིང་འཇིགས་པ་སྐྱེ། ཀླ་ཀློ་སོགས་ནག་ཕྱོགས་ཀྱི་མཐའ་དམག་ཀྱང་བཟློག་པ་ཡིན། གློ་བོ་ལོ་ཙཱ་བས་རྗེ་ས་སྐྱ་པཎྜི་ཏ་ལ་དྲི་བ་ཕུལ་བའི་དྲི་ལན་གྱི་ཡི་གེ་དེ་ལ་ལྟོས། དེ་ངས་བརྩམས་པ་མིན། དེ་ཙ་ན་སྔགས་སྐུ་བཞེངས་ཀྱི་དོགས་ནས་འདི་ལ་འཚུབ་ཡོང་ངོ་ཞེས་གདུག་འདྲེས་བསྒྲགས་པའི་གཏམ་དེ། མི་བསོད་ཟད་རྣམས་ཀྱི་སྙིང་ལ་འབབས་པ་དེར་འདུག ཆ་ཅིག་ཏུ་ན་སྔགས་སྐུའི་སྐོར་འདི་ཙམ་འགངས་ཆུང༌། སྔོན་གྱི་སྒྲུབ་རྒྱུད་རྣམས་ཉམས་ནས། ད་བཤད་རྒྱུད་དུ་འགྲོ་བའི་དུས་ཡིན་ཟེར་བྱུང་ལ་ངོ་སོ་བྱེད་ཀྱིན་འདུག བྱུང་ན་སྒྲུབ་རྒྱུད་རང་དགོས་ཏེ་བཤད་རྒྱུད་དུ་འགྱུར་ཕྱིན་ཆད་ལ། གསང་སྔགས་ཀྱི་ཉན་བཤད་དུ་སོང་ན་གྲག་སྟེ། སྔགས་པའི་ཉན་བཤད་ཀྱི་མཐའ་དེ་སྒྲུབ་པ་ལ་རང་ཤུགས་ཀྱིས་རེག་འགྲོ་བའི་ཕྱིར་རོ་ཐེག་ཆེན་མདོ་ལུགས་ཀྱི་ཉན་བཤད་རྐྱང་པ་ལ་སོང་ན། སྔོན་དུས་མདོ་ལུགས་ཀྱི་སྒྲུབ་གྲྭ་མ་ཉམས་པའི་
དུས་ཡིན་ན་ཏ་ཉན་བཤད་ཀྱི་མཐའ་སྒྲུབ་པ་རུ་འགྲོ་བས་གྲག་སྟེ། དེང་སང་དེའི་སྒྲུབ་རྒྱུད་ཆད། ཡང་ཐེག་ཆེན་གྱི་སྒྲུབ་རྒྱུད་ཐེག་དམན་གྱི་ཉན་བཤད་དུ་སོང་ན་ནི་ཇི་ལྟར་ཡིན་རིགས་པས་དཔྱོད། དེ་ཚོའང་ཆོས་ཡིན་པས་རེ་ཞིག་ཕར་ཞོག་ལ་བརྗོད་གླིང་བོར། རྟོག་གེ་སོགས་ཕྱིའི་རིག་གནས་ལ་བཙལ་དུ་བཏོན་པ་དེ། འདི་རྣམས་ཆོས་རང་ཅིག་ཡིན་རྒྱུ་ཡན་མེད། དེ་འདྲ་ལ་བཤད་རྒྱུ་དང་ལུང་གི་དུས་ཀྱི་ཐ་སྙད་ཀྱང་ཡི་རང་མི་ཡོང༌། དེ་རྣམས་ཆོས་ཀྱི་བསམ་པས་ཟིན་ན་ཆོས་ཡིན་སྙམ་ན། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཏ། ལྟོ་ཟ་བ་ཡང་ཆོས་སུ་འགྲོ་བ་ཅིག་ཏ་ཡོད་དེ། ལར་གྱི་ལྟོ་ཟ་བ་ཆོས་ཡིན་པ་འདུག་གེ བྱང་ཆུབ་ཀྱི་སེམས་བྱ་བ་སྒྲ་བོ་ཆེ་ཅིག་གདའ་བ་དེ་ནི། དུས་དེང་སང་ཡུལ་གང་ན་མ་སུ་ལ་ཡོད་ཡིན། མཐོང་ནི་གང་ནའང་མ་མཐོང༌། ཡོད་ནི་ཡོད་ཡོང༌། དུས་དེང་སང་བྱིན་རླབས་སམ། ཏིང་ངེ་འཛིན་ནམ། ནུས་མཐུ་ཕན་ཡོན་འདྲ་ཆེན་པོ་ཏ་སུ་ལའང་མི་འདུག་སྟེ། གང་ཡོད་ཚད་ནི་གསང་སྔགས་ཁོ་ནའི་སྐུ་དྲིན་ཡིན། གཞན་ཚོའི་དྲོད་ཡལ་ནས་ད་ཡུན་རིངས་སོང༌། འགའ་ཞིག་ན་རེ། རང་རེ་ཚོ་གསང་སྔགས་ཀྱི་སྣོད་ཡིན་པ་ཀོགདེ་ལས་འདི་ཙམ་བརླིང་ཟེར་ཏེ། དེ་ལྟ་ཀོག་སྟེ། དེ་ལས་ཀྱང་མདོ་ལུགས་ཐེག་ཆེན་དང༌། རང་རྒྱལ་དང༌། ཉན་ཐོས་ཀྱི་ཆོས་ཚུན་ཆོད་ཀྱི་སྣོད་ཡིན་པ་ཡང་ཤིན་ཏུ་
དཀའ། རྒྱུ་མཚན་ནི་དེང་སང་དཔེ་མེད་ཡིན་པའི་ཁུངས་བྱས་པ་ཚོ་ཡང༌། ཉན་ཐོས་ཀྱི་སྡོམ་པ་རགས་རིམ་རེ་ལའང་གནས་མི་ཐུབ་པའི་ཕྱིར་རོ། །དེས་ན་ཆོས་དེ་ཆེད་དུ་གསུངས་པའི་གདུལ་བྱའི་དབང་དུ་བྱས་ན། དེང་སང་གི་མི་རྣམས་ཕལ་ཆེར་མདོ་སྔགས་གང་གི་ཡང་སྣོད་མ་ཡིན། ཐེག་པ་གསུམ་པོ་གང་གི་ཡང་གདུལ་བྱ་མ་ཡིན་མོད། ཐོས་པ་ཙམ་གྱིས་སྐལ་བ་ཡོད་པའི་དབང་དུ་བྱས་ནས་བག་ཆགས་འཇོག་པ་ལ་ཐམས་ཅད་ཀྱི་སྣོད་དུ་རུང་ཙམ་ཡོད་པས་སྔགས་ཀྱིའང་ཡིན། ད་ལྟ་ཡོད་པའི་ཆོས་རྣམས་ལ་ལྟོས་ན། གསང་སྔགས་ཀྱི་ཆོས་ཀྱིས་བག་ཆགས་ཁྱད་པར་ཅན་འཇོག་ནུས། ཆོས་གཞན་རྣམས་དེང་སང་ནུས་པ་ཆུང༌། ཏིང་ངེ་འཛིན་དང་བྱིན་རླབས་ཀྱི་རྟགས་མཚན་ཡང༌། སྔགས་ལ་ད་ལྟའང་ཅུང་ཟད་ཙམ་ཡོད་གཞན་ཚོ་ལ་མི་གདའ་བ། བསྟན་པའི་སྲོག་རྩ་གསང་སྔགས་ལ་ཐུག་ཀྱང་འདི་ལ་གལ་ཆུང་བྱེད་པ་ནི། བདུད་རིགས་ཀྱི་འདྲེ་རྣམས་ཀྱིས་མགོ་སྐོར་ཆེན་པོ་རང་བཏང་བ་ཞིག་སྟེ། སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྒྱུ་མཐར་ཐུག་པ་ཡིན་ནོ། །དེ་ཡིན་པའི་སེམས་ཅན་ཀྱི་བདེ་སྐྱིད་ཚང་མ་ཉམས་པའི་རྒྱུའོ། །ཡང་སྒྲ་ཚད་ལ་བསླབས་པའི་མཐར་ཐུག་ཕྱག་ཆེན་ལ་སྐྱེལ་བ་ཡིན་ཟེར། ཕྱག་ཆེན་དེ་ཆོས་ནས་གསུངས་པ་དེ་ལ་ཟེར་བ་དེ་ཡིན་ན་ནི་ཁྱོད་ཀྱི་
ཟེར་རིགས་འདི་ཁྱི་ལུད་འབད་པས་བསྡུས་ནས་གསེར་སྐུ་བཞེངས་ཟེར་བ་དང་འདྲ། ཆོས་ནས་གསུངས་པ་དེ་མིན་ན་གང་དགའ་ཅི་དགར་ཟད། འོན་ཀྱང་ཡོང་སྟེ་མི་ཡོང་ཐ་སྙད་འབའ་ཞིག་ལ་རྟོག་དཔྱོད་བྱས་པས། མ་བཅོས་སོ་མ་ཡོང་ན། ཤར་ཕྱོགས་སུ་བོང་བ་ཕྱེ་མར་བརྡུངས་པས། ནུབ་ཕྱོགས་སུ་རྡོ་རྡོག་པོ་ཡོང་བར་ཐལ་བར་འགྱུར་རོ། །གཞན་ཡང་གོང་མ་ཀུན་ལེགས་པ་སྨྱོ་བའི་ཁ་རྗེས་འབྲངས་ཏེ། ཕྱག་ཆེན་དང་ཀ་མ་ལ་ཤཱི་ལའི་ལུགས་གཅིག་ཟེར་བ་སོགས་རྒྱལ་པོ་དམངས་སུ་འབེབས་པ་མང་པོ་འདུག་སྟེ། ཀཱ་ཤིའི་ལུགས་དང་གཅིག་པ་ལ་ཧ་ལས་རྒྱུ་ཡེ་མེད། གཅིག་པའང་རྟགས་མ་གྲུབ། དེ་ཚོ་འདིར་བྲ་ག་ལ་ལང་ངོ༌། །འདི་སྐབས་གསང་ཕུ་ནས་གླིང་སྟོད་ཞབས་དྲུང་གིས། ངེད་ལ་ཐུགས་གཏོད་པ་མཛད་པའི་སྙེ་ཐང་བདེ་བ་ཅན་གྱི་ཆོས་སྡེ་དང༌། ཆོས་རྫོང་ཆ་ལག་དང་བཅས་པ་ངེད་ལ་སྦྱོར་བ་མཛད། ཞབས་དྲུང་རང་སྐུ་བཞུགས་ཀྱི་བར་ཁོང་རང་གིས་མཛད་དགོས་ཞུས་པ་ལྟར་མཛད། སྡེ་སྲིད་ནས་རྒྱབ་གནོན་སྦྱོར་འཇགས་ཀྱང་གནང༌། གླིང་སྟོད་རིན་པོ་ཆེ་འདི། གྲྭ་ས་ཐུབ་བསྟན་རྣམ་རྒྱལ་བ་ཡིན། ངེད་དང་མཇལ་མ་མྱོང་ཡང༌། མ་འདྲིས་པའི་མཛའ་བཤེས་སུ་གྱུར། རང་དང་སྔ་སོར་ནས་འབྲེལ་བ་དང༌། གྲྭ་རིགས་གྲོགས་མཆེད་མང་པོ་ཞིག་ནི་དྲི་ལོག་སྟེ་སྡོད་པར་འདུག་སྟེ། ཁོ་རང་ཚོ་མ་ཕུད་ན་ངེད་རང་སྐད་རྒྱག་གིན་འགྲོ་བ་ལ་
ཁྱད་ཙམ་མི་གདའོ། །རང་གིས་སྨྲས་པའི་ལྟ་གྲུབ་མི་འཛིན། གཞན་གྱི་ཆོས་སྐད་རྐྱང་བ་ཁ་ལ་འཁྱེར། རྙེད་བཀུར་དང་བཟའ་རྒྱུ་བྱུང་ན་སློབ་མ་ཡིན་ཟེར་བས་འདུ་ཞིང་རྗེས་ལ་འབྲང༌། ཁག་ངན་འཁུར་དགོས་དང་དཀའ་ལས་ཡོང་གྲབས་འདུག་ན་འཁོར་མི་ཐེབས། ཆོས་རང་ལ་ཞུས་ནས་མོས་གུས་གཞན་ལ་སྒོམ་ཞེན་གཞན་ལ་མཐེན་པའི་འབྱུང་པོ་དགེ་བཤེས་ཀྱི་རིགས་དེ་མ་འཁོར་བ་རང་དགའ་བ་འདུག་གོ །བཀའ་བརྒྱུད་པ་སྔ་མ་ཚོའི་གསུང་ལས། ལར་བརྒྱུད་པ་མི་འཛིན་པའི་སློབ་མ་མི་ཆེན་རང་སྟོང་ཕྲག་ཅིག་ལས། བརྒྱུད་པ་འཛིན་དེར་ཤེས་པའི་སློབ་མ་སྤྲང་པོ་ཅིག་ཀྱང་དགའ། ཐུན་མོང་བ་བརྒྱ་ལས། ཐུན་མོང་མིན་པ་ཅིག་དགའ། བརྒྱུད་པ་ཟིན་ངེས་ཡོད་ན་གཅིག་ལས་མི་ཡོང་ཀྱང༌། དེའི་ཕྱིར་དུ་ཚོགས་པ་སྐྱོང་རིན་ཆོག་གསུང་བ་ཅིག་འདུག་པ། བཀའ་རྒྱུད་པའི་སྒོམ་ཆེན་གོང་མ་འདི་ཚོ་ཐུགས་ལྷུས་ཐིང་པའི་གསུང་བགྲོས་གཏན་ཚིགས་ཅན་རང་ཡིན་པ་འདུག ངས་དྲན་པའི་དུས་ན་ཀ་རྗེ་གྲོལ་མཆོག་ལ་ཆོས་ཀྱི་བཀའ་དྲིན་དཔག་ཏུ་མེད་པ་ཐོབ་པ་དེ་འདྲ་འགའ་རེ་འདུག་པ་ཚོ་ཁ་ནས་མོས་མོས་འདྲ་ཡང༌། སྙིང་ནས་གཞན་ལུགས་ཁོ་ན་ལ་ཞེན་འཐེན། རྗེ་བཙུན་རང་གི་གདན་སའམ་ཐུན་མོང་མ་ཡིན་པའི་བུ་ཆེན་གྲྭ་རིགས་བསྟན་པའི་སར་རྒྱུ་ནོར་ལྟ་ཅི་སྨོས་ཁ་ཕན་ཚིག་ཕན་ཙམ་ཡང་ལར་ནས་མི་བྱེད་པ་དེ་འདྲ་ཀ་གདའ། འདི་ལ་འུ་ཅག་གིས་ཀྱང་ངེས་ཤེས་རང་ཅིག་རྙེད་བྱུང་ངོ༌། །འདི་སྐབས་བྲག་དམར་མཁན་པོ་ལ་སྦྱོང་རྒྱུད་ཀྱི་སྐོར་རྣམས་འཛུག་ཁྲིད་ཅིག་བཤད།
སྡེ་སྲིད་དུ་ཡང་སྔར་འཁྱུད་ལྟར་གྱི་དབང་བཀའ་རྗེས་གནང་ཐོར་བུ་པ་རྣམ་གྲངས་མང་བ་དང༌། ཁྱད་པར་དུ་ཐར་པའི་དགེ་འདུན་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་དགོས་རྒྱུར་སྡེ་སྲིད་ནས་ཀྱང་བཀའ་བཀོད་ཕེབས་བྱུང་བ། ཐོག་མར་སྡེ་སྲིད་རང་གི་དབང་བསྐུར་ཡོངས་རྫོགས་གསན། དེ་ནས་ཐར་པ་བ་ཐམས་ཅད་དང༌། དཔོན་རིས་འགའ་ཤས་སོགས་གཞན་ཡང་ཅི་རིགས་བསྣན་པས་ཉིས་བརྒྱ་སྐོར་ལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་བྱས། བརྒྱད་སྟོང་པ་བརྒྱ་ཚར། བཀའ་འགྱུར་ཚར་གསུམ་ཙམ། སྐུ་རིམ་ཐང་ག་མང་རབ་དང་བཅས་པ་ལ་དཀྱིལ་འཁོར་དེ་ཁའི་སྟེང་ནས་རབ་གནས་ཀྱང་བྱས། འཇག་པ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་པའི་སྐུ་སྐྱེ་ཡང་ངོས་འཛིན་བྱས། ཆོས་སྒོར་ཞུགས་པའི་དེ་དུས་ནས་ཡར་རྟག་བརྟན་དུ་ཕེབས་པ་ཡིན། དེ་ལོ་སོག་པོ་ཐུབ་པ་ཐལ་ཆི་ལྷ་སར་སླེབ་སྐབས་ཡིན་པས། སོག་པོའི་རིགས་སྡེ་པ་ལ་མཇལ་མཁན་མང་པོ་འདུག སྟོད་སྐོར་ཆོས་རྗེ་ཚོ་གཉིས་ཡོད་འདུག་པའི། གཅིག་གི་ཉེ་གནས་དབོན་པོ་ཟེར་བ་ཅིག་ངེད་ལའང་འཕྲད་དུ་བྱུང༌། རང་རེའི་གྲྭ་རིགས་སོག་ཡུལ་ལ་ཕྱིན་པ་བསོད་ནམས་དབང་ཕྱུག་དང༌། ཇོ་ནང་པ་རང་གི་གྲྭ་རིགས་ཁམས་པ་འདྲ་ཡང་འབྱོར། ལོ་འདིའི་སྔ་མ་དང་ལོ་འདི་གཉིས་ཀར་ལ་སེར་ཚོགས་ཉི་མ་གསུམ་པ་རེ་མཛད་ཀྱིན་འདུག དེ་སྐབས་སེར་ཚོགས་འདི་མ་བབས་སྤྱི་རིམ་ཡིན་ཀྱང༌། ར་ལུང་པའི་བྱང་ཁ་བཟློག་ཕྱིར་ཡིན་པས། རང་རེས་
བཟློག་པའི་དམིགས་པ་བྱེད་དགོས་གསུང་བ་ཆེད་བརྟད་རབ་བརྟན་པ་སོགས་གསུང་སྐྱོར་མཁན་རེ་བྱུང༌། སེམས་ལ་ནི་དགོས་པ་ཅི་ཡིན་ནམ་སྙམ་པ་བྱུང༌། ར་ལུང་བའི་བྱད་ཁ་དེ་ཙམ་རང་ཅང་མེད་དམ་ཟེར་བ་རེ་ཞུས། འདི་སྐབས་ཡར་ཡོང་དུ་ཉེ་བ་ན། རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་པ་རྩེན་མའི་བྱིན་རླབས་ཅིག་འབུལ་རྒྱུའི་སྒྲུབ་མཆོད་འཛུགས་གྲབས་ལ། སིནྡྷུ་རའི་དཀྱིལ་འཁོར་སྡིབ་ནས་ནང་མཆོད་ཀྱིས་བཀྲུས་པ་འདྲ་བ་ཅིག་བྱུང༌། དང་པོ་སྨན་ཐང་བློ་བཟང་པ་ལའང་དེ་འདྲ་ཅིག་བྱུང་བ་འཚུབ་ཆར་མངོན་ཙམ་འདུག་ཅིང༌། འདི་ཡང་ཅུང་ཟད་དེ་འདྲ་ཡིན་པར་སེམས། ཡར་ལམ་ཡང་བྱང་ཁ་ལ་ཀ་ཡོངས། བོན་པོ་ཆལ་ཐང་ནས་མཁའ་རུའི་བར་དུ་རླུང་འཚུབ་མི་བཟད་བ་རང་བྱུང༌། དེ་ནུབ་ཁམས་ཀྱང་མ་བདེ་དེའི་ལྟས་ནི་འཕྲལ་དུ་ཤར། དེ་རེས་རྟག་བརྟན་དུ་ཞག་གསུམ་ཙམ་བསྡད་ནས། བཅུ་གཉིས་པའི་ཟླ་བ་དཀར་བ་ལ་རི་ཁྲོད་ཆེན་པོའི་དུས་ཆོས་ཚུགས་པ་ཙམ་བྱས། གླང་ལོའི་ནང་དེར་གྲོ་ཁོར་དཔོན་དྲུང་ཕྱོགས་ནས་གཞན་བསྐུལ་བའི་བསམ་ངན་མཐུ་གཏད་སོགས་བྱས་པའི་ལྟས་འགའ་རེ་བྱུང་བས། རྩེར་འགྲོ་གོང་སྦྱིན་སྲེག་སོགས་ཕྱིར་བཟློག་འགའ་ཞིག་བྱས། ཕར་བཟློག་པའི་རྟགས་སྐབས་འདིར་མངོན་སུམ་དུ་གྲུབ། ཁོང་གི་བུ་ཚ་ཉག་ཉོག་རྣམས་ཉལ་གྱིས་སོང་ལོ་འདི་ལའང་ཁྲིད་གསར་སྔར་ཁྱུད་ལྟར་མང་བ་དང༌། བླ་མ་སློབ་དཔོན་གྲག་པ་འགའ་རེས་ཀྱང་ཁྲིད་ཞུས། དེ་ནས་སྟག་ལོ་གསར། དེ་རྗེས་མི་རིང་བར་ཐོབ་རྒྱལ་ནས་ལྕམ་གཏིང་སྐྱེས་ན་བཞུགས་
མཁན་དེ་ཡང་གློ་བུར་དུ་གཤེགས། ཡིན་ནི་བྲག་དཀར་མགོན་པོའི་བཀའ་ཆད་རང་ཡིན་པ་འདུག་མ་ཕྱོགས་ཀྱི་རྒྱལ་ཞུད་ཡིན་ཟེར་བ་ཅིག་ཀྱང་འདུག་སྟེ། ཕ་མ་དང༌། བུ་དང༌། བླ་མའི་ཕྱོགས་ནས་སྲོག་འཕྲོག་མཁན་བྱུང་ན་དེ་ཀ་ཤིན་ཏུ་ཕུང་འདུག གང་ནའངགཏིང་སྐྱེས་ནས་ངེད་ལ་འབོད་མཁན་གནང་བྱུང་ནའང་འགྲོ་ནི་མ་ཐུབ། འདི་ཁའི་དགོན་ཡར་མར་དུ་དགོངས་རྫོགས་ཀྱི་སྐུ་སྐལ་སོགས་ཕྱིས་སྐྱེལ་བ་མཛད་བྱུང༌། སྐབས་འདི་དག་ཏུ་རང་རེའི་དགེ་སྦྱོར་འཆར་ཚུལ་ལ་བོགས་ཀྱི་ཆ་ནི་ཆེར་འཕེལ་བ་ཞིག་བྱུང༌། དེ་ཡང་འདིར་སྨྲས་པ། སྣ་ཚོགས་གཟུགས་དང་སྣ་ཚོགས་སྒྲ། །སྣ་ཚོགས་དྲི་དང་སྣ་ཚོགས་རོ། །སྣ་ཚོགས་རེག་བྱ་སྣ་ཚོགས་ཆོས། དེ་དག་རང་གཟུགས་ལྷན་ཅིག་སྐྱེས། འདི་ལྟར་ནཱ་གཱ་སཾ་པནྣཱ། །བསྟན་ཡོད་ལྷན་སྐྱེས་དང་པོར་ཤར། །རང་གཟུགས་ལྷན་སྐྱེས་གཉིས་པ་ཡིན། །དེས་མཚོན་མཐོང་བྱ་ཀུན་ཡང་རིག །འདིར་ནི་གཟུགས་ལ་མཚོན་པ་སྟེ། །གཟུགས་ནས་རྣམ་མཁྱེན་བར་གྱི་ནི། ཆོས་རྣམས་ཐམས་ཅད་དེ་དང་འདྲ། །སྐྱོ་མེད་གནས་ན་ས་རྡོ་མེད། །ཚུལ་འདི་གསལ་བར་རིག་པ་ཡང༌། །བར་དུ་དགེ་བའི་མཚན་མ་ཡིན། །སྣ་ཚོགས་རྡོ་རྗེ་ཡེ་ཤེས་རིམ། །སེམས་ལ་དམིགས་པའང་འདི་ཡིན་ནོ། །ཟུང་འཇུག་ཐོབ་ཅེས་འུད་གོག་མི་འཐག་སྟེ། །རྡོ་རྗེ་འཆང་ནི་ཀུན་ལ་ཁྱབ་པར་བཞུགས། །རྫུན་མེད་ངེས་ཅན་ཡིན་ན་འདིས་ཀྱང་ཆོག །འདྲ་རུང་སྒྲོ་
འདོགས་ཙམ་ལ་སྙིང་པོ་ཅི། །ཅེས་སོ། །འདི་སྐབས་མཚན་མོའི་མ་དུས་སུ་དམིགས་པ་བརྟད་རེས་ཀྱི་རླུང་ཨ་ཝ་དྷཱུ་ཏིར་འགགས་པའི་རྟགས་ཀྱང་འཆར་ཞིང༌། གཏུམ་མོའི་འབར་སྣང་གིས་འཁོར་ལོ་རྣམས་འཁོར་བ་དང༌། རྩ་གནས་ཐམས་ཅད་གཡོ་ཞིང་མི་ཤིགས་པའི་འོད་ཟེར་ཀུན་ཏུ་ཁྱབ་པའི་བདེ་ཉམས་དང་བཅས་པ། སྟོང་པའི་སྒྲ་སྣ་ཚོགས་པའི་འཆར་ཚུལ་ལ། ཐོག་རོལ་མོའམ་གླུ་དབྱངས་ལ་སོགས་པར་སྣང་བ་དེ། འཇུག་ཏུ་ཚིག་དོན་ཅན་གྱི་སྒྲ་སྣ་ཚོགས་སུ་འགྱུར་བ་ཞག་རེ་བཞིན་རྟག་པར་འོང་བ་ཟླ་ཤས་བྱུང༌། ཇི་ཞིག་ལྟར་ནས་སྣང་བ་དེ་ཡང་གཞན་དུ་གྱུར། དེ་ཡངརང་བཞིན་འཕོ་འགྱུར་མེད་པ་ལ། སྣང་ཆ་འཕོ་འགྱུར་ལྟར་འཆར་བ་འདི། ས་སྟེང་ནས་ཟླ་བ་འཕེལ་འགྲིབ་ལ་ལྟས་པ་དང་འདྲའོ། །ཞེས་བཤད་པ་དེར་འདུག རྒྱུད་གཞུང་རྣམས་ལས་རྡོ་བྲག་སྐུད་པའི་དཔེ་དང༌། དངུལ་ཆུའི་དཔེ་དང༌། རོ་མཆོག་བཏུང་བ་སྦྱར་བ་ཡི། ཞེས་སོགས་དཔེའི་ཡེ་ཤེས་ལས་དོན་གྱི་ཡེ་ཤེས་ངོ་འཕྲོད་ཅིང་གསལ་བར་རྟོག་ཚུལ་ཅིག་གསུངས་འདུག་པ་དེ་ལ། ད་ལྟ་ཐམས་ཅད་ལ་གོ་བ་ཐུན་མོངས་སུ་འཆར་ཚུལ་ཅིག་འདུག་པ། འདི་འདྲས་ཕྱོགས་སུ་མི་འགྲོ་བའི་གོ་བ་འཆར་ཚུལ་དང་ངེས་ཤེས་ཅིག་ཀྱང་སྐྱེས། སྔར་རྒྱ་བོད་འདི་ན་གསང་སྔགས་ལ་མང་དུ་ཐོས་པའི་དཔྱོད་ལྡན་རྣམས། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་ཆོས་སྐད་དང༌། སེམས་འགྲེལ་སྐོར་གསུམ་གྱི་ཆོས་
སྐད་འགལ་ལོ་སྙམ་པ་དེ་ཕལ་ཆེར་ལ་སྣང༌། དེའི་ནང་ནས་ལ་ལ་མི་འདྲ་བ་ཐད་སོར་འཇོག་ཟེར། ལ་ལ་ཅིག་ དགོངས་པ ་ཅན་དང༌། ཅིག་ཤོས་ངེས་དོན་དུ་འདོད། ཁ་ཅིག་བསྐྱེད་རིམ་སྔོན་དུ་འགྲོ་བར་ དགོངས་པ ་ཅིག་ཟེར། ཁ་ཅིག་ཟབ་གསལ་དབྱེར་མེད་ལ་ དགོངས་པ ་ཅིག་ཟེར་ཏེ། སྐབས་གཞན་ཚོ་ལ་འགལ་སྤོང་བྱེད་རྒྱུ་མེད་ཀྱང་ཡོད་མ་དག་གི་ཟོག་འཇོག་བྱེད་པར་འདུག་གོ །བདག་གིས་ནི་སྔར་ནས་ཀྱང་འགལ་མེད་དུ་གོ་མོད་ཀྱི། སྐབས་འདིར་ཉམས་ཅིག་ལ། གྲོལ་ཐིག་གི་དམིགས་པ་རྣམས་གསལ་སྣང་ཤར་བ་ཅིག་གིས་རྐྱེན་བྱས་ནས་འཇམ་དཔལ་ཞལ་ལུང་དང་སེམས་འགྲེལ་སྐོར་གསུམ་ དགོངས་པ ་གཅིག་པ་ལ་བློ་གྲོས་ནམ་ལངས་པ་དང་ཉི་མ་ཤར་བ་འདྲ་བ་ཅིག་སྐྱེས་སོ། །སྒོམ་པ་ལས་བྱུང་བའི་ཤེས་རབ་བག་ཙམ་ཡིན་པར་བྱེད་ལགས། ཁ་ཤོབ་རང་སོང་ཤས་ཆེ་སྟེ། ང་ལ་ནི་ཤོབ་འདི་ཡིན་གཏན་ཚིགས་ཅན་འདི་ཡིན་བྱ་བ་མེད་པར་ཐམས་ཅད་མཉམ་ཁད་དེ་བུད་པ་འདི་བྱུང་ནས་ཡུན་རིང་སོང་ངོ༌། །རྡོ་རྗེ་གཞོན་ནུའི་དཀྱིལ་ཆོག་འཁྱེར་བདེ་བ་བརྒྱུད་པ་ཀུན་འདུས་ཞིག་དང༌། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་དང༌། དམ་ཚིག་གསུམ་བཀོད་ཀྱི་དཀྱིལ་ཆོག་རྣམས་བརྩམས། རྟག་བརྟན་དུ་ཆོས་ཐན་ཐུན་འདྲ་ཡང་བཤད། བྱང་སྟག་ལུང་དུ་རྗེ་རིན་པོ་ཆེ་ངག་དབང་རྣམ་རྒྱལ་གླང་ལོའི་སྟོན་ཙམ་ན་སྐུ་ལྟེམས། ཡིན་ནི་ཆོས་པ་ནང་གི་ཆགས་སྡང་ལ་
རྟེན་པའི་གསོལ་ཟས་ངན་པའི་རིགས་ཅིག་རང་ཡིན་འདུག སྨན་པ་རྣམས་ནི་གསལ་བོར་མི་སྨྲ་བའི་རིབ་སེ་བ་བྱེད་དེ། གནོང་ལ་ཕོག་ནས་དབང་པོ་ཆེས་ཙར་བྱས་དོགས་སུ་འདུག བར་སྐབས་དེར་འདི་ཚོར་ཡང་བཀའ་ཤོག་གསུང་འཕྲོད་ཡང་ཡང་གནང་བྱུང༌། སྐུ་རིམ་དང་བརྟན་བཞུགས་སོགས་ཀྱི་རྟེན་འབྲེལ་ཡང་འགའ་རེ་བྱས་མོད། ཞག་ཤས་རེ་ཕན་པའི་ངོ་ཅུང་ཟད་རེ་མ་གཏོགས་ཕུགས་ཕན་པ་རང་མ་བྱུང༌། སྐུ་རིམ་རྟེན་འབྲེལ་གྱི་ཁྱད་པར་འགའ་ཞིག་ནི་ཐུགས་སུ་མ་བདེ་དོགས་སྙན་དུ་འབུལ་ཡང་མ་ནུས། གང་ལྟར་ནའང་སྐྱེས་བུ་དམ་པ་བསྟན་པའི་རྩ་ལག་ཁྱད་པར་ཅན་དེ། བསྙུང་ཡུན་རིངས་བའི་མཐར། སྐབས་དེར་ཞབས་པད་མ་བརྟན་པར། ཡོན་མཆོད་ཞལ་བཞུགས་རྣམས་ཀྱིས་ངེད་ལ་འབོད་མི་བཀའ་ནན་ཅན་ཕེབས་བྱུང་ནའང་རང་རེ་སྔ་སོར་རྟ་ལུག་མཚམས་སུ་ན་བ་ནས་བཟུང༌། ལུས་སྟོབས་ཇེ་ངན་ཇེ་ངན་དུ་ཐལ་བའི་ཐག་རིང་འགྲོ་བའི་ནུས་པ་མི་འདུག་པ་དང༌། ཨ་མ་དྲུང་ཡང་འདི་ཕྱོགས་བཞུགས་པ་བགྲེས་ཤིང་སྐུ་གཅོང་བ། བསྙུང་གཞི་དྲག་པོ་དེ་འདྲའང་ཡང་ཡང་ཐོག་བབས་ཡོང་པ་ཅིག་འདུག་པས། བསམ་རྩེ་ཙམ་དུ་འགྲོ་བ་ལ་ཡང་ཁ་མེད་མ་གཏོགས། བློ་ཤིན་ཏུ་འཚབ་པ་ཅིག་ཡོང་གིན་ཡོད། ཁོང་རྣམས་ཀྱང་མ་ཕྱོགས་ནས་ཐོན་པའང་འགྱངས། ལམ་དུའང་འགོར་ཆེས། ཅི་སྟེ་ངེད་འགྲོ་བར་ཤར་ཡང༌། ལུས་ངན་པས་
འགྲུལ་ཐག་རིང་བ་ནད་ན་ནི་ན་ཡོང་བ་ཞིག་ཡིན་པས། སྐུ་ཚིགས་ཁོངས་སུ་སླེབ་པའི་རེ་བ་མི་འདུག ལྟས་ཅིག་ཀྱང་མ་ཆུག་ནས། སྤྱིར་གལ་ཆེ་ཞིང༌། སྒོས་སུ་བླ་མའི་ཕྱི་ཡིན་ཡང༌། །རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ནི་ཚིག་གིས་སྦྱངས། །ཞེས་གསུངས་པ་དེ་བྱེད་དགོས་པར་བྱུང༌། ཁོང་ཚོ་ལོག་འགྲོ་བ་དང་ལྷན་དུ། མ་ཕྱོགས་སུ་མཆོད་འབུལ་ཞབས་ཏོག་གང་དྲག་འབུལ་མཁན་ཆེད་བསྟན་བརྫངས། ཡར་ཡང་ཐུགས་དམ་གསལ་འདེབས་ཀྱི་རྟེན་གནང་བྱུང༌། དེ་ནས་རྟག་བརྟན་གྱི་ཚོགས་པར་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དང༌། གཏུམ་པོ་ལྷ་མང་གི་དབང་བསྐུར་ཞིག་བྱས། འཁོར་ལོ་ཆེན་པོའི་རྒྱ་གཞུང་བཅོ་བརྒྱད་སོགས་ཀྱི་ལུང་དང༌། བསྐྱེད་རྫོགས་ཀྱི་འཁྲིད་རྙིང་པ་སྲུང་བ་བཞི་ལྡན་དང༌། རྣལ་འབྱོར་བཞི་ལྡན་དེ་བཤད། རང་རེའི་ཐེག་མཆོག་དབུ་མའི་གཞུང་གི་ལེའུ་ལྔ་པའི་ཕྱེད་ཡན་ཙམ་གྱི་ཞིབ་བཤད་བྱས། འདི་སྐབས་སྔ་ཕྱིར་ལྷུན་གྲུབ་སྒང་པ་ཚོར་སྡཻ་པས་བཀའ་སྐྱོན་བྱུང་བ་དང༌། དེ་རྗེས་གོང་དཀར་ཞབས་དྲུང་སྣེ་གདོང་རྩེར་ཕེབས་པའི་སྐབས་སོགས་ཡིན། སོས་ཀ་དེ་དགོས་ཕྱེད་གང་ཡིན་ནི་མི་ཤེས། བསམ་འགྲུབ་རྩེ་ནས་འབོད་མི་ཞིག་ཀྱང་གནང་བྱུང་སྟེ། སྤྱི་བབས་བདེ་འགྲོས་རང་དུ་འདུག་ཅིང༌། བྱ་བྱེད་འདི་དགོས་ཀྱང་ཅང་མི་འདུག ལོ་དུས་ཀྱི་དབང་ཆོས་ནི་མ་རན། ཆོས་ཀྱི་སྒང་རང་དུ་སོང་བས། དེ་
རེས་དགོངས་གྲོལ་ཞུས། བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་མི་ཚད་མི་ཆུང་ཙམ་རྒྱབ་ཡོལ་དང་བཅས་པའི་གསེར་སྐུ་བཞེངས་གྲུབ་ཅིང༌། གཟུགས་བཞུགས་འབུལ་བའི་ཉིན་ཡང༌། ཆར་ཅུང་ཟད་བབས། རབ་གནས་ནང་མ་བྱས་པའི་ དགོངས་ཆར་ཤིན་ཏུ་ཆེ་བ་བྱུང༌། རབ་གནས་དགའ་སྟོན་སྔར་འཁྱུད་ལྟར་སྒྲུབས་པ ་ལ་ཡང་ཆར་ཆེན་པོ་བབས། སོས་ཆར་དཀོན་དཀོན་འདྲ་བའི་དུས་ལ་དེ་རྣམས་བྱུང་བས་ཚེ་དཔག་མེད་བདུད་རྩིའི་ཆར་འབེབས་སུ་མཚན་གསོལ། ད་ལྟའང་སྐུ་ཁྲུས་ཕུལ་ན་ཆར་འབེབས་པ་ལ་བསྔགས་པར་ཡོད་པ་འདི་ཡིན། ཧོར་ཟླ་དྲུག་པའི་ཚེས་ཉི་ཤུ་ལ། ཨ་མ་དྲུང་ཤིན་ཏུ་བསྙུང་པས། ཆོས་འཕྲོ་བཞག་ནས་རི་ཁྲོད་དུ་ཕྱིན། མུན་ཚབ་ཚུབ་ལ་སླེབ། དེའི་ཉིན་མོ་ཤིན་ཏུ་བསྙུང་བ་ལ། ད་ལྟ་རང་ཚོགས་མཆོད་ཅིག་གྱིས་གསུང་བ་དང་གངས་རི་དཀར་པོས་བསྐོར་བའི་ཡུལ་སྐྱིད་པོ་ཅིག་ན། གདན་འདྲེན་པ་ཡིན་ཟེར་བའི་མི་དཀར་པོ་གསུམ་བྱུང་འབྱོན་པའི་གྲབས་ཡོད་པ་ལ། བཞུགས་ཟེར་མཁན་ཅིག་བྱུང་ནས། གསུམ་པོ་དེ་ནས་དེ་རིང་ཕེབས་མི་ཐུབ་པ་འདུག གནངས་བཞེས་ཅིག་གདན་འདྲེན་ལ་ཡོང་ཟེར་བ་མནལ་ལམ་མ་ཡིན་པར་གསལ་སྣང་དགོས་སུ་བྱུང་འདུག ངས་སླེབ་དུས་ཐོག་མ་རང་ངོ་ཡང་མི་མཁྱེན་པ་ལྟར་འདུག་ཀྱང༌། དེ་འཕྲལ་ལ་ཐུགས་རིག་དྭངས་སུ་སོང༌། ངོ་མཁྱེན་ནས་གསུང་གླེང་འདྲ་ཡང་མཛད་བྱུང༌། བསྙུང་བའི་རྐྱེན་གྲིབ་ཡིན་པ་འདྲ་བས། དེའི་སང་
ནས་སྐུ་ཁྲུས་ཚེ་དབང་གཏོར་དབང་སོགས་རིམ་ཅན་དུ་ཕུལ། སྐུ་ཁམས་སྐྱེད་ལེགས་པོ་བྱུང༌། སྔ་སོར་བསྙུང་ཚབས་ཆེས་པས་ཟླ་གཅིག་སྐོར་ནི་འཕྲོས་དེ་ཀ་བསྙུང༌། དེ་རྗེས་བདེ་བར་བྱུང༌། དེ་དུས་སྡེ་སྲིད་དུ་ཇ་འདྲེན་ལ་སྡེ་པ་བསྟན་པའི་རྒྱལ་མཚན་བཏང༌། ཡང་དགོང་གཏད་གང་ཡིན་ཡང༌། དོན་ལྷག་པོ་ཅང་མེད་པ་ལ། དཔལ་དེ་ནས་འབོད་མི་ལ་གནང་བྱུང་སྟེ། ཨ་མ་ལགས་བསྙུང་བ་རང་དང་ཐུག་པས་འགྲོ་ནི་མ་ཐུབ། འདི་སྐབས་ཀྱང་ཆོས་ལུང་བྱང་རྩེ་ལ་འགྲོ་འདོད་ཅིག་ཡོད་དེ་བཤོལ་དགོས་པར་བྱུང༌། དབྱར་སྨད་རི་ཁྲོད་ཆེན་པོའི་ལྷ་ཁང་བདེ་བ་ཅན་ལ་ཞིག་གསོས་ཅུང་ཟད་དང༌། དམ་ཆོས་གླིང་དུ་ཉི་འོད་དང་རབ་གསལ་ཅིག་བརྩིགས། ཡང་འདི་སྐབས་སྔ་སོར་ཆུང་ཆུང་གི་དུས་སུ་རྟག་བརྟན་གྱི་ཟུར་རྡོ་ཆེ་ཤོས་ཏེ་སྐྱེལ་མཁན་ཡིན་པ་འདུག འདིར་ཆོས་བྱས་ནས་ལོ་གཉིས་ཙམ་ལོན་པ་ཞིང་གི་མཁའ་འགྲོ་མ་ཡིན་ལཱ་མ་རྣལ་འབྱོར་མའི་རིགས་ངེས་པའི་རྟགས་མཚན་ཅན་ཅིགགསོན་པོའི་དུས་སུ་མི་གཞན་གྱི་ངོ་མ་ཤེས། སྐབས་འདིའི་སྔོན་ཙམ་ལ་སྤྱོད་པ་མ་ལེགས་ཟེར་ནས་དགོན་པའི་ལས་ཚན་ཚོས་གནས་ནས་སྐྲོད་པའི་རྩིས་དང་ཆད་པ་འདྲ་ཡང་བྱས། དེས་རྟེན་འབྲེལ་འཆུགས་ནས། ཧོར་ཟླ་བདུན་པའི་ཆོས་བཅུ་གཉིས་ལ་གློ་བུར་དུ་འདས། མཁའ་འགྲོ་ལྷ་སྲིན་རྣམས་འཁྲུགས་པའི་འཚུབ་ཤིན་ཏུ་ཆེ་བ་བྱུང༌། དེ་ཁ་ལ་བཞག་ན་ཕུ་མདའ་གཉིས་སུ་གོད་ཆེན་
པོ་འོང་བར་འདུག་ནས། དེའི་སེལ་སྦྱངས་ལ་བཟླས་བརྗོད་དང་མཆོད་གཏོར་མང་པོ་ཞག་བདུན་གྱི་རིང་ལ་བྱས་པས་འཇམ་ཉལ་གྱིས་སོང་ནས། ཕྱི་ཀྱང་འཚུབ་ཆ་ཅི་རིགས་བྱུང་ངོ༌། །སྟོན་ཀའང་བསམ་འགྲུབ་རྩེ་ནས་འབོད་མཁན་གནང་བྱུང་བ་ལྟར་རིམ་པས་ལམ་དུ་ཞུགས་ཏེ་ཕྱིན། སྣར་ཐང་གི་གདོང་དེར་ཤིང་ཐོག་སྟེར་མཁན་མང་དུ་བྱུང༌། དེ་རྗེས་སྡེ་སྲིད་དུ་སྔར་འཁྱུད་ལྟར་གྱི་དབང་བཀའ་རྗེས་གནང་རྐྱེན་སེལ་གྱི་རིགས་རྣམས་མང་དུ་བྱས། སྒང་ཆེན་པ་རྒན་པོ་སོགས་བཙོན་དོང་དུ་ཆུག་པ་ཚོ་ལ་ཕན་འདོགས་འདྲ་ཞུ་རྩིས་སྙན་དུ་ཕུལ་ཏེ་དོན་མཐོང་རིས་མན་པ་འདུག རྒྱུད་སྡེ་སྤྱིའི་རྣམ་གཞག་ཐུང་ཙམ་ཞིག་གཏོང་ཆོས་སུ་ངག་ནས་སྤར། དེ་ཡི་གེར་འགོད་པ་གནང་བ་འདུས་ལ་ལེགས་པ་ཅིག་བྱུང༌། དེ་སྐབས་ཡོངས་པའི་ལག་རྗེས་དེ་ཁ་ཙམ་དུ་འདུག ངེད་ལ་ཏ་འགྲོ་དོན་ནུས་པའི་སྐྱེས་བུའི་ཐ་སྙད་མེད་དེ། སྐྱེས་བུ་དམ་པ་ཕེབས་ན་སྐྱ་སེར་ག་འདྲ་ཅིག་ལ་ཡང་ཆོས་ཀྱི་རྗེས་འཇོག་ཐུབ་པ་ཅིག་དགོས་པ་ཡིན། ཆོས་ཀྱི་རྗེས་ཟེར་བ་དེ་ག་འདྲ་ཅིག་ཡོད་སྙམ་ན། ཡང་ན་སྦྱིན་གཏོང་ལ་འགོད། ཡང་ན་རྟེན་གསུམ་བཞེངས་ཤིང་མཆོད་པ་བྱེད་པ་ལ་འགོད། ཡང་ན་སྡོམ་པ་བསྲུང་བ་ལ་འགོད། ཡང་ན་ཤེས་རབ་འཕེལ་བ་ལ་འགོད། ཡང་ན་བཟླས་བསྒོམ་དང་མོས་པ་སྨོན་ལམ་རྗེས་སུ་ཡི་རང་སོགས་ལ་འགོད་པ་ཅིག་དགོས་པ་ཅིག་ཡིན། བླ་མ་བྱོན་ཤུལ་དུ་འཇིག་རྟེན་པ་རྣམས་དགེ་ལ་
དཀར་ཐིང་གིས་སོང༌། རབ་བྱུང་རྣམས་ཆོས་ལ་འདུན་པ་ཆེ་ཐིང་གིས་སོང༌། སྐྱ་སེར་ཐམས་ཅད་རྒྱུད་འཇམ་ཐིང་གིས་འགྲོ། སྔར་མ་གོ་བ་འདྲ་ཁྲ་གསལ་གྱིས་གོ་བ་འདུག་ན། སྐྱེས་བུ་དམ་པ་ཡིན་པའི་རྟགས་ཡིན། བླ་མ་བྱོན་ཤུལ་དུ་མི་ནག་པ་རྣམས་ཀྱང་དད་པ་ཆུང་ངུ་སོང༌། ཆོས་པ་ཚོ་ཡང་ནོར་ལ་ཞེ་འདོད་ཆེར་སོང༌། ཚོང་དང་སྤུས་བསྒྱུར་སོགས་ཁྱེ་ཕོགས་ཀྱི་དུས་འདའ། ཆགས་སྡང་རྨོངས་གསུམ་གྱི་ངག་འཁྱལ་འཕེལ། ཆོས་ཀྱི་སྐད་ཆག་སྐྱ་སེར་ཐམས་ཅད་འདོད་ཆགས་རྒྱས། ཞེ་སྡང་འཕེལ་རུང་ཞིང་ཕྲག་དོག་ཏུ་ཀ་སོང༌། གང་ལ་འང་རྩི་འཇོག་ཆུང་སྡིག་པ་ལ་ཉམས་མི་ང་བར་འགྲོ་ཡིན་འདུག་ན། བདུད་རང་ཡིན་པ་ཡིན་ཏེ་གཅིག་ཏུ་ན་བདུད་སྡིག་ཅན་པས་ཀྱང་ཐུ། བདུད་ཀྱིས་ཆོས་ལ་བར་ཆད་བྱེད་ཀྱང༌། འཇིག་རྟེན་ལུགས་རང་ལ་ཕན་ཅི་རིགས་པ་ཡང་འདོགས་པར་འདུག ཅིག་ཤོས་འདིས་ནི་འདི་ཕྱི་ཐམས་ཅད་དུ་སྡུག་བསྔལ་འབའ་ཞིག་རང་སྡུག་གཞན་སྡུག་འདིར་སྡུག་ཕྱི་མར་སྡུག་ལ་གཏོད་པར་འདུག་སྟེ། ཡང་སྐྱ་སེར་སྐལ་མེད་ལས་ཟད་མ་རུང་བ་ཁྱུ་ཅིག་ཡོང་གིན་འདུག་པ་ལ་དེ་ཁ་མཁོ་ཡང་མཁོ། གཙང་པ་རྒྱ་རས་པའི་ཞལ་ན་རེ། ལས་ངན་སློབ་མ་སྡིག་པོ་ཆེ། མཚན་ལྡན་བླ་མ་མི་བསྟེན་པར། ཟས་ནོར་སྟེར་གྱི་རྗེས་སུ་འབྲང༌། ཟོག་པོ་ཅིག་དང་ཕྲད་པ་སྙིང་རེ་ཚིམས། ཞེས་གསུངས་པ་དེ་ཁར་འདུག སྔོན་བོད་ཀྱི་རྒྱལ་པོ་
འཁོར་བཅས་སྔར་སྡིག་ཤས་ཆེན་པོ་དེ། མཁན་པོ་བོ་དྷི་ས་ཏྭ་སྤྱན་དྲངས་ནས་དགེ་བ་ལ་དཀར་སང་གིས་བཏང་བ་ཡིན། དཀོན་མཆོག་གསུམ་ལ་འཇོགས་ཆེ་ཏིང་གིས་སོང་བ་ཡིན། རྒྱ་ནག་སོགས་ཡུལ་གཞན་དུ་བོད་ཀྱི་དམག་དྲངས་པ་ལའང༌། ལྷ་ཁང་དང་དགེ་འདུན་ལ་གནོད་པ་དང་ཅི་ཡང་མེད་པར་མ་ཟད། སྐྱབས་བཅོལ་བ་ཐམས་ཅད་ཐུག་འཇོགས་ཆེ་བའི་དྲུང་དུ་འོང་མི་ནུས་ཤིང༌། རྒྱང་ནས་ཕྱག་མཆོད་བྱེད་འབུལ་བ་བསྐུར་བ་ཡིན་པར་འདུག ལི་ཡུལ་གྱི་ལོ་རྒྱུས་ལ་ལྟོས་ཤིགརྒྱལ་པོ་ཁྲི་སྲོང་ལྡེ་བཙན་འབངས་དང་བཅས་པ་ལ་ཤེར་ཕྱིན་འབུམ་ལ་སོགས་པ་བཤད་པས། རང་རང་གི་བློ་གྲོས་དང་མཚམས་པའི་ཤེས་རབ་ཆེན་པོ་སྐྱེས་ཏེ། རྒྱལ་པོས་འབུམ་གྱིས་འགྲེལ་པ་དང༌། བཀའ་ཡང་དག་པའི་ཚད་མ་ལ་སོགས་བསྟན་བཅོས་ཆེས་བཟང་བ་མང་པོ་བརྩམས། སྐྱེས་བུ་དམ་པ་བསྟེན་པའི་ལག་རྗེས་དེ་འདྲ་གཅིག་དགོས་པ་ཡིན། མཁན་པོ་བོ་དྷི་྄ས་ཏྭས་བོད་ཀྱི་རྒྱལ་པོ་དང་རྒྱ་གར་རྒྱལ་པོ་གཉེན་ཚན་སྒྲིག་པ་མ་བྱས། སྲིད་ཕྱོགས་སྒྲིགས་ནས་དམག་བྱུས་ལ་ཕན་པ་བྱས་པའི་བགྲོས་མི་གདའ། ཆོས་དང་གང་ཡང་མ་འབྲེལ་བ་ལ་དྲིན་ཆེ་བ་ཙམ་གྱིས་སྐྱབས་གནས་སུ་མི་བཏུབ། དྲིན་དང་ཕ་མ་གཉིས་ཆེ་སྟེ་སྐྱེས་བུ་དམ་པའི་གྲངས་སུ་མི་ཆུད། ཨ་ཕའི་ཆོས་ལུགས་སྐྱོང་ངམ། ཨ་མའི་ཆོས་ལུགས་སྐྱོང་ཡིན། ཆོས་མེད་པ་ལ་ཆོས་
ལུགས་གང་སྐྱོང༌། སྙིང་ཉེ་བ་ཏ་བཟའ་མི་ཉེ་སྟེ། བླ་མའི་རིགས་སུ་ག་ལ་འགྱུར། དོན་གྱི་སྙིང་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གསུང་ལས། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། ཞེས་གསུངས་པ་ལ་ཐམས་ཅད་ཚངས་འདུག་པ་ཤེས་ལྡན་རྣམས་ཀྱིས་དཔྱོད་ཅིག །ཡང་སྨྲས་པ། ལེགས་ལམ་ཐམས་ཅད་ཀྱི་འབྱུང་གནས། དམ་པའི་ཆོས་ལས་གཞན་དུ་མེད། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་གསང་སྔགས་ལ་གཞོལ་བ་ཡིན། སྔགས་ཀྱི་རྩ་བ་བླ་མའི་མོས་གུས་ཡིན། མོས་གུས་ལ་གཡོ་ཟོལ་མེད་པ་ཅིག་དགོས་ཏེ་དགོས་ངེས་རང་ཤེས་པ་ཅིག་ཡིན་ཀྱང༌། འཇིག་རྟེན་པ་ཚོ་ལ་ལྟ་ཅི་སྨོས། དེང་སང་གི་ཆོས་པ་ལའང་དཀའ་བར་གདའ། འོན་ཀྱང་རྩ་བའི་བླ་མའི་བཀའ་དང་མ་འགལ་ཞིང༌། ཐུགས་སུན་མ་ཕྱུང་བ་ཅིག་མེད་པའི་ཐབས་མེད་པ་ཡིན། ང་རང་གིས་ནི་བླ་མ་ལ་སྡིག་མ་བསགས་སོ་བྱས་པ་ཅིག་པོས་མི་ཆོགརྩ་བའི་བླ་མ་དེ་ལ་མ་དད་པའི་མི་གཞན་གཅིག་དང་རང་སྙིང་ཉེ་བར་བྱས་ན་ཡང་རང་གི་དམ་ཚིག་ཉམས་འགྲོ་བར་བཤད། རྩ་བའི་བླ་མ་ལ་ཕྱི་མི་བཅོལ་གཞན་ལ་ནང་མི་འཆོལ་བ་དེ་ཀ་གཡོ་ཟོལ་དམ་ཉམས་ཡིན་ནོ། །འོ་ན་ཐོག་མར་བླ་མ་མ་བཅོལ་གོང་དུ་བརྟག་དགོས་པ་ལ། བླ་མ་ཅི་འདྲ་ཞིག་དགོས་སྙམ་ན། བླ་མའི་
མཚན་ཉིད་མདོ་སྔགས་ནས་གྲངས་མེད་བཤད་དེ་འདིར་བྲི་བར་ག་ནས་ལང༌། དུས་དེང་སང་རང་གི་དབང་དུ་བྱས་ན་ཐམས་ཅད་ལ་རྒྱུད་པ་དང་ལྡན་པ་དགོས་པ་གཞིར་བཞགསོ་ཐར་གྱི་རབ་བྱུང་དགེ་སློང་ལེན་ན་རྩ་བ་བཞི་མ་གོས། གཞན་སྡིག་པ་གྲགས་ཆེན་མ་བྱས། འཕྲལ་ཉིན་ཞག་ཕྲུག་ཅིག་གི་ཀུན་སྤྱོད་ལེགས་པ། འདུལ་བ་རགས་རིམ་ཙམ་དང་ཆོ་ག་ལ་མཁས་པ་ཅིག་དགོས། སེམས་བསྐྱེད་ཀྱི་བླ་མ་དེ། རྒྱུད་འཇམ་པ་ཐེག་ཆེན་ལ་གོ་བ་རགས་རིམ་ཡོད་པ། སྡིག་པ་གྲགས་ཆེན་མ་བྱས་པ། ཆོ་ག་ལ་མཁས་པ་དེ་ཡིན། སྔགས་ཆོས་ཞུ་ན་བླ་མ་དང་མཆེད་གྲོགས་ལ་དམ་མ་ཉམས་པ། ཡི་དམ་ལྷ་ལ་དད་པ། བསྙེན་སོགས་གྲུབ་པའི་བྱིན་རླབས་ཅུང་ཟད་ཡོད་པ། སྔགས་ཀྱི་གོ་བ་རགས་རིམ་ཡོད་ཅིང༌། ཆོ་ག་ལ་མཁས་པ། སྡིག་པ་ཆེན་པོ་མིན་པ་ཅིག་དགོས་པ་ཡིན། རིགས་རུས་ལ་ཁྱད་མེད་མི་བྱིངས་ཀྱི་བླ་མ་དེ་ཀས་རུང༌། རྒྱལ་པོ་སོགས་མི་ཆེན་ལ་ནི་དེ་ཚོའི་སྟེང་དུ། རྒྱུད་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། ཞེས་དང༌། ལྷ་ཁང་ལ་སོགས་རབ་གནས་པ། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་ཏུ་ནི་གསུམ་གནས་ན། ཁྱིམ་པ་རྡོ་རྗེ་འཛིན་པས་མིན། །ཞེས་རྟགས་མངོན་གྱུར་གྱི་གྲུབ་ཐོབ་ཡིན་ན་མ་གཏོགས། རྡོ་རྗེ་འཛིན་པའི་རིགས་རབ་བྱུང་
ཡོད་བཞིན་དུ། ཁྱིམ་པས་རྒྱལ་པོའི་བླ་མ་དང་རབ་གནས་བྱེད་དུ་མི་རུང༌། བསྟན་པ་ལ་གནོད། བཀྲ་མི་ཤིས། རབ་བྱུང་གི་རྟགས་མེད་པའི་ཨ་ཝ་དྷཱུ་ཏི་ཡང་ཁྱིམ་པ་དང་འདྲ་ཡང༌། གང་ཞིག་ཁྱིམ་པ་བསྟི་གནས་སྤྱོད། །གཡོག་པོ་ཞིང་པ་ཚོང་པ་དང༌། །དམ་ཆོས་འཚོང་བའི་རྨོངས་པ་དེ། །ས་ལ་རྡོ་རྗེ་འཛིན་པ་མིན་ཞེས་དང༌། རྒྱུད་གཞན་ལས་ཀྱང༌། རྨོངས་པ་ལ་མིན་མུ་སྟེགས་ཅན་ལ་མིན། །རྒྱལ་པོ་ལ་མིན་གཞོན་ནུ་རྣམས་ལ་མིན། །མ་ནིང་ལ་མིན་རྒན་པོ་རྣམས་ལ་མིན། །གཅིག་ཏུ་རྟོག་གེ་ལ་དགའ་རྣམས་ལ་མིན། །བྱང་ཆུབ་སེམས་ནི་བུ་ལ་མ་ཡིན་ཏེ། །སྤྱོད་པ་ཉམས་པས་ཉེ་དུ་རྣམས་ལ་མིན། །ལུས་ངག་ཡིད་ཀྱི་རྡོ་རྗེ་སྦྱོང་བྱེད་པ། །ཉན་ཐོས་རྣམས་ལའང་སྦྱིན་པར་བྱ་བ་མིན། །ཞེས་སློབ་མའི་སྐབས་སུ་གསུངས་པ་ཚུར་སློག་པས་སློབ་དཔོན་ལ་ཡང་གོ་བ་ཡིན། ཁྱིམ་པ་བསྟི་གནས་ལ་སྤྱོད་པ་ནི་གནས་གཞིས་དཀོར་རང༌། ཟ་བའི་བུད་མེད་ཅན་ལ་ཟེར། བརྒྱུད་འཛིན་གྱི་བླ་ཆེན་ཡིན་གདུང་བརྒྱུད་པ་ཡིན་ཟེར་བ་ཚོ་རང་བཟོབས། ཚེ་སྟོད་ཕལ་ཆེར་ཞིང་པ་དང༌། ཚོང་པ་བྱས་པ་དང༌། བྲན་གཡོག་རྒྱུགས་པ་དང༌། རྒྱལ་པོའི་ནང་གཟན་དྲུང་འཁོར་རྒན་བུ་ལ་ཡོན་ཏན་ཡོད་དུ་ཆུག་ཀྱང་རྒྱལ་པོའི་བླ་མ་བྱུང་ན་བསྟན་པ་ཉམས་པ་ཡིན། ཇི་སྐད་དུ། དང་པོར་རྒྱལ་པོའི་མངག་གཞུག་པ་ཕྱིས་རྒྱལ་པོའི་བླ་མར་འགྱུར་
བ་དང༌། ཞེས་ལུངབསྟན་ངན་པ་མཛད་ཡོད། རྒྱལ་པོ་ལ་མིན་ཞེས་པའང་དེ་ཡིན། བླ་མར་གྱུར་པ་ཕལ་བུ་ཡང་མོས་གུས་དང༌། སྤྱོད་ལམ་རྣམ་དག་མི་འབྱུང་བ་ཤེས་ཆེ་བ་ལ་ དགོངས་ནས་ཕ་བུའི་དཔོན་སློབ་བཀག བོད་འདིར་སྔོན་བུ་ཡང་ཕ་རྡོ་རྗེ་འཛིན་པ ་ལ་དད་མོས་ཅན་བྱུང་བས་རྒྱུད་པ་རབས་སུ་སྔགས་པ་བཟང་པོ་བྱུང༌། ཕྱིས་དེ་མེད་པས་ཟོམ་ཟོམ་བརྐྱང་ཡོད་པ་འདི་ཡིན། ཉེ་དུ་སློབ་མར་མི་བྱ་གསུངས་པས་ཉེ་དུའི་བླ་མར་ཡང་བཀག་སྟེ། རྒྱལ་པོའི་ཉེ་དུས་རྒྱལ་པོ་ལ་དབང་མི་བསྐུར་བར་བཤད། དེང་སང་སྡེ་དཔོན་གྱི་བླ་མ་ལ་གཉེན་ཚན་དང་ནང་གཟན་ཡིན་པ་དེ་ལ་ཡིད་ཆེས་བློ་ཐུབ་ནང་གཙང་ཡིན་ཟེར་གཅིག་ལས་མཐོང་ཆེ་སྟེ། ཆོས་ཀྱི་བཤད་ཚོད་དང་འགལ་བ་ཡིན། ལར་དུས་མཐའ་ལ་སླེབ་བླ་མ་དང་སློབ་མའི་འབྲེལ་པ་ཐམས་ཅད་ཀྱང་ལད་ཟློས་ཙམ་རྩེད་མོ་ཙམ་གཟུགས་བརྙན་ཙམ་དུ་སོང་ཕྱིན་དཔྱད་པ་ཡང་ཨེ་འཇུག་ཏ་མི་ཤེས། འདིར་འདི་འདྲ་ཞིག་ཞེས་བརྡ་སྤྲད་པ་ཙམ་ཡིན། ཁོག་ཏུ་གཡོ་རྒྱུ་འཚངས་ཁ་ནས་སྤྲབ་ལག་གི་གྲ་སྒྲིགས་ནས་རྒྱལ་ཁམས་ཡངས་མོར་གཏོང༌། བོང་པག་ལ་གསེར་མཐོང་བྱེད། ནོར་ཐལ་ཁུང་དུ་འཕང་བའི་སྐབས་སུ་འདུག་པས་སྤང་བླང་བྱེད་མཁན་ཏ་ག་ནས་ཡོད། བདེན་གཏམ་ལ་བདེན་བསམ་པ་སྐྱེ་བ་ཡང་མི་ཡོང་བར་འདུག་སྟེ། ངས་ནི་ཁྱི་ལུད་དེ་འདྲ་ནོར་བུ་རང་ཤིན་ཏུ་ཡིན་པ་གདའ་ལགས་
ཧ་ཡི་ཕ་ཕ་ཟེར་བ་མཁས་འཇུག་ཀྱག་ཁྲམ་དེ་འདྲ་སྔར་ཡང་བྱེད་མ་མྱོང༌། ད་ཡང་མི་བྱེད། གཏམ་དྲང་ཐལ་ལེ་སྨྲ་མཁན་དེ་ཡིན། རི་གཟར་གྱི་རྦབ་ལྟར་འཕོག་ཐུག་མང་སེ་བ་ཅིག་ཡོང་སྟེ། འཕོག་ཐུག་བྱུང་བ་ཚོ་རང་འཕོག་ཐུག་ཡོང་སར་བཞུགས་པས་ལན། ཡོང་སར་བཞུགས་མཁན་རང་མི་ཡོང༌། སྐྱེན་ཐམས་ཅད་ཤི་གསང་རོགས་གསང་བྱེད། མ་ལེགས་པ་བྱུང་ཚད་མི་ཤོད་པའི་ཁ་སྒྲིགས་བྱེད་པ་དེ་ཡག་པོད་འདུག་པས་ཏེ། ཁྲོམ་ལ་གྲགས་རྒྱལ་བཏོན་པ་ཚོ་རང་གསང་པ་ལ་དགོས་པ་ཅིག་ཡོད་ཡོད་མི་འདྲ། འདི་འདྲའི་སྲོལ་ཅིག་ངས་དྲན་ནས་ཀྱང་དང་པོ་རང་མང་པོ་མེད། ཕྱིས་རང་སྲོལ་འདི་དོད་བྱུང་ངོ༌། །ཀྱག་གཏད་མེད་པའི་སྲིད་པ་ལ། །རློམ་སེམས་བྱེད་མཁན་ཚོ་རང་འཁྲུལ། །ལྟག་ཆུང་སྒྱེད་སྒྱེད་གར་གར་མོ། ཁྱི་ལོད་སྐྱུག་མེར་རྒོད་རེ་བྲོ། །ཧ་ཧ་འཁོར་བ་འབྱུང་རེ་ཆུང༌། །ཧི་ཧི་ཆོས་ཉིད་གཏིང་རེ་ཟབ། །ཧཱུཾ་ཧཱུཾ་རྣམ་རྟོག་ཡེ་ནས་དག །ཧོ་ཧོ་འཆར་སྒོ་ཟད་པ་མེད། །ད་ནི་དཀྱུས་ལ་འཇུག་སྟེ། དེ་རྗེས་སུ་དབུ་མ་རིན་ཆེན་འཕྲེང་བའི་གཞུང་གི་སྐབས་སྐབས་སུ་འཛུག་ཁྲིད་ཅི་རིགས་པའང་ཕུལ། མར་ཡུལ་བདག་པོ་འཇམ་དབྱངས་རྣམ་རྒྱལ་གྱི་སྲས་སྐུ་གཞོན་ཤོས་འདི་འབྲུག་པ་དང་དགེ་ལྡན་པ་རྩོད་གཞི་ཅན་དུ་སོང་བས། ལོ་ཤས་ནི་བསམ་འགྲུབ་རྩེར་བུ་གཏེ་ལ་བཞུགས། འདི་སྐབས་ངེད་ལ་རབ་བྱུང་མཛད།
ད་ལྟ་དཔལ་ཐར་པ་གླིང་ན་བཞུགས་པ་ཡིན། སྐབས་འདིར་ཡར་རྒྱབ་ལྕམ་ཞལ་བུ་ནས་མི་ནོར་ས་ཆ་དབང་རིགས་དང་བཅས་པ་ཐམས་ཅད་འབྲང་ཕུ་གཟིམས་ཁང་ནས་དབཽན་པོ་ཀུན་དགའ་བསྟན་པ་ལ་བརྒྱུད་བཅས་སུ་སྦྱོར་འཇགས་གནང༌། ཡར་ཀླུང་གི་དགོན་པ་ཆོས་ལུང་རབ་བརྟན་ལ་ཡང་ཁོང་རང་ཚོས་འདོད་མོས་དང་མཐུན་པའི་མཆོད་གཞིས་ཅུང་ཟད་ཙམ་བསྟན་པ་ནམ་གནས་པར་གནང་བའི་སྐབས་ཡིན། ཐར་པའི་གྲྭ་པ་རྣམས་ངེད་ལ་འཕྲད་པར་བྱུང་བའི་ཆོས་འབྲེལ་དུ། རྡོ་རྗེ་ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་ཀྱི་བྱིན་རླབས་དེ་བྱས་དུས། ཤེར་དབང་གི་དུས་སློབ་མའི་གནས་གསུམ་དུ་སིནྡྷུ་རའི་ཐིག་ལེ་བྱེད་སྐབས། གྲྭ་པ་ལྔ་བཅུ་ཙམ་ལ་སོང་བའི་མཚམས་ནས། སྲིན་ལག་གཡོན་པ་ནས་ཁྲག་རང་རྡོལ་དུ་བྱུང་བ་ཀུན་ལ་གསལ་བ་དེ་ཡིན། ཕག་མོའི་བྱིན་རླབས་ལ་སྔར་དེ་འདྲ་བྱུང་བའི་ཁ་སྐད་ནི་མི་གདའ། བདེ་མཆོག་ནག་པོ་ལུགས་ལ་ཅི་རིགས་བྱུང་འདུག་པས་དེ་དང་རིགས་འདྲ་བར་སེམས། དེ་ནས་ཡར་ཡོང་དུས་སྐྱེལ་མའི་སར་སྡེ་སྲིད་ཕེབས་སྒོ་ལ། མི་མང་འདི་ཐམས་ཅད་ར་ལུང་བ་ལ་མོས་པའི་སྟབས། སྡེ་པ་དང་འབྲུག་པ་ལུགས་ལེགས་མཛད་དགོས་འདྲ། སྤྱིར་མི་དམངས་ལ་ངེས་པ་མི་འདུག་ཀྱང༌། རེས་འགའ་སྟབས་སུ་གཏོང་དགོས་ཅིག་ཀྱང་ཡོང་གིན་འདུག སྔར་ལུགས་མ་ལེགས་པ་ལ་རྟོག་པ་བསྐུར་མཁན་ཡང་མང་པོ་ཡོང་
གིན་འདུག ཆ་ཅིག་ནས་རྣམ་རྟོག་རང་མི་དགོས་པ་འདུག་ཀྱང༌། རྣམ་གྲངས་མང་པོ་རང་གིས་གླེང་ཙ་ན། རྟོག་དཔྱད་ཕྲན་བུ་ཡོང་གིན་འདུག་པས་ཇི་ལྟར་ལེགས་གྲོས་འདྲི་ཚུལ་དུ་ཕེབས་ཀྱིན་འདུག གསུང་ལན་དུ། ར་ལུང་བ་དང་ལུགས་ལེགས་བྱུང་ན་ལོས་ཀྱང་དགའ། ཆུ་ཐགས་སོགས་ས་ཆ་ཐན་ཐུན་སྡོམ་པ་གནང་འདུག་པ་དེ་དགོས་པ་རང་ཆུང་བར་འདུག་པས་ཀློད་པ་རང་དགའ་མོད་ཞུས། ལོ་སྔ་མ་གཉིས་སེར་སོགས་གི་སྐབས་གསུང་ཕེབས་པ་དེ་དེའི་སྔོན་འགྲོ་ཡིན་པར་འདུག དེ་འདྲའི་ནང་མི་གཙང་དགོས་པ་ཏ་མིན། ཁོ་བོ་ཅག་ནི་ཆོས་པའི་སྡེ་ཚན་སུ་དང་སུ་ལའང་སྡང་སེམས་སྙིང་མ་སྡུག་བྱེད་མ་མྱོང༌། ལྷག་ཏུ་ར་ལུང་བ་གོང་མ་ཚོ་དང་ལྷག་བསམ་ཡང་དཀར་བར་ཡོད། མཇལ་ནི་མ་མྱོང༌། རིན་པོ་ཆེ་མི་ཕམ་ཆོས་རྒྱལ་གྱི་སྐབས་ཡིག་འབྲེལ་ཡང་ཆེ་བ་རང་ཡིན། ཡང་ངས་ནི་ཐམས་ཅད་ཀྱི་ས་ལ་བལྟས་ཏེ། མཁས་པ་ལ་མཁས་པར་ཤེས། བླུན་པ་ལ་བླུན་པར་གོ བཙུན་པོ་ལ་བཙུན་པོར་ཤེས། རྩིང་པོ་ལ་རྩིང་པོར་གོ བཟང་བ་ལ་བཟང་པོར་ཤེས། ཟོག་པོ་ལ་ཟོག་པོར་གོ གྲུབ་པ་ལ་གྲུབ་པར་ཤེས། ཕལ་བ་ལ་ཕལ་པར་གོ །ཆོས་ཀྱང་རྣམ་དག་ལ་རྣམ་དག་ཏུ་འཛིན། རྫུན་མ་ལ་རྫུན་མར་རིགདྲང་དོན་དྲང་དོན་རང་དུ་བྱེད། ངེས་དོན་ངེས་དོན་རང་དུ་བྱེད་མཁན་ཡིན་པས། སྐྱོན་ཡིན་པ་འདུག་ཀྱང་སྡུག་ཞེན་བྱས་ནས་ཡོན་ཏན་ཅན་དུ་སྒོམ་མཁན་ཅིག་མ་ཡིན།
ཡོན་ཏན་ཅན་དུ་འདུག་ཀྱང་ཀོ་ལོང་བྱས་ནས་ལོག་ལྟ་སྒོམ་པ་ཅིག་ཀྱང་མ་ཡིན། གྲུབ་མཐའ་མཐར་ཐུག་ལ་ནི་ངེས་པ་རྙེད། གྲགས་པ་ཙམ་གྱི་ཁ་ཕྱིར་ནི་འབྲང་མ་མྱོང༌། ཡི་གེར་བྲིས་ཚད་ལ་བློ་གཏད་མི་འཆའ། འགལ་བ་ལ་མ་འཁྲུལ་བའི་ཚད་མ་མེད་བྱ་བ་ཡིན་པས་རང་བློ་གཏད་འཆའ་དགོས་རྒྱུའི་ལྟ་བ་དང་སྒོམ་པ་དང་གྲུབ་མཐའ་དང་ཉམས་ལེན་ལ་འབག་ངོ་གཉིས་བྱེད་མ་མྱོང༌། ངག་སྒྲོས་སོ་སོར་སྐྱོར་དགོས་སྐབས་ནི་སོ་སོར་རང་འཁྱོར་བར་བྱས། གང་ཟག་སྐྱོན་ཅན་དང༌། ལྟ་སྤྱོད་སྐྱོན་ཅན་དང༌། ཟོང་ཆོས་ལྷད་ཅན་ལ་དད་པ་ནི་ག་ལ་བྱེད། ཞེ་སྡང་ཡང་བྱེད་མ་མྱོང༌། སྐྱོན་ཡིན་པར་ནི་ཤེས། དཔེར་ན་མི་གཙང་བའི་འོབས་དེ་ཤིན་ཏུ་བཙོག་པར་ཤེས་ཀྱང༌། ཚིག་པ་ཟོས་ཏེ་ཨཾ་ཚིག་ཐམ་ཐམ་མི་བྱེད་པ་དང་འདྲ། ཡང་སྐྱོན་དང་ཡོན་ཏན་འདྲེས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ལ་དགའ་བ་སྒོམ་གྱིན་བདོགསྐྱོན་ཚོ་ཡང་ཡོན་ཏན་ཡིན་སྙམ་པའི་ཀླད་མེད་མགོ་བོ་སྟོང་པའི་དག་སྣང་དེ་ཕ་རི་ལ་བཞག་པ་ཡིན། ལོ་པན་སོགས་སྔོན་རབས་བྱོན་པའི་སྐྱེས་མཆོག་སྤྱི་ལ་བཞུགས་པ་རྣམ་སྨོས་མ་དགོས། ཕྱིས་བསྟན་པ་སོ་སོར་གྱེས་པའི་ས་དགེ་ཀ་གསུམ། ཇོ་ཞལ་བོ་གསུམ་སོགས་ཀྱི་ཆོས་བཞིན་བྱེད་པའི་སྐྱེས་ཆེན་ཚོ་དང༌། རིགས་པར་བཤད་པ་གྲུབ་མཐའ་ཐམས་ཅད་ལ་ནི་ང་མོས་པ་ཅིག་ཡིན། ཆོས་འགལ་བྱེད་མཁན་དང༌། ཉེས་པར་
བཤད་པ་རྣམས་ལ་ང་དགག་པ་གཏོང་མཁན་ཅིག་ཡིན། རྒྱ་བོད་ཀྱི་སྐྱེས་ཆེན་དུ་གྲགས་པའི་ནང་ན། འདི་དང་འདི་ཚད་མ་ཡིན་པས་འདིའི་རྗེས་སུ་འབྲང། འདི་དང་འདི་ལོག་པ་ཡིན་པས་འགོགའདི་རྣམས་འདྲེས་མ་ཡིན་བཟང་ལ་ངན་འདྲེས་དང༌། ངན་ལ་བཟང་འདྲེས་དང༌། བཟང་ངན་ཆ་མཉམ་པ་དུ་མ་ཡོད། འདིས་འཐད་པར་སྨྲས། འདིས་མི་འཐད་པར་སྨྲས་པ་ཡང་ངོ་ཤེས། གཞན་གྱི་རྗེས་སུ་མི་སྤྱོད་པར། རང་སྟོབས་ཀྱིས་སྤྱོད་པའི་བློ་གྲོས་ཀྱང་བག་ཙམ་གདོགད་ལྟ་འགའ་ཞིག་ང་རྒྱལ་གྱིས་སྤོས་ལ། རྣམ་དཔྱོད་ཟོམ་པའི་ཡར་ཡོར་ཞལ་ཞོལ་རྣམས་དང་ཅུང་འདྲ་མི་ཡོང་ངོ༌། །ངེད་ཀྱིས་རིགས་པ་དང་མི་རིགས་པ་རྣམ་པར་ཕྱེ་ནས་སྨྲས་ཤིང༌། ཁ་དྲག་ཅན་དང༌། ཕུང་རྒན་ཆེན་པོ་དང༌། བླུན་པོ་ཆུ་ཙར་བ་རྣམས་ཀྱི་འགབ་རྩལ་གཏུག་ཏུ་མ་ཕྱིན་པས། དེ་འདྲའི་རིགས་ཀྱི་སྡེ་ཚན་རྣམས། ངེད་ལ་ཕྲག་དོག་སྡང་སྨྲས་བྱེད་ཀྱི་ཡོད་པར་འདུག སྡེ་པ་དཔོན་གཡོག་ཚོ་ལའང་དེ་འདྲ་སྐྱོར་ཟློས་ཀ་བྱེད་མཁན་མངས་པ་དང༌། དཔོན་གཡོག་ཚོའི་ཐུགས་བསམ་ལ། འདི་རྣམས་ངེད་ལ་ཕར་ཞེ་སྡང་བྱེད་ལུགས་འདིས། ངེས་ཀྱང་ཁོང་ཚོ་ལ་སྡང་ཤུགས་བྱེད་ཀྱི་ཡོད་པར་འདུག་སྙམ་པ་ཤར་ནས་ངེད་མ་དགའ་དོགས་སུ་འདུག་སྟེ། ང་ནི་ཁོང་ཚོ་ལ་དོ་གལ་ཙམ་ཡང་མེད་དོ། །ཡོད་པའི་སྣང་བ་ཙམ་ཡང་མི་གདོག་གོ །སྐབས་འདིར་ཡང་
ར་ལུང་པ་ལ་ངེད་ཞེ་མ་སྡུག་ཡོད་ཀྱི་དོགས་པའི་རབ་བེ་རིབ་བེ་ཡིན་པ་འདུག་ནའང༌། དེ་འདྲ་དགོས་པའི་ཡུལ་མེད། སྡེ་པ་གཙང་རང་ཀུན་སྤངས་དྲུང་ནས་བརྩམས་ཀར་ཞེན་ལ་རྟེན་ར་ལུང་བ་དང་འགལ་བ་དེ་ཀ་ཀུན་ལ་གསལ། ངེད་དང་ར་ལུང་བ་ཐུག་མ་མྱོང༌། ཕྱིས་དགྲ་རུ་འཛིན་ཀྱིན་ཡོད་སྲིད་ནའང་རྒྱུ་མཚན་གཞན་མེད། སྡེ་སྲིད་རང་ལ་རིམ་གྲོ་བསྲུང་འཁོར་བྱས་ཡོད་བསམ་པ་དེ་ཀ་ཡིན། དེས་བདག་ལ་རུང་ཕྱིན་རྐང་བརྐྱངས་པ་དེ་ལས་ཀྱང་རུང་ངོ༌། །ཡང་ཆོས་པ་དགྲ་རུ་ལངས་པ་འདི་འདྲ་དང༌། འཇིག་རྟེན་ཕལ་པའི་དགྲ་གཉེན་ཨེན་ཅིག་མི་འདྲ་བས། རང་ལ་མི་གནོད་པའི་བག་ཡོད་མཚམས་ཚིགས་ཟིན་པ་ཅིག་ནི་དགོས་རྒྱུར་འདུག །དངུལ་ཆུ་དགོན་པ་བའི་ཚོགས་སྐད་ཀྱི་དཔེ་ཡིན་ནོ། །སྔ་སོར་ར་ལུང་པ་དང་སྡེ་སྲིད་གོང་མ་དེ་ཐུགས་མ་འགལ་བ་ལ་ཕར་དཀྲུགས་ཚུར་དཀྲུགས་ར་ལུང་བ་ལ་གནོད་པ་དེ་འདྲ་ཚིག་གཅིག་ཀྱང་སྨྲ་མ་མྱོང་སྟེ། དང་པཽའི་བློན་ཆེན་སྡིག་གྲུབ་པ་དེ་ཚོས། ཁོང་རང་རྣམས་ཀྱིས་ཡར་མར་དཀྲུགས་པ་ཡིན་ནའང༌། ར་ལུང་ནས་སོགས་གཞན་རྣམས་ཀྱི་རྩར་ཁོང་རང་རྣམས་ཀྱིས་ལེགས་སམ་བྱས་གྱུ་བ་དང༌། ངེད་ལ་དཀྲུགས་པའི་ཁག་གཏོང་བ་འདྲ་བྱས་པ་འདི་ནི་སྲིད། སྡེ་སྲིད་འདི་ལའང་དེ་འདྲའི་སྐྱོ་མ་སྔ་བཙན་ཅིག་འཇགས་ཡོད་པ་ཡིན་ནམ། དེ་སྐབས་ཕེབས་སྒོ་དེ་སྐད་གནང་གིན་ནི་འདུག གཞན་
ཡང་འདི་སྐབས་སུ་གོང་དཀར་ཕྱག་ཏུ་བྱུང་བ་སོགས་དང༌། ལྷ་སའི་ཇོ་མཇལ་དང༌། སྒར་མཇལ་སོགས་ལ་དགུན་དབུས་ལ་ཕེབས་བཞེད་ཡིན། བརྟག་པ་ལ་ཆུག་གམ་མི་ཆུག་ཕེབས་ཀྱིན་འདུག བརྟག་པ་བྱས་དུས་ནི་ཕེབས་པ་ཆུག་ཅིང༌། བར་ཆད་སེལ་བ་སོགས་ལེགས་པའི་ཆ་ཡོད་ངེས་སུ་ཤར་བྱུང༌། དེ་མཐུན་སྙན་དུ་ཕུལ་པས། ཞག་ཤས་ཅིག་ཕེབས་ཕེབས་འདྲ་བར་རང་ཡོད། སྐུ་རིམ་བཞི་སྡེ་སོགས་ཀྱང་ཆེད་བསྟད་དགོས་ཕེབས་ནས་རྟག་བརྟན་ནས་བོས། དེ་རྗེས་ངེད་ཡར་ཡོང་སྐབས་ཁོག་དལ་དུ་སོང་འདུག ད་ཕེབས་རྒྱུ་མིན་པ་འདྲ་སྙམ་པ་སེམས་ལའང་ཤར། འཕྲལ་ཕེབས་བཞུད་གནང་མ་རག་རང་ཡོད། དེ་རྗེས་རྒྱལ་རྩེ་ཐུབ་དལ་ལས་ཀྱིས་ཕེབས་ནས། ལྷོ་རོང་གི་ཟེར་བུན་དང༌། རྩིས་མཁན་ལ་ཁག་འཇོག་གནང་བའི་དབུས་ཕྱོགས་ཕེབས་པ་བཤོལ་ཡོད་ཚུལ་གྱི་བཀའ་ཤོག་ཅིག་ངེད་ལ་གནང་བྱུང༌། དེ་ལོ་རང་ཕེབས་ཐུབ་ན་བར་ཆད་སེལ་བ་དང༌། རྟེན་འབྲེལ་ལེགས་པའི་སྒོ་མང་པོ་ཡོད་པ་ལགས་ཏེ་དེ་ལས་མ་བྱུང༌། དབུས་ལ་ཕེབས་བསྐྱིལ་གྱི་སྐོར་ལ་གླེང་བརྗོད་སྣ་ཚོགས་ཅིག་འདུག་ཀྱང༌། བཀའ་གྲོས་ཀྱི་ དགོངས་གཏད་འབྲུག་ལོ་སྦྲུལ་ལོའི་དཀའ་ལ་དོན་ཆུང་གི་ཡལ་ཡུལ་འདི་ཚོ་ཀ་ཡིན་པ ་འདུག དེ་ནས་ངེད་ཀྱིས་ལམ་བསྲངས་ནས་རྟག་བརྟན་དུ་སླེབ། ཞག་ཤས་བསྡད་ནས་ཇོ་ནང་
དུ་དགུན་ཁྲིད་ཆེན་མོ་བཙུགས། ཕྱག་ལེན་རྣམས་སྔར་རྒྱུན་ལྟར་གྲུབ། རྗེ་ཡེ་ཤེས་རྒྱ་མཚོ་དང་ཀ་བཞི་སྤྲུལ་པའི་སྐུ་གཉིས་ལ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་བཤད་པ་རྒྱས་པར་བྱས། འདི་སྐབས་ཀྱང་འཁྲིད་ལོ་ལེགས་པར་བྱུང༌། དབུས་སྒེར་བ་ནས་ལྕགས་ཟམ་ཆོས་རྗེ་རྗེ་དྲུང་འབེར་བག་གཤེགས་པའི་བསྔོ་རྟེན་ཙམ་བྱུང༌། དམ་པོའི་སྒང་ཙམ་ལ་དབུས་ནས་མཁན་ཆེན་བློ་གྲོས་རྒྱལ་མཚན་པ་དཔོན་སློབ་དང༌། འཁྲིད་གཏོར་ཐོག་ཏུ་མངའ་རིས་གློ་བོ་ནས་སྨོན་ཐང་མཁན་ཆེན་ཆོས་རྗེ་དཔོན་སློབ་ཀྱང་ཕེབས་ཤིང༌། བྲག་དམར་ཆོས་སྡེའི་མཁན་ཆེན་ཡང་བྱོན། ཕུ་མདའ་གཉིས་སུ་སོ་སོའི་མང་ཇ་རྙེད་བཀུར་སོགས་ཀྱང་ལེགས་ལམ་ཆེ་ཞིང༌། ལྷག་པར་མངའ་རིས་པའི་མང་ཇ་ཤིན་ཏུ་མང་བར་བྱུང༌། པ་སྣམ་སྐྱིད་ཕུག་ནས་མངའ་བདག་སྐུ་སྐྱེའི་དྲུང་ཡང་དེ་མཚམས་འབྱོར། ཟླ་བ་བཅུ་གཉིས་པའི་ནང་དུ་སྦྱོར་དྲུག་གྲོལ་ནས། ཡོས་ལོ་ཧོར་ཟླ་དང་པོའི་ཚེས་གཉིས་ལ་རྟག་བརྟན་དུ་བསྐྱས། སྨོན་ལམ་གྲོལ་ནས་ཆོས་ཀྱི་རིམ་པ་ཡང་འགའ་རེ་བཙུགས། ཁྱད་པར་དུ་ཚོང་ཆེན་ལ་ཤངས་ཆོས་ཆ་ཚང་བ་ཅིག་དང༌། སྙིང་པོའི་མདོ་ཕྱི་མ་ལྔ། ངེས་དོན་མདོ་བཅུ་རྣམས་ཕལ་ཆེར་བཤད། ཆོས་རྗེ་བླ་བྲང་འགག་པ་བྱམས་པ་ཀུན་དགའ་དཔོན་སློབ་ཀྱང༌། སྡེ་སྲིད་དུ་ཆོས་གཞིས་ཞུ་བའི་ཞོར་ཐབས་ལ་ཐོག་མར་འདི་ཁར་བྱོན།
ཚོགས་ཆོས་དེའི་གཞུག་ཟིན་ཙམ་བྱུང༌། བླ་མ་སློབ་དཔོན་དགེ་བཤེས་ཀྱི་རིགས་ཉི་ཤུ་ཙམ་ལ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ཆོག་གི་བཤད་པ་རྫོགས་པར་བྱས། དེ་རྗེས་ཆོས་རྗེ་འགག་པ་ལ། འཆི་མེད་གྲུབ་པར་གྲགས་པ་ལུས་འཆི་མེད་ཀྱི་སྐོར་རྣམས་ཞིབ་ཏུ་བཤད་པ་ཡིན། ནན་ཏན་ཆེན་པོ་རང་གི་ལུགས་སུ་ནི་བྱས། ངེད་པོ་རང་ཅི་འདྲ་བྱུང་ངམ། ཁོང་པ་ལ་དབོན་པོ་དགེ་འདུན་དཔལ་བཟང་གི་དིང་པོ་ན་གྲག་ཤོས་དེ་ཡོད་འདུག་པ་སྡེ་པ་ལ་ཕུལ་བས་ས་ཆ་ཡང་བྱུང་འདུག ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་བཞི་མའི་གསེར་སྐུ་མི་ཚད་ལས་ཆེ་ངེས་ཤེས་པ་ཅིག་སྟག་ལོའི་དཔྱིད་ཀ་ནས་བཀོད་པ་བྱས། ཐོག་མ་ལོ་དེའི་ནང་དུ་གྲུབ་རྩིས་ཡིན་ནའང༌། བཟོ་བོ་རྣམས་དར་སྡིངས་ལ་འགྲོ་དགོས་བྱུང་བས་འགྱངས། སྐབས་འདིར་གྲུབ་ནས་རབ་གནས་རབ་སྟོན་སོགས་ཐམས་ཅད་སྔར་གྱི་གཞན་རྣམས་དང་འདྲ་བར་བྱས། རྗེ་ཡེ་ཤེས་རྒྱ་མཚོ་བ་ལ་འགྲེལ་ཆེན་སྒྲོན་གསལ་ཡང་རྫོགས་པར་སོང༌། ཕྱོགས་ཀྱི་བླ་མ་སོགས་འདུས་ཆེ་བ་ལ་རྟག་བརྟན་རང་ན་ཡོད་པའི་ཟབ་སྐུ་རྣམས་ལས་མགོན་པོ་ལྕམ་དྲལ་མ་གཏོགས་ཐམས་ཅད་བཀྲམ་པའི་དགའ་སྟོན་ཅིག་ཀྱང་བྱས། འདི་སྐབས་ལྷ་འགའ་ཞིག་གི་སྐུ་ཤ་ལ་གོས་ཆེན་རི་མོ་ཅན་ཡོད་པས། དེ་ལ་སྐྱོན་ངོས་འཛིན་གྱི་ཁུང་གིས། ལ་ལ་ན་རེ། སྐུ་ཤ་ལ་གོས་ཆེན་འཇམ་བྱུས་
རང་དགའ་བ་ཡོང་གིན་འདུག ཅིག་གེ་ཅིག་དང་མ་གེ་ཅིག་ན་འཇམ་བྱུས་རང་ཡོད་ཟེར་མཁན་འདྲ་བྱུང༌། དེ་ལ་ངས་སྐུ་ཤ་ལ་འཇམ་བྱུས་བྱུང་ན་དགའ་བ་ངེད་ཀྱིས་མ་ཤེས་པ་རང་ཏ་མིན། ལར་ངེད་ཅག་མཁས་པོ་རང་ཏ་མིན་ཀྱང་དེ་ཙམ་གྱི་ཉམས་རང་ཏ་ལོས་ཡོད། ངེད་རང་གིས་ནི་ལག་ཏུ་གང་བྱུང་དེ་ཀ་ལ་བཞེངས་པ་མིན་པ། མི་ནོར་པོ་ཆེ་ཚོ་བྱེད་བྱེད་ཀྱི་འདམ་ཁ་ངེད་སྤྲང་པོ་ཅིག་གིས་ག་ལ་འོང་ཡིན་ནའང༌། སྟོད་མཐོ་ས་ཚོ་རས་དར་དང་རྒྱུ་ངན་པ་བྱས། སྨད་མིའི་ལག་པས་རེག་ས་ལ་བཟང་བཟང་འདྲ་བཏང༌། འགྲམ་པ་དང་སྐེ་ནས་རལ་ཡོད་པ་དེ་འདྲ་ནི་ངེད་ཀྱིས་བཞེངས་མ་མྱོང༌། དུས་ཕྱིས་སྡེ་དཔོན་ནི་འདི་འདྲ་བཞེངས་མཁན་ཡང་དཀོན། རེ་ཙམ་ཡོད་སྲིད་དེ་སྐྱེ་བོ་འཇིག་རྟེན་པ་ལ་ཁོ་ཚོ་ཆོས་པ་མིན་འཇིག་རྟེན་པ་ཡིན་བྱས་པས་ཀ་དོན་གོ་བ་དེ་ཡིན། བླ་མ་གྲག་ཐལ་ཅན་རང་ཧ་ལས་ཀོ་ལས་ཁྱུ་ཅིག་འདུག་སྟེ། འདི་འདྲའི་རིགས་བཞེངས་མཁན་རང་མང་པོ་ཨེ་ཡོད་མི་ཤེས། ཡོད་རང་ཡོད་ན་འདི་འདྲ་བ་ཅིག་འོང༌། ནོར་གྲག་ཤོས་ཐམས་ཅད་བཀྲོས་ནས། འདི་ཡང་ང་ལ་དགོས། དེ་ཡང་ང་ལ་དགོས་སྙམས་ནས་རྒྱ་རིམ་པ་བདུན་གྱི་བཏབ་ནས་འཇོགནོར་ཡང་བཙུན་པ་ལ་མཁོ་མི་མཁོ་དང༌། བཅང་དུ་རུང་མི་རུང་གི་དབྱེ་བ་མེད། བྱུང་ན་བྱུང་ཚད་དགོས། དེ་ཡང་བླ་མ་འགའ་ཞིག་སྐྱེ་བ་རྟིང་མའི་ནོར་བྱེད་ཟེར་ནས་ཕུང་འགོང་ལ་སྤྲོད། འགའ་ཞིག་ཤི་བའི་རྗེས་དེ་ཡོན་བདག་གིས་སྡུད། ལ་ལ་ཚོའི་ཤུལ་གཉེན་ཚན་གྱི་འཁྱེར། ལ་ལ་ཚོ་ཉེ་གནས་ཀྱིས་ལོངས་སྤྱོད་པ་ཅིག་གདའ། གང་ལྟར་ཡང་གཞན་ལ་གཏོང་མ་བྲ་བར་སྦས་
པའི་ལྷག་ནོར་འབྲིང་མན་ཆད་ཚོ། རང་གསོན་པོའི་སྐབས་སུ་ཕལ་ཆེར་མིའི་ངོས་འཛིན་ལ་སྟེར། འགའ་ཞིག་མི་བསོད་པའི་རྔན་པ་དང༌། ནོར་འཕྲོག་པའི་རྔན་པ་དང༌། ས་ཆ་འཕྲོག་པའི་རྔན་པ་དང༌། དམག་བསྐུལ་བྱས་པའི་རྔན་པ་ལ་སྟེར། སྡིག་པའི་གཡོས་སྦྱོར་ཆེན་པོ་དེ་བསྟན་པ་ལ་ཕན་པའི་ཕྱིར་ཡིན་ཟེར། སངས་རྒྱས་ཀྱི་བསྟན་པ་འཛིན་པ་ཡིན་ཟེར། ཉེས་པ་མེད་ཕན་ཡོན་ཡོད་ཟེར། འོ་སྡིག་པ་འབའ་ཞིག་གིས་བསྟན་པ་འཛིན་དགོས་ཁའི་སངས་རྒྱས་དེ་རང་སངས་རྒྱས་བྱས་པ་རང་གིས་ཕུད་གདའོ། །ཡང་དེ་ཚོ་ལ་མ་དགོས་པའི་ཡོ་བྱད་མང་པོ་ཅིག་ནི་རང་ངམ། རང་གི་གཡོག་རིགས་རྣམས་ཀྱིས་ཆང་འཚོང་མ་དང༌། སྨད་འཚོང་མ་སོགས་བག་མེད་ཀྱི་སྤྱོད་པ་ཐོ་ཆོའི་རིན་ལ་གཏོང༌། དེ་ཚོ་ལ་མ་སོང་བའི་ལྷག་མ་འདྲ་བྱུང་ན་སྐབས་རེ་དགེ་ལས་འདྲ་ཡང་བྱེད་ཀྱིན་ཡོད་པ་ཡིན་ལས་ཆེ། དེ་ཙ་ན་གདོང་ནས་ནོར་ཆེ་རང་གྲགས་པ་དེའི་སྟབས་ཀྱིས་རི་མོ་ཡོད་མེད་ལ་འདམ་ཁ་བྱུང་བ་ཡིན་ནམ། ཁྱེད་རྣམས་ཀྱིས་གཟིགས་གདའ་བ་ཟེར་བ་བྱས། དོན་ལ་དེ་ཁ་ལགས་ཀྱང་ལགས། ང་ནི་རང་གིས་མ་གོ་ཞིང་ནོར་ན་ཐབས་མེད། །གོ་བཞིན་དུ་བསམ་པ་སྐྱོན་ཅན་གྱི་རྫུན་ནི་བྱས་ཀྱང་མ་བྱས། བྱེད་ཀྱང་མི་བྱེད། གཏམ་ན་དྲང་པོ་འདི་སྨྲ་བ་ཡིན། བདེན་གཏམ་ལབ་པ་དེ་གཞན་གྱི་སྐྱོན་བརྗོད་དུ་སོང་ནའང་གཞན་
ཚོ་རང་ལ་ཉེས་པ་ཡོང་བ་དེའི་སྐྱོན་ཡིན། ང་ལ་གྱོད་ཅང་མེད་དོ། །མ་ཡིན་པ་ཅིག་ཡིན་པར་བསྒོམ། དེ་འདྲ་ལོག་ཤེས་ཁོ་ན་ཡིན། ཡིན་ལ་ཡིན་པར་ཤེས། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཟེར་སྤྲང་པོ་སྒྲོལ་མགོན་ཁོའི་ཁ་ཁྱེད་རྣམས་ཀྱི་ཅུང་སྡོམ་མི་ཐུབ་བོ། ཁྱེད་རང་རྣམས་ཆོས་བཞིན་བྱས་བྱུང་ན་ནི། ངའི་ཁ་ཁེབས་ཡིན་པ་གོ་བར་མཛོད། ཧོར་ཟླ་ལྔ་དྲུག་མཚམས་ལ་ཆོས་ལུང་བྱང་རྩེར་ཕྱིན། བདེ་མཆོག་ཕོ་བྲང་གི་ཁང་པ་ལ་རབ་གནས་དང༌། གཞན་རྟེན་འབྲེལ་གྱི་ལེགས་ལམ་འདྲ་ཡང་བསྒྲིགས། ལོ་འདིའི་ནང་དུ་ཟབ་ཡོངས་ཀྱི་གཡོན་ཕྱོགས་སྡེ་ཡངས་ཀྱི་འཕྲཽས་དང༌། རྡོ་སྐས་མང་པོ་དང༌། པདྨ་གླིང་གི་རྩེ་སྒྲོན་པ་དང༌། མཁར་ལས་ཅི་རིགས་པའང་བྱས། ཧོར་ཟླ་གསུམ་པའི་ནང་ལ་སྙེ་མོ་བའི་ཡིག་མཁན་རྣམས་སླེབ། བཞི་པའི་སྟོད་ལ་གཡེ་བའི་ཡིག་མཁན་རྣམས་ཀྱང་འབྱོར་ཞིང༌། སྟོད་སྨད་འདི་རྣམས་ནས་ཡིག་མཁན་ཐོར་བུ་བ་རྣམས་དང༌། རྟག་བརྟན་བཞི་པའི་ཡིག་མཁན་དང་བཅས་པ་ཡོངས་སྡོམ་པ་ལ། ཡིག་མཁན་བརྒྱ་དང་བརྒྱད་ཅུ་སྐོར་འཛོམས་ནས། བསྟན་བཅོས་འགྱུར་རོ་འཚལ་འབྲི་བའི་འགོ་བརྩམས། ཧོར་ཟླ་དགུ་པའི་ནང་དུ་རྩི་གྲས་སོགས་མཐའ་དག་རྫོགས་པར་གེགས་མེད་དུ་ལེགས་པར་ཟིན། བསྟན་འགྱུར་འདི་ལ་མ་དཔེ་ལ་པོ་ཏི་བརྒྱ་བདུན་ཅུ་སྐོར་འདུག ལྷག་པོར་བཞེངས་པའི་
པོ་ཏི་ཡང་མང་དུ་ཡོད་པས། ཡོངས་དྲིལ་སྡེབ་དེ་ལ་པོ་ཏི་ཉིས་བརྒྱར་ཉེ་བ་བཞེངས། ཤོག་གྲངས་སུམ་བརྒྱ་དྲུག་ཅུ་རེ་ལ་པོ་ཏི་རེའི་རྩི་སུ་བཅད་པའི་པོ་ཏི་རེ་ལ་ཡོན་ཁལ་དྲུག་ཅུ་རེའི་བཅད་ཐང་བྱེད་ཀྱི་ཡོད་པར་འདུག་ནའང༌། རྟེན་གསུམ་བཞེངས་པ་གལ་ཆེ་བའི་དབང་དུ་བྱས། པོ་ཏི་རེ་ལ་ཁལ་བརྒྱ་རེའི་རྩིའི་འགྲོ་ངེས་ཀྱི་ཡོན་དང༌། རྒྱུན་གྱི་ཕོགས་དང་ཇ་ཆང་ཐུག་པ་སོགས་དང་སྐབས་ཀྱི་སྟོན་མོ་ཡང་ཅི་བཟང་དུ་བྱས། ཡིག་མཁན་རྣམས་ཀྱང་མགུ་བར་གྱུར། ལར་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་པ་ལ་བཟོ་བོ་མ་མགུ་ན། རྟེན་དེ་བྱིན་རླབས་ཆུང་བ་ཡིན་པར་འདུག དེའི་རྒྱུ་མཚན་ཡང་གཙོ་བོར་ཡོན་བདག་གི་ཚོགས་མ་རྫོགས་པ་དང༌། གནས་སྐབས་སུ་རྟེན་དེའི་བྱེད་པ་པོ་བཟོ་བོ་ཡིན་པའི་རྟེན་འབྲེལ་དུ་གདའ། ན་ནིང་སྔ་མོ་ཅིག་བླ་དཔོན་འགངས་ཆེས་རང་དེ་འདྲ་རུ། རི་མོ་བ་ལྔ་བཅུ་ཙམ་གྱིས་དབྱར་ཟངས་འདུ་ཁང་གི་ལོགས་བྲིས་བྲིས་པས་གླ་ལ་ཇ་ཆང་འདྲ་སིག་ཅིག་ལས་མ་བྱུང་བར་བཟོ་བོ་ཐམས་ཅད་འུ་ཐུགསྤྲུལ་སྐུ་སྣར་ཐང་པས་དུས་པའི་ལོ་རྒྱུས་ཡོད། ངེད་ཀྱིས་ནི་སྔ་ཕྱིར་རྟེན་བཞེངས་ཚད་ལ། བཟོ་བོ་ཤིན་ཏུ་མགུ་བ་འབའ་ཞིག་བྱས་སོ། །དེ་བཞིན་དུ་གཞན་ཡང་རབ་གནས་མཁན་པོ་དང༌། དབང་བསྐུར་མཁན་པོ་ལ་དེ་བས་ཀྱང་ལྷག་པ་དགོས་རྒྱུ་ཡིན་པར་འདུག་སྟེ། དེང་སང་ནི་ཕལ་ཅིག་
རབ་གནས་བཅོལ་བ་རང་གིས་རྒྱལ། དབང་ཞུས་པ་རང་གིས་དྲིན་ཆེ་སྙམ་པ་བྱེད་པར་འདུག་སྟེ། ཚེ་འདི་ཕྱི་ཐམས་ཅད་ཀྱི་རྟེན་འབྲེལ་ཁ་ཕུད་ལ་སོང་བ་ཡིན། ཡང་ལོ་འདི་ཁའི་ཧོར་ཟླ་གསུམ་པ་བཞི་པའི་མཚམས་ནས་འགོ་བརྩམས་བདུན་པའི་འགོ་ལ་རྒྱལ་བ་མ་རྒྱལ་བ་ལས་རྒྱལ་བ་མི་ཕམ་བྱམས་པ་མགོན་པོའི་ཟབ་སྐུ་ཆེན་མོ་ཡང་ལེགས་པར་བཞེངས་གྲུབ་སྟེ། འདི་ལ་གཙོ་བོ་བྱམས་མགོན། ལྡེམས་ལ་ཤེར་ཕྱིན་དང་སྒྲོལ་མ། སྟེང་ན་འོད་དཔག་མེད་དང་ཇོ་བོ་སྤྱན་རས་གཟིགས་བདེ་ལྡན་ཕྱག་གཉིས་པ། གཡས་གཡོན་དུ་འཕགས་པ་ཐོགས་མེད་དང་ཀུན་མཁྱེན་ཆེན་པོ། འོག་ཕྱོགས་སུ་གུར་གྱི་མགོན་པོ་དང་བཅས་པ་བཞུགས། སྐུའི་རྒྱུ་ཚོགས་ལ་ཟབ་ཡུག་རྟོག་སྒྲིལ་མ་བྲིས་མ་ཕོག་པ་བརྒྱ་སྐོར་དང༌། གཞན་ཟབ་ཆེ་ན་ཁ་བཅུ་དྲུག་ཙམ་ལ་ཡུག་ཏུ་བརྩིས་པའི་དབང་དུ་བྱས་ན། ལྷག་པོ་ཡུག་བདུན་ཅུ་སྐོར་སོང༌། མདོར་ན་བཅད་ཚུན་ཆོད་ཡོངས་གྲིལ་ལ་ཟབ་ཆེན་ཡུག་བརྒྱ་བདུན་བཅུ་སྐོར་དང༌། སྐུད་རྒྱུ་རང་ལའང་དར་ཡུག་ཉི་ཤུ་རྩ་འདྲེན་སྐོར། རྒྱབ་ཤ་མུ་འགྲིལ་སོགས་ཆ་ཚང་བར་གྲུབ། འདི་དག་ལ་ཅི་ཙམ་སོང་གི་དེབ་གཏེར་ཡི་གེ་ལོགས་ན་ཡོད། ཚེས་བརྒྱད་ལ་ནང་གི་རབ་གནས་ལེགས་པར་བྱས། བདུན་པའི་ཚེས་བཅུ་གཉིས་ལ་ཕྱིའི་རབ་གནས་ཞལ་འབྱེད་དགའ་སྟོན་ལ་འདི་ཉིད་ཀྱི་ཆོས་སྡེ། སྒྲུབ་སྡེ་ཕྱོགས་ནས་འོངས་པའི་
སྐྱ་སེར་གྲངས་མང་བ་དང་བཅས་པ་ལ་དགའ་སྟོན་དཀྱུས་མ་རྣམས་ལས་ཀྱང་ལྷག་དེས་ཤེས་པ་སྒྲུབས། དབྱར་སྟོད་ཆོས་ལུང་བྱང་རྩེར་ཡོད་དུས། རྩེ་ནས་འབོད་མི་ཞིག་གནང་བྱུང་བ། དབང་རྗེས་གནང་གི་ཁྱད་འདྲ་བྱུང་གསུང་པ་མ་གཏོགས། སྐུ་དོན་གསར་པ་གཞན་གང་ཡང་མི་འདུག་པས། ཟབ་སྐུ་བཞེངས་གྲུབ་རྟིང་ཡོང་ཁུལ་གྱི་འགྱངས་ཆ་ཙམ་ཞུས། དེ་རྗེས་ཧོར་ཟླ་དྲུག་པའི་ཉེར་དགུ་གནམ་གང་ལ་ཡང་མི་སྣ་ཅིག་འབྱོར་བའི་བདུན་པའི་ཚེས་ལྔ་ལ་ལྕམ་བགྲེས་པ་ཕྱིར་ཐགས་མཛད་རྒྱུ་ཡིན་པས། ཐེགས་གོང་དུ་དབང་ཆོས་ཞུ་དགོས་ཡིན་པས་ཡོང་དགོས་གསུང་བ་ཞིག་བྱུང་ནའང༌། དུས་ཐུག་པས་ཐེགས་གོང་སླེབས་མི་ཐུབ་པར་འདུག་ནས། མར་ཕྱོགས་འབྱོར་ཐུབ་པ་མ་བྱུང༌། བསྐུལ་བཅག་པ་བཅར་སྡོད་ཡོད་པ་ཚོ་ཡང་སློག་ནས། སྟོན་ཁ་འབྱོར་བའི་ཁས་ལེན་ཞུས། སྔར་ལྷུན་གྲུབ་སྒང་པ་རང་རྡིབ་པའི་དུས། ལ་སྟོད་ལྷོར་སྡུད་མཁན་ལྷུན་གྲུབ་སྒང་པ་བསྟན་འཛིན་སྤུན་གཉིས་པོ་བྲག་སྟོད་དགོན་པར་སྐྱབས་བཅོལ། ལོ་ཅིག་གི་རིང་དུད་འགྲོ་མང་པོས་རྩ་ཟོས། སྡེ་སྲིད་ལའང་ངོ་ཆེན་ནན་བཅགས་དགོས་ཟེར་ས་སྐལ་ཅི་རིགས་པའི་བཀའ་ཤོག་ཀྱང་གནང་བ་ཡིན་ནའང༌། འདི་སྐབས་ཁ་བསླུ་བྱས་ནས་ས་སྐྱར་སོང༌། རྩ་རིན་སོགས་ནི་ག་ལ་སྤྲོད། དགྲ་ངོས་ལེན་བྱེད་རྒྱུའི་ཁུངས་
བྱེད་ཀྱིན་འདུག ངེད་ཀྱིས་སྔ་མ་ནས་གོ་སྟེ། དམ་སེལ་ཅན་དེ་རྣམས་འདིར་མ་བྱུང་རུང་ལེགས་སྙམ་སྟེ་ཅི་བདེར་བཞག་པ་ཡིན། བཙུན་མ་གཉིས་ཀྱང་སྔ་སོར་ཇོ་ནང་པའི་བསྟན་པ་ལས་གཞན་ལ་མི་འཇུག་པའི་མནའ་བསྐྱལ་ཡང༌། དེ་གོང་ནས་མ་བསྡད་པར་སོང་བ་དེ་ཡང་ལེགས་པ་རང་ཅིག་ལགས། ཡང་བྱམས་པའི་ཟབ་སྐུ་བཞེངས་གྲུབ་མ་ཐག་ཏུ། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་ཟབ་སྐུ་དཀྱུས་སུ་འདོམས་ཕྱེད་དང་བདུན་ཡོད་པ་འདི་བཞེང༌། འཁོར་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཡོད། འདིའི་སྐུ་རྒྱུ་ལ་ཟབ་ཆེན་ཡུག་ཚད་ཉི་ཤུ་རྩ་ལྔ། ཁ་མཐོར་མང་རབ་དང་བཅས་པ་སོང༌། ཞག་ཉི་ཤུ་རྩ་བདུན་ཙམ་གྱི་ཁོངས་སུ་ཆ་ཚང་གྲུབ། རབ་གནས་ཚུན་ཆོད་མཐའ་རྒྱས་སུ་སོང༌། འདིར་སྨྲས་པ། ཚོགས་ཀྱི་སྒོ་ཆེན་བརྒྱ་ཕྱི་ནས། །རྣམ་པར་གྲོལ་བའི་ཁང་བཟངས་དེར། །བདག་གཞན་མཐའ་དག་འཇུག་བྱེད་པ། །འདི་ཀོ་ངོ་མཚར་ཅིས་མི་ཆེ། །བསོད་ནམས་ཡེ་ཤེས་རྒྱུ་ཚོགས་ནི། །མཐའ་ཡས་ཀུན་གྱི་རྒྱབ་དཔུང་ཡིན། ཞིང་མཆོག་རྡོ་རྗེ་ཡན་ལག་མར། །བླ་ན་མེད་པའི་རྒྱུད་ལས་གསུངས། །ཤེས་བྱ་ཀུན་གྱི་དེ་བཞིན་ཉིད་གང་ཡིན། །ལྷན་ཅིག་སྐྱེས་པ་འགྱུར་མེད་ཅེས་བྱ་བའང༌། །ཐོབ་འགྱུར་ཐབས་ནི་ཚོགས་གསུམ་ལས་གཞན་མེད། །དེ་ཕྱིར་འདི་ལ་ངས་ཀྱང་འབད་པར་བྱས། །ཇི་སྐད་དུ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དེའི་རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་པ་ལྟར། གང་དང་གང་བསྒོམས་པ་དེ་དང་དེ་གསལ་བར་
སྣང་བའི་ཚུལ་ནི་ལོས་ཡིན། དང་པོ་ངས་གནས་ལུགས་ཕྱག་རྒྱ་ཆེན་པོར་གྲགས་པ་རང་རྐངས་སུ་བཙུགས་ནས། གཞན་རྣམས་ཆ་ལག་ཏུ་ཁྱེར་ཕྱིན་པའི་སྐབས། སྟོང་པ་ཁོ་ནས་ཡུལ་དུས་ཐམས་ཅད་ཁྱབ་པར་བརྡལ་བ་ལ། རྩལ་ཐམས་ཅད་མ་འགགས་པར་འཆར་བ་ཅིག་བྱུང་སྟེ། ཟུང་འཇུག་ཡིན་སྙམ་ཀྱང༌། རྩལ་དེ་ཐམས་ཅད་སྟོང་པ་དེ་ཁ་ལས་མ་འདས་པས། སྟོང་རྐྱང་དུ་ཀ་འདུག ཕྱིས་འབྱུང་ཟུང་འཇུག་གི་ལམ་རྡོ་རྗེའི་རྣལ་འབྱོར་ལ་གཞུང་བསྲངས་པས། སྔར་གྱི་རྩལ་མ་འགགས་བྱ་བའི་རྩལ་ཐམས་ཅད་ཀུན་རྫོབ་ཀྱི་སྣང་ཆར་མྱོང༌། དེ་ཙམ་ལ་རག་མ་ལུས་པའི་སྟོང་པ་དེ་མཐར་གཏུགས་ན་བདེ་བར་འདུག བདེ་བ་དེ་ཡེ་ཤེས་རྣམས་པ་མཐའ་ཡས་པར་རང་ཤར། ཤར་ཙམ་ཉིད་ནས་ཀུན་རྫོབ་གཟུང་འཛིན་གྱི་དྲི་མས་མ་གོས་པ་ཅིག་འདུག་པ་དེ་ཉམས་སུ་ནི་མྱོང༌། ཐེ་ཚོམ་ནི་ཆོད་ངེས་ཤེས་ནི་སྐྱེས། དེ་ཙ་ན་གཞན་མཁས་པ་ཡིན། གྲུབ་པ་ཡིན། བྱང་སེམས་ཡིན། སངས་རྒྱས་ཡིན། འཕགས་པ་ཡིན་ཟེར་ཡང་ཟེར། ཡིན་ཡིན་འདྲ་མདོག་ཁ་མོ་ཡང་ཡོད་པ། ནམ་མཁའ་ཁེངས་པ་བྱུང་ནས། བློ་གཞན་དུ་བསྒྱུར་ཀྱང་མི་འགྱུར་བའི་གདེང་ཅིག་ནི་ཐོབ། མངོན་སུམ་དུ་རྟོགས་པའི་ཏ་རེ་བ་མེད་དེ། རྗེས་མཐུན་ཉམས་སུ་མྱོང་བ་ལྟར་ཡིན་པར་ཁས་ལེན།
གནས་སྐབས་འདི་དག་ཏུ་ཡང༌། སེམས་གསལ་རིག་བདེ་བའི་ཉམས་མྱོང་འདི། །གནས་ཕྱོགས་ཆ་མེད་པ་མཁའ་ལ་ཡས། །དུས་རྟག་ཏུ་འཕོ་འགྱུར་ཡེ་ནས་སངས། །དོན་ཅང་མེད་མ་ཡིན་བདེ་བར་མྱོང༌། །དེ་རིག་ཀྱང་མྱོང་བྱ་མྱོང་བྱེད་བྲལ། །གཞན་སྡུག་བསྔལ་དང་ཟུག་རྔུའི་མིང་ཡང་སྟོར། །འཕྲལ་དགའ་བདེ་སྲིད་ཞེན་དབྱིངས་སུ་ཞི། །ལར་བཏང་སྙོམས་མ་ཡིན་ཁོང་ནས་བདེ། །་ནང་འཁོར་ལོ་དྲུག་གི་གཞལ་ཡས་ནས། ཁམས་འབྱུང་ལྔ་དག་པའི་ཡེ་ཤེས་མེ། །དབྱིངས་སྟོང་པའི་དབུས་སུ་འབར་བ་ལས། །ལུས་ལྷན་སྐྱེས་སུ་འགྱུར་བ་འདི་རྒོད་རེ་བྲོ། ཁོ་ཐོགས་མེད་སེམས་ཀྱི་ཆོ་འཕྲུལ་ལས། །ཕྱི་གདོས་བཅས་ཀྱི་སྣང་བ་གང་འདོད་དུ་བསྒྱུར། །གནད་རྡོ་རྗེ་ལུས་ཀྱི་བྱེད་བཅིངས་ལས། །དོན་གནས་ལུགས་མཐར་ཐུག་རྟོགས་པ་འདི། །ལུས་ངག་ཡིད་རྡོ་རྗེ་རོ་མཉམ་ཞེས། །རྒྱུད་ཀུན་ལས་གསུངས་པའི་སྒྲུབ་བྱེད་ཡིན། །རྩ་རེ་རེ་དག་པའི་ཆོ་འཕྲུལ་ལ། །ཕྱོགས་རབ་འབྱམས་དག་པའི་སྣང་བས་འགེངས། །མཐུ་མངོན་ཤེས་སོགས་ཡོན་ཏན་ལ་ཟད་པ་མེད། །ཚིག་རྟོག་གེ་མཁན་པོ་ཚོ་སྙིང་རེ་རྗེ། །ཞེས་སོ། །དེ་ལྟར་སྨོས་པ་དེ་དང་རྗེས་མཐུན་པ་ཙམ་ཀ་ལོས་ཡིན། ཤིན་ཏུ་གསལ་བར་སྣང་བ་ནི་ཤར་བའང་ལགས་ཏེ། ལན་ཅིག་བྱུང་ནས་ཉམས་རྒྱུ་ཡང་མི་འདུག་གོ །འདི་ཐུགས་རྡོ་རྗེའི་རིམ་པའི་གཟུགས་བརྙན་ཙམ་དུ་གདའ་
ལགས། ལོ་འདིའི་ནང་དུ་ཟར་ཆོས་འཁོར་བདེ་ཆེན་དུ་སྟོན་པ་རིན་པོ་ཆེའི་གསེར་སྐུ་ཇོ་ཚད་མ་དང༌། གསང་སྔགས་རི་བོར་ཡང་གསེར་སྐུ་མི་ཚད་མ་སོགས་ཡོན་མཆོད་ཚོས་བཞེངས་པ་མཛད་འདུག་པ་ལ། འདི་ནས་ཀྱང་འཐུད་ཅུང་ཟད་ཕུལ་ཞིང༌། བཟོ་བོ་བལ་པོ་བཞི་ལྔ་ཅིག་གཏོང་དགོས་བྱུང༌། སྤྱིར་འདུས་བྱས་ཀྱི་དགེ་བ་རྣམ་པ་དུ་མ་ཡོད། སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང༌། བདག་མེད་དང༌། སྤྲོས་བྲལ་གྱི་ལྟ་བས་ཟིན་ན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་བླ་ན་མེད་པར་འདུག གསུམ་པོ་དེས་མ་ཟིན། ཐར་འདོད་ཀྱིས་ཀྱང་མ་ཟིན་ན། སྦྱིན་པ་རྒྱ་ཆེན་པོ་བཏང་ཀྱང༌། བྱང་ཆུབ་གསུམ་གྱི་རྒྱུར་མ་ངེས། ཚུལ་ཁྲིམས་བསྲུངས་ཀྱང་འཇིགས་སྐྱོབ་བམ་ལེགས་སྨོན་དུ་འགྲོ་བས་དེ་དང་འདྲ། ཏིང་ངེ་འཛིན་འཇིག་རྟེན་པ་དང༌། མངོན་ཤེས་ཐན་ཐུན་ཡོད་ཀྱང་མུ་སྟེགས་ཅན་གྱི་དཔེས་མཚོན། སོ་སོ་སྐྱེ་བོས་བྱས་པའི་གཞུང་ལུགས་དང༌། སྒྲ་སོགས་ཕྱིའི་རིགས་གནས་ལ་བསླབས་ཀྱང་དེ་དག་འདྲ་རུང་ལས་ཀྱང་ཁྱེར་ཁ་ཆུང༌། རྩ་རླུང་བྱེད་ཟེར་ནས་སྣ་བུག་ཤ་ཤུ་འབུད་ཅིང༌། འཁྲུལ་འཁོར་ཐག་ཐིག་འདྲ་རྒྱབ་ཀྱང་འཁོར་བའི་རྒྱུ་ཀ་ཡིན། ལས་འབྲས་ཀྱི་བླང་དོར་མ་ནོར་བ་ཅིག་ལ་གཞི་བྱས་ནས། ངེས་འབྱུང་བྱང་སེམས་སྟོང་ཉིད་གསུམ་གྱི་སྐྱ་བར་ནས་བྱེད་ན་ནི། དེ་ཐམས་ཅད་ངོ་མཚར་ཆེ།
གཞན་ནི་འདོད་པའི་ཁམས་སུ་འཁོར་བ་ཁོ་ནར་གདའ། བསམ་གཏན་དང༌། གཟུགས་མེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་སོགས་དུས་དེང་སང་བཤད་པ་ཙམ་མ་གཏོགས་མཐའ་ཕྱི་རྡོས་བརྡུང་སར་སླེབ་མི་འོང་བས་རེ་ཞིག་ཆ་ལ་ཞོགརྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང༌། མི་འགྱུར་བའི་བདེ་བ་ཟུང་འཇུག་གི་ལམ་གྱིས། ཆོས་དབྱིངས་བདེ་གཤེགས་སྙིང་པོ་ལ། གཉིས་མེད་རོ་མཉམ་དུ་བཅང་འཇུས་ཐུབ་ན། དེ་ལ་འདུས་མ་བྱས་ཀྱི་དགེ་བ་ཟེར་བ་ཡིན། དེ་ཡོད་བའི་ཐབས་ཐུན་མོང་མ་ཡིན་པ་ཚོ་ལའང་མ་བྱས་པའི་དགེ་བའི་མིང་འདོགས་པ་ཡིན། སྡིག་སྤོང་དགེ་བ་སྒྲུབ་པ་ཅིག་ནི་ལོས་དགོས། ཕྱག་རྒྱ་ཆེན་པོའི་ངང་ནས་མི་ཆུང་ཅིག་སོང༌། གཉིས་ཀྱང་ཐལ། ད་དུང་བཏང་གི་ཟེར་བ་དེ་འདྲ་དམྱལ་བའི་འགྲམ་རྡོ་རང་ལགས་མོད། དེ་མིན་ངེས་འབྱུང་སོགས་གཞན་གྲོགས་སུ་ཡོད་ན་དཔལ་ཡིན། མེད་ཀྱང་འདུས་མ་བྱས་ཟུང་འཇུག་གི་དགེ་བ་ལ་ཐམས་ཅད་ཚང་བས། ཁོ་ཅིག་ཆོག་རྒྱལ་པོ་གནམ་ལྕགས་ཐོག་དང་འདྲ། སེང་གེ་རལ་པ་ཅན་ལ་གཅན་གཟན་གཞན་གྱི་གྲོགས་ཡོད་ཀྱང་བཟང་སྟེ། མེད་ཀྱང་རང་གཅིག་པུས་མི་ཕྱུགས་ཐམས་ཅད་འདེད་ཐུབ་པ་ཡིན། དཔའ་བོ་སྟོང་ཐུབ་དེ་ལམ་ལ་འགྲོ་ན་རང་གཅིག་པུས་ཆོམ་རྐུན་ཐམས་ཅད་འཇོམས། གྲོགས་ཟླ་བོ་བྱུང་ན་ཕར་ལ་གྲོགས་
ཀྱི་འཇིགས་པ་སྐྱོབ་པ་ཡིན། ཁོ་ལ་འཇིགས་པ་སྐྱོབ་མཁན་མི་དགོས། ཟུང་འཇུག་ཆེན་པོའི་ལམ་འདི་བསྒོམ་ན། འདུས་བྱས་ཀྱི་དགེ་བའང་འདུས་མ་བྱས་པའི་དགེ་བར་གནས་འགྱུར་བ་ཡིན། མཐར་ཐུག་གི་ཆོས་འདི་ཡར་ལ་ཆོད་འགྲན་ཟླ་གང་ཡོད། གཞན་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་བཞེང་བ། སངས་རྒྱས་དང་འཕགས་མཆོག་རྣམས་ཀྱི་བཀའི་གླེགས་བམ་འདྲི་བ། ཆོས་སྐུའི་མཆོད་རྟེན་བཞེངས་པ། མདོ་རྒྱུད་དང་ཐེག་ཆེན་འཕགས་པའི་གསུང་ལ་ཐོས་བསམ་བྱེད་པ། ཡི་དམ་གྱི་ལྷ་སྒོམ་པ། གཟུངས་སྔགས་ཟབ་མོ་བཟླ་བ། ཐ་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་སོགས་ལ་བལྟས་ཤིང་ཕྱག་མཆོད་བྱེད་པ་རྣམས་ཀྱང་འདུས་བྱས་ཀྱི་དགེ་བ་ཏ་ཡིན། ཆེ་ཆུང་གང་བྱེད་ཀྱང༌། དེ་བཞིན་གཤེགས་པ་ཉིད་དང་ཆོས་ཀྱི་སྐུ་ལ་དམིགས་པ་ཡིན་པའི་ཕྱིར། ངེས་འབྱུང་སྙིང་རྗེ་སྟོང་ཉིད་སོགས་ཀྱིས་ཟིན་ན་ཨ་ཅང་ཆེ། མ་ཟིན་ཀྱང་དུས་ལན་ཅིག་མི་རིང་བར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་གྲུང་པོ་འཆུག་པ་མེད་པ་དེ་ཡིན། མུ་སྟེགས་བྱེད་ཚོ་ཡང་བྱེད་པ་པོ་པ་ར་མེ་ཤྭ་རའི་སྐུ་གཟུགས་ཅིག་བཞེངས་ན། བསོད་ནམས་སྟོང་ཕྲག་བཅུ་ཐོབ་ཟེར་ན། སངས་རྒྱས་བྱང་སེམས་ཀྱི་རྟེན་གསུམ་བཞེངས་པ་ལ་ཡོན་ཏན་མཐའ་ཅི་ཡོད། ཁོང་མུ་སྟེགས་པའི་གྲྭ་པ་ཕལ་པ་ཚོ་ཡང༌། དད་པ་དེ་ཙམ་དུ་
ཡོད་ན། རང་རེ་བོད་ཀྱི་ནང་པའི་དགེ་བཤེས་ཚོ་ལའང་ཁ་བཤད་ཁོ་ན་མ་གཏོགས་ལག་ལེན་དུ་དད་པ་བཙལ་ཡང་མི་རྙེད་པ་འདི་འདྲ་ཡི་རེ་མུག་ན། དཀོན་མཆོག་སྤྱི་ལ་དད་པ་ཡེ་མེད་ན། ཤ་ཁྲག་དང་བཤང་གཅིས་གང་བའི་མི་གཅིག་རྫོང་རྫོང་བྱས་བཞག་ཐལ་མོ་སྦྱར་སྦྱར། མིག་བཙུམ་བཙུམ། མཆུ་སྨེག་སྨེག་བྱེད་པ་སྐད་བྱེད་པ་ནི་རྫུན་པོ་ཆེ་གཅིག་གིས་མི་གཅིག་མགོ་སྐོར་མི་གཅིག་མགོ་འཁོར་བས་ཡོ་འགོ་འཁོར་ཟེར་བ་དེ་ཡིན། གསང་བསྔགས་རྡོ་རྗེ་ཐེག་པའི་དབང་རྒྱུད་མན་ངག་གི་བཀའ་དྲིན་ཐོབ་པ་ཡིན་ན་ནི་མ་གཏོགས་སོ། །འཕྲོས་དོན་ནོ། །ཡང་དཀྱུས་ལ་འཇུག་སྟེ། སླར་ཡང་རྩེ་ནས་འབོད་མཁན་གནང་བྱུང་བ་ལྟར། ལམ་ཁ་ཆུ་བྱང་ལ་བརྒྱུད། རི་བོ་གྲུ་འཛིན་གྱི་གདོང་དེར་ཡོལ་མོ་སྤྲུལ་སྐུ་མཆེད་ངེད་འཕྲད་པར་ཕེབས་བྱུང༌། ཡོལ་མོ་བ་རྒྱལ་པོ་ལ་བརྟེན་པའི་གནོད་པ་ཐུ་བ་ཅིག་ཡོང་གིན་འདུག་པས་སྐྱབས་འཇུག་བྱེད་དགོས་གསུང་གིན་འདུག རང་རེ་རྒྱལ་སྲས་ཐོགས་མེད་པ་ལ་མོས་པའི་ཁུངས་ཡིན་པ་ལ། དེ་སྔ་སྐུ་འདྲ་བྱིན་རླབས་ཅན་དེ་འཁྲིས་སུ་བཞུགས་ཀྱང་མ་མཇལ་བ་དེ། དད་པ་ཁ་ཙམ་ཚིག་ཙམ་གྱི་མེ་ཁམས་སུ་སོང་འདུག་སྙམ་རང་ལ་རང་གིས་ཁྲེལ་བ་ཅིག་ཀྱང་བྱུང༌། དངུལ་ཆུ་ཆོས་རྫོང་དུ་ཕྱིན། སྐུ་འདྲ་ལ་
ཕྱག་མཆོད་སྨོན་ལམ་ཡང་གང་འགྲུབ་བྱས། འདྲ་སྐུ་རང་ཡིན་ཟེར་ཡང་ཟེར་ཡིན་ཡང་ཡིན་ཡོད་པར་འདུག ཞིབ་ཏུ་བརྟགས་ན་སྐུ་བཞུགས་དུས་ཀྱི་རྣམ་ཆ་ཡང་ངེས་པར་འདུག་ཅིང༌། ངེད་ཀྱི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྗེ་དཔལ་ཆོས་པ་དེའི་ཞལ་རས་རང་འདྲ་བ་ཅིག་ཡོད་པར་འདུག ཞབས་པུས་ལ་མགོ་བོས་གཏུགས་ཤིང་གསོལ་བ་བཏབ་པས། མོས་གུས་དང་སྙིང་རྗེ་འབྲེལ་བའི་མཆི་མ་རང་དབང་མེད་པར་འཁྲུག་པའི་ཉམས་བཅོས་མ་མིན་པ་ཅིག་བྱུང༌། ལར་སྣང་བ་ཅུང་ཟད་འགྱུར་ནུས་པ་དཀྱུས་མ་མིན་པ་ཅིག་འདུག ཁོང་གི་རྣམ་ཐར་ལ་འཇུག་པའི་སྨོན་ལམ་ཡང་ཡང་བཏབ་སྟེ། མོས་བློ་མ་དོར་བ་ཙམ་མ་གཏོགས་ཚེ་འདི་ལ་ནི་མི་འགྲུབ་པ་འདི་ཁར་གདའ། ད་དགོས་སྒྲུབ་པ་སྐད་བྱས་ཀྱང་ཡུན་རིངས་མེད་ཡོད་པས་བློ་སྣ་མང་བར་ཐལ། སྐྱེ་བ་འདིའི་ཕྱི་མ་ཅིག་ལ་ནྀ་དེ་ལས་ཀྱང་མི་འགྲུབ་པ་ཅིག་འདུག འོན་ཀྱང་ཞིང་ཁམས་རབ་འབྱམས་སུ་དུས་མཐའ་མེད་པའི་བར་དུ་སྒྲུབ་པ་ཡིན་ནོ། །དེའི་སང་ཉིན་ལམ་དུ་ཆས། དར་སྡིངས་ནས་དང༌། ཞབས་དྲུང་ཤུན་པའི་མགྲོན་གྱིས་ལམ་འགོར་ཆེ་བ་ཅིག་བྱུང༌། རིམ་པས་བསམ་འགྲུབ་རྩེར་འབྱོར། དབང་དཀའ་རྗེས་གནང་རྐྱེན་སེལ་སོགས་དཀྱུས་ལྟར་ཕུལ། དེ་ལོ་སེར་སོག་ཉིན་ཅིག་མ་ཅིག་ཀ་མཛད་སོང༌། སྔ་སོར་ལི་མ་ལྷ་ཁང་རྒྱ་བཀྱེད་པ་གནང་བའི་ཞལ་གཟིགས་ཕྱོགས་སོགས་
ཐམས་ཅད་ནས་ཟལ་བ་རང་བྱུང་འདུག ཐོགས་མར་ཁང་པ་ལ་རབ་གནས་དང༌། དེ་རྗེས་ལི་མ་རྣམས་ལའང་ངོས་འཛིན་ཞིབ་པར་བྱས་ནས་ཡི་གེར་འདེབས་པ་གནང༌། རྟེན་བསྒྲིགས་མཆོད་ཤོམས་ལེགས་པར་གྲུབ་ནས་ཀྱང། རྟེན་གྱི་ངོ་བོའི་སྒོ་ནས་རབ་གནས་མི་དགོས་ཀྱང༌། མཆོད་ཤོམས་སྤྱི་དེ་ལ་རབ་གནས་མདོར་བསྡུས་ཅིག་བྱས། མགོན་ཁང་འོག་ན་ཕུར་པའམ་རྙིང་མ་ལྷ་ཁང་ཡིན་ཕེབས་པ་ཅིག་འདུག་པ་དེ་ལའང་ཉིན་གཅིག་རབ་གནས་བྱས། གསེར་མདོག་ཅན་གྱི་དགེ་འདུན་རྣམས་སྐུ་རིམ་ལ་ཕེབས་པ་ལའང་ཆོས་འབྲེལ་དང༌། ཐར་པ་བ་རྣམས་ཆོས་བར་ལའང་བྱོན་པའི་ཐོགཐོག་མར་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་འཁྲིད་ཟླ་གཅིག་ཙམ་བཤད། བྱམས་པ་ནས་བརྒྱུད་པའི་སེམས་བསྐྱེད་བྱས། དེ་རྗེས་དཔལ་འཁོར་ལོ་བདེ་མཆོག་ནག་པོ་ཞབས་ལུགས་ཀྱི་དབང་བཞི་རྫོགས་ཚོགས་པ་ཐམས་ཅད་ལ་བསྐུར་ཞིང་སྡེ་སྲིད་ཀྱིས་ཀྱང་གསན། ཡང་ཐར་པའི་གྲྭ་པ་བྱེད་ལ་གསང་འདུས་འཕགས་ལུགས་དང༌། ཕྱེད་ལ་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་དབང་བསྐུར་ཡང་བྱས། བསམ་སྡིངས་པའི་ཚོགས་པ་བྱོན་པ་ལའང་བདེ་མཆོག་ལྷ་ལྔ་དང༌། ཆོས་དྲུག་དང༌། མགོན་པོ་དཀར་ནག་སོགས་ཤངས་ཆོས་ཅི་རིགས་པ་བཤད། བྱི་རི་སྟག་རྩེ་ནས་ཡིན་པའི་བསྟན་འགྱུར་གསེར་མ་ཞིག་དང༌། ཞལ་
ཐང་མང་རབ་ལ་རབ་གནས་ཉིན་ཅིག་མ་ཅིག་ཀྱང་བགྱིས། སྔ་ཕྱིར་ལྷུན་གྲུབ་སྒང་བ་མ་ཆེན་དང༌། རབ་བརྟན་ལགས་དང༌། བསོད་ལྷུན་རྣམས་བཙོན་དོང་དུ་འདས་པ་ལ། ཁོང་ཚོའི་ཆོས་མཛད་བཀྲ་ཤིས་ལྷུན་པོ་ན་ཡོད་པ་འདིས་རེ་རེ་བཞིན་བསྔོ་རྟེན་དང༌། རྟག་བརྟན་དུ་མང་ཇ་རེ་བྱུང༌། རེ་ཞིག་དེ་སྐོར་ཚང་བའི་ལུགས་སུ་བྱས་ནས། སླར་ཡང་ཡར་ལམ་བྱང་ཁ་བརྒྱུད་ནས་འོངས། ལར་ངེད་ཀྱིས་ཆུ་ལྷོ་བྱང་འདི་དག་ཐགས་སུ་བཏག་པ་ལ་རེ་རེ་བཞིན་གྱི་ལོ་རྒྱུས་སྨོས་རིན་མི་ཆོག་ལང་ཡང་མི་ལང༌། འཇག་པ་སློབ་དཔོན་བླ་མ་ལུང་རིག་པའང་ངེད་དང་སྡེབ་ནས་ཡོད། སླར་སྟག་ལུང་རིན་པོ་ཆེ་ཕེབས་ཕེབས་ཐུབ་འདི་ཁར་ཆོས་ཞུ་སོགས་ལ་སྡད། ཇོ་ནང་པའི་བསྟན་པ་ལ་མོས་ཞེན་ཆེ་བ་རང་ཡོད་འདི་སྐབས་ངེད་རྟག་བརྟན་དུ་ཞག་འགའ་ཤས་བསྡད། ངལ་གསོ་ཙམ་མ་གཏོགས་འདི་བྱས་མེད། ལོ་དུས་ཀྱི་འཁྲིད་མོ་ཆེ་འཇུགས་པར་ཉེ་བས། དཔལ་གྱི་རི་ཁྲོད་དུ་ཕྱིན། ཉང་སྟོད་ནས་མཁན་ཆེན་ཀུན་དགའ་ལུང་རིག་པའི་དྲུང་གིས་སྦྱོར་དྲུག་གི་འཁྲིད་ཡིག་ལ་ཉེར་མཁོའི་ལྷན་ཐབས་ཞིབ་པ་ཅིག་དང༌། རྒྱུད་ཀྱི་སྤྱི་དོན་ཞིག་འབྲི་དགོས་གསུང་བ་སྔ་རོལ་ནས་ཡོད་ཀྱང༌། རང་རེ་དུས་རྒྱུན་དུ་ལེ་ལོ་རྣམ་གཡེང་གཉིས་དང་འགྲོགས་པས་ཕྱི་བཤོལ་ལ་སོང༌། འདི་སྐབས་ཁྲིད་ཀྱི་ལྷན་ཐབས་དེ་གྲུབ་ན་ད་རེས་བསྐུར་གསུང་བ་འདུག་ཀྱང༌། དེ་གོང་མ་གྲུབ་པས་དེ་ལོ་འཁྲིད་ཅིག་གནང་རྒྱུར་འདུག་པ་ལ་ཕན་ཐོགས་པར་མ་བྱུང་ཡང༌། དེ་འཕྲལ་
ནས་རྩོམ་པའི་འགོ་བཙུགས་ཏེ་དུས་འཁྲིད་ཀྱི་ངོ་སྒང་ལ་གྲུབ་ཚོགས་ཆེ་རབ་བྱུང༌། སྦྱོར་དྲུག་ཇོ་ལུགས་འཆད་པ་རྣམས་ལ་མཁོ་བར་འོང་བ་ཡོད། ཀ་བཞི་སྤྲུལ་པའི་སྐུ་ལའང་ཟུར་དུ་ཆོས་ཅི་རིགས་དང༌། སེམས་ཕྱོགས་ཀྱི་སྐོར་ངོ་སྤྲོད་ཅི་རིགས་ཀྱང་ཕུལ། དུས་ཁྲིད་ཀྱང་སྔར་རྒྱུན་ལྟར་ལེགས་ལམ་རྒྱ་ཆེ་བར་བཤད། དེ་ནས་འབྲུག་ལོ་གསར་བའི་དུས་ཐོག་ཡིན། སྟག་ལུང་ནས་ཞབས་དྲུང་རིན་པོ་ཆེ་ཡང་འདི་ཕྱོགས་ཆོས་གསན་ པ་ལ་ཕེབས་པའི་དགོངས ་བརྟད་ཀྱི་བཀའ་ཤོག་བསམ་འགྲུབ་རྩེར་འབྱོར། རྟག་བརྟན་དུ་སླེབ་འཕྲལ་ནས་གདན་འདྲེན་པ་གཅིག་བཏང༌། འཁྲིད་གཏོར་སོགས་ཀྱི་ཐོག་ཏུ་ཕེབས་ཐུབ་བམ་སེམས་པ་བྱུང་ནའང༌། མ་ཕྱོགས་ཧོར་གསེབ་ཏུ་འཕྲིན་ལས་གསར་སྐྱེས་འདྲས་ཅུང་ཟད་འགྱངས། འཁྲིད་གཏོར་གྱི་གོང་ཙམ་དུ་འབྲི་མཚམས་ནས་རྗེ་ཡེ་ཤེས་རྒྱ་མཚོ་བ་འབྱོར་བྱུང༌། སྒེར་དུ་ཆོས་ཐན་ཐུན་འདྲ་ཡང་ཚུགས། ཁྲིད་གྲོལ་མཚམས་ནས་གསེར་མདོག་ཅན་གྱི་ཁམས་པ་འདྲ་དང༌། བསམ་སྡིངས་པ་སོགས་འགའ་ཞིག་ལ། ནི་གུ་ཆོས་དྲུག་གི་ཁྲིད་ཅིག་ཀྱང་བྱས། དཔལ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་དང་དཀྱིལ་ཆོག་ཞིག་ཀྱང་བརྩམས། སྟག་ལུང་རིན་པོ་ཆེ་ཡང་བསམ་འགྲུབ་རྩེར་ཕེབས་ཟིན། འདི་ཕྱོགས་ཕེབས་པའི་དུས་དང་ཉེ་བར་འདུག་ནས། ཧོར་ཟླ་གཉིས་པའི་ཉེར་བདུན་ལ་རྟག་བརྟན་དུ་སླེབ། གྲབས་ཡུལ་འདྲའི་ཁུངས་ནས། རྗེ་ཡེ་ཤེས་དྲུང་ལ་འཇིགས་བྱེད་སྐྱོ་ལུགས་ཀྱི་ཞི་དྲག་གི་དབང་ཡོངས་
རྫོགས་སོགས་ཆོས་བཀའ་ཅི་རིགས་པ་བྱས། ཧོར་ཟླ་གསུམ་པའི་ཚེས་དགུ་ལ་དཔལ་སྟག་ལུང་པ་དཔོན་སློབ་རྣམས་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་དུ་ཕེབས། དེ་ཉིན་ཕེབས་སྤྲོ་གང་བཟབ་བྱས། སང་ཉིན་ཚེས་བཅུ་ལ། སྐུ་སྐྱོས་ཚུལ་གྱི་ངེད་ལ་འབུལ་གནང་རྣམས་ཀྱང་མཛད། དེ་ཉིན་ཀ་ཆོས་འབྲེལ་ཐོག་མ་ཚེ་དཔག་མེད་དཀར་པོའི་རྗེས་གནང་ཙམ་ཕུལ་ནས། ཚེས་བཅུ་གཅིག་ནས་བརྩམས་ཏེ་ཆོས་བཀའ་རྣམས་གྲངས་མང་བ་རང་བཙུགས། དགོངས་བཞེད་ཀྱི་གཙོ་བོ་སྦྱོར་དྲུག་དང་ལམ་འབྲས་ཀྱི་སྐོར་སྔར་མ་གསན་འདུག་པ ་དང༌། ནཻ་གུ་རགས་རིམ་ཙམ་གསན་འདུག་ཀྱང༌། ཤངས་ཆོས་ཡོངས་རྫོགས་ཅིག་དགོས་པ་འདུག་པ་དང༌། གཞན་དབང་ལུང་མང་རབ་དང་བཅས་པ་དགོས་པ་འདུག་པས། ཤངས་ཆོས་ཡོངས་རྫོགས་དང༌། སྦྱོར་དྲུག་དང༌། ལམ་འབྲས་གསུམ་པོ་ཚུགས་པ་དང༌། གྲོལ་བ་ལ་དུས་སྔ་ཕྱི་ཞག་ཅི་རིགས་ཀྱི་ཁྱད་མ་གཏོགས་མཉམ་འཛུགས་བྱས། དེ་ཡང་ཤངས་ཆོས་ལ་རྒྱུད་སྡེ་ལྔའི་དབང་ཆེན་མོ་དང༌། གཞུང་བཀའ་ཉེར་ལྔ་དང༌། རྣམ་འཇོམས་གསང་སྒྲུབ་ཕྱག་རྡོར་ཛ་ལི་མ་སོགས་དབང་བཀའ་ཐོར་བུ་མང་པོ་དང༌། གསེར་ཆོས་ལྔའི་ཁྲིད་དང༌། འཁྲིད་ཆུང་བ་བདུན། སུ་ཁའི་ཆོས་སྐོར་ཡོངས་རྫོགས། ལུང་བཀའ་སྔར་གསན་པ་རྣམས་ཐོག་མཐའ་བར་གསུམ་ར་དང༌། མ་གསན་པའི་ལུང་རྣམས་རྫོགས་པར་ཕུལ། བདེ་མཆོག་ལྷ་ལྔ། སྒྱུ་ལུས་དབང་མོ་ཆེ། ཆོས་དྲུག་
གཞུང་གི་འཁྲིད་རྣམས་དཔོན་སློབ་བྱེས་པ་རྣམས་ཀྱི་སྟེང་དུ་གཞན་ཡང་ཅི་རིགས་དང་བཅས་པའི་ཉིས་བརྒྱ་ལྷག་ཙམ་ལ་དཔལ་ཆེན་ལྷ་ཁང་དུ་བཤད། དུས་འཁོར་ལ་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། བྱིས་པ་འཇུག་པའི་དབང་བདུན་དང༌། དབང་གོང་མ་བཞི་རྣམས་བྱེས་པ་དཔོན་སློབ་ཐམས་ཅད་དང་རྟག་བརྟན་གྱི་གྲྭ་པ་གསར་པའི་རིགས་དུས་འཁོར་ཡོངས་རྫོགས་ཀྱི་དབང་མ་ཐོབ་པ་ཐམས་ཅད་ལ་བྱས། སྐུ་དངོས་སུ་གྲྭ་ཚང་གི་སློབ་དཔོན་སོགས་ཕྱག་ཕྱིར་ཡོད་པ་ལ། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཡོངས་སུ་རྫོགས་པ་དང༌། གེགས་སེལ་འཁྲུལ་འཁོར་ངོ་སྤྲོད་རྣམ་བཞི་སོགས་མཐའ་རྒྱས་རང་དུ་ཕུལ། ལམ་འབྲས་ལ་གཞི་བྱེས་འདྲེས་པའི་ཞུ་མཁན་སུམ་ཅུ་ཙམ་ཡོད། རྒྱུ་དབང་ཡབ་བཀའ་ཡུམ་བཀའ་གཉིས། ལམ་དབང་དང༌། བདག་མེད་མའི་བྱིན་རླབས་ཆེན་མོ། ལམ་ཟབ་ཕྱི་ནང༌། བིར་སྲུང་ཕྱི་ནང༌། བླ་མ་རིན་འབྱུང༌། བརྡ་ཆིག་བརྒྱུད། རྣམ་འཇོམས་བིར་ལུགས། བརྡ་དོན་གསལ་བ་སོགས་དབང་བྱིན་བརླབས་ཀྱི་བཀའ་ཕལ་ཆེར་ཡང་གྲུབ། ལུང་བཀའ་ཡིག་སྣ་དྲུག་བཅུ་དང༌། ཕྲ་མོའི་པོ་ཏི་བརྒྱུད་པའི་རྣམ་ཐར་རྣམས་རྫོགས་པར་སོང༌། ལམ་སྐོར་ཕྱི་མ་བདུན་གྱི་འཁྲིད་ངག་ཐོག་ནས་ཕུལ། ཨིནྡྲ་བོ་དྷིའི་སྐོར་དང་བཅས་པ་བརྒྱད་ཆར་གྱི་ལུང་དང༌། ཕྱག་ཆེན་ཡི་གེ་མེད་པའི་བྱིན་རླབས་རྣམས་ཀྱང་སོང༌། མཚོ་སྐྱེས་ལུགས་ཌོཾ་བི་ལུགས། མཚོན་ཆ་ཅན། དགྲ་ནག་ཞང་ལུགས་སོགས་དབང་ཟུར་བཀའ་དང༌། བྱིན་རླབས་
རྗེས་གནང་དང་མ་ཧཱ་མཱ་ཡའི་ཁྲིད་སོགས་མང་རབ་ཕུལ། འདི་ཀའི་རིང་ལ་གསེར་མདོག་ཅན་ནས་བྱོན་པ་སོགས་བསྙཻན་རྫོགས་སྒྲུབ་མཁན་ཡང་མང་དུ་བྱུང༌། སྡེ་སྲིད་ཀྱི་ཕྱག་ནས་སྒྲོལ་མ་གཙོ་མོ་རྐང་གང་ཙམ་དང༌། འཁོར་འཇིགས་པ་བརྒྱད་སྐྱོབ་དང༌། བཅོམ་ལྡན་འདས་མ་བསྐུལ་བྱེད་མའི་སྐུ་གཉིས་སོགས་ལ་གསུང་ཕེབས་ལྟར་གཟུངས་བཞུགས་རབ་གནས་བཟབ་སྟེ་བྱས། ཆོས་ལུང་བྱང་རྩེའི་གནས་མཇལ་གྱི་དགོངས་བཞེད་དང་བསྟུན། ངེད་ཀྱིས་ཀྱང་ཕྱིན། ཆོས་ལུང་དུ་ནག་པོ་རིམ་བཞི། དྲིལ་བུ་རིམ་ལྔ། ལཱུ་ཧི་པའི་འཁྲིད། གདན་བཞིའི་ཁྲིད། ལམ་འབྲས་དང་འབྲེལ་བར་གྲགས་པའི་རྣལ་འབྱོར་དབང་བསྐུར། དཔལ་མགོན་པོའི་རྗེས་གནང༌། ལུང་བཀའ་མང་པོ་དང་བཅས་པ་ཕུལ། ཕྱི་ནང་གི་རྟེན་མཇལ་ཐམས་ཅད་ཀྱང་ཞིབ་མོར་མཛད། ཡང་ཟླ་བ་ལྔ་པའི་ཚེས་བཅུ་བཞི་ལ་རྟག་བརྟན་དུ་འཁོར། གསང་འདུས་རིམ་ལྔ་མར་ལུགས་ཀྱི་འཁྲིད་དང༌། རང་རེའི་རྩོམ་རྣམས་ཀྱི་ལུང་དང༌། དུས་འཁོར་སྡོམ་ཆེན་གྱི་དབང་བཀའ་རྣམས་སྐུ་རྐྱང་ལ་ཕུལ་ཞིང༌། དཔོན་སློབ་སྤྱི་ལའང་རྔོག་ལུགས་ཀྱི་བསྲེ་འཕོ་ལམ་དགུ་སྐོར་དང་བཅས་པའི་མགྱོགས་འཁྲིད་དང༌། ཕྱག་གཡོག་དང་གྲྭ་ཚང་བ་རྣམས་ཀྱིས་ནན་ཆེན་པོ་རང་བྱས་པའི། མགོན་པོ་ཕྱག་བཞི་པའི་རྗེས་གནང་སྟག་ལུང་བའི་ལུགས་དེ་ཁོང་ཚོ་མང་པོ་ཅིག་ལ་བྱེད་དགོས་བྱུང༌། སྟག་ལུང་རིན་པོ་
ཆེས་ངེད་ལ་བསྟོད་པ་བསྟན་བཞུགས་ཀྱི་ཚིག་ཏུ་སྤེལ་བ་ཅིག་ཀྱང་ཐུགས་རྩོམ་མཛད། གདན་དང་གནང་སྦྱིན་སོགས་གནང་བའི་བརྟན་བཞུགས་ལེགས་ལམ་ཆེ་བ་གནང༌། དེ་རྗེས་ཕར་ལ་ལྷ་དཀར་པོ་གསུམ་པ་ཅིག་གི་རྗེས་གནང་ཡང་ཕུལ། དཔོན་སློབ་ཀུན་ལ་ཅི་ཙམ་བཞུགས་པའི་རིང་ལ་གསོལ་ཆས་ཉེར་མཁོ་ཆིབས་དྲེའུ་སོགས་ཐམས་ཅད་ནས་མཐུན་རྐྱེན་འཇོམས་པ་ཡོན་བདག་གི་སྙན་དཀྲོག་མི་དགོས་པ་དང༌། སློབ་དཔོན་སོ་སོ་ཐམས་ཅད་དུ་གདབ་ལན་ཡང་བཟང་བར་ཕུལ་བས་དགྱེས་ངེས་ཤེས་པ་བྱས་སོ། །དེ་མཚམས་ཀ་དཔལ་སྟག་ལུང་པ་དཔོན་སློབ་རྣམས་ཀྱང་རིམ་པས་ཤར་ཕྱོགས་སུ་ཕེབས་བཞུད་གནང་སོང༌། དེ་ལྟར་ཟླ་བ་ཕྱེད་དང་གསུམ་དུ་ཉེ་བ་ཅིགགཞི་བྱེས་ཐམས་ཅད་ཉིན་མཚན་ཆོས་ཀྱིས་འདའ་བར་བྱུང༌། ཁོ་བོ་རང་བཞིན་ཁམས་ངན་ཅིང༌། རླུང་ཁམས་ཀྱིས་ཡང་ཡང་ན་ཡོང་བ་ཡིན་ཀྱང༌། དེ་ཁའི་རིང་ལ་ཁམས་ཀྱང་བཟང་བ་རང་བྱུང༌། ལས་འབྲེལ་རྣམ་པར་དག་ཅིང་དམ་གཙང་བའི་རྟགས་ཅིག་ཅིས་ཀྱང་ཡིན་པ་འདུག འདི་སྐབས་ཀྱང་ཞིག་གསོས་ཕྲན་བུ་བྱེད་ཀྱིན་ཡོད། དེ་རྗེས་མཆོད་རྟེན་ཁང་བརྩེགས་མ་ཆེ་ངེས་པ་ཅིག་ཀྱང་བཞེངས། ལོ་རེ་བཞིན་གྱི་ཚ་ཚ་རྣམས་བཞུགས་པར་བྱས། འཆི་བདག་དབྱུག་འཛིན་གྱི་སྒྲོལ་མ་ཞེས་ཀྱང་བྱ། འཆི་བ་སླུ་བའི་སྒྲོལ་ལྗང་གི་གསེར་སྐུ་མི་ཚད་ལས་ཆེ་ངེས་པ་ཞིག་བཞེངས་ཡོད་པ་
འདི་ཡང་སྔ་མ་ཡོས་ལོའི་ནང་དུ་གྲུབ་པ་བསམ་པ་ཡིན་ཀྱང༌། བཟོ་བོ་རྣམས་ཟར་དུ་འགྲོ་དགོས་བྱུང་བས་ཅུང་ཟད་འགྱངས། སྔར་བཞེངས་པའི་བདུད་འདུལ་སྒྲོལ་མ་དང༌། རྒྱལ་བ་ཚེ་དཔག་མེད་དང༌། ཡུམ་ཆེན་མོ་དང༌། ད་རེས་འདི་རྣམས་ལ་གཡུ་ཕྲ་མུ་ཏིག་རིན་པོ་ཆེའི་རིགས་སོགས། ལག་ན་ཐན་ཐུན་གང་ཡོད་རྣམས་ཕུལ་བས། ཕྲ་རྒྱན་ཕུན་སུམ་ཚོགས་པ་ཡོད། བཟོ་བོ་ལག་བདེ་ཤོས་རང་མི་འདུག་ཀྱང་ཞལ་རས་མཚར་ཞིང་ཚུགས་ཀྱང་བཟང་བར་བྱུང༌། འདི་སྐབས་སྒྲོལ་མའི་རྟེན་སྒྲིགས་གྲུབ། གཟུངས་བཞུགས་དང་ནང་གི་རབ་གནས་རྣམས་ཐོག་མར་བྱས། རྟག་བརྟན་ཚོགས་པ་ལའངསྡོམ་ཆེན་གྱི་དབང་དང༌། ཐེག་མཆོག་དབུ་མའི་ལེའུ་ལྔ་པའི་འཕྲོས་དང་དྲུག་པ་རྣམས་རྫོགས་པར་བཤད། འཆི་བ་བླུ་བའི་སྒྲོལ་མའི་སྐུ་ལ་དགོས་འདོད་སྩོལ་བའི་སྒྲོལ་མར་མཚན་གསོལ་ཅིང། སྔ་སོར་མགོན་པོ་ལྕམ་དྲལ་གྱི་ཟབ་སྐུ་ལ། རྟག་བརྟན་གྱི་དགེ་འདུན་རྣམས་ལ་རྟེན་མཇལ་ཙམ་མ་གཏོགས། ཡོངས་ལ་མཇལ་ཁ་གཏོང་བ་དེ་བརྟག་པ་ལ་མ་ཆུག་པས་བཞག་པ་ཡིན། སྐབས་འདིར་དགོས་འདོད་སྩོལ་བའི་སྒྲོལ་མ་དང༌། མགོན་པོའི་ཟབ་སྐུའི་རྟེན་མཇལ་དུས་གཅིག་ཏུ་བྱེད་པ་དང་ལྷན་དུ། སྔར་བཞིན་དགའ་སྟོན་སྐྱ་སེར་གྱི་ཚོགས་ཐམས་ཅད་ལ་བསྒྲུབས། ལྷུན་གྲུབ་སྒང་པ་བསྟན་འཛིན་དེ་སྐབས་ས་སྐྱར་གློ་བུར་དུ་འདས་འདུག ཁོ་པ་ཙམ་ལ་མངོན་སྤྱོད་ནི་བྱེད་རིན་ཡང་མི་ཆོགསྔར་ཁོང་རའི་སྔོས་སྔོས་ཏོག་
ཏོག་རང་གི་ཞེན་བྱེད་ས། འབྲུག་པ་དང་ཆོས་འཁོར་ལྷུན་པོ་བ་སོགས་ཀྱིས་ནི་ཁོང་རང་སྡུག་དུས་ཕན་བྲེ་གང་ཡང་མ་ཐོགས། སྔར་ཐུག་པ་ཅིག་ཀྱང་ཞུ་མ་མྱོང་བའི་བྲག་སྟོད་པས་སྡུག་དུས་སྐྱབས་བྱས་པ་ལ་དྲིན་ལོག་པར་གཞལ་བའི་ལ་ཡོག་ལོ་མ་འཁོར་བ་ལ་བྱུང་བ་དེ་ཡིན། ལར་ཁོང་པ་ལ་ནོར་ཆེན་པོ་ཡོད་འདུག་ཅིང༌། ཤི་རྗེས་ནོར་ཐམས་ཅད་ས་སྐྱ་རང་ནས་བཞེས་འདུག་པས། རྒྱུ་གང་ཡིན་ཡང་མི་ཤེས་པའི་རིགས་གཅིག་བྱུང་འདུག ནོར་ལ་མིག་ཉི་ཤོས་འདི་ཚོ་ཀ་ཞེད་པར་གདའ། འདི་སྐབས་ལྕགས་ཟམ་པ་རྗེ་དྲུང་རྟོགས་ལྡན་པ་ཡང་ཟས་ངན་བྱུང་ནས་གཤེགས་པའི་བསྔོ་རྟེན་ཡང་འབྱོར། དེ་རྗེས་ཧོར་ཟླ་བདུན་པའི་ནང་དུ། སྒྲུབ་གནས་ཆེན་པོའི་བླ་བྲང་རྙིང་པའི་གདོང་དེ་ན་ཐབ་ཚང་སོགས་ཁང་པ་སྐྱལ་སྐྱོལ་འཇིགས་ལ་ཁད་དུ་མ་འདུག་པ་རྣམས། ཐོག་མར་གཏོར་མ་རྒྱ་ཆེར་བཏང་ནས་ས་གཞི་ཐུབ་ཕབ། དེར་ས་ཆོག་གཞུང་དང་མཐུན་པར་བྱས། སྔ་གོང་ཇོ་ནང་གི་འདུ་ཁང་ལ་གཙང་ཁང་མི་འདུག་པས། དེར་ལྷ་ཁང་བཞེངས་ པ་ཡིན། སྒམ་པོ་སྤྲུལ་སྐུ་ལྕམ་སྲིང་ཀྱང་ཕེབས། བཞེང་དགོངས ་ལྟར་ཤངས་ཆོས་རགས་རིམ་ཆ་ཚང་དང༌། དབང་རྗེས་གནང་འགའ་ཤས་ཕུལ། ས་ཆོག་བྱེད་ས་དེར་འདུ་ཁང་དང་སྦྲེལ་བའི་གཙང་ཁང་ཀ་བཞི་མ་ཐོག་དཔངས་མཐོ་ངེས་དང༌། དེའི་
སྟེང་དུའང་དེ་དང་རྒྱ་ཁྱོན་མཉམ་པའི་ལྷ་ཁང་དང༌། འདུ་ཁང་གི་ཐིག་ཁང་ཁོར་ཡུག་ཀྱང་ཕལ་ཆེར་སྤོ་དགོས་དང༌། འདུ་ཁང་སྒོའི་བར་མཁྱམས་ཆེན་མོ་སྟེང་འོག་དང་བཅས་པ་ཕྱིའི་རྡོ་གཅལ། པ་ར་རྡོ་སྐས་སོགས་དང་བཅས་པ་ཡོད། བསམ་གཏན་གླིང་གི་ལྟག་ཏུ་ཡང་ལྷ་ཁང་ཀ་བཞི་མ། སྟེང་འོག་གཉིས་པར་འཁྱམས་དང་བཅས་པ་གྲུབ་པ་ལ་ཐེག་ཆེན་རྩེར་མིང་བཏགས། གཙུག་ལག་ཁང་ཆེན་མོའི་གཙང་ཁང་སྟེང་འོག་གི་ཞལ་བ་ཚུན་ཆོད་རྟེན་གཙོའི་ས་ཁྲི་དང་བཅས་པ་རྣམས་ཧོར་ཟླ་དགུ་པའི་ཟླ་སྟོད་ཚུན་ལ་གྲུབ། སྔར་སྒྲོལ་མའི་སྐུ་བཞེངས་གྲུབ་པའི་རྗེས་ཐོགས་ལ་ཀ་ཐུབ་པའི་དབང་པོའི་སྐུ་བརྙན་ཡང་བཞེངས་པའི་འགོ་བརྩམས་པ་ལྷ་ཁང་གྲུབ་མཚམས་དེ་ཡང་མི་རིང་བར་བཞེངས་གྲུབ་ནས། ཞག་ཤས་ཅིག་བགེགས་སྐྲོད་དང་བསྲུང་བ་བྱས་ནས། བཞུགས་སུ་གསོལ། རྟག་བརྟན་དུ་དཔལ་གུར་གྱི་མགོན་པོ་ལྕམ་དྲལ་གྱི་འཆམ་སྐུ་ཡང་བཞེངས། དཔལ་ལྡན་དཀྴད་ཆེན་པོའི་འཁོར་ཚོགས་འཆམ་པའི་གཏོར་ཆེན་གྱི་ཉིན་གཏིང་སྐྱེས་ནས་ཆོས་མཛད་མ་མཆེད་ཀྱང་བྱོན་པ་ཁོ་ཚོ་མི་ངོ་བརྒྱུད་ལ་ཆོས་སྐྱོང་འགོ་བ་ཡོད་ཟེར་བའང་འདྲ་རུང་བྱུང༌། གཏིང་སྐྱེས་པའི་མི་ངོ་ལྕམ་སྲིང་འདི་པ་ཡང་ཡང་ཕེབས་པ་ལ་བྱོན་རེས་དགོན་ཡས་མར་འདི་ཀུན་ཏུ་ཞབས་ཐོག་བཟང་ངེས་པ་སྟར་ཆགས་སུ་མཛད། འདི་སྐབས་བྱང་ངམ་རིང་ནས། དཔོན་ས་སྲས་ཡུམ་
དང༌། ཁྱད་པར་རྗེ་བཙུན་ངག་དབང་དྲུང་བར་སྐབས་མ་མཇལ་བར་ཡུན་རིང་རབ་སོང་བས། ངེས་པར་མཇལ་དགོས་འདུག་གསུང༌། ཞལ་ངོ་དཔོན་གཡོག་རྣམས་ཀྱང་ཕེབས་བྱུང༌། ཚེ་དབང་རྗེས་གནང་སོགས་འགའ་ཤས་དང༌། ནཻ་གུ་ཆོས་དྲུག་དབང་ཁྲིད་ཆ་ཚང་བཤད། དགོན་ཕུ་མདའི་རྟེན་མཇལ་རྣམས་ཀྱང་ཞིབ་རྒྱས་མཛད། རྗེ་བཙུན་ངག་དབང་དྲུང་ཡང་ཤིན་ཏུ་ཐུགས་ཡིད་ཆེས་ཕར་གྱུར། རྒྱང་ཙམ་བཞུགས་ནས་ཞལ་ངོ་དཔོན་གཡོག་བྱིང་རྣམས་སླར་ཡང་ཕྱོགས་ཐེགས་དེ་མཚམས་ཧོར་ཟླ་བཅུ་པའི་ཉེར་ལྔ་ལ། གཙང་ཁང་གསར་པར་ཐུབ་པའི་དབང་པོའི་སྐུ་བརྙན། རྒྱ་མཐོ་བཅུ་གསུམ་གྱི་ཚད་གཟུངས་བཞུགས་རྟེན་སྒྲིགས་སོགས་བྱས་ཤིང༌། དེ་ཉིན་ནས་ཀ་གཟུང༌། རྗེ་ཡེ་ཤེས་རྒྱ་མཚོ་ལ་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཆེན་པོའི་ཞིབ་བཤད་ངེས་ཏིག་ཅན་རྒྱུད་དང་གྲུབ་ཐོབ་ཀྱི་གཞུང་གི་ཁུང་དང་འབྲེལ་ལ། བླ་མ་དམ་པའི་མན་ངག་གི་སྙིང་པོ་ཅན། བྱིན་རླབས་ཀྱི་བཀའ་བབས་དཔག་ཏུ་མེད་པའི་མཛུག་ཁྲིད་ལག་བཅངས་མ། ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་དེའི་འགོ་བཙུགས། ཉི་མ་གསུམ་གྱི་ཁོངས་སུ་ཞལ་གསེར། སྤྱན་འབྱེད་ཚུན་ཚོད་རྟེན་གྱི་བྱ་བ་ཐམས་ཅད་གྲུབ། སྔར་གྱི་བདུད་འདུལ་སྒྲོལ་མ་སོགས་རྣམས་ལའང༌། ཚ་གསེར་ལ་གསེར་ཞོ་བརྒྱ་སྐོར་རེ་སོང༌། སྐུ་ཚད་ཆེ་ཆུང་གི་མང་ཉུང་ཕྲན་ཚེགས་རེ་ཡོད། ད་རེས་ཀྱི་སྟོན་པའི་སྐུ་བརྙན་འདི་ལ་ཉིས་བརྒྱར་
ཉེ་བ་ཙམ་སོང༌། ངེད་ཀྱི་སྔར་བཞེངས་པ་ཐམས་ཅད་ལ་སྐུའི་རྒྱབ་མདུན་ལ་ཁྱད་མེད་འབུལ་བ་དང༌། ཞལ་རས་སྐུ་གཟུགས་ཀྱི་གཙོ་བོར་འདུག་པས། སྐུ་ལུས་བྱིང་ལས་ཀྱང་ཚ་གསེར་འཐུག་པ་དང༌། དེ་སྟེང་གྲང་གསེར་འབུལ་བ་ཡིན། གྲང་གསེར་ལས་ཚ་གསེར་ལྔ་འདབ་དྲུག་འདབ་ཀྱི་རྒྱུ་འགྲོ་ཆེ་བས། ཞལ་རས་ལ་གྲང་གསེར་འབུལ་བའི་རྩིས་ཀྱི་ཟངས་དམར་དུ་འཇོག་པའི་སྲོལ་ཞིག་དུས་ཕྱིས་ཕལ་ཆེར་ལ་འདུག་སྟེ། བྱས་བློ་ཙམ་གྱི་གཡོ་ཟོལ་དུ་འདུག ཁག་ཆེ་ཤོས་ལ་གལ་ཆུང་བྱས་པའི་ཉེས་པ་ཅིག་ཀྱང་ཡོང་བ་འདུག བྱིངས་དང་འདྲ་བ་ཞིག་ནམས་ཀྱང་བྱེད་དགོས་སོ། །དེ་འཕྲལ་རབ་གནས་ཀྱང་ཚར་གཉིས་བྱས། སླར་ཟླ་བ་དཀར་བའི་སྐབས། ཚེས་བདུན་བརྒྱད་གཉིས་ལ་རབ་གནས་བྱེད་རྒྱུའི་སྟ་གོན་གྱི་ཉིན་ཆོ་ག་མ་ཚུགས་ཙམ་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་རྟེན་ཡིན་ངེས། བདེ་མཆོག་ལཱུ་ཧི་པའི་དཀྱིལ་ཐང་ཅིག་ངམ་རིངས་ནས་(རྗེ་བཙུན་དྲུང་གིས་)ངེད་རའི་ལག་ཏུ་ཕེབས་བྱུང་བས། རབ་གནས་ཀྱང་ལཱུ་ཧི་པའི་ཆོ་གའི་སྟེང་ནས་བྱས། དངོས་གཞིའི་ཉིན་ཆོས་སྡེ་ཡང་ཡར་ཕེབས། དགེ་འདུན་དང་སྒྲུབ་སྡེ་སྐྱ་སེར་ཤིན་ཏུ་ཚོགས་ཆེ་བ་ལ། དགའ་སྟོན་སྦྱིན་གཏོང་རྒྱ་ཆེར་བྱས། ཟླ་བ་བཞིའི་ཁུངས་སུ་དགེ་འདུན་དང༌། སྐྱེ་བོའི་ཚོགས་ཐམས་ཅད་ལ་རབ་གནས་དགའ་སྟོན་སྦྱིན་གཏོང་རྒྱ་ཆེ་བ་ལན་གཉིས་ལ། གྲབས་ཤོམས་ཡུན་རིང་
གི་དཀའ་ལས་རང་མ་དགོས། ངེད་བླ་ཆུང་ཡིན་ཏེ། བླ་ཆེན་དང་སྡེ་དཔོན་ཚོ་ལ་བལྟས་ཙ་ན་རྒོད་བྲོ་མོའང་གདའོ། །ལར་ནི་ཟང་ཟིང་ལ་འགངས་ཙམ་ཅི་ཡོད། འགངས་མེད་བྱས་ཀྱང་ཐམས་ཅད་དེ་ཀ་ལ་རྡིབ་ནི་འགྲོ་བ་ཅིག་འདུག དེ་བས་ཕཊ་ཅིག་རྒྱག་པ་དགའ་བ་ཡིན། ངེད་ནི་རྟེན་བཞེངས་ནས་མི་གཞན་གྱིས་སྙན་དར་ཨེ་འབུལ་བསམས་མིག་ཅི་རེ་བ་མ་བྱས། རབ་གནས་བྱས་མ་ཐག་ནས་རང་རེས་སྙན་དར་མང་དུ་སྦྲོན་པ་དེ། གསར་བཞེངས་ཀྱི་རྟེན་ཐམས་ཅད་ལ་ཡིན། འདིར་ཡང་ས་རྒྱན་གནམ་རྒྱན་ཚོ་ཡང་ཆ་འགྲིག་གྲུབ། སྔ་ཕྱིའི་རྟེན་བཞེངས་འདི་དག་ཐམས་ཅད་ལ་རབ་གནས་ཀྱི་རྗེས་ཀྱི་སྐབས་དེ་ཀར། བཟོ་བོ་རྣམས་ལ་ཡོན་བཅད་ཐང་མ་ལས་ལྷག་པ་རེ་སྤྲོད་པ། ངེད་ཀྱི་ཁྱད་ཆོས་ཡིན། ཁྱད་པར་སྔ་ཕྱིར་བཟང་སྐུ་བཞེངས་པ་ཐམས་ཅད་ལ། བཟོ་བོ་བལ་པོ་རྣམས་ལ་གསེར་རྐྱང་ཅི་འབྱོར་དང༌། ཁ་བསྐོང་ཡང་ཇ་གོས་དར་སོགས་གསེར་སྟེང་དུ་འགྲོ་ངེས་ཤེས་པ་ཁོ་ན་སྦྱིན། ཁ་མ་འབུད་དེ་འདྲ་ཡེ་མ་མྱོང༌། གཞན་དེང་སང་དད་པས་རྟེན་གསུམ་གཞོང་མཁན་ཅི་རིགས་ནི་ལོས་ཀྱང་ཡོད་ཡོང༌། སྤྱིར་ནི་རྟེན་གསུམ་བཞེངས་མཁན་ཤིན་ཏུ་ཉུང༌། ཡོ་བྱད་ཕལ་ཆེར་ཇ་ཆང་བཟའ་བཏུང་ལ་རྡིབ། ཕོ་རྒྱན་མོ་རྒྱན་འཆོ་ཟེར་ནས་ནོར་གྲུལ་བཏུབ་རྣམས་གྲུལ་མ་བཏུབ་ལ་གཏོང༌།
གོས་བསྣལ་མ་ཁྲ་ཆེམ་ཆེམ་གསར་གསར་རེ་ལ་སྙིང་པོར་འཛིན། བཙུན་པའི་ནོར་རྣམས་མི་ནག་པ་ལ་རྡིབ། མི་ནག་པ་དང་བླ་མའི་ནོར་རྣམས་སྡུག་འདྲེ་ལ་རྡིབ། ཡོ་བསྔོ་ནས་དམྱལ་བ་དང་ཡི་དྭགས་ལ་རྡིབ་པའི་ལེའུ་ཅིག་གདའ། ཆོས་བརྒྱད་ཀྱིས་རྟེན་གསུམ་ཐན་ཐུན་གཞོང་ན་ཡང༌། སྙོམ་ཆུང་གི་རིགས་ལ་གླེང་བརྗོད་བྱེད་ཐེས་མི་འདུག རྫུན་གཡོ་སྒྱུ་ཐན་ཐུན་ལ་ལྷུས་བླངས་པ་ཅིག་ཀ་ཡོད་སྲིད་ཀྱང༌། རང་ལ་མེད་ཙ་ན་དེ་ལས་ཐབས་མི་གདའ། འགའ་ཞིག་དགོན་སྡེ་ག་གེ་མོར་ཇེ་གེ་ཅིག་གཞོང་རྒྱུ་ཡིན་ཟེར་བའི་སྙད་ཀྱིས་སྡེ་དཔོན་བསྐུལ་བའི་ཚ་འཇུན་དབང་ཆེ་བྱས་ཏེ། ཚོང་འདུས་སོ་སོའི་གསེར་སྡོམ། ཟངས་སྡོམ། རིན་མ་སྤྲད་པར་དབང་ཆེ་བྱས་འཕྲོགམ་རབས་འབྲང་མ་གཙང་གི་སྤྱོད་པ་མངོན་སུམ་དུ་བསྟན་པ་ལ། ཁ་ཐོ་ནམ་མཁའ་ལ་འཕྱར། ལས་ངན་བྱ་བྱེད་ཅིག་གིས་རང་དང་ཡོན་བདག་སྡེ་དཔོན་གཉིས་ཀར་ལ། འཕྲོག་འཇོམས་ཀྱི་སྡིག་པས་ཕྱི་མ་ཕུང༌། མི་ཁ་ངན་པ་བསྡུས་པས་འདིར་ཕུང༌། མིག་ལྟོས་ངན་པ་དེ་བཙུན་པས་བསླབས་ཕྱིན། འཇིག་རྟེན་པ་རྣམས་ལོས་ཀྱང་བྱེད་དེ། ཚོང་ཟོང་སྡོམ་པ་དང་འཕྲོག་ཚོད་བྱེད་པའི་མིག་ལྟོས་ངན་པ་འདི་ཕྱིས་ཚུགས་པ་ཡིན། བཟོ་བོ་སོགས་ཀྱང་རང་གི་གཡོག་གམ་གྲྭ་རིགས་སམ། ཕྱོགས་ཞེན་ཅན་ཡིན་ན་དེར་ཟད། དེ་མིན་རང་གི་ལག་
ནས་འགྲོ་གང་ཆུང་རང་བྱེད། འདི་ལ་ཡོན་བདག་ག་གེ་མོས་ཡོན་རྫོངས་བྱས། ཆེ་གེ་མོས་ཕོགས་རྒྱབ་འདི་ཀ་རང་ནས་རྡོ་ལ་འཆིལ་མ་ཡང་རྒྱག་མ་དགོས་ཟེར་གིན་རང་གིས་དགེ་བ་ཅི་ཡང་མ་བྱས་པ་དེ་སྐྱོན་འབའ་ཞིག་ཏུ་འདུག་པ་ལ། དེ་ཤུགས་ཆེ་ཆེ་མོ། དབང་ཆེ་ཆེ་མོ། གཞན་ལ་དབང་འདུས་འདུས་མོའི་རྦད་ཤོད་ཀྱི་ཁུངས་ཀྱིས་ཐམས་ཅད་ལ་ངོམ་ངོམ་བྱེད། གཞན་གྱིས་བྱས་ནས་རང་གི་ངོ་སོ་བྱེད་དོན་མི་གདའ་བ། འདུག་ནི་བླུན་རྟགས་ཀྱི་གཏམ་དུ་འདུག་སྟེ། མི་ཕལ་ཐམས་ཅད་ཁས་དྲག་དྲག་དང་སེར་སྣ་ལ་དགའ་བས། གླེན་པ་རྣམས་ཀྱི་རྣེ་མཆོག་ཏུ་དེ་འཛུལ་བ་ཅིག་ཀྱང་གདའ། ཇི་སྐད་དུ། གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། ཞེས་པ་དེ་དངོས་སུ་བྱོན། འཕྲོག་འཇོམས་དང་གཞན་བསྐུལ་བ་འབའ་ཞིག་ལ་དམ་པའི་སྤྱོད་པར་བྱེད་པ་ཡང་ཡ་མཚན། ནོར་པོ་ཆེ་ཅིག་རང་ནོར་བསྡམས་ནས། ནོར་མེད་ཚུན་ཆོད་ལ་སློང་མོ་བྱེད་པ་འདི་ཡང་ཡ་མཚན། ལྟོགས་བླ་རྒྱ་ཆེ་ལ་རྣམ་གྲངས་མང་ཞིང་མཆུ་རྣོ་བ་ལ་མཉམ་པ་ཉིད་ཟེར་བ་འདི་ཡང་ཡ་མཚན། ཉིན་མཚན་ཆོས་བརྒྱད་དང་ཆགས་སྡང་འབའ་ཞིག་གིས་དུས་འདས་ནས་འབྲེལ་ཚད་དོན་ལྡན་ཡིན་ཟེར་བ་འདི་ཡང་ཡ་མཚན་ནོ། །ཡ་མཚན་ཅན་ཡིན་ཟེར་ཡང་ཟེར་ཏེ། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་རང་དུ་འདུག་གོ །འདི་རྣམས་དྲང་པོར་སྨྲས་པ་ཡིན། སྙིང་ལ་ཕོག་ན་གནོང་ཡོད་
པ་ཡིན། དྲང་གཏམ་སྨྲས་པ་ལ་མི་དགའ་ཟོལ་ཟོལ་ལ་དགའ་བ་དེ་བར་ཆད་ཀྱིས་ཁྱེར་བ་ཡིན། གོ་བར་བྱོས་ལ་རང་རང་གི་སྣ་རྩེ་ལ་འཛུག་མོ་ཚུགས་ཤིགདེ་ནས་མི་རིང་བར་དཔལ་ལྡན་ཤམ་བྷ་ལ་གཉིས་པའི་ལོ་དུས་ཀྱི་ཉམས་ཁྲིད་ཀྱང་ཚུགས། འཁྲིད་གསར་བ་ཕྱོགས་ཀྱི་གྲྭ་རྒྱུན་ཤིན་ཏུ་མང་བར་བྱུས། ངམ་རིང་ནས་ལྕམ་དྲུང་གིས་ཡང་དམ་པོ་མཛད་འཁོར་ལོ་སྡོམ་པའི་རྒྱུད་བཤད་ཀྱང༌། འཚུབ་ལྟས་དང་ཆོ་འཕྲུལ་ཆེ་སེ་བའི་ངང་ནས་བཤད་པ་འཕེལ་བ་དེ་ཀ་བྱས། དམ་པོ་བདུན་རྟིང་མ་གྲོལ་དུ་ཉེ་བ་ལ། སོག་པོ་ཡོངས་ཤོ་བའི་རྒྱལ་པོ་དས་བྱིང་གི་བུ་བླ་མ་སྐྱབས་ཆོ་ཁུར་ཐས་ཆི་སོག་ཡུལ་སྡིངས་ནས་ཨ་ཆེན་ཐང་དུ་འབྱོར་ནས་ལོ་ཙམ་སོང་བའི་སྐབས་ཡིན་པ་འདུག ཁོང་གི་ཐ་གུ་སྣ་ཅིག་ངེད་ལ་ཡི་གེ་དང་ཡིག་རྟེན་འབུལ་བ་ཅུང་ཟད་དང་བཅས་པ་སྐྱེལ་བར་བྱུང༌། སྣེ་སྦྱོར་སྟག་ལུང་ནས་འབུལ་དཔོན་ཅིག་ཀྱང་འདུག དེ་ཚོ་དང་ལྷན་དུ་རང་རེའི་སློབ་རིགས་རག་ཕྲོམ་བླ་མ་ཤེས་རབ་ཆོས་འཕེལ་དང༌། ཁ་སོག་གི་མི་བཟང་བ་དུར་ཁས་དགེ་ལོག་ཀུན་དགའ་བཀྲ་ཤིས་སོགས་འབྱོར་ཞིང༌། སོག་པོའི་གྲྭ་རིགས་ཀྱང་ཉི་ཤུ་རྩ་འདྲེན་འདིར་འབྱོར། ཐ་གུ་སྣ་དབུས་གཙང་ལ་མི་སྣར་ཡོང་རིགས་སུ་འདུག་པས། ཆོས་འབྲེལ་འདྲ་ཞུས་ནས། ཡིག་ལན་ཁྱེར་ཏེ་འཕྲལ་དུ་སོང༌། གཞན་ཐམས་ཅད་འཁྲིད་གཏོར་གྱི་རིང་ལ་བསྡད། སོག་པོའི་གྲྭ་རིགས་རབ་བྱུང་བསྙེན་རྫོགས་སྒྲུབ་དགོས་
རྣམས་བསྒྲུབས། ཞོར་ལ་བསྒྲུབ་མཁན་དང་བཅས་པས། རབ་བྱུང་བ་དང་སྙེན་རྫོགས་པ་མང་པར་བྱུང༌། དེ་རྗེས་འདིར་སོག་བན་སློབ་གཉེར་བ་མང་དག་བསྡད་སོང་ཞིང༌། བ་དུར་ཁ་སོགས་འགྲོ་འོས་རྣམས་ལོགསྦྲུལ་ལོ་ཧོར་ཟླ་དང་པོའི་ཡར་ངོའི་ནང་དུ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་བཤད་ཀྱང་བར་ཆད་མེད་པར་མཐར་ཕྱིན། ངེད་ཀྱིས་དཔལ་འཁོར་ལོ་སྡོམ་པའི་དབང་ཁྲིད་སྣ་ཚོགས་པ་ནི་གྲངས་མེད་ཅིག་བགྱིས། སྐྱེད་རྫོགས་ཀྱི་བཤད་པའང་ཅི་རིགས་པ་བྱས། སྔ་སོར་རང་ལོ་ཉེར་ལྔ་པའི་ཐོག་ཏུ་ཚར་གཅིག་སྤུངས་བཤད་དུ་བྱས་ནས་ཡོངས་སུ་རྫོགས་པ་དེ་ཡང་བཀས་གནང་བའི་མཚན་རྟགས་ཅུང་ཟད་བྱུང་ནས་བྱས་པ་ཡིན། བཤད་པ་ཡང་སྤུངས་པ་དང་ཉན་པ་པོ་བློ་ཞན་པས་ངག་སྒྲོས་ཟིན་པ་ནི་མ་བྱུང༌། དེ་རྗེས་གྲྭ་ཐང་བླ་ཆེན་རིན་པོ་ཆེ་ལ་ཐོབ་ཆོས་ཀྱི་རྒྱུད་པའི་ཁྱད་སྔ་ནས། བཤད་ཚོམས་བསྡུས་ཙམ། ལེའུའི་ས་ཁོངས་བཅད་ཙམ། ཞག་ལྔ་ལ་རྫོགས་པ་ཅིག་བྱས། དེ་འདྲའི་རིགས་ཅན་གཞན་ཡང་འགའ་རེ་ཡོད། དེ་མིན་ཞིབ་བཤད་རྒྱས་པ་འདི་རྟག་བརྟན་ཐེབས་པའི་རྗེས་ཚུན་ཆོད་བྱེད་འདོད་ཆེན་པོ་བྱུང་ཡང༌། བཀའ་གཉན་པའི་སྟབས་ཀྱིས་ལག་ཏུ་མ་ལོངས། འདི་རེས་ལེགས་པའི་མཚན་མ་ཅུང་ཟད་བྱུང་ནས་བཤད་པ་ཡིན། སྐྱེ་བོ་མང་པོ་ལ་མ་བཤད་ཅིང༌། ཕྱེད་ཙམ་སོང་སོང་དུ་གང་ཡིན་ཡང་གསངས། ངག་སྒྲོས་སོགས་ཀྱང་ཡི་གེར་ཐེབས་པའི་རྗེས་ཅན་ཏུ་བྱུང༌། རྒྱུད་ཀྱི་དབུ་ཞབས་ཐམས་ཅད་ཟབ་དོན་དང་འབྲེལ་པའི་འཆད་ཚུལ། རྒྱུད་རྒྱལ་པོ་ལྟ་བུར་བཤད་པའམ་
སློབ་བཤད་སྙིང་གི་ཐིག་ལེ་དེ་ཡིན། འདི་ལ་སྡོམས་དྲུག་གི་སྙིང་པོ་བསྡུས་པའི་གཞུང་དེ་མེད་ཁ་མེད་ཅིག་ལགས། རྡོ་རྗེ་ཕག་མོའི་བསྟོད་པ་སྒྱུ་འཕྲུལ་ཆེན་མོ་དེ་ཡང་ཁ་སྐོངས་སུ་ངེས་པར་དགོས་པ་ཅིག་ཡིན། ཟླ་བ་གཉིས་པའི་ནང་དུ་རྟག་བརྟན་དུ་ཆོས་སྡེའི་སྤྱི་ཆོས་སུ་སྔ་ཕྱིར་རིམ་ཅན་དུ། རྗེས་གནང་བྱིན་རླབས་མང་པོ་དང༌། ཐེག་ཆེན་གྱི་ལམ་རིམ་ཟབ་ལ་རྒྱ་ཆེ་བ་གོང་ན་མེད་པར་འདུག་པས། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་ཟབ་བཤད་འདུག་ཁྲིད་ངོ་སྤྲོད་འཛུག་ཚུགས་དང་བཅས་པ་ཚུགས་པར་བྱས། འདི་སྐབས་སྟག་ལུང་ནས་སོག་ཡུལ་དུ་ཕྱིན་པའི་འབུལ་དཔོན་གཅོད་པ་བླ་མ་དང༌། སོག་ཡུལ་གྱི་ནང་ནས་ཤིན་ཏུ་ཐག་རིང་བ། ཁོར་ཆེན་ནས་སྐྱེས་ཡིན་པ་ལ། ཨ་པ་ཁས་ཀྱི་རྒྱལ་པོའི་མཆོད་གནས་སོག་པོ་དགེ་སློང་ཅིག་སོགས་ཀྱང་འབྱོར། དགེ་སློང་གིས་མང་ཇ་བདུན་སྦྲེལ་རྒྱབ། གཞན་ཡང་ཁོང་དེ་རྣམས་ཀྱིས་སོ་སོ་ནས་ཕུ་མདར་མང་ཇ་བསྙེན་བཀུར་བསྔོ་རྟེན་བཟང་བར་བསྒྲུབས། ཨ་པ་ཁས་ཀྱི་རྒྱལ་པོས་ཡིག་གེ་འབུལ་རྟེན་བཟང་བ་དང་བཅས་པ་བྱུང༌། ཁོང་ཚོས་ཚོགས་ཆོས་སྒེར་ཆོས་གཉིས་ཀར་ཞུས། ཁྱད་པར་འཁོར་ལོ་སྡོམ་པ་ནག་པོ་པའི་དབང་བསྐུར་ཅིག་བྱེད་དགོས་བྱུང༌། རྒྱལ་པོ་ལའང་ཡིག་ལན་བྱིན་རླབས་རྟེན་སོགས་བསྐུར། དེ་ནས་ཨ་མ་དྲུང་ཤིན་ཏུ་བསྙུང་བའི་སྟབས། ཆོས་མཚམས་བཞག་སྟེ་ཟླ་བ་གསུམ་པའི་ཉེར་གཅིག་ལ་ཇོ་ནང་དུ་ཕྱིན། སྐུ་ཤིན་
ཏུ་ལྟེམ་པར་འདུག་ནའང་ཐུགས་རིག་དྭངས་བར་འདུག་ཅིང༌། བབས་ཀྱི་བགྲེས་ནད་ལྟ་བུར་འདུག སྐུ་མཐར་ཐོན་རང་མི་ཡོང་བ་འདུག་ནའང༌། རྐྱེན་སྐུ་གྲིབ་ཅིག་གིས་བླངས་འདུག་པས་རྣམ་འཇོམས་ཀྱི་བཀྲུ་ཆབ་ཅིག་ཕུལ། དེ་རྗེས་ཉི་མ་གཉིས་བསྙུངས་གཞི་རང་ནི་ཆུང་ངུ་མི་འགྲོ་འདུག་ནའང༌། ཐུགས་རིག་དྭངས་པས་གསུང་གླེང་ཞིབ་པར་གནང་ཐུབ། དེ་ཐུབ་ཕྱི་རུ་བཞུགས་ཉི་ལའང་ཕེབས། དེ་ནས་གཟིམས་ཆུང་དུ་བཞུགས་པ་གྲག་ཞུས། སྐུ་སྟོབས་ཟད་པའི་རྣམ་པས་གསུང་གླེང་ཡང་རེ་རེ་ཙམ་མ་གཏོགས་གནང་མི་ཐུབ། ཉེར་ལྔའི་སྔ་དྲོའི་ཆ་ལ་སྐུ་འདས་སོང༌། དེ་མ་ཐག་རང་རེས་སྐུ་སྤུར་ཡི་དྲུང་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་བྱས་ཤིང༌། ཞུས་འབུལ་བར་དུ་རང་རེས་ཆོ་ག་བཟླས་བརྗོད་མང་རབ་དང་བཅས་པ་འཆག་མེད་བསྒྲུབས། རྟག་བརྟན་ཚོགས་པས་མི་འཁྲུགས་པའི་ཆོ་ག་དང༌། སྒྲུབ་སྡེ་ཆེན་པོས་རྡོ་རྗེ་རྣལ་འབྱོར་མའི་ཆོ་གས་ཐུགས་དམ་བསྐུལ་བར་མཛད། ཞག་གསུམ་དང་ཞུས་འབུལ་གྱི་སྐབས་སུ། ཙམ་འབོ་དང༌། ནས་འགྱེད་སོགས་ཞབས་ཏོག་བཟང་བ་དང༌། ལྷ་ཁང་རྣམས་སུ་མཆོད་པ་རྒྱས་པར་འབུལ་བ་དང༌། ཞག་གཉིས་ནས་ཐུགས་དམ་གྲོལ། གནམ་གང་བར་དུ་ཞུས་འབུལ་འགྱངས་ཀྱང་སྐུ་སྤུར་མདངས་དཀར་ཞིགདྲི་མི་ཞིམ་བ་ཅུང་ཟད་ཀྱང་མེད་པ་དང༌། དབུ་གཙུག་འཕར་བ་སོགས་ངོ་མཚར་ཆེ་བར་བྱུང༌། སྐུ་ཚིགས་ཁོངས་སུ་སྟོད་སྨད་ལྷོ་བྱང་གི་དགོན་པ་བརྒྱ་ལྷག་
ངེས་ལ། མང་ཇ་འགྱེད་བཅས་རེ་སོང༌། ཐག་ཉེ་བ་རྣམས་ལ་ནས་འགྱེད་རེ་ཡང་ཡོད། སྐུ་སྒེར་དུ། སྐུ་ཆས་འགངས་ཆེ་བ་རང་ནི་མེད། གང་ཡོད་ལ་ནི་ཟ་འདྲེ་ལས་ངན་གྱི་བསྐོས་བ་པོ་གདའ། དགོངས་རྫོགས་གང་ཡོད་རང་རེས་སྒྲུབ་པ ་ལས་འོས་ཡོད་ཀྱང་ཅི་ཡོད། འོན་ཀྱང་བློ་ནོན་པ་རང་ད་གོང་མ་གྲུབ་རུང་དཀྱུས་དང་མཐུན་པ་ལས་མི་ཞན་ཙམ་འགྲུབ། མཁན་ཆེན་ཀུན་དགའ་ལུང་རིག་དྲུང་གིས། ཁོང་རང་གི་ཡབ་གཞིས་རོང་ཐོག་པར། དཔལ་ཇོ་ནང་པའི་སྲོལ་ཁའི་དགོན་གནས་ཆེ་ཐེབས་ཆུང་ཐེབས་གང་ལྟར་འདྲ་བའི་ དགོངས་པས་དགོན་གནས་དེ་ཡོས་འབྲུག་ཚོ་ལ་འདེབས་པ ་གནང་བ་ཡིན། གཙོ་བོར་སྡེ་སྲིད་དང༌། དགོས་སུ་རིན་སྤུངས་ནས་མཐུན་རྐྱེན་ཕྲ་མོ་ཙམ་མཛད། ད་རེས་ལོ་འདི་ལ་རྟག་བརྟན་ནས་ལྷ་བྲིས་པ་ཕྱིན་པའི་ད་ལྟ་འདྲི་བཞིན་པའི་སྐབས་ཡིན། ས་གའི་ཟླ་བ་ལ། སྒྲུབ་མཆོད་ཀྱི་སྒང་དེར། འབྲས་སྤུངས་སུ་མཚམས་བསྡམས་ཏེ། དམ་རྫས་བདུད་རྩི་རིལ་བུའི་སྒྲུབ་ པ་ཅིག་ཀྱང་བྱས། ཞག་བདུན་སོང་མཚམས་ལྡེ་གུའི་སྐབས། གུང་ཐུན་གྲོལ། དགོངས ་ཐུན་མ་ཚུགས་པའི་ཐུན་མཚམས་ཅིག་ལ། དམ་རྫས་ལ་སྒྲ་ཆེན་པོ་ཅིག་ཀྱང་བྱུང༌། ནང་བར་རིལ་བུ་སྦྲིལ་ཁར་བལྟས་པས། སྣོད་གཞན་རྣམས་སུའང་ཅུང་ཟད་དང༌། ཐོད་པ་གཉིས་སུ་བདུད་རྩི་མང་དུ་བབས་འདུག མཚན་ལྡན་ཐོད་པ་ཅིག་ན་བདུད་རྩི་དམར་པོ་ཤས་ཆེ་བ་དང༌།
ཅིག་ཏུ་བདུད་རྩི་དཀར་པོ་ཤས་ཆེ་བའི་ཕུལ་གང་ཙམ་རེ། དམ་རྫས་ལ་ཐོགས་མེད་དུ་སོང་ནས། གཏིང་ན་འཁྱིལ་བའི་རྣམ་པར་འདུག རིལ་བུ་སྒྲིལ་མཁན་དགེ་སློང་བཟང་པོ་དགེ་འདུན་སོགས་ལ་བསྟན་ཡང་བསྟན། རིལ་བུའི་དུས་སུ་འཕེལ་ཡང་ཆེ་བ་ཙམ་བྱུང༌། ད་རེས་ཀྱི་སྒྲུབ་པ་འདི་ལ། དམ་རྫས་ཚོགས་ཀྱང་ཆེ་ཞིང༌། བཤད་ཚོད་ཀྱི་སྨན་སྣ་ཐམས་ཅད་ཀྱང་ཤིན་ཏུ་འཛོམ་པ་དང༌། དམ་རྫས་རྣམ་པ་བཅུའི་ཆ་ཤས་དངོས་སུའང་ཡོད་ཅིང་བླ་མ་གོང་མ་རྣམས་ཀྱི་དམ་རྫས་ཀྱི་རྟ་ཡང་འཛོམ་པོ་རང་བྱུང༌། ཆོས་རྒྱུད་སྣ་ཚོགས་པའི་བྱིན་རླབས་རྟེན་ནི་ངོ་ཏི་དེ་བཟང་པོ་ཡིན་སྲིད་ཀྱང༌། བརྒྱུད་པའི་སེལ་དུ་འགྲོ་གསུང་ནས། བསྲེ་བར་མི་མཛད་པ་བླ་མ་གོང་མ་རྒྱུད་པ་ནས་བརྒྱུད་པའི་མྱོང་གྲུབ་ཡིན། ལོ་རྒྱུས་ཀྱང་མང་དུ་གདའོ། །དེ་མཚམས་ནས་ཨ་མ་སྐུ་གཤེགས་དེའི་ནང་རྟེན་དུ་འཕགས་པ་སྤྱན་རས་གཟིགས་དང་རྡོ་རྗེ་རྣལ་འབྱོར་མ་ཅིགམ་རང་གི་ཐུགས་གཏད་ཀྱང་ཡིན་པས། སྐུ་འདྲ་བཞེངས་པར་བསམ་སྟེ། འཕགས་པ་སྤྱན་རས་གཟིགས་ཡི་གེ་དྲུག་པའི་གསེར་སྐུ་བཞེངས་པའི་འགོ་བརྩམས་སོ། །དེ་ནས་ཆོས་བཤད་ན་ཕན་ཡོན་ཆེ་བར་འདུག་ནས། ཡང་སྔར་གྱི་འཕྲོས་ལས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་བཤད་པ་དང༌། དབང་བཀའ་བྱིན་རླབས་རྣམས་བཙུགས། ཆོས་ཐུན་ཆེ་བ་རང་རེ་བཤད་ཅིང༌། དབང་བྱིན་རླབས་རྣམས་ཀྱང་ངོ་མཚར་ཆེ་མོད། སྐྱོ་སངས་ཙམ་ཉན་སྤྲོ་བའི་ཕྱིར་ཡིན། ཆོས་
ཀྱི་གཙོ་བོ་ནི་མདོ་སྡེ་རྒྱན་ཉིད་ཡིན། ཆོས་ཀྱང་འཕེལ་བ་རང་བྱུང་ཞིང༌། སྔ་དྲོ་ཁམས་ངན་པ་རླུང་ཁམས་ཀྱིས་ན་བ་ལ་ཡང༌། ཚོགས་ཆོས་འཆད་པའི་འགོ་བརྩམས་པ་ནས། ཆོས་ཀྱི་རིང་ལ་ན་བ་མེད་ཅིང་ལུས་ཉམས་བཟང་བ། སྐད་ཀྱང་འདོན་བདེ་བ་ཡོད་ཞིང༌། དེ་ཁའི་རྒྱུན་ལ་ལན་འགའ་རེ་ཆོས་གྲོལ་ནས་ཀྱང༌། ན་བ་དེ་སངས་པ་མང་དུ་བྱུང༌། སྐབས་མཚམས་ནས་རི་ཁྲོད་ཆེན་པོར་ན་ནང་གི་ལས་འཕྲོ་ལ། གཙང་ཁང་ཆེན་མོའི་ཐིགས་ཁང་ཞལ་བ་དང་བཅས་པ་དང༌། བསམ་གཏན་གླིང་གི་ཐེག་ཆེན་རྩེའི་ཡང་ཐིགས་ཁང་ཁང་གཡོག་སོགས་ཀྱི་མཐར་འདོན་དང༌། གཞན་ཡང་ཞིག་གསོས་ཅི་རིགས་པ་བྱེད་དུ་བཅུག་པ་རྣམས་གྲུབ། ཧོར་ཟླ་དྲུག་པའི་ཚེས་གསུམ་ཡན་ལ། མདོ་སྡེ་རྒྱན་གྱི་ཐབས་དང་ལྡན་པའི་ལས་ཡན་ཆད་སོང་ནས། ཕར་ཕྱིན་ལེའུའི་དབུ་ཚུགས་ཙམ་ལ་རེ་ཞིག་ཆོས་མཚམས་བྱས། དེ་རྗེས་ཕུ་རུ་གཏོར་མ་རྒྱ་ཆེར་ཙམ་བཏང་ནས། བླ་བྲང་གོང་གི་རྒྱུན་དྲ་ཀ་དགུ་སོགས་ཀུན་མཁྱེན་ཆེན་པོའི་དུས་ཀྱི་གཟིམས་ཁང་ཡིན་ངེས་སུ་འདུག་པས། ཀ་དགུ་གཟིམས་ཆུང་དང་བཅས་པ་རྣམས་ལ་བཤིག་རལ་ནི་མ་བྱས། ཤིན་ཏུ་ཁོགས་འདུག་པས་བརྟན་བྱེད་ཀྱི་ཐབས་དང༌། གཞན་རྣམས་ལ་ཞིག་གསོས་དགོས་པ་རྣམས་དང༌། བླ་བྲང་བྱང་རྩ་བ་ནས་འཆོས་དགོས་པ་ཡང་གྲུབ། ལྷ་ཁང་བདེ་བ་ཅན་གྱི་ཞིག་གསོས་འཕྲོ་མ་ལུས་པ་དེ་ལ་སླར་ཡང་
མཆོད་ཁང་རྙིང་པ་ལ་བརྟན་བྱེད་དང་ཁང་གཡོག་རྙིང་པ་ཧྲུལ་པོ་དེ་རྩ་བ་ནས་བཤིགལྷ་ཁང་གསར་བ་སྟེང་འོག་གཉིས་ཀྱང་བརྩིགས། ཁང་གཡོག་དེ་རྙིང་པའི་དུས་ན་ཉིས་ཐོག་ཏུ་འདུག་ཀྱང༌། ད་རེས་གསུམ་ཐོག་ལེགས་པར་ཁེལ། ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་རས་གཞི་ལ་སྐར་འཛིན་ཙམ་བྱས་ཏེ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་སྐུ་བཞེངས་པའི་འགོ་བཙུགས། ཐེག་ཆེན་རྩེ་ན་འཁོར་ལོ་སྡོམ་པའི་སྐུ་བརྙན་ཡང་བཞེངས་བཞིན་པ་ཡིན། ཡོས་ལོའི་གཞུག་ནས་བརྩམས་ཏེ། གྲུབ་ཐོབ་བརྒྱད་ཅུའི་ཐང་ཆེན་གྱི་འགོ་བརྩམས། འབྲུག་ལོའི་ནང་དུ་གྲུབ་ཅིང༌། ཐང་ཁ་ཆེན་མོ་ཉི་ཤུ་རྩ་དགུ་ཡོད། རྡོ་རྗེ་གདན་པས་མཛད་པར་བརྫུས་པའི་སྟོད་པའི་ལུགས་དེ་སྔ་ཕྱི་ཀུན་ཏུ་དར་བར་འདུག་ཀྱང༌། ནོར་འཁྲུལ་ཤིན་ཏུ་ཆེ་བ་ཡིན། གྲུབ་ཐོབ་བརྒྱད་ཅུའི་དོ་ཧ། རྒྱ་གར་གྱི་གྲུབ་ཐོབ་དཔའ་བོ་འོད་གསལ་གྱིས་བསྡུས་པ་འདི་རྩ་བར་བཞག་པའི་གྲུབ་བརྒྱའི་དབང་བཀའ་ད་ལྟའི་བར་དུའང་རྒྱུན་མ་ཆད་པར་ཡོད་པ་འདི། ཁུངས་མ་ཡིན་པས་ད་རེས་ཀྱང་དེའི་ལུགས་སུ་བྲིས། འབྲུག་ལོའི་ནང་དུ་སྦྱོར་དྲུག་བརྒྱུད་པའི་ཐང་མོ་ཆེ་བཅུ་གཅིག་དང༌། ད་ལོ་དེ་འཕྲོས་ཉེ་བརྒྱུད་ཀྱི་ཐང་ཀ་གཉིས་ཏེ་ཐང་མོ་ཆེ་བཅུ་གསུམ་བཞེངས། གཞན་ཁྲོ་བོའི་རྒྱལ་པོའི་ཐང་ཁ་ལྔ་སོགས་བཞེངས་ཏེ། དེ་རྣམས་ཀྱི་གོང་གཤམ་ཞལ་ཁེབས་སོགས་ཆ་ལག་རྣམས་ཀྱང་གྲུབ། འབྲུག་ལོའི་གཞུག་ནས་བརྩམས་ཏེ་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཐང་ཁ་ཐོག་ཚད་མ་ཉི་ཤུ་རྩ་གཅིག་
ཡོད་པ་ཞིག་ད་ལྟ་བཞེངས་བཞིན་པའི་སྐབས་ཡིན། ལྕགས་མོ་ཕག་ལོ་ནས་གཟུངས། སྐུ་འབུམ་མཐོང་གྲོལ་ཆེན་མོ་ལ་ཆར་སྐྱོབས་ཀྱི་ན་བཟའ་ཕུལ། དེ་ཡང་ན་བཟའ་རེ་ལ་ནམ་ཐང་བཟང་བ་བརྒྱ་བུད་རེ་དགོས། ཆར་ཆེ་ཆུང་དང་བསྟུན་པའི་ལོ་གནངས་ཅགས་བཞེས་བཅགས་ལ་གསར་པ་རེ་སྤོས། [དེ་]དགོང་ལོ་བཅུ་དགུ་སོང༌། ཕྱོགས་བཞིར་དུས་བཟང་རེ་བཞིན་མར་མེ་འབུལ་བའི་ཀོང་བུ་ཆེན་པོ་རེ་ཡང་ཕུལ། རྟག་བརྟན་དུ་ལོ་དུས་ལོ་དུས་ལ་དགེ་སློང་བསྙེན་པར་རྫོགས་པ་བྱེད་པ་ཡང༌། སུམ་ཅུ་བཞི་བཅུ་སྐོར་གྱི་གྲས་རེ་བྱུང་བའང་ལན་མང༌། ཐོར་བུ་པ་ལ་རྩིས་བཏབ་མེད། སྔ་ཕྱིར་གར་ཆས་འཆམ་ཆས་ཀྱི་རིགས་དང༌། སྣམ་སྦྱར་གྱི་རིགས་སྤྱི་ལ་སྦྱར་བ་དང༌། དགོན་ལག་ལ་སོང་བ་དང༌། དགོས་དགོས་སུ་སྦྱིན་པ་སོགས་ལ་ནི་རྩིས་བཏབ་མེད། དང་པོ་སྔ་མོ་ཞིག་རྔ་འདྲ་དགོས་པར་བྱུང་ནས། བྱང་ནས་ཞབས་དྲུང་དེ་དང༌། གཙང་ཞབས་དྲུང་དེ་ཉིད་དུ་རྔ་འདྲ་དགོས་ཚུལ་ཞུས་པས། དེ་འཕྲལ་ཡས་མར་གཉིས་ག་ནས་རྔ་དྲུག་བདུན་རེ་གནང༌། གཙང་ནས་སླར་ཡང་རྔ་བཅོས་ནས་ཡོད་ཕེབས། དེ་འཕྲལ་རྔ་མང་པོ་རང་འཚོ་བ་མཛད་ནའང༌། བཅོས་གྲུབ་ནས་གཞན་ལ་འཁོགས་ཏེ། འདིར་ཅིག་ཀྱང་མ་བྱུང༌། གཟུག་པོ་པ་ཆེན་མོས་ཡོང་རྒྱུའི་ཁུངས་ཅིག་ཡོད་པའང་དེ་ཁ་འདྲ་བ་རང་བྱུང༌། ཕྱིས་འབྱུང་རང་རེའི་ཁུལ་ན་རྔ་བཟོ་ཤེས་མཁས་པ་རང་བྱུང་ནས། གང་འདོད་
བཅོས་ཆོག་པ་བྱུང༌། མི་ལ་རེ་བ་མ་ཆེ་ལྷ་ལ་གསོལ་བ་ཐོབ་ཀྱི་དཔེར་བརྗོད་དེ་འདིར་ཡང་བྱུང་ངོ༌། །ཡང་སྔ་སོར་མི་ཅིག་གིས་སྤར་རྐོས་བསླབས། དེ་ནས་རིམ་གྱིས་འདི་རང་ཏུ་འཕེལ་ཏེ་ད་ལྟ་གསུང་རབ་རྐོ་མཁན་གྱི་སྤར་མཁན་མང་པོ་ཡོད་པ་རྣམས་ཀྱང༌། ལག་མ་སྟོངས་པར་སྤར་རྐོ་བཞིན་པ་དང༌། དེ་ཚོ་ལ་དཔོན་གཡོག་གི་འདུ་ཤེས་དང་དབང་ཆེའི་སྤྱོད་པ་མ་བྱས་པར། རྒྱུན་གྱི་ཕོགས། སྐབས་སྐབས་ཀྱི་སྟོན་མོ། ལག་རྗེས་ཆེ་བ་རེ་ཙམ་གྲུབ་པ་ལ། མི་རེར་ཁལ་བདུན་ཅུ་བརྒྱད་བཅུའི་རྩིས་ཀྱི་ཡོན་སོགས་ཀྱང་མཐའ་ཁྱབ་ཏུ་བྱས། དེས་མཚོན་པ་ཆོས་སྡེའི་རྒྱུན་གྱི་ཡིག་མཁན་རྣམས་ཀྱང་དུས་འཁོར་ཡུག་ཏུ་ཡི་གེ་འབྲི་བ་དང༌། ལྷ་བྲིས་པ་མང་དུས་ལ་ངེས་པ་མེད། ཉུང་དུས་ཀྱང་བཅོ་ལྔ་ལས་མི་ཉུང་བས། རྟག་ཏུ་རི་མོ་འབྲི་བ་ལ་ཡང༌། མཐུན་རྐྱེན་དང་ཡོན་སོགས་གང་ལ་གང་འདོད་ཀྱི་སྔ་མ་རྣམས་ལས་མི་ཞན་པ་བྱས། སྤྲོས་བྲལ་སྟེང་ཕྱོགས་ཀྱི་དགེ་སྦྱོར་ལ་ནི། རྣམ་འགྱུར་གང་ཡང་མི་ཡོང་བ་འདྲ་ཅིག་འདུག་ཡོན་ཏན་སྣ་ཚོགས་སྐྱེ་བའི་ཉམས་ལ་ནི། ཚོགས་ཀྱི་སྒོ་རེ་རེ་བསགས་པས་གོང་ནས་གོང་དུ་འཕེལ་བར་མྱོང་བས་གྲུབ་པ་ཡིན།
ཨོཾ་མ་ཎི་པདྨེ་ཧཱུཾ། འཕགས་པ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོ་ཁྱེད། །སྡིག་ཅན་ཡོངས་ལ་གཟིགས། །ངན་འགྲོའི་གནས་ལས་དྲོངས། །མི་ནག་ཐ་ཤལ་ཚོ། །ཆོས་པའི་གཟུགས་སུ་རྫུས། །རྒྱུད་ངན་འདུལ་བར་ཞུ། །ལམ་སྣ་ཐར་པར་དྲོངས། །ཞི་བའི་འདུལ་ལུགས་ཡིན། །ཨ་ཧོ་ཨ་ཧོ། གསང་བའི་བདག་པོ་ཁོང༌། །རྡོ་རྗེ་འབར་བ་ཐོགས། །སྣང་སྲིད་གཡོ་ཞིང་འགུལ། །དམ་ཉམས་སྙིང་ཁྲག་གསོལ། །སྡིག་ཅན་ཉལ་ཐག་གཅོད། །བདུད་དཔུང་ཕྱོགས་བཅུར་འཐོར། །གནམ་ས་ཡོ་རུ་ལོག །གད་མེད་གཡང་མེད་འཁྲུགས། །དྲག་པོའི་འདུལ་ཚུལ་ཡིན། །ཨ་རེ་ཨ་རེ། ཞི་དྲག་སྤྱོད་པ་གཉིས་པོ་དེ། །འགལ་ལམ་མི་འགལ་ཡག་པོ་ལྟོས། །འགལ་ལོ་སྙམ་ན་གླེན་པ་ཡིན། །དགག་དགོས་མི་ཤེས་མཁས་པ་མཚར། །བདག་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་འདི། ལ་ལ་སྙམ་ན་བླུན་པོ་མ་སྦྱངས་པ་ཅིག་ཡིན་ནོ་སྙམ། ལ་ལ་སྙམ་ན་མཁས་པོ་ཆོས་ཤེས་པ་ཅིག་ཡིན་ནམ་སྙམ། ལ་ལ་ཟེར་ན་རྟོག་གེ་མགོ་མཁྲེགས་པོ་ཞིག་འདུག་ཟེར། ལ་ལ་ཟེར་ན་འཁྲུལ་ཞིག་ལྷོད་གྲོལ་བ་ཞིག་འདུག་ཟེར། ཁ་ཅིག་གིས་བལྟས་ན་གྲུབ་མཐའ་ཕྱོགས་མེད་པ་ཅིག་ཏུ་གདའ་སྐད། ཁ་ཅིག་གིས་བལྟས་ན་ཕྱོགས་ཞེན་གཏིང་འཛུགས་པ་ཅིག་གདའ་སྐད། ༵འགའ་
ཞིག་ལྟར་ན་ཐོ་ཅོ་ཆོས་འགལ་ངན་པ་རྩུབ་བོར་བྱེད། འགའ་ཞིག་ལྟར་ན་རྣམ་དཀར་དགེ་བས་དུས་འདའ་བ་ཅིག་ཏུ་བྱེད། གཞན་འགའ་ཟེར་ན་ཆགས་སྡང་ཅན་ཕལ་པ་ཅིག་ཡོད་སྐད། གཞན་འགའ་ཟེར་ན་གྲུབ་པའི་དབང་ཕྱུག་ཅིག་ཡོད་སྐད། ལ་ལ་ཟེར་ན་ལྟ་སྤྱོད་ངན་པ་ཅིག་འདུག་ཟེར། ལ་ལ་ཟེར་ན་གནས་ལུགས་མངོན་སུམ་དུ་གཟིགས་པ་ཅིག་འདུག་ཟེར། ལ་ལ་ཟེར་ན་བསམ་ངན་འཇིག་རྟེན་པ་ཅིག་འདུག་ཟེར། ལ་ལ་ཟེར་ན་ཆོས་པའི་ཡང་རྩེ་གཅིག་འདུག་ཟེར། ལ་ལས་ནི་བདུད་མངོན་སུམ་པར་མཐོང༌། ལ་ལས་ནི་སངས་རྒྱས་མངོན་སུམ་པར་མཐོང༌། ལ་ལས་ནི་ལུང་བསྟན་ངན་པ་རྒྱག །ལ་ལས་ནི་ལུང་བསྟན་བཟང་པོ་དང་བསྟོད་ར་བྱེད། ཐམས་ཅད་ཁ་མི་མཐུན་པར་ཡ་རེ་མ་རེ་མང་ལུགས་འདིས། མི་དཀྱུས་མ་དྲི་མ་ཆིང་ངེ་ཉལ་མཁན་ཅིག་རང་ནི་མིན་པར་ཐག་ཆོད། སུས་ཀྱང་ཉམས་གོ་མི་ནོན་ལུགས་འདི་ལ་དཔགས་ན། རྣམ་པ་ཐམས་ཅད་པ་ཞེས་པ་དེ་ཡིན་ཉེན་གདའ། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་པར་མཛོད། །ཅེས་བཤད་པ་དེ་ཡང་ཡོང་ལ་ཁད་དོ། །ད་ལྟ་དཔག་ཚད་བརྒྱ་ཚུན་ཆོད་ཀྱི་ཐོག་ཕྱི་འདི་ན་བདག་གི་གནས་ཚུལ་དང་མཚན་ཉིད་ཤེས་པའི་མི་གཅིག་སུ་ཡང་ཡོད་ཡོད་མི་འདྲ། ཡང་ཡོད་ཤས་ཀྱང་ཆེ། ཟབ་ཟོམ་ཡར་ཡོར་རྫང་རྫོང་སྒྲ་སྒྲོག་འདི་ཚོ་ཕལ་ཆེ་བ་འདི་ནི། ངེད་ཀྱིས་ཁོང་ཚོའི་གནས་ཚུལ་གོ་ཞིང༌། ཉམས་
འོག་ཏུ་ཆུད་པ་རྐྱང་ཀ་འདུག་གོ །ཧ་ཧ་ཧེ་ཧེ་ཕཊ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོཿཧཱུཾ། ད་ནི་སྔར་གྱི་འཕྲོས་བཤད་ན། སྦྲུལ་ལོ་འདི་ཁའི་འགོ་ལ། ཞབས་དྲུང་རྒྱལ་བུ་འདི་ཡང་སྐུ་འཁྲུངས། དེ་ཁའི་མཚན་དགོས་གསུང་བ་བྱུང་བས། ཀུན་དགའ་དབང་ཆེན་དཔལ་འབར་དུ་མཚན་བཏགས། ད་དུང་མིང་དེ་ཁ་གནས་ན། བྱིན་རླབས་ཀྱི་འཇུག་པ་རེ་གནས་པ་ཡིན། ཇི་ལྟར་མཛད་ནི་མི་ཤེས་སོ། །སྤྲུལ་ལོ་དེ་ཁའི་འཕྲོས་ལ། རི་ཁྲོད་ཆེན་པོར་དྲི་གཙང་ཁང་ལ། དུས་འཁོར་བདེ་མཆོག་སོགས་སྔགས་སྐུའི་ལོགས་རིས་དང༌། སྟེང་ཁང་དུ་བསྐལ་བཟང་སངས་རྒྱས་སྟོང་གི་གྱང་རིས་ཤིང་རྩི་དང་བཅས་པ་ཀུན་ཀྱང་ལེགས་པར་གྲུབ་པས་བག་ཆགས་པར་བྱུང༌། བཛྲ་ཡོ་གི་ནིའི་ཟབ་སྐུ་སོགས་སྔར་བཤད་པའི་རྟེན་བཞེང་འཕྲོ་རྣམས་མཐར་ཕྱིན། ཇོ་ནང་གི་ལྷ་ཁང་བདེ་བ་ཅན་དུ། རྒྱལ་བ་འོད་དཔག་མེད་ཀྱི་སྐུ་བརྙན་སྐྱ་བཟོ་ཙམ་གྲུབ་པ་ཡིན། འདི་སྐབས་ཡང་རི་བླ་མ་དང༌། སྡེ་པ་གཙང་པ་ཁྲུང་ཁྲུང་དཀར་ལ་གཞུག་རྩེ་ནག་པའི་སྐབས་དེ་ཡིན། རེ་འགའ་ཧ་ཅང་ཉེ་རང་གྲགས། རེ་ཧ་ཅང་རང་ཡང་འཁོན་ཚབས་ཆེ་གྲགས་ཕཊ་བརྟད་པ་ཅི་ཡོད། ལོ་འདིའི་དཔྱིད་ཀའི་སྐབས་ཤིག་ནི་ཡིན། ཟླ་ཚེས་གང་ཡིན་བརྗེད་གདའ། ནུབ་ཅིག་རྨི་ལམ་ན། ཚོགས་ཁང་རྙིང་པ་ཅིག་ཏུ། ངེད་ལྷོ་སྐྱ་ནས་ཁ་བྱང་ལ་བསྟད་འདུག ཤར་གྱི་ག་སྟར་ཞིག་གི་བར་ན་རྗེ་ཀརྨ་པ་ཡབ་སྲས་གཉིས་འཇའ་གདན་ཅིག་ལ་བཞུགས་འདུག དེ་འཕྲལ་ཕྱག་གཡོག་འགའ་བྱུང་ནས་
ད་འབྱོན་རན་འདུག་ཟེར། དཔོན་སློབ་ཐམས་ཅད་ཕྱི་ལ་ཐེགས་སོང༌། དེ་མཚམས་ཞྭ་དམར་མཆོག་གི་སྤྲུལ་སྐུ་རང་ཆིབས་པ་མགྱོགས་པོ་ཅིག་དང་བཅས། གོ་ཆས་གྱོན་པ་འགའ་ཞིག་གིས་ཆིབས་སྣ་བྱས་སྤྱན་དྲངས་ཏེ། ལུང་པ་དེའི་འཕྲེད་བཅད་ནས། ལྷོ་ཕྱོགས་ཅིག་གི་ལ་ཆེན་པོ་གསུམ་བརྒལ་ནས་ཕེབས་སོང་བ་ཞིག་བྱུང༌། མི་རིང་བར་ལྷོ་ཕྱོགས་ནས་ལྷོ་ཕྱོགས་སུ་ཕེབས་པའི་རྐྱེན་གྱིས། སྐུ་ཐིམ་འགྲོ་བའི་ལྟས་སུ་འདུག་སྙམ་པ་གཅིག་དེ་འདུས་ཀ་བྱུང༌། དོན་ལ་ཡང་ཡིན་པ་འདུག དེ་སྐབས་རྟེན་འབྲེལ་བཟློག་ཐབས་དམིགས་གསལ་འདྲ་མཛད་ན། སྐུ་དོག་སེལ་བ་ལ་དཀའ་ཚེགས་ཆེན་པོ་རང་མེད་རིགས་སུ་འདུག་ནའང༌། ཕྱག་གཡོག་མང་པོ་ཞིག་དང༌། གཙང་ཕྱོགས་ཀྱི་ཁྲིམས་ས་ན་སྡོད་པའི་ཕྱོགས་གཏོགས་ཕལ་ཆེར་ཞིག །ངེད་ལ་མི་གནོད་འདྲེར་འཛིན་བྱེད་ཀྱིན་འདུག་པས། ཅི་ དགོངས་ཀྱང་མི་ཤེས། རྒྱལ་ཁ་བློན་བསྒྱུར་གྱི་རྣམ་པ ་ཡོད་དམ་སེམས། ཞུ་བར་ནི་མ་སྤོབས་སོ། །སྐྱེས་བུ་ཆེན་པོ་ཀུན་ལའང་ཚུལ་སྟོན་ནི་ཡིན་པ་གཞིར་བཅས། སྐུ་གཞོགས་ན་ཉེ་བ་ཚོས་གང་སྨྲས་ཀྱི་ཞུ་དབང་དུ་འགྲོ་བ་ཅིག་ཡོང་གིན་འདུག་པ་དེ་ཀུན་ལ་གསལ་བ་དེ་ལགས་མོད། ལོ་འདིའི་སྟོན་ཀ་ངེད་ནི་འབོད་མི་ནན་ཅན་གནང་བ་ལ་བརྟེན་ནས་བསམ་རྩེར་ཁོར་ཙམ་ཕྱིན། སྟག་ལོ་རྡོ་རྗེ་རྣལ་འབྱོར་མ་རིག་པ་འཛིན་མའི་དཀྱིལ་འཁོར་རྡིབ་པའི་ལྟས་ཀྱི་དོན་འགོ་མ་ཚོ་ཤར་འདུག
འདི་སྐབས་རྐྱེན་སེལ་དབང་ཆོས་སྔར་ཁྱུད་ལྟར་ཕུལ། རྒྱལ་བུ་ཡུམ་སྲས་ལ་རང་ཚེ་བཀའ་སོགས་མང་དུ་ཕུལ། ཞ་ལུ་རི་ཕུག་པའི་དབུ་མཛད་ཆེན་མོ་སོགས་འགའ་ཞིག་ལ། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་གི་ལུང་འདྲ་མ་ཀླགས། ཐར་པའི་གྲྭ་པ་རྣམས་ལ་བློ་སྦྱོང་གི་འཁྲིད། རྗེས་གནང་ཟུར་བཀའ་མང་རབ། བླ་མ་ལྔ་བཅུ་པ་དང་རྩ་ལྟུང་གི་བཤད་པ་སོགས། དམ་ཚིག་གི་ཆོས་སྐོར་འདྲ་བཤད། མལ་གྲོ་འཆད་ཀ་བའི་བཀའ་བཅུ་པ་ཞིག་གིས་བསྐུལ་ནས། དེར་འཚོགས་ཐམས་ཅད་ལ་སྒྲོལ་མ་ཉེར་གཅིག་ཉི་མ་སྦས་པའི་ལུགས་ཀྱི་དབང་ལུང་རྣམས་བྱས། ངམ་རིང་ནས་རྗེ་བཙུན་མའི་དྲུང་གིས་སྤངས་ལོ་ཙཱ་བའི་ཕྱག་དཔེ་འཕྲེང་བ་སྐོར་གསུམ་སོགས་རྒྱ་དཔེ་འགའ་ཤས་གནང་ནས། སྡེ་སྲིད་དུ་ཞུ་སྣ་ཙམ་དགོས་ཚུལ་གྱི་དོན་ལ། སྡེ་སྲིད་རང་དུ་ཞུ་རྟེན་ཕུལ་བའི་ཡོང་སྒོ་ཡོད་ཙམ་གྱིས་ཆ་མཆོད་གཞིས་གང་འོས་ཅིག་ཞུ་བཞེད་དུ་འདུག སྡེ་སྲིད་ནས་སྔ་མ་གང་འོས་ཅིག་གནང་གསུང་བའི་ཞལ་བཞིས་བྱུང་ནའང༌། ངམ་རིང་ནས་ཡུམ་སྲས་ཚོས། དེ་ལ་འགལ་རྐྱེན་གྱི་མི་ཆེད་བསྟད་བཏང༌། རྗེས་ལ་གཤོར་ཁ་ཕྲན་ཚེགས་ཡོང་གསུང་བ། མ་གཏོགས་དོན་འགྲུབ་པ་མ་བྱུང༌། ཁོང་རང་ཡུམ་སྲས་ཀྱིས་སྐྱོང་བའི་ས་ཆ་ནས་གཅོད་རྒྱུ་ནི་མིན། སྡེ་པ་གཞུང་གི་ས་ནས་ཞུ་བ་ལ། དགག་པ་མི་དགོས་པ་འདུག་སྟེ། ཡོན་ཏན་གྱི་དུད་པ་གཏོང་རྒྱུ་མེད་པ་དེར་གདའ། སྙེ་ཐང་གསེར་ཁང་ནས་འབྲུག་འབྲུག་དང༌། བདེ་སྐྱིད་ནས་སྲས་པོ་གཞོན་པ་ལ་ངོ་ཆེན་ནན་ཆགས་ཞུས་པས།
བཙོན་ནས་ཐོན། ཆོས་སྒོར་བཅུག །སྡེ་སྲིད་ཀྱི་མཇལ་ཁ་བྱུང་ཡངས་པར་ཁྲོལ་བ་ཡིན། དེ་ལོ་ཡན་ལ་ཐར་པའི་གཙང་ཁང་མ་གཏོགས་པའི་ཤིང་རྩི་ལོགས་རིས་རྣམས་གྲུབ་མཚམས་སུ་འདུག་པས། ཁོང་ཚོས་རབ་གནས་ལ་ཡོང་དགོས་ཚུལ་དང༌། སྡེ་སྲིད་ནས་ཀྱང་རྒྱབ་སྐྱོར་གྱི་བཀའ་བཀོད་ཙམ་བྱུང༌། ཁྲི་ཁང་བརྒྱུད་ནས། དཔལ་ཐར་བ་བདེ་ཆེན་རབ་བརྟན་གླིང་དུ་ཕྱིན། ཡང་རི་དྲུང་པ་ཀུན་དགའ་བ་གཤེགས་པའི་ངེད་ལ་བསྔོ་རྟེན་དང་ཐར་པར་མང་ཇ་སོགས་བྱུང༌། ཕར་ཡང་དེ་མཐུན་གྱི་མང་ཇ་དང་འདབ་ལན་བྱས། ཁོང་པ་ངེད་ཀྱི་སློབ་རིགས་ཀྱང་ཡིན། ཧོར་ཟླ་དགུ་པའི་ཡར་ངོའི་སྐབས་དེར། རབ་གནས་མཐའ་རྒྱས་སུ་བྱས། ཉི་ཁང་དྭངས་ཤིང་འཇའ་འོད་སོགས་རྟེན་འབྲེལ་ལེགས་པར་བྱུང༌། སེམས་བསྐྱེད་སོགས་ཚོགས་ཆོས་ཀྱི་རྟེན་འབྲེལ་ཡང་བྱས། ཞག་ཤས་བསྡད། སྡེ་པ་གཞུང་ནས་མང་ཇ་བསྔོ་རྟེན་སོགས་ནི་གནང༌། གཞན་འཕྲལ་དགོས་རྣམས་ཐར་པ་བ་རང་གིས་སྦྱར་བ་ཡིན། མཁན་ཆེན་ཀུན་དགའ་ལུང་རིག་པ་ཡང་ངེད་དང་འཕྲད་པ་དང་ཐར་པའི་རྟེན་མཇལ་ལ་ཕེབས། འབོད་མི་ནན་ཆགས་བྱུང་ཞིང་ས་ཐག་ཉེ་བའི་སྟབས། འདོལ་བྱུང་དུའང་ཁོར་ཙམ་ཕྱིན། ཞལ་ངོ་རྣམས་ལ་རྐྱེན་སེལ་དང༌། མི་དམངས་ལ་ཚེ་དབངསོགས་སྔར་ཁྱུད་ལྟར་བྱས། ཆོས་ལུང་ཚོགས་ནས་མཁར་ཆེན་ཁྲི་ཐོག་པ་ཡང་ངེད་འཕྲད་པར་ཕེབས་བྱུང༌། སྔར་ནས་ཀྱང་ཆོས་འབྲེལ་ཡོད་ཅིང་འདི་རིས་ཀྱང་ཆོས་འབྲེལ་
འགའ་རེ་གསན་སོང༌། གཞན་ཡང་ཉང་སྟོད་ཕྱོགས་ནས་འཕྲད་མཁན་མང་བར་བྱུང༌། ཚུར་ལམ་ཡང་ཐར་པ་གླིང་དུ་ལྕགས་མལ་ཞིག་བསྡད། རང་རེའི་ལག་ནས་སྔ་ཕྱིར་མང་ཇ་འགྱེད་ཆས་སྤྱི་རྫས་སོགས་གང་གྲག་སྦྱར། ཐར་པ་ནས་ཡོངས་ནས་ཚོང་འདུས་སུ་སླེབ་པའི་ཉིན། ཅུང་ཁྲིའི་མཁར་པ་ལ་ངམ་རིང་ཡུམ་སྲས་ཀྱིས་བཀའ་བཀྱོན་བྱུང༌། གཞིས་ཐམས་ཅད་རྩིས་ཟེར་ནས་ཁོང་ཚོའི་རྒད་པོ་རང་དང་བུ་བཙུན་གཟུགས་དེ་སླེབ་བྱུང༌། འདིའི་ཁུངས་བཤད་ན། ཁྲི་མཁར་བ་འདི་ཚོ་དང་སྔ་གོང་ངེད་ཚོ་འགྲས་འདྲིས་གཉིས་ཀ་མེད། བྱང་བ་རང་ལ་ནི་ཞེན་ཅན་རང་ཡིན། བླ་མ་སྙེ་མོ་བ་དཀོན་མཆོག་ལེགས་ལྡན་ཟེར་བའི་དཔོན་ས་མངའ་བདག་མ་ཡུམ་སྲས་རང་གི་བསྲུང་འཁོར་བ་ཡང་ཡིན། མཐུ་པ་ཡང་ཡིན་གཏོར་དབང་འདྲ་ཡང་བྱེད་མཁན་གྱི་བླ་མ་ཡང་ཡིན། ཧཱུཾ་ཧཱུཾ་ཕཊ་ཕཊ་རང་གི་གཤིན་རྗེ་ཚེ་བདག་དངོས་ཡིན་ཟེར། དེང་ཚང་གི་སྨོན་གྲོ་དཔོན་དྲུང་ཡབ་ཡུམ་ཚོའི་ཡང་མཐུ་བཟློག་གི་རྩ་བའི་བླ་མ་བཅོལ་བ་ཅིག་གདོགཨང་ཡིག་པ་སངས་མ་རྒྱས་ཉེ་གནས་སངས་རྒྱས་བའི་ལྡཻབས་ལྔ་དྲུག་ཙམ་ཡོད་པའི་གཅིག་ཡིན། དེ་དང་ཁོང་ཚོ་ཕྱོགས་ཅིག་ཡིན་པས། དེང་ཕྱོགས་དང་འབྲེལ་པ་ཡེ་མེད། ངམ་རིང་ཡུམ་སྲས་ཚོ་རང་གིས་ཕྱི་ཐག་གིས་སྐྱོང་དགོས་ཅིག་ནི་ཡིན་པར་འདུག ཕྱིས་ཁོང་ཚོའི་ཆོས་མཛད་བོ་དོང་བྲང་བྱང་བའི་བླ་མ་དེ། གྲྭ་ས་ཡངས་ཅན་པ་ཡིན། བླ་མ་སྙེ་
མོ་བ་དང༌། རྒྱལ་པོ་སྟག་གཤམ་པ་སོགས་ཀྱི་ཕྱག་ཕྱི་ལ་བསྡད་ཀྱང༌། ས་སྐྱ་བ་དང༌། རྙིང་མའི་བླ་མ་རྣམས་ལ་ངོ་སྤྲོད་མ་བྱུང་ཟེར་ནས། སེམས་ངོ་སྤྲོད་པའི་ཆོས་དགོས་ཞེས་དངོས་བརྒྱུད་དུ་མ་ནས་ནན་ཆགས་བྱུང་བ་ལྟར། ངེད་ཀྱིས་ཀྱང་ཁོང་ལ་ཆོས་དྲུག་ཅིག་ཀྱང་བཤད། གཙོ་བོར་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ཀྱང་འཐེམས་པར་བྱས། སྦྱོར་དྲུག་ཀྱང་ཞུས། སེམས་ལ་ཕན་པར་བྱུང་ཟེར། ཕྱིས་རྟིང་ཁོང་རང་འདའ་ཁར། ཁོང་རང་གིས་འཛིན་བདག་རང་དབང་ཅན་གཞན་དང་འཁྲིས་མེད་ཇ་ཇོ་སྒམ་སྒུམ་གྱི་དགོན་པ་ཅིག་ཡོད་པ་དེ་ངེད་ལ་འབུལ་བ་དང༌། བྱང་བུ་གཅོག་པ་ཡང་ངེད་ལ་ཕུལ་ཟེར་བའི་ཁ་ཆེམས་བཞག་འདུག ཤུལ་མ་ཚོས་ཀྱང་དེ་ཁ་བཞིན་བྱེད་རྩིས་བྱས་པ་ཀ་ཡིན། ངམ་རིང་རང་ནས་ནི། སྔ་སོར་དམ་སེལ་ས་མུན་རུབ་པ་ལྟ་བུ་ཡིན་པ་ལ། ཕྱིས་རྟིང་ད་ལྟའི་ཡུམ་སྲས་གཉིས་རང་ལ་བཤགས་པ་བླངས། ལུགས་ལེགས་པའི་ཁུངས་བྱས། བྱང་པ་རང་ལ་སྔ་ཕྱིར་ཁམ་མཆུ་ཐག་ཐུག་བྱུང་བ་ཀུན་ལའང་ངེད་ཀྱིས་ཕན་ཐོགས་སུ་འགྱུར་ངེས་ཤེས་པ་བྱུང༌། ཁྱད་པར་དུ་ཡང་ལྕམ་དྲུང་རང་བསམ་འགྲུབ་རྩེར་ཡང་ཡང་ཕེབས་པ་ཀུན་ལ། འདྲེ་གདོན་གྱི་གཙེར་བའི་སྙུང་བ་ཁོ་ན་དང་བསྐྲས་ལས་ལྷུང་བ་དང༌། རླུང་པོས་བསྐྱོད་ནས་རྒྱ་སྒོའི་བར་དུ་གཅེར་ལ་ཁད་པ་སོགས་མི་འཚམས་པ་འབའ་ཞིག་བྱུང༌། ངམ་རིང་རང་དུ་བཞུགས་དུས་ཀྱང༌། ཡུམ་སྲས་གཉིས་ཀ་ཕྱག་གཡོག་འགའ་རེ་དང་
བཅས་པ་ལའང༌། རྒྱལ་ཟིལ་བཙན་ཟིལ་གྱེས་དྲན་མེད་དུ་འབོག་པ་ཡང་ཡང་བྱུང་བ་མ་སྦས་ཡོངས་ལ་གྲགས་པ་དེ་ཡིན། དེ་ལ་ཕན་ཐབས་ཡག་པོས་ཡོང་ངས་བྱས་ཀྱིས་ཟེར་བ་ངེད་ཀྱིས་ཕར་ཞུས་པ་མེད། ཁོང་རང་དཔོན་གཡོག་ཕལ་ཆེར་འདུས་པའི་གྲོས་ལ་བསྲུང་འཁོར་ཁྱད་དང༌། གནས་བཟང་བའི་སྟབས་རི་ཁྲོད་ཆེན་པོར་བསྙེན་པ་ཞིག་མཛད་ན་ལེགས་ཟེར་བ་གྲོས་མཐུན་འདུག་པ། ལར་ནས་དུས་ཕྱིས་ཁྲོམ་ལ་གྲགས་པའི་སྐད་ཆ་ཀུན་གསང་གསང་བྱེད་པའི་སྲོལ་ཅིག་འདུག་པས། དེ་བཞིན་གསང་ཀྱིན་ཡོད་ན་མ་གཏོགས་དེ་དུས་ཚང་མ་ལ་རྒྱུས་ཡོད་པ་དེ་ཀ་ལགས། དེ་མཐུན་ལྕམ་དྲུང་རང་ཇོ་ནང་དུ་ཕེབས། རྟ་མགྲིན་གྱི་བསྙེན་པ་ཐུང་ཙམ་ཡང་མཛད། ཁྱད་པར་ཅན་དུ་སྦྱོར་བ་ཡན་ལག་དྲུག་པའི་འཁྲིད་གྲར་ཞུགས་པས། དེ་ཕྱིན་ཆད་གནོད་བྱེད་ཞུད་ཁ་དེ་རྩ་བ་ནས་ཆོགས་པ་ཡིན་ཀྱང༌། དེ་རྗེས་ལོ་འཁོར་མི་འཁོར་ལ་ཀ་ཕན་འདོགས་དང་དྲིན་ཐམས་ཅད་བརྗེད། མགོ་ནག་གི་དད་པ་ཁ་དང༌། ཉ་མའི་དད་པ་འདོམ་ཀྱི་དཔེས་མི་ངན་འདྲའི་ངག་ལ་ཉན་ཏེ། དམ་ཉམས་ནག་སང་སང་བ། རྡོ་རྗེའི་དམྱལ་བའི་གཏིང་རྡོ་དེ་མཛད་སྙིང་འདོད་པའི་སྙད། ཁྲི་མཁར་བས་བྱང་པ་ལ་བློ་ལོག་བྱས་ཟེར་ནས་བཅོམ་ཁྱེར་ལ་བཏང་བ་དེ་ཀ་ཡིན། མགོན་པོ་བེར་ནག་ཅན་ལ་འཇོལ་བེར་ནག་པོ་དགུ་བརྩེགས་ཡོད་ཟེར་བ་ནི་ཐོས། དམ་ཉམས་ནག་པོ་དགུ་བརྩེགས་
ཡོང་བ་འདི་འདྲ་ནི། ཁོང་ངམ་རིང་དཔོན་གཡོག་ཚོ་ལ་མ་གཏོགས་གཞན་སུ་ལའང་ཡོད་སྐད་མ་ཐོས་སོ། །དེ་སྐབས་ངེད་ལ་ནི་འདི་བྱེད་རང་ཞིག་མེད། ཕྱིས་ཁྲིམས་སར་གཏུགས་འདུག་པས། ཁྲི་མཁར་བ་ལ་རང་གནས་བྱུང་འདུག འཕྲོས་དོན་བཞད་གད་བྲོ་མོ་དེ་འདྲ་གདོག་ལགས། ད་ནི་དཀྱུས་ལ་འཇུག་སྟེ། ཚོང་འདུས་སུ་གཟིམས་དཔོན་ལྷུན་གྲུབ་སྔ་མོ་ནས་ངེད་ལ་བློ་གཏད་པ་ཡིན། ཁོང་འདས་པའི་ཤུལ་རྒྱ་ཆེ་རབ་ཡོད་པ་རྣམས་ཐར་པར་ཀུན་མཁྱེན་ཆེན་པོའི་དྲུག་མཆོད་ཀྱི་ཐེབས་ལ་སྦྱར། ཐོག་མ་ལོ་གཅིག་ཙམ་གྱི་རྩིས་ཀྱི་ཇ་ཡང་སྤྲད་པ་ཡིན། དེ་ནས་ཆུ་མིག་ཏུ་ཞག་མལ་གཅིག་བྱས། གཙུག་ལག་ཁང་མཇལ་དུ་ཕྱིན་དུས། སྔར་དང་མི་འདྲ་བར་ཤིན་ཏུ་རྙིང་ཤིང༌། མགོན་ཁང་ནི་རྡིབ་ལ་ཁད་རང་འདུག དེ་ན་ད་དུང་རྟེན་ངོ་མཚར་ཅན་འདྲ་ནི་བཞུགས་འདུག ཟངས་དཀར་ལོ་ཙཱ་བས་བཞེངས་པའི་རྡོར་དབྱིངས་ལྷ་ཁངདེ་ཁ་ཆེའི་ལུགས་སུ་འདུག་ཅིང༌། ལྷ་སའི་དཀྱིལ་འཁོར་སྟེང་ན་ཟངས་དཀར་གྱིས་བཟོ་བཀོད་ཅིག་མཛད་འདུག་པ། དེ་ཁ་འདྲ་བ་ཅིག་འདི་ནའང་གདའ། ཉམས་དང་གཞིག་འཇུག་ཡོད་རློམ་རྣམས་ཀྱིས་གཟིགས་ན་ངོ་ཨེ་མཁྱེན་ནམ། དེ་ནས་ཡར་འོངས་རྟག་བརྟན་དུའང་ཞག་ལྔ་ལས་མ་བསྡད། དཔལ་གྱི་ཇོ་ནང་དུ་ལོ་དུས་ཀྱི་འཁྲིད་ཚུགས་པར་བྱས། འཁྲིད་གསར་པ་ཕྱེད་དང་ཉིས་བརྒྱ་ཙམ་བྱུང་ཞིང༌། ལོ་སྔ་མ་གཉིས་ཀྱི་ཤུགས་
རྒྱབ་པ་འདྲ་བ་ཞིག་གིས་འཁྲིད་ལོ་ལེགས་པོ་རང་མ་བྱུང༌། སོག་པོ་ཁ་སོག་གི་གྲྭ་རིས་ཉི་ཤུ་རྩ་འདྲེན་ཡོད་པ་རྣམས་ལོ་གཅིག་རྟག་བརྟན་དུ་སློབ་གཉེར་འདྲ་བྱས་འདི་སྐབས་ཐམས་ཅད་ཀྱིས་སྦྱོར་དྲུག་ཞུས། སྙིང་རུས་ཆེན་པོས་དམ་པོ་ཐང་མ་རང་རྒྱབ། འཁྲིད་གྲོལ་ནས་དགེ་སློང་སྒྲུབ་མཁན་ཡང་མང་དུ་བྱུང༌། མར་ཡུལ་བདག་པོ་ཡེ་ཤེས་དབང་ཕྱུག་པ་ཡང་ཆོས་ཞུ་ལ་ཕེབས། དམ་པོ་ཡང་དག་པ་མཛད། དུས་འཁྲིད་སྤྱི་ཆོས་གྲོལ་རྗེས་བདག་པོ་དང༌། པ་སྣམ་སྐྱིད་ཕུག་ནས་མངའ་བདག་སྐུ་སྐྱེའི་དྲུང་དང༌། ཁམས་པ་རག་ཁྲོམ་བླ་མ་ཤེས་རབ་ཆོས་འཕེལ་སོགས་ཉི་ཤུ་སྐོར་ཞིག་ལ། སྲོག་རྩོལ་སོགས་ཡན་ལག་ཕྱི་མ་རྣམས་ཀྱང་རྫོགས་པར་བཤད། ཤུན་ཞབས་དྲུང་ནས་ནི་ངས་དང་པོ་གླང་ལོ་ཤུན་དུ་ཕྱིན་སྐབས། ཤུན་རྫོང་ལ་ཁྱེད་ཀྱིས་དགོན་པ་འདེབས་དགོས་གསུང་དུ་བྱུང༌། མ་བབས་ཐུགས་ཁོག་འཚབ་པའི་སྟབ་སྟོབ་ཀྱི་གསུང་དུ་འདུག་ནའང༌། བླ་ཆེན་གཞན་ཞིག་ཡིན་ན། ཚིག་ཟུར་དེ་ཁ་ལ་ཅག་འཇུས་བྱས་པའི་རྗེས་ལ་རྩབ་རྩུབ་མཛད་རྒྱུ་ག་ལ་འོང༌། ངེད་ནི་རྩོད་པ་ཅན་དེ་འདྲ་ལ་ཞེ་འདོད་ཀྱང་གཏན་ནས་མེད། ཕུགས་ཀྱང་ཟར་ཟིར་གྱི་རྒྱུ་ཁོ་ནར་འགྲོ་བ་འདུག་པས། དེ་འདྲ་ཡེ་མི་འཐད་ཞེས་ལར་མ་བླངས་པ་ཡིན། དེ་རྗེས་བྱ་ལོའི་སྐབས་ཀྱི་གནས་གཤིས་ལ། སྐུ་ཚེ་ཧྲིལ་པོ་བཟང་བཙོན་དུ་བཞུགས་དགོས་ཀྱི་སྒོ་དོད་པ་དེ་ཁར་འདུག་ཀྱང༌། ངེད་ཀྱིས་ཐབས་
གང་གྲག་ཅི་གྲག་ནན་ཏན་དུ་ཞུས་པ་ལ་བརྟེན་ནས། སྣེའུ་ནས་ཡར་ཕེབས་ཆོག་པའི་དམ་འཇུར་ཅི་གར་གྲོལ། རོག་ཚོ་སྐུ་སྐལ་དུ་བྱུང་བ་སོགས་བྱ་བའི་གཤིས་ལ་དཔགས་པའི་ཕན་ཐོགས་ཆེ་རབ་བྱུང༌། དེ་སྐབས་རང་དེ་འཇིགས་པ་ཆེན་པོ་ལས་ཐར་བ་དེས་ཞབས་དྲུང་རང་ཡང་ཐུགས་དགྱེས་བཞིན་དུ། ཁྱེད་དྲིན་ཆེ་ཞེས་ཡང་ཡང་གསུང་གིན་ཡང་འདུག དེ་དུས་ཀྱི་གཙང་གནས་བཀའ་བཀོད་དང་བཀའ་ཤོག་གཉིས་ཀར་དུ། རོང་ཚོའི་ཡོང་སྒོ་རྣམས་ཞབས་དྲུང་རང་ལ་ཡོང་པ་གཞིར་བཅས། གཡོག་རིགས་ཀྱང་གཙང་སྦྲས་ཆོད་པ་ཡིན་མོད། ཞབས་དྲུང་རང་བཞུགས་ཡུལ་རྟག་བརྟན་རང་དུ་རྒྱུན་བཞུགས་མཛད་དགོས་གསུང་བ་ཡོད་ནའང༌། དགོན་པར་བཞུགས་པ་ལ་གུ་དོག་གི་བཞུགས་ནུས་རིགས་མིན་པ་འདུག་པས། དགོངས་པ ་ཞུས་ནས་རོག་ཚོར་བཞུགས་ཆོག་པའང་བྱུང་བ་ཡིན། དེ་ལྟ་ན་ཡང་བགྲེས་འཚལ་གྱི་རྣམ་པ་དང༌། གདོན་གྱིས་བསྐྱོད་པའི་རྐྱེན་གྱིས། ཐུགས་འགྱུར་ཁ་ཡང་ཞིང་ཐུགས་སྣ་མང་བ། སྡིག་པ་ལ་དགྱེས་པ། ཐུགས་གཏོད་ས་ཡང་ཡང་ཡང་འཕོས་འགྲོ་ཞིང། སྣ་ཚོགས་ཤིག་གིས་ཟར་ཟིར་མང་པོ་རྒྱུན་ལྡན་དུ་མཛད་པ་ཅིག་བྱུང༌། ཁྱད་པར་འདི་སྐབས་དགུན་སྨད་དེ། ཞབས་དྲུང་རང་དང་དགོས་པ་དཔོན་གཡོག་གཉིས་ཀྱིས་དགོས་མེད་ལ། གཡོག་པོ་ཚོ་ལ་དཀྲུག་སྦྱོར་མཛད་
ནས། རོག་ཚོར་མི་ཕར་བསད་ཚུར་བསད་འགའ་རེ་བྱུང༌། གཞན་ཡང་ཟར་ཟིར་ཡ་རི་མ་རི་མང་པོ་ཡོང་རྩིས་འདུག་པས། དཔྱིད་ཀ་དེ་ཞབས་དྲུང་རང་རྟག་བརྟན་དུ་གདན་འདྲེན་དགོས་བྱུང༌། དེ་ནས་ཧོར་ཟླ་གསུམ་པའི་ཚེས་བཅུ་བཞི་ལ་རྟག་བརྟན་ཚོགས་སུ་སངས་རྒྱས་རྗེས་དྲན་གྱི་མན་ངག་རང་རེའི་ཉམས་ལེན་དེ་ཐོག་མར་བཤད། གྲུབ་མཐའ་བཞིའི་བཤད་པ་ཞག་འགའ་རེ་བྱས། དེ་རྗེས་ན་ནང་གི་འཕྲོས་ནས་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་ཕར་ཕྱིན་དྲུག་གི་ལེའུ་ནས་བརྩམས། མཐར་ཕྱིན་པ་ཡོངས་སུ་རྫོགས་ཀྱི་བར་སོང༌། དེ་ཡང་རྩ་འགྲེལ་གཉིས་ཀར་གྱི་གོ་དོན་དཔྱིས་ཕྱིན་པ་དང༌། སྔོན་གྱི་ལོ་པཎ་རྣམས་ཀྱི་གསུང་འཕྲོས་ངོ་མཚར་ཅན་མང་པོས་ཀྱང་བརྒྱན། ཟེར་ལོ་ཙམ་མ་ཡིན་པར་ཆོས་སྐད་གྲུབ་མཐའ་གཏིང་ཚུགས་པའི་མཐའ་གཅོད་བྱས་ཏེ་བཤད་པ་ཡིན། སྤྱིར་འཛིན་ཆོས་རིམ་པས་བཏང༌། ལོ་ཟླ་མང་པོ་སྦྲེལ་ནས་བཤད་ན་མ་གཏོགས། མཚན་ཉིད་ཀྱི་གྲ་ཆེན་པོ་ཅིག་ཏུ་ཡང༌། སྤྱི་ཆོས་བཟབས་ནས་བཤད་ཀྱང༌། གཞུང་དེ་གོ་ཞིག་ཤེས་པ་སྲིད་མཐའ་ཙམ་མིན་པ་མི་ཡོང་བར་འདུག་པས། འདི་ཀུན་ཏུ་ནི་ཕལ་ཆེར་ལ་གོ་རྟོགས་ཡོང་བ་དཀའ་བར་འདུག འོན་ཀྱང་ཚིག་རེ་ཚིག་གཉིས་ཀྱི་གོ་བ་ནས་ཀྱང་མང་དུ་ཕན་ཐོགས་པར་འདུག་ཅིག་སེམས་ལའང་ཕན་པ་དང༌། གཞུག་བློ་ལ་གཟུང་བ་ཚོ་ལ་གོ་བ་ལེགས་རབ་ཤར་བ་ཡང་
གདའ། སྨད་ཆ་འདི་ལ་བླ་ཆེན་ཡེ་ཤེས་དྲུང་གིས་ཟིན་བྲིས་ཀྱང་མཛད་ཐུབ་པོ། །སྔར་གྱི་དེ་ནས་འགྱང་ཙམ་སོང་བ་ན། སྐབས་ཤིག་ནས་རྣལ་སད་པ་འདྲ་བ་ཞིག་གིས། འདི་སྐབས་སྡེ་པ་གཞུང་ནས་རོག་ཚོར་མངགས་མི་མང་བ་གསེར་སྲང་ལྔ་བཅུའི་ཆད་སྒྲུབ་ཞུ་འཆག་མེད་པར་རང་སྒྲུབ་དགོས་སོགས་དམ་ཚིག་ལ་གནོད་པའི་ཟར་ཟིར་མང་པོ་བྱུང༌། གྲོས་པ་ཚོའི་སྐྱོན་ནི་ཡིན་པར་འདུག འདིར་རྒྱས་བར་སྨོས་མ་དགོས། རང་གཞན་ཐམས་ཅད་ལ་དངོས་སུ་རྒྱུས་ཡོད་པ་དེ་ཡིན། རྟེན་འབྲེལ་འཆུགས་པས་གཞུང་ས་རང་དུ་ཞབས་འདྲེན་ནི་ཤིན་ཏུ་ཆེའོ། །རྒྱལ་བའི་སྲས་ཀྱི་གཞུང་ལམ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་དེ་འཆད་པའི་ལྷོངས་ནི་ཡིན་པར་འདུག གཞུང་འདིའི་ཉན་བཤད་ཀྱི་ཆོས་གྲྭ་ནུབ་ནས་རྒྱང་ཙམ་སོང་འདུག་པས། ཉམས་པ་སླར་གསོ་བ་ལ་ལྷོངས་ཡོང་ཡང་ཐང་བ་ཡིན། བོད་འདི་ན་འགོང་པོ་སྤུན་དགུ་སོགས་ཡུལ་མཐའ་གཞན་ནས་གསར་དུ་སླེབ་པའི་འདྲེ་གདུག་རྩུབ་ཅན་མང་པོ་འདུག་པ་རྣམས་མདོ་སྔགས་ཀྱི་གཞུང་ལུགས་རྣམ་དག་འགོ་གཞུག་ཚང་བར་འཆད་པ་ལ་ཤིན་ཏུ་མི་དགའ་བར་བྱེད་པར་སྣང་ངོ༌། །དེ་རྗེས་ཚོགས་པ་ལ་སྤྱན་རས་གཟིགས་པདྨ་དྲ་བའི་དབང་ཞིག་བྱས། དངོས་གཞིའི་ཉི་མ་དང་དེའི་ཕྱི་ཉིན་གཉིས། ཤིན་ཏུ་ན་བའི་འཚུབ་ཏུ་མངོན་པ་ཅིག་བྱུང༌། བར་སྐབས་དེར་དོན་གཉེར་འགའ་ལ་ཐུབ་ པ་དགོངས ་རྒྱན་
གྱི་ལུང་དང༌། ཤན་ཏི་པའི་ལྷན་ཅིག་སྐྱེས་པའི་འགྲེལ་པ་སོགས་རང་རེས་རྩམས་ཆོས་འགའ་ཤས་ཀྱི་ལུང་བཤད་དང༌། ནཻ་གུའི་སྐོར་དང་ལམ་འབྲས་སོགས། སོ་སོར་འདོང་ཆོས་ཀྱི་རིགས་གང་ལ་གང་འཚམས་མང་དུ་བཤད། སྦྲུལ་ལོ་རྩེ་ཕྱོགས་ལ་ཕྱིན་དུས། འབྲས་སྤུངས་ཀྱི་ཁང་པའི་ཟེ་སྦྲོན་པ་བྱས་པ་རྣམས་བཀོད་པ་བཞིན་མ་བྱུང་བའི་འདི་སྐབས་སླར་བཅོས་སྐྱོར་དགོས་པ་རྣམས་བཅོས་པའི་དབྱར་ཐོག་དེ་ཁ་ལ་ཞལ་བ་དང་ཤིང་རྩི་ཚུན་ཆོད་ལེགས་པར་གྲུབ། དེ་སྐབས་རང་དེ་མར་ཡུལ་བདག་པོ་རང་གི་དགོངས་གཏད་སྟོན་ཙམ་ཐུབ་འདི་ཁར་བཞུགས། ཆོས་གང་ཐོབ་མཛད། དེ་རྗེས་བསྙེན་རྫོགས་སྒྲུབས་ནས་སྟོད་ཕྱོགས་ལ་འབྱོན་བཞེད་ཅིག་འདུག་ནའང༌། ཕྱི་ནང་གསང་བ་ཡ་ཁ་མ་ཁ་འདྲའི་རྐྱེན་གྱིས། སྡེ་སྲིད་གཞུང་ནས་འབོད་མི་དུས་ཚེས་ངེས་ཅན་འུར་རྡོ་སྐོར་གཅིག་མ་བློ་རྡེག་ཏུ་གནང༌། ལམ་འབྲས་ཀྱང་ཞུ་འཕྲོ་ལ་བཞག་སྟེ་ཕེབས་དགོས་བྱུང་སོང་བ། ཁོང་ཤིན་ཏུ་མི་དགྱེས་པ་རང་མཛད་ཀྱིན་འདུག ཕྱིས་ཐར་པར་མི་བཞུགས་པའི་རྐྱེན་ཡར་དེ་ལ་ཐུག་གདའ། ལོ་སྔ་ཕྱི་འདི་ པ་ལ་བདག་པོ་ཆོས་རྗེའི་གསུང་གི་དགོངས ་གཏད་ལྟར་གུ་གེའི་ཡུལ་མཐའ་པི་ཏའི་གོ་མིག་ཟེར་བའི་དགོན་པ་དེ་འཛིན་མཁན་ཅིག་གཏོང་དགོས་པར་བྱུང༌། དེ་ལ་གུ་གེའི་ཇོ་བོ་བདག་པོ་ལ་ཞུ་དགོས་བྱུང་ཞིང༌། ཚུར་གནང་ཡང་བྱུང༌། སྤྱི་བབས་བླ་མ་ཆེ་གྲ་སོ་སོས་སྡེ་
དཔོན་རིགས་ཀྱི་གྲོས་ཕུགས་མཛད་ཅིང༌། ཐ་ན་གཉེན་ཁ་ཙུན་ཆད་བྱེད་པའི་སྲོལ་ཅིག་དུས་ཕྱིས་ཡུལ་ག་ནའང་འདུག ཁྱད་པར་སྟོད་ཕྱོགས་ཀུན་ན་དེ་ལྟ་བུ་ངོ་མཚར་ཆེ་ཞིང་བཟང་བར་རྩི་བ་ཅིག་ཡོད་འདུག་པའི་སྤྱན་ཤུགས་དང༌། ཁྱད་པར་ཡ་ཕྱོགས་ཀུན་དུ་འཚམས་རལ་བཏོད་པའི་དགེ་འབྲུག་ངོར་གསུམ་གྱི་གྲྭ་རིགས་ཚོས། སྡེ་པ་གཙང་པའི་གྲོས་ཕུགས་དེ་ངེད་ཀྱི་བྱེད་ཀྱི་ཡོད་རྒྱུ་བ་རང༌། ར་འཐག་འཚོག་འཚོག་བྱས་པ་དེ་ལ་གསན་པའི་གཞིར་བཞག་རང་མཛད་ཀྱིན་འདུག ཁོང་རྣམས་དེ་སྐད་ཟེར་བའི་རྒྱུ་མཚན་དེ་ཡང་སྡེ་སྲིད་གོང་མ་དེ་སྐབས། སྔར་གཙང་པ་རང་གི་དགྲ་ཕྱོགས་ཀྱི་ཁུངས་རྣམས་ལྟ་ཅི་སྨོས། ཉེ་ཁུལ་ཚོས་ཀྱང༌། མཐོ་གནོན་དང་འགྲོ་འཚམས་ཀྱིས་དགྲ་བྱས་པ་དང༌། ཁོང་པའི་ལས་ཤུགས་དབང་ཐང་འབར་བ་གཉིས་ཐུག་ནས། ཐམས་ཅད་སྟོང་སོང་པ་དེ་ཀ་ལ། ངས་བྱས་རྒྱུ་ཏིལ་འབྲུ་ཙམ་ཞིག་མེད་ཀྱང༌། དེ་ངེད་ལ་ཁག་བསྐུར་ན་ངེད་ཚོ་ལ་སྨད་ར་རྒྱ་ཆེ་གཏིང་ཟབ་རང་ཡོང་རྒྱུའི་ཁུངས་ཀྱིས་སྨྲས་པས་ཡིན་པར་འདུག །དེའི་རྒྱུ་མཚན་ཡང༌། ལུང་བསྟན་ཡིན་ཟེར་བའི་ཤོབ་རང་ཚིག་རེ་རེ་གཉིས་གཉིས་འདོན་ཞིང༌། གཞན་ཚོ་ཆོས་རྒྱལ་ཡིན་གཙང་པ་བདུད་ཡིན་ཟེར་བ་དེ་ལ་ཐུགསྐྱ་སེར་བྱིན་དམངས་འདི་ཡང་དེ་ཁས་མགོ་འཁོར་འགྲོ་ཡིན་འདུག གང་ནའང༌། སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་
ལྐོག་གྱུར་ནི་བསམ་གྱི་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པས། ཡེ་ཤེས་ཀྱི་སྤྱན་ཡོད་པ་ཅིག་གིས་གཟིགས་ན། ད་ལྟ་ཡང་དཔག་ཏུ་མེད་པ་ཅིག་ཡོང་ནི་ཡོད་པར་འདུག ངོས་ནི་སུས་ཀྱང་མི་ཟིན། དེ་འདྲ་ལ་ནི་དུས་བཟང་ངན་མེད་དོ། །མངོན་འགྱུར་བ་ལ་ནི་དུས་བཟང་ངན་ཡོད་པ་དངོས་སུ་གྲུབ། ད་ལྟ་མང་པོ་མེད་པ་དེ་ཡིན་གཞན་འཇིག་རྟེན་དཀར་ཕྱོགས་ཀྱི་ལྷ་ཆེན་པོ་མིའི་ལུས་འཛིན་པ་ལྷའི་འཇུག་པ་དང༌། ནགས་ཕྱོགས་ཀྱི་འདྲེ་སྲིན་མིའི་ལུས་འཛིན་པ་བོང་བ་ལྟར་ན་བདུད་སྤྲུལ་ཞེས་སམ། ལྷ་མིན་གྱི་འཇུག་པ་དངོས་དེ་ནི། དུས་དེང་སང་མི་ཡོང་བ་ཡིན། རྒྱུ་མཚན་ནི་སྔོན་གྱི་མིའི་ལུས་དེ་རྩ་ཁམས་དྭངས། རྩའི་ནུས་པ་ཆེ་བས་ཡ་མཚན་ཆེན་པོ་ཅི་ཡང་འབྱུང་ལ། ཕྱིས་ཀྱི་རྣམས་དེ་ལས་ལྡོག་པའི་ཕྱིར་རོ། །མཐའ་ན་རོ་ལངས་ཚུན་ཆད་ཀྱང་ད་ལྟ་སྔོན་བཞིན་མི་ཡོང་བའི་རྒྱུ་མཚན་དེ་ཡིན། དེའི་ཚབ་ཏུ་དེང་སང་དཀར་ཕྱོགས་ཀྱི་ལྷའམ་ནག་ཕྱོགས་ཀྱི་འདྲེས། མི་སོ་སོའི་བློ་བསྒྱུར་བ་དང། མིག་གིས་མི་མཐོང་བའི་ཕྱོགས་ནས་རྒྱལ་ཕམ་གྱི་དཔུང་བྱེད་པ་ཁོ་ན་ཡིན་པ་གོ་དགོས། ལུང་བསྟན་མཁན་རྣམས་བག་ཡོད་འཚལ། རྒྱ་གར་བ་མཁས་པ་རྣམས་ན་རེ། སྔོན་ལྷ་མིན་གྱི་འཇུག་པའི་རྒྱལ་པོ་བྱུང་སྟེ། མི་རྣམས་ལ་གནོད་པ་བྱེད་པའི་ཚབ། དེང་སང་གི་མི་ལ་དེ་ལྟར་མི་འབྱུང་བས། ད་ལྟ་
ཀླ་ཀློའི་ཆོས་ལུགས་དར། དེ་རྣམས་སྟོབས་དང་ལྡན་ཞིང་ཐུབ་པར་དཀའ་བ་ཡིན་ཟེར། ཡང་ཅི་སྟེ་ད་ལྟར་ཡང་དེ་ལྟར་ཡོང་ཞེས་དབུ་ཚུགས་སྨྲ་ན། འཕགས་པ་དང་དཀར་ཕྱོགས་ཀྱི་ལྷ་མ་ཡིན་ཕྱིན། མི་ཕལ་པ་གང་ཡང་གོ་རིག་མི་ཡོང་བའི་ཟམ་ཟོམ་ལྐུག་པ་སྒྲོ་ཞ་བ་དེ་འདྲ་ལས། གནམ་ཐེའུ་དང༌། འབལ་ཐེའུ་སོགས་ཡིན་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་གྲག་མོད། འདི་ཚོས་རང་གཞན་གཉིས་ཀའི་བྱ་བྱེད་སྟོབས་ཆེན་གྲུབ་འོང༌། ཅིག་ཤོས་དེས་གང་ཡང་མི་ཡོང་བ་ལགས་ཞེས་བརྗོད་པར་བྱའོ། །སྐབས་ཀྱི་དོན་ལ། སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དེས་གསུང་ཕེབས་ལ། ངེད་ཀྱིས་རྒྱལ་སྲིད་ཀྱི་བྱ་བ་རླབས་ཆེན་འགྲུབ། ད་དུང་སྐྱོང་བ་ལ་དཀའ་ལས་མི་འདུག་ཀྱང༌། འབྱོར་པ་ཡོད་པའི་ཚོགས་གསོག་དང༌། སྔ་ཕྱིའི་སྒྲིབ་སྦྱོངས་སུ་གཙུག་ལག་ཁང་སོགས་ལ་བརྟེན་པའི་དགེ་བ་རླབས་ཆེ་བ་ཞིག་དགོས་འདུག་པ། སྐྱེ་བོ་མི་ནག་པས་ཁ་འཇུག་བཀོད་ཁྱབ་བྱས་ཀྱང་བཟའ་སྒོ་དང་ཐོ་ཆོའི་སྤྱོད་པ་ལ་སོང༌། ཐམས་ཅད་དུ་ཐོ་ཆེན་པོ་འཕོག་ཅིང༌། སྡིག་དང་མ་འདྲེས་པའི་གནད་དུ་འགྲོ་བ་ཞིག་དཀའ་བར་འདུག ད་ལྟ་གྲྭ་རིགས་ཡོན་བདག་དར་རྒྱས་ཆེ་བ་ཀུན་ལའང༌། ཕྱོགས་མེད་དུ་གུས་པས་ཞབས་ཏོག་བྱེད་པ་གཞིར་བཅས་ཡིན། དཔལ་ཇོ་ནང་པའི་ལུགས་འདི་ད་ལྟ་ནུབ་ལ་ཁད་འདུག་པ་ཅུང་ཟད་གསོ་ཐུབ་ན། དཀོན་པ་ཙམ་གྱི་རིན་ཐང་ཆེའི་དཔེ་ཕན་ཡོན་ཡང་ཆེ་བ་
དང༌། ཆོས་ཚུལ་འདི་ལ་རང་རེས་མོས་པའང་ཡིན་གསུང༌། སྔ་ཕྱིར་ས་ཆ་དང༌། ཡོ་བྱད་ཐམས་ཅད་སྦྱོར་འཇགས་གནང༌། ངེད་ཚོས་དགེ་འདུན་གྱི་སྡེ་འཛུགས་རྒྱུ་དེའི་ལག་ལེན་ཁྱེད་ཀྱིས་བྱེད་དགོས་ཚུལ་དོན་གྱི་གནད་ཀྱི་འདུག ཁོང་རང་བཞུགས་དུས་དོན་ལའང་དེ་ཁ་རང་ཡིན། དེ་ཙམ་མ་གཏོགས་དེ་དུས་ཀྱང་དུས་ཟིངས་ཀྱི་གྲོས་ཕུགས་ཉི་མ་གཅིག་ཀྱང་བྱེད་མ་མྱོང༌། དེ་ལྟ་ནི་ཁོག་གྲོས་ཀྱི་དྲ་དྲི་ཙམ་ཡང་མེད་པ་འདི་ཀ་ཡིན། འདི་སྐབས་ཀྱང་ཇོ་བོ་བདག་པོའི་ཐུགས་བསམ་ལ། གྲོས་ཕུགས་ཡིན་པའི་ཁུངས་རང་གི་བཀའ་ཕེབས་སྐུ་དོན་རྣམ་གྲངས་མང་པོ་དང༌། ཁྱད་པར་གཉེན་བསྒྲིགས་བྱེད་དགོས་ཚུལ་སོགས་འདུག ངེད་རང་རྟོགས་ལྡན་ལ་མཛུ་གུ་འཛུགས་རྒྱུ་ཞིག་མི་འདུག་ཀྱང༌། ངས་དྲན་ཙམ་གྱི་དུས་ན་གཙང་ཕྱོགས་འདི་ཀུན་ན། དགེ་བཤེས་ཀྱི་མིང་ཅན་གྱིས་གཉེན་ཁ་བྱེད་པ་ལ། ཀུན་གྱིས་འཆའ་བའི་ཁྲེལ་ཡོད་ཆེན་པོ་དགོས་པའི་མིག་རྒྱུགས་ཀྱིས། སྔར་དེ་འདྲ་ཅི་ཡང་ཟེར་མ་མྱོང་བས་རང་རེས་ནི་ཡེ་མ་བྱས། ཁོང་མུར་བཏུགས་ཆེས་པ་དང༌། སྡེ་སྲིད་གཞུང་རང་དུའང༌། ཚོང་པའི་ཁྲ་བསྡུད་ཕྲན་ཚེགས་ལ་རྩེག་འདམ་དང༌། ཐུགས་སྙུང་བའི་ཚོད་བྱས་ན། སྟོད་ཕྱོགས་ཐམས་ཅད་འདུ་བའི་ལེགས་ལམ་དུ་ཡང་འགྲོ་བ་འདྲ་བསམས་པར་འདུག མཛོད་པས་ཞུ་ཤོག་ཕུལ་ཡང་སྐྱོ་
མ་སྔ་བཙན་གྱི་དབང་ལས་མ་བྱུང་འདུག དེ་ཐུགས་རྩོལ་གྱིས་འགྲུབ་ན་སྡེ་པ་རང་ལ་ལེགས་རྒྱུར་འདུག་སྟེ། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། ཞེས་པའི་དོན་ཐུགས་ལ་འཁྲུངས་ན་ནི་ཕོ་སྐྱེས་རྒྱབ་གདའོ། །དབྱར་སྨད་ཀྱི་དུས་ཟབ་ཆེན་རྒྱུ་གང་བཟང་ལ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ཟབ་དཀྱིལ་ཆེན་མོར་གྲགས་པ་འདི་ཡང་བཞེངས། རྒྱུ་ཚོགས་ཚང་མ་སྡོམས་ན། ཟབ་ཆེན་ཡུག་རིང་ཐུང་སྣ་ཚོགས་པ་བརྒྱ་སྐོར་ཅིག་སོང༌། ཐོག་མའི་བགེགས་སྐྲོད་རབ་གནས་ལ་ཤིན་ཏུ་བཀྲ་ལོད་ཅིང་འཚུབ་ཏུ་མངོན་པ་ཇ་བླུགས་པ་ཙམ་གྱི་དཀར་ཡོལ་དོན་མེད་དུ་སྒྲ་དང་བཅས་ཆ་གཉིས་སུ་གས་བྱུང་ཞིང༌། དེ་ཉིན་ཀ་རྩེ་ནས་འབོད་མཁན་ཞིག་ཀྱང་སླེབ་བྱུང་བས། རྟེན་འབྲེལ་མི་ལེགས་པར་ཤེས་ནས། ད་རེས་ཤར་ཕྱོགས་མི་འགྲོ་བར་ཐག་བཅད་དོ། །ཧོར་ཟླ་དགུ་པའི་འགོ་སྟོད་ལ། གཏིང་སྐྱེས་ནས་སྡེ་པ་ཡབ་སྲས་དང༌། རྩེ་གདོང་ནས་ལྕམ་དྲུང་སོགས་དཔོན་གཡོག་མང་རབ་ཞིག་ངེད་དང་འཕྲད་པ་དང༌། འདི་ཕྱོགས་ཀྱི་རྟེན་མཇལ་ལ་ཕེབས། ཞག་ཉི་ཤུ་སྐོར་བཞུགས། ཚེ་དབང་བརྒྱ་ཚར་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བསྐུར་དང༌། དཔལ་མགོན་པོའི་བཀའ་སོགས་རྗེས་གནང་མང་རབ་དང་བཅས་པ་གསན་སོང༌། བླ་མ་རིན་པོ་ཆེ་ཀ་བཞི་སྤྲུལ་པའི་སྐུ་ཡང་དཔལ་ཐར་པ་གླིང་གི་
འཛིན་སྐྱོང་ལ་ཕེབས་པའང་འདི་ཀའི་དུས་ཀ་ཡིན། ཞྭ་དམར་ཅོད་པན་འཛིན་པ་དེ་ཉིད། སྐུ་དབྱིངས་སུ་ཐིམ་པའི་དུས་ངེས་ཅན་རྫུན་མེད་རང་ཅིག་ནི་རྫུ་བག་མང་གྲགས་པས་ཐིངས་པ་དཀའ་བ་འདུག དབྱར་སྨད་དེ་སྐུ་རིམ་ཡིན་ཟེར་བ་མང་བསྐོལ་མང་རབ་མཛད་འདུག་པའི། རྟག་བརྟན་དུ་ཡང་མང་ཇ་འགྱེད་བཅས་བསྔོ་རྟེན་གྱི་སྐལ་བ་གནས་བྱུང༌། ཟླ་བ་འདི་ལ་གསང་རྟོལ་བྱུང༌། ཟླ་བ་བཅུ་པའི་ནང་དུ་འདི་ཚོར་དགོངས་རྫོགས་ཀྱི་སྐལ་བའང་བཟང་བར་བྱུང༌། ངེད་ཀྱི་བསམ་མནོ་ཞིག་ལ། རྟོགས་ལྡན་འདི་ཀུན་གྱི་ཁ་ནས་བཀའ་བརྒྱུད་རིན་པོ་ཆེ་ལ་ཐུག་འདུག་ཡང་ཡང་ཟེར་བ་དེ་ཡང༌། འདྲ་མོ་རུ་ཡང་གདའ། མཉམ་མེད་དཔལ་སྒམ་པོ་པ་རང་གི་དུས་དང༌། བདེ་གཤེགས་ཁམས་པ་དང༌། འབྲི་ཁུང་རིན་ཆེན་དཔལ་སོགས་ཀྱི་སྤྱན་ལྟོས་ཀྱི་གཞུག་དེ་ད་རུང་འདུག བླ་ཆེན་བཅོལ་ན་བླ་ཆེན་ཕེར་པ་དེ་བཀའ་བརྒྱུད་པ་འདི་ལ་ཀ་གདའོ་སྙམ་པ་ཅིག་བྱུང༌། འབྲུག་པ་ཐམས་ཅད་མཁྱེན་པའི་མཆོག་གི་སྤྲུལ་སྐུ་ཡང༌། ཁྲོ་ཕུར་ཕེབས་འདུག་པས་གཞི་བྱེས་ལ་མང་ཇ་དང༌། ཇ་ཞལ་བཟབ་ཙམ་ཕུལ། དགྱེས་པའི་ཚུལ་གྱི་གསུང་ཕེབས་ཁྲལ་ཁྲོལ་དུ་མཛད་ཀྱིན་ཡོད་འདུག་ཅིང༌། གདབ་ལན་རྟག་བརྟན་དུ་མང་ཇ་དང༌། ངེད་ལའང་ཇ་འདྲེན་མཛད་བྱུང་འདི་ན་བླ་ཆེན་གྱི་ཁུངས་ལ་ལ་ཞིག་འབྲེལ་འདྲ་བྱས་ན། ལྕི་ཐང་ཐང་འགྲངས་མ་གཙང་པོ་དེ་འདྲ་མིན་པའི་འབྲེལ་འཚོལ་བ་ལ་སྤྲོ་བ་སྐྱེས་ཡོད་པའི་རིགས་ཡིན་པར་དེར་འདུག་ལགས།
དེ་ནས་རི་ཁྲོད་ཆེན་པོའི་དུས་ཁྲིད་ཡང་སྔར་ལུགས་བཞིན་བཙུགས། ཁྲིད་གསར་པ་སྔར་འཁྱུད་བཞིན་མང་བ་དང༌། ལོ་སྔ་མ་གསུམ་བཏུད་ལས་འཁྲིད་ལོ་ལེགས་ཙམ་གྱི་འབྲིང་པ་ཅིག་བྱུང༌། ལོ་འདིའི་ནང་དུ་ཇོ་ནང་གི་ལྷ་ཁང་བདེ་བ་ཅན་དུ། ལྡེམ་བྱང་ཆུབ་སེམས་དཔའ་གཉིས་དང་ལོགས་བྲིས་དང་སྟེང་གི་ཐིགས་ཁང་སོགས་ཐམས་ཅད་གྲུབ། རྒྱ་གར་གྱི་ཡུལ་ནུབ་ཕྱོགས་ཀུ་རུའི་བརྒྱུད་ནས་བྲམ་ཟེའི་རིགས་ཀྱི་པཎྜི་ཏ་གཞོན་ནུ་སྒྲ་ལ་མཁས་པ་བ་ལ་བྷ་དྲ་ཞེས་པ་ཞིག་ལོ་སྔ་མ་ལ་འདིར་བྱུང༌། ལྷ་ས་སོགས་བོད་ཡུལ་གྱི་སྐོར་འོས་རྣམས་བསྐོར། སླར་འདི་སྐབས་འབྱོར་བྱུང་བ། ཁོང་རེ་ཞིག་སྡོད་པར་བྱས་ནས། སྭ་ར་སྭ་སྟི་བྱ་ཀ་ར་ཎ། དབྱངས་ཅན་སྒྲ་མདོ་རྩ་འགྲེལ་སྔར་ཅུང་ཟད་བསྒྱུར་བའི་འཕྲོས་ནས། འགྱུར་བྱེད་པའི་འགོ་བརྩམས། བྲེལ་གཡེང་སྟབས་ནས་ཡུན་རིངས་འགོད། ཞག་རེའི་ནང་དུ་ཐུན་རེ་ཙམ་བྱས། རྩ་འགྲེལགཉིས་པོ་གང་བསྒྱུར་ཚར་བ་དེའི་རྒྱུ་ལ། ལག་ལེན་ནག་པོ་འགྲོ་ཤེས་རེ་ཡང་ཉིན་རེ་བཞིན་བྲིས། ཧོར་ཟླ་གཉིས་པ་ལ་རྟག་བརྟན་དུ་ཕྱིན། ཆོས་ཐན་ཐུན་འདྲ་བཤད། ངམ་རིང་མཁན་ཆེན་ཀླུ་སྒྲུབ་སྤྲུལ་པའི་སྐུ་ཡང༌། ཡོས་ལོ་བརྟག་གཉིས་ཀྱི་བཤད་པ་དང༌། གུར་སམ་གཉིས་ལ་བཤད་འདོམས་ཙམ་གསན་སྐབས་དེ་ནས། བར་སྐབས་དེར་མཇལ་མ་ཐུབ་པས། ཅིས་ཀྱང་ཡོང་དགོས་འདུག་གསུང་ཕེབས།
བདེ་མཆོག་ནག་པོ་ལུགས་ཀྱི་རིམ་བཞི་ལམ་སློང་ཆེན་མོ་དང༌། སྦྱོར་དྲུག་དང་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་ཐོར་བུ་འགའ་དང༌། རྗེས་གནང་ཅི་རིགས་པ་དགོས་གསུང་བ་ལྟར་ཕུལ། དེ་ལ་སྤྱིར་བོད་ཡུལ་འདི་རུ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དང༌། ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས། ཆོས་ཀྱི་སྒོ་མཐའ་ཡས་པ་སྣ་མ་འགགས་པར་འགྱུར་ཞིང་དར་བ་ཡིན། དགོས་སུ་བསྟན་པ་ཕྱི་དར་ལ། རྒྱ་གར་ཉི་འོག་དང༌། ཁ་ཆེ་བལ་པོ་ཀུན་དར་ཞིང་གྲགས་ཆེ་བའི་གསང་སྔགས་ཀྱི་ཆོས་ཀྱི་རྐངས་ཕལ་ཆེར་ཞིག་འགྱུར་བ་ཡིན། རྒྱུད་འགའ་ཤས་ཙམ་ལུས་འདུག དགོངས་འགྲེལ་གྱི་བསྟན་བཅོས་ནི་མ་འགྱུར་བ་ཆེས་མང་མོད་ཚད་གཟུང་མི་ནུས་ལ། ཁ་ཅིག་མེད་ཀྱང་ཨའུ་རྩི་མོད། ཡང་རྒྱ་གར་ནས་བརྒྱུད་པའི་ཆོས་རེ་རེ་ཙམ་ལ་ས་བོན་བླངས་ཏེ། བོད་ཡུལ་འདིར་རང་རང་གི་བློ་གྲོས་ཀྱིས་རྒྱ་ཆེར་སྤེལ་བ་ཡང་མང་དུ་བྱུང༌། ཁ་ཅིག་ཏུ་ཞལ་མཐོང་དང༌། ལུང་བསྟན་དང༌། རྨི་ལམ་དང༌། སྔར་མཐོང་ཐོས་མེད་ཀྱང༌། བློ་ལ་རང་ཤར་བའི་ཉམས་ཆོས་སམ། རྟོགས་ཆོས་ཤིན་ཏུ་མང་བ་དག་བྱུང་ངོ༌། །རྒྱ་བོད་གཉིས་ཀར་དུ། རྒྱུད་གཙོར་བྱེད་པ་དང༌། གདམས་ངག་གཙོ་བོར་བྱེད་པ་སོ་སོར་བྱུང༌། རྒྱུད་གང་ཡང་རུང་བ་ཅིག་ལ་བརྟེན་ནས། དབང་བསྐུར་བ་དང༌། ལྷ་སྔགས་ཀྱི་རྣལ་འབྱོར་ངེས་ཅན་དུ་བྱེད། དེ་ལ་བརྟེན་ནས་བསྐྱེད་རྫོགས་ལ་སློབ་པ་ནི། རྒྱུད་གཙོ་བོར་བྱས་པ་ཅིས་ཟེར། དབང་
བསྐུར་དང་ལྷའི་རྣལ་འབྱོར་ཅིག་ལ་གཞུང་སྲོང་བའི་ངེས་གཟུང་མེད་པར། རྩ་རླུང་ངམ། སེམས་ཕྱོགས་སོགས་རྩལ་དུ་འདོན་པ་ནི། མན་ངག་གཙོ་བོར་བྱེད་པ་ཞེས་གྲགས། རྒྱ་གར་གྱི་དཔྱོད་ལྡན་རྣམས་རྒྱུད་གཙོ་བོར་བྱེད་པ་ལ་རྩིས་ཆེ། བོད་དུ་ནི་མན་ངག་གཙོ་བོར་བྱེད་པ་ཁོ་ན་དར་རྒྱས་ཆེའོ། །རྒྱུད་གཙོ་བོར་སྟོན་པའི་ཆོས་འདི་རྣམས་རྒྱུ་དང་ཡི་དམ་ལ་ཕྱོགས་འཛིན་བྱས་པའི་རེ་རེ་ཙམ་མིན་པ་བོད་ཡུལ་འདི་ན། ཕྱིས་དར་རྒྱས་ཆུང་བར་འདུག ཁོ་བོ་ནི་རྒྱུད་དང་འབྲེལ་བའི་ཆོས་རྣམ་དག་འདི་རྣམས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་ནི་ཡོད། སྡུག་ཞེན་ནི་གང་ཡོད་ཡོད་བྱེད། དར་ཐུབ་པའི་ནུས་པ་ནི་ང་རང་ལ་ཡང་མི་གདའ་སྟེ། དེ་ལས་ཀྱང་སངས་རྒྱས་ཀྱི་ དགོངས་པ ་མ་ནོར་བའི་སྔགས་ཆོས་ཟབ་མོ་ལ་ཐོས་པ་དང༌། སྒོམ་པ་བྱེད་པའི་བསོད་ནམས་ཀྱི་སྐལ་བ་ཅན་དེ་འདྲ་རྒྱལ་ཁམས་ཡོངས་ཀྱི་མི་འདི་པའི་ས་ན་མང་པོ་ཡོད་ཡོད་མི་འདྲ་བས། ཆོས་ཟབ་མོ་སྤེལ་ཐུབ་པའི་ཐེས་མི་གདའ། ཇི་སྐད་དུ། སངས་རྒྱས་ཀྱིས་ནི་མ་གསུངས་ན། །དཀའ་བས་འབད་ནས་བྱེད་པ་མཚར། །ཞེས་པ་ལྟར། རྒྱུད་ཀྱི་བརྟེན་སོ་འདི་ཡིན་མེད་པའི་རིགས་ཚོགས་ཆེན་ཅིག་ལའང༌། འབད་བརྩོལ་གྱིས་ཐོས་སྒོམ་བྱེད་ཚུལ་ཅི་རིགས་ནི་ཡོང་གིན་གདའ། གཞན་ཕལ་ཆེ་བ་ནི། སྙོམས་ལས་དང་སླ་ཆོས་ཁོ་ན་གཙོ་བོར་འདོན་པས། ཉ་ཆོས་སད་སུད་དང་འད་འུད་ཤབ་
ཤོབ་འདྲ་ལ། བློ་འགྲོ་བ་ཙམ་མ་གཏོགས། ཆོས་དབྱིངས་ཆེ་བ་ལ་མོས་པ་ཙམ་ཡང་མི་སྐྱེ་བ་དེར་གདའོ། །འོ་ན་རྒྱུད་དང་འབྲེལ་པའི་ཆོས་འགངས་ཆེ་བ་ད་ལྟ་རྒྱུན་མ་འཆད་པ་ནི་ཇི་ལྟ་བུ་ཡིན་ད་ལྟ་ཇི་ཙམ་ཡོད་སྙམ་ན་དེ་འདྲ་ནི་འདི་དག་ཡིན་ཏེ། དཔལ་གསང་བ་འདུས་པ་འཕགས་སྐོར་དུ་གྲགས་པའི་དབང་བསྐུར་བ་དང། སྒྲོན་གསལ་ལ་བརྟེན་པའི་རྒྱུད་ཀྱི་བཤད་པ་རིམ་ལྔ་སྤྱོད་སྡུས་དང་འབྲེལ་པའི་རྫོགས་རིམ་དང་བཅས་པ་མར་འགོས་གཉིས་འདུས་ཀྱི་དབང་ལུང་མན་ངག་ཆ་ཚང་རྣམས་རྐངས་ཚུགས་པའི་སྲོལ་ཀ་གཅིག་ཡིན་ཏེ་དང་པོའོ། །ཡང་འདུས་པ་ལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས། ལོ་ཙཱ་བ་ཡེ་ཤེས་རྒྱལ་མཚན། ཡོན་ཏན་གྲགས། དར་མ་གྲགས་རྣམས་ནས་བརྒྱུད་པ་གཙོ་བོར་གྱུར་པ་དབང་བཀའ་རྒྱུད་བཤད་རྫོགས་རིམ་གྲོལ་བའི་ཐིག་ལེ་སོགས་དབང་རྒྱུད་མན་ངག་ཆ་ཚང་བ་ཡོད་པ་འདི་ནི་རྐང་ཚུགས་པའི་སྡེ་ཚན་གཉིས་པ་ཡིན་ནོ། །དཔལ་གཤིན་རྗེ་གཤེད་ཀྱི་ཕྱོགས་ལ། རྭ་ལོའི་བཞེད་ཀྱི་ནག་པོ་སྐོར་གསུམ་གྱི་དབང་བཀའ། གཙོ་བོར་ནག་འཇིགས་ཀྱི་རྒྱུད་བཤད་ལས་ཚོགས་མཐའ་རྒྱས། ཕྱིས་ཀྱི་བློ་བཟོའི་བསྲེ་སླད་མེད་པའི་རྫོགས་རིམ་དང་བཅས་པ་འདི་རྐང་ཚུགས་པ་གསུམ་པ་ཡིན་ནོ། །ལོ་ཙ་བ་ཤེས་རབ་བླ་མ་དང༌། འོད་ཀྱི་འབྱུང་གནས་དང༌། བློ་གྲོས་གྲགས་རྣམས་ཀྱི་ལུགས་ལའང་དབང་བཤད་མན་ངག་རྐང་
ཚུགས་པ་ཡོད་ཀྱང་ཕྱིས་དར་རྒྱས་ཆུང་བས་སྔ་མའི་ཞོར་བྱུང་དུ་བགྲངས་སོ། །གཤིན་རྗེ་གཤེད་དམར་པོ་ལུགས་གཉིས་ལ་ལོ་ཙཱ་བ་ཆོས་ཀྱི་དཔལ་བཟང་པོ་དང༌། ཆོས་རྗེ་དཔལ་ཟང་པོ་དང༌། ཤེས་རབ་རིན་ཆེན་དང༌། མཁས་པ་སྦྱིན་པ་ཚུལ་ཁྲིམས་རྣམས་ནས་བརྒྱུད་པའི་གདམས་ངག་བཅས། སོ་སོའི་དབང་བཀའ། ཤིན་ཏུ་སྤྲོས་མེད་དང༌། རྣལ་འབྱོར་བཞིའི་རྫོགས་རིམ། བྱིན་རླབས་ཀྱི་བཀའ་རྒྱ་གཞུང་གི་ཟིན་སོ་ཅན་མང་པོ་དང༌། གཞུང་གི་བཤད་པ་ལས་ཚོགས་དང་བཅས་པ། རྒྱབ་རྟེན་རྒྱུད་སོགས་ཆ་ཚང་བར་ཡོད་པ་འདི་ནི་རྐང་ཚུགས་པ་བཞི་པའོ། །དགྱེས་པ་རྡོ་རྗེ་ལ་ལོ་ཙཱ་བ་ཤཀ་ཡེ་དང༌། ལོ་ཙཱ་བ་བསོད་ནམས་རྩེ་མོ་གཉིས་འཛོམས་པའི་རྩ་བཤད་ཀྱི་དཀྱིལ་འཁོར་དབང་བཀའ་མི་འདྲ་བ་བཅུ་གཉིས་ཙམ་དང༌། རྒྱུད་གསུམ་དུ་གྲགས་པའི་བཤད་པ། ཟབ་པའི་ཚུལ་དགུ། ལྷན་ཅིག་སྐྱེས་གྲུབ། ལྷན་ཅིག་སྐྱེས་པའི་མན་ངག་སོགས་དང༌། གཞུག་འགྲེལ་མང་པོའི་ལུང་བཀའ་དང་བཅས་པ་འདི་ནི་རྐང་ཚུགས་པ་ལྔ་པའོ། །ཡང་དགྱེས་རྡོར་ལ་ནཱ་རོ་མཻ་ཏྲི་ནས་བརྒྱུད་པ། འགྱུར་བྱེད་བླ་མ་ལྷོ་པ་ཆེན་པོའི་ལུགས་ལ། རྩ་བཤད་ཀྱི་དབང་བཀའ་སུམ་རྫོགས་རིམ་འཁྲིད་ཚུལ་རྒྱས་པ་གཉིས། བྱིན་རླབས་ཀྱི་བཀའ་ཅིགགུར་བརྟག་གི་བཤད་པ་བཟང་རྒྱས་སུ་འཛོམ་པ་དང་བཅས་པ་འདི་ནི་རྐང་ཚུགས་པ་དྲུག་པ་ཡིན་ནོ། །དགྱེས་རྡོར་དཔྱལ་ལུགས་ལ་དབང་རྒྱུད་བཤད་མན་ངག་ལྷད་མེད་ཁྱད་པར་ཅན་བྱུང་འདུག་ཡིག་ཆ་བཟང་པོ་འདུག་ནའང༌། རྒྱུད་པ་ཆད་ནས་རིང་ཞིག་ལོན་གདའ། ཡང་དཔལ་འཁོར་ལོ་སྡོམ་
པའི་ཕྱོགས་ལ། སློབ་དཔོན་རྣམ་གསུམ་གྱི་བཞེད་པའི་དབང་བསྐུར་སོ་སོ་དང༌། བསྐྱེད་རིམ་གྱི་མན་ངག་དང༌། རྫོགས་རིམ་རྣལ་འབྱོར་ཆེན་པོ། རིམ་ལྔ་རིམ་བཞིའི་ཁྲིད་ཟབ་རྒྱས་ཅན་རྣམས་དང་གཞུང་སོ་སོའི་བཤད་པ། རྩ་བའི་རྒྱུད་དང༌། ཀུན་སྤྱོད་ཀྱི་བཤད་པ། བཤད་རྒྱུད་གཞན་རྣམས་ཀྱི་བཤད་ལུང་སོགས་ཡོད་དེ། ལོ་ཙཱ་བ་ཤེས་རབ་བརྩེགས་དང༌། བློ་གྲོས་གྲགས་དང༌། རྡོ་རྗེ་གྲགས་དང༌། ཆོས་དབང་དང༌། གྲགས་འབྱོར་རྣམས་ཀྱི་མན་ངག་བཤད་སྒྲོས་དང་བཅས་པ། ངོ་མཚར་རྨད་དུ་གྱུར་པའི་ཆོས་སྐོར་ཡོད་དེ། སློབ་དཔོན་རྣམ་གསུམ་ལུགས་རྐང་ཚུགས་རེ་ཡིན་མོད་ཀྱི་འདིར་བརྒྱུད་པ་གཅིག་ཏུ་གྲིལ་བའི་དབང་དུ་བྱས་ནས་ལམ་རྐང་ཚུགས་པ་བདུན་པའོ། །འཁོར་ལོ་སྡོམ་པ་ལ་དབང་བཀའ་ཙམ་གྱི་རིགས་དང༌། མན་ངག་ཐོར་བུའི་རིགས་སོགས་ཆོས་སྐོར་རྣམ་དག་ཁ་འཐོར་བ་མཐའ་ཡས་སོ། །དེ་ཡང་ཇི་ལྟ་བུ་སྙམ་ན། དཀྱིལ་འཁོར་ཟུར་བཀའི་དབང་བསྐུར་རང་ཡང་ཉི་ཤུ་ལྷག་ཅིག་ཡོད་ཅིང༌། ཡུམ་བཀའི་དབང་བྱིན་རླབས་བསྐྱེད་རྫོགས་རིགས་ཇི་སྙེད་ཅིག་དང༌། ཁྲིད་ཚུལ་ཡང་མང་པོ་དང༌། ལྷན་སྐྱེས་ཀྱི་མན་ངག་རང་ཡང་མཐའ་ཡས་པ་ཡོད་པ་ལྟ་བུའོ། །དཔལ་རྡོ་རྗེ་གདན་བཞི་ལ། བླ་མ་ཆེན་པོ་ཆོས་བློ་བ་དང༌། ཁུག་པ་དང༌། དྲན་པ་ཡེ་ཤེས་ལ་སོགས་པའི་ལེགས་བཤད་དུ་མ་ཡོད་ཅིང༌། གང་ལྟར་ཡང་དབང་བཀའ་གཉིས་དང༌། རྒྱུད་ཉིད་ལ་འཛུག་ཚུགས་སུ་བྱས་པའི་ཁྲིད་ཚུལ་ཟབ་ལ་རྒྱས་པ་གཞུང་ཕྲན་མང་
པོ་རྒྱུད་རྒྱུད་འགྲེལ་དང་བཅས་པ་སྟེ། ལམ་རྐང་ཚུགས་པ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་མ་ཧཱ་མཱ་ཡ་ལ་སྒྲུབ་ཐབས་མི་འདྲ་བ་མང་ཡང༌། ཀུ་ཀུ་རི་པ་དང༌། ཤཱནྟི་པ་དང༌། ཞི་བཟང་རྣམས་ཀྱི་ལུགས་གཙོ་བོར་གཟུང་ནས། འགྱུར་བྱེད་བཤད་མ་ཐག་པ་དང་འདྲ། དབང་བཀའ་རྒྱས་པ་དང༌། འཁྲིད་ཚུལ་ཟབ་རྒྱས་དང༌། གཞུང་འགྲེལ་མང་པོའི་ལུང་རྒྱུད་བཤད་དང་བཅས་པ་ཡོད་དེ་རང་རྐང་ཚུགས་པ་དགུ་པའོ། །དཔལ་སངས་རྒྱས་ཐོད་པ་ལ། ལོ་ཙཱ་བ་ཟླ་འོད་དང༌། དྷརྨ་མ་ཏི་ནས་བརྒྱུད་པའི་དབང་བཀའ་དང༌། རྒྱུད་རྒྱུད་འགྲེལ། རྒྱ་གཞུང་གི་ལུང་བཀའ་མ་ཆད་པ་ཡོད། རྫོགས་རིམ་ཟབ་མོ་ཕྱིས་བྱུང་བའང་ཡོད་དེ། ལམ་རྐང་ཚུགས་པ་བཅུ་པའོ། །ཐམས་ཅད་ཀྱི་མཐར་ཐུག་པའི་ཟབ་དོན། དཔལ་དུས་ཀྱི་འཁོར་ལོ་ལ་འགྱུར་བྱིན་མང་ཡང་འདིར་གཉལ་ཅོར་ཤེས་རབ་གྲགས་དང༌། རྭ་ལོ་གཉིས་པ་དང༌། མི་ཉག་སངས་གྲགས་དང༌། མཁས་པ་བྱ་རོག་གདོང༌། ཤཱཀྱ་དཔལ་བཟང་དང༌། རྣལ་འབྱོར་ཟླ་བ་དང༌། དྷརྨ་སྭཱ་མི་ཤྲཱི་བྷ་དྲ་ལ་སོགས་པའི་བཀའ་བབས་གཅིག་ཏུ་གྲིལ་པ། དབང་བཀའ་རྣམ་གྲངས་མང་པོ་དང༌། ཁྱད་པར་དུ་རྡོ་རྗེ་སློབ་དཔོན་གྱི་དབང་ཆེ་ཆུང་དང༌། མན་ངག་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཉམས་ཁྲིད་རྒྱུན་མ་ཆད་པ་ལ་མཁས་གྲུབ་མཐའ་ཡས་པའི་ལུགས་སྲོལ་རྣམས་ཀྱི་ཡིག་ལུང་དང༌། བསྐྱེད་རྫོགས་དབང་གསུམ་གྱི་བཤད་པ། རྒྱ་གཞུང་མང་པོའི་ལུང༌།
རྩ་རྒྱུད་དབང་མདོར་བསྟན་གྱི་བཤད་པ། བསྡུས་རྒྱུད་སེམས་འགྲེལ་སྐོར་གསུམ་མཚན་བརྗོད་དང་བཅས་པའི་ལུང་བཤད་རྒྱུན་མ་ཆད་པར་ཡོད་པ་འདི་ནི། རང་ཉིད་གསང་སྔགས་ཀྱི་ལམ་རྐངས་ཚུགས་ཡིན་པར་མ་ཟད། ཆོས་གཞན་ཐམས་ཅད་ཀྱི་ཡང་མཐར་ཐུག་འདི་ལ་ལྟོས་པའི་ཕྱིར་ཆོས་ཀྱི་རྒྱལ་པོ་ལྟ་བུ་སྟེ་བཅུ་གཅིག་པའོ། །གཞན་ཡང་ལོ་ཙཱ་བ་ཤུད་ཀེ་དང༌། བ་ན་རཏྣ་ནས་བརྒྱུད་པའི་མི་གཡོ་བ་བླ་མེད་ཀྱི་དབང་རྒྱུད་མན་ངག་དང༌། ལོ་ཙཱ་བ་དྷརྨ་བྷ་དྲས་བསྒྱུར་བའི་འཁོར་ལོ་ཆེན་པོའི་དབང་རྒྱུད་ལུང་མན་ངག་དང༌། ལོ་ཙ་བ་བརྩོན་འགྲུས་སེང་གེ ཤེས་རབ་རྒྱལ་མཚན། གུང་ཐང་གི་མལ་རྣམས་ཕ་ལོག་བུ་ལོག་བྱས་པ། ཉི་མ་སྦས་པའི་སྒྲོལ་མའི་ཆོས་སྐོར་རྣམ་གྲངས་ཤིན་ཏུ་མང་བ་སོགས་དང༌། གཞན་ཡང་ཐོར་བུ་བ་མང་དུ་ཡོད་དོ། །སྒྲུབ་ཐབས་ཐོར་བུ་པ་ལ་བཀའ་རྣམ་དག་གཞུང་རྐྱང་དང་གདམས་ངག་ཅན་མཐའ་ཡས་སོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ལ་བཀའ་ཡོད་ཅིང་ལྷད་མེད་པའི་དབང་བཀའ་ནི་མང་དུ་ཡོད། དུས་དེང་སང་མན་ངག་གི་རྒྱུན་དང་སྒྲུབ་བཀའ་ཡོད་པ་མ་ཐོས། བཤད་བཀའ་ཡང་ཐན་ཐུན་ཙམ་མིན་པ། འགངས་ཆེ་བའི་རྒྱུན་མེད་ལ། རྒྱུད་འབུམ་ནང་གི་ལུང་ཙམ་མ་གཏོགས། ལུང་བཀའ་འགངས་ཆེ་བ་ཡང་དཀོན་པོར་སྣང་ངོ༌། །བོད་ཀྱི་ལོ་ཙཱ་བ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས།
ལུས་སྲོག་ཐེད་ལ་བོར། བོད་ཡུལ་གྱི་ལོངས་སྤྱོད་ཐམས་ཅད་རྒྱ་གར་ལ་གྲིལ་བའི་དགོས་པ་ནི། ཆོས་འདི་རྣམས་བོད་ཡུལ་དུ་དར་བའི་ཕྱིར་ཡིན་པ་འདུག ཤེས་ལྡན་རྣམས་གྱིས་འབད་ནས་མི་ནུབ་པར་བྱ་དགོས་པའི་ཆོས་དེ་འདི་རྣམས་ཡིན། འདི་རྣམས་ཟབ་པོ་མིན། བོད་ཀྱི་མི་ལ་མི་ཕན་ན། ཆོས་ཀྱི་རྒྱལ་པོ་དེ་དག་དང་ལོ་པཎ་དེ་རྣམས་བན་རྒན་འཁྲུལ་ལེ་ཅིག་ཨུ་ཡིན། བོད་རང་དུ་བློ་རྡོལ་མར་བྱུང་བའི་ཆོས་ཚོ་ཀ་དགའ་ན་དགདང་པོའི་མི་དེ་ཚོ་དཀའ་ལས་ཁྱད་དུ་བསད་ནས། རྒྱ་གར་ལ་འགྲོ་དགོས་རྒྱུ་མ་རེད་ཨང༌། ཡང་གདམས་ངག་གཙོ་བོར་གྱུར་པ་ནི། སྔོན་གྱི་རྫོགས་ཆེན་རྙིང་པ་རྣམས་དང༌། གསར་མའི་ཆོས་སྐོར་གཅིག་ལ་རྒྱས་ཤོས་ལམ་འབྲས་དང༌། འགྲོ་ཕན་ཆེ་ཤོས་ཆོས་དྲུག་ལུགས་གཉིས་ལ་སོགས་པ་རྒྱུད་གཅིག་ཁོ་ནའི་གཞུང་མི་སྲོང་བར། རྒྱུད་མང་པོའི་དོན་ དགོངས་འདུས་སུ་བྱས་ནས། བློ་རིགས་མ་ངེས་པ ་རྣམས་ཀྱི་ཉམས་ལེན་འཁྱེར་བདེ་བར་བྱས་པ་སྟེ། དམ་ཆོས་སྡུག་བསྔལ་བཞི་བྱེད་དང༌། ཕྱག་ཆེན་བརྒྱུད་པ་སྔ་ཕྱི་མང་དུ་བྱུང་བ་སོགས་ཇི་སྙེད་རྣམས་ཀྱང་དེ་དང་འདྲའོ། །འདི་དག་གི་ནང་ནས་འགའ་ཞིག་རྒྱུད་གཅིག་ཁོ་ནའི་དབང་དང་བསྐྱེད་རིམ་སོགས་དང་སྦྲེལ་བ་ལྟར་ཡོད་པ་ནི། བརྒྱུད་པའི་བླ་མ་འགའ་ཞིག་གི་ཐུགས་བཞེད་ཙམ་ཀ་ཡིན་ཀྱང༌། བླ་མ་དེ་དག་འཕྲིན་ལས་ཆེ་
བས་ཁྱབ་ཆེན་པོ་རང་བྱུང་བར་ཟད་དོ། །བོད་ཡུལ་འདིར་རིགས་མ་ངེས་པའི་སྐྱེ་བོ་ཁོ་ན་མང་བས། རྒྱུད་སྡེ་གཅིག་ཁོ་ན་ལམ་བརྟེན་པའི་མན་ངག་སྤྱི་ལྡོག་འདི་རྣམས་ཕན་ཁྱབ་ཆེ་ཞེས་གསུང་མཁན་ནི་གདའ། ཁུངས་ནི་མེད། འདྲ་རུང་བ་སྙམ་པ་ཅིག་ནི་འདུག་ཡང་འདུག་གོ །འདི་སྐབས་མཁན་ཆེན་དྲུང་ནས་ཀྱང་རིམ་བཞི་ལམ་སློངས་ཆེན་མོ་རྒྱུད་སྡེའི་ངེས་གསང་དེ་ལ་དོན་གཉེར་མཛད་པ་མཁས་པའི་བགྱིད་འོས་སུ་འདུག སྙན་བརྒྱུད་ཚིགས་བཅད་མའི་ཚིག་གིས་ཟིན་མ་ཟིན་སོགས་ཉམས་ལེན་གྱི་གནད་ཕྲ་མོ་ཚོ་ལའང་དཔྱད་པ་ཆེ་བའི་ནན་ཆགས་ངེས་ཏིག་རང་མཛད་ཀྱིན་འདུག་པས། རྗེས་སུ་ཡི་རང་ཆེན་པོ་སྐྱེས། སྤྱི་ངེད་ལ་ལམ་འབྲས་ནཻ་གུ་ཕྱག་ཆེན་གཅོད་སོགས་ཞུ་མཁན་མང་ཞིང༌། གྲགས་པའི་རྗེས་འབྲང་ཙམ་གྱིས་རྒྱུད་དང་འབྲེལ་པ་ལ་སྦྱོར་དྲུག་ཞུ་མཁན་མང་རབ་ཡོང་བར་འདུག ནན་ཏན་བྱ་མཁན་ནི་ཉིན་མོའི་སྐར་མ་བཞིན་ནོ། །རྒྱུད་དང་གཙོ་བོར་འབྲེལ་བའི་ཆོས་གཞན་དེ་རྣམས་ཚུར་དོན་གཉེར་བྱེད་མཁན་ནི་ཡེ་མི་ཡོང་བའི་ཚོད་དུ་འདུག རང་རེས་ཕར་ནི་བརྡལ་པོར་གང་འགྲོ་འགྲོ་བཏང༌། ཐོབ་པོ་ཐོབ་པོ་ཟེར་བའི་ཚིག་རྐྱང་ལས་མ་བྱུང་ཀྱང༌། རྡོ་རྗེ་ཐེག་པའི་བསྟན་པའི་མཐའ་པ་གི་ལ་ཕན་ནམ་བསམ་པ་ནི་ཡིན། གཞན་ལར་མཚན་ཉིད་སྔོན་སོང་སྔགས་ཆོས་ཀྱང་
མང་རབ་འཆད་མཁན་གྱི་ཁུངས། དགེ་བཤེས་སུ་སྔོ་བ་ཕྱིས་འབྱུང་གི་འདི་ཚོ་ལ་ཡང་ཕྱོགས་ཞེན་གྱི་སྐྱར་ཡོར་ཅིག་ཀ་མན་པ་སྔགས་ཆོས་དེ་དང་དེ་རྩ་སློངས་རང་ཤེས་པ་ལྟ་ཅི་ཞིགགཏིང་གི་ཆོས་ཉམས་ཆེན་པོ་རང་ཞིག་ཀྱང་ཡེ་མི་ཡོང་བའི་ཚོད་དུ་སླེབ་འདུག འདི་འདྲ་ཡི་མུག་ཆེན་པོའི་རྒྱུ་ཅིག་འདུག་སྟེ། བསྟན་པའི་མཐར་ལ་སླེབ་པའི་རྟགས་ཡིན་སྙམ་སེམས་རྣལ་དུ་འཇོག་པ་ལགས། དེང་སང་བོད་ཡུལ་འདི་ན་དབང་རྐྱང་རེ་ཙམ་དང༌། ལུང་རྐྱང་རེ་ཙམ་མ་གཏོགས། རྒྱུད་སྡེ་རེ་རེའི་ཆོས་ལའང་ཆ་ཤས་ཚང་མ་རྫོགས་པར་བཞུགས་པ་ཆེན་པོ་རང་མི་འདུག་པ་ནི་མངོན་སུམ་གྱི་གྲུབ་པ་འདི་ལགས་པ། བདག་ཅག་འཇིག་རྟེན་ཕ་རོལ་ཏུ་ཆས་པའི་ཚེ་གོང་དུ་སྨོས་པའི་ཆོས་དེ་དག་ལས་མང་ཚད་རང་ཞིག་འབོག་ཁྲིས་ལ་འགྲིལ་བ་འདྲ་ལགས། ཧེ་ཧེ། བདག་གིས་ནི་ཐོབ་ཀྱང་ལེགས་ལ། མ་ཐོབ་ཀྱང་ཆོག་པའི་ཆོས་ཀྱང་ཇི་སྙེད་ཅིག་ཐོབ། ཐོབ་ན་ཕན་ཡོན་ཆེ་ཞིང་མི་ཐོབ་ཏུ་མི་རུང་བའི་ཆོས་གོང་སྨོས་འདི་རྣམས་ལ་དོན་གཉེར་ཨུ་རུ་མུ་རུ་བྱས། འབད་པས་བརྩལ་ནས་ཐོབ་ཀྱང་ཐོབ་པས་ང་རང་གི་མདུན་མ་རྩེ་ལ་ཕྱིན་པ་ལགས་སོ། །མི་འདི་རྣམས་འཁྲུག་པ་རེ་ཙམ་རྒྱལ་བ་དང༌། ཁ་མཆུ་རེ་ཙམ་ལེགས་པ་དང༌། ས་ཆ་རེ་ཙམ་ཆོད་པ་ལ་མདུན་མ་ལེགས་སོ་ཟེར་གྱིན་གདའ་ན། ཟབ་མོའི་ཆོས་ཚིགས་བཅད་རེ་རེ་ལའང་སྟོང་གསུམ་ཐེར་འབུམ་ཁྲག་ཁྲིག་གིས་ཀྱང་
མི་དཔོགས་ན། དེ་འདྲ་བའི་ཆོས་རྣམས། བླ་མ་དམ་པ་ལས་ཐོས་ཀྱང་ཐོས། གོ་ཡང་གོ ཤེས་ཀྱང་ཤེས། མྱོང་ཡང་མྱོང་བ་འདི་བསོད་ནམས་ཆེ་བའི་མཐར་ཐུག་ཡིན། འདི་ལས་མདུན་མ་ལེགས་པ་བྱུང་རི་ཤི། ཡོད་རི་ཤི་ཡོང་རི་ཤིའོ། །ལར་རང་ནི་ཕཊ་ཕཊ་ཕཊ། ད་ནི་དཀྱུས་ལ་འཇུག་སྟེ། འདི་སྐབས་བསམ་རྩེར་བདག་མོ་རྩེ་གདུང་ནས་རྣམ་རྒྱལ་བུ་ཁྲིད་དྲུང་བུ་ཁའི་རྐྱེན་གྱིས་གློ་བུར་ཏུ་སྐུ་གཤེགས་པའི་བསྔོའི་རྟེན་རྣམས་འབྱོར་བྱུང༌། དང་པོ་སྔ་སོར་བཅོམ་ལྡན་འདས་མ་རིག་པ་འཛིན་པ་རྩེན་མའི་དཀྱིལ་འཁོར་རྡིབ་པའི་ལྟས་ཀྱི་འབྲས་བུ་དེ་འདི་ཡན་ཆད་ཡིན་འདུག དཔོན་མོ་བཞི་ཙམ་གྲུལ་བཏུབ་མ་བྱུང༌། དེ་ཁའི་གསང་རྟོལ་དང༌། རྩེ་གདོང་ནས་ལྕམ་དྲུང་སྐུ་གཞོན་པ་འབྲིང་མཚམས་ནས་ཚུར་བསུ་བ་གནང་བའི་བགེས་སྐྲོད་གུ་ཆུ་རུག་ལ་ཡོང་དགོས་ཚུལ་ནན་ཆགས་གནང་བའི། ཧོར་ཟླ་ལྔ་པའི་འགོ་ལ་གཞིས་ཀ་རྩེར་ཕྱིན། སླེབ་པའི་ཉིན་ཀ་གཟའ་སྐར་བཟང་གསུངས་ནས། ལྕམ་དྲུང་གི་བགེགས་སྐྲོད་དེ་བྱས། དེའི་གནངས་ཉིན་སྐུ་ཚིགས་དྲུག་པ་ལ་བསྔོ་རྟེན་མཚོན་ཙམ་ཡང་གནང་བྱུང༌། དེ་ཁའི་རྗེས་འཐུད་ལ། དབྱར་གུང་ཆེན་དང་ཡང་ཐུགཟླ་བ་ཕྱེད་དང་གསུམ་ཙམ་སྡོད་དགོས་བྱུང༌། འདི་སྐབས་ཀྱང་ཅོལ་སྒྲོགས་སྣ་ཚོགས་བྱུང༌། སྤྱི་བབས་ས་ལུགས་པ་འདི་བ་ཡང་དང་པོ་ནས་ད་ལྟའི་བར་དུ་ཞལ་བཟན་ལ་ཕྱག་རྒྱ་ཆུང་བ་ཅིག་ཀ་ཡོད། ལར་བྱ་མཆུ་སྐམ་པོ་དང༌། མི་མཆུ་རློན་པའི་དཔེ་ཡིན། སྐྲག་རྒྱུ་མེད་
དོ་ཨ། ང་ནི་རྡོ་རྗེ་འཛིན་པ་ཡིན། ཧ་ཧ་ཧ་ཧ་དགོད་རེ་བྲོ། ཡང་འདི་ན་གང་དག་བསྟོད་མི་ཤེས་ཀྱིས་བསྟོད་པ་དང༌། སྨད་མི་ཤེས་ཀྱི་སྨད་པ་ཟེར་བ་དེ་འདྲ་ཅིག་ཡོང་གིན་གདའ། ཁོ་བོ་ལ་ཡང་སྨད་རའི་ཁུངས་ཀྱིས་མངོན་སྤྱོད་ཀྱི་ལས་བྱས་སོ་ཞེས་སྟོད་སྨད་འདི་ཚོ་ན་ཡང་ཡང་ཟེར་བ་འདུག དེ་རྣམས་ལ་སྨྲས་པ། རེ་ཞིག་ངན་སོང་སྤྱོད་རྒྱུད་ལས། །གླེན་པས་དཀོན་མཆོག་གསུམ་སྨོད་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམ་སྟེ་བསད་པར་བྱ། །ཆོས་མིན་ལྡན་དང་སྡིག་སྤྱོད་དང༌། །རྟག་ཏུ་སེམས་ཅན་གནོད་བརྩོན་དང༌། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་བསད། །ཅེས་བསྒྲལ་བར་བྱ་བའི་ཡུལ་བདུན་ལ་བསད་ལས་བྱ་བར་གསུངས། དགྱེས་རྡོར་ལས་ཀྱང༌། བསྟན་ལ་གནོད་པ་བྱེད་པ་དང༌། །བླ་མ་སངས་རྒྱས་འཇིག་པ་ནི། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་བསད་པར་བྱ་བ་ཉིད། །ཅེས་གསུངས། དཔལ་གསང་བ་འདུས་པ་ལས་ཀྱང༌། མ་དད་སྨྲ་བའི་སེམས་ཅན་དང༌། །རྡོ་རྗེ་སློབ་དཔོན་སྨོད་པ་དང༌། གདུག་པའི་སེམས་ཅན་གཞན་ལ་ཡང༌། །རབ་ཏུ་བསྐུལ་བ་འདི་བྱ་འོ། །ཞེས་དང༌། མགོན་པོ་དེ་ཡིས་བསླུ་བ་ཡིས། །ལུས་ཅན་ཐམས་ཅད་འཇིག་མཛད་ཀྱང༌། །ངན་འགྲོར་སྐྱེ་བར་མི་འགྱུར་ཞིང༌། །བྱང་ཆུབ་ལམ་ནི་རྙེད་མི་དཀའ། །ཞེས་གསུངས།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དཔལ་རྡོ་རྗེ་ཁྲོ་བོའི་རྒྱུད་ལས། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །ཇི་སྲིད་སྡིག་པ་དག་ལས་གྲོལ། །སྡིག་པ་སྟོང་ཕྲག་བྱས་པ་ཡང༌། །མནར་མེད་ལ་སོགས་མི་སྐྱེ་འོ། །ཞེས་མངོན་སྤྱོད་ཀྱི་ལས་ནི་གཞན་ཕན་འགྲོ་དོན་མཆོག་ཏུ་བཤད། བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྤྱོད་པ་ཅན་རྣམས་ཀྱིས། ཐབས་མཁས་ཆེན་པོ་ཅིག་ཡིན། རྒྱུ་སྡོམ་གསུམ་པ་ལས་ཀྱང༌། གདུག་པ་རྣམས་ལ་ཟློག་སྟེ་བྱ། །དངོས་སུའམ་ཡང་ན་སྔགས་སམ་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མི་ཕྱེད་དེ་ཡིས་ནི། །ངེས་པར་དམ་ཚིག་ཉམས་པར་འགྱུར། །གདོན་དང་ལོག་འདྲེན་དག་གིས་ཀྱང༌། །ངེས་པར་འཆི་སྟེ་དམྱལ་བར་ནི། །ཡུན་རིང་སྡུག་བསྔལ་གྱིས་བརྡུངས་ཏེ། །དེ་བས་ནན་ཏན་ལྡན་པ་རུ། །བཟོད་པ་མི་བསྐྱེད་སྙིང་རྗེ་ཡིས། །སྔགས་ཀྱིས་ངེས་པར་གསད་པར་བྱ། །ཞེས་མ་རུངས་པ་ལ་དྲག་ལས་མ་བྱས་ན་དམ་ཚིག་ཉམས་འགྲོ་བར་བཤད། དེ་བཞིན་དུ། རྒྱུ་གཞན་ལས་ཀྱང། རྡོ་རྗེ་སློབ་དཔོན་སྨོད་པ་དང༌། །ཐེག་པ་ཆེན་པོ་སུན་འབྱིན་དང༌། །མི་གང་སྔགས་ཀྱི་རྒྱུད་དག་གི །སྦྱོར་བ་ལ་ནི་འཆའ་བྱེད་པ། །ནན་ཏན་བསྐྱེད་དེ་གསད་པའམ། །ཡང་ན་གནས་ནས་བསྐྲད་པར་བྱ། །ཞེས་གསུངས། རྩ་ལྟུང་བཅུ་བཞིའི་ནང་ན། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་བྱ་བ་ཅིག་མི་གདའ་འམ། གདུག་པ་ཅན་ལ་སྙིང་ཉེ་བར་བྱས་ན་རྩ་ལྟུང་ཡིན་པར་བཤད། དེའི་ཤུགས་ལ་མངོན་སྤྱོད་མ་བྱས་ན་ཉེས་པ་དང༌། བྱས་ན་ཕན་ཡོན་འབྱུང་ཟེར་བ་ཅིག་ཡོང་བ་ཡིན། མི་ནག་པ་ཆོས་ལ་སོལ་ཕྱེ་ལས་གནག་པ། དབང་འདྲ་ཡོད་པས་དཀོན་
མཆོག་གི་དབུ་འཕངས་སྨོད་པ་རྣམས། མངོན་སྤྱོད་ཀྱི་ཡུལ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ཆོས་པའམ་དགེ་བཤེས་སུ་རྫུ་བ། བསྟན་པ་དང་སེམས་ཅན་ལ་གནོད་པ་རང་བྱེད་པ་འདི་ཀུན་ཀྱང༌། བསྒྲལ་བར་བྱ་བའི་ཡུལ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པཎྜི་ཏ་དྷརྨ་རཀྵི་ཏས་ཀྱང༌། བཟང་པོ་ལྟ་བུར་ཀུན་གྱིས་བཅོས་ན་ཡང༌། །ལོག་ལྟའི་ནགས་སུ་བདག་ལྟ་འཁྲུགས་པ་ཡིས། །སྟག་མོ་བུ་ཟན་ལྟ་བུར་འཇིགས་པ་དེ། །བཀའ་སྡོད་བསྲུང་མ་རྣམས་ཀྱིས་བསྒྲལ་བྱ་ཡིན། །ངུར་སྨྲིག་གོས་ཅན་ཞི་དུལ་མཛེས་གྱུར་ཀྱང༌། །བྱི་ལ་བཞིན་དུ་བསམ་པ་མ་རུངས་པའི། །དམ་པའི་གཟུགས་བརྙན་གསོ་རུ་མེད་པ་དེ། །མ་མོ་རྣམས་ཀྱི་ཁ་རུ་གདབ་བྱ་ཡིན། ཁྲི་ཁྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང༌། ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི། །ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེ། །གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ་བྱ་ཡིན། ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང༌། ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང༌། །སྤང་བླང་ཐམས་ཅད་ཁྱད་དུ་གསོད་པ་སྟེ། །དྲང་སྲོང་རྣམས་ཀྱིས་སྨོད་པས་གདབ་བྱ་ཡིན། །རྟགས་དང་ལྡན་ཡང་ཚུལ་ཁྲིམས་མི་སྲུང་ཞིང༌། །འདོད་པའི་ལས་ལ་སྣང་བ་འབྱམས་གྱུར་ནས། །དམ་པ་རྣམས་ལ་སྒྲོ་སྐུར་འདེབས་པ་དེ། །མཁའ་འགྲོ་རྣམས་ཀྱིས་ཕ་རོལ་བསྒྲས་བྱ་ཡིན། །རྙེད་པའི་ཆེད་དུ་དམ་པའི་གཟུགས་བཟུང་ནས། ཁྱི་ཕག་བཞིན་དུ་འདོད་ཡོན་འཇོལ་ཉོག་བྱེད། །སྔགས་སུ་ཁས་བླང་ཐམས་ཅད་བསླུ་བ་དེ། །རྡོ་རྗེ་འཛིན་པའི་ཐབ་ཏུ་གཞུག་བྱ་ཡིན། །ཐེག་ཆེན་སྐད་དུ་ལས་འབྲས་ཁྱད་གསོད་ཅིང༌། །སྟོང་པའི་རྦད་ཀྱིས་འཁོར་ཚོགས་བསླུ་བ་ཡི། །འགོངས་པོ་བཞིན་དུ་སྐུ་རུ་རྫུ་བ་དེ། །དམ་ཚིག་ཅན་གྱིས་སྔགས་ཀྱིས་བསད་བྱ་ཡིན། །འདི་ལྟར་སོ་སོ་ཐར་པ་ཕར་ཞོག་གི །རང་ཉིད་ངན་འགྲོ་ཆེན་པོར་འགྲོ་དགོས་ཀྱང༌། །བསྟན་པ་འཇིག་པའི་དགྲ་བགེགས་མི་སྒྲོལ་རི། །དམ་ཉམས་ཕ་རོལ་དགྲ་བགེགས་བསྒྲལ་བར་བྱ། །ཞེས་འབྱུང༌། གཞུང་འདི་བྱང་ཆུབ་སེམས་དཔའི་བློ་སྦྱོང་གི་གཞུང་ཡིན། བྱང་ཆུབ་སེམས་ཀྱི་མངའ་བདག་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་རྩིས་སུ་མཛད་པ་ཡིན་པས། མངོན་སྤྱོད་དང་བྱང་ཆུབ་ཀྱི་སེམས་འགལ་མི་འགལ་བསམ་མནོ་ཐོང༌། གལ་ཏེ་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་མངོན་སྤྱོད་བྱར་མི་རུང་ན། རྒྱུད་སྡེ་བཞི་པོ་ཐམས་ཅད་ནས་བསད་བསྐྲད་དབྱེ་བ་རྨོངས་རེངས་ཕུར་གདབ་ཀྱི་ལས་མཐའ་ཡས་པ་ཞིག་གསུངས་འདུག་པ་ཐམས་ཅད་དགོས་མེད་དུ་ཐལ་བས་སེར་རྒྱག་གམ་ཅི། ཁོ་བོ་ཅག་ཏ།
དར་མ་མདོ་སྡེ་ལ་སོགས་པ་རྡོ་རྗེ་འཛིན་པའང་བཅུ་གསུམ་བསྒྲལ་ཟེར་བ་དེའི་མི་རྒྱུད་ཡིན། མཚན་ཉིད་པ་སྐམ་པོ་ཚོ་ཡང་མཐུ་སྡིགས་བྱེད་གདམས་ངག་ཐོར་བུ་རེ་ཞུས་ཞག་ཤས་མཚམས་ཙམ་བྱས་པ་ཚོ་ཡང་སྔགས་ནུས་ཀྱི་ཁུར་འདྲ་ལེན་ན། ངས་མངོན་སྤྱོད་བྱས་རང་བྱས་ན་ཡང་ཕ་ཚེ་བུ་རབས་ཀྱི་ལས་ཀ་སྲིད་པས་བསྐོས་བསྐོས་པ་དེ་ཀ་ཡིན། ཡང་གཅིག་ཏུ་ན་མངོན་སྤྱོད་ཀྱི་ལས་ཅུང་ཟད་བྱས་པའང་སྲིད། བྱེད་པར་འགྱུར་བའང་སྲིད། མིག་གིས་བལྟས། རྣ་བས་ཉན། བསམ་མནོ་ཞིག་ཐོང་དང༌། མངོན་སྤྱོད་ཀྱི་ལས་བྱས་པ་ལ་རྗེས་ཀྱང་མང་པོ་ཞིག་བྱུང་བྱུང་འདྲ། ད་རུང་ཡོད་ཡོད་འདྲ། ལར་ག་གེ་མོ་ཞིག་གིས་མཐུ་བྱེད་ཀྱིན་འདུག ཆེ་གེ་མོ་ཅིག་གིས་གནན་གཏད་བྱས། ཅི་ཅིག་ཅིག་ཏུ་སེར་བ་ཕབ། མ་གེ་ཅིག་ཏུ་ལྟས་ངན་བྱུང༌། ཝ་མར་ཟེར་དགོས་པ་དེ་ཀ ལྷ་དང་ལྷ་མ་མཉམ། མི་དང་མི་མ་མཉམ་པའི་སྐད་ཆ་ཤོར་བ་དེ་ཡིན། དྲག་ལས་བྱས་ཟེར་ན། ང་ནི་འདོད་ཆོས་ཅན་ཡིན། ནུས་པ་ཡོང་ན་ཁྱེད་རང་ཚོ་ཡང་བྱས་བཏང་བའི་ཆོག་མོད། ལར་ཆོས་ནས་མངོན་སྤྱོད་བཀག་པ་ཡང་ཡོད། ཅི་དགར་གནང་བའང་ཡོད། ངེས་པར་བྱེད་དགོས་པར་བཤད་པའང་ཡོད། བཀག་པ་དེ་སྟོང་ཉིད་སྙིང་རྗེ་མེད་པར་བཀག་པ་ཡིན། ཡུལ་མ་ཡིན་པ་ལ་བཀག་པ་ཡིན། ང་ནི་སྟོང་ཉིད་སྙིང་རྗེ་མེད་ཟེར་ནས་ཞུམ་ཞུམ་ཡང་དགོས་པ་མེད། ང་རང་གར་འགྲོའི་གདེང་མེད་པ་ལ་ཟེར་བའི་རྩི་བཅུམ་བཅུམ་དེ་འདྲ་ཡང་ཤེས་འདོད་ལ་མེད། དུས་ངན་དེང་སང་བསྒྲལ་བའི་ཞིང་བཅུ་མ་སྙེད་ཀྱི་དོགས་པ་ནི་གཏན་ནས་མི་འདའ། དང་པོའི་དཔེ་དེ་ཡིན། སངས་རྒྱས་བསྟན་པ་བཤིགས་པ་ནི་མཁན་སློབ་དང༌། དཀོན་མཆོག་དབུ་འཕངས་སྨོད་པ་ནི་སྦྱིན་བདག་དང༌། བླ་མ་སློབ་དཔོན་དང་ཕ་མ་ལ་བདོ་བ་ནི་སྐྱ་སེར་ཡོངས། དམ་ཉམས་ནི་གྲྭ་བ་ཚོ་རང་ཟེར་བའི་དཔེ་ཡིན། མངོན་སྤྱོད་བྱས་སོ་རང་
བྱས་སོ་ཞེས་གསུང་ལུགས་འདིས། ཁྱེད་རང་ཚོ་ལའང་བྱེད་དགོས་པའི་ཐུགས་བཞེད་ཅིག་ཡོད་པ་འདྲ། བཞེད་ན་ཕུལ་བའི་ཆོག་ལགས། ཡང་ཁྱེད་ཅིའི་ཕྱིར་དྲག་པོའི་ལས་བྱེད་ཅེ་ན། རང་དོན་དུ་ནི་གཏན་ནས་མ་བྱས་མི་བྱེད། བྱེད་པར་མི་འགྱུར། རྒྱུ་མཚན་དེས་དང་པོ་ཡུན་རིང་པོར་ཅིག་ཅི་ཡང་མེད། ཕྱིས་ངེས་པའི་དོན་གྱི་བསྟན་པ་ཅུང་ཟད་སྐྱོང་སྐབས་འདིར་འགལ་བྱེད་མང་པོ་བྱུང་བ་རྣམས་ལ་ངས་ཆེད་བཏད་ལས་ལ་སྦྱར་བ་མི་དྲན་ཏེ། རྟགས་དུ་མ་རེ་ཡོང་གིན་འདུག་པ། ཡང་སྔ་སོར་ངེད་ཀྱི་དྲན་མི་དྲན་གྱི་སྐབས་དང་པོ་ཞིག་བླ་ཆེན་འགའ་རེ་ལ། མཐུ་གཏད་བྱས་སོ། །ཞེས་སྐུར་པའི་ཁུངས་འདེབས་ཀྱིན་ཡོད། ཉམས་མེད་པ་རྣམས་དེ་སྐྱོན་བརྗོད་གནད་དུ་ཕོག་ངེས་ཤེས་པ་ཅིག་ཡིན་པར་འདུག ཁོང་པའི་ལས་ཐབས་ལ་གནོད་ཡོད་པར་འདུག་སྙམ་བྱེད། ད་འདི་རུ་ཡང་ཐབས་ཟབ་པོ་ཅིག་བྱུང་སྙམ། དེའི་རིགས་འགྲེ་ངེད་ལ་འགེབ་པར་འདུག་སྟེ། དེང་ལ་བསྟོད་ར་ཡིན། མངོན་སྤྱོད་ཀྱི་ལས་ཡག་པོ་མིན་ན། གཤིན་རྗེའི་ཆོ་ག་གཏོང་བ་སྐད། ཕུར་ཆོག་གཏོང་བ་སྐད། རྔ་གོག་དིང་དིང༌། ཟློས་རྒྱག་གཏོར་རྒྱག་བྱེད་པ་སྐད་འདི་ཚོ་ཐམས་ཅད་ཕུང་འདུག ད་ལྟ་ནི་བཟང་བཟང་མོ་བྱེད་ཀྱིན་འདུག་པ། དེ་ཚོ་དྲག་ལས་མིན་ན་ཅི་ཡིན། ཀླ་ཀློ་བླུན་པོ་ཚོ་བསམ་མནོ་ཐོང་ཞིགད་ལྟ་བླ་མ་སློབ་དཔོན་དགེ་འདུན་སྔགས་པ་རྟོགས་ལྡན་ཡོད་ཚད་མཐུ་རང་ལ་སྨོན་སྨོན་ནི་བྱེད་ཀྱི་འདུག་པ། ངོར་པ་ཚོ་ནི་ངེད་ངོར་པ་རང་མཐུ་ཆེ། རྫོང་པ་ཚོ་ནི་ངེད་རྫོང་པ་རང་མཐུ་ཆེ། །ཞ་ལུ་བ་ཚོ་ནི་ངེད་ཞ་ལུ་བ་ཚོ་རང་མཐུ་ཆེ། དེ་བཞིན་དུ་ས་སྐྱ་བ། ཀརྨ་པ། བོ་དོང་བ་སོགས་མཐའ་ན་དགོན་ཆུང་སད་སུད་དང༌། བླ་ཆུང་སད་སུད་ཐམས་ཅད་ཀྱང་ངེད་ཚོ་རང་མཐུ་ཆེ། ང་ཅག་གི་ཆོས་སྐྱོང་རང་བཀའ་གཉན་ཟེར་གྱི་འདུག་པ། མཐུ་མཐུ་ཟེར་བ་དེ་ཁ་མངོན་སྤྱོད་ཀ་ཡིན་ལས་ཆེ། དགྲ་ལ་སྲོག་སེར་ཆོ་འཕྲུལ་གསུམ་བྱུང་བ་དང༌། མི་ཤི་གོད་ཁ་ཡུལ་ཐོན་ནང་འཁྲུག་སོགས་བྱུང་བ་ལ་མཐུ་བྱུང་ཟེར་ན་ནི། མནན་གཏད་མངོན་སྤྱོད་སོགས་དང་དོན་ཅིག་མིང་གི་རྣམ་གྲངས་ཀ་ཡིན་ལགས། དེ་འདྲ་གང་ཡང་མི་ཡོང་ན་ནི། མཐུ་ཆེ་བའི་མཚན་གཞི་གང་ལ་བྱེད། ལར་གསུང་རབ་རྣམས་ནས་མཐུ་ཞེས་བྱ་བ་མངོན་པར་ཤེས་
པ་དྲུག་ལ་བཤད་ཡོད་དེ། མཐུ་ཆེ་ཆེ་ཟེར་བ་དེ་རྣམས་དེ་འདྲ་ནི་མིན་པ་འདུག དེ་འདྲ་ཡོད་པ་ཚོལ་དགོས་ན་ནི། ལོ་འབུམ་ཚོ་གཅིག་གི་ལམ་རྒྱགས་ཁྱེར་ནས་འཚོལ་དུ་འགྲོ་དགོས་པ་གདའ་ལགས། ཐམས་ཅད་མཐུ་ཆེན་འདོད་པ་དང༌། །མཐུ་ཆེན་བྱུང་ན་ཁ་གཏོད་པ། །འདི་འདྲ་འགལ་བ་ལྟག་སྤྲོད་ཡིན། །ར་ལབ་ཆ་ལབ་སྙིང་རེ་རྗེ། ཁྱེད་ཅག་རྣམས་ཀྱི་སྨྲ་བ་ལ། །ངས་ཀྱང་ལན་ནི་དེ་འདྲས་བཏབ། །ང་ནམ་མཁའ་ལྟ་བུའི་རྣལ་འབྱོར་ལ། །ལར་ནི་དེ་འདྲའི་རྩིས་གདབ་མོད། །སྦྱོར་བ་ཐམས་ཅད་ཡེ་སྦྱོར་ཡིན། །སྒྲོལ་བ་ཐམས་ཅད་ཡེ་སྒྲོལ་ཡིན། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ངང་དུ་ཨོཾ་ཨཱཿཧཱུཾ། །སྦྱོར་སྒྲོལ་གཉིས་ཀྱི་སྤྱོད་པ་འདི། །གསང་སྔགས་པ་ཡི་ཁྱད་ཆོས་ཡིན། །མངོན་སྤྱོད་ཅིག་པུར་ག་ལ་ཟད། །སྦྱོར་སྒྲོལ་མ་བྱིན་ལེན་དང་རྫུན། །ཚིག་རྩུབ་ལ་སོགས་རྣམ་པ་ལྔ། །དབྱིངས་སུ་གཅོད་ཅིང་དབྱིངས་སུ་རོལ། །སྐལ་མེད་ལོག་ལྟ་ཅན་ཚོ་རང༌། །ཟབ་ཆོས་འདི་འདྲའི་ཅོལ་དོགས་མེད། །ལུད་གསེབ་ཏུ་ཉལ་བ་དེ་ཀ་དགའ། །གཞན་ནི་གང་ཡང་བྱེད་རྒྱུ་མེད། །བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །སྒྲིབ་པ་དག་ཏུ་ཡོད་མི་འགྱུར། །ཞེས་གསུངས་གདོག་ལགས། ཡང་འོ་ན་སྔགས་ཆོས་མང་པོ་ལས་སྦྱོར་སྒྲོལ་གཉིས་བྱེད་པར་གསུངས་པ་དེ་ཆོས་མིན་ན་མི་ནག་ཕལ་པ་དང༌། དགོན་གོག་གི་འབའ་ཧྲང་ཚོ་དང༌།
བླ་བྲང་གོག་པོའི་ནང་བཟན་ཚོ་དང་རྟ་རྫི་མཛོ་རྫི་ཚོ་ལ་ དགོངས་པ ་ཨེ་ཡིན། གསང་སྔགས་ལ་བཀག་ན། མཚན་ཉིད་པ་སྐམ་པོ་ཚོ་ལ་ དགོངས་པ ་ཨེ་ཡིན། གསང་སྔགས་པ་ཆེན་པོ་ལ་བཀག་ན། གསང་སྔགས་པ་ཕལ་པ་ལས་དང་པོ་པ་ཚོལ་གནང་བ་ལགས་སེམས། བཀའ་བཀོད་ཅིག་གནང་བཞུ་ལགས། ལར་རྨོངས་པ་ལྟ་ཞོགམཁས་མཁས་ཀུན་ཡང་གཞན་གྱི་ཟེར་སྒྲའི་རྗེས་སུ་འབྲང་བ་ལས་མི་འདུག རྗེས་ཟློས་སྣ་ཚོགས་བྱས་པ་དང༌། ལབ་སྔ་ཕྱི་ཐམས་ཅད་འགལ། གསང་དུ་ཚོགས་པ་ལ་དངོས་འགལ་གྱི་དཔེ་དེ་ག་ཡོང་གིན་འདུག ངས་ཏ་སྔ་སོར་འཐུང་ཐོར་ཤིང་ཀ་པ་གཅིག་ལ་གཤིན་རྗེའི་སྐུ་རང་བྱོན་ཅིག་བྱུང༌། དེ་རྗེས་སྐབས་ཅིག་ནས། བསྟན་པ་སྤྱི་རིམ་ལ་དམིགས་པའི་དྲག་པོའི་སྦྱིན་སྲེག་འདྲ་དང་གཏོར་འཕེན་རེ་ཙམ་མ་གཏོགས་མངོན་སྤྱོད་ཏ་སུ་ལའང་མ་བྱས་ཏེ། མི་ཤེས་ཤེས་རྫུ་མཁན་ཚོས་གཅིག་མག་ཟེར་མཁན་ཚོ་ལ་དེ་ཙམ་སྨྲས་པ་དེ་ཡིན་པ་རང་བདེན་པ་རང་ཡིན་ཏེ་ཀུ་རེ་བཞད་གད་ཀྱང་ལགས་སོ། །འཕྲོས་དོན་དེ་མངས་སོ། །ད་ནི་སྔར་གྱི་འཕྲོས་ནས་བཤད་ན། དུས་དེར་སྡེ་སྲིད་ཡབ་སྲས་དང་ལྕམ་དྲུང་སོགས་ལ་རྐྱེན་སེལ་གྱི་རིམ་པ་སྔར་ཁྱུད་ལྟར་དང༌། ལི་མ་ལྷ་ཁང་དུ་བདེ་མཆོག་ལཱུ་ཧི་པའི་དབང་ཞིག་བྱས། དེ་ཉིན་ཁམས་ཉོག་ པ་རང་བྱུང༌། དེ་རྗེས་དགོངས ་བཞེད་ལྟར་གཤེད་དམར་བཅུ་གསུམ་མའི་དབང་ཞིག་
ཀྱང་སྒྲུབས། ཆོས་ཐན་ཐུན་སད་སུད་ཞུ་མཁན་འདྲ་མང་དུ་བྱུང༌། ཀ་བཞི་ནས་སོགས་རང་རེའི་བུ་སློབ་བླ་སློབ་ཀྱི་རིགས་བདུན་བརྒྱད་སོགས་འགའ་ཤས་ལ། དཀོན་མཆོག་ཏ་ལ་དང༌། ས་བཅུ་པ་དང༌། སངས་རྒྱས་ས་དེ་མདོ་གསུམ་པོ་དེ་དཔེ་བཤད་ཞིབ་པར་བྱས། དཔལ་འཁོར་བདེ་ཆེན་ནས་མཁན་ཆེན་ཀུན་དགའ་ལུང་རིག་པའི་དྲུང་ཡང་ཕེབས། གཞན་མང་དག་དང་བཅས་པ་ལ་ཟབ་ལམ་ནཻ་གུ་ཆོས་དྲུག་དབང་དང་བཅས་པ་དང༌། གསེར་མདོག་ཅན་ཚོགས་ཆེན་དང༌། ཐར་པ་བ་རྣམས་ལའང་ཆོས་ཀྱི་རྣམ་གྲངས་འགའ་རེ་སྒྲུབས། སྡེ་སྲིད་ནས་བལ་པོའི་བཟོ་བོས་ཤིང་རྐོས་བྱས་པའི་ཀླུ་དབང་རྒྱལ་པོ་དང༌། ས་སྐྱ་གོང་མ་ལྔ་སོགས་ཕྱག་བཞེད་གནང་བའི་སྐུ་འདྲ་མང་རབ་དང༌། པོ་ཏི་རེ་མང་ལ་རབ་གནས་བྱས། ལོ་འདི་བབས་ཀྱིས་ཆར་པ་ཤིན་ཏུ་ཆུང་བ་ལ། སྐབས་སྐབས་ཆུ་ཐོག་དང་སེར་དྲག་ཡོང་བའི་མི་ཕྱུགས་ཞིང་སོགས་ལ་གནོད་པ་ཆེ་བ་ཅིག་བྱུང༌། སྔར་གྱི་རྒྱུན་ལ་དབྱངས་ཅན་བྱཱ་ཀ་ར་ཎིའི་འཕྲོས་ཡོངས་སུ་རྫོགས་པའང་ས་འདིར་བསྒྱུར་གྲུབ། ཡར་ཡོང་དུས། ཕྱུག་གྲོང་གི་འོག་ཙམ་དེར། བསམ་གཏན་སྦུག་པ་སོགས་འཕྲད་མཁན་མང་རབ་བྱུང་བ་དང༌། གསང་ཆུ་མིག་ནས་འགྲོ་དུས་ཀྱང་མི་འཚོགས་རེ་ཆེ་བྱུང་བའི། མི་འཚོགས་དེ་གཉིས་ཀར་ལ། ཡ་མཚན་པའི་ལྟས་ཡོད་པ་རེ་རེ་འདུག ཤ་བ་ཆུ་རྒྱས་པ་ལ་འཛེམ་པའི་ཟོལ་གྱིས། གླང་ལ་བརྒྱུད་ལྷུན་རྩེའི་ཟམ་པ་སྐོར། ནམ་ཟླ་དབྱར་སྨད་ཧོར་ཟླ་བདུན་པའི་ནང་ཡིན་དབྱར་ལྟས་མང་པོ་ཤུགས་བྱུང༌། ལམ་
སྐོར་བ་རྣམས་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་ཟར་བ་དེ་ཡང་བདེན་པར་འདུག ལོ་སྔ་མའི་སྟོན་ཀ་དང༌། འདི་སྐབས་ཡན་ཆད་ལ་རྟག་བརྟན་དུ་རྣམ་སྲས་གླིང་གི་སྐོར་རྒྱ་ཁྱོན་ཆེ་བ་སྟེང་འོག་ཐམས་ཅད་མཐར་ཐོན་པ་བྱུང༌། དེ་ནས་ཡར་འོངས་ནས་སྟོན་ཀ་དང༌། དགུན་སྟོད་དེ་རི་ཁྲོད་ཆེན་པོ་དང༌། རྟག་བརྟན་གཉིས་ལ་ཡར་འཕོ་མར་འཕོ་བྱས། རྗེ་གྲོལ་མཆོག་གི་སྐྱེ་རབས་འཕྲེང་བའི་ཐང་ཀ་ཐོག་ཚད་མ་བཅོ་ལྔ་ཡང་བཞེངས་གྲུབ་པ་ལ་རབ་གནས་བགྱིས། གྲྭ་རིགས་རྣམས་སྟོན་གྱི་བྲེལ་བའི་སྐབས་ཡིན་པས། ཆོས་བཤད་ཀྱི་གཡེང་བ་སོགས་ཀྱང་མེད། སྤྱིར་ཡང་ལང་ཚོ་ཡོལ། ལུས་སྟོབས་ཟད། རྟག་ཏུ་ནད་ཀྱིས་ཤེ་མོང་འཐབ་པ་འདིས། ད་ནི་ཆོས་བཤད་སོགས་ཀྱི་སྤྲོས་པའི་ཁུར་ཡང་རིམ་པས་འདོར་བསམ་པ་ཡིན། ད་དགོས་ནུས་ན་དགེ་སྦྱོར་བྱེད། མ་ནུས་ན་སོས་དལ་སྙོམས་ལས་ལ་སྡོད་པ་རང་དགའ་བར་འདུག འཇིག་རྟེན་གྱི་བྱ་བ་ལྟ་ཞོགཆོས་ཀྱི་བྱ་བར་མིང་བཏགས་པ་ཐམས་ཅད་ཀྱང༌། གསོག་གསོབ་ཡ་མ་བརླ་སྙིང་པོ་མེད་པའི་ཟློས་གར་ཙམ་དུ་གདའོ། །ད་དུས་མཐར་སླེབ། རང་ཕྱོགས་གཞན་ཕྱོགས་སྐྱ་སེར་དྲག་ཞན་ཕོ་མོ་ཆོས་པ་འཇིག་རྟེན་པ་ཐམས་ཅད། ཁྱི་ལུད་ལ་གསེར་དུ་འཛིན་པ་འདི་ཀ་ཡ་རེ་ཆའོ། །དེ་རྗེས་དགུན་སྟོད་
རྟག་བརྟན་གྱི་ཚོགས་སུ་གསང་བ་སྤྱི་རྒྱུད་ཡོངས་སུ་རྫོགས་པའི་བཤད་པ་དང་བསྟན་པ་ལ་འཇུག་པའི་རིམ་པ་སོགས་ཆོས་སྣ་འགའ་ཟུང་བྱས། དུས་ཚོད་འདི་ཙམ་ན་སྐྱེས་པོ་དེ་བཏེག་ཐུབ་ན་ང་རང་གི་དོན་དེ་ལེགས་པ་རང་ཡོང་རྒྱུར་འདུག་ནའང༌། ད་ཀ་སྔས་མན་ཕྱིས་མན་ཅིག་ཡོད་པ་འདྲ། དེ་རྗེས་རི་ཁྲོད་ཆེན་པོར་ལུག་ལོ་སྤྲེ་ལོའི་མཚམས་ཀྱི་ཁྲིད་མོ་ཆེ་ཡང་བཙུགས། ཁྲིད་གསར་བ་ཡང་མང་པོ་བྱུང་ཞིང་ཁྲིད་ལོའང་ཤིན་ཏུ་ལེགས། དམ་པོའི་སྐབས་དེ་ལ་ནང་ཅིག་བུད་མེད་གཞོན་ནུ་ལུས་ཤིན་ཏུ་ཆེ་ཞིང་སྦོམ་པ་ལ་ཤ་ཉམས་རྒྱས་པ། གཅེར་བུ་སྐྲ་གྲོལ་བ་ཞིག་གིས་ཆོས་ཀྱི་གཏམ་འདྲ་ཡང་སྨྲ་ཞིང༌། ལུང་བསྟན་རབ་རིབ་ཟར་ཟུར་འདྲ་བྱེད་སྙམ་པ་ཅིག་བྱུང༌། དེ་སྐབས་མཁའ་འགྲོའི་བསྐང་བཤགས་མཆོད་གཏོར་གསོལ་འདེབས་གནད་བསྐུལ་རྒྱས་པ་ནན་ཆེ་བ་ཞིག་དགོས་རྒྱུ་ཡིན་པ་འདུག་ནའང༌། ལེ་ལོས་ཁྱེར་ནས་བྱེད་པ་མ་བྱུང་ངོ༌། །སྔ་སོར་གཞོང་རྨ་བྱར་སྡོད་མཁན་དཔོན་དྲུང་བློ་གྲོས་སངས་རྒྱས་ཟེར་བ་ཁོང་གི ཀོ་ཅག་གི་ནང་ན་འཆད་དུ་གྲགས་པའི་ས་ཆ་དེ། ཁོང་རང་ཡོད་དུས་ནས་ངེད་ལ་སྦྱར་ཡིག་དང་བཅས་བྱིན་པ་ཡིན་ནའང༌། ས་སྐྱའི་མངའ་ཞབས་ཀྱི་འཁྲིས་ན་ཡོད་པས། ཁོང་པ་འདས་ནས་ས་སྐྱ་ཨ་མིས་དྲུང་རང་ནས་འཕྲོག་པ་མཛད་སོང༌། དེ་རྗེས་རིམ་པས་ས་སྐྱ་རང་དུ་ཡང་ཡང་ཞུས་ཀྱང་ཡེ་མ་བྱུང༌།
ངན་ལན་ཏེས་འཛིན་བྱེད་རྒྱུ་ཡིན་ན་ཏ་ལས་བླ་བར་འདུག་སྟེ་ག་ལ་བྱེད། བདག་ཆེན་དྲུང་རང་ནི་མ་ཐུས་པ་ཕྲན་ཚེགས་རེ་ལ་ཡང་པིར་པིར་ཏོག་ཏོག་དེ་འཕྲལ་རང་སྐུ་འཕར་འགྲོ་བ་འདྲ་དེ་ཀ་རང་མཛད་པ་ཅིག་འདུག་པས་འདི་ནས་ཀྱང་ཅི་གསུང་ངམ་བསམ་ཐུགས་ཟག་གསོག་གསོག་ལ། ཡང་ཡང་ཀ་སྙན་གཅེར་ཞུས། དེ་འདྲ་རེ་ལ་ཡང་ཐུགས་རྒྱལ་བཞེངས་ཐེང་རེ་དང་བཀའ་བཀོད་ར་ཐོན་ལུག་ཐོན་མཛད་ཐེངས་རེ་ཀ་ཡོད་བ་ཅིག་བྱུང༌། འདི་སྐབས་སྡེ་སྲིད་ནས་ངོ་ཆེན་དང་མི་སྣ་སྒྲགས་པ་ཞུས་དུས། ཐུགས་ཁོག་ཆུང་བའི་མི་སྣ་ཚོས་ཕྱག་འབུལ་བྱེད་ལོང་ཡང་མེད་པར། ཐབ་པོའི་ཁ་ནས་གང་ཐོན་གྱི་དཔེ་དང༌། སྤྲེའུ་འཁྲབ་འཁྲབ་མཛད་ཀྱི་འདུག་ཟེར། དེ་ནས་ཡར་འཕེན་མར་འཕེན་མང་པོ་ཅིག་ལ། འཆད་ཀྱི་ཚབ་ཏུ་གཞུག་ནས་ཕ་དྲུག་གི་སྨན་ཆུ་གོ་ལུང་མཆོད་ཐེས་སུ་སྦྱོར་འཇགས་གནང་བ་ཡིན། སྡེ་སྲིད་ནས་བཀའ་ཤོག་བཀའ་བཀོད་ཀུན་ལ། ཚབ་ལོངས་ངེས་ཤེས་པ་གྱི་གསུང་པ་ཡོད་ཀྱང༌། ཁྲིམས་ས་བ་རང་གི་མགྲོན་གཉེར་ཡིག་མཁན་འགའ་རེ་དང༌། རྩིས་སྤྲོད་མཁན་ཤེལ་དཀར་གྱི་བསྡུད་དཔོན་ཅིག་གིས་ཟར་ཟིར་གྱི་དབང་ལས་ཚ་བ་ཇི་བཞིན་ཐུབ་པ་རང་ནི་མ་བྱུང༌། ཆེ་ཆུང་གང་བྱུང་ཡང་ངེད་ཀྱི་ས་ནས་རེ་ཁང་མེད་དེ། མ་ཟོས་གྲོང་པོ་ཆེ་ཡོང་ཉེན་ཡོད་པས་ཁ་གསལ་ནས་སྨྲས་པ་ཡིན། ལར་གྱི་ཡང༌། ཆེན་པོ་རྣམས་ལ་སུག་ཟོས་ནས། འཁོར་གྱིས་བརླག་པ་ཤིན་ཏུ་མང་
ཞེས་པ་ལྟར་ལ་ཟོན་དགོས་སོ། །འདི་དག་གི་དུས་སུ་ས་སྐྱ་ཞབས་དྲུང་ཨ་མི་དྲུང་གི་བཀའ་བཀོད་ཡིན་ཟེར། རིན་པོ་ཆེ་རང་འགྲེལ་བ་ངག་དབང་ཆོས་གྲགས་ཀྱི་དྲུངརང་ནི་མ་ཚོར་བའི་ཁུངས་ཀྱི་བཟང་རྫུ་མཛད། དྲུང་ཆེན་གྱིས་དམག་དཔོན་བྱས། ཕུ་རྫོང་དགོན་པའི་བཀའ་བཅུ་རབ་འབྱམས་དང༌། དགེ་སློང་གི་ཁུངས་ཚོས་ཀྱང་གོ་གོན་མཚོན་ཐོགས་རང་བྱས་པའི་སེར་དམག་གིས། ཆ་ལུང་དགོན་པ་སྒྲུབ་པ་མའི་སྡེ་ལ་བཅོམ་རྒྱག་བྱས། བླ་མ་པ་ལ་སྲོག་སྐྱོབ་པས་སླེབ་པ་མིན་པ་ཐལ་སོང་ལ་གཏོད་རྒྱུ་ཡིན་ཟེར་ཞག་ཤས་དམ་འཇུར་བྱུང་འདུག ལར་ནི་བཙུན་མའི་སྡེ་ལ་གོ་གོན་མཚོན་ཐོགས་བྱས་པ་རང་གིས་ཁྱེར་ཁ་ཤོར་བ་དང༌། འཇུངས་མེད་པ་དང༌། ཀྲོག་ཤུ་ལངས་པ་གསུམ་ཀྱི་རྟགས་ཐམས་ཅད་བསྟན་པར་གདའ། སྤྱིར་ཆ་ལུང་འདི་རྗེ་བཙུན་ཆེན་པོ་གྲགས་རྒྱལ་གྱི་སྒྲུབ་གནས་ཡིན་པས་ས་སྐྱ་པ་ཚོས་སྤྱི་མཆོད་དུ་དགོས་རྒྱུ་ནི་ཡིན་པ་འདྲ་ཅིག་འདུག ལར་ཕྱིས་ཀྱི་ས་ལུགས་པ་ཀུན་བླ་མ་གོང་མའི་སྒྲུབ་གནས་བཟའ་ཙམ་མེད་པ་ཚོ་གནས་སྟོང་པར་བསྐྱུར་བའི་སྲོལ་ཞིག་སྔ་མོ་ནས་བྱུང་འདུག དགོན་པ་ཐར་པ་གླིང་དུ་བཏོན་ན་མི་དགའ་བ་གཙུག་ལག་ཁང་དུ་ཁྲིམས་གཅོད་བྱེད་པ་ལ་དཔའ་དཔའ་མོར་རྩི་བར་གདའ། འདི་ཡང་སྟོང་པར་སྐྱུར་བ་ལ། ཆ་ལུང་སྒྲུབ་ཆེན་མར་གྲགས་པ་ངེས།
ཇོ་ནང་དུ་ཡང་ཡང་བྱོན། རྗེ་གྲོལ་མཆོག་གི་སྐབས་སྦྱོར་དྲུག་གི་སྐོར་དེས་པོ་ཞུས། ཁོང་རང་ཡང་ཉམས་རྟོགས་བཟང་ཞིང་སྒྲུབ་གྲྭ་འདི་ཡང་བཙུགས། ད་ལྟའི་བར་དུ་སྦྱོར་དྲུག་གི་རྒྱུན་མ་ཆད་པ་ཡིན། འདི་སྐབས་ཁོང་ཚོ་ཁྲིམས་སར་ཐུགཆ་ལུང་བ་རྣམས་ལ་སྔར་ཁྱུད་བཞིན་འཇགས་པས། ཁོང་ཚོ་དེ་པ་རང་སྤྱོད་ངན་བསྟན་རང་རྐང་རིང་གིས་དྲངས་པ་མ་གཏོགས། གྲུབ་འབྲས་ནི་གང་ཡང་མ་བྱུང་སོང༌། ཕུ་རྫོང་བ་ཚོ་རང་ནི་ཁ་སིང་བླ་མའི་བཀའ་བཀོད་ལ། ཆ་ལུང་བླ་མ་གསོད་ཤོག་གསུང་གིན་ཡོད་ཙ་ན། དེ་དུས་ཨེན་གསོད་མ་ནུས་པས་ཕུང་བྱུང་ཟེར་གྱིན་ཡོད་པར་འདུག་གོ །འདི་སྐབས་སྨོན་ཐང་ནས། ཆོས་རྗེ་དམ་ཆོས་རྒྱལ་མཚན་དཔོན་སློབ་ཀྱང་ཕེབས། ཕུ་འདར་མང་སྐོལ་སོགས་རྙེད་བཀུར་ཡང་དག་མཛད། ལྷ་ས་སྐོར་བའི་ཡར་ལམ་ཡང་བྱོན། ཆོས་བཀའ་ཅི་རིགས་པ་བྱས། འདི་སྐབས་སྡེ་སྲིད་ནས་ངེད་ལ་ཧོར་ཟླ་གཉིས་པའི་ནང་དུ་ཡོང་དགོས་ཚུལ་ནན་ཆགས་ཕེབས་བྱུང་ནའང༌། སྔ་སོར་སྦྲུལ་ལོ་ནས་གཟུང་སྲུང་འཁོར་ལ་ནི་བདག་ཆེན་རིན་པོ་ཆེ་བརྟན་བཞུགས་རང་གནང་ཡོད་པས་ཐེབས་ཆག་པ་ནི་མི་འདུག དེ་རེས་ལྟས་ཤིན་ཏུ་མ་ལེགས་པ་ཤར་བས་མི་འགྲོ་བར་ཐག་བཅད་དོ། །འདི་སྐབས་བྱང་ནས་ལྕམ་དྲུང་ས་སྐྱར་ཕེབས་རྒྱུ་ཡིན་འདུག མི་དམངས་རྣམས་
བར་བིར་དུ་ལབ་པ་ལ། ཁོང་རང་དཔོན་གཡོག་རྣམས་གསང་ངམ་དམ་མོ་མཛད་ཀྱིན་འདུག གང་ལྟར་རྩེ་ལ་འབྱོན་པའི་ཞོར་ལ་མར་ལམ་ངེད་འཕྲད་པར་ཕེབས་བྱུང༌། བལ་པོའི་སྐད་ཆ་འདྲ་བ་ཅིག་གི་ནག་པོ་དགུ་ཐོག་ལ་དཀར་རྩི་གསོལ་རྒྱུའི་ཁུངས་ཡིན་ཟེར་ཏེ། དཀར་རྩི་དང་ནག་ཡུག་ནོར་གདའ། ཧོར་ཟླ་གཉིས་པའི་འཇུག་གི་གནམ་གང་ལ། སྤྱི་རིམ་ལ་དམིགས་ནས། སྐྱིད་ཕུག་ལྟག་རིར་གཏོར་མ་རྒྱ་ཆེ་བ་ཞིག་བཏང་དུས། བུ་ཡུག་ཆེན་པོ་མི་བཟད་པ་རང་གློ་བུར་དུ་བྱུང་བའི་གཏོར་ཆོག་ལུགས་སུ་མི་རྒྱུག་ལ་ཁད་ཙམ་ལ། ཐོངས་ཙམ་ནི་བྱུང༌། དེ་ཉིན་ཀ་བླ་ཆེན་ཡེ་ཤེས་དྲུང་སྐུ་སྙུང་བའི་འགོ་བརྩམས་པར་འདུག གངས་དེ་འཚུབ་འགྱུར་ཆེན་པོ་དུག་ཆར་གྱི་རྣམ་པར་འདུག ཟླ་བ་གསུམ་པའི་འགོ་ལ་རྟག་བརྟན་དུ་ཕྱིན། ཚོགས་པ་རྣམས་ལ་གཤེད་དམར་བཅུ་གསུམ་མའི་དབང་ཞིག་དང༌། དཔུང་བཟང་གི་རྒྱུད་ལ་བཤད་པ་ཞིབ་པ་ཅིག་དང༌། གཞན་ཆོས་ཐན་ཐུན་འདྲ་བྱས། ཡང་གཞིས་ཀ་རྩེ་ནས་འབོད་མི་ནན་ཆགས་གནང་ཧོར་ཟླ་བཞི་པའི་གུང་དཀྱིལ་ལ་སླེབ་དགོས་ཚུལ་འདུག་པས། དེ་ཁའི་དབང་དུ་བྱས། དགེ་ཚའི་ཁུངས་ཤིག་ཡོད་པ་དེ་ཡང་གྲུབ། རི་ཁྲོད་ཆེན་པོར་ཁོར་ཙམ་ཕྱིན། ཚེས་བཅུ་དྲུག་ལ་རྟག་བརྟན་དུ་སླེབ། འཕྲལ་དུ་འགྲོ་མ་རེག་ཡིན་ནའང༌། བླ་ཆེན་ཡེ་
ཤེས་དྲུང་པར་སྐབས་སྐུ་ཁམས་ལམ་པ་དྭངས་ཡོད་པ་ཡིན་ཏེ། དེ་ནུབ་རང་ནས་སྐུ་ཁམས་ལོགསྙུང་ཟུག་ཆེ་བ་མེད་ཀྱང༌། ཤེད་སྟོབས་ཚང་མ་བྲི་བའི་ཟུངས་ངན་པ་རང་དུ་སོང་འདུག་པས། ཤར་ལ་འགྲོ་བ་ཐེན། དེ་ནས་ཀྱང་ཁོང་གི་སྐུ་ཁམས་ཇེ་ལོད་ལ་སོང་བའི་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་སྐུ་མ་འཚོ་སོང༌། ཆོས་ཀྱི་སྒོ་རིས་མེད་པ་ལ་མཁྱེན་པ་རྒྱས་པའི་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་ཕན་པ་ཞིག་ཡོང་བར་ཡོད་ནའང༌། སེམས་ཅན་གྱི་བསོད་ནམས་ལ་མ་ཤོང་བར་འདུག འོན་ཀྱང་དགུང་ལོ་ཉི་ཤུ་སྐར་སྐོར་ནས་ཉན་བཤད་མང་དུ་མཛད་པས་འགྲོ་དོན་མཛད་རྒྱུ་ཡང་ལོ་མང་པོ་བྱུང་སོང༌། དེར་དགོངས་རྫོགས་སོགས་ཀྱི་བྲེལ་བ་ལ་ཟླ་བའི་འཕྲོ་དེ་རྟག་བརྟན་དུ་བསྡད། སྐུ་གདུང་ནི་ལྷོ་ཕྱོགས་ལ་སྤྱན་འདྲེན་མཛད་སོང༌། དེ་རྗེས་དུས་ཀྱང་དབྱར་གུང་ལ་ཐུག་པ་དང༌། སྡེ་བདག་རང་ལའང་སོག་པོའི་རྗེས་འདེད་ཀྱི་ཁུངས། བྱང་ཐང་ལ་དམག་ཆེན་མཛད་དགོས་སྟབས་སོགས་མ་ཕྱོགས་རང་ན་ཐུགས་བྲེལ་ལངས་འདུག་པས། ངེད་ཅག་དབྱར་ཁ་དགོན་པར་བསྡད་ཆོག་པ་བྱུང༌། རི་ཁྲོད་ཇོ་ནང་གི་དབུ་རྩེར་གྲགས་པ་འདི་གནས་ཆེན་འདི་ཉིད་རང་གི་ལྷ་ཁང་གི་སྔ་ཤོས་ཆོས་རྗེ་ཀུན་སྤངས་ཆེན་པོའི་ནང་རྟེན་བཞུགས་པ་ཡིན་ཀྱང༌། བར་སྐབས་ཤིན་ཏུ་ཁོགས་པ་དང་རྡིབས་ཆོམས་ཆང་ཆུང་མང་དུ་བྱུང༌། ལོ་སྔ་མ་རྣམས་ལ་ཞིབ་གསོས་བྱེད་འདོད་ཀྱང༌། ས་ཡུལ་གཉན་པ་ཞིག་ཡིན་འདུག་པས་བརྟག་པ་ལ་མ་ཐོན། ལོ་འདི་ལ་
རུང་བའི་དབང་དུ་བྱས། ཧོར་ཟླ་ལྔ་པ་ཉིས་བརྩེགས་ཡོད་པའི་རྟིང་མའི་ཟླ་བ་གསར་འཕྲལ་ནས་ཞིག་གསོས་ཀྱི་ལས་ཀ་བཙུགས་པ་ཡིན། ཐོག་མ་རྟག་བརྟན་ནས་ཉིན་རྒྱུགས་ཅིག་འོང་ནས་ཨརྒྷའི་ཆོ་ག་བྱས། ལས་ཀ་བྱེད་ས་ཁུལ་དོག་ཅིང་གཡས་གཡོན་ཐམས་ཅད་ཁང་པ་གཞན་གྱིས་བཀག་ནས་བྱེད་སྟབས་མི་བདེ་བར་ཡོད་པས། རྙིང་པ་འབེབས་པ་དང༌། ས་སེལ་རྡོ་སེལ་ལ་རིང་དུ་ཐོགས་དོགས་བྱུང་ཡང༌། ཉི་མ་གཉིས་ཀྱི་ངོ་ལ་གྲུབ། མཆོད་རྟེན་ལ་ཅུང་ཟད་ཙམ་ཡང་སྐྱོན་མི་ཡོང་བའི་ཐབས་བྱས། གཡས་གཡོན་གྱི་རྩིག་པའི་འགྲམ་གསར་དུ་འབྲུ་དགོས་སྟབས། ཚེས་དྲུག་ལ་ས་ཆོག་རྒྱས་པར་བྱས། དུས་དབྱར་གུང་ཆེན་ཡིན། ལོ་འདི་ལ་ཡར་གྱི་ཆར་པ་ཡང་ཤིན་ཏུ་ཆེ་མོད། ཀུན་སྤངས་ཆེན་པོ་ཉིད་ལ་གསོལ་བ་བཏབ་པས། མཁར་ལས་ལ་ཆར་བས་གནོད་པ་ཡེ་མ་བྱུང༌། འདི་སྐབས་ཡོལ་བ་མཁན་ཆེན་བྱམས་པ་བློ་གྲོས་རྒྱལ་མཚན་པའི་དྲུང༌། དཔོན་སློབ་རྣམས་ལ་གཅོད་ཀྱི་ཁྲིད་ལག་ལེན་ངེས་ཅན་དང༌། ཐམས་ཅད་རིག་པ་དང༌། འཆི་མེད་རྔ་སྒྲའི་དབང་སོགས་བྱས། མཁན་པོ་བ་འདི། ངེད་རང་ལོ་ཉེར་ལྔ་འགྲོ་བའི་ཐོག་ནས་སློབ་མར་གྱུར། ཆོས་ཞུ་བ་ལ་ཡང་ཡང་བྱོན། ལན་གཅིག་ལོར་ཉེ་བ་ཙམ་ཡང་ངེད་ཀྱི་ཟླ་ལ་ཡང་བཞུགས། ཤིང་ཕོ་སྟག་གི་ལོ་ནས་གཟུང༌། ཁོང་རེའི་
འཛིན་བདག་ཡོལ་དགོན་པས་སྐོར་དང་བཅས་པ་ངེད་ལ་བློ་གཏོད་མཛད་པ་ཡིན། རྟག་བརྟན་ཚོར་ཡང་སྐབས་སྐབས་ཕེབས། སྤྱིར་དེང་སང་གི་མི་འདི་རྐྱེན་ཕྲན་བུ་རེ་ལ་ཕར་འགྱུར་ཚུར་འགྱུར་རང་བྱེད། དེའི་ནང་ནས་ཀྱང་དབུས་བཀའ་འགྱུར་ཁ་ཡང་བ་ཡིན་ན་ཡང༌། ཁོང་པ་འདི་སྔོན་མ་ནས་གཡས་ཡོང་གཡོན་ཡོང་རང་མི་གསུང་བ་ལ། དད་གུས་འགྱུར་མེད་ཅིག་བྱུང༌། ཡང་སྟག་ལུང་རིན་པོ་ཆེ་ནས་བླ་མ་སྒྲོ་ར་ཟེར་བ་ཁོང་འདིར་གཏོང་བ་གནས་སྟེ། བརྟག་པ་བྱེད་དགོས་ཀྱི་སྐུ་དོན་འཕྲན་བུ་དང༌། ནཱ་རོ་པས་མཛད་པའི་རིམ་ལྔ་བསྡུས་གསལ་འདི། རིམ་ལྔའི་སྙིང་པོ་ལྟ་བུར་འདུག་ཅིང༌། རིམ་ལྔ་སྨར་ཁྲིད་ཀྱི་རྩ་བ་རང་ཡིན་པ་འདུག་གནའང༌། སྔོན་ཆད་འགྲེལ་པ་མི་འདུག་པས་འདི་ལ་ཊཱིཀ་ཁ་གསལ་ཅིག་བྱེད་དགོས་ཕེབས་པ་ལྟར་འཕྲལ་དུ་རྩོམས་པ་བྱས་ཏེ་ཕུལ། དེ་ཚོའི་རྗེས་ཅིག་ལ་ཆོས་རྒྱལ་ལས་ཀྱི་གཤིན་རྗེའི་མན་ངག་ཐམས་ཅད་ནག་པོ་འགྲོ་ཤེས་སུ་བྱས་ཤིང༌། འཇུག་ཏུ་ཆོས་ཀྱི་རྒྱལ་པོའི་རྟོག་པ་ལ་ཡང་དཀའ་འགྲེལ་གོ་བདེ་བ་དང་བཅས་པ་ཅིག་བརྩམས། འདི་སྐབས་ཉིན་མོ་ཞིག་རྩོམས་པའི་ཚིག་སྤོར་བའི་སྒང་ལ། གཉིད་ཕྱོགས་པའི་གསལ་སྣང་གཅིག་ལ། དམ་ཅན་ཆོས་ཀྱི་རྒྱལ་པོ་ད་ལྟ་རང་འདི་ཀ་ན་ཕེབས་ཡོད། ཆོས་རྒྱལ་ཡུམ་ད་ལྟ་ཨེན་ཕེབས་བསམ་བྱུང་ཟེར། ལྕམ་དྲལ་གཉིས་ལ་ཇ་གྲལ་དང་མགྲོན་གཏོང་རྒྱུའི་ཁུངས་བྱེད་ཀྱིན་འདུག་པ་གསལ་པོ་རང་ཞིག་བྱུང༌། ཡིག་ཆ་རྩམས་པ་དེ་གནད་
ལ་ནི་རེག་པ་ཅིག་བྱུང་བ་དང༌། འཚུབ་ཆ་དང་བཀའ་གཉན་པའི་ཆ་ཤས་ནི་ཡིན་འདུག དེ་དག་ཏུ་དབུ་རྩེ་ལ་ཀ་བ་རིང་མོ་དེ་བཅུ་ཙམ་འཛུགས་དགོས་ཡོད་པའི་ཀ་གདུང་རྣམས་ཇ་སྦྱོར་གཅིག་གི་རིང་ལ་ཚུགས། ཉི་མ་དེ་ཀ་ལ་ཐོག་ཤིང་ཐམས་ཅད་ཀྱང་འགྲེམས་ཐུབ། ཤིན་ཏུ་གྲུབ་ཆེ། སྡེ་བརྒྱད་ཀྱིས་ལས་ཀ་བྱས་པར་ཐེ་ཚོམ་མེད་པ་ལགས། གཞན་ཡང་ཆོས་གྲྭ་རྙིང་པའང་རྒྱ་བཀྱེད་ཅིང༌། དེ་ལའང་ཞིག་གསོས་མང་དུ་དགོས་པ་དང༌། རུང་ཁང་ཡང་རྙིང་པ་རྩ་བ་ནས་ཕབ་སྟེ་རྒྱ་བཀྱེད། ཐོག་ཀྱང་འཕྲལ་དུ་ཁེལ་པ་དང༌། མཐའ་ཕྱི་དང་ལམ་བར་ཐམས་ཅད་དུ། རྡོ་གཅལ་རྡོ་སྐྲས་སོགས་རྒྱ་ཆེན་པོ་ཡོད་དེ། འུ་ལག་པ་དྲུག་ཅུ་བདུན་ཅུ་སྐོར་ཅིག་གིས་དབྱར་ཐོག་དེ་ཁ་ལ་ཉེས་སྐྱོན་ཅུང་ཟད་ཀྱང་མེད་པར་གྲུབ། ལྷ་ཁང་དང་ཁང་པ་སོ་སོར་བགེགས་སྐྲོད་རབ་གནས་ཀྱང་བྱས། རྟག་བརྟན་དུ་པདྨ་གླིང་གི་ཁང་པ་སྔ་སོར་གྱི་དེ་བརྟན་པོར་ཡོད་ཀྱང༌། རྟིང་ལ་རྒྱ་བཀྱེད་པའི་སྐོར་དེ་རྔམ་པོ་དཔོན་དྲུང་སོགས་ལས་རྒྱབ་པ་རྣམས་ཀྱིས་ཐད་མ་མ་བྱས་པར། བརྟན་པོ་མ་བྱུང་འདུག་ཅིང༌། འདི་ལོ་ཆར་བ་ཆེས་བས་ཞིག་རལ་ཡང་བྱུང༌། དེ་མཐུན་དམ་དུམ་བཤིག་སྟེ་སླར་ཞིག་གསོས་བྱས་པའི་འོག་ཐོག་ཁེལ། སྔ་སོར་རྩེ་ནས་ཟླ་བ་བརྒྱད་པའི་ནང་དུ་ཤོག་གསུང་བ་ཡོད་རེ་
ཐུགས་བྲེལ་སྟབས་ཤིག་བྱུང་བ་ཡིན་ནམ། བརྒྱད་པའི་ནང་དུ་གླེང་བརྗོད་མ་བྱུང༌། དགུ་པའི་ནང་ལ་ཐོག་མར་སྡེ་སྲིད་རང་རྒྱལ་རྩེར་ཕེབས། ངེད་ཀྱང་རྒྱལ་རྩེར་ཡོང་དགོས་ཕེབས་པ་ཞིག་བྱུང༌། དེ་ལ་ཁས་ལེན་ཀྱང་བྱས་པའི་རྒྱལ་རྩེར་འགྲོ་རྩིས་ཡིན་ནའང༌། དེ་འཕྲལ་འགྱུར་བའི་ཉང་སྟོད་ལ་ཕེབས་པ་གཤོལ་འདུག ད་རེས་འདི་ལ་ལྟ་འགངས་མི་འདུག་སྟེ། འགག་ཆེ་སར་བཀའ་གྲོས་ལྷུས་མ་ཐིངས་པ་འདི་འདྲ་བྱུང་ན་ཅུང་ཡོང་རྒྱུ་མིན་པ་འདུག འདི་སྐབས་སྔ་མ་རྒྱལ་རྩེ་ལ་གལ་ཆེ་རང་ཡོད་གསུང་པ་ལ། རྟིང་མ་འདི་ཡིན་རང་མེད་པ་དེ་ལ་ཡི་མ་རངས་པ་ཅིག་ཀྱང་བྱུང༌། འོན་ཀྱང་སྔ་སོར་ནན་ཆགས་ཡང་ཡང་རང་གནང་བ་དེ་ལ་འགྲོ་མ་ཐུབ། ད་རེས་ཀྱང་མ་ཕྱིན་ན་མི་ཡོང་བ་འདྲ་བསམ། རི་ཁྲོད་ཆེན་པོ་ནས་ཐོག་མ་ཆས་ཡོང་བའི་ཉིན། ལམ་བཀྲ་ཐོག་མ་རང་ལ་མི་རྐང་ལག་གོང་པོ་གཉིས་དང་འཕྲད་པ་དང༌། རྟ་ལ་ཞོན་དུས་ཡོབ་གྲོལ་བ་སོགས་བཀྲ་ལོད་པ་རང་བྱུང༌། དེ་རྗེས་རྟག་བརྟན་དུ་ཞག་ཤས་ཅིག་བསྡད་ནས། སླར་ཡང་ལ་ཉེ་དེ་བཟློག་པའི་ཕྱིར། ཆེར་བཏང་རི་ཁྲོད་དུ་ཕྱིན་ཞག་གཅིག་བསྡད། སླར་འོངས་པས་སྣོད་གང་བ་དང་འཕྲད་པ་སོགས་བཀྲ་ལེགས་ཙམ་བྱུང༌། འདི་སྐབས་གཞི་དེ་རྟག་བརྟན་དུ་མེད་ཇོ་ནང་དུ་ཡོད་པའི་སྟབས་ཀྱིས་གཞི་དེ་ཇོ་ནང་ལ་རྩིས་པ་ཡིན། དེ་རྗེས་རྟག་བརྟན་ནས་
དགུ་པའི་ཚེས་བཅུ་ལ་ཐོན་རྒྱུ་ཡིན་ནའང༌། ཐབ་འཛིན་སོགས་མ་སླེབ་པས་ཞག་གཅིག་འགྱངས། དེ་ནས་རིམ་པས་རྩེ་ཕྱོགས་སུ་སླེབ། ལོ་སྔ་མ་ཡོངས་དུས་དང༌། འདི་རེས་གཉིས་ཀར། རྩེ་གདུང་ནས་བདག་ཆེན་རིན་པོ་ཆེ་ཁྲིའི་དྲུང་ཡང་ངེད་སླེབ་དུས་བཞུགས་འདུག་ཅིང༌། ཞག་དྲུག་བདུན་རེ་ནས་ཐེགས་པ་མཛད་སོང༌། སྔ་གོང་ངེད་གཞོན་དུས་གཅིག་ཙ་ན། བདག་ཆེན་འདི་པ་ལ་ཆོས་ཐན་ཐུན་འདྲ་ཞུ་འདོད་ཡིན་ནའང༌། བར་སྐབས་ནས་ཕྱག་གཡོག་སོགས་འགའ་ཞིག་དང༌། ཕྱོགས་གཏོགས་ཀྱི་ཡོན་བདག་ཚོ་ཡང་སྡང་ཤུགས་ཀྱི་ཁུངས་བྱེད་ཅིང༌། ས་ཐག་རིངས་ནས་ངེད་ལ་བསྟད་ཡོངས་པ་འགའ་རེའང་ལམ་དུ་སྐྱོགས་ཤིང་བསྒྱུར་བ་འདྲ་ཡང་བྱུང་བས། ཆེ་དང་ཆུང་གི་དཔེ་ཡིན། དགོངས་པར་མི་བདེ་ཕྱིན། དེ་ཀ་ཡིན་པ ་འདུག་བསམས་ཆེད་ཀྱི་མཇལ་ཁ་ཞུ་བ་མ་བྱུང༌། རྩེར་སྔ་ཕྱིའི་རེས་གཉིས་པོ་འདི་ལའང༌། ཇ་འདྲེན་ཇ་ཞུས་སྣོལ་མ་རེ་ཀ་བྱས། སྤྱིར་ས་སྐྱ་པའི་ལུགས་འཛིན་འདི་རྣམས་ལས་ངེད་ལ་ཚུར་དྲག་ཤོས་མགོ་འདོན་དང༌། མཉམ་པོ་ཚོས་ཕན་འདོགས། དམའ་བ་ཚོས་གུས་ཞབས་སོགས་མདོར་ན་སྐྱོང་པའི་རྩིས་ཡེ་མེད་པ་ལ། ངེད་ཀྱི་ལུས་ལོངས་སྤྱོད་ཡོང་དཀྲུགས་པའི་ཕར་མགོ་འབུལ་ལོ་འབུལ་བྱེད་དགོས་
རྒྱུའི་ཁུངས་ཀྱི་ཧ་མ་ཧ་མ་ཐར་ཐར་བྱེད་པ་འདུག དོན་ལ་ནི་ངེད་སྔ་གོང་ཕྱོགས་ཀུན་ཏུ་འཁྱམས་དུས། ས་སྐྱ་པའི་ཕོ་རུས་ཕྲན་ཆོགས་ཅིག་ཡོད་ཡང་ཡོད། དབུས་གཙང་གང་དུའང་ས་ལུགས་ཀྱི་བསྟན་པ་ལ་གང་ཕན་བྱས། དེ་དུས་ཕན་ཡང་ཕན་ཆེན་པོ་བྱུང་བ་ནི་ཀུན་ལ་རྒྱུས་ཡོད་པ་དེ་ཡིན། གོང་མ་ལྔ་སོགས་བླ་མ་གོང་མ་རྣམས་ལ་ནི་ད་ལྟའི་བར་དུ་ཡང་མོས་གུས་བསྒོམ་བཞིན་པ་འདི་ཡིན། དེ་ཚོའི་ཆོས་ལུགས་ནི་ད་ལྟའང་བྱེད་བཞིན་པ་དེ་ཀ་ཡིན། བསྟན་པའང་འཛིན་བཞིན་པ་འདི་ཀ་ཡིན། ད་ལྟའི་ས་ལུགས་ཀྱི་བླ་མ་ཆེ་ཕྲ། དགོན་གྲྭ་ས་སུས་ཀྱང༌། དང་པོ་དགོས་དུས་ངེད་ཀྱི་མགོ་བཏོན་པ་ཡང་ནམ་ཡང་མེད། རང་མགོ་རང་གིས་བཏོན་པ་ཅིག་ཀ་ཡིན། ཟས་ནོར་བླངས་པས་མ་ནོངས་པ་ཡང་མེད། རང་གི་རྒྱུ་ནོར་གང་ཡོད་ཀྱིས་ཕར་ཞབས་རྟོག་བྱས་པ་ཅིག་ཡིན། དྲིན་ཕར་ཆེར་མཉམ་པ་མ་གཏོགས་ཚུར་ཆེ་སྙམ་པ་མེད། ང་ཏཱ་ར་ནཱ་ཐ་སྐྲ་སྤར་གང་ནི་དཔལ་སྟག་ལུང་པ་ལ་བཅད། ཆོས་ནི་ཕྱོགས་མེད་དུ་ཞུས། སེམས་ངོ་ནི་རྟོགས་ལྡན་ལྷ་དབང་པས་སྤྲད། བཀའ་བརྒྱུད་རྟོགས་ལྡན་འ་གད་ཅིག་ཡིན་པ་འདུག་ཟེར་ན་ནི་གཞོགས་གཅིག་ནས་འདྲ་རུང་ཡིན། ལུང་བསྟན་ནི་བྱམས་པ་མགོན་པོས་མཛད། ལྟ་བ་ནི་དོལ་པོ་པའི་ལུགས་སྐྱོང༌། ཆོས་སྐད་ནི་རྒྱ་གར་གྲུབ་ཐོབ་ཀྱི་རྗེས་སུ་འབྲང༌། ཆོས་ལུགས་
སུ་ཡིན་དང༌། སུའི་གྲྭ་པ་ཡིན་དེ་ད་ཤེས་པར་གདའའམ། བླ་མའི་བྱིན་རླབས་ནི་ཞུགས། མདོ་རྒྱུད་ཀྱི་དོན་ནི་ཤེས། དམ་སྡོམ་ནི་དགགནས་ལུགས་ནི་རྟོགས། ཡི་དམ་ནི་མཇལ། མཁའ་འགྲོ་ནི་འདུ། བཀའ་བསྲུང་ནི་བྲན་དུ་འཁོལ། སྐལ་ལྡན་ནི་རྗེས་སུ་འཛིན། རང་རྒྱུད་ནི་གྲོལ། གཞན་དོན་ནི་ལྷུན་གྱིས་གྲུབ་པ་ཅིག་ཡིན། གཞན་མཁས་པོ་ཡིན་ཟེར་བ་ལ་དགའ་གནས་དྲིས་ན་ཤོད་རྒྱུ་ཅིག་ཀྱང་མེད། བཙུན་པོ་ཡིན་ཟེར་བ་ལ། ཚུལ་ཁྲིམས་ཀྱི་དྲི་མའི་ཚབ་ལ་ར་ཐུག་གི་དྲི་མ་བྲོ། བཟང་པོ་ཡིན་ཟེར་བ་ལ་རང་ང་རྒྱལ་དང་ཕ་རོལ་ལ་ཕྲག་དོག་དང་ངན་སྨྲས་དང་ཚིག་རྩུབ་རྒྱུན་མི་འཆད་པའི་ཟམ་ཟོམ་འདི་པ་དང་ཅུང་ཞིག་འདྲ་དེ་མི་ཡོང་གོ་ཡམ། དེ་ལས་ཀྱང་ཤེས་ལྡན་གྱི་ཁུངས་འགའ་རེ་སྨད་བུད་དང་དམ་ཉམས་བཀའ་ལོག་ཀུན་ལ་མཐོང་ཆེ་ཆེ་མོར་བྱེད་པ་འདི་ནི་འདམ་བི་རའི་སྐད་ཀྱི་དཔེ་དེར་གདའ། དེ་ཀ་འདྲས་ཡོད་ན། སྤྲ་ཅལ་ལ་ལ། ལྐུག་པ་ལྐུག་པ་ལྐུག་པ། ཏི་ཐུག་ཏི་ཐུག་ཟེར་བར་གདའ། ཧེ་ཧེ་ཧེ་ཧེ་ལགས། ཡང་སྔར་འཕྲོས་ལས་རྩེར་སླེབ་ནས་རང་རེའི་བུ་སློབ་འདྲ་པ་ལ། འཁྲིད་ལུང་ཅི་རིགས་པའང་བཤད། སྡེ་སྲིད་དུ་མར་རྔཽག་གི་བཞེད་གཞུང་དཔལ་དགྱེས་པ་རྡོ་རྗེ་ཡབ་བཀའ་ཡུམ་བཀའ། རྡོ་རྗེ་གུར་རིགས་བསྡུས། སྒྱུ་འཕྲུལ་ཆེན་མོ་མ་ལ་སྟེ། དཀྱིལ་འཁོར་བཞི་པོ་དེ་རྣམས་ཀྱི་དབང་རྣམས་རྫོགས་པར་ཕུལ། བདག་མེད་
མའི་དངོས་གཞིའི་ནུབ་མོ་རྨི་ལམ་དུ། གཞུང་སྤྲེ་ཤིང་དང༌། ལུང་ཆུང་གཉིས་ཀྱང་རིབ་ཙམ་བྱུང༌། ད་ལྟ་དབེན་གནས་ཟེར་རྗེ་བཙུན་ཆོས་སྐུ་རྡོ་རྗེ་དབྱིངས་སུ་གཤེགས་ས་དེ་ན། ལྷ་ཁང་འཕྲ་དར་བ། ཤར་ན་དཀར་ཁུང་ཡོད་པ། ཐངས་མུན་ནེ་བ་ཅིག་འདུག དཀོན་གཉེར་བུད་མེད་རྒན་སང་བ་གོས་གསར་བ་གོན་མཛེ་ཡམ་པ་བྱུང་ཟེར་བ་ཅིག་ཀྱང་འདུག ལྷ་ཁང་གི་ནང་ན་སྒམ་ཅོག་རྩེ་མང་པོ་བསྒྲིགས་འདུག་པའི་ཁ་ཐམས་ཅད་སྡིག་པས་ནག་ཅག་ཅག་གང་བ་ཅིག་བྱུང༌། དབང་བསྐུར་ཟབ་མོ་དེ་ཚོའི་གཉན་ཆའི་ལྟས་སུ་འདུག ཕྱོགས་འདིར་སླེབ་མ་ཐག་གྲིབ་ཆམ་ན་བ་ཞིག་བྱུང་བ། ཐང་འགའ་རེ་བཏུངས་པས་དེ་ཡང་བབས་པ་སྙམ་བྱེད། རྐྱེན་དེ་དག་འདུས་པའི་ནད་ཚབས་ཆེ་བ་དེ་ཡོང་བའི་འགོ་བརྩམས། ལར་ཤ་ཁྲག་གི་ལུས་ཡོད་ཕྱིན། ན་ཚ་ཡོད་པ་ཆོས་ཉིད་དུ་འདུག ཁྱད་པར་དུ་ཡང་ཚབས་ཆེན་ཐམས་ཅད་རང་གི་ལས་མཐུ་ཡིན། གཞན་ལ་ཁག་བསྐུར་རྒྱུ་ཡེ་མི་གདའ། དེ་རེས་ན་བ་འདི་ཡང་ལས་ལྷོངས་སུ་ངེས་ཤེས་སྐྱེས་སོ། །ལོ་སྔ་མ་ལུག་གི་ལོ་ཧོར་ཟླ་གསུམ་བཞིའི་མཚམས་དེ་འདྲ་ཅིག་ལ། བུད་མེད་སྨུག་མོ་ལུས་ཤིན་ཏུ་ཆེ་བ། སྦྲུལ་མགོ་མང་པོ་ཅན། རྒྱུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་སྲོག་ཆགས་ཀྱི་གཟུགས་སྣ་ཚོགས་པས་རྒྱན་བྱས་པ་ཅིགགླང་ཆེན་པོ་གཅིག་ལ་ཞོན་ནས་རབ་ཏུ་དགའ་བའི་
ཚུལ་གྱིས། ན་འཛོག་ཆེན་པོ་ཞིག་ལ་རྒྱུག་ཤར་བྱེད་པ་ཅིག་བྱུང༌། ལྟས་འདི་རིགས་བྱུང་དུས། སྔར་ནས་ཀྱང་ལོ་གཅིག་གི་ཁོངས་སུ་ནད་ཚབས་ཆེ་བ་རེ་ཡོང་གིན་ཡོད། དེ་ཡང་རང་རེའི་སྐྱེ་བ་བཅུ་དྲུག་བཅུ་བདུན་གྱི་སྔོན་རོལ་ནས། སྐྱེ་བ་ཀུན་ཏུ་སྨོན་ལམ་ལོག་པར་བཏབ་པའི་ཀླུ་སྲིན་མཁའ་འགྲོ་ཆོ་འཕྲུལ་གདུག་ཚུབ་ཆེ་བ་ཅིག་ཡོད་པ་ཁོང་དགའ་བའི་ལྟས་ཡིན་པར་གདའ། ལུག་ལོ་དབྱར་ཡར་འོངས་དུས། སྡེ་སྲིད་ནས་མྱུར་ཏུ་ཡོང་དགོས་ཚུལ་ཕེབས་ཀྱིན་འདུག་པ་ལའང༌། ལོ་རྟིང་མ་ལ་ནད་དོའི་ལྟས་ཅིག་བྱུང༌། ན་དོགས་ཅིག་ཡོད། དེ་མིན་དེ་ཀ་བྱེད་ཞུས། ལོ་འདིའི་དུས་ཁྲིད་ཀྱི་དམ་པོའི་སྐབས། ཆམ་པ་ཁག་པོ་ཅིག་བྱུང་བ་ལ། ངོ་མ་ཤེས་པར་ཟས་སྤྱོད་ཐམས་ཅད་ལོག་ནས། ཉི་མ་གཉིས་ཤིན་ཏུ་ན་བར་བྱུང༌། ཉི་མ་གསུམ་པ་ལ། བཅོས་གང་ཡང་མ་བྱས་པ་ཅིག་ལ། བཤལ་ཁྲུས་བུངས་ཆེ་བ་ལན་གསུམ་བྱུང་བ། དེ་ཁོ་ནས་སངས་ཏེ་གྲག་སོང༌། སྔར་གྱི་ཆོ་འཕྲུལ་དེ་ཡང་དེ་ཙམ་ཀ་ཡིན་ནམ་བསམས་ཀྱང༌། ཅུང་མིན་པ་འདུག གཞན་བཟློག་ཐབས་རྟེན་འབྲེལ་གྱི་རིགས་ནི་ཡེ་མ་བྱས། དེ་ཀས་ཡིན་ཏེ་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་ན་རེ། དགྲ་དམ་སེལ་མིན་པས་གནོད་མ་མྱོང༌། གསུང་བ་ལྟར། དམ་སེལ་གྱི་རྐྱེན་ཅིག་ནི་ངེས་པར་བྱུང་བར་འདུག རྒྱུ་ལས་ལྷོངས་རྐྱེན་ཆོས་ཀྱི་གཉན་ཆ་དང་དམ་སེལ་འཕྲན་བུར་གདའ།
ལར་བདག་ན་བ་ལས་ཤི་ཡང་འགངས་ཅི་གདོགཤི་ཐེངས་ལན་བཅོ་བརྒྱད་བྱུང་ཡང་སྦང་ཟན་གྱི་ཆང་བུ་གཅིག་ཀྱང་གང་རི་མོད། གང་ནའང་ཧོར་ཟླ་དགུ་པ་དེའི་ཉེར་བརྒྱད་དགུ་ནས་གཟུང་ཤིན་ཏུ་ན་བར་བྱུང་ནའང༌། ཧོར་ཟླ་བཅུ་པའི་ཉེར་གཅིག་བར་ལ། སྡེ་སྲིད་དུ་ཚེ་དབང་རྐྱེན་སེལ་ཚོ་དང༌། གཞན་ཆོས་ཚོ་ཡང་མ་ཆག་པར་ཐུབ། དེ་ནས་ལུས་ཀྱི་ཤེད་སྟོབས་བྲི་བས། དབང་ཆོས་ཀྱི་སྤྲོས་པ་རྣམས་མ་ནུས། དེ་ཡང་བརླ་ནས་བརྩམས་ཏེ་རྐང་པ་གདུང་ཁད་སྐྲངས་ན་ཟུག་དྲག་པོ་དང་བཅས་པ་དང༌། ལུས་ཐམས་ཅད་ཆུ་སེར་གྱི་འབུ་རུས་ཁྱབ་པ་སོགས་ནད་གཞི་རྙིང་པའི་རིགས་གཞན་ཡང་མང་པོ་དུས་གཅིག་ཏུ་ལངས། འགྲོ་འདུག་ལངས་སྡོད་གང་ཡང་མ་ཐུབ། འོན་ཀྱང་ལུས་ཀྱི་ན་ཚ་མ་གཏོགས། སེམས་ལ་སྡུག་བསྔལ་ཡེ་མེད། བློ་བདེ་ཞིང་སེམས་སྐྱིད་པར་བྱུང༌། ནད་ལ་དགེ་སྦྱོར་ཐོག་འགེལ་མིན་པ་གཞན་བྱེད་འདོད་མེད་ཀྱང༌། ཟླ་བོ་ཐམས་ཅད་ཀྱིས་ཡང་ཡང་བསྐུལ་བ་དང༌། སྡེ་སྲིད་ནས་ཀྱང་གསུང་བས། སྨན་པ་ཚོ་ལ་བསྟན། སྔར་ལར་ནས་རང་བཞིན་ཚོགས་གསོག་ནི་རྒྱུན་དུ་བྱེད་པ་དེ་ཡིན། ན་ཚའི་རྐྱེན་བཟློག་རིམ་གྲོ་དེ་འདྲ་བྱེད་ཀྱིན་མེད། འདི་སྐབས་ཀྱང༌། ཀ་བཞི་ནས་སོགས་བུ་སློབ་དམ་ཚིག་གཙང་མ་བཞི་སྡེ་ཅིག་གིས་ཉམས་ཆགས་བསྐང་ཐབས་ཉི་མ་གསུམ་མཛད་དུ་བཅུགདེ་མིན་གཞན་བྱེད་རྩིས་མེད་དེ།
མཛོད་པས་ང་ལ་གསང་ནས་རིམ་གྲོའི་རིགས་མང་པོ་རང་བཏང་འདུག རྟིང་མ་མིན་པ་མ་ཚོར། སྤྱིར་དགེ་འདུན་ལ་ཚོགས་གསོག་ལེགས་པ་ཡིན་མོད་དེ། ན་བ་ལ་སྨན་པ་བསྟེན། རིམ་གྲོ་བཏང་བ་སོགས་ལོ་འདི་ལ་རྟོགས་ལྡན་གྱི་གདོད་ཡོད་སྐྱལ་སོང༌། ད་ཡིན་ནའང་ཁྱད་པར་མེད། ན་བའི་སྒང་འདི་ཀུན་ལ། དད་པ་སྙིང་རྗེ་སོགས་གཞན་པས་ཆེ་བ་ཅིག་སྔར་ཡང་ཡོང་གིན་ཡོད་དེ་འདིར་ཡང་བྱུང༌། ཁྱད་པར་སྐབས་འདིར་དམིགས་པ་གཏད་རེས་ཀྱིས་རགས་པ་ཐིམ་ཚུལ་རྣམས་མཚམས་ཕྱེད་པོ་རང་མིན་པ་ལ། ས་ཆུ་མེ་རླུང་ཐིམ་ཚུལ་རྣམས་དེ་ལས་གསལ་ཙམ། ཕྲ་བ་སྣང་མཆེད་ཐོབ་གསུམ་གྱི་རིམ་པ་རྣམས་ཤིན་ཏུ་གསལ་བ་རྒྱ་ཆེ་བ་རེ་བྱུང་ནས། བཞི་པ་བདེ་སྟོང་གི་ཉམས་ལ། ཡུན་རིང་དུ་གནས་པ་ཤ་དག་བྱུང་ཞིང༌། ན་ན་ཚ་ཚ་ལ་བརྟེན་ནས་ལུས་གཡའ་བའི་རྣམ་པ་འབྱུང་ཞིང༌། དེས་དྲངས་ནས་ལུས་ཐམས་ཅད་བདེ་ཆམ་ཆམ་འགྲོ་བ་དེ་འདྲའང་ཡང་ཡང་བྱུང༌། འོད་གསལ་དང་བདེ་ཉམས་འཐུག་པའི་སྐབས། ན་བའི་སྣང་བ་མི་ཚེར་བ་ཡང་རྒྱང་ཙམ་རྒྱང་ཙམ་ཡོད། ཕལ་ཆེར་ཅིག་རྩིག་པ་མཐོན་པའི་སྟེང་ནས་གཡས་གཡོན་ལ་བལྟས་པ་བཞིན་གཉིས་ཀར་རིག་པར་འདུག སྤྱིར་རླུང་གི་རང་བཞིན་ཤེས་པའི་རྡོར་བཟླས་ཀྱིས་རླུང་སེམས་དྷཱུ་ཏིར་ཐིམ་ནས་འོད་གསལ་དུ་འཇུག་པ་རྒྱུད་ཀྱི་
དགོངས་པ ་ཡིན་མོད། མན་ངག་ཏུ་བླ་མ་གོང་མ་རྣམས་ཀྱི་བཞེད་པས། ལས་དང་པོ་པའི་རྡོར་བཟླས་དཀྱུས་མ་འདིས་ཀྱང༌། འཆི་བ་འོད་གསལ་འཛིན་ནུས་ཞེས་གསུང་པ་ཡང་ཤིན་ཏུ་ལོས་ཀྱང་མད་ཏེ། འདི་སྐབས་དབུགས་ཁ་མི་བདེ་བ་དེ་འདྲ་བྱུང་དུས། རྡོར་བཟླས་འཇུར་པོ་ཡུད་ཙམ་རེ་བྱས་པ་ལའང༌། སྣང་བ་བཞིའི་རིམ་པ་གསལ་ལ་བརྟན་པ་ཡོང་བར་མྱོང་བས་གྲུབ། ན་བ་དང་འཆི་བར་སྣང་བ་འདི་དག་དོན་ལ་མེད་བཞིན་དུ་སྣང་བ། རྨི་ལམ་གྱི་བདེ་སྡུག་བཞིན་དུ་མྱོང༌། དེའི་ཕྱིར་ན་བ་ལ་སྡུག་བསྔལ་དང་འཆི་བ་ལ་འཚེར་བ་མེད་ཀྱང༌། རྣམ་རྟོག་གི་བག་ཆགས་མ་བྱང་པས། དགོན་པའམ། ཐང་སྟོང་སོགས་ག་རུ་ཤི་ཡང་ཁྱད་མེད། རྫོང་ནང་དུ་ཤི་བ་མི་ལེགས་སྙམ་པ་སྐབས་རེ་བྱུང༌། དེ་དུས་བ་ལ་ཀ་ཀུན་དགའ་དཔལ་བཟང་གིས་གཉིད་ཀྱང་རྟག་ཏུ་བཅག་པའི་ཉིན་མཚན་ཀུན་ཏུ་གཡོག་མ་ཐེབས་ལ་འཇེབས་པ་གཞན་སུས་ཀྱང་མི་ཡོང་བ་རང་བྱས། ང་རང་ཡང་ཡིད་རང་ཆེས། སྔར་གོམ་འདྲིས་ཆེས་པའི་སེལ་འདྲ་ཡོང་ཤས་ཆེ་ནའང༌། ཐམས་ཅད་དག་ལོས་ཡོད། ཁོ་པའི་བློ་ལ་ངེད་རང་ད་རེས་མ་ཤི་པ་གཅིག་རང་བསམས་པ་དང༌། ན་བ་འདི་འཕྲལ་དུ་རང་གྲག་ན་སྙམ་པ་དུང་དུང་རང་བྱེད་ཀྱིན་འདུག་པས། དགོངས་གཅིག་བསམ་པ ་ལ། རྗེ་གྲོལ་མཆོག་དེ་རོང་ངུར་
སྨྲིག་གི་རྗེ་བཙུན་མ་དང་མཇལ་བས་བར་ཆད་ཐམས་ཅད་སེལ་བ་ཡིན་པར་འདུག ད་ལྟ་ལི་མ་ལྷ་ཁང་འདི་ན་བཞུགས་ཀྱིན་འདུག་པས། སྤྱན་དྲངས་ནས་གསོལ་བ་བཏབ་ན་ཕན་ནམ་སྙམ་པ་ཞིག་ཡོང་སྐབས། རྗེ་བཙུན་མའི་བྲིས་སྐུ་འབྲལ་སྤང་ཞིག་ཡོད་པ་འདི། སྐུ་དངོས་དང་བཞུགས་ཚུལ་འདྲ་བའི་ལོ་བཅུ་སྐོར་འགྲོ་བའི་གཞོན་ནུ་མའི་རྣམ་པར་སོང་བ་སྙམ་པ་ཅིག་ལ། དེ་མི་ཕན་གནོད་ཡོང་གསུང༌། ལས་ངན་ཤུགས་ཆེས་པས་དངོས་སུ་མི་ཕན་པ་རང་བདེན་ཤས་འདུག་སྟེ། གནོད་ཡོང་བ་དེ་འདྲ་རང་ཅི་སྲིད་པར་སྙམ་ཙ་ན། ངེད་མ་དགའ་བས་ཡིན། ང་ཁྲོས་པས་ཡིན་གསུང༌། སྟེང་གི་ཕྱོགས་ཡི་ནས་ཁྱོད་ལ་བྱང་ཆུབ་སྤྱོད་པ་ཡང་མ་བྱུང་ན། བཟང་པོ་སྤྱོད་པ་ག་ནས་འོང་ཞེས་གསུང་བཀྱོན་པ་ཅིག་ཀྱང་གསལ་བར་བྱུང༌། དེ་ནས་ངུར་སྨྲིག་གི་རྗེ་བཙུན་མ་ནུབ་རེ་བཞིན་ཕྱག་མཆོད་ལ་སྤྱན་འདྲེན་ཞུས། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་ཀུན་ལ་བཤགས་པ་ཕུལ། མཆོད་པ་གསོལ་འདེབས་བཟླས་པ་གང་འགྲུབ་བྱས། གདུང་ཤུགས་དྲག་པོ་རང་ཤུགས་ལ་བྱུང༌། ཡང་རྒྱ་ནག་ལྷ་ཁང་ཞུ་བ་དེ་ན་སྔ་དྲོ་རེ་བཞིན་མཆོད་འབུལ་ལ་རྒྱ་གླིང་རེ་གཏོང་གིན་འདུག འདི་སྐབས་ཚེས་གྲངས་དངོས་དེ་བརྗེད་འདུག ཟླ་བ་བཅུ་གཅིག་པའི་འགོ་སྟོད་
ལ་ནི་ཡིན། སྔ་དྲོ་ཅིག་གླིང་བུ་འབུད་པའི་སྒྲ་ཚོར་བའི་སྒང་དེ་ལ། རྨི་ལམ་ནི་མ་ལགས། ཉམས་སྣང་ལ་རི་བོ་གཅིག་གི་རྩེ་ན་རྫོང་ཅིག་འདུག དེའི་རབ་གསལ་ཅིག་ན་རང་རེ་འདུག རིའི་རྩ་བ་ཕྱོགས་ན་རྒྱ་ནག་གི་བཟོ་རྩེ་གོས་ཆེན་གྱི་རི་མོ་ལ་ཡོད་པའི་སེང་མ་འབྲུག་དེའི་རིགས་ལ། མདོག་མུ་མེན་འདྲ་བ་ཅིག་གིས་རྒྱ་གླིང་གི་སྒྲ་དེ་དེའི་སྐད་དུ་སོང་བ་འདྲ་བ་ལ། ང་ལ་བསླུ་བྲིད་བྱེད་གྱུ་བའི་དགའ་དགའ་སྙན་སྙན་གྱི་ཚུལ་དུ་འབོད་པ་ལྟར་བྱེད་ཀྱིན་འདུག སྔར་ལོ་འདིའི་འགོ་ལ་རྨི་ལམ་དུ་བྱུང་བའི་བུད་མེད་ཚོན་མོ་དེ་ཀ་དེ་མ་ཐག་གང་ནས་བྱུང་ཆ་མེད་པར་བྱུང་ནས། ཕྱག་གི་བརྡེག་པའི་སྟངས་དང༌། ཁྱི་སྐྲོད་པ་ལྟ་བུའི་སྐད་ཅིག་མཛད་སོང་བའི་སྐད་ཅིག་དེ་ལ། སྲོག་ཆགས་དེ་འཇིགས་ནས། ཤར་ཕྱོགས་ལ་བར་ཐག་པ་ཆད་ནས་བྲོས། ལ་ཅིག་བརྒལ་ནས་བུད་སོང༌། རལ་གཅིག་མ་ལྟ་བུའི་བྱིན་རླབས་ཡིན་པར་སེམས། ཡི་དམ་ཐམས་ཅད་ཐུགས་རྒྱུད་ཡེ་ཤེས་གཅིག་ཅིང་དགྱེས་པ་དང་མི་དགྱེས་པའི་རྣམ་པར་རྟོག་པ་མི་མངའ་ཡང༌། སྒྲུབ་པོའི་ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར། མི་དགྱེས་པ་ལྟར་སྟོན་པ་ཡང༌། སྐྱོན་ཅན་གྱི་འཆད་ཡུལ་ནས་འདོན་པའི་ཐུགས་རྗེས་གཟུང་བ་དེར་གདའ། འདི་དང་འདྲ་བ་བདག་དང་པོ་བསམ་སྡིངས་སུ་སྡོད་པའི་སྐབས་ཤིགསློབ་དཔོན་པུརྞ་བཛྲ་དང་གསུང་གླེང་ལ་བསླབ་དུས་ཀྱི་ནམ་
མཁའི་སྙིང་པོའི་བཤགས་པའི་འཕྲོས་ཅིག་བྱུང༌། དེ་ཡོད་པ་ལ་དེང་སང་ནམ་མཁའི་སྙིང་པོ་ལ་བསྙེན་པ་བྱེད་དགོས་གསུང་གིན་འདུག དེ་རྗེས་ཅིག་ལ་བཅོམ་ལྡན་འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱའི་ལུགས་ལྟར་གྱི་བསྙེན་པ་ཅིག་ཀྱང་བྱས། མདོ་ལས་འབྱུང་བ་ལྟར། ཐོ་རངས་ཀྱི་དུས་སྐྱ་རེངས་ལ་གསོལ་བ་འདེབས་པ་དེ་ནུབ་བདུན་བསྟུད་ནས་བྱས་པའི་རྟིང་མ་ལ། ནམ་ཟི་བའི་སྐབས་གཉིད་ཚོགས་པའི་རྨི་ལམ་ན། བོད་པའི་དགེ་སློང་སྐུ་ཤ་དཀར་བ་དར་ཡོལ་དུས་ཉམས་ཅན། གོས་ཆེན་གྱི་སྣམ་སྦྱར་སྔོན་པོ་གསོལ་བ་ཅིག་གིས། ཁྱོད་རང་ད་བཤགས་པ་གྱིས་གསུང༌། སྤྱི་བཤགས་བླ་མ་རྡོར་འཛིན་མ་ཅིག་བྱེད་ཀྱིན་འདུག་པས། དེ་ཙམ་གྱིས་མི་ཆོག་སྒོས་བཤགས་ཀྱིས་གསུང་རང་རེའི་བློ་ལ་བྱང་སྡོམ་དང་འགལ་བའི་རྩ་ལྟུང་འདི་དང་འདི་བྱུང་འདུག་སྙམ་པ་ཁ་ཅིག་འདུག་པས། དེ་རྣམས་ཀྱི་མིང་ནས་བཏོན་བཤགས་པ་འབུལ་གྱིན་འདུག དེ་ནས་དེ་ཞལ་འཛུམ་མཛད་ནས་ད་དག་འདུག་སྟེ་ཚ་ཚ་སྟོང་ཕྲག་གཅིག་ཐོབ་གསུང༌། གནས་སྒོ་ཅིག་ནས་ཡར་ལ་བཞུད་སོང༌། དེ་ནས་རྒྱ་ནག་གི་རི་མོ་ལ་བྲིས་ཡོད་པའི་གྱད་འདྲ་བ། ཆུ་ཤིང་ར་ནག་གི་རྒྱུག་པ་ཐོགས་པ་ཅིག་གདོང་ན་འདུག དེ་ན་རེ་འདི་འཛེད་ལ་ཁད་ཁད། ད་དུང་གཟོབས་ཤིག་ཟེར་བ་ཅིག་བྱུང༌། ཆོས་ནས་བཤད་པ་ལ་ཡིད་ཆེས་བྱས་ལག་ཏུ་བླངས་ན་དེ་
ལྟར་འོང་བ་ཡིན། ད་ལྟ་དེ་འདྲ་ལར་མི་འོང་ན། རྨི་ལམ་འཕགས་པར་ནམ་མཁའི་སྙིང་པོའི། མདུན་དུ་འདུག་སྟེ་བཤགས་པ་བྱ། ཞེས་གསུངས་པའི་དགོས་པ་གཏོར་རོ། །བདག་ཅག་སོ་སོ་སྐྱེ་བོ་ཉོན་མོངས་པའི་རང་བཞིན་ཅན་ཡིན་པས། ཉེས་ལྟུང་ཆར་བཞིན་འབབ་པའི་རིགས་ཡིན་མོད། བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་བདག་གི་སྤྱི་གཙུག་ནས་བཟུང་ནས་ཉེས་ལྟུང་ཐམས་ཅད་སྦྱོང་བ་ཡིན་སྙམ་པ་བདོག་ལགས། སྔ་མོ་ལན་ཅིག་སྐྱིད་ཕུག་ན་ཡོད་པའི་སྐབས་ཅིག་ཀྱང༌། ནམ་མཁའ་ནས་བདག་རང་ཡི་དམ་དུ་བྱེད་པའི་ལྷའི་རྣམ་པ་ཅིག་གིས། ད་དུང་བཟོད་པ་མ་ཐོབ་ཀྱི། །ང་རྒྱལ་མ་བྱེད་རང་སེམས་ཐུལ། །ཕྱི་གཤོལ་མ་བྱེད་བསམ་གཏན་ལ། །ལྕག་གྲོབས་ལྷན་ཅིག་སྐྱེས་པ་སྒོམས། །ཞེས་བྱུང་སྟེ། ཡི་དམ་གྱིས་སྒྲུབ་པ་པོའི་འཚང་ནས་འདྲུ་བ་ནི་རྗེས་སུ་གཟུང་བའི་རྟགས་ཡིན། དེ་དག་འཕྲོས་དོན་ཙམ་ལགས། འདི་སྐབས་འཚོ་བྱེད་པ་ནམ་མཁའ་གྲགས་དོན་པ་སླེབ། ཁོང་པས་ཕན་ངོ་ཅུང་ཆེ་བར་བྱུང༌། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་ཉིན། མེ་རྩ་བརྡེག་པའི་ལག་ལེན་པ་འཚོ་བྱེད་དགེ་སློང་བས་བྱས། ཁོང་གསོ་དཔྱད་པ་རང་ཡིན་པ་ལ། བསླབ་གཙང་རང་ཡིན་འདུག་པས། ཁོང་ལ་དད་པའང་འགྲོ་བ་ཅིག་བྱུང༌། དུས་གཅིག་ལ་རྣག་འབོ་གང་ཙམ་མངོན། རྗེས་ལའང་ཆུ་སེར་ཤིན་ཏུ་མང་བར་
བབས། སྔ་ཕྱི་ཡོ་སྡོམས་ཟངས་ཤུ་དོ་ཙམ་ཡོང་བ་ཡོད། དེ་རྗེས་རང་རེའི་བུ་སློབ་གྲྭ་རིགས་ཚོས་ཀྱང༌། རེ་ཞིག་ལུས་མ་སོས་པར་སྡད་ན་དགའ་ཚུལ་རང་བྱེད་ཀྱིན་འདུག གཞན་ཕྱི་ནང་བར་གསུམ་ཚོས་ཀྱང་དེ་དང་མཐུན་པ་ལ་དང་ངེ་དིང་ངེ་ཟེར་མཁན་ཀྱང་འདུག་སྟེ། དེ་དག་ལ་རྩིས་བཏབ་མ་བྱས། བཅད་འདྲ་བྱེད་སྐབས་ཀྱང༌། རང་རེའི་ཟླ་ལ་སྡོད་མཁན་ཚོ་རྒྱུས་ཡོད་པས་ཉམས་སྣང་ཙམ་མི་བྱེད་པར་འདུག ཁོང་ཚོ་གཅིག་པ་བ་རྣམས་འཇིགས་རྔམ་སྡིགས་རི་འདྲ་བ་དང༌། བཅད་ཚོ་མི་བཟོད་སྙམ་པའི་ཙབ་ཙབ་བྱེད་ཀྱིན་འདུག་ལར་ཡང་ངེད་དང་པོ་ཆུང་ཆུང་ནས། བླ་མ་གོང་མའི་སྐྱེ་བ་ཡིན་ཟེར་བའི་མིང་ཅིག་བྱུང་བ་འདིས། མི་གཞན་ཚོ་མནོ་བ་ལ་བླ་མ་ཆེ་བའི་ཁུངས་ཀྱི་སྐུ་སྐྱེ་གཞན་རྣམས་སྐྱིད་ཆོས་གཙོ་བོར་བྱེད་ཀྱིན་འདུག་པ་དེའི་རིགས་འགྲེ་བྱས། ངེད་ལའང་རྒྱགས་ཚད་ཟོས་ནས་ཉལ་སྡོད་མཁན་འགར་རྩེར་མོ་གྱུ་ལང་བ་ཅིག་ཡིན་པས། སྡུག་སྲན་མེད་བསམས་པ་ཅིག་བྱེད་ཀྱིན་འདུག ངས་ནི་གཞོན་དུས་ནས་སྐྱིད་སྐྱིད་མོ་མ་བྱས། སྡུག་ཁུར་ཆེན་པོ་བྱས་པ་ཅིག་ཀ་ཡིན། བླ་མ་གོང་མའི་སྟབས་ཀྱི་མིང་སྒྲ་ཆེ་ཙམ་མ་གཏོགས་ས་འཛིན་ནི་འཕྲན་ཚེགས་ཀྱང་མེད། གཡོག་རིགས་ཧུར་པོ་ནི་གཅིག་ཀྱང་མེད། མང་པོ་ཡང་མེད། གྲྭ་རིགས་ཡོན་བདག་གིས་ཆེས་ཁ་འབལ་འབོལ་དུ་སྐྱེལ་བ་ཡང་མེད།
དེ་ནས་དགོན་གནས་འདྲ་ལ་སྲེད་པ་ཕྲན་ཚེགས་བྱས་ཀྱང་རང་ལོ་ཉེར་གསུམ་ཡན་ཆད། ཡོན་བདག་གི་སར་ཡལ་ཡུལ་ཕྱིན་པའི་སྐབས་མ་གཏོགས། རང་གི་དགོན་པར་བསྡད་ནས་ཐུགས་དམ་མ་སློབ་གཉེར་བྱེད་པའི་སྐབས་ཀུན་ཏུ། ལོངས་སྤྱོད་ཇ་གཉིས་གསུམ་རེ་སྐོལ། དེ་མིན་ལྟོ་རྒྱ་རི་མའི་རྩོལ་བའང་བྱེད་ཀྱིན་མེད། ཟ་ཚད་འཐུངས་ཚད་ཀྱི་རེ་བ་ལྟ་ག་ལ་ཞིགཐུགས་དམ་བྱེད་དུས་ནམ་གུང་ཅུང་ཟད་མ་གཏོགས་སྲོད་ཐོར་གཉིད་སྲུང་བའི་ཕྱིར། ཐོག་སྟེངས་སམ་ཕྱི་རུ་འཐོན་ནས་དགེ་སྦྱོར་བྱེད། སློབ་གཉེར་བྱེད་དུས་ཀྱང་མཚན་ཟང་དཔེ་ཆ་བཤོར་བའང་བྱས། དགུན་ཀ་ཡང་སྲོད་ཐོར་ཕྱི་རུ་ཐོན་པ་དང༌། སོས་ག་ཉིན་གུང་ཚད་པས་གདུངས་པ་ཡང་ཁྱད་དུ་གསོད་དགོས། ཞོགས་རྒྱུགས་འཛིན་པ་ཀུན་ཡང༌། སྐ་ཚགས་བཅིངས་ནམ་ཟི་ནས་ཕྱི་ལ་འཐོན་ནས་འཛིན་པ་མ་གཏོགས། མལ་སར་སྦུག་རྡིར་རྡིར་བྱེད་མ་མྱོང༌། བླ་མ་སློབ་དཔོན་རྣམས་རང་རེ་ལ་བརྩེ་བའི་རང་བཞིན་ཐུགས་སུ་བཅུག་པ་ཡིན་ཀྱང༌། རང་རེའི་སྐྱོན་སེལ་ཞིང་ཆོས་སྤྱོད་སྲངས་སུ་འཇུག་པའི་ཕྱིར། རྟག་ཏུ་བཀའ་བཀྱོན་པ་དང༌། སྐབས་སྐབས་སུ་ཕྱག་འཇུག་ཀྱང་ཡོང་སྟེ་ཡོང་བ་དེ་ཀུན་ཀྱང་བཟོད་ཅིང་ཐེག་པ་ཙམ་དུ་མ་ཟད་ཤིན་ཏུ་ཐུགས་མད་ཅིང༌། རང་ལ་སྐུ་དྲིན་ཆེ་བར་ཤེས་པ་ཅིག་དེ་དུས་ནས་བདོགའབྲུག་ལོ་ཅིག་བསམ་སྡིངས་སུ། མཚམས་བྱེད་པའི་རྫུན་བཏབ། གཞན་ལ་གསང་ནས། ཆས་
གོས་སྤྲང་ཆས་སུ་བསྒྱུར། ཆུ་མིག་དང་གཉན་ཁྲོད་མང་པོ་འགྲིམ་པ་ལ་ཕྱིན། ཟླ་བ་ཕྱེད་དང་གཉིས་ཙམ་སོང༌། གཉན་ཁྲོད་ཉི་ཤུ་ཙམ་འཁོར། བླ་བྲང་གི་ནང་ཟན་བསྟན་ཉི་ཟེར་བ་ཁོ་བཞེས་བཅགས་དགུས་བཅགས་བལྟ་བ་དང༌། ཙམ་པ་སྐྱེལ་བ་འདྲ་ལ་བྱུང༌། གཞན་ཟླ་བོ་མེད། དེ་འདྲ་ཨ་ཁུ་ལགས་སོགས་ཟླ་བོ་ཚང་མའི་བློར་མ་ཆུད་ཀྱང་ཐམས་ཅད་ལ་མ་ཉན་པ་ཡིན། བླ་མ་དམ་པ་སློབ་དཔོན་རིན་པོ་ཆེ་དེ། དུས་རྒྱུན་དུ་བཀྱོན་པ་ཁོ་ན་འབྱོན་ཀྱང༌། དེ་རེས་ཆོས་པ་བྱ་བ་འདི་འདྲ་གཅིག་ཀ་དགོས་རྒྱུ་ཡིན་པ་འདུག ངོ་མཚར་ཆེ་ཞེས་དགྱེས་དགྱེས་དཔེ་མེད་མཛད། དེ་སྐབས་མཐོང་སྣང་དང༌། ཆོ་འཕྲུལ་སོགས་བསམ་གྱི་མི་ཁྱབ་སྟེ་ཡི་གེར་ག་ལ་ལང༌། གཉན་ཁྲོད་བརྒྱ་རྩ་ཅིག་འགྲིམ་འདོད་ཡོད་ཀྱང༌། བླ་ཚུགས་ཀྱི་མིང་འདིས་དེ་རྗེས་བྱེད་པ་མ་བྱུང༌། ན་ཚ་བྱུང་དུས་ཀྱང་ན་སྲན་ཆེན་པོ་བདོག །དགེ་སྦྱོར་བྱེད་དུས་ཕལ་ཆེར་མཚན་མོ་ལུས་ཚགས་མི་འཇིགན་ཚ་དྲག་པོ་མང་པོས་གཙེས། ལས་ཀྱི་དབང་གིས་རྒྱུན་དུ་རླུང་ཁམས་ཀྱིས་ན་བ་སོགས་ནད་ཀྱི་ཤེ་མོང་འཐབས་པས་ཕྱིས་ལུས་སྟོབས་ཤིན་ཏུ་ངན་ཡང༌། ད་ལྟའི་བར་དུ་ཕལ་ཆེར་མཚན་མོ་ལུས་ཚགས་མི་འཇིགཚ་གྲང་དང་བཀྲེས་སྐོམ་གྱི་ཐོག་ཏུ་སྲན་ཆེ་བར་བདོག །བླ་མ་སློབ་དཔོན་ཚོའི་ནང་ནས། གཡོག་བྱེད་པ་དཀའ་ཤོས་
ངེད་མ་ཡིན་པ་ཀུན་ལ་གསལ། བླ་མ་གཞན་མང་པོའི་ཕྱག་གཡོག་གི་དཀའ་ལས་ཙམ་དགོས་ན། ངེད་ལ་གཡོག་འབྱོར་བའི་རིགས་ཀྱང་མིན་པ་འདུག་དེས་མཚོན་གཞན་རྣམས་ཀྱི་བློ་ལ་ཁོ་བྱིས་པ་ནས་དཀོར་ཟོས། དཀོར་ཆེན་པོ་ཡིན་སྙམ་པ་ཅིག་འདུག་སྟེ། ལར་ཆོས་ནས་གསུངས་པ་ལ་ལྟས་ན། ས་ལམ་ཆེན་པོ་རྣམས་མ་ཐོབ། ཆོས་བཞིན་སྤྱོད་པར་ཡང་མ་སོང་ཙ་ན། ངས་ཡོན་འབྱོངས་པ་ཡོད་ཅེས་ཁ་ཕོ་ཏ་ཀ་ནས་ཐོན་ཏེ། འདུ་བ་ཡུལ་ལུགས་དང་བསྟུན་པའི་དཔེ། ད་ལྟའི་བླ་ཆེན་གྱི་མིང་ཐོགས་པའི་སྐྱ་སེར་ཆེ་ཕྲ་རྣམས་ཀྱི་ནང་ན། ངད་ལས་དཀོར་ཡང་བ་མེད། རང་སེམས་དཔང་པོ་ཡིན་པ་མ་ཟད། མི་རྒྱུས་ཡོད་ཚོ་ཡང་དཔང་པོ་ཡིན། དང་པོ་རྒྱལ་ཁམས་པའི་སྐབས་སུ། ནོར་འགངས་ཆེན་གྱི་རིགས་ནི་ལར་ལེན་མ་མྱོང༌། ཇ་དར་རས་སྣམ་སད་སུད་ལ་ནི་བརྗེ་པོ་ཙམ་རྒྱབ་པ་ཁོ་ན་ཡིན། ལྷག་པོ་ཐན་ཐུན་བྱུང་བ་རྣམས་ནི། ལྷ་ས་ལ་སོགས་པ་ལྷ་ཁང་གི་མཆོད་པ་དང༌། ཕྱོགས་མེད་ཀྱི་དགེ་འདུན་ལ་བཏང་བ་ཁོ་ན་ཡིན། ཕྱིས་སྒོ་ཚོད་ལ་དཔགས་པའི་མངའ་ཐང་འཕྲན་བུ་བྱུང་བའི་སྐབས་འདིར་གྲྭ་རིགས་ཀྱི་སྐྱོད་དར་འདྲ་དགོས་པ་ལ་ནི། བྱུང་སོང་འཐབས་ན། ཕར་བཏང་བ་ལྷག་པ་མ་གཏོགས་ཚུར་བླངས་པ་ཡེ་མེད་པའི་ཚོད་ཙམ་ཡིན། རེ་རེ་གཉིས་གཉིས་ལ་བརྗེ་པོ་ཙམ་བྱས་པ་སྲིད་ལྷག་པོ་བྱུང་བ་ནི་མི་དྲན། ལྟོ་གོས་ཆོས་གསུམ་གྱིས་བསྐྱངས་
ཀྱང་མི་ཆོག་པར་གཡས་དགོས་གཡོན་དགོས། ཧ་ཏར་ཧུ་ཏར་བྱེད་མཁན་ཀྱང་ཡོད་གིན་འདུག ཡོན་བདག་སོགས་འཇིག་རྟེན་སྐྱེ་བོའི་བློ་འཛིན་དགོས་པ་ལ་ནི། བརྗེ་པོ་རྒྱག་པ་ཡང་སྲིད་མཐའ་ཙམ། གཞན་ཕར་གཏོང་བ་རང་ཀ་ཡིན། སྔོན་ནས་ད་ལྟའི་བར་དུ་གྲྭ་རིགས་དང་ཡོན་བདག་གི་དཀོར་གྱིས་ང་ལ་གོས་པ་མེད། ངའི་དཀོར་གྲྭ་རིགས་སོགས་རང་ལ་མ་བྱུང་བ་གྱིས། སྡེ་བདག་ཆེན་པོ་ཞལ་ངོ་རིམ་ཅན་གྱིས་སྔ་ཕྱིར་གནང་བ་སོགས་ཡོ་བྱད་ཆེ་ཕྲ་ཐམས་ཅད་ནི་དགེ་ཕྱོགས་ཁོ་ནར་བསྒྱུར་བ་ཀུན་གྱིས་གཟིགས་པས་གསལ་བ་དེ་ཡིན། སྤྱིར་དཀོར་ལ་ལྷུས་མ་བླངས་པ་རང་དཀའ་བ་འདུག་སྟེ། བླ་མ་གཞན་མང་པོ་ལ་འདུག་པ་ལྟར། ཕྱོགས་འཛིན་རྨོངས་ཞེན་གྱིས་ཀུན་ནས་བསླངས་པའི་ཞེན་ཆེན་པོ་རྣམས་ཀྱི་རང་ངམ་རང་ཕྱོགས་རྣམས་ཀྱིས་ལྟ་ཅི་སྨོས། སྐྱེ་བོ་ཐམས་ཅད་ལ་ཁ་བྲོད་གཏིངས་ནས། གསོན་པོ་དང་གཤིན་པོའི་ནོར་ཐམས་ཅད་བླ་མའམ་དགོན་གནས་དེར་སྐྱེལ་གང་ཐུབ་བྱེད་པ་དེ་འདྲའི་རིགས་ཀྱི་གྲྭ་རིགས་དང༌། སྐྱེ་བོ་ཞེན་ཆེན་ནི་ཅིག་ཀྱང་མེད། བླ་མ་ཕལ་ཆེར་དེ་འདྲའི་ཐུགས། རྩོལ་རང་མཛད་ཀྱིན་གདའ་སྟེ། ངས་ནི་དེ་འདྲའི་ཐབས་མཁོས་ཀྱང་ཡེ་མ་བྱས། རྒྱུ་དེས་ན་དད་རྫས་དང་གཤིན་རྫས་གང་གིས་ཀྱང་གོས་པ་མེད། ཕྲན་ཚེགས་ཙམ་ནི་བྱུང་བ་སྲིད་དེ། འབྱོངས་ཚོད་ཀྱི་དགེ་སྦྱོར་རེ་
བྱས་ཡོད། སློབ་དཔོན་རྒྱ་མ་རང་མོ་བའི་དཔེ་དེ་ཡིན། མི་སྡིག་ཅན་ཅིག་པས་ཉི་མ་གཅིག་ལ། བརྒྱ་བརྒྱ་སྟོང་སྟོང་ཁྲི་ཁྲི་འབུམ་རི་བ་ཚོ་ཟས་ཀྱང༌། གང་གིས་ཡང་བགྲོས་མི་ཡོང༌། སྡོམ་ལྡན་ཚོགས་ནས་ཉིན་རྩེར་གྱི་ཆོག་ཁ་བལ་བལ་བཏང་བ་ལ། ཙམ་བྲེ་རེ་རེ་བྱུང་ཙ་ན། བཙུན་པ་འདི་ཚོའི་དཀོར་ལ་དཀོར་ལ་ཟེར་བ་སྐད། མིའི་ཁ་ལ་སྐྱག་རྟད་གང་ཡོད་ཟེར་བར་གདའ། དེ་ཡང་རེ་བདེན་ཡིན། དང་པོ་བྱིས་པའི་དུས་སུ། ཟླ་བོ་ཀུན་གྱིས་ད་དུང་ཟོ་ཞེས་ཟས་ཟ་བ་ལ་ནན་བསྐུལ་བྱེད་དགོས་ཟས་ལ་སྲེད་པོ་ཅིག་དེ་དུས་ནས་མེད། ད་ལྟའི་བར་དུ་ཁ་ཟས་ཉུང་ངུ་ཙམ་ཟ། མང་པོ་ཡོག་པའི་ཚང་ཡང་མིན། ཞིམ་ལྟོ་ལ་དགའ་ཤོས་ཀྱང་མིན། བཟའ་བཏུང་ལ་རུ་ང་པོ་དེ་འདྲའི་ཚང་ཡང་མིན། གོས་ཀྱང་རིན་ཐང་ཆེ་ཆེ་མོ་དང་བཟང་བཟང་མོ་མ་བྱས། ཆེ་ཁྱད་དང་སྣང་ཤས་ཀྱི་ཤེས་འདོད་ཀྱང་མི་ཡོང་བ་འདུག འདོད་ཆུང་ཆོག་ཤེས་རང་ཏ་མ་ལགས་ཏེ། འདོད་ཆེན་ཆོག་མི་ཤེས་ལ་ཁ་ཐལ་བ་རང་མིན་ཙམ་བདོགཟ་མི་ནུས་གོན་མི་ནུས་པའི་སེར་སྣ་རང་ཡང་མིན། ཟས་གོས་ཐམས་ཅད་གཞན་ལ་བྱིན་ པ་ཀུན་གྱི་དགོངས ་མོད། རྗེ་རྒྱལ་ཚའི་གསུང་ནས། དེ་ཀ་མ་གཏོགས་ཁ་ཕོ་རྦད་ཤོད་བྱེད་མ་མྱོང་ཟེར་བ་དེ་ཀ་ཁ་ཕོ་ཡིན་མོད་གསུང་བའི་དཔེར་འདུག སྡུག་ཐེག་པོ་ཡོད་བྱས་པས་ཀ་སྡུག་བསྔལ་མི་བཟོད་པ་དང༌། འདོད་ཆུང་
ཆོག་ཤེས་ཡིན་སྙམ་པ་དེ་ཁ་འདོད་ཆེན་ཆོག་མི་ཤེས་ཡིན་པའི་རྟགས་སུ་འགྲོ་ཉིན་ནི་བདོགདེས་མཚོན་ནས་ཅིས་ཀྱང་དགོས་མེད་བློ་ལ་ཤར་རང་ཟེར་བ་དེ་མ་ཤར་བའི་རྟགས་དང༌། ང་རོ་སྙོམས་པ་ཡིན་རོ་སྙོམས་རང་བྱེད་ཟེར་བ་དེ་རོ་མ་སྙོམས་པའི་རྟགས་ཡིན་ཤས་ཆེ་བ་འདུག དེ་འདྲའི་རིགས་མཐའ་ཡས་པ་ཡོད་སྟེ། སྤྱིར་རང་གི་གནས་ཚུལ་ཙམ་སྨོས་པ་ཡིན། ལར་ནས་སྐྱོན་གྱིས་མ་གོས་ཟེར་རྒྱུ་དང༌། ཡོན་ཏན་མཆོག་དང་ལྡན་ཞེས་བརྗོད་རྒྱུ་ག་ལ་ཡིན། མི་མང་པོ་ཅིག་གི་བསམ་ཚོད་དང༌། ངེད་ཀྱི་གནས་ཚུལ་མི་མཐུན་པ་ནི་དེར་ཟད། རྣམ་ཐར་བྲིས་ཤིགཁྱེད་རང་གི་ཡིན་ལུགས་བརྗོད་ཅིག་ཟེར་མཁན་བྱུང་ཙ་ན། རང་གི་ཡིན་ཚུལ་བྱས་ཚུལ་ཙམ་སྨྲས་པ་ཡིན། ངས་དཀའ་སྤྱད་བྱས། ང་ལ་དཀོར་མེད། ངས་བཟོད་པ་སྒོམས་ཞེས་གཞན་ལ་ཡུས་འཚོད་པ་ག་ལ་ཡིན། དད་ཅན་ཚོའི་མཐོང་ལུགས་ཀྱི། སངས་རྒྱས་སམ། རྡོ་རྗེ་འཆང་ངམ། ཀུན་ཏུ་བཟང་པོ་སོགས་ཀྱི་རེ་བ་ཏ་ང་ལ་མེད། ལོག་ལྟ་ཅན་མང་པོའི་མཐོང་ལུགས་ཀྱི། བདུད་གྱུར་མོ་ལུགས་དེ་རང་ཡང་ཨེན་མན་པར་འདུག །ང་རས་ལྟས་ན་མི་གཞུང་ཐད་ཆོས་ཀྱི་སྐལ་བ་ཅན་ཙམ་ཡིན་པར་སེམས། བག་ཆགས་བཟང་པོ་ནི་སད་རྒྱུ་མང་པོ་ཞིག་འདུག་ཀྱང་འདུག འགལ་རེ་ཞིག་སད་ཀྱང་སད། དགེ་བའི་འཇུག་སྒོ་ལ་ལ་རྐྱེན་ཁར་ལུས་པ་ཡང་བྱུང༌། ཕལ་ཆེར་རྐྱེན་
གཞན་གྱི་དབང་དུ་མ་བཏང་བར་ལག་ཏུའང་ལོངས་པ་ལགས་སོ། །རྒྱུན་ཆོད་དཀའ་ཐུབ་ཀྱང་དུ་མ་རེ་དུ་མ་རེ་བྱེད་མྱོང། འདུལ་བའི་སྤྱོད་ལམ་དམ་པོ་ཡང་འགྱང་ཙམ་བྱེད་མྱོང་སྟེ། བླ་མ་ཚོའི་གསུང་གིས་ཀྱང། རེས་དཀའ་སྤྱོད་བྱེད་དགོས་གསུང༌། རེས་མ་བྱེད་ལུས་ལ་གནོད་གསུང༌། མ་བསྡམས་པར་བསྡད་ན་ཀུན་སྤྱོད་བཙུན་དགོས་པའི་བསླབ་ཆ་མཛད། བཙུན་པོ་རང་བྱས་ན་ཚུལ་འཆོས་སུ་འགྲོ་དེ་འདྲ་རང་མི་དགོས་གསུང༌། སངས་རྒྱས་ཡིན་ཀྱང༌། གསུང་བཞིན་འགྲུབ་པ་དཀའ་བར་འདུག ཐམས་ཅད་ཀྱི་ དགོངས་པ ་དུས་གཅིག་ལ་འགྲུབ་པ་དཀའ་བས་རྩ་བའི་བླ་མས་ཅི་གསུང་སྒྲུབ་པར་སེམས་ལགས། སྐབས་ཅིག་མཚན་མོ་དུར་ཁྲོད་འགྲིམ་པ་འགྱངཙམ་བྱས་ཏེ་རྒྱས་བཤད་མི་བྱེད་དོ། །ད་ནི་དཀྱུས་ལ་འཇུག་སྟེ། དེ་དུས་ལུས་ཟུངས་ངན་པར་ཡོད་ཀྱང༌། རྫོང་ནས་ཡོང་བའི་སྔ་དྲོ་རང་ནས་ཁམས་བདེ་ཞིང༌། ཟུངས་སྐྱེས་པ་སྙམ་པ་བྱུང༌། ཚེས་བཅུ་དགུའི་ཉིན་མོ་སྔ་དྲོའི་ཆ་ལ་རྫོང་ནས་ཆས། དོ་ལི་འམ་བྱམས་ཁྲི་ལ་བཏེགས་ནས་འོངས། ཐར་པའི་གྲྭ་པ་རྣམས་དང༌། གཞན་རྟོགས་ལྡན་གྲྭ་བཙུན་སོགས་མང་པོ་དང༌། ཁྲོམ་གྱི་མི་སྐྱ་སེར་ཕོ་མོ་མང་པོས་མཐའ་བསྐོར་བཞིན་པའི་ངང་ནས། བཀྲ་ཤིས་དགེ་འཕེལ་གྱི་སྐྱེད་ཚལ་དུ་ཕེབས་ཙམ་བྱས། གང་ཤར་སྒྱུ་མ་ལྟ་བུའི་ངང་ནས་ཉམས་དགའ་ཡལ་ལེ་བ་བྱུང༌། དེ་ཉིན་ལུས་ཉམས་ཀྱང་
བཟང་བས། ཐར་པ་བ་དཔོན་སློབ་སོགས་ལ། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཚེ་སྒྲུབ་ཀྱི་འཁྲིད་དེ་རྟེན་འབྲེལ་ལེགས་པའི་ཕྱིར་བཤད། དེ་ནུབ་འཇམ་མགོན་སྐུ་སྐྱེ་བའི་དྲུང་གིས། ངེད་དཔོན་སློབ་ཀུན་ལ་ཚོགས་འཁོར་བཟབ་མ་བཤམས། ཁོང་དཔོན་སློབ་ཀྱི་རྟེན་མཆོད་ལ། དཔལ་འཁོར་ལོ་ཆེན་པོའི་བྲིས་ཐང་བྱིན་རླབས་ཅན་ཅིག་ཀྱང་འདུག དེ་དང་ཚོགས་འཁོར་དེ་ཡང་རྟེན་འབྲེལ་ལེགས་ཤིང་རང་རེའི་ཉམས་ཆགས་དག་པའི་རྟགས་ཅིག་ཀྱང་ཤར། ཡར་ལམ་བྱམས་ཁྲིའི་སྟབས་ཚུགས་ཐུང་ཐུང་བྱས་འོངས་པས། ཞག་དགུ་ཙམ་འགོར་ཀྱང༌། ཉིན་རེ་བཞིན་ཁམས་དང་སྐྱེད་ཇེ་ཆེ་ལ་སོང༌། ཉེར་བརྒྱད་ཀྱི་ཉིན་བསུ་བའི་བཀོད་པ་སོགས་བ་རི་བི་རི་མང་པོ་དང་བཅས་ནས་རྟག་བརྟན་གྱི་ཆོས་གྲྭར་སླེབ། མགོ་རྩ་མེད་པའི་སེར་བསྒྲེངས་བྱེད་མི་ཤེས་པ་ལ། གྲྭ་པ་ཚོ་ལ་ཚིག་རྩུབ་མང་པོའང་བཏང་བཀྲ་མ་ལེགས་པ་ཡང་ཡིན་འདུག མི་འཚོགས་ཤིན་ཏུ་ཆེ་བའི་ངང་ནས་ཆོས་བཟང་གི་རྡོ་རྗེ་གདན་བྱ་བ་དེར་ཅུང་ཟད་བསྡད། དེ་ནས་སོ་སོའི་ཕྱག་རྟེན་ཚོ་བླངས་ནས། ཡར་ལམ་སྒོ་ཁྲི་ལ་བཏེགས་ནས་འབྲས་སྤུངས་རྩེར་ཕྱིན་སྡོད་ས་ཁང་པ་གསར་པ་ཁམས་གསུམ་རྣམ་རྒྱལ་ཞེས་མིང་བཏགས་པ་དེར་བསྡད། དེ་ནས་བཟུང་ནས་ཧོར་ཟླ་བཅུ་གཉིས་པའི་གནམ་གང་བར་ཕྱི་མཚམས་མེད་པའི་ངང་ནས། འཕྲོད་རྟེན་འཇུག་སྐྱོང་ཚོ་བྱས། དགེ་སྦྱོར་འཕེལ་
ཞིང་རིག་པ་དང་ལ་སྐྱིད་པར་བྱུང༌། འདི་སྐབས་ཀྱང་འདུན་པ་བཏང་ནས། ཨོ་རྒྱན་ལ་ཕྱིན་ན་སྐྱིད་པོ་རང་གཅིག་ཡོད་རྒྱུར་འདུག་པ་ལ་ཀ་ཁོས་སྡོད་དགོས་པའི་ནན་ཆེས་ནས་འདུན་པ་བཤོལ་བ་ཡིན། བཅུ་གཉིས་པའི་འགོ་ནས་ལངས་སྡོད་ཐུབ་ཙམ་བྱུང་བས། དེའི་ཚེས་བརྒྱད་ཙམ་ནས་སྐོར་བ་ཅུང་ཟད་རེ་ཡང་བྱས། ད་ནས་ངའི་སྐུ་རིམ་བསམ་ཡིན་ཟེར་མཛོད་པ་རང་གི་དང་ལྟོས་རང་བརྩོལ་བ་བསྐྱེད་པའི་ཚེས་དྲུག་གཟའ་སྐར་བཟང་བའི་ཐོག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྐུ་བརྙན་ཟབ་སྐུ་དང་གསེར་སྐུ་ཆེན་པོ་བའི་དབུ་བཙུགས། དབུས་ནས་བསྟན་འཛིན་རིན་པོ་ཆེ་སྤྲུལ་པའི་སྐུ་དང༌། རང་རེའི་ཨོ་ལོ་སོགས་ཀྱང་འཕྲད་པར་འབྱོར་བྱུང༌། ཧོར་ཟླ་དང་པོའི་ཚེས་གཅིག་གི་ཉིན་ཕྱི་མཚམས་གྲོལ། བླ་མ་དགེ་བ་སོགས་ཁམས་ཕྱོགས་ནས་ཡོངས་པ་རྣམས་ཀྱི་མང་སྐོར་དང་བརྙེད་བཀུར་འབུལ་བ་བསྔོ་རྟེན་སོགས་ལེན་པ་ལ་ཚོགས་སུ་ཕྱིན། རྩེ་ཞོལ་བར་རྐང་པས་འགྲོ་ཐུབ་ཙམ་བྱུང༌། གསེར་ཟངས་དངུལ་གསུམ་ལས་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་པ་འདི། ལུག་ལོ་ཧོར་ཟླ་བརྒྱད་པའི་ནང་དུ་འགོ་བཙུགས་པ་ཡིན། ཕྲ་རྒྱན་མང་བས་ཡུན་རིང་ཐོགས། སྐབས་འདིར་མཐར་ཕྱིན། མཆོད་རྟེན་རེ་རེ་བཞིན་དཔངས་སུ་མཐོ་བརྒྱད་པ། ཕྲ་རྒྱན་གཡུ་གྲུང་གུ་དཀར་དམར་གཙོ་བོར་གྱུར་པའི་གཡུ་འཕྲ་དང་རིན་པོ་
ཆེ་སྣ་ཚོགས་པའི་རིགས་ལ། པདྨ་རཱ་ག་དང༌། ཙུ་ནི་དང༌། གཽ་མུ་ཏི་ཀ་དང༌། པུ་ཤེ་ར་ཀ་དང༌། སུ་ཀན་ཏི་དང༌། ལ་སུ་ན་དང༌། ཨིནྡྲ་ནཱི་ལའི་རིགས་དང༌། མར་ཀ་ཏེའི་རིགས་སོགས་དང༌། ཥ་ཊ་ཏི་ལ་ཀ་དང༌། ཌོ་ཧ་རི་དང༌། དངས་ཤེལ་དང༌། ཧ་གི་དཀར་དམར་ནག་གསུམ་དང༌། བརྡར་ཤེལ་མུ་མེན་མུ་ཏིག་སོགས་མདོར་ན། མཆོད་རྟེན་རེ་རེ་བཞིན་འཕྲ་བཀོད་སྟོང་ཕྲག་ཕྱེད་དང་གཉིས་རེའི་རྩིས་ཡོད། ད་རྣམས་ཀྱི་གཟུངས་བཞུགས་ཀྱང་ཚེས་གཅིག་གཉིས་དེ་ལ་ཀ་གྲུབ། ཚེས་བཞི་གཟའ་སྐར་བཟང་བ་ལ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་བརྟེན་ནས་སྔ་དྲོ་རབ་གནས་དངོས་གཞི་ལེགས་པར་གྲུབ། གོས་སྐུ་བྱམས་ཆེན་ཡང་ཞལ་འབྱེད་བྱས། ཆོས་སྡེ་སྒྲུབ་སྡེ་གཞན་གཞིས་བྱེས་ཚོགས་ཤིན་ཏུ་ཆེ་བ་ལ། མཆོད་རྟེན་བརྒྱད་ཀྱི་རྟེན་མཇལ་བཏང༌། བཟོ་བོའི་དགའ་སྟོན་གྲ་དེར་རླུང་པོས་ས་གདན་བསྐྱོད་ཇ་ཞལ་པོ་བའི་ལྟས་མ་ལགས་པ་ཅིག་ཀྱང་བྱུང༌། དགའ་སྟོན་གྱི་ཚུལ་དུ་ངེད་ཀྱི་ཆོས་བཟང་གི་ཁྲི་ཐོག་ཏུ་ཕྱིན། ཚོགས་པ་རྣམས་ཀྱིས་ངེད་ལ་བརྟན་བཞུགས་བྱས། སྤྱི་དགོས་གཞི་བྱེས་སོ་སོ་ནས་འབུལ་བ་བྱེད་པའང་མང་དུ་བྱུང༌། ཚོགས་འཁོར་རྒྱ་ཆེན་པོ་བཤམས། ཆོས་བཟང་གི་བདེ་ཡངས་སུ་ཚོགས་གྲལ་ལ་བཞུགས་མཁན་ལ་སྟོང་དང་བདུན་བརྒྱ་ཙམ་བྱུང༌། སྐལ་བ་གཏོང་དགོས་སོགས་ཡོང་སྡོམས་ན་སྟོང་ཕྲག་གཉིས་ལྷག་ངེས་ལ། ཚོགས་ཟན་བྲེ་དོ་མའི་རྒྱ་དང༌། སྤེལ་རྣམ་གྲངས་ལྔ་རེ་
ཡོད་པའང་ཆུང་ཆུང་གཡབ་གཡབ་མིན་པའི་བག་ཆགས་པ་རེ་བྱུང༌། དེར་འཚོགས་སྐྱེ་པོ་མི་ནག་པ་ཀུན་དང༌། ཐ་ན་སྤྲང་པོ་ཚུན་ལའང་སྐལ་བ་མི་ཆད་པར་བྱས། ཚོགས་འཁོར་འདི་ཆོས་སྡེ་སྤྱིས་རང་ནས་བཏང་བ་ཡིན་ནོ། །ངེད་རང་ནི་ད་དུང་མེ་ཤུལ་གྱི་རྨ་ཁ་མ་ཟུབས་ཤིང༌། ཆ་ཤས་ཆ་ཤས་ཀྱི་ནད་སྣ་ཚོགས་སྡེབས་པའི་ལུས་ཐང་ཐུབ་རང་མི་འདུག་རུང༌། ནད་འོལ་བྱི་སངས་པའི་དབང་དུ་བྱས། ཕྱོགས་ཕྱོགས་ནས་ཆོས་ཞུ་ལ་འོངས་པའི་གྲྭ་རིགས་རྣམ་གྲངས་མང་པོ་དགུག་སྡོད་ལ་ཡོད་པ་ཚུན། ཚེས་ལྔ་ལ་རི་ཁྲོད་ཆེན་པོ་དཔལ་གྱི་ཇོ་ནང་དུ་ཕྱིན། དེའི་སང་ཉིན་ཚེས་དྲུག་ལ་ཀ་རྣལ་འབྱོར་ཡན་ལག་དྲུག་པའི་དུས་ཆོས་འགོ་ཚུགས་པར་བྱས། སྔར་ཁྱུད་ལྟར་ཐུགས་དཀྱིལ་གྱི་དབང་སོགས་ཀྱང་སླ་ཆོས་ཀྱི་དབང་དུ་མ་བཏང་བར་སྒྲུབས། ནང་པར་དབང་གོང་མ་བསྐུར་རྒྱུའི་དེ་རིང་དེ་ཀ་རྟག་བརྟན་པ་ཐམས་ཅད་ཀྱང་ཡར་བྱོན། གཞི་བྱེས་གྲྭ་སློབ་ཕོ་མོ་ཡོང་སྡོམས་པའི་སྔ་སོར་རྟག་བརྟན་གྱི་དེ་ལས་ཀྱང་ཚོགས་བཞུགས་དང་གཏོང་དགོས་གཉིས་ཀ་མང་ངེས་ཤེས་པ་ལ། སྔར་བཞིན་ཚོགས་འཁོར་བག་གྲོ་བ་བཏང༌། དབུ་རྩེ་ཆེན་མོའི་སྐུ་འབུམ་གྱི་གདུགས་བཅུ་གསུམ་ཆར་ཁེབས་ཏོག་བཅས་ཏེ་བར་སྐབས་ཅིག་འཇིམ་བཟོ་ངེས་མེད་སྣ་ཚོགས་ཅིག་བཅོས། ཚད་ཀྱང་ཆུང་བ་དང༌། ཞིག་རལ་ཡང་བྱུང་འདུག་པས། མཆོད་རྟེན་ཉིད་དང་འཚམས་པ་ཅིག་
གསེར་ཟངས་ཀྱི་རྒྱུ་ལ་རིན་པོ་ཆེའི་འཕྲ་རྒྱན་མང་པོ་དང༌། གདུགས་ལ་རིན་པོ་ཆེའི་དྲ་ཕྱེད་དཔྱངས་པ་དཔངས་མི་གང་ལག་ཐོགས་ཙམ་ཡོད་པ་འདི། བར་སྐབས་འདིར་ལེགས་པར་ཕུལ་གྲུབ་པའི། དེའི་རབ་གནས་ཁ་གསོ་ཉི་མ་སྔ་དྲོའི་ཆ་ལ་བྱས། ཚོགས་འཁོར་འདི་རང་རེའི་ལག་ནས་བཏང་བ་ཡིན། དེ་ལྟར་ཚོགས་འཁོར་ལན་གཉིས་པོ་དེ་ལ། སྔ་མ་འཁོར་ལོ་སྡོམ་པའི་ལུགས་དང༌། ཕྱི་མ་དུས་འཁོར་ལུགས་སུ་བྱས། རང་རེ་དང་གྲྭ་རིགས་སོ་སོའི་ཉམས་ཆགས་མང་པོ་སྐོངས། ཚོགས་རྒྱ་ཆེན་པཽ་གསོགས་པར་ངེས་ཤེས་སྐྱེས། འོར་གཉིས་ཀ་རླུང་ནག་ལངས་པའི་འཚུབ་ཏུ་མངོན་པ་རང་འདུག དུས་ཀྱི་ཁྲིད་མོ་ཆེའི་སྐབས་འདི་ལ། མང་མཁར་ཆ་ལུང་པ་དང༌། མདོག་བློ་ལྡན་པ་དང༌། ལས་སྟོད་ལྷོ་ཕྱོགས་དང་དབུས་ཕྱོགས་སོགས་བྱེས་ནས་ཡོངས་པ་ཤིན་ཏུ་མང་ཞིང༌། ཕུ་མདའི་གཞི་གྲྭ་ཉེ་སྐོར་གྱི་ཁྱེའུ་བུ་མོ་ཅི་རིགས་དང་བཅས། སྔར་མ་ཐོབ་པའི་ཁྲིད་གསར་བ་རང་སུམ་བརྒྱ་སྐོར་བྱུང༌། རྙིང་པ་རྣམས་དང་ཀུན་སྡོམས་པས། དམ་པོ་འདེབས་མཁན་དྲུག་བརྒྱར་ལོངས་ངེས་ཤེས་པ་བྱུང༌། དུས་ལ་ལྟོས་པའི་ཁྲིད་གྲྭ་རང་བཟང་བར་སེམས། ཧོར་ཟླ་གཉིས་པ་ལ་དམ་པོ་དང་ཁྲིད་གཏོར་སོགས་སྔར་ཁྱུད་ལྟར་བསྒྲུབས་ཤིང༌། གསུམ་པའི་ཚེས་གཅིག་ལ་གྲོལ་བ་ཡིན།
འཁྲིད་གཏོར་སྐབས་ངམ་རིང་མཁན་ཆེན་རིན་པོ་ཆེ་ཡང་ཆོས་ཞུ་ཐུང་ཙམ་ལ་ཕེབས་བྱུང༌། བླ་མ་བྱམས་པ་ཀུན་དགའ་བ་དཔོན་སློབ་ཤིན་ཏུ་མང་བ་དང་བཅས། སྔ་སོར་རང་རེ་ཤིན་ཏུ་ན་བའི་སྒང་དེ་ལ་བསམ་རྩེར་འབྱོར། དེར་ཟླ་གཅིག་དང༌། རྟག་བརྟན་དུ་ཟླ་གཅིགལྟོ་ནི་ཕར་སྟེར་དགོས་ཆོས་དགུགས་བྱས། སྦྱོར་དྲུག་གི་སྔོན་འགྲོའི་ཚོགས་ཆོས་ལ་ཡང་ཡོད། བཙུན་མ་ཐམས་ཅད་དང། རྟོགས་ལྡན་ཅི་རིགས་པས་དམ་པོའི་ཁུངས་ཀྱང་བྱས། དུས་ཁྲིད་གྲོལ་ནས། ཁོང་རྣམས་ལ་ཤངས་ཆོས་ཆ་ཙམ་མགྱོགས་འཁྲིད་བྱས། དེ་གྲོལ་ནས་འགྲོ་དོན་ལ་ཐེགས་སོང༌། འདི་སྐབས་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་ཉིན་ནས། རང་རེའི་བ་ལ་ཀ་མཛོད་པ་ཀུན་དགའ་དཔལ་བཟང་བག་ཙམ་ན། ཉིན་རེ་བཞིན་ཟུངས་ཇེ་ཞན་ལ་འགྲོ་བའི་རྣམ་པ་འདུག འཁྲིད་གཏོར་གྱི་སྐབས་ཉི་མ་བཞི་པོ་དེ་ལ། ཁྲོམ་གྱི་མགོ་ལ་ཡང་འགྲོ་ཐུབ་པའི་དགའ་ཚད་ཡོད་ནའང༌། ཉེར་བཞིའི་ཉིན་ཟུངས་ཀྱིས་མ་ཐུབ་པ་འདྲ་བ་ཅིག་ལ་མ་འཚོ་བར་འདས་སོང༌། དེང་རང་སྒེར་གྱི་སྐྱིད་རེས་ཐམས་ཅད་དེ་ཀས་འཁོར་སོང༌། ཁྱེད་དམངས་འདིས་མི་གོ་བ་འདུག་པས་བརྡའ་འབྱོར་བའི་ཕྱིར་འདིར་སྨྲས་པ་ཙམ་ལགས། ཡིན་ཀྱང་འཚོ་བའི་དུས་ཀྱི་ལྷག་ཅུང་ཟད་ཙམ་འདི་ལ་སྐྱིད་སྡུག་ལ་ཁྱད་ཙམ་ཏ་མི་འདུག བལ་གུ་
ཁོ་རས་ནི་སྔར་དགེ་བའི་ལས་རྒྱ་ཆེན་པོ་བྱས་པ་དང༌། ནམ་བཞག་རྒྱུན་དུ་བཟླས་བརྗོད་དང་ཁ་ཏོན་ལ་བརྩོན་པོ་རང་བྱེད་ཀྱི་འདུག་པས་ཡིན་ནམ། ན་བ་ནས་བརྩམས་དེ་བར་ལ་སྒོམ་ཡང་རང་ཤུགས་ལ་ཡོང་བ་དང་མཐོང་སྣང་འདྲ་དང་ཡ་མཚན་པའི་ལྟས་ཐོར་པ་བྱུང་སོང་བ་ཟླ་བོ་ཀུན་ལའང་གསལ། དཀྱུས་ལ་ཟུག་གཟེར་ཆུང་བ་ལ། སྐབས་སྐབས་སུ་གློ་དང་གཟེར་ཡོང་བ་ཞིག་འདུག འཚོ་བྱེད་འདྲ་ཡོད་དེ། ལོང་འགྲོས་དེ་ཁ་མ་གཏོགས་ནད་དངོས་ཟིན་པ་རང་ཅིག་མ་བྱུང༌། དེ་རྗེས་རྗེས་སྒྲུབ་སོགས་རང་རེས་གང་གྲག་གཏོང་བའི་ལུགས་བྱས་ཀྱང་བློ་ཁེངས་པ་རང་ནི་མ་འགྲུབ། ཁོང་རང་ལ་ཟུར་གསོག་བྲེ་གང་ཡང་མེད། ལར་དགེ་བ་ཕྱི་རྗེས་སུ་བྱེད་པའང་དགའ་མོ་ཡིན་མོད་ཀྱི། གཙོ་ཆེར་རང་ཡོད་དུས་སུ་བྱེད་དགོས་པ་ལ། གསོན་པོའི་དུས་སུ་དགེ་བ་རང་ཅི་ལྕོགས་བྱས་པ་དེ་ཡིན། རང་རེས་སྔར་བྱ་བ་ལས་ཀྱི་འཁོར་ལོའི་དགེ་བ་འགྲུབ་ཟེར་བ་ཐམས་ཅད་ཁོ་རས་བྱས་པ་ཡིན། རྟག་བརྟན་གྱི་སྡེ་འདི་ཙམ་ཁོ་རའི་ལག་མི་འདྲེ་ཡིན། གཞན་སུ་ཡང་གི་ཡུས་མེད། བླ་མའི་མངའ་ཐང་ལ་བརྟེན་ནས་བཟའ་བཏུང་འདྲ་བྱེད། རྔན་པ་ལེན་ནོམ་པ་འདྲ་སྡུད། ནོར་འདྲ་གསོགནག་ཆང་འདྲ་དོན་གཉེར་བྱེད་མཁན་ནི་འདུག་ལགས། ཕ་ཡི་ཕ་ཡི། རང་རེ་དགེ་སྦྱོར་འདྲ་བྱེད་པ་ལ། བྱ་
བྱེད་ཚང་མ་ཁོང་རས་ཡོང་བ་རང་རེའི་བསམ་པ་བཞིན་བློས་ཁེལ་ངེས། སྒེར་གཡོག་ཚོའི་དབང་དུ་མི་གཏོང་བའི་ལག་གཡོག་གྲུལ་བཏུབ་དེ་འདས་པས། འཕྲལ་གྱི་བྱ་བྱེད་ལ་ཁས་འཆད་པ་རང་བྱུང་ནའང༌། འབྱོར་རྒུད་དང་བདེ་སྡུག་རེས་འཇོག་དང༌། ཐམས་ཅད་འབྲལ་བའི་རང་བཞིན་ལས་མ་འདས་པ་དེར་གདའ། ལར་མི་ཤི་ཁྱི་ལུས་པའི་ལས་བྱེད་ལ་གཏད་པ་ཅི་ཡོད། རང་དང་བློ་ཁ་མཐུན་ཅིང༌། བློ་སེམས་དབྱེར་མེད་དུ་འདྲེ་བའི་རོགས་ཅིག་གང་བྱས་ཀྱང་མི་ཡོང་བ་ཐག་ཆོད་ཀྱང༌། འཇིག་རྟེན་འཕྲལ་དཔེ་ཟེར་བ་དེ་ཀུན་གྱི་ལུགས་སུ་འདུག་པ་ལྟར། འདི་ཡང་དེ་ཁ་བྱས། དེ་ལྟར་ན་ཡང་སྔར་གྱི་རྒྱུན་དེ་ལ་ཀ་ཞུགས་པས། ཧོར་ཟླ་གསུམ་པའི་ཚེས་ཉེར་གསུམ་ཚུན་ལ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཟབ་སྐུ་དེ་ཡང་མཐའ་རྒྱས་སུ་གྲུབ། རབ་གནས་ཀྱང་བགྱིས། ཞལ་སྲོ་རིམ་པས་བྱེད་རྩིས་བྱས། ཟླ་བ་དེ་ཁའི་ཚེས་བཅུ་བཞི་ལ་རྟག་བརྟན་དུ་སླེབ་ནས། ཉང་སྟོད་ཆོས་སྡེ་ཆེན་མོའི་མཁན་ཆེན་རིན་པོ་ཆེ་ཡང་ཕེབས་ཡོད་པའི་ དགོངས་བཞེད་ལྟར། ཁོ་པ ་རང་གཙོ་བོར་བཞུགས། རྟག་བརྟན་ཆོས་སྡེ་པའི་ཚོགས་པ་ཐམས་ཅད་ལ། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཆེན་པོ་བཞི་བཅུ་ཞེ་གཉིས། དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པའི་དབང་བསྐུར་རྣམས་བཟབ་རྒྱས་སུ་སྒྲུབས། དེ་བར་ལ་ཁམས་ཀྱང་བདེ་བར་བྱུང༌། དེ་
རྗེས་མཁན་ཆེན་དྲུང་རང་དུ་གྲུབ་བརྒྱའི་བྱིན་རླབས་སོགས་ དགོངས་བཞེད་ལྟར་བྱས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་གསེར་སྐུ་རྒྱ་མཐོ་བཅུ་གཉིས་པ ་དེ་ཡང་ཧོར་ཟླ་གསུམ་པའི་ཟླ་སྟོད་ལ་བཞེངས་གྲུབ། འོན་ཀྱང་སྔ་སོར་ལྷ་ཁངབདེ་བ་ཅན་དུ་ཀ་བཞུགས་གནས་བྱེད་རྒྱུ་ཡིན་པ་ལ། སྐུ་ཚད་མ་ཐོས་པས་དེར་ཅུང་ཟད་མ་ཤོང་བ་སྔོན་ལ་བཞུགས་གནས་འཆོ་དགོས་བྱུང་བས། རྒྱང་ཙམ་རྟེན་སྒྲིགས་མི་གྲུབ་པར་འདུག་ནས། བགེགས་བསྐྲོད་རྒྱས་པ་དང༌། སླར་བར་ཆད་མི་འཇུག་པའི་སྲུང་བ་རྣམས་བྱས་ཏེ་བཞགབར་འདི་དག་ཏུ་བླ་བྲང་པདྨ་གླིང་གི་ཞིག་གསོས་འཕྲོས་ཀྱི་མཁར་ལས་ཐོག་སོ་གསུམ་ཙམ་བྱེད་དགོས་ཚོ་དང༌། གཙུག་ལག་ཁང་བདེ་བ་ཅན་གྱི་ཐོག་སོ་སྤོར་དགོས་ཐིགས་ཁང་དང་བཅས་པ་རྣམས་ཀྱང་རིམ་པས་གྲུབ་པ་ཡིན། མཛོད་པ་འདས་པ་དེའི་དོན་དུ། ཧོར་ཟླ་གསུམ་པ་བཞི་པའི་མཚམས་དེ་ལ། སྡེ་སྲིད་ནམ་གསེར་ཟོང་གནང་སྦྱིན་དང༌། ཤ་མར་ལྟོས་ཆེ་བ་དང་བཅས་པ་སྐྱེལ་བ་དང༌། སྔར་ལུགས་བཞིན་མི་གཅིག་གིས་ཐམས་ཅད་ཡོང་བ་དེ་དཀའ་ཡང་དཀའ། བྱས་ཀྱང་ཕུགས་མཐའ་ཚེས་མི་ཚེས་སོགས་དགའ་རྒྱུ་ཡང་མི་ཡོང་བ་ཅིག་བླ་མ་སྡེ་དཔོན་གང་གི་སར་ཡང་ཡོང་གིན་འདུག དད་དགོས་གཡོག་གི་མགོ་ཤོས་དང༌། མཛོད་གཉེར་དང༌། འཕྲལ་གཡོག་དང༌། སྡེའི་ཁུར་འཁུར་
སོགས་སོ་སོ། སོ་སོ་འདི་ལྟར་ལེགས་སམ་ཕེབས་པ་སོགས་གང་ཅིའི་བསླབ་སྟོན་ཅི་རིགས་དང་བཅས་པར། ཙ་ཁུ་ལུང་གནས་འགྲེས་པ་ཡང་བྱོན་བྱུང་ངོ༌། །དེ་ནས་སླར་ཡང་ཚོགས་ཆོས་རྒྱ་ཆེ་བ་ཙམ་བྱེད་འདོད་ཡོད་ན་ཡང༌། ཕྱོགས་ཀྱི་ཆོས་ཞུ་བ་སད་སུད་མང་བས་ཚོགས་ཆོས་ནི་མ་གྲུབ། སྐྱིད་ཕུག་སྐུ་སྐྱེའི་དྲུང་དང༌། རྟག་བརྟན་གྱི་གྲག་བསྡུས་འགའ་ཞིག་ལ། ནག་པོ་ལམ་སློངས་དང༌། གསེར་མདོག་ཅན་ནས་ཁམས་མི་ཉག་གི་གྲྭ་པ་ཉི་ཤུ་རྩ་བགྲང་ཅིག་སོགས་གཞི་བྱེས་ལྔ་བཅུ་སྐོར་ལ་ལམ་འབྲས་དང༌། སྟག་ལུང་པའི་གྲྭ་རིགས་འགའ་ལ་ཡང་འདོད་ཆོས་ཅི་རིགས་སོགས་ཟུར་ཆོས་ཐན་ཐུན་མང་རབ་བཤད་པ་དང༌། བར་སྐབས་དེར་ཧོར་ཟླ་ལྔ་པའི་ཚེས་བཅུ་སྐོར་ལ་ཆོས་ལུང་བྱང་རྩེར་ཁོར་ཙམ་ཕྱིན། ལམ་དུ་བུད་མེད་གཞོན་ནུ་འདར་བཅོམ་པ་མང་པོ་བྱུང༌། ཆོས་ལུང་རང་དུ་རྡོ་རྗེ་ཕག་མོའི་སྐུ་བརྙན་གྲངས་མང་པོ་རང་ཕེབས། ལོ་དེའི་རྟེན་འབྲེལ་ལེགས་པར་གོ །སྔར་རྐང་པ་ན་བའི་འཕྲོད་བསྟེན་གྱི་གཞུག་སྐྱོངས་ཡིན་པའི་ཁུངས་ཀྱི་ཆུ་ཚན་ཞག་ཤས་བསྟེན། ཅུང་ཟད་ཕན་པར་བྱུང་ན་ཡང༌། ཡུན་བསྲིང་ནི་མ་བཏུབ། ཕྱོགས་ཀྱི་མི་དམངས་ལ་ཁྲོམ་དབང་ཅིག་ཀྱང་བྱས། འབྲས་སྤུངས་ཀྱི་ཁང་པའི་ཕྱོགས་ཅིག་ལ་ཟུར་གསོས་དགོས་པའང་བཙུགས། ཧོར་ཟླ་དྲུག་པའི་ཚེས་བཅུ་གཅིག་དང༌། བཅུ་གཉིས་པ་ལ་
སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གསེར་སྐུའི་རྟེན་སྒྲིགས་དང་རབ་གནས་ཀྱང་ལེགས་པར་གྲུབ་པ་ཡིན། ལྷ་ཁང་བདེ་བ་ཅན་ཕུ་མདའི་ཐོག་དཔངས་སྤར་བ་དང། ཐིགས་ཁང་ཞལ་བ་དང་བཅས་པ་ཡང་གྲུབ། བཅོམ་ལྡན་འདས་ཀྱི་བཞུགས་ཁྲི་ཡང་སྐྱ་བཟོ་ཚར། འབྲས་སྤུངས་ཀྱི་ཞིག་གསོས་ཀྱི་འོག་ཐོག་ཀྱང་ཁེལ། རི་ཁྲོད་དཔལ་གྱི་ཇོ་ནང་དུ་ཧོར་ཟླ་བཞི་པ་ལྔ་པའི་མཚམས་གཟའ་སྐར་བཟང་བ་ལ། དབུ་རྩེའི་ལོགས་བྲིས་ཀྱི་འགོ་བཙུགས། ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ལ་དཔལ་གྱི་ཇོ་ནང་དུ་ཕྱིན། སྔར་གྱི་འཕྲོས་ལས་འདོད་ཆོས་ཐན་ཐུན་ཚོ་དང༌། བསོ་ཐོག་ནང་སོ་སོགས་ལ་ནཻ་གུའི་ལུགས་ཀྱི་ཆོས་དྲུག་ཕྱག་ཆེན་སོགས་བཤད། སྔ་སོར་ཀུན་དགའ་དཔལ་བཟང་དེ་ཁའི་ལུགས་བཞིན་བློ་སེམས་གཅིག་པ་རང་དེ་དང་རང་གི་འདོད་མནོ་རང་ཡོང་བ་ཅིག་ནི་ད་དགོས་དཀའ་བ་འདུག་མོད། རང་རེའི་ལག་གཡོག་གི་གཙོ་བོ་མགོ་མཐོ་དང༌། སྡེ་བྱིངས་ཀྱི་ཁུར་ལེན་གྱི་ཁུངས་དེ་ལ། རང་རེའི་ཨོ་ལོ་ཀུན་དགའ་བསྟན་པ་ལ་བྱིངས་ཐམས་ཅད་ཁ་མཐུན་པའི་ཁུངས་དང༌། ཁོང་པ་རང་བྱེད་འདོད་ཆེན་པོ་རང་འདུག་པས། ཞེ་དགུ་བྲོལ་མཚམས་ནས་བསྐོ་གཞག་བྱེད་རྒྱུ་ཡིན་ནའང༌། ལྷོང་ཡིན་ནམ་ཅི་ཡིན་རུང༌། ཁོང་རང་ཡང་ཁམས་མ་བདེ་བར་ཅུང་ཟད་འགྱངས། འདི་སྐབས་བྱེད་པའི་ལུགས་འདི་བྱས་པ་ཡིན་ནོ། །ཡང་
སྨྲས་པ། ཁོ་བོས་སྐབས་དེ་དང་དེར་ས་ཚུགས་པ་མེད་པར་ཕྱོགས་སུ་འགྲོ་བ་ལ། དགའ་དགའ་ལྟར་བྱས་པ་དེ་ཀྱང་དབང་ཙམ་ཡིན་སྙམ་ཡོད་སྲིད་དེ་ཡེ་མ་ཡིན། འདི་བས་ཕ་རོལ་ན་ཆོས་བདེ་བ་དང་སྐྱིད་པར་ཉམས་འོག་ཏུ་ཆུད་པའི་ཕྱིར་རོ། །གཞན་ཡང་ཉོན་ཅིགབདག་འཆི་བ་ལ་མི་འཆོར་བའི་རྒྱུ་མཚན་གྱི་གཙོ་བོ་ནི། བླ་མ་དམ་པ་དམ་པའི་ཆོས་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པ་དེ་རྣམས་ཀྱི་སྐུ་དྲིན་ལས། སེམས་གནས་ཀྱང་རུང་འགྱུ་ཡང་རུང༌། དགེ་བའི་རྣམ་ཆ་ཤར་ཡང་རུང༌། ཉོན་མོངས་པའི་རྣམ་ཆ་ཤར་ཡང་རུང༌། ལུང་མ་བསྟན་གྱི་རྣམ་ཆ་ཤར་ཡང་རུང༌། བདེ་བར་ཤར་ཡང་རུང༌། སྡུག་བསྔལ་དུ་ཤར་ཡང་རུང༌། རང་ཤར་རང་གྲོལ་རང་འགྲོས་ལ་བཟོ་བཅོས་མེད་པ་འདི་ཀ དལ་བྲེལ་དང་སྒྲིམས་མ་སྒྲིམས་ལ་མ་ལྟོས་པ་ཅིག་བརྩོལ་མེད་དུ་འཁྱོངས་ཙམ་བདོག་གོ །འཆི་བ་ཞེས་བྱ་རྣམ་རྟོག་སྟེ་ཞེས་གསུངས་པ་ལ། རིག་ཐོག་དང་མྱོང་ཐོག་ནས་བློ་ཁ་ཕྱོགས་ཙམ་ཡོང་བ་འདི་རྒྱུ་མཚན་དང་པོ་ཡིན། ཡང་བླ་མའི་སྐུ་དྲིན་ལས། ད་ལྟ་གཉིད་མཐུག་པོའི་དུས་དང༌། སད་དུས་སུ་ཡང་རྣམ་རྟོག་རགས་པ་འགགས་པའི་སྐབས་དེར་ཕྲ་རགས་ཐིམ་པའི་བདེ་སྟོང་གི་འོད་གསལ་རང་ངོ་འཕྲོད་ཙམ་ནམ་དགོས་སུ་བདོག་ཅིང༌། སྤྱིར་བདག་ལ་སྙིང་རྗེའི་སྒོམ་ཅུང་ཟད་འཆར་དཀའ་བ་དང༌། ཕྱིས་ཀྱང་རྩལ་ཆེ་ཤོས་རང་མི་ཡོང་འདུག་ཀྱང༌། སྐབས་འདི་དག་ཏུ་མ་རྟོགས་རྨོངས་པའི་
འགྲོ་ལ་སྙིང་རྗེ་ཅུང་ཟད་རང་ཤར་བས་བསྐུལ་ནས། སད་དུས་དང་རྨི་ལམ་དུ་ལྷ་སྐུ་སྣང་སྟོང་རང་ཤར། དེ་ཉིད་ཤར་ཙམ་ཉིད་ནས་རང་གྲོལ་དུ་འདུག་པ་ལ་མྱོང་ཐོག་ནས་བློ་ཁ་ཅུང་ཟད་ཕྱོགས་པས། ཐབས་ཀྱི་སྒོ་ནས་ཀྱང་འཆི་བ་དང༌། བར་དོ་ལམ་དུ་འཁྱེར་ཐུབ་ཙམ་བདོགས་པས། བློ་བདེ་བ་འདི་རྒྱུ་མཚན་གཉིས་པ་ཡིན། ཡང་བདག་གིས་ཆོས་པ་ལ་ཡོང་པར་མི་འོས་པའི། སྡིག་པ་རྔམ་ཆེ་བ་བྱས་པ་ནི་ཡེ་མི་དྲན། མ་དྲན་ཀྱང་བག་མེད་པས་བསགས་པ་ནི་ཡོད་སྲིད། ཚེ་འདིར་སྡིག་པ་ཕྲ་མོ་བསགས་པ་རྣམས་དང༌། ཚེ་རབས་སྔ་མའི་ཉེས་པ་ཐམས་ཅད་ཐབས་ཀྱི་ཆ་ནས་སྟོབས་བཞི་ཚང་བའི་བཤགས་པ་འཕྲལ་འཕྲལ་བྱས། ཤེས་རབ་ཀྱི་ཕྱོགས་ནས། དྲང་པོར་འདུག་ལ་ཡང་དག་ལྟོས། །དེ་ནི་འགྱོད་ཚང་མཆོག་ཡིན་ནོ། །ཞེས་པའི་དོན་ལ་ཅང་འཇུས་སུ་བྱས་པ་ལགས། ཤེས་བཞིན་དུ་ཆོས་སྤོང་གི་ལས་དང༌། སྐྱེས་བུ་དམ་པ་ལ་སྐུར་པ་འདེབས་པ་ནི་སྒྲིམས་ཏེ་སྤངས་པས་བྱས་པ་ནི་མི་དྲན། དེས་ན་མ་གུས་པའི་ཉེས་པ་ནི་ཆེར་མེད། མེད་པའི་ཁུངས་ཡིན། ཡང་དག་པའི་ཆོས་ཡིན་པར་མ་ཤེས་པ་དང༌། སྐྱེས་བུ་དམ་པ་ཡིན་པར་མ་ཤེས་ནས། མི་ཤེས་པའི་རྒྱུ་ཅན་གྱིས་སྡིག་བསགས་པ་ནི་མང་བོ་ཀ་ཡོད་རིགས་སུ་འདུག སྨྲ་བ་ལ་དགའ་ཞིང་བག་མེད་པའི་སྐྱོན་གྱིས། ཀུ་རེ་དང་ཀྱལ་ཀ་སོགས་ཀྱིས་སྡིག་བསགས་པ་ནི་མང་བོ་
རང་ཡོང་བར་འདུག དེ་དག་ཀྱང་སྙིང་ཐག་པ་ནས་མ་ཡིན། བློ་སྐྱོན་མེད་པས་ཅུང་ཟད་གྲག་ཟེར་ནི་དགོས་ཏེ། ལར་སྡིག་པ་ཆུང་ཆུང་གི་ཚན་ནི་མན་པ་འདུག སྤྱིར་བདག་ལྟ་བུས་སྡིག་པ་མ་བྱས་ཉེས་ལྟུང་མེད་ཟེར་བ་བྱས་ན། གཞན་ལ་རྫུན་དང་མགོ་སྐོར་ཁ་ཚ་ལམ་ལམ་བ་ཡིན་པར་འདུག དེ་ལྟ་ན་ཡང་གཉེན་པོ་སྒོམས་པས་ཁུར་ཡང་བ་རེ་འཕྲལ་འཕྲལ་བྱས་བདོག་པ་འདི་ནི་རྒྱུ་མཚན་གསུམ་པ་ཡིན། ཡང་བདག་ལ་ཁེང་དྲེགས་དང་ཆོས་བརྒྱད་འགོ་མ་སྙོམས་པ་དང༌། རང་འདོད་དང༌། དད་ལྟོས་ཀྱི་བློ་ཤུགས་དྲག་ཤོས་ཟུར་རགས་པོ་རང་མེད་ཀྱང༌། སྤྱིར་རྣམ་རྟོག་དེ་དག་གི་དཀྱིལ་ན་ཉལ་བ་ལགས་མོད། འོན་ཀྱང་འདི་ན་མང་པོ་ཞིག་རྣམ་རྟོག་སོ་སོ་ཐ་དད་པ་འདི་ལྟར་འཆར་ཏེ། ངས་ནི་ཆོས་མང་པོ་མ་ཐོས། མང་པོ་མ་ཤེས། གཞན་འདི་དང་འདི་ལྟ་བུས་ནི་མང་པོ་ཐོས་པ་དང༌། མང་དུ་ཤེས་འདུག་སྙམ་བློ་ཁ་རྫོགས་པར་འཆི་བ་དང༌། ཡང་ངས་ཆོས་མང་པོ་ཤེས་ཀྱང་ཞུ་མཁན་མ་བྱུང༌། ཤོད་རྒྱུ་མ་བྱུང་སྙམ་བློ་མ་ཁེངས་པ་དང༌། ཡང་ཆོས་ཤེས་ཀྱང༌། སྒོམ་རྒྱུ་མ་བྱུང་སྙམ་འགྱོད་པ་དང༌། ཡང་གཞན་དག་རང་གི་སྤྱོད་པ་ལ་རང་འགྱོད་པ་དང༌། འགའ་ཞིག་ངས་ཆོས་ཤེས། སྒྲུབ་པ་བྱས། བྱིན་རླབས་ངང་ཡོད་དེ་འགྲོ་དོན་མ་བྱུང་སྙམ་པ་དང༌། ཡང་དགའ་ཞིག་
ཆོས་པ་བཟང་པོ་ཡིན་པ་ལ། མི་མཐོང་མ་བྱུང༌། སློབ་མ་མ་འདུས། ཡོན་བདག་མ་འཛོམ། རྙེད་བཀུར་མ་བྱུང༌། གྲགས་པ་མ་ཐོན་སྙམ་ཡི་མ་རངས་པ་དང༌། ལོག་པ་ངན་པ་ཁ་ཅིག་ནི། ནོར་མ་གསོགས། དགྲ་མ་ཐུལ། གཉེན་མ་འཁྱོངས། བུ་སྨད་དང༌། གཡོག་རིགས་འགོ་མ་ཐོན་སྙམ། ཡི་མུག་པ་དང༌། ཡང་དེ་འདྲར་གྱུར་གྱི་དོགས་ནས། འདི་དང་འདི་ལྟ་བུ་མ་བྱུང་པ་ལ། ང་ཤི་བ་བས་ཡོང་བ་མེད་ཟེར་བ་དང༌། ཡང་ང་ལ་ལོངས་སྤྱོད་ཡོད་པ་ལ་ལག་རྗེས་མ་བྱུང༌། རྟེན་གསུམ་མ་བཞེངས། དགེ་འདུན་མ་མཆོད། ང་མ་ཤི་ན་ག་གེ་མོ་ཞིག་བྱེད་དགོས་པ་འདུག་ཟེར། སྔར་འཛིན་ཆགས་འབའ་ཞིག་བྱས་པའི་གནོང་ལང་པ་དང༌། ཡང་འགའ་ཞིག་སྐྱིད་ཙ་ན་འབྲེལ་མེད་ཀྱི་བྱ་བས་དུས་འདས། གཏུགས་ཐུག་ཙ་ན། ད་རེས་མ་ཤི་ན་ཆོས་ཅིག་རང་བྱེད་པ་ཡིན་ཏེ། སྒོམ་ཅིག་རང་བྱེད་པ་ཡིན་ཏེ་ཟེར་ཞིང༌། ཙབ་ཙོབ་ལངས་པ་དང༌། ཡང་ཁ་ཅིག་ཤུལ་ན། འཁོར་ལས་འགྲོ་བར་འདུག གཉེན་ཚན་ལས་འགྲོ་བར་འདུག བུ་ཚ་བུ་སྨད་ལས་འགྲོ་བར་འདུག གྲྭ་པ་འདི་རྣམས་ཅི་འདྲས་འོང༌། ནོར་རྫས་འདི་རྣམས་སུས་རང་འཁྱེར། ང་མེད་ན་ག་གེ་མོ་དང༌། ཆེ་གེ་མོ་འདི་གནས་སྐབས་ཅི་འདྲར་འགྱུར་ཞེས། ཤུལ་ལ་ཆགས་པར་འདུག་སྟེ། དེ་དག་ལ་སོགས་
པ་འཆི་བ་ལ་འཚེར་བའི་རྣམ་རྟོག་རིགས་མི་ཅིག་པ་མང༌། ལོག་ལྟ་ཅན་ཁ་ཅིག་ནི། ད་ལྟ་མིག་གིས་བལྟ། རྣ་བས་ཉན། འདོད་ཡོན་ལ་སྤྱོད་པ་ཡིན་ཀྱང༌། ཤི་ན་དེ་མེད་སྙམ་ནས། ང་ད་ལྟ་རང་མི་འཆི་ལས་ཆེ་དེ་འདྲ་མི་སྲིད་ལས་ཆེ་ཟེར་བ་དང༌། དེ་བཞིན་དུ་ཁ་ཅིག་ང་གཞོན་པ་ལ་འཆི་དགོས་པ་ཨང༌། ལོངས་སྤྱོད་མ་བྱས། སྐྱིད་པོ་མ་བྱས་པར་འཆི་དགོས་པ་ཨང་ཟེར་བ་སོགས། མི་ཤེས་རྨོངས་པའི་བློ་རིགས་ལ་ཚད་གཟུང་དུ་ག་ལ་ཡོད། ཁོ་བོ་ཅག་ནི། ལུགས་གཉིས་དང་འབྲེལ་བའི་བཟང་བཟང་མོ་དང༌། ཆོར་འཆོར་པོ་དང༌། རྔམ་རྔམ་མོ་དང༌། མངོན་པར་མཐོ་མཐོ་མོ་ལ་ཤེས་འདོད་ཆེ་བ་ཙམ་མེད་པས། དེ་རྣམས་མ་བྱུང་ཀྱང་བློ་སྐྱོག་པ་ཡོང་གིན་མེད། འོན་ཀྱང་རང་རེ་ལ་ལྟོས་ཚོད་ཀྱི། དེ་དག་ཕལ་ཆེར་བྱུང་ཡང་བྱུང་བྱུང་བ་ཙམ་དུ་མ་ཟད་སྐྱུག་ལོག་ལོག་བྱུང་བས་བློ་ཁམ་ཚིམ་པ་ཅིག་ཀྱང་མེད། དེ་ཡང་ཆོས་མང་པོ་ཐོས་ཀྱང་ཐོས། ཤེས་ཀྱང་ཤེས། མ་ཤེས་མ་ཐོས་སྙམ་འགྱོད་དགོས་པ་མ་བྱུང་ཆོས་ཞུ་མཁན་ནི་ཞེ་ལོག་ལོག་ཁམས་གཤིས་ལངས་ལངས་ཀྱང་བྱུང༌། ཡུན་རིང་ལ་དར་དྲག་པ་ཆོས་བཤད་ཀྱང་བཤད། རང་ཚོད་དང་མཐུན་པར་སྒོམས་ཀྱང་སྒོམས། ལྟ་བ་ཟབ་མོ་དང་ནི་འཕྲད། འགྱོད་པ་མེད་པའི་སྤྱོད་པ་ནི་བྱས། སྐྱེ་བོ་མང་པོ་ལ་ཆོས་དང་ཟང་ཟིང་གིས་ཕན་ནི་བཏགས། མདོ་ལས། ཕོ་ཤལ་བཀུར་བསྟིས་ཕུང་བར་འགྱུར་གསུངས་པ་ལྟར། མ་བྱུང་ཀྱང་ཆོག་པའི་མི་མཐོང་དང་
རྙེད་བཀུར་དང༌། གྲགས་པ་ཡང་ཆེ་ཚད་བྱུང༌། བྱུང་བ་ལ་རློམ་སེམས་དང་དགའ་གྲགས་པའང་ཡེ་མེད། རང་རེས་ཕར་འཁྱོངས་ན་རབ་ལ་མི་འཁྱོངས་པ་ཙམ་གྱི་སློབ་མ་དང༌། ཡོན་བདག་ཀྱང་བསྡུས། ལྷ་ཁང་དང་དགེ་འདུན་ལ་ཡང་མཆོད་པ་བྱས། ལག་རྗེས་གནས་གཞི་ཡང་མང་དུ་ཐིངས། རྟེན་གསུམ་མང་པོའང་བཞེངས་ཟིན། ད་ཅིག་ཅིག་བྱེད་དགོས་པ་ཡོད་དེ་ཅེས་བྱ་བ་འཕྲོ་ལུས་པ་ཡང་མེད། ཟས་ནོར་ལོངས་སྤྱོད་གྲྭ་རིགས་ཡོན་བདག་སོགས་ལ་བསམས་ནས། འདི་ལ་དེ་འདྲ་ཅིག་དགོས་པ་ཡོད་དེ། ང་ཤི་ན་ཅི་འདྲ་ཞེས་ཤུལ་དུ་འཕྲང་དགོས་པ་ཅུང་ཟད་ཀྱང་མེད་པ་འདི་ནི་རྒྱུ་མཚན་བཞི་པ་ཡིན། ཡང་ཤེས་ལྡན་འགའ་ཞིག་གར་སྐྱེའི་ངེས་པ་མེད་པ་འདི་ཁ་འཇིགས། ངན་སོང་དུ་སྐྱེས་ན་ཇི་ཙུག་བྱེད། ལྷ་དང་མི་ཆོས་བྱེད་ས་ཅིག་ཏུ་ཨེ་སྐྱེ་སྟེ་བསམ་ལྟེམ་ལོག་གེ་བྱེད་དེ། དེ་ཡང་བདེན་ཏེ་བདེན་པ་ཡིན། སྤྱང་ཡང་སྤྱང་པོ་ཡིན་པ་གདའ། འོན་ཀྱང་བདག་ནི་ཕང་ཙེ་ངན་ཀྱང་ལུང་ཐག་བཟང་བས། ལས་ཉོན་གྱི་དབང་གིས་ངན་སོང་དུ་མི་ལྟུང་བ་ཙམ་ཁས་ལེན། དེར་མ་ཟད་བཟང་སྨོན་ཅུང་ཟད་ཐེབས་པ་ཙམ་འདུག་པས། ཇི་སྐད་དུ། སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་འཛིན་པ་དང༌། ཞེས་གསུངས་པ་ལྟར། གོང་ནས་གོང་དུ་ཇེ་བཟང་ཇེ་བཟང་ཏུ་འགྲོ་བའི་གདེངས་བག་ཙམ་ཡོད་པ་འདི་ནི་རྒྱུ་མཚན་ལྔ་པ་ལགས་སོ། །ང་གཞན་
དོན་དུ་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་དང༌། ཆོས་ལ་འགོད་མི་ཐུབ་པའི་རྨུ་རྒོད་རྣམས་མཐོང་བས། སྔར་ཡང་འདོད་ཁ་མ་ཁེངས། ད་དུང་བསྐལ་པ་མཐའ་ཡས་པ་འདོད་པ་མ་འགྲུབ་པ་དེ་ཀ་ལ་འགྲོ་བར་འདུག རང་དོན་དུ་ནི་འདོད་ཁ་མ་རྫོགས་པ་ཅིག་ཀྱང་མེད་དེ། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན་བྱ་བ་དེ་ལགས་སོ། །ཡང་ཁྱོད་རྫོགས་པའི་སངས་རྒྱས་ཡིན་ནམ་ཟེར་ན། གནས་ལུགས་ནི་རྫོགས་པའི་སངས་རྒྱས་ཡིན། དེའི་ནང་ནས་ཀྱང་ཆོས་སྐུ་ཡིན། གཞན་ནི་སངས་རྒྱསའམ་དེ་ག་ནས་རང་ཡིན། ག་ནས་རང་ཡིན། ཧམ་པ་བྱས་ཕྱིན་ཆད་ཆེ་བ་དེ་ངོས་དགའ་སྟེ། དེ་འདྲ་རང་ཡང་ཆེས་གྲགས་སོ། །ཐེག་ཆེན་འཕགས་པ་ཡིན་ནམ་ཟེར་ནའང་དེ་དང་འདྲ། འོ་ན་གང་ཡིན་ཟེར་ན། དེང་སང་ཉན་རང་འཕགས་པ་གསར་པ་ནི་མི་ཡོང༌། ཐེག་དམན་སོ་སྐྱེས་དེ་འདྲ་ནི་བློའི་དང་བ་ལ་མི་འགྲོ། ཡིན་པ་རང་ཏ་འབུ་སྲིན་གྱི་གྲོགས་མཆེད་གཅིག་ཀ་ཡིན་ཤས་འདུག་སྟེ། སྐྱག་རྫུན་དང་བཟང་འདོད་བྱེད་དགོས་པས་ལམ་མ་ཞུགས་ཡིན་བྱས་པས་ནི་ཀྱག་ཁྱེར་ལར་མ་བྱུང༌། ཚོགས་ལམ་པ་ཡིན་བྱས་ཀྱང་ཙི་ཀུམ་མེ་བ་གཅིག་ཀ་བྱུང༌། ལར་ཐེག་ཆེན་ཚོགས་ལམ་ཆེན་པོ་ལྟ་བུ་ལ་ཏ་ཡོན་ཏན་མཐའ་ཡས་ཏེ་མི་འདི་ཚོས་དེ་མི་གོ །གཞུང་ཤེས་པའི་ཁུངས་ཚོ་ཡང་ཅེར་རེ་ལོང་དུ་སོང་གདའ། ཐེག་ཆེན་སྦྱོར་ལམ་རྒྱུད་ལ་སྐྱེས་པ་ཏ་ག་ནས་ཡིན་ཏེ། ཧམ་པ་སྟོང་ཤོབ་ཡིན་པས་ད་རེས་སྦྱོར་ལམ་པར་ཁས་བླངས་གཏོང༌། ནང་སེལ་གང་ཡིན་གཤོད་མི་དགོས་ཏེའང་དེ་འུད་དེ་ཡིན་པའི་ཕྱིར་གང་ཡིན་བྱས་ཀྱང་ཆོག་པ་ལགས་སོ། །ལར་ཡང་ང་ནི་སྒྱུ་མའི་མི་ཡིན་པས། ཏིག་ཏིག་པོ་ག་ལ་
ཡོད། ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དམ་པའི་དོན་དུ་སྐྱེ་བ་དང༌། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཟེར་བ་ལགས་སོ། །བཀྲ་ཤིས། བྱ་ལོ་ དགུང་ལོ་བཅོ་ལྔ་བཅུ་་ང་དགུའི་སྟེང་དུ་ལེ་ཚན་ཕྱི་མ་འདི་གསུང་བ་ཡིན་ནམ་སྙམ་ལགས། ༼ཆ༽