གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ།
གསང་འདུས་འཕགས་སྐོར་ལས་རིམ་ལྔ་འགོས་ལུགས་ཀྱི་ཁྲིད་ཡིག་རྒྱུད་དོན་གསལ་བ་བཞུགས།
ཨོཾ་ན་མོ་གུ་རུ་མཎྜལ་དེ་བཱ་བྷྱཿ བླ་མ་རྡོ་རྗེ་ཅན་ཞབས་མཆོག་གི་སྐུ།། སུམ་ཅུ་རྩ་གཉིས་དཀྱིལ་འཁོར་འཁོར་ལོའི་ཚུལ། །ཡེ་ཤེས་གཅིག་ཉིད་དུ་མའི་སྐུར་སྟོན་པ། །འདུས་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། །རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཀྱི། །མན་ངག་རྗེ་བཙུན་མཆོག་རྣམས་ལས། །ཅུང་ཟད་རྙེད་གང་འདིར་བྲི་སྟེ། །བྱིན་རླབས་མཆོག་གིས་བཀའ་དྲིན་སྩོལ། །འདིར་འཕགས་པ་ཡབ་སྲས་ཀྱི་ཞལ་ལུང་རྣམས། མཁས་ཤིང་གྲུབ་པ་བརྙེས་པའི་ལོ་ཙཱ་བ་ཆེན་པོ་འགོས་ཁུག་པ་ལྷས་བཙས་ཀྱི་མན་ངག་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ཡང་རྗེ་འགོས་ཆེན་པོ་དང༌། མཁས་པ་རྔོག་ཡབ་སྲས་སོགས་ཀྱི་སྐབས་འཁྲིད་ཚུལ་འདི་ལ་དམ་དོག་ཆེ་བས། དམིགས་པ་རྣམས་ལ་ལ་ཞལ་ཤེས། ལ་ལ་ཤོག་གྲིལ་གསུམ་སོགས་ཡིག་ཆུང༌། ལ་ལ་གཏོང་ཐུན་དང་རྒྱུད་བཤད་ཀྱི་ཁོངས་སུ་འཐོར་ཐབས་ལས་ཁྲིད་ཡིག་མ་མཛད། ཕྱིས་[ཞ་སོགས་]མར་འགོས་གཉིས་འདྲེས་ཀྱི་ཡི་གེ་དང༌། རང་[རི་འཇིགས། བཀའ།]རྟོག་གི་སྦྱར་བ་སྣ་ཚོགས་པ་མང་དུ་བྱུང་ལ། ཁ་[ངོར་བཀའ།] ཅིག་གིས་འགོས་ལུགས་དང་མར་ལུགས་གཙང༌།
མ་བྱེད་པར་བསམས་ནའང༌། ཕར་འདྲེས་ཚུར་འདྲེས་སུ་སོང་བ་མ་ཤེས། བར་སྐབས་ཀྱི་མུན་སྤྲུལ་དུ་མ་འདྲེས་ཤིང༌། རང་རང་གིས་ཀྱང་གཟུ་ལུམ་གསར་པ་མང་པོ་དག་བཅུག མན་ངག་གི་རྒྱུན་མེད་པར་གླེགས་བམ་ཙམ་ལ་བརྟེན་པའི་སྐྱོན་གྱི་ཆེས་མ་དག་པ་དང༌། འཁྲུགས་པ་དང་མ་ཚང་བ་དག་སྣང་ངོ༌། །དེས་ན་འདིར་ཁོ་བོས་གསལ་བར་བྱའོ། །འདི་ཉམས་སུ་ལེན་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ། སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྙེན་པ། ཚོགས་རྫོགས་པའི་ཕྱིར་མཎྜལ། བྱིན་རླབས་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་རོ། །དེ་ཐམས་ཅད་ཀྱང་སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཡང་རུང་བ་ལེན་པ་སྔོན་དུ་འགྲོ་བར་བྱ་སྟེ། དང་པོ་ནི་སྒྲུབ་ཐབས་རྣམས་སུ་ཤེས་པར་བྱ་ལ། གཉིས་པ་རང་གི་མདུན་དུ་སྟེགས་བུ་ལ་མཎྜལ་ཚོམ་བུ་ལྔ་པ་ཞིག་བཞུགས་སུ་གསོལ། མཐའ་མཆོད་པས་བསྐོར། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། སྐད་ཅིག་ཙམ་གྱིས་དབུས་ཀྱི་ཚོམ་བུའི་སྟེང་དུ་བླ་མ་རྡོ་རྗེ་འཆང༌། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་ཏུ་དགེ་འདུན་རྣམས་སྐད་ཅིག་གིས་བཞུགས་
པར་བསམས་ལ། མཆོད་པ་རྣམས་སྔགས་དང་ཕྱག་རྒྱ་སྤྱི་དང་མཐུན་པས་ཕུལ། གང་གིས་དྲིན་གྱིས་བདེ་ཆེན་ཉིད་སོགས་དང༌། ཁོང་སྟོང་ཁྱེད་ཀྱི་སྐུ་ལ་མེད། ཅེས་སོགས་ཅི་རིགས་པས་བསྟོད། མཎྜལ་སྤྱི་དང་མཐུན་པར་ལན་མང་དུ་ཕུལ་ལ། ཐུན་འཇོག་ཁར་རྒྱུན་བཤགས་དང་རིགས་ལྔའི་སྡོམ་གཟུང་ཚར་གསུམ་རེ་བྱ། མོས་གུས་དྲག་པོས། བླ་མ་འོད་གསལ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། ། བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སྐུ་གསུམ་དབྱེར་མེད་བླ་མ་མཆོག་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། རིམ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རིམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གཞན་ཡང་བློ་ཆོས་སུ་འགྲོ་བ་སོགས་གསོལ་བ་མང་དུ་བཏབ་ལ། མཐར་དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། དར་ཅིག་སེམས་མ་བཅོས་པར་བཞག གསུམ་པ་ནི། ཏིང་ངེ་འཛིན་གྱི་དབང་བླང་བ་མཁས་པ་བཙུན་མོ་ཅན་གྱི་མན་ངག་སྟེ། རང་གི་མདུན་དུ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་བཀོད་པ་བཟང་ལ་རྒྱ་ཆེ་བའི་སྟེང་དུ། རྩ་བའི་བླ་མ་སྐུ་བཀྲག་མདངས་གཟི་བརྗིད་དང་ལྡན་པ། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན། ལྷ་སུམ་ཅུ་རྩ་གཉིས་སོགས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་འདུས་པའི་ངོ་བོ་ལ་ཡུལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ། རྣམ་པ་མིའི་བུ་མོ་ལོ་བཅུ་གཉིས་ལོན་པའི་ན་ཚོད་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པས་འཁྱུད་པའོ། །
དེ་ནས་རང་གི་ལུས་དང་ལོངས་སྤྱཽད་ཕྱི་སྣང་བ་རབ་འབྱམས་དང་བཅས་པ་བླ་མ་ལ་ཕུལ་ལ། གསོལ་བ་དྲག་ཏུ་བཏབ་པས། སྐུའི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང༌། རང་གི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང༌། བུམ་དབང་ཐོབ། སྦྱོར་མཚམས་ནས་འོད་ཟེར་དམར་པོ་བྱུང༌། མགྲིན་པར་ཐིམ། གསང་བའི་དབང་ཐོབ། ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་བྱུང༌། རང་གི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་དང་དབང་བཞི་པ་ཐོབ། ཡང་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། དེའི་ངང་དེར་ཅུང་ཟད་མཉམ་པར་བཞགཐུན་རེ་རེ་ལ་ཡང་དེ་ཉིད་ཡང་ནས་ཡང་དུ་སྒོམ་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ། ལས་གྱི་ངོ་བོ་རིམ་པ་གཉིས། ལམ་གྱི་བོགས་འདོན་སྤྱོད་པ། གྲོགས་དམ་ཚིག འབྲས་བུ་དངོས་གྲུབ་རྣམས་གཉིས་སོ། །དང་པོ་ལ་གཉིས་ལས། དང་པོ་དམིགས་ཐུན་གྱི་ངེས་པ་ནི། སྔོན་འགྲོ་ལ་གསུམ། དྲན་པ་གཅིག་པ་ལ་དམིགས་པ་གཅིག་ལ་ཐུན་སུམ་ཅུ་རྩ་ལྔ། རྟོག་པའི་རྣལ་འབྱོར་ལ་དམིགས་པ་གཉིས་ལ་དམིགས་སྐོར་བཅུ་དྲུག ལུས་དབེན་ལ་དམིགས་པ་དགུ། ངག་དབེན་ལ་དམིགས་པའི་གཙོ་བོ་བཅུ་ལ་དམིགས་སྐོར་བཞི་བཅུ་ཞེ་བདུན། སེམས་དབེན་ལ་བཞི། སྒྱུ་ལུས་ལ་བརྒྱད། འོད་གསལ་ལ་ཉེར་ལྔ། ཟུང་འཇུག་ལ་གཉིས་ཏེ་སྤྱིར་དམིགས་ཆེན་ཞེ་བདུན། དམིགས་སྐོར་བརྒྱ་དྲུག་ཅུ་རེ་གཅིག་གོ །གཉིས་པ་དེ་དག་སྒོམ་ཚུལ་ནི་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱི། དང་པོ་ལ་དྲན་པ་གཅིག་པ་དང༌། རྟོག་པའི་རྣལ་འབྱོར་རོ། །དང་པོ་ནི། སྐྱབས་འགྲོ་ནས་བརྩམས་ཏེ། བཟླས་པའི་བར་དུ་མངོན་རྟོགས་ལྟར་དམིགས་པ་རྩེ་གཅིག་ཏུ་བསྒོམས་ལ། དང་པོར་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་རྒྱལ་པ་མི་བསྐྱོད་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པ་ལ་སེམས་
གཟུང༌། དེ་ནས་ཤར་གྱི་རྣམ་སྣང་ནས། འོག་ཏུ་གནོད་མཛེས་ཀྱི་བར་ལྷ་རེ་རེ་ལ་སེམས་འཛིན་ཏེ། མཐར་ལྷ་སུམ་ཅུ་རྩ་གཉིས་ལ་གཅིག་ཅར་སེམས་འཛིན་ནོ། །སོ་གསུམ་མོ། །དེ་ནས་གཞལ་ཡས་ཁང་ལ་སེམས་འཛིན་ཏེ་སོ་བཞི། དེ་ནས་སྣོད་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཐམས་ཅད་རྒྱལ་བ་མི་བསྐྱོད་རྡོ་རྗེའི་སྐུར་བསམ་སྟེ་སོ་ལྔའོ། །འདིའི་སྐབས་ཐུན་དང་པོ་ལ་མངོན་རྟོགས་རྫོགས་པར་བསྒོམས། ཐུན་མཚམས་ལ་འཇུག་པའི་ཚེ། དཀྱིལ་འཁོར་མ་བསྡུས་པར་གཙོ་བོའི་ཐུགས་ཀ་ནས་སྐུ་གཉིས་པ་ཞིག་ཆད་ལ། ཕྱི་རོལ་གྱི་བྱ་བ་རྣམས་ལ་གནས་པར་བསམ། ཐུན་གཉིས་པ་དང་གསུམ་པ་ལ། རང་ཉིད་ཤར་སྒོ་ནས་ཞུགས་ཏེ། དབུས་ཀྱི་གཙོ་བོ་ལ་ཐིམ་དེ་ནས་ལྷ་སྐུ་ལ་སེམས་འཛིན་ཞིང༌། ཐུན་མཚམས་གོང་དུ་འདྲའོ། །ཐུན་ཐ་མ་ལ། གཞན་དེ་ཉིད་དང་འདྲ་བ་ལས་ཐུན་བསྡུ་བའི་ཚེ། དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྡོ་རྗེའི་ལམ་ནས་སྙིང་གར་བསྡུས། གཙོ་བོའི་ང་རྒྱལ་གྱིས་ཉལ་བར་བྱའོ། །གཉིས་པ་རྟོག་པའི་རྣལ་འབྱོར་ནི། བད་ཀན་ཤས་ཆེ་ན་སྟེང་སྒོ་ལ་བརྟེན་པ་དང༌། རླུང་ཤས་ཆེ་ན་འོག་སྒོ་ལ་བརྟེན་པ་དང༌། འཁྲིས་པ་ཤས་ཆེ་ན་གཉིས་ཀ་ལ་བརྟེན་པའོ། །དང་པོ་ནི་རང་ཉིད་མི་བསྐྱོད་རྡོ་རྗེར་གསལ་བའི་སྣ་རྩེའི་ནང་དུ་ཟླ་བའི་སྟེང་དུ་ཧཱུཾ་སྔོན་པོ་ལ་སེམས་རྩེ་གཅིག་ཏུ་འཛིན་ཏེ། དམིགས་སྐོར་གཅིགཡང་དེ་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར་པ་ལ་སེམས་འཛིན་ཏེ། དམིགས་སྐོར་གཉིས། དེ་ལ་སེམས་བརྟེན་ན། ལྷ་གྲངས་དང་མཉམ་པའི་ཐིག་ལེ་ལྷ་སོ་སོའི་ཁ་དོག་ཅན་ལ་སེམས་འཛིན། དེ་བཞིན་དུ་ས་བོན་དང་
ཕྱག་མཚན་སོ་གཉིས་ལ་སེམས་འཛིན། དམིགས་སྐོར་རེ་རེ་སྟེ་ལྔའོ། །དེ་དག་ལ་སེམས་རྩེ་གཅིག་ཏུ་བརྟན་པར་གྱུར་ན། སྣ་རྩེར་ཐིག་ལེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་བསྒོམས་ལ། ཐིག་ལེའམ། ས་བོན་ནམ། ཕྱག་མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་སེམས་འཛིན་ཏེ། དེ་གསུམ་སོ་སོར་བགྲངས་པས་བརྒྱད་དོ། །དེ་དག་ལ་སེམས་བརྟན་པ་ཐོབ་ན། རྟོག་པའི་རྣལ་འབྱོར་ཚད་དུ་ཕྱིན་པ་ཡིན་ནོ། །གཉིས་པ་ནི། རང་རྒྱལ་བ་མི་བསྐྱོད་རྡོ་རྗེར་གསལ་བའི་གསང་བའི་སྣ་རྩེར་ཧཱུཾ་ཡུངས་འབྲུ་ཙམ་ལ་སེམས་རྩེ་གཅིག་ཏུ་གཟུང་སྟེ་གཅིག།དེ་ལ་སེམས་ཅུང་ཟད་བརྟན་ན། དེ་ཉིད་ཐིག་ལེར་ཞུ་བ་ལ་སེམས་གཏད་དེ་དམིགས་སྐོར་གཉིས་དེ་བརྟན་ན་ཐིག་ལེའི་དབུས་སུ་ས་བོན་སྒོམ་སྟེ་དམིགས་སྐོར་གསུམ། དེ་ཡང་བརྟན་ན། དེ་ལས་རྡོ་རྗེ་སོགས་ཕྱག་མཚན་དུ་སོང་བ་ལ་སེམས་གཟུང་སྟེ་བཞི། དེ་ལ་བརྟན་ན། ལྷ་གྲངས་དང་མཉམ་པའི་ས་བོན་དང་ཕྱག་མཚན་གྱི་བར་དུ་སྔར་བཞིན་བསྒོམས་ཏེ་ལྔ། དེ་རྣམས་ལ་ཡང་སེམས་བརྟན་ན། ཤེས་རབ་ཀྱི་གསང་བའི་སྣ་རྩེར་སྤྲོས་ལ། དཀྱིལ་འཁོར་དཔག་ཏུ་མེད་པར་གྱུར་ནས་སྤྲོ་བ་སྟེ་དྲུག་གོ །ཐིག་ལེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ནས་སྤྲོ་བ་ལ་སོགས་པ་སྤྲོ་བསྡུ་གཉིས་པོ་ཟད་མི་ཤེས་པའི་བར་དུ་བྱ་སྟེ་བདུན་ནོ། །འདི་ཐམས་ཅད་ལ་སེམས་བརྟན་པའི་ཚད་ནི། རེག་མཐོང་གི་མཚན་མ་རྙེད་པའོ། །གསུམ་པ་ནི། གཉིས་པོ་སྤེལ་གྱིན་སྒོམ་པ་ཡིན་ཀུན་གྲིལ་བས་བཅུ་དྲུག་གོ །སློབ་མ་བཀྲི་བའི་རིམ་པ་ལ་ནི། གེགས་མི་སྡང་བའི་དགོས་པ་ཆེན་པོ་ཡོད་པས་ནང་ཁམས་དང་བསྟུན་པ་འདི་
ཡང་ངེས་པར་དགོས་པའི་མན་ངག་ཡིན་ལ། སྤྱིར་རྣམ་རྟོག་ཤས་ཆེ་ན་སྟེང་སྒོ་ལ་དམིགས་པ་དང༌། ཉོན་མོངས་ཤས་ཆེ་བའི་ཚེ་འོག་སྒོ་ལ་དམིགས་པ་ཡིན་ཏེ། གཙོ་བོར་འདི་བཞིན་དུ་བཀྲི་བར་བྱའོ།། །།གཉིས་པ་རྫོགས་པའི་རིམ་པ་ལ། རྡོ་རྗེའི་བཟླས་པའི་རིམ་པ། སེམས་ལ་དམིགས་པའི་རིམ་པ། སྒྱུ་ལུས་བདག་བྱིན་བརླབས་པའི་རིམ་པ། འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ། ཟུང་འཇུག་མི་གནས་པའི་མྱང་འདས་ཀྱི་རིམ་པ་སྟེ་ལྔའམ། དང་པོ་ལ་གཉིས་སུ་ཕྱེ་ནས། དྲུག་ཏུ་མཛད་པ་ལྟར་ན། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་འཁྲིད་རྣམས་ཡོད་པ་ལས། དང་པོ་ལ། གཟུགས་ཀྱི་ལུས་དབེན། རང་བཞིན་གྱི་ལུས་དབེན། རྣམ་ཤེས་ཀྱི་ལུས་དབེན། ཏིང་ངེ་འཛིན་གྱི་ལུས་དབེན་ཏེ་བཞི་ལས། དང་པོ་ནི། ལུས་ཤ་ཁྲག་ལ་སོགས་པ་མི་གཙང་བའི་ཁམས་སུམ་ཅུ་རྩ་དྲུག་ཚོགས་པའི་ཕུང་པོར་སྣང་ཙམ་ལ་སེམས་གཏད་དེ་འཇོག་པའོ། །གཉིས་པ་ནི། ལུས་སེམས་སུ་སྣང་བ་འདི་ནི་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུགཡུལ་ལྔ། ཡེ་ཤེས་ལྔ་སོགས་རྣམ་པ་སྣ་ཚོགས་པ་སིལ་བུར་གནས་པ་ལས། རྟག་གཅིག་རང་དབང་ཅན། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱས་ལ་མཉམ་པར་འཇོག་པའོ། །གསུམ་པ་ནི། ཡུལ་དང་དབང་པོ་འཕྲད་པ་ལས་རྣམ་པར་ཤེས་པ་འབྱུང་བར་སྣང་ཡང༌། ཕྱི་ཡུལ་རྡུལ་ཕྲ་རབ་ཏུ་བཤིག་ན་མཐར་མཐའ་མེད་དུ་སོང་བས་དམིགས་སུ་མེད། དེ་བཞིན་དུ་དབང་པོ་རྣམས་ཀྱང་བཤིག་ན་དམིགས་སུ་མེད། རྣམ་པར་ཤེས་པ་ཉིད་ཀྱང་ཕྱི་
ནང་གང་ན་ཡང་མ་དམིགས། ཁ་དོག་དབྱིབས་སོགས་གང་དུ་ཡང་མ་གྲུབ་པས། ཕྱི་ནང་བར་གསུམ་སྟོང་ཉིད་མཐའ་བྲལ་དུ་གྱུར་པ་ལ་མཉམ་པར་བཞག་གོ །དེ་རྣམས་ནི་རིམ་པས་ལུས་ལ་གཙང་ཞེན་ དང༌། བདག་ཏུ་འཛིན་པ་དང༌། གཟུང་འཛིན་བདེན་པར་འཛིན་པའི་གཉེན་པོ་སྟེ། ལུས་དབེན་གྱི་སྔོན་འགྲོ་ཡིན་ནོ། །བཞི་པ་ལ། དམ་པ་རིགས་བརྒྱའི་ལུས་དབེན། རྒྱལ་བ་རིགས་ལྔའི་ལུས་དབེན། གསང་བ་རིགས་གསུམ་གྱི་ལུས་དབེན། གསང་ཆེན་རིགས་གཅིག་གི་ལུས་དབེན་ནོ། །དང་པོ་ལ། ཐོག་མར་ཕུང་ཁམས་བརྒྱ་དམ་པ་རིགས་བརྒྱར་དག་ཚུལ་ཤེས་པ་གལ་ཆེ་བས། དེ་རྣམས་མདོར་བསྡུས་སུ་བརྗོད་ན། སྤྱིར་གཟུགས་ཕུང་གི་ཚོགས་རྣམ་པར་སྣང་མཛད་དུ་བསྒོམ། དེའི་ཡང་སོ་སོར་ཕྱི་ནས། དབྱིབས་ཀྱི་གཟུགས་རྣམ་སྣང་གི་རྣམ་སྣང། བདག་གཞན་རི་དང་ཤིང་སོགས་ཁ་དོག་དང་དབྱིབས་དང་ཡུལ་ལྔ་ཀུན་འདུས་པ་རྣམ་པའི་གཟུགས་རིན་འབྱུང༌། ཁ་དོག་གི་གཟུགས་སྣང་མཐའ། ཉི་ཟླའི་འོད་སོགས་སྣང་བའི་གཟུགས་དོན་གྲུབ། རིག་བྱེད་མ་ཡིན་པ་སྟེ་གཟུགས་ཀྱི་རྣམ་པ་ཡིད་ལ་ཤར་བ་རང་རིག་པའི་གཟུགས་ན་མི་བསྐྱོད་པར་བསྒོམ། ཚོར་བའི་ཚོགས་རིན་འབྱུང༌། དེའི་ཡང་མཁྲིས་པ་ལས་བྱུང་བའི་ཚོར་བ་མི་བསྐྱོད་པ། བད་རླུང་ལས་སྐྱེས་པ་རིན་འབྱུང༌། བདེ་བའི་ཚོར་བ་སྣང་མཐའ། སྡུག་བསྔལ་གྱི་ཚོར་བ་དོན་གྲུབ། ཚོར་བ་བཏང་སྙོམས་རྣམ་སྣང་དུ་བསྒོམ། འདུ་ཤེས་ཀྱི་ཕུང་པོའི་ཚོགས་སྣང་མཐའ། དེའི་ཡང་རྐང་གཉིས་པའི་འདུ་ཤེས་མི་བསྐྱོད་པ། རྐང་བཞི་པའི་
འདུ་ཤེས་རིན་འབྱུང༌། རྐང་མེད་འདུ་ཤེས་སྣང་མཐའ། རྐང་མངས་ཀྱི་འདུ་ཤེས་དོན་གྲུབ། སྣོད་ལྟར་མི་གཡོ་ཞིང་མི་འགྱུར་པའི་འདུ་ཤེས་རྣམ་སྣང་དུ་བསྒོམ། དེ་རྣམས་ཀྱི་དང་པོ་གཞི་སེམས་ཅན་དེ་དང་དེའི་འདུ་ཤེས་དང༌། ཕྱི་མ་གཟུགས་མེད་ཁམས་ལ་འཆད་པ་དང༌། ཡང་དང་པོ་གཞི་སེམས་ཅན་དེ་དག་ཏུ་འཛིན་པ་དང༌། ཕྱི་མ་སྣོད་ཀྱི་འཇིག་རྟེན་དུ་འཛིན་པ་ལ་འཆད་པ་དང༌། རིམ་པ་བཞིན་མཐར་གཉིས་སུ་འཛིན་པ་དང༌། མཐའ་བཞི་ལ་བརྟེན་པ་དང༌། རང་གི་མཚན་ཉིད་གཅིག་པུར་འཛིན་པ་དང༌། ཁྱད་ཆོས་མང་པོར་འཛིན་པ་དང༌། སྟོང་པར་འཛིན་པ་རྣམས་ལའང་འཆད་པ་དེ་ཐམས་ཅད་རུང་བར་མངོན་པས་གང་རུང་གཅིག་ལ་བསྒོམ་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོའི་ཚོགས་དོན་གྲུབ། དེའི་ལུས་ཀྱི་འདུ་བྱེད་རྣམ་སྣང༌། ངག་གི་འདུ་བྱེད་སྣང་མཐའ། ཡིད་ཀྱི་འདུ་བྱེད་མི་བསྐྱོད་པ། ཁམས་གསུམ་དུ་སྐྱེ་བའི་ལས་ཀྱི་འདུ་བྱེད་རིན་འབྱུང༌། ཐར་པའི་ལམ་གྱི་འདུ་བྱེད་དོན་གྲུབ་ཏུ་བསྒོམས། རྣམ་ཤེས་ཀྱི་ཕུང་པོའི་ཚོགས་མི་བསྐྱོད་པ། དེའི་ཡང་མིག་གི་རྣམ་ཤེས་རྣམ་སྣང༌། རྣ་བའི་རྣམ་ཤེས་རིན་འབྱུང༌། སྣའི་རྣམ་ཤེས་སྣང་མཐའ། ལྕེའི་རྣམ་ཤེས་དོན་གྲུབ། ལུས་ཀྱི་རྣམ་ཤེས་མི་བསྐྱོད་པར་བསྒོམ་མོ། །སའི་ཁམས་ཀྱི་ཚོགས་སངས་རྒྱས་སྤྱན། དེའི་ཡང༌། སྐྲ། རུས་པ། ཕྱི་ས། མཆིན་པ། སྙིང༌། ཕྱིའི་རི་རབ་རྣམས་སྤྱན་མའི་རྣམ་སྣང༌། སྤུ། སེན་མོ། རྣག སྙིང༌། ཕྱིའི་འཛམ་བུའི་གླིང་རིན་འབྱུང༌། སོ། ལྤགས་པ། ཤ་སྙིང༌། ཕྱིའི་བ་ལང་སྤྱོད་སྣང་མཐའ། རུས་པ། ཤ། རྩིབ་མ།
སྙིང༌། ཕྱིའི་སྒྲ་མི་སྙན་དོན་གྲུབ། དྲི་མ། རྒྱུ་མ། མཁྲིས་པ། སྙིང༌། ཕྱིའི་ལུས་འཕགས་པོ་མི་བསྐྱོད་པར་བསྒོམས། ཆུའི་ཁམས་ཀྱི་ཚོགས་མཱ་མ་ཀི དེའི་ཡང་བད་ཀན་དང༌། མཆི་མ་དང་ཕྱིའི་འབབ་ཆུ་རྣམ་སྣང༌། གཅིན་དང༌། ཕྱིའི་རྒྱ་མཚོའི་ཆུ་མི་བསྐྱོད་པ། རྡུལ་དང༌། ཕྱིའི་ཆུ་བོའི་ཆུ་རིན་འབྱུང༌། ཁྲག་དང༌། ཕྱིའི་བཀོད་པའི་ཆུ་སྣང་མཐའ། ཁ་ཆུ་དང༌། ཕྱིའི་ལྟེང་ཀའི་ཆུ་དོན་གྲུབ་ཏུ་བསྒོམ། མེའི་ཁམས་ཀྱི་ཚོགས་གོས་དཀར་མོ། དེའི་ཡང་མགོ་བོའི་དྲོད་དང༌། ཕྱིའི་རྡོ་ལས་བྱུང་བའི་མེ་རྣམ་ སྣང༌། སྙིང་གའི་དྲོད་དང༌། ཕྱིའི་རྒྱུན་བཞག་གི་མེ་མི་བསྐྱོད་པ། ལྟེ་བའི་དྲོད་ དང༌། ཕྱིའི་མེ་ཤེལ་སོགས་ཀྱི་མེ་རིན་འབྱུང༌། ཡན་ལག་གི་དྲོད་དང༌། ཕྱིའི་ཤིང་ལས་བྱུང་བའི་མེ་སྣང་མཐའ། ལྟོ་བའི་དྲོད་དང༌། ཕྱིའི་ནགས་ཀྱི་མེ་དོན་གྲུབ་ཏུ་བསྒོམ། རླུང་ཁམས་ཀྱི་ཚོགས་སྒྲོལ་མ། དེའི་ཡང་སྲོག་རླུང་སྙིང་ལ་གནས་པ་དང་ཕྱིའི་ཤར་གྱི་རླུང་མི་བསྐྱོད་པ། ཐུར་སེལ་འདོམས་ན་གནས་པ་དང་ལྷོའི་རླུང་རིན་འབྱུང༌། གྱེན་རྒྱུ་ལྐོག་མར་རྒྱུ་བ་དང་ནུབ་ཀྱི་རླུང་སྣང་མཐའ། མེ་མཉམ་ལྟེ་བར་གནས་པ་དང་བྱང་གི་རླུང་དོན་གྲུབ། ཁྱབ་བྱེད་ཚིག་ས་ཐམས་ཅད་ལ་གནས་པ་དང་སྟེང་གི་རླུང་རྣམ་སྣང་དུ་བསྒོམ། མིག་གི་སྐྱེ་མཆེད་ཀྱི་ཚོགས་སའི་སྙིང་པོ། དེའི་ཡང་རྒུན་འབྲུམ་གྱི་ཚད་ཙམ་གྱི་མིག་དབང་སའི་སྙིང་གི་མི་བསྐྱོད་པ། མིག་འབྲས་དཀར་པོའི་རང་བཞིན་རིན་འབྱུང༌། ཟུར་གྱིས་བལྟ་བའི་གཟུགས་སྣང་མཐའ། མིག་གི་རྣམ་པར་གཡོ་བ་དོན་གྲུབ། གཟུགས་གསུམ་འཛིན་པ་རྣམ་སྣང་དུ་བསྒོམ། རྣ་བའི་སྐྱེ་མཆེད་ཀྱི་ཚོགས་ཕྱག་ན་རྡོ་རྗེ། དེའི་ཡང་གྲོ་ག་གཅུས་
ཏེ་བཅད་པ་ལྟ་བུའི་རྣ་དབང་མི་བསྐྱོད་པ། རྣ་བའི་རང་བཞིན་རྣམ་སྣང༌། རྣ་བའི་བུ་ག་སྣང་མཐའ། རྣ་བའི་རྩ་བ་དོན་གྲུབ། སྒྲ་གསུམ་འཛིན་པ་རིན་འབྱུང་དུ་བསྒོམ། སྣའི་སྐྱེ་མཆེད་ཀྱི་ཚོགས་ནམ་མཁའི་སྙིང་པོ། དེའི་ཡང་མི་སྨན་གྱི་ཐུར་མ་བཤིགས་པ་ལྟ་བུའི་སྣ་དབང་མི་བསྐྱོད་པ། སྣའི་རང་བཞིན་རྣམ་སྣང༌། ནང་གི་དབུས་རིན་འབྱུང༌། སྣ་བུག་གི་ཁུང་དོན་གྲུབ། དྲི་གསུམ་འཛིན་པ་སྣང་མཐར་བསྒོམ། ལྕེའི་སྐྱེ་མཆེད་ཀྱི་ཚོགས་འཇིག་རྟེན་དབང་ཕྱུག དེའི་ཡང་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་ལྕེ་དབང་མི་བསྐྱོད་པ། ལྕེའི་རང་བཞིན་རྣམ་སྣང༌། ལྕེའི་རྩ་བ་རིན་འབྱུང༌། ལྕེའི་རྩེ་མོ་སྣང་མཐའ། རོ་གསུམ་འཛིན་པ་དོན་གྲུབ་ཏུ་བསྒོམ། ལུས་ཀྱི་སྐྱེ་མཆེད་ཀྱི་ཚོགས་སྒྲིབ་སེལ། དེའི་ཡང་ལུས་དབང་རྣམ་སྣང༌། རུས་པའི་རང་བཞིན་རིན་འབྱུང༌། ཤའི་རང་བཞིན་སྣང་མཐའ། ལྤགས་པའི་རང་བཞིན་དོན་གྲུབ། རེག་གསུམ་འཛིན་པ་མི་བསྐྱོད་པར་བསྒོམ། ཡིད་འཇམ་དཔལ་གྱི་ཏིང་ངེ་འཛིན་ནི། ལུས་ཀྱི་ནང་ན་སྣང་བའི་རྣམ་པར་ཤེས་པ་གསུམ་པོ་དེ་ནི་ཡིད་ཀྱི་དབང་པོ་སྟེ། དབང་པོ་ཐམས་ཅད་ཀྱི་བདག་པོ་ཡིན། སོ་སོ་རང་རིག་པ་ཡིན་པས། ཕྱིའི་ཡུལ་ནི་མེད་ཀྱི། ཆོས་དབྱིངས་ཡུལ་དུ་བྱས་ནས། ལམ་དུས་ཀྱི་ཡེ་ཤེས་ལྔར་འཆར་བ་འཇམ་དཔལ་དུ་བསྒོམ། དེའི་ཡང་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན། དངོས་པོ་མ་ལུས་པ་རྣམས་ཅིག་ཅར་དུ་ཡོངས་སུ་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་རྣམ་སྣང་དུ་བསྒོམ། རྐང་མེད་དང་རྐང་གཉིས་དང་རྐང་མངས་ཀྱི་སེམས་ཅན་རྣམས་ཀྱང་སེམས་ཙམ་མོ་ཞེས་རྣམ་པ་གཅིག་ཏུ་
རྟོགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རིན་འབྱུང༌། ཕུང་པོ་དང་ཁམས་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམས་སོ་སོར་རྣམ་པར་ཕྱེ་སྟེ། རྣམ་པར་བརྟགས་ན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཤེས་ནས། ཆོས་ཐམས་ཅད་ཀྱི་ཆ་ཤས་ནི་འདི་དག་གོ་ཞེས་པདྨའི་འདབ་མ་ལྟར་སོ་སོར་རྟོག་ཀྱང་རྟོག་པ་མེད་པས་གནས་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་སྣང་མཐའ། བདག་དང་གཞན་གྱི་བྱ་བ་ལུས་དང་ངག་དང་ཡིད་ཀྱི་ལས་རྫོགས་པར་བྱེད་པའི་ངོ་བོ་ཉིད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དོན་གྲུབ། ལུས་དང་ངག་དང་ཡིད་ཀྱི་སྒྲིབ་པ་དག་ཅིང༌། ལས་དང་ཉོན་མོངས་པ་ལས་གྲོལ་ཏེ། དགེ་བ་དང་མི་དགེ་བའི་བག་ཆགས་རྣམ་པར་སྦྱངས་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ་མི་བསྐྱོད་པར་བསྒོམ། ཡང་ན་གཞི་དུས་ཀྱི་ཡེ་ཤེས་ལྔ་པོ་དེ་བཞིན་གཤེགས་པ་ལྔར་མོས་པ་བྱ་སྟེ། ཡིད་འཇམ་གྱི་ཏིང་ངེ་འཛིན་ནོ། །ལྡང་ཞིང་རྒྱུ་བའི་རླུང་མིག་གི་སྐྱེ་མཆེད་ལ་བརྟེན་ནས་གཟུགས་རྣམ་པ་ལྔའི་བྱ་བ་རྫོགས་པར་བྱེད་པ་གཟུགས་རྡོ་རྗེ་མར་བསྒོམ། དེའི་ཡང་སྣང་བ་དང༌། སྒྲིབ་གཡོགས་མེད་པ་དང་ཡིད་ལ་བྱེད་པ་དང༌། མིག་གི་དབང་པོའི་ཚོགས་པ་དང་ལྡན་པའི་རྒྱུ་ལས་གཟུགས་ཀྱི་ཡུལ་རྣམས་མཐོང་བ་གཟུགས་རྡོ་རྗེ་མའི་རྣམ་སྣང༌། འགྱིང་བག་དང་རྣམ་པར་རོལ་པ་དང་སྒེག་པའི་གཟུགས་མི་བསྐྱོད་པ། རྗེས་སུ་ཆགས་པའི་གཟུགས་རིན་འབྱུང་ཡིད་དུ་འོང་མི་འོང་བཏང་སྙོམས་ཀྱི་འདུ་ཤེས་འཇུག་པའི་གཟུགས་སྣང་མཐའ། བྱ་བ་བྱེད་པའི་གཟུགས་དོན་གྲུབ་ཏུ་བསྒོམ། རྣམ་པར་རྒྱུ་བའི་རླུང་རྣ་བའི་སྐྱེ་མཆེད་ལ་བརྟེན་ཏེ་སྒྲ་རྣམ་པ་ལྔའི་བྱ་བ་བྱེད་པ་སྒྲ་རྡོ་རྗེ་མ།
དེའི་ཡང་རྣ་བའི་ནང་གི་སྒྲ་དང་མགོ་དང་སྐྲའི་སྒྲ་རྣམ་སྣང༌། གླུ་དང་རྒྱུད་ཀྱི་སྒྲ་རིན་འབྱུང༌། དཀན་དང་མཆུ་དང་ངག་གི་སྒྲ་སྣང་མཐའ། ནགས་ཚལ་དང་ཆུ་བོ་དང་སེ་གོལ་དང་ཐལ་མོ་དང་རྫ་རྔ་ལ་སོགས་པ་རོལ་མོའི་སྒྲ་དོན་གྲུབ། ཡི་གེ་ཧཱུཾ་ཞི་བ་དང༌། དྲག་པོའི་སྒྲ་མི་བསྐྱོད་པར་བསྒོམ། རབ་ཏུ་རྒྱུ་བའི་རླུང་ལྕེའི་སྐྱེ་མཆེད་ལ་བརྟེན་ནས་རོ་རྣམ་པ་ལྔའི་བྱ་བ་བྱེད་པ་རོ་རྡོ་རྗེ་མ། དེའི་ཡང་རོ་མངར་བ་རྣམ་སྣང༌། བསྐ་བ་རིན་འབྱུང༌། ཚ་བ་སྣང་མཐའ། ཁ་བ་མི་བསྐྱོད་པ། ལན་ཚྭ་བ་དང་སྐྱུར་བ་ལ་སོགས་པ་རོ་དྲུག་གི་བྱེ་བྲག་དོན་གྲུབ་ཏུ་བསྒོམ། ངེས་པར་རྒྱུ་བའི་རླུང་ལུས་ཀྱི་སྐྱེ་མཆེད་ལ་བརྟེན་ནས་རེག་བྱ་རྣམ་པ་ལྔའི་བྱ་བ་བྱེད་པ་རེག་རྡོ་རྗེ་མ། འདིའི་ཡང་གཏན་གཅིག་ལ་གནས་པའི་རེག་བྱ་རྣམ་སྣང༌། འཁྱུད་པའི་རེག་བྱ་རིན་འབྱུང༌། འོ་བྱེད་རིག་བྱ་སྣང་མཐའ། རྔུབ་པའི་རེག་བྱ་དོན་གྲུབ༌། བྷ་ག་དང་ལིངྒ་སྦྱོར་བའི་རེག་བྱ་མི་བསྐྱོད་པར་བསྒོམ། དེ་ལྟར་ན་ཕུང་པོ་ལ་ཉེར་ལྔ། ཁམས་ལ་ཉི་ཤུ། སྐྱེ་མཆེད་ལ་ཡེ་ཤེས་ལྔ་དང་བཅས་པས་སུམ་ཅུ། ཡུལ་ལ་ཉེར་ལྔ་སྟེ་རིགས་བརྒྱའོ། །དེ་ལ་ཕྱིའི་འབྱུང་བཞི་རྣམས་ཕྱི་ནང་དག་སྦྱོར་གྱི་དབང་དུ་བྱས་ནས། ནང་གི་འབྱུང་བཞི་སོགས་ལ་འདུས་པར་སྒོམ་པ་ཡིན་ལ། དེ་ཡང་རྟོག་པའི་རྣལ་འབྱོར་ཡན་ཆད་ཀྱི་བསྐྱེད་རིམ་ཕྲ་རགས་ཐམས་ཅད་ལ་བརྟན་པ་ཐོབ་པའི་དབང་དུ་བྱས་ནས། རིགས་བརྒྱ། རིགས་ལྔ། རིགས་གསུམ་སྟེ། ལུས་དབེན་དང་པོ་གསུམ་པོ་སྤྲོས་པ་རྒྱ་ཆེན་པོ་སླར་བསྡུ་པའི་ཚུལ་གྱི་རིམ་པས་སྒོམ་པ་ཡིན་པར་འགོས་པ་རྣམས་འདོད་པ་དང་མན་ངག་ཏུ་ལས་དང་པོ་པ་ལ་མོས་སྒོམ་རྗེས་མཐུན་པའི་དབང་དུ་བྱས་ནས་ལས་དང་པོ་ལ་རིམ་ལྔའི་
ཁྲིད་འདེབས་པའམ། སྤྲོས་པ་ལ་མི་དགའ་བ་རྣམས་ནི་ཐོག་མ་ནས་གསང་ཆེན་རིགས་གཅིག་ལ་འཇུག་པར་བྱའོ་ཞེས་འདོད་ལ། སྔར་བསྐྱེད་རིམ་ལ་གསལ་སྣང་ཐོབ་ཟིན་པའི་དབང་དུ་བྱས་ནས། ཕུང་ཁམས་སོགས་ཕྱི་ནང་གི་ཆོས་དེ་དང་དེ། ལྷ་དེ་དང་དེ་རྣམས་ཡིན་པར་ངོ་ཤེས་ཙམ་བྱས་པས། ཞལ་ཕྱག་གི་རྣམ་པ་ཆེད་བཏད་མ་བསྒོམས་ཀྱང༌། དམ་པ་རིགས་བརྒྱ་ལ་སོགས་པའི་ལྷར་གསལ་སྣང་འབྱུང་བ་ལ་བསམས་ནས་འགོས་ལུགས་པ་རྣམས་སྨན་པ་མཁས་པས་སློབ་མ་ལ་སྨན་ངོ་སྤྲོད་པ་ལྟར་ངོ་ཤེས་བྱས་པས་ཆོག་གི ཞལ་ཕྱག་ལ་སོགས་པ་བསྐྱེད་ཆོག་གིས་བསྐྱེད་མི་དགོས་པར་འདོད་དོ། །སྤྱིར་ལྷའི་རྣམ་པ་མ་བསྒོམས་ཀྱང༌། ལྷ་དེ་དང་དེའི་མོས་པ་བརྟན་པོ་བྱུང་ན། རྡོར་བཟླས་ཀྱི་བརྟེན་ཙམ་དུ་གྱུར་པའི་ལུས་དབེན་གྱི་གོ་ཆོད་པ་ཡོད་ཅིང༌། དེའི་ཕྱིར་ལུས་དབེན་འདི་བསྐྱེད་རྫོགས་རི་ཐང་མཚམས་པ་དང༌། བསྐྱེད་རིམ་གྱི་ཟབ་ཤོས་དང༌། རྫོགས་རིམ་གྱི་མ་མཐར་བཞེད་པ་སོགས་ཐམས་ཅད་འཁྲིད་ཚུལ་ཅུང་ཟད་མི་འདྲ་བའི་ཁྱད་པར་གྱིས་ཡིན་པས། མན་ངག་རིག་པ་རྣམས་ཀྱིས་དེ་དག་ཐམས་ཅད་ལ་འཁྲུལ་པ་མེད་པར་རྟོགས་སོ། །འོན་ཀྱང་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྔོན་དུ་མ་སོང་བར་འདི་སྒོམ་པ་ལ་ཡང༌། ཞལ་ཕྱག་གི་རྣམ་པ་ཅན་བསྐྱེད་ཆོག་གཞན་ལ་མ་བལྟོས་པར་སྐད་ཅིག་གིས་གསལ་འདེབས་པ་མན་ངག་གི་རྒྱུན་ལ་ཡོད་པ་ནི་ཤིན་ཏུ་ལེགས་ཤིང་ངེས་པར་དགོས་ལ། སྤྱིར་ལུས་དབེན་གྱི་རིམ་པའི་རྟོགས་པ་བསྐྱེད་པ་ལ། བདེ་སྟོང་ལས་རང་ཤར་བའི་ལྷ་སྐུའི་རྣམ་པ་ངེས་པར་དགོས། རིགས་བརྒྱ་རིགས་ལྔ་རིགས་གསུམ་
རིགས་གཅིག་རྣམས་ཀྱང་ལྷ་མང་ཉུང་ཙམ་ཀ་མ་ཡིན་པ་ལམ་མཐོ་དམའི་ཁྱད་ཆེན་པོ་ཡོད་པ་ཤེས་དགོས་སོ། །འདིར་རྗེས་མཐུན་ལམ་བྱེད་ལྟར་ན་རྣམ་པར་སྣང་མཛད་རིགས་ལྔ་ཅར་རིགས་ཆེན་གྱི་དབང་དུ་བྱས་ནས་སྐུ་མདོག་གཞི་དཀར་བ་ལ་རིགས་ཆུང་གི་དབང་དུ་བྱས་ནས། སོ་སོའི་མདངས་ཀྱིས་བརྒྱན་པ་སྟེ། གཟུགས་ཕུང་ལ་མཚོན་ན་རྣམ་སྣང་གི་རྣམ་སྣང་ཤིན་ཏུ་དཀར་བ། རྣམ་སྣང་གི་མི་བསྐྱོད་པ་དཀར་ལ་སྔོ་མདངས་ཅན། རྣམ་སྣང་གི་རིན་འབྱུང་དཀར་ལ་སེར་མདངས་ཅན། རྣམ་སྣང་གི་སྣང་མཐའ་དཀར་ལ་དམར་མདངས་ཅན། རྣམ་སྣང་གི་དོན་གྲུབ་དཀར་ལ་ལྗང་མདངས་ཅན་ནམ། ཡང་ན་སྐུ་མདོག་རིགས་ལྔ་སོ་སོའི་ཁ་དོག་ཅན་དུ་བསྒོམ་ཀྱང་རུང་སྟེ། གང་ལྟར་ཡང་ཕྱག་མཚན་ངེས་པ་མངོན་རྟོགས་ལྟར་རྣམ་སྣང་གི་ཕྱག་མཚན་ཅན་ལྔར་བསྒོམ་མོ། །དེས་གཞན་རྣམས་ཡང་རིགས་འགྲེའོ། །གཉིས་པ་ནི། རིགས་ཆུང་གཙོ་ཆེ་བའི་དབང་དུ་བྱས་པའི་རྣམ་སྣང་གི་རིགས་ཉི་ཤུ་རྣམ་སྣང་དངོས་དང༌། མི་བསྐྱོད་པའི་རིམ་ཉི་ཤུ་མི་བསྐྱོད་པ་དངོས་དང༌། རིན་འབྱུང་གི་རིགས་ཉི་ཤུ་རིན་འབྱུང་དངོས་དང༌། འོད་དཔག་མེད་ཀྱི་རིགས་ཉི་ཤུ་འོད་དཔག་མེད་དངོས་དང༌། དོན་གྲུབ་ཀྱི་རིགས་ཉི་ཤུ་དོན་གྲུབ་དངོས་སུ་སྐད་ཅིག་གིས་ཞལ་ཕྱག་མངོན་རྟོགས་ལྟར་གསལ་བཏབ་ནས། མོས་པ་དྲག་ཏུ་སྦྱངས་ཤིང༌། མཐར་དེར་སྣང་ཙམ་པ་མཉམ་པར་འཇོག་པའོ། །གསུམ་པ་ནི། རིན་ཆེན་རིགས་དང་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་སྐུ་རྡོ་རྗེ་རྣམ་སྣང་དང༌། ལས་ཀྱི་རིགས་ཐམས་ཅད་དང་པདྨའི་རིགས་ཐམས་ཅད་གསུང་རྡོ་རྗེ་
འོད་དཔག་མེད་དང༌། མི་བསྐྱོད་པའི་རིགས་ཐམས་ཅད་དང༌། ཁྱབ་བྱེད་རྡོ་རྗེ་འཆང་ཐུགས་རྡོ་རྗེ་མི་བསྐྱོད་པ་འདུ་བས། རང་གི་ལུས་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་དང༌། ངག་གསུམ་རྡོ་རྗེ་འོད་དཔག་མེད་དམར་པོ་ཞལ་གསུམ་ཕྱག་དྲུག་པ། སེམས་ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པར་མོས་ཤིང༌། དེར་སྣང་བ་ལ་མཉམ་པར་འཇོག བཞི་པ་ལ་གསུམ་གྱི། དང་པོར་རིགས་གཅིག་ཏུ་བསྡུ་བ་ནི་ལུས་ངག་ཡིད་གསུམ་ངོ་བོ་དབྱེ་བ་མེད་པའི་ཕྱིར། རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་མོས་ལ་རྣམ་པ་སྔོ་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི །གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་པདྨ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བའི་སྐུར་ལམ་མེ་སྣང་བ་ལ་མཉམ་པར་བཞག་པས། ཇི་ཞིག་ལྟར་ན་རང་ལུས་རྡོ་རྗེ་འཆང་ཆེན་པོའི་སྐུར་རང་ངོ་ཤེས་པའི་ཚུལ་གྱིས་གསལ་སྣང་ཁྱད་པར་ཅན་རང་བབས་སུ་འབྱུང་ལ། དེ་ནས་ཞལ་གསུམ་ཕྱག་དྲུག་དེ་ཡང་བསྡུས་ཏེ་རྡོ་རྗེ་འཆང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་རིག་མ་ལ་འཁྱུད་པ། མཚན་དཔེ་རྫོགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ་ལ་སྒོམ་ཚུལ་སྔ་མ་ལྟར་བསྒོམ་མོ། །གཉིས་པ་སྤྲོ་བ་ནི།དེ་ཉིད་ལ་ཅུང་ཟད་བརྟན་པ་ཐོབ་པའི་ཚེ། སྣང་བ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་སྐུར་མོས་ཏེ་དེ་ལྟར་སྣང་བ་ཙམ་ལ་མཉམ་པར་བཞག གསུམ་པ་སྤོགས་ཆོག་ནི། རྡོ་
རྗེ་འཆང་ཞལ་གསུམ་ཕྱག་དྲུག་པའི་སྐུ་འདྲ་ཞལ་ཕྱག་གཡས་གཡོན་གོ་ལྡོག་པ་ཤིན་ཏུ་མཚར་བ་ཞིག་བྱས་ལ། དེའི་གཟུགས་བརྙན་མེ་ལོང་ལ་འཆར་བར་བྱས་ནས། དེ་ལ་ཡིད་དང་མིག་རྩེ་གཅིག་ཏུ་གཏད། དེ་མ་ཐག་མིག་བཙུམ་ནས། དེའི་རྣམ་པ་ཡིད་ཡུལ་དུ་ལམ་ལམ་ཤར་བ་ལ་མཉམ་པར་བཞག དེ་ལྟར་ཡང་དང་ཡང་དུ་བྱས་པས་གསལ་སྣང་ཐོབ་པར་འགྱུར་རོ།། །།གཉིས་པ་ངག་རྣམ་པར་དབེན་པ་ལ་ངག་དབེན་དངོས་དང་གེགས་སེལ་ཞར་བྱུང་ངོ༌། །དང་པོ་ལ་བེམ་པོར་སྣང་བའི་རླུང་རགས་པ་ལ་བསླབ་པ་དང༌། བེམ་པོར་སྣང་བའི་རླུང་ཕྲ་བ་ལ་བསླབ་པ་དང༌། གསལ་བའི་རླུང་རྣམ་ཤེས་དང་འདྲེ་བ་ལ་བསླབ་པ་དང༌། བཙན་ཐབས་རྡོ་རྗེའི་བཟླས་པ་བུམ་ཅན་དང་འབྲེལ་བ་སྟེ་བཞི་ལས། དང་པོ་ནི། སྐྱབས་སེམས་ལ་སོགས་པ་སྔོན་འགྲོ་རྣམས་བྱས་ལ། ལུས་རྣམ་སྣང་གི་ཆོས་བདུན་སྤྱི་དང་མཐུན། རང་ལུས་དབེན་ལྟར་རྡོ་རྗེ་འཆང་གི་སྐུར་གསལ་བའི་ལུས་ཀྱི་ནང་སྟོང་སེང་ངེ་བ་རྩ་གསུམ་འཁོར་ལོ་བཞི་སོགས་རྩ་ཐམས་ཅད་ཁོང་སྟོང་དུ་སང་ངེ་འདུག་པར་བསམས་ལ། རླུང་རོ་བསལ་བ་ལན་འགའ་ཟུང་བྱས་ཏེ། དངོས་གཞི་རྡོ་རྗེའི་བཟླས་པའི་སྐབས་འདིར། རླུང་འབྱུང་འཇུག་གནས་གསུམ་ཡི་གེ་འབྲུ་གསུམ་གྱི་གདངས་སུ་མོས་པ། རླུང་སྔགས་དབྱེར་མེད་དུ་ཤེས་པའི་སྒོ་ནས། ཨོཾ་གྱིས་རླུང་ནང་དུ་རྔུབས་པས། སྤྱི་བོ་ནས་རྐང་མཐིལ་དང་སོར་མོའི་བར་ཚུན་ཆད་ཀྱི། ཕྱིའི་ལུས་དང་ནང་རྩ་ཐམས་ཅད་རྐྱལ་པ་སྲུབས་མེད་རླུང་གིས་བུས་པ་བཞིན་ཏད་གི་ཁེངས་པར་བསམ་དེ་ཡང་རླུང་གི་འཇུག་མགྲིན་པ་མན་ཆད་དུ་སླེབ་
ནས་གནས་པའི་འགོ་རྩོམ་པ་ཡིན་ལ། དེ་ནས་ཅུང་ཟད་ཅིག་ཆེད་ཀྱིས་བཟུང་སྟེ་འབྱུང་འཇུག་ལས་བག་ཙམ་ཡུན་རིང་བར་བྱས་ལ། དེའི་ཚེ་ཨཱཿཞེས་དྲན་པར་བྱ་ཞིང༌། སྟེང་འོག་གི་རླུང་ཅུང་ཟད་ཁ་སྦྱོར་དུ་བྱའོ། །ཧཱུཾ་ཞེས་ཕྱིར་ཕྱུང༌། ཕྱི་ལུས་དང་ནང་རྩ་ཐམས་ཅད་སྟོང་སངས་ཀྱིས་སོང་བར་བསམ། རླུང་གི་འགོ་མགྲིན་པ་ཡན་ཆད་དུ་སོང་བ་ནས། ཕྱིར་འགྲོའི་འགོ་འཛིན་ནོ། །གལ་ཏེ་རླུང་གི་རྒྱུ་བ་མི་གསལ་ན། རས་བལ་སོབ་པོས་སྣང་བུག་ཅུང་ཟད་བཀག་ན་རྒྱུ་བ་གསལ་བས་དེ་ལྟར་བྱའོ། །རྡོ་རྗེ་གདན་གྱི་ནག་པོ་པ་དང་མཁས་པ་མངོན་ཤེས་ཅན་ནི་འདིའི་གནས་པའི་སྐབས་སུ་བུམ་ཅན་ཐུབ་ཚད་དུ་འཛིན་པར་བཞེད། བཙུན་མོ་ཅན་ལ་སོགས་པ་འདུས་པའི་མཁས་པ་གཞན་རྣམས་སྒོ་ང་སྨིན་པ་ལས་བྱར་འགྱུར་བ་བཞིན། རྡོར་བཟླས་གོམས་པས་རླུང་ངང་གིས་འགགས་ཏེ་བུམ་པ་ཅན་དུ་འགྱུར་པར་བཞེད་དོ། །གཉིས་པ་ལ། ཟབ་མོ་བདེ་བའི་རླུང་ལ་བསླབ་པ་དང༌། ཐབས་མགོན་པོ་བཞིའི་རླུང་ལ་བསླབ་པ། ཤེས་རབ་ལྷ་མོ་བཞིའི་རླུང་ལ་བསླབ་པའོ། །དང་པོ་ནི། རང་ལུས་སྔ་མ་ལྟར་གསལ་བཏབ་ལ། རླུང་གི་ངོ་བོ་འོད་ཀྱི་སྐུད་པ་ལྟ་བུ་མར་སྣང་རྡོ་རྗེའི་རྩེ་མོའི་ནང་དུ་འབྱར་བ་ལྟ་བུའི་ཚུལ་དུ་ཟུག་ཅིང༌། ལུས་ཀྱི་དབུས་དྲང་ཐད་ནས་ཡར་སྐུད་པ་བརྐྱང་པ་ལྟར་སོང་སྟེ་སྤྱི་བོར་ཟུག་ཅིང༌། དེ་ནས་ཚུར་འཁྱོགས་ཏེ་ཡས་སྣ་རང་དེ་སྣ་རྩེའི་ནང་དུ་ཟུག་པར་བསམས་ལ་བདེ་བའི་ཉམས་མྱོང་དྲན་བཞིན་པའི་སྒོ་ནས། རླུང་འོད་ཟེར་གྱི་སྐུད་པ་ལྟ་བུ་དེ་ཉིད་བདེ་བྲེང་ངེ་བ་འདུག་པར་བསམས་ལ། རླུང་ནང་དུ་འཇུག་པའི་ཚེ་ཨོཾ། གནས་པའི་ཚེ་ཨཱཿ
འགྲོ་བའི་ཚེ་ཧཱུཾ་ཞེས་དྲན་པར་བྱས། རླུང་གི་སྐུད་པ་དེ་ཡང༌། ཡང་ནས་ཡང་དུ་སྦོམ་པོ་ལས་ཇེ་ཕྲ་ཇེ་ཕྲར་འགྲོ་བ་ལ་སེམས་གཏད། ཡང་ན་རླུང་འབྱུང་བའི་ཚེ་ལྟེ་བ་ནས་སྣ་སྒོར། དར་སྐུད་དཀར་པོ་བརྐྱང་པ་ལྟར་ནར་གྱིས་བྱུང་བས་ལུས་བདེ་ཆིལ་བྱུང་བར་བསམ། ནང་དུ་འོང་ཙ་ན་སྣ་སྒོ་ནས་གྲུ་གུ་བསྒྲིལ་བ་ལྟར་སོང་ནང་དུ་བདེ་ཁྲིལ་བྱུང༌། གནས་པའི་ཚེ་ལྟེ་བར་གོང་བུ་གཅིག་ཏུ་གྱུར་པ་བདེ་རིལ་ལ་འདུག་པར་བསམས། འབྲུ་གསུམ་དང་སྔར་བཞིན་སྦྱར་རོ། །དེ་དག་གིས་ནི་རེག་པ་བདེ་བ་དང་རླུང་སྤོང་ནུས་པ་འབྱུང་ངོ༌། །དེ་ཉིད་ལ་ལེགས་པར་ལོབས་པ་ན་ཁ་དོག་རྒྱུ་བ་ངེས་པ་འབྱུང་བས། གཉིས་པ་ནི། མེ་རླུང་དགུ་བརྒྱ་ཕྲག་གཅིག་རྒྱུ་བའི་ཚེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་ནས་པདྨའི་མགོན་པོའི་རླུང་དམར་པོ་བྱུང་ནས། ས་དེ་ཉིད་ནས་དབུ་མ་ཕུག་ནས། སྣ་བུག་གཡས་ནས་འབྱུང་འཇུག་བྱེད་ཅིང༌། གནས་པའི་ཚེ་མགྲིན་པའི་འཁོར་ལོའི་ལྟེ་བར་གནས་པར་བསམ་ལ། སྔར་བཞིན་ཡི་གེ་འབྲུ་གསུམ་སྦྱར་བའི་བཟླས་པ་བྱ། དེ་བཞིན་དུ་ལྟེ་བ་ནས་ལས་ཀྱི་མགོན་པོའི་རླུང་འོད་ཟེར་ལྗང་ཁུའམ། སྔོན་པོའི་རྣམ་པས་སྣ་བུག་གཡོན་ནས་རྒྱུ་བ་དང༌། གསང་བ་ནས་རིན་ཆེན་མགོན་པོའི་རླུང་འོད་ཟེར་སེར་པོའི་རྣམ་པ་ཅན་བྱུང་སྟེ། སྣ་བུག་གཉྀས་ཀ་ནས་དྲག་ཏུ་རྒྱུ་བ་དང༌། སྙིང་ག་ནས་རྡོ་རྗེ་མགོན་པོའི་རླུང་འོད་ཟེར་དཀར་པོའི་རྣམ་པ་ཅན་སྣ་བུག་གཉིས་ཀ་ནས་དལ་ཞིང་ཤུགས་ཞན་པའི་ཚུལ་གྱིས་རྒྱུ་བ་རྣམས་ལའང་ཡི་གེ་འབྲུ་གསུམ་སྦྱར་ནས་དགུ་བརྒྱ་པ་ཕྲག་རེ་རེ་བཟླ་བར་བྱའོ། །དེ་ལྟར་ཉིན་མཚན་འཁོར་ཡུག་ཏུ་བཟླས་པས། རིང་པོར་མི་ཐོགས་
པར་ཁ་དོག་ཤིན་ཏུ་གསལ་བར་མཐོང་ངོ༌། །དེ་ནས་རིམ་གྱིས་མགོན་པོ་རེ་རེའི་རླུང་གི་ནང་ཚན་ལྷ་མོ་བཞིའི་རླུང་རྣམས་ཀྱང་སོ་སོར་ངེས་པ་འབྱུང་བས། གསུམ་པ་ནི། མགོན་པོ་རེ་རེ་ཡང་ལྷ་མོ་བཞི་བཞིའི་རླུང་གིས་ཕྱེ་བ་ཡིན་པས། གང་ནས་རླུང་རྒྱུ་བའི་གནས་ནི། མགོན་པོ་བཞིའི་རླུང་གིས་བཟླས་པའི་སྐབས་སུ་བསྟན་པ་བཞིན་ཡིན་ལ། ཁ་དོག་ནི་མེ་རླུང་གི་སྐབས། གཞི་མ་དམར་པོ་ལ་མདངས་སོ་སོ་ཅན་ཏེ། དང་པོར་མེ་རླུང་གི་མེ་ཤིན་དུ་དམར་བ་གོས་དཀར་མོའི་རྒྱུ་བ་སྟེང་དུ་འགྲོ་བ་དང༌། མེ་རླུང་གི་རླུང་དམར་ལྗང་སྒྲོལ་མའི་རྒྱུ་བ་སྣ་གཤོག་གི་ལོགས་ལ་འགྲོ་བ་དང༌། མེ་རླུང་གི་ས་དམར་སེར་སངས་རྒྱས་སྤྱན་མའི་རྒྱུ་བ་སྣ་རྩེའི་ཐད་ཀར་འགྲོ་བ་དང༌། མེ་རླུང་གི་ཆུ་དམར་སྐྱ་མཱ་མ་ཀིའི་རྒྱུ་བ་ཐུར་དུ་འགྲོ་བ་རྣམས་ཉིས་བརྒྱ་ཉེར་ལྔ་པ་རེ་བཟླས་པ་བྱའོ། །སྣ་བུག་གི་སྒོ་སོ་སོའི་ཁྱད་པར་མ་གཏོགས་རྒྱུ་བའི་ཚུལ་ནི་འདྲ་ལ། ཁ་དོག་གི་ཁྱད་པར་ནི་ལས་ཀྱི་མགོན་པོ་བཞིར་བཞག་པ་ལ་ཐམས་ཅད་ཁ་དོག་གཞི་མ་སྔོན་པོའམ་ལྗང་ཁུ་ལ་སོ་སོའི་མདངས་ཀྱིས་བརྒྱན་པ་སྟེ། གོས་དཀར་རླུང་གི་མེ་ལྗང་དམར་དང༌། སྒྲོལ་མ་རླུང་གི་རླུང་ཤིན་ཏུ་ལྗང་བའམ་སྔོ་བ་དང༌། སྤྱན་མ་རླུང་གི་ས་ལྗང་སེར་དང༌། མཱ་མ་ཀཱི་རླུང་གི་ཆུ་ལྗང་སྐྱའོ། །རིན་ཆེན་མགོན་པོའི་རླུང་རྣམས་གཞི་མ་ཁ་དོག་སེར་པོ་སོ་སོའི་མདངས་ཅན་ཏེ། གོས་དཀར་མོ་སའི་མེ་སེར་དམར་དང༌། སྒྲོལ་མ་སའི་རླུང་སེར་ནག་གམ་སེར་ལྗང་དང༌། སྤྱན་མ་སའི་ས་ཤིན་ཏུ་སེར་བ་དང༌། མཱ་མ་ཀཱི་སའི་ཆུ་སེར་སྐྱ་རྣམས་སོ། །རྡོ་རྗེ་མགོན་པོའི་རླུང་ཐམས་ཅད་གཞི་མ་ཁ་དོག་དཀར་བ་ལ་སོ་སོའི་མདངས་ཏེ། མཱ་མ་ཀཱི་ཆུའི་མེ་དཀར་དམར་དང༌། སྒྲོལ་མ་ཆུའི་རླུང་དཀར་
ལྗང༌། སྤྱན་མ་ཆུའི་ས་དཀར་སེར་དང༌། མཱ་མ་ཀཱི་ཆུའི་ཆུ་ཤིན་ཏུ་དཀར་བ་རྣམས་སོ། །དེ་ཐམས་ཅད་ཀྱང་ཉིས་བརྒྱ་ཉེར་ལྔ་པ་རེ་བཟླ་སྟེ། དེ་རྣམས་ཀྱི་ཕན་ཡོན་རླུང་གཡས་གཡོན་དུ་བསམས་པ་ཙམ་གྱིས་འཕོ་བ་དང༌། ཕྱི་ནང་བསྲེ་ནུས་པ་དང༌། རླུང་བདེ་བའི་རེག་བྱ་ཅན་གྲང་དུས་དྲོ་བ་དང༌། དྲོ་དུས་བསིལ་བ་སོགས་སུ་འགྱུར་བ་དང༌། འཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པའོ། །གསུམ་པ་ནི། དེ་རྣམས་ལ་རྟག་ཏུ་གོམས་པས། སེམས་གཟུགས་ཀྱི་རྗེས་སུ་འབྲང་བའི་ཚེ། སྙིང་ག་ལ་སོགས་པ་མགོན་པོ་གང་གི་རླུང་རྒྱུ་བའི་གནས་དེ་ནས། མིག་གི་འབྲས་བུའི་དབུས་ནས་འབྱུང་འཇུག་བྱེད་པ་དང༌། སེམས་སྒྲའི་རྗེས་སུ་འགྲོ་བའི་ཚེ་རྣ་བ་དང༌། དྲིའི་རྗེས་སུ་འགྲོ་བའི་ཚེ་སྣའི་བར་ཀ་དང༌། རོའི་རྗེས་སུ་འགྲོ་བའི་ཚེ་ལྕེའི་དབུས་དང༌། རེག་བྱའི་རྗེས་སུ་འགྲོ་བའི་ཚེ་ལུས་ཀྱི་བ་སྤུ་ཐམས་ཅད་ནས་འབྱུང་འཇུག་བྱེད་པར་བསམས་ལ་ཡི་གེ་འབྲུ་གསུམ་སྦྱར་བའི་རྡོར་བཟླས་བྱའོ། །འདིས་ནི་ངེས་པར་ཕྱི་ནང་གི་རླུང་འདྲེས་ཏེ་རྒྱུ་བ་འགགས་པས་ཇི་ཙམ་འདོད་པར་རླུང་འཛིན་ནུས་པ་དང༌། སྟོང་གསུམ་གྱི་རླུང་ཡང་ལུས་ནང་དུ་འཇུག་པ་དང༌། ས་རླུང་བཀག་ན་སྲེད་མེད་ཀྱི་བུའི་སྟོབས་དང༌། ཆུ་རླུང་བཀག་ན་མེས་མི་འཚིག་པ་དང༌། མེ་རླུང་བཀག་ན་ཆུ་དང་གྲང་བའི་རེག་བྱས་མི་གནོད་པ་དང༌། རླུང་གི་རླུང་བཀག་ན་ཆུར་མི་བྱིང་ཞིང་ནམ་མཁར་འགྲོ་བ་ལ་སོགས་པ་བཤད། གཙོ་བོར་རླུང་དབུ་མར་ཐིམ་པས་གཏུམ་མོ་རང་འབར་དུ་འབྱུང་ཞིང་ཐིག་ལེ་རྫོགས་པར་བཞུ་བས་བདེ་སྟོང་རྒྱུན་མི་འཆད། བྱང་ཆུབ་ཀྱི་སེམས་དབབ་བཟློག་འཛིན་འདྲེན་ལ་དབང་ཐོབ། རླུང་ལས་རྣམ་པར་རྒྱལ་བ་ཐོབ་པ་ཡིན་ནོ།
ཁྱད་པར་ཡན་ལག་གི་རླུང་གི་རྡོར་བཟླས་འདིས། དབང་ཤེས་ལྔ་བདེ་བར་འཆར། བདེ་བ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་སྐྱེ། རླུང་སྤྲོ་བའི་བཟླས་པས་ཉམས་སྣ་ཚོགས་འཆར་བ་དང༌། འཇུག་པའི་བཟླས་པས་མ་དག་པའི་སྣང་བ་ཡལ་བ་དང༌། གནས་པའི་བཟླས་པས་ཤེས་པ་རང་རིག་རང་གསལ་དུ་གནས་པ་འབྱུང་ངོ༌། །བཞི་པ་ནི། ནག་པོ་དམ་ཚིག་རྡོ་རྗེའི་མན་ངག་ཤོག་གྲིལ་ལས་འབྱུང་བའི་ངག་དབེན་ཏེ། འདི་ལ་སྟེང་འོག་གི་རླུང་བསྲེ་བ་དང༌། དབུ་མའི་ལམ་དུ་འཇུག་པའོ། །དང་པོ་ནི། ལུས་ཀྱི་འཁྲུལ་འཁོར་ནི་ཙོག་པུའམ་སྐྱིལ་ཀྲུང་ཀྱི་ངང་ནས་ཆོས་བདུན་སྤྱི་དང་མཐུན་པ་ལས་ལྟོ་བ་ཚིགས་པ་ལ་གཅེར། ལག་པ་མཉམ་བཞག་གམ་པུས་འཁྱུད་བྱ། ལུས་ཉྭ་བཞི་བསྒྲིམ། ངག་གི་འཁྲུལ་འཁོར་ནི། ཐོག་མར་རླུང་རོ་བསལ་ལ། སྟེང་རླུང་ལྟེ་བར་དྲག་ཏུ་མནན། འོག་རླུང་ཨ་ལོང་འབྱེད་འཛུམ་གྱི་སྦྱོར་བས་ལྟེ་བར་ཁ་སྦྱོར་དུ་བསྡམས་ཧཱུཾ་ཞེས་དྲན་པར་བྱ། ཡིད་ཀྱི་འཁྲུལ་འཁོར་ནི་རླུང་གསང་བའི་རྩེ་མོ་ནས་ཡར་ལྡོག་སྟེ། ལྟོ་བར་སྦྲུལ་འཁྱིལ་བ་ལྟ་བུ་ལ་སེམས་གཏད། དེ་ལྟར་འཁྲུལ་འཁོར་གསུམ་པོ་དེ་ཡང་ནས་ཡང་དུ་བྱ་ཞིང༌། དེས་ངལ་བའི་ཚེ། རླུང་འཇུག་གནས་འབྱུང་གསུམ་ལ་ཡི་གེ་འབྲུ་གསུམ་སྦྱར་བ་ཙམ་གྱིས་རྡོར་བཟླས་དཀྱུས་མ་ཅི་འགྲུབ་བྱ། ཐུན་མཚམས་སུ་བགས་ཡངས་པར་བྱའོ། །གཉིས་པ་ནི། སྟེང་འོག་གི་རླུང་འདྲེས་པས་བདེ་བ་སྐྱེད་པའི་ཚེ། སྔ་མ་བཞིན་དུ་རླུང་ལྟེ་བར་བསྲེས་ལ། ཧཱུཾ་ཞེས་ཁོང་འདྲེན་བྱས་པས་རླུང་ཁ་དོག་དཀར་པོའི་རྣམ་པས་ལྟེ་བ་ནས་སྤྱི་བོའི་བར་དུ་ཡུར་ཆུ་དྲངས་པ་བཞིན་དུ་ཁྱུ་རུ་རུ་འགྲོ་བར་བསམས་ལ། ཁ་སྦྱོར་གྱེན་
ལ་དྲག་ཏུ་བཟློག་པར་བྱའོ། །ཡང་ན་སྟེང་རླུང་མནན་པའི་ཚེ། ཨོཾ་ཞེས་དྲན་པར་བྱས་ལ་ཁ་དོག་དཀར་པོའི་རྣམ་པས་ལྟེ་བར་སླེབ། འོག་རླུང་དྲངས་པས་གསང་གནས་ཡར་བྱུང་བར་བསམས་ལ་ཧཱུཾ་ཞེས་དྲན་པར་བྱ། ལྟེ་བར་བསྲེས་བའི་ཚེ་ཨཱཿཞེས་དྲན་པར་བྱ། དེ་ཉིད་ཧཱུཾ་གི་ཁོང་འདྲེན་གྱིས་ཚངས་བུག་གི་བར་དུ་དྲངས། ཨོཾ་གྱི་སྒྲས་སླར་ལྟེ་བར་ཕབ། ཨཱཿ་ཞེས་ཐུབ་ཚད་དུ་བཟུང༌། དེ་ལྟར་ཅི་རིགས་པར་བྱས་ནས། འཇུག་ཏུ་རླུང་འབྱུང་བའི་ཚེ་ལྟེ་བ་ནས་སྤྱི་བོའི་བར་དུ་ཧཱུཾ་གི་སྒྲ་དང་བཅས་ཏེ་འགྲོ་བ་དང༌། འཇུག་པའི་ཚེ་སྤྱི་བོ་ནས་ལྟེ་བའི་བར་དུ་ཨོཾ་ཞེས་བྱ་བའི་གདངས་ཀྱིས་འོང་བ་དང༌། གནས་པའི་ཚེ་ལྟེ་བར་ཨཱཿཞེས་བྱ་བའི་གདངས་དང་བཅས་པ་ལ་སེམས་གཏད་དེ། རྡོར་བཟླས་མང་དུ་བྱའོ། །རླུང་སྦྱོར་འདི་ནི་གཞན་ལུས་ཀྱི་ལམ་ལ་ཉེ་བར་མཁོ་བ་ཞིག་ཡིན་པར་གནང་ངོ༌། །གཉིས་པ་གེགས་སེལ་ཞར་བྱུང་ནི། རྡོ་རྗེའི་བཟླས་པ་སྒོམ་པའི་ཚེ། མགོ་བོ་དང་རོ་སྟོད་ན་བ་དང་སྙིང་མི་དགའ་བ་ལ་སོགས་པ་བྱུང་ན། ལུས་ཁོང་སྟོང་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་དུ་ བུ་ག་ཁྲོལ ་ཚགས་ལྟ་བུས་ཁྱབ་པར་བསམས་ལ། རླུང་དྲག་ཏུ་འབུད་ཅིང༌། འབུད་ཆུང་ཡང་ཡང་བྱའོ། །ལུས་ཁོལ་བུར་ན་ན་ཧཱུཾ་རིང་ཧཱུཾ་ཐུང་གི་སྦྱོར་བས་འདོན་ཏེ། ཧཱུཾ་ཞེས་བརྗོད་པས་གང་གཟེར་བ་དེ་ནས་རླུང་ཕྱུར་གྱི་བྱུང་ལ། ཧཱུཾ་ཐུང་དྲག་ཏུ་བཏོན་པས་ན་སར་བུ་ག་ཧུར་གྱིས་རྡོལ་ནས། དུ་བ་ལྟ་བུ་ཕྱིར་ཕྱུར་གྱིས་འཐོན་པར་བསམས། དེ་ལྟར་ཡང་ཡང་བྱས་པས་སེལ་ལོ། །ཡང་སྙིང་འདར་ཞིང་དཀྲུག་ན། སྙིང་གའི་ཐད་ནས། བུ་ག་ཧུར་གྱིས་བྱུང༌། དེ་ནས་རྡོར་བཟླས་བྱས་པས་སེལ་
ལ། དེ་བཞིན་དུ་མགྲིན་པ་མི་བདེ་ན། མགྲིན་པའི་ལམ་དང༌། འོག་གི་རྒྱུ་ལམ་འགགས་ཤིང་མདུན་རྒྱབ་ཀྱི་ལམ་མི་བདེ་ན་འོག་སྒོ་གཉིས་ནས་རྡོ་རྗེའི་བཟླས་པ་བྱ། ལྟོ་བ་སྦོས་ཤིང་འཁྲོག་ན་ལྟེ་བའི་བུ་ག་ནས་རྡོར་བཟླས་དང༌། ཚིགས་ཐམས་ཅད་ན་ན་གསང་བའི་བུ་གའམ། བ་སྤུའི་བུ་ག་ཐམས་ཅད་ནས་རྡོར་བཟླས་བྱ་ཞིང༌། མགོ་བོ་ན་ན་དཔྲལ་བ་ནས་རྡོར་བཟླས་བྱས་པས་སེལ། མིག་ན་ན་མིག་ནས་རྡོར་བཟླས་བྱེད་པ་དང༌། རྣ་བ་སྣ་ལྕེ་རྣམས་གཟེར་བ་དང་མི་བདེ་ན་དེ་དང་དེ་དག་ནས་རྡོར་བཟླས་བྱ། ལུས་གཟེར་ན་གང་ན་ས་ནས་རྡོར་བཟླས་བྱས་པས་སེལ། བུམ་པ་ཅན་དང་རྡོར་བཟླས་འདི་དག་བྱས་པ་ཙམ་གྱིས་སྙིང་ག་ཚ་ལམ་གྱིས་འབྱུང་བ་དང༌། མགོ་འཁོར་ཞིང་སྐྱུག་པ་དང༌། སྤྱི་གཙུག་གཟེར་བ་དང༌། སྣའི་རྩེ་མོ་ནས་བརྩམས་ཏེ་མགོ་ལུས་གྲང་སྟོང་གིས་འགྲོ་བ་སོགས་བྱུང་ན། ཉིན་ཞག་འགའ་ཞིག་རྩོལ་བ་ཀློད་ལ་ཁ་ཟས་བཅུད་ཅན་བསྟེན་པ་དང༌། སྤྱོད་ལམ་དལ་ཞིང་བསྐུ་མཉེ་བྱ། དེ་དག་སངས་པ་ན་སླར་བསྒོམ་པར་བྱའོ། །དེ་དག་ནི་དཀྱུས་ཀྱི་འཕྲོས་ལས་འབྱུང་བ་ཡིན་ལ། སྤྱིར་གེགས་སེལ་མཐའ་དག་ནི་བླ་མའི་ཞལ་གྱི་མན་ངག་དང༌། ཉམས་མྱོང་མཐོང་བ་བརྒྱུད་པ་དང་བཅས་པ་ལས་ཤེས་པར་བྱའོ།། །།གསུམ་པ་སེམས་རྣམ་པར་དབེན་པ་ནི། ལུགས་འདི་ལ་གཙོ་བོར་གཞན་ལུས་ལ་བརྟེན་པ་ཡིན་ཞེས་འཆད་ལ། འོན་ཀྱང༌། རིམ་ལྔ་ལས། གལ་ཏེ་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང༌།། རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། ལས་རྒྱ་ལ་
བརྟེན་ནས་སྣང་བ་གསུམ་ལེགས་པར་ངོ་འཕྲོད་པའི་རྗེས་སུ། ཕྱིས་རང་ལུས་ལ་བརྟེན་ནས་སྒོམས་ཀྱང་རུང་མོད། ཡང་ཐོག་མར་རང་ལུས་ལ་བརྟེན་ནས་སྣང་བ་གསུམ་ཅི་རིགས་པར་འདྲེན་ནུས་པར་བྱས་ལ། ཕྱིས་ལུས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སེམས་དབེན་མཐར་འབྱིན་པ་ཡང་ཡོད་དེ། རང་ལུས་ཁོ་ནས་སེམས་དབེན་རྫོགས་པ་མེད་དོ། །དེས་ན་གཞུང་གི་དངོས་བསྟན་གྱི་དབང་དུ་བྱས་ནས་སློབ་དཔོན་གྱི་བིདྱ་བྷ་དྲ་མངོན་ཤེས་ཅན་དང༌། རྡོ་རྗེ་གདན་གྱི་ནག་པོ་པའི་མན་ངག་ལ་ནི། འོག་སྒོ་ལ་བརྟེན་པ་འབའ་ཞིག་ལ་སེམས་དབེན་གྱི་གདམས་པ་གཞན་མི་བཞེད་ལ། སློབ་དཔོན་དེ་བ་ཨཱ་ཀར་ཙན་དྲ་བཙུན་མོ་ཅན་གྱི་མན་ངག་ལས་ནི་གཉིས་ཀ་འབྱུང་བས། འདིར་འཁྲིད་ཀྱི་རིམ་པ་ནི་དེ་བཞིན་དུ་མཛད་དེ། སེམས་རྣམ་པར་དབེན་པ་སྟེང་སྒོ་ལ་བརྟེན་པ་དང༌། འོག་སྒོ་ལ་བརྟེན་པའོ། །དང་པོ་ལ། སྣང་གསུམ་ལུགས་འབྱུང་སྒྲུབ་པ་དང༌། ལུགས་བཟློག་ཏུ་སྒོམ་པའོ། །དང་པོ་ལ། སྣང་བ་དང་པོའི་ཡེ་ཤེས་སྒྲུབ་པ། སྣང་བ་མཆེད་པའི་ཡེ་ཤེས་སྒྲུབ་པ། སྣང་བ་ཐོབ་པའི་ཡེ་ཤེས་སྒྲུབ་པའོ། །དང་པོ་ནི། སྔོན་འགྲོ་རྣམས་སྔར་ལྟར་བསྒོམས་ལ། ལུས་ངག་གི་སྤྱོད་པ་ཆ་མཉམ། རང་རྡོ་རྗེ་འཆང་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་དཀར་པོ། སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་ཅན་དུ་གསལ་བཏབ། རླུང་བུམ་ཅན་དྲག་ཏུ་བཟུང་བས། ཨཾ་ལས་འོད་ཟེར་བསིལ་ལ་རྣོ་བ་ཤུགས་དྲག་པ་བྱུང༌། ཧཾ་ལ་བསྣུན་པས། ཧཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་
དཀར་ན་ར་ར་བབས་ཏེ། སྙིང་གའི་ཨཾ་ལ་ཐིམ། བྱང་ཆུབ་སེམས་ཀྱི་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་སྐྱ་ལམ་ལམ་པས་ལུས་ཀྱི་ཕྱི་ནང་དང་སྣང་བ་ཐམས་ཅད་ཁྱབ་པར་བསམ་ལ། དབང་གི་ཉམས་མྱོང་ཅུང་ཟད་དྲན་པར་བྱ། འདི་ཡང་ཡང་གོམས་པས། སྣང་བའི་ཡེ་ཤེས་ཀྱི་ཉམས་སྐྱེ་བར་འགྱུར་རོ། །གཉིས་པ་ནི། གཞན་རྣམས་དེ་དང་འདྲ་བ་ལ། སྙིང་གར་ཉི་མའི་སྟེང་དུ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་སྟེང་དུ་ཨཱཿདམར་པོ་ཚེག་དྲག་གཉིས་ཀྱི་བར་དུ་ཆུད་པ། ཞེས་གསུང་ཡང་ཚེག་དྲག་གཅིག་གིས་ཆོག དེ་ལས་འོད་ཟེར་ཤིན་ཏུ་ཚ་བ་བྱུང་སྟེ། ཧཾ་ལ་བསྣུན་པས། བྱང་ཆུབ་ཀྱི་སེམས་དམར་པའི་འོད་ཆགས་པ་བབས། ཨཱཿལ་ཐིམ། ཕྱི་ནང་ཐམས་ཅད་འོད་དམར་པོ་ཉི་མ་ཤར་བ་ལྟ་བུས་ཁྱབ་པར་བསམ་པ་སོགས་གོང་བཞིན་བསྒོམས་པས་མཆེད་པའི་ཡེ་ཤེས་ཀྱི་ཉམས་སྐྱེ་བར་འགྱུར་རོ། །གསུམ་པ་ནི། སྙིང་གར་རྟེན་མེད་པར་ཨ་ཐུང་ནག་པོ་ཅིག་གསལ་བཏབ་ལ། དེ་ལས་འོད་ཟེར་མདངས་མི་གསལ་བ་མོག་གེ་བ་ཞིག་བྱུང་གསུང་བ་ཡོད་ནའང་ནག་པོ་ལེགས་སམ་སྙམ། ཧཾ་ལ་བསྣུན་པས། ཧཾ་ལས་བྱང་སེམས་དཀར་དམར་འདྲེས་པའམ་མུན་པའི་ཐིག་ལེ་ན་ར་ར་བབས། ཨ་ལ་ཐིམ། དབང་གི་ཉམས་མྱོང་དྲན་པར་བྱས་ཏེ། ཕྱི་ནང་གི་སྣང་བ་དབྱིངས་སུ་ཡལ་བའི་མུན་པས་ཁྱབ་པ་ལྟ་བུ་ལ་མཉམ་པར་བཞག་པས། ཐོབ་པའི་ཡེ་ཤེས་ཀྱི་ཉམས་སྐྱེ་བར་འགྱུར་རོ། །ཡང་མན་ངག་གི་ཁྱད་པར་ཅུང་ཟད་མི་འདྲ་བ་ལ། གསུམ་ཅར་ལ་བྱང་ཆུབ་ཀྱི་སེམས་དཀར་པོ་འབའ་ཞིག་འབེབས་པ་དང༌། དཀར་ལམ་དམར་ལམ་ནག་ལམ་གྱི་རྣམ་པ་མི་སྒོམ་པ་ལ། ཐིག་ལེའི་དོད་དུ་འོད་ཟེར་དཀར་
དམར་མཐིང་གསུམ་རིམ་པས་སྦྱར་བ་དང༌། ཉེར་ཐོབ་ཀྱི་ཨ་ཐུང་དམར་པོར་སྒོམ་པའི་ལུགས་ཀྱང་ཡོད་ཅིང་འདི་དག་གསལ་བྱེད་ཡིག་ཆུང་བཞིན་བླ་མའི་མན་ངག་ལས་འབྱུང་བའི་དབང་དུ་བྱས་པ་ཡིན་ལ། རྗེ་འགོས་ཀྱི་ཤོག་རིལ་དངོས་བསྟན་ལ་ནི། སྣང་བའི་སྐབས་སུ། སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་སྒོམ་པ་དང༌། མཆེད་པ་ལ་རྡོ་རྗེ་ལྟེ་བར་ཉི་མ་སྒོམ་པར་བཤད་དོ། །དེ་དག་ནི་རིམ་ལྔ་ལས། དག་པ་མང་དུ་གསུངས་པ་རྣམས་ཀྱི་ཤུགས་ལ་དམིགས་པ་སྒོམ་ཚུལ་འདི་དག་ཀྱང་ཤིན་ཏུ་གསལ་བར་ཐོན་པ་ཡིན་ཏེ། རིམ་ལྔར་སྣང་བའི་སྐབས་སུ། ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བརྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོའི་ཡི་གེ་ཐིག་ལེར་བཅས། །ཟླ་བའི་འོད་ཟེར་ལྟར་སྣང་ཞིང༌། །སྣང་བའི་ཡེ་ཤེས་ཡང་དག་འབྱུང༌།། ཞེས་དང༌། མཆེད་པའི་སྐབས་སུ། ཉི་མའི་དཀྱིལ་འཁོར་མིང་དང་ནི། །དེ་བཞིན་དུ་ནི་རྡོ་རྗེའི་མིང༌། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་པར་བྱ། །ཉི་མའི་འོད་ཟེར་འདྲ་བ་དང༌། །སྣང་བ་མཆེད་པའི་སྦྱོར་ལས་བྱུང༌། །ཞེས་དང༌། ཐོབ་པའི་སྐབས་སུ། ས་བོན་ཐིག་ལེར་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ཞེས་གསུངས་ཤིང༌། སྤྱོད་བསྡུས་ལས་ཀྱང་དེ་དང་འདྲ་བར་གསུངས་པ་ཡིན་ནོ། །གཉིས་པ་ལུགས་བཟློག་ཏུ་བསྒོམ་པ་ནི། སྣང་བའི་སྐབས་སུ་བདེ་བ་དང་གསལ་བ་ཆ་མཉམ་པ་ཙམ་འབྱུང༌། མཆེད་པའི་སྐབས་གསལ་ཆ་ཆེར་འཕེལ་ལ། ཐོབ་པའི་སྐབས་བདེ་བ་དང་མི་རྟོག་པ་ཆེར་འཕེལ་ཏེ་གསལ་ཆ་ཟིལ་གྱིས་གནོན་པས། དེའི་ཚེ་ལྡང་བ་ལ་བསླབ་སྟེ།
སྔར་བཞིན་ཐོབ་པའི་ཡེ་ཤེས་བསྒོམས་པའི་རྗེས་ཐོགས་སུ། དང་པོར་མཆེད་པའི་དམིགས་པ་གོང་བཞིན་བསྒོམ། དེས་གསལ་སྣང་ཆེན་པོར་འགྱུར་བས་དེའི་ངང་དུ་མཉམ་པར་བཞག་གོ །དེ་ནས་སྔར་བཞིན་སྣང་བའི་དམིགས་པ་བསྒོམས་ལ། བདེ་གསལ་མི་རྟོག་པ་ཆ་མཉམ་པའི་ཉམས་སྐྱེས་པའི་ཚེ་དེ་ཉིད་རིང་དུ་བསྐྱང་ངོ༌། །དེ་ལྟར་དེ་ལྟ་བུའི་ལྡང་འཇུག་རྟག་ཏུ་བསྒོམས་པས། སྣང་བ་གསུམ་གྱི་རྟོགས་པ་རྣམ་པར་དག་པར་སྐྱེ་བར་འགྱུར། དེ་ནས་དེ་ཉིད་མཐར་འབྱིན་པའི་ཕྱིར། འོག་སྒོ་ལ་བརྟེན་ནས་སྒོམ་པ་ཡིན་ནོ། །གཉིས་པ་ནི། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་གསུངས་ཏེ། ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱང་ཆུབ་ཀྱི་སེམས་གསང་བར་སོན་པ་ན་སྣང་བ་དང༌། རྡོ་རྗེའི་སྐེད་པར་སོན་པ་ན་མཆེད་པ་དང༌། རྡོ་རྗེའི་མགུལ་དུ་སོན་པ་ན་ཐོབ་པ་སྐད་ཅིག་མ་གསུམ་པ་དང༌། རྡོ་རྗེའི་རྩེ་མོར་ཡུད་ཙམ་ཞིག་ཉེར་ཐོབ་དཔེའི་འོད་གསལ་མངོན་དུ་བྱེད་པ་ཡིན་ལ། འདིས་ནི་རང་བཞིན་སྣང་བའི་དབྱེ་བ་ཐམས་ཅད་གསལ་བར་མཚོན་ནུས་ཤིང༌། འདི་ལ་ཕྱག་རྒྱའི་མཚན་ཉིད། བདེ་བ་བསྡུ་བ། བདེ་བ་བཟུང་བ། བདེ་བ་བཟློག་པ། བདེ་བ་སྤྲོ་བ་སྟེ་དོན་ཚན་ལྔའི་ཞལ་གྱི་གདམས་པ་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །བཞི་པ་སྒྱུ་ལུས་ཀུན་རྫོབ་བདེན་པའི་འཁྲིད་ལ། དངོས་དང༌། བོགས་འདོན་གཉིས་སོ། །དང་པོ་ལ་མཉམ་བཞག་སྒྱུ་ལུས། རྗེས་ཐོབ་སྒྱུ་ལུས། རྨི་ལམ་སྒྱུ་ལུས་གསུམ་ལས། དང་པོ་ལ། གཞན་ལུས་ལ་བརྟེན་ནས་སྒོམ་པ་དང༌། རང་
ལུས་ལ་བརྟེན་ནས་སྒོམ་པ་གཉིས་ལས། དང་པོ་ནི། ཕྱག་རྒྱ་དང་མཉམ་པར་སྦྱར་བས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེས་པའི་ངང་དེར་སྐད་ཅིག་ཙམ་གྱིས་རང་ཉིད་རྡོ་རྗེ་འཆང་ཆེན་པོར་ལམ་གྱིས་བསྒོམས་ལ། བདེ་བའི་ཉམས་མྱོང་དང་ལྷ་སྐུ་དབྱེར་མེད་དུ་བསྲེས་ཏེ། དེའི་ནང་དུ་མཉམ་པར་འཇོག་པའོ། །གཉིས་པ་ནི། སྔར་བཞིན་སྣང་བ་ཐོབ་པའི་ཡེ་ཤེས་བསྒོམས་ལ། ལུགས་བཟློག་གི་རིམ་པས་མཆེད་པ་དང༌། སྣང་བའི་ཉམས་མྱོང་ཅུང་ཟད་ཙམ་དྲན་པར་བྱས། སྐད་ཅིག་དྲན་རྫོགས་ཀྱིས་རང་རྡོ་རྗེ་འཆང་དཀར་པོ་ཕྱག་གཉིས་པར་བསྒོམས་ནས་སྣང་ལ་རང་བཞིན་མེད་པ་ལ་མཉམ་པར་བཞག དེ་ནི་རིམ་ལྔ་ལས། མེ་ལོང་གི་ནི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་དཔེ་གསུམ་ལས་དཔེ་དང་པོ་ཞལ་ཕྱག་སོགས་དུས་གཅིག་ཅར་གྲུབ་པ་དང༌། དཔེ་གཉིས་པ་དངས་གསལ་མ་འདྲེས་པ་ནི་སྐད་ཅིག་དྲན་རྫོགས་ཀྱིས་གསལ་བཏབ་སྟེ་སྣང་ལ་རང་བཞིན་མེད་པར་སྒོམ་པ་འདིའོ། །གཉིས་པ་ནི། དཔེ་གསུམ་པ་ནམ་མཁར་ཟླ་བ་གཅིག་ཤར་བ། ཆུ་ཀླུང་མཚོ་རྫིང་ཐམས་ཅད་ལ་ཟླ་གཟུགས་ཅིག་ཅར་འཆར་བ་བཞིན། ད་ལྟའི་རང་ལུས་སུ་སྣང་བ་དང༌། ཕྱིའི་སྣང་བ་གང་ཤར་བ། དེ་དང་དེ་སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོའི་སྐུར་ལམ་གྱིས་བསྐྱེད་དེ། སྒྱུ་མ་ལྟ་བུ་བདེན་མེད་དུ་ཤེས་པར་བྱས་ལ། ཅུང་ཟད་ཅུང་ཟད་མཉམ་པར་འཇོག་པ་རྟག་ཏུ་གོམས་པར་བྱས་ནས་ཐུན་མཚམས་ཀྱི་ཉམས་ལེན་ཡང་འདི་ཉིད་ཁོ་ནས་བྱའོ། །གསུམ་པ་ལ། རྨི་ལམ་ལྷ་སྐུར་བསྒྱུར་བ། རྨི་ལམ་དུ་ངོ་ཤེས་པ་བྱེད་པ། རྨི་ལམ་ལ་རེ་དོགས་སྤངས་པ། རྨི་ལམ་གྱི་སེམས་དངོས་སུ་སྦྱོང་བ་སྟེ་བཞིའོ།།
དང་པོ་ནི། ཉིན་པར་སྔར་བཞིན་བསྒོམས་པའི་སྟེང་དུ་དོ་ནུབ་རྨི་ལམ་དུ་ལྷ་སྐུར་སྒོམ་པ་འདི་ཉིད་དྲན་པར་བྱའོ་ཞེས་འཕེན་པ་ཡང་ཡང་བཏང་ཞིང༌། ཉལ་ཁང་ཡང་འཕེན་པ་དང་དམིགས་པ་སྦྲགས་མར་བྱ། དེས་རྨི་ལམ་དུ་སྒྱུ་ལུས་ཀྱི་དམིགས་པ་སྒོམ་ནུས་པ་འབྱུང་ངོ༌། །གཉིས་པ་ནི། དོ་ནུབ་རྨི་ལམ་ལ། རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པ་དང༌། ད་ལྟ་རྨི་ལམ་རྨི་བར་འདུག་སྙམ་པ་དང་སྤེལ་གྱིན་བསྒོམས་པས་རྨི་ལམ་ཟིན་པར་འགྱུར་རོ། །གསུམ་པ་ནི། རྨི་ལམ་བཟང་ངན་ཇི་ལྟར་རྨི་ཡང་དགའ་མི་དགའ་ཅུང་ཟད་ཀྱང་མེད་པར། བདེན་མེད་དུ་མཉམ་པར་འཇོག་པའོ། །བཞི་པ་ནི། ཉིན་བར་གྱི་དུས་སུ་སྦྱོར་ཚུལ་སྣ་ཚོགས་པས་སྦྱང་བར་བྱའོ་སྙམ་པའི་འཕེན་པ་ཡང་ཡང་བཏང་བས་མཚན་མོ་ཡང་འབྱུང་སྟེ། གཡང་ས་དང༌། ཆུ་དང༌། མེ་དང༌། མཚོན་ཆ་ལ་སོགས་པ་ལ་ཉམ་ང་མེད་པས་ཐོག་བརྫིས་སུ་བྱས་ཀྱང་གནོད་པ་མེད་པ་དང༌། ནམ་མཁའ་ལ་འཕུར། ལྷ་ལ་སོགས་པའི་གནས་རྣམས་བལྟ། སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་འགྲོ། མཆོད་པ་འབུལ་ཞིང་ཆོས་ཉན་པ་ལ་སོགས་པ་བྱའོ། །གཉིས་པ་བོགས་འདོན་ནི། ལུས་དབེན་གྱི་མན་ངག་ལྟར་མེ་ལོང་ནང་དུ་བྲིས་སྐུའི་གཟུགས་བརྙན་འཆར་བར་བྱས་ལ། དེ་ལ་བདེན་མེད་ཀྱི་འདུན་པ་དང་བཅས་ཏེ་སེམས་གཏོད་པའོ། །ལྔ་པ་འོད་གསལ་དོན་དམ་བདེན་པའི་འཁྲིད་ལ། ཚེ་འདིར་འཚང་རྒྱ་བའི་ལམ་དང༌། བར་དོར་སངས་རྒྱ་བའི་ལམ། སྐྱེ་བ་བརྒྱུད་ནས་སངས་རྒྱ་བའི་ལམ་མོ། །དང་པོ་ལ། གཞན་ལུས་ལ་བརྟེན་པ་དང། རང་ལུས་ལ་བརྟེན་པའོ། །དང་པོའི་མན་ངག་ནི་སེམས་དབེན་དང་འདྲ་ལ། འོན་ཀྱང་འདིར་ནོར་བུའི་རྩེ་མོར་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་
དུ་བྱས་ཏེ། སླར་བྱང་ཆུབ་ཀྱི་སེམས་སྙིང་གར་ཐིམ་པའི་བདེ་སྟོང་འོད་གསལ་ཡུན་རིང་དུ་བསྒོམ། འདིའི་སྐབས་སུ་སྙིང་གར་ཐིམ་པར་བྱེད་པའི་མན་ངག་ནི་རང་དང་རིག་མ་གཉིས་ཅར་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པའི་དམིགས་པ་བྱེད་པའོ། །གཉིས་པ་ལ། མཉམ་བཞག་འོད་གསལ་དང་གཉིད་ཀྱི་འོད་གསལ་གཉིས་ལས། དང་པོ་ལ། བསམ་གཏན་གཉིས་སོ་སོར་སྒོམ་པ་དང་སྦྲགས་ཏེ་སྒོམ་པའོ། །དང་པོ་ལ། རིལ་འཛིན་དང་རྗེས་གཞིག་གཉིས་ལས། སྐུ་རྡོ་རྗེའི་རིལ་འཛིན་ནི། རང་ཉིད་སྒྱུ་ལུས་ཀྱི་སྐབས་ལྟར་ལོངས་སྐུ་རྡོ་རྗེ་འཆང་དུ་བསྒོམས། དེ་སྐད་ཅིག་གིས་སྤྲུལ་སྐུ་སྒྱུ་ལུས་སྐུ་རྡོ་རྗེ། དཀར་ནག་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་ནི་འཁོར་ལོ་རྡོ་རྗེ་པད་དཀར། གཡོན་རྣམས་ནི་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དེའི་ཐུགས་ཀར་ཨོཾ་དཀར་པོ། དེ་ལས་འོད་འཕྲོས། རང་སྐུ་རྡོ་རྗེར་གསལ་བ་འོད་དུ་ཞུ་ནས་ཨོཾ་ལ་ཐིམ། ཨོའི་ལུས་མགོ་བོ་ལ། དེ་ཐིག་ལེ་ལ། དེ་ཡང་ཡལ་བར་བསམ། མཐའ་ནས་དབུས་སུ་རིམ་གྱིས་བསྡུ་ཚུལ་ནི་མེ་ལོང་ལ་ཧས་བཏབ་པ། དབུས་སུ་འདུས་ནས་ཡལ་བའི་ཚུལ་གྱིས་བསྒོམ་མོ། །དེ་ལྟར་ཡལ་བའི་རྗེས་སུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ལ་གང་ཡང་མི་བསམ་པར་བློ་བཞག་གོ །གཉིས་པ་གསུང་རྡོ་རྗེའི་རིལ་འཛིན་ནི། དམིགས་པའི་ཡན་ལག་ཐམས་ཅད་སྔ་མ་ལྟར་སྒོམ་པ་ལས། སྤྲུལ་སྐུ་སྒྱུ་ལུས་རང་གསུང་རྡོ་རྗེ་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི གཡོན་གྱི་དང་པོས་དྲིལ་བུ་དང་བཅས་པའི་པད་མ་དམར་པོའི་རྩ་བ་དཀུར་བརྟེན་པས་འཛིན་ཅིང༌། གཡས་ཀྱི་དང་པོས་ཐུགས་ཀར་ཁ་འབྱེད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་
རྗེ་དང་འཁོར་ལོ། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི་འཛིན་པར་བསྒྱུར། དེའི་ཐུགས་ཀར་ཨཱཿདམར་པོ་བསྒོམས་ཏེ་ལྷག་མ་འདྲའོ། །གསུམ་པ་ཐུགས་རྡོ་རྗེའི་རིལ་འཛིན་ནི། རང་ཉིད་སྤྲུལ་སྐུ་སྒྱུ་ལུས་ཐུགས་རྡོ་རྗེ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་པདྨ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པར་བསྒྱུར། དེའི་ཐུགས་ཀར་ཧཱུཾ་སྔོན་པོ། ལྷག་མ་སྔར་དང་འདྲ། བཞི་པ་རྡོ་རྗེ་སེམས་དཔའི་རིལ་འཛིན་ནི། རང་རྡོ་རྗེ་སེམས་དཔའ་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དཀར་པོ། སྣང་བ་ཐམས་ཅད་ཀྱང་རང་དང་འདྲ་བ་རང་དང་སྣང་བ་ཐམས་ཅད་ཅིག་ཅར་སྟོང་པར་ཐིམ་པ་ལ་འཇོག་གོ །གཉིས་པ་རྗེས་གཞིག་ལ་བཞི་ལས།དང་པོ་སྐུ་རྡོ་རྗེའི་རྗེས་གཞིག་ནི། གཞན་རྣམས་རིལ་འཛིན་དང་འདྲ་བ་ལས། ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་ལ་ཐིམ། དེ་ནས་རང་ཉིད་བསྡུ་བ་སྔར་ལྟར་བྱའོ། །གཉིས་པ་གསུང་རྡོ་རྗེའི་རྗེས་གཞིག་དང༌། གསུམ་པ་ཐུགས་རྡོ་རྗེའི་རྗེས་གཞིག་ཀྱང་རིམ་པ་དེ་ཉིད་ཀྱིས་ཤེས་པར་བྱའོ། །བཞི་པ་ནི་རྡོ་རྗེ་སེམས་དཔའི་རྗེས་གཞིག་ཡིན་ཏེ། རང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་འམ། ཧཱུཾ་ཡིག་ཡེ་ཤེས་སེམས་དཔའི་ངོ་བོར་མོས་ལ། རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུཾ་ཡིག་ཏིང་ངེ་འཛིན་སེམས་དཔའ་འམ། ཧཱུཾ་ཡིག་ཡེ་ཤེས་སེམས་དཔར་མོས་ན། ཐིག་ལེ་ནཱ་ད་དང་བཅས་པ་ཏིང་ངེ་འཛིན་སེམས་དཔར་མོས་ཏེ། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་ཁམས་གསུམ་
ཐམས་ཅད་རྡོ་རྗེ་འཆང་སེམས་དཔའ་གསུམ་བརྩེགས་ཀྱི་ངོ་བོར་གྱུར། ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ། རང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པས་སེམས་དཔའ་གསུམ་བརྩེགས་བྱང་ཆུབ་ཀྱི་ཐིག་ལེར་ཞུ། ཐིག་ལེ་ཡང་མཐའ་ནས་ཡལ་ཏེ། སྟོང་པའི་ངང་དུ་མཉམ་པར་འཇོག་པའོ། །གཉིས་པ་ལ། རྡོ་རྗེ་གསུམ་གྱི་རིལ་གཞིག་སྦྲགས་ཏེ་སྒོམ་པ་དང༌། རིགས་ལྔའི་རིལ་གཞིག་སྦྲགས་ཏེ་སྒོམ་པ་དང༌། རྡོ་རྗེ་འཆར་ཆེན་པོའི་རིལ་གཞིག་སྦྲགས་ཏེ་སྒོམ་པའོ། །དང་པོ་ལ་གསུམ་གྱི་སྐུ་རྡོ་རྗེའི་རིལ་གཞིག་སྦྲགས་སྒོམ་པ་སྔོན་འགྲོ་ནི་རང་སྐུ་རྡོ་རྗེའི་ཐུགས་ཀར་ཟླ་བ་ལ། པདྨ་དམར་པོ་འདབ་བརྒྱད་དེའི་ལྟེ་བར་མི་ཤིགས་པའི་ཐིག་ལེ་ཨ་ཤད། རླུང་ཕྱིར་རྒྱུ་བའི་ཚེ། དེ་ལས་༵ྈྐ་བྷ་དྷ་༵ྉྤ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཞེས་པ་རྣམས་འཕྲེང་བ་ལྟར་བྱུང༌། ྈྐ་ཡིག་རླུང་གང་ནས་རྒྱུ་བའི་སྣ་སྒོ་ནས་རྒྱང་འཐོན་པ་དང༌། ཨཿདྲག་པོ་ཨ་ཤད་ལས་རྒྱང་སྟེ་འཐོན། དབུགས་ནང་དུ་འོང་བ་ན་ྈྐ་ཡིག་གིས་སྣ་དྲངས་ཡི་གེའི་འཕྲེང་བ་སྣ་སྒོ་ཅིག་ཤོས་ནས་ཞུགས། ཨ་ཤད་ལ་སྐོར་བ་ཕྱེད་དང་བཞིས་བསྐོར་བ་སྦྲུལ་འཁྱིལ་བ་ལྟར་འདུག་པར་བསམ། རླུང་གནས་པའི་ཚེ་ཨ་ཤད་ཉིད་ལ་སེམས་དྲག་ཏུ་གཏད་དེ་ལྟར་རྟག་ཏུ་བསྒོམ། ཐུན་གྱི་ཐོག་མར། རང་སྐུ་རྡོ་རྗེར་གསལ་བས་རླུང་སྔགས་སྦྱར་བའི་རྡོར་བཟླས་དཀྱུས་མ་མང་དུ་བྱ་སྟེ། འོད་གསལ་ལ་འཇུག་པའི་རྡོར་བཟླས་སོ། །དངོས་གཞི་ནི། སྔར་ལྟར་རིལ་འཛིན་བསྒོམ། ཡང་སྐད་ཅིག་ཙམ་གྱིས་
རང་སྐུ་རྡོ་རྗེ་སེམས་དཔའ་གསུམ་བརྩེགས་སུ་བསྒོམ། སྔར་ལྟར་རྗེས་གཞིག་བྱའོ། །གསུང་རྡོ་རྗེའི་རིལ་གཞིག་གི་སྔོན་འགྲོ་རྡོར་བཟླས་སྐབས་གསུང་རྡོ་རྗེའི་ཐུགས་ཀར་ཉི་མ་ལ་པད་མ་དམར་པོ་འདབ་མ་བརྒྱད་པ། ལྟེ་བར་ཟླ་བ་ལ་ཐིག་ལེ་ཨ་ཐུང་དམར་པོ་མུ་ཁྱུད་ཟེར་ཏེ་ཟླ་བའི་མཐའ་མ་ལ་ཨཱ་ལིས་བསྐོར་བ་ལ་སེམས་དྲག་ཏུ་གཏད། རླུང་འཇུག་གནས་འབྱུང་གསུམ་ཅར་ཨ་ཐུང་ལས་བྱེད་པར་བསྒོམ། རང་གསུང་རྡོ་རྗེར་གསལ་བས་རྡོར་བཟླས་དཀྱུས་མའང་མང་དུ་བྱ། དངོས་གཞི་གོང་གི་རིམ་པས་སྔར་ལྟར་རིལ་གཞིག་སྦྲགས་ཏེ་བསྒོམ་པའོ། ། ཐུགས་རྡོ་རྗེའི་རིལ་གཞིག་གི་སྔོན་འགྲོའི་སྐབས། རང་ཐུགས་རྡོ་རྗེར་གསལ་བའི་ལུས་ཁོང་སྟོང་སྤྱི་བོ་ནས་གསང་བའི་བར་དུ་རྩ་དབུ་མ་ཁོང་སྟོང་དཀར་ལ་ཕྲ་བ་ལ་སེམས་གཏད་ལ། རླུང་འཇུག་གནས་འབྱུང་གསུམ་གྱི་ཚེ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་བསྒྲིལ་བཞིན་པས་ཡར་ལྡོག་མར་ལྡོག་བྱ། དངོས་གཞི་གོང་གི་རིལ་གཞིག་སྦྲགས་ཏེ་བསྒོམ་པའོ། །གཉིས་པ་རིགས་ལྔའི་རིལ་གཞིག་སྦྲགས་ཏེ་སྒོམ་པ་ལ། གོང་གི་ཨཱ་ལི་ཀཱ་ལིའི་སྤྲོ་བསྡུ་དེ་ཉིད་ཐམས་ཅད་ཀྱི་ཐོག་མར་བསྒོམ། འོན་ཀྱང་མི་འདྲ་བའི་ཁྱད་པར་ཨ་བཤད་ཀྱི་ཚབ་ཏུ་རིགས་ལྔ་རང་རང་གི་ས་བོན་སྒོམ་པ་ཡིན་ནོ། །ལྔ་ཅར་ལ་འབྲུ་གསུམ་སྦྱར་བའི་རྡོར་བཟླས་ཅི་འགྲུབ་བཟླ། དངོས་གཞི་ལ། རྣམ་སྣང་གི་རིལ་གཞིག་ནི་སྐུ་རྡོ་རྗེའི་རིལ་གཞིག་དང་འདྲ། འོད་དཔག་མེད་ཀྱི་རིལ་གཞིག་ནི་གསུང་རྡོ་རྗེའི་རིལ་གཞིག་དང་འདྲ། མི་བསྐྱོད་པའི་རིལ་གཞིག་ནི་ཐུགས་རྡོ་རྗེའི་རིལ་གཞིག་འདྲའོ། །རིན་འབྱུང་གི་རིལ་གཞིག་ནི། རང་ཉིད་སྤྲུལ་སྐུ་སྒྱུ་ལུས་རིན་
འབྱུང་སེར་པོ་སེར་ནག་དཀར་པོའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་པ་རྣམས་ཀྱིས་དྲིལ་བུ་པད་སེར་རལ་གྲི་འཛིན་པ། དེའི་ཐུགས་ཀར་སྭཱ་ཡིག་སེར་པོ་གཞན་རིལ་གཞིག་གི་རིམ་པ་གོང་དང་འདྲ། དོན་གྲུབ་ཀྱི་རིལ་གཞིག་ནི། རང་ཉིད་སྤྲུལ་སྐུ་སྒྱུ་ལུས་དོན་གྲུབ་ལྗང་ཁུ་ལྗང་ནག་དཀར་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་པ་རྣམས་ཀྱིས་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ། ཐུགས་ཀར་ཧཱ་ཡིག་ལྗང་ཁུ། གཞན་རིལ་གཞིག་གི་རིམ་པ་གོང་དང་འདྲ། པཎྜི་ཏ་བཙུན་མོ་ཅན་གྱི་བཞེད་པས་ཨཱ་ལི་ཀཱ་ལིའི་སྤྲོ་བསྡུ་དང༌། སྙིང་གའི་སྔགས་འཁོར་དང༌། དབུ་མ་སྒོམ་པ་རྣམས་ཁོ་ནས་ཀྱང་རླུང་ཐིམ་པའི་ནུས་པས་སྒྱུ་ལུས་ལྷ་སྐུའི་སྣང་བ་སྟོང་ཉིད་དུ་ཐིམ་པར་འགྱུར་བས་ན། དེ་རྣམས་ཉིད་རིལ་འཛིན་ནོ་གསུང༌། པཎྜི་ཏ་མངོན་ཤེས་ཅན་དང་ནག་པོ་པའི་མན་ངག་ལས། གོང་གི་རྡོར་སེམས་རིལ་འཛིན་གྱི་སྐབས་སྣང་བ་ཐམས་ཅད་ཀྱང༌། སེམས་དཔའ་གསུམ་བརྩེགས་སུ་བསྒོམ། ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་རྣམས་ཡེ་ཤེས་སེམས་དཔའ་རྣམས་ལ་ཐིམ། དེ་རྣམས་ཏིང་ངེ་འཛིན་སེམས་དཔའ་རྣམས་ལ་ཐིམ། དེ་དག་ཐམས་ཅད་ཅིག་ཅར་སྟོང་པར་སྦྱངས་བས་བདག་དང་སྣང་བ་ཐམས་ཅད་དུས་གཅིག་སྦྱོང་བར་མཛད། ཡང་སྤྲོ་བསྡུའི་སྐབས་སུ་ཨ་ཤད་དང༌། སྔགས་འཁོར་ཨཱ་ཡིག་དང༌། དབུ་མ་ལས་འོད་འཕྲོས་སྣོད་བཅུད་སྟོང་བར་བསྡུ་བ་ཡང་འགའ་ཞིག་བཞེད་དོ།། དམིགས་པ་རྒྱས་པར་བྱེད་ན་གོང་རྡོ་རྗེ་གསུམ་དང་རིགས་ལྔའི་རིལ་གཞིག་
ཐམས་ཅད་ལ། སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ས་བོན་སོ་སོར་བསྒོམ་ལ། དཀྱུས་ལྟར་བསྡུས་པའི་ལུགས་ཡང་སེམས་དཔའ་གསུམ་བརྩེགས་དོན་གྱིས་ཚང་བར་ཤེས་པར་བྱའོ། །བཞི་པ་རྡོ་རྗེ་སེམས་དཔའི་རིལ་གཞིག་སྦྲགས་མ་ལ། རིལ་འཛིན་སྔར་དང་འདྲ་རྗེས་གཞིག་ལ་གསུམ་གྱི་ཨ་ཐུང་གི་རྗེས་གཞིག་ནི། རང་རྡོ་རྗེ་སེམས་དཔའི་སྙིང་གར་སྣ་ཚོགས་པད་མ་དང་ཟླ་བ་ལ་ཨ་ཐུང་དམར་པོའི་སྟེང་དུ་སྟོང་པའི་རི་མོ་ན་ད་ལྟ་བུས་མཚན་པ། དེ་ལས་འོད་འཕྲོས་སྣོད་བཅུད་འོད་དུ་ཞུ་རང་ལ་ཐིམ། དེ་སྙིང་གའི་པད་ཟླ་ལ། དེ་ཨ་ཐུང་ལ། དེ་སྟོང་པའི་རི་མོ་ལ། དེ་ཡང་མི་དམིགས་ཏེ་སྤྲོས་བྲལ་གྱི་དབྱིངས་ལ་མཉམ་པར་བཞག།ཐིག་ལེའི་རྗེས་གཞིག་ནི། ཨ་ཐུང་གི་དོད་དུ་ཐིག་ལེ་དཀར་པོ་དང་འོད་དཀར་པོ་སྤྲོ། གཞན་འདྲའོ།། ཧཱུཾ་དང་འབྲེལ་བའི་རྗེས་གཞིག་ནི་ཨ་ཐུང་གི་དོད་དུ་ཧཱུཾ་སྔོན་པོ། འོད་ཟེར་སྔོན་པོ་སྤྲོ། གཞན་འདྲའོ། །དེ་རྣམས་ཀྱང་རིགས་སོ་སོའི་རྣལ་འབྱོར་བ་རྣམས་ལ་དགོངས་ནས་རྡོ་རྗེ་འཆང་ཆེན་པོས་རྒྱུད་དུ་བཀའ་སྩལ་བའི་དབྱེ་བས་ཤིན་ཏུ་མང་བར་སོང་ཡང་རྩ་བའི་དམིགས་པ་ནི་རྡོ་རྗེ་སེམས་དཔའི་རིལ་གཞིག་གི་དམིགས་པ་རྣམས་ཡིན་པས་ནན་ཏན་དུ་བྱའོ། །དེ་ལྟར་ན་རིལ་གཞིག་སོ་སོ་བ་ལ་བརྒྱད། སྦྲགས་སྒོམ་གྱི་སྔོན་འགྲོ་རྡོར་བཟླས་གསུམ། དངོས་གཞི་རྡོ་རྗེ་གསུམ་དང་རིགས་ལྔ་སྟེ་བརྒྱད། སེམས་དཔའི་སྦྲགས་སྒོམ་ལ་རིགས་གསུམ་སྟེ་རིལ་གཞིག་ཉེར་གཉིས་སོ། །གཉིས་པ་གཉིད་ཀྱི་འོད་གསལ་ནི། གཉིད་འཐུག་པོའི་སྐབས་སུ་འོད་གསལ་སྤྲོས་པ་ཐམས་ཅད་
དང་བྲལ་བའི་དབྱིངས་ལ་མཉམ་པར་བཞག་པར་བྱ་སྙམ་པ་འཕེན་པ་ཡང་ཡང་བཏང་ལ། ཉལ་ཁར་རིལ་གཞིག་གི་དམིགས་པ་དྲག་ཏུ་བསྒོམས་པས་དང་པོར་གཉིད་འཐུག་པོ་ལ་དྲན་པས་སླེབ་པ་ཙམ་འབྱུང༌། དེར་ཡང་ཡང་འོད་གསལ་བསྒོམས་པས། མཐར་གཉིད་དུ་འགྲོ་བའི་ཚེ་སྣང་བ་གསུམ་གྱི་ཐིམ་རིམ་ངོ་ཤེས་པ་དང༌། གཉིད་ཀྱི་འོད་གསལ་ཇི་ལྟ་བ་བཞིན་སྐྱོང་ཐུབ་པ་ཡིན་ནོ། །འདི་དམིགས་སྐོར་གཅིག དེ་ཙམ་གྱིས་མ་གྲུབ་ན་གཉིད་དུ་འགྲོ་ཁར་རྡོར་བཟླས་ལ་མ་ཡེངས་པར་གནས་པས་ཀྱང་འགྲུབ། དམིགས་སྐོར་གཉིས། གཉིས་པ་ནི། ཚེ་འདིར་སྒྱུ་ལུས་ཐོབ་དོན་གྱི་འོད་གསལ་མཐོང་ལམ་མངོན་དུ་མ་གྱུར་ན། འཆི་ཁར་འབྱུང་བ་ཐིམ་རིམ་དང་ཁམས། ས་རིམ་པས་ཐིམ་ཚུལ་རྣམས་ཤར་བ་འོད་གསལ་གྱི་དབྱིངས་སུ་བཅུག རླུང་རྒྱུ་བ་རྡོར་བཟླས་སུ་བྱས་ཤིང་ཁྱད་པར་རྣམ་སྣང་མགོན་པོ་ནམ་མཁའི་རླུང་དགུ་བརྒྱ་བ་ཕྲག་གཅིག་གི་རྡོར་བཟླས་ཀྱིས་རྐྱེན་བྱས་ནས། འཆི་བ་དོན་གྱི་འོད་གསལ་དུ་གནས་གྱུར་ནས་བར་དོར་ཟུང་འཇུག་ཐོབ་པར་འགྱུར་རོ། །གསུམ་པ་ནི། ངག་དབེན་དང་སྣང་བ་དང་མཆེད་པའི་རྟོགས་པ་ཙམ་རྒྱུད་ལ་སྐྱེས་ན་འཆི་བ་ལམ་དུ་འཁྱེར་ཚུལ་སྔར་དང་འདྲ་བར་བྱས། འཆི་བའི་ཚེ་སེམས་དབེན་མཐར་ཐུག་གི་འོད་གསལ་སྐྱེས་ནས་བར་དོར་སྒྱུ་ལུས་མངོན་དུ་བྱེད། སླར་ཡང་སྐྱེ་བ་སྤྲུལ་སྐུའི་སྒྱུ་ལུས་ཀྱི་ལམ་གྱིས་རིག་པ་འཛིན་པ་སོགས་རྟེན་ཁྱད་པར་ཅན་གྱི་ལུས་བླངས་ནས་གྲོལ་བར་འགྱུར་རོ། །འདི་ལའང་དབང་པོའི་ཁྱད་པར་གྱིས་བར་དོར་མཆོག་འགྲུབ་པའི་རིགས་ཀྱང་ཡོད་དོ། །འདི་གཉིས་ཟུང་འཇུག་དང་འབྲེལ་ཡང༌། འོད་གསལ་གྱི་བྱེད་པ་ཅན་
ཡིན་པས་འོད་གསལ་གྱི་ཡན་ལག་གོ །དྲུག་པ་ཟུང་འཇུག་ནི་འབྲས་བུའི་སྐབས་ཏེ། འོད་གསལ་ལ་འཇུག་པའི་སྐབས་སེམས་ཅན་གྱི་དོན་དུ་ལྷ་སྐུར་ལྡང་བར་བྱའོ་ཞེས་འཕེན་པ་དྲག་པོ་བཏང་ལ་འོད་གསལ་བསྒོམ། འོད་གསལ་ལས་སྣང་གསུམ་ལུགས་བཟློག་ཏུ་ལངས་ཏེ་སྐད་ཅིག་ཙམ་གྱིས་ལོངས་སྐུ་རྡོ་རྗེ་འཆང་ལྷན་སྐྱེས་ཞལ་གཅིག་ཕྱག་གཉིས་པའམ་ཞལ་གསུམ་ཕྱག་དྲུག་པར་གྱུར་པ་ནི་ལོངས་སྐུ་ཟུང་འཇུག དེས་རང་གི་ཐུགས་ཀ་ནས་རིག་མ་སྤྲོས་མཁའ་གསང་བྱིན་གྱིས་བརླབས། སྙོམས་པར་ཞུགས། ཐིག་ལེ་ལས་མཁའ་ནང་དུ་དཀྱིལ་འཁོར་རྫོགས་པར་བསྐྱེད། མི་བསྐྱོད་པ་ཐུགས་ཀར་དྲངས་ཕྱིར་སྤྲོས། སེམས་ཅན་གྱི་དོན་བྱས་རང་གི་ཐུགས་ཀ་ནས་ཞུགས་ཏེ་ཐིམ་པས། སྤྲུལ་སྐུ་ཞེ་སྡང་རྡོ་རྗེའི་རྣམ་པར་གྱུར། མཁའ་ནང་གི་དཀྱིལ་འཁོར་ཕྱུང༌། དཀྱིལ་འཁོར་སྣང་བ་ཐམས་ཅད་ལ་སྤྲོས་པས་ཐམས་ཅད་དཀྱིལ་འཁོར་དུ་གྱུར་པར་སྒོམ་པ་ན་སྤྲུལ་སྐུ་ཟུང་འཇུག་གི་དམིགས་པའོ།། གཉིས་པ་སྤྱོད་པ་དང༌། གསུམ་པ་དམ་ཚིག་དང༌། བཞི་པ་འབྲས་བུའི་རྣམ་གཞག་དང༌། གཞན་ཡང་སྔར་བཤད་པ་དེ་རྣམས་ཀྱི་གོ་དོན་ནི་རིམ་ལྔ། སྤྱོད་བསྡུས། མདོར་བྱས། མདོ་སྡེ། རྣམ་གཞག་རིམ་པ། བདག་བྱིན་རླབས། ལས་མཐའ་རྣམ་འབྱེད་རྣམས་ལས་རྟོགས་པར་བྱ་ལ། བློ་རབ་ཀྱིས་ནི་སྒྲོན་གསལ་དང་རྡོ་རྗེ་འཕྲེང་བ་སོགས་ཞིབ་ཏུ་མཉན་པ་ལས་ཀྱང་ཤེས་པར་བྱའོ། །གོ་དོན་མདོ་ཙམ་ཁོ་བོས་ཀྱང་འབྲི་བར་འགྱུར་རོ། །མཆོག་གྱུར་རིམ་པ་ལྔ་པ་ཡི། །མན་ངག་བྲིས་ལས་དགེ་བ་གང༌། །ཐོབ་པ་དེས་ནི་འགྲོ་བ་ཀུན། །རྡོ་རྗེ་འཆང་ཆེན་མྱུར་ཐོབ་ཤོག །དཔལ་གསང་བ་འདུས་པ་འཕགས་ལུགས་
རིམ་པ་ལྔ་པའི་འཁྲིད་ཡིག་རྒྱུད་དོན་གསལ་བ་ཞེས་བྱ་བ་རྗེ་འགོས་ལོཙྪ་བའི་མན་ངག་ཇི་ལྟ་བ་ལ། ཅི་རུང་རུང་སྣ་ཚོགས་པའི་ངན་རྟོག་གིས་མ་སྦགས་པ་འདི་ནི། ཟབ་ལམ་དོན་གཉེར་རྨོངས་ཞེན་ཙམ་ལ་མ་ལུས་པའི་བཤེས་གཉེན་འགས་བསྐུལ་བའི་ངོར། ཏཱ་ར་ནཱ་ཐས་རང་ལོ་ཉེར་བདུན་པ་ལ་སྨྲས་པ་སྟེ་དོལ་མདའི་རྫོང་དུའོ། །སྔོན་ཆད་འཁྲིད་ཡིག་གསལ་པོ་འདི་ལྟ་བུ་མེད་པས་བཀའ་རྒྱ་དམ་པོར་བྱའོ། །འདི་ནི་རྒྱུད་འགྲེལ་དང་འཕགས་པའི་དགོངས་དོན་ལོ་པཎ་སྤྲུལ་བའི་སྐྱེས་མཆོག་གིས་བསྒྱུར་ངེས་པའི་ཆོས་རྩོད་བྲལ་ཡིན་པས་རྫུན་ཆོས་དང་རིན་ཐང་འདྲ་བར་མ་བྱེད་ཅིག ཞུས་དག མངྒ་ལཾ།