རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར།
རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་བཞུགས།
ཨོཾ་སྭཱ་སྟི། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་མཎྜལ་དེ་བ་ཏཱ་བྷྱཿ སེང་གེ་འཕྲོག་བྱེད་སེར་སྐྱ་སོགས། །ཀུན་གྱིས་བཟློག་པར་མི་ནུས་པའི། །གཤིན་རྗེའི་དམག་དཔུང་འཇོམས་པ་པོ། །སངས་རྒྱས་འགྲོ་བའི་བླ་མར་འདུད། །དེ་ཉིད་གདུལ་དཀའ་འདུལ་བའི་ཕྱིར། ཁྲོ་བོའི་རྒྱལ་པོར་སྐུ་བཞེངས་པ། །ཡ་མཱན་ཏ་ཀ་ལ་བཏུད་ནས། །གླེང་བསླང་འཇུག་སྒོ་ཅུང་ཟད་རྩོམ། །འདིར་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་ཉིད། དམིགས་པ་མེད་པའི་ཐུགས་རྗེ་མཁའ་ལྟར་ཁྱབ་པའི་འཕྲིན་ལས་ཕྱོགས་མེད་དུ་སྒྲུབ་པའི་ཡེ་ཤེས་
ཀྱི་ངོ་བོ་ནི། བཅོམ་ལྡན་འདས་ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡིན་ལ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་གཅིག་དུ་འདུས་པ། རྒྱལ་སྲས་ཐུ་བོའི་ཚུལ་བཟུང་ནས། རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་སྒྲུབ་པ། འཕགས་པ་འཇམ་དཔལ་ཉིད་ཁྲོ་བོའི་སྐུར་བཞེངས་པར་ཀུན་ཏུ་གྲགས་པ་ལྟར་ཡིན་ལ། སྔགས་ཀྱི་ཐེག་པ་འདིར་དེ་ལྟ་བུའི་ཚུལ་སྟོན་དང་མཐུན་པར། བྱང་ཆུབ་སེམས་དཔའ་སློབ་པའི་ཚུལ་དུ་བསྒྲུབ་པ་དང༌། གནས་ཚུལ་ལ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས་ཡིན་པ་ལྟར། དཀྱིལ་འཁོར་གྱི་དབང་ཕྱུགརིགས་ཀུན་གྱི་ཁྱབ་བདགརྡོ་རྗེ་འཛིན་ཆེན་པོ་ཉིད་ཀྱི་ཚུལ་དུ་བསྒྲུབ་པ་རྣམ་པ་གཉིས་འབྱུང་བ་ལས། རྒྱུད་སྡེ་འོག་མ་རྣམས་སུ་ནི་སྔ་མ་ཤས་ཆེ་ལ། རྣལ་འབྱོར་བླ་ན་མེད་པ་འདིར་ནི་ཕྱི་མ་གཙོ་བོར་གྱུར་པའོ། །འོན་ཀྱང་རྒྱུད་འདི་དག་ཏུ་བཤད་པའི་ཡང་སྒོ་སྐྱོང་ཐོ་བ་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་དང༌། རྒྱུད་གཞན་གྱི་ཕྱོགས་
མཚམས་སྐྱོང་བའི་ཁྲོ་བོ་ལ་སོགས་པ་ཞོར་བྱུང་གི་སྒྲུབ་ཐབས་རྣམས་ན། བྱང་ཆུབ་སེམས་དཔའི་ཚུལ་དུ་བསྒྲུབ་པ་ཡང་ཐེག་པ་བླ་ན་མེད་པ་འདིར་མང་པོ་ཞིག་བཤད་དོ། །དེ་དག་ལས། རྣལ་འབྱོར་བླ་ན་མེད་པའི་ རྒྱུད་ཀྱི་ནང་ཚན། དམར་ནག་འཇིགས་གསུམ ་དུ་གྲགས་པ་འདི་རྣམས་ཀྱི་རྒྱུད་དོན་ལ་འཇུག་པའི་སྔོན་དུ་འགྲོ་བ་འདི་ལྟར་ངེས་པར་བྱ། དེ་ལ་ལྔ་སྟེ། རྒྱུད་རྒྱལ་འདི་རྣམས་མཆོག་སྒྲུབ་མིན་པར་འདོད་པའི་ལོག་རྟོག་དགགའདི་རྣམས་རྒྱུད་ཀྱི་སྡེ་ཚན་གར་གཏོགས་ངོས་བཟུང༌། འདི་རྣམས་ཀྱི་བརྗོད་པར་བྱ་བའི་བསྡུས་དོན་བཤད། སྟོན་པས་རྒྱུད་དེ་དག་ཇི་ལྟར་གསུངས་པའི་ཚུལ། དེ་ཉིད་མི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ལོ། །དང་པོ་ནི། ཟབ་མོའི་མཐར་རྒྱུད་རྒྱལ་འདི་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་སྙམ་ན། ཐེག་པ་སྤྱིའི་དོན་དང༌། མདོ་སྔགས་ཀྱི་དབྱེ་བ་དང༌། རྒྱུད་སྡེ་བཞི་པོའི་སྤྱིའི་རྣམ་གཞག་རགས་པ་ཙམ་གོ་ཟིན་པའི་དབང་དུ་བྱས་ནས་དེའི་རྗེས་ལ་འདི་ལྟར་གོ་བར་བྱ་སྟེ། འོ་སྐོལ་གྱི་སྟོན་པས་རིག་པ་འཛིན་པའི་སྡེ་སྣོད་མཐའ་ཡས་པ་ཞིག་གསུངས་པ་ལས། རྣལ་འབྱོར་བླ་ན་མེད་པ་ནི་མཐར་ཐུག་པ་སྟེ། ལམ་གྱི་རིམ་པ་གང་ལ་དབང་བཞི་དང༌། རིམ་པ་གཉིས་དང༌། དམ་ཚིག་དང༌། བརྟུལ་ཞུགས་དང༌། ཉེ་རྒྱུས་མཚམས་སྦྱོར་བ་རྣམས་མ་ཚང་བ་མེད་པར་སྟོན་ཅིང་གནས་ལུགས་དེ་ཁོ་ན་ཉིད་ཀྱང་ཕྱིན་ཅི་མ་ལོག་པར་རྫོགས་པར་སྟོན་པའི་རྒྱུད་དོ། །དེ་ནི་རང་ཉིད་གང་ལ་དགོངས་ནས་སྟོན་པའི་ཡུལ། ཆེད་དུ་བྱ་བའི་གདུལ་བྱ་དེ་བར་ཆད་གློ་བུར་བ་མ་བྱུང་ན། ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྦྱོར་ནུས་པས་ཁྱབ་པ་ཡིན་ནོ། །དེའི་ཕྱིར་འདི་ན་ཁ་ཅིག་སྤྱིར་ཡང་བླ་མེད་ཕ་རྒྱུད་ལ་རྫོགས་རིམ་ངེས་པ་སྟོན་དགོས་པ་མིན་སྙམ་པ་དང༌། དགོས་སུ་འཇམ་དཔལ་ཁྲོ་བོའི་རྒྱུད་རྟོག་པ་བདུན་པ་ནི། བྱང་ཆུབ་སྒྲུབ་པ་ལ་བར་ཆད་སེལ་བྱེད་ཀྱི་ཆོས་ཡིན་གྱི། བྱང་ཆུབ་ཐོབ་བྱེད་
དངོས་མིན་ཟེར་བ་དང༌། སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་འདི་ཡང༌། ཐ་ན་དབང་བཞི་ཡང་དངོས་བསྟན་ལ་གསལ་པོ་མེད་པས་དཔལ་འཛིན་གྱིས་ཀྱང་ཚིག་ཟུར་ལ་སྙད་བཅོལ་ཏེ། དབང་བཞི་པོ་སྟོན་བྱེད་ཙམ་དཀའ་ཚེགས་ཀྱིས་བཙལ་ནས། རྣལ་འབྱོར་བླ་མེད་དུ་སྒྲུབ་དགོས་བྱུང་བ་ཡིན་པས། ནག་པོ་སྐོར་གསུམ་གྱི་དངོས་བསྟན་ལ་རྫོགས་རིམ་མེད་དོ་ཞེས་སྨྲ་བ་ནི། ཆོས་ཀྱི་གནད་གཏན་ནས་མ་གོ་བས། ཆོས་སྤོང་གི་ལས་གསོག་པ་ཁོ་ནར་སྣང་ཞིང༌། རང་དང་བློ་མ་མཐུན་པའི་གྲུབ་མཐའ་བའི་སྡེ་གཞན་འགའ་ཞིགཆོས་འདི་གཙོ་བོར་བྱེད་པ་ལ་བརྙས་ཐབས་སུ་སྣང་ཡང༌། ཁྱེད་ཀྱི་ཚིག་དེ་བདེན་ན། སངས་རྒྱས་ཐོབ་བྱེད་མ་ཡིན་པའི་ཆོས་ངན་པ་ལ། ཁྱེད་རང་ཡང་དབང་བསྐུར་ཉན་བཤད་རྩལ་འདོན་བྱེད་པ་ལྟར་འདུག་པ་ཤིན་ཏུ་བླུན་ཞིང་བྱེད་རྒྱུ་ཟད་པ་ཡིན་ལ། ཡང་འདི་ལ་ཕུགས་ཀྱི་འབྲས་བུ་མེད་ཀྱང་ཆོས་འདི་གཞན་ཚོ་ལ་འདུག་པས། ངེདཀྱང་གྲ་གཤོག་པའི་ཆེད་དུའོ་ཟེར་ན། ཁྱེད་རྣམས་རང་གིས་རང་གི་འདོད་དོན་གསལ་བར་སྨྲས་ཏེ་དེ་ནི་བདེན་ནོ། །དེ་ལྟ་ན་ཡང་འདིར་དཔྱད་དེ། གལ་ཏེ་རྟོག་པ་བདུན་པའི་ལམ་གྱིས་བྱང་ཆུབ་མི་ཐོབ་ན། རྟོག་བདུན་གྱི་བཤད་པ་སྐྱོ་ལུགས་དང༌། མལ་ལུགས་ནི་མཆོག་ཏུ་གྱུར་པའི་ཆོས་སུ་ཁྱེད་རང་འདོད་པ་ཡང་མི་འཐད་དེ། ལས་ཕྲན་ཚེགས་ཙམ་འགྲུབ་དུ་ཟིན་ཡང་མུ་སྟེགས་ཀྱི་ཆོས་དང་མཚུངས་པར་ཐལ་བའི་ཕྱིར་རོ། །ཡང་བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་ཞེས་ཟེར་བ་ལ་ཡང་བརྟགས་ན། འདི་ལྟར་བར་ཆད་ཐམས་ཅད་སེལ་བ་ཡིན་ན་ནི། བྱང་ཆུབ་སྒྲུབ་བྱེད་བླ་ན་མེད་པར་འགྱུར་ཏེ། བར་ཆད་ཐམས་ཅད་སྤངས་ནས་བྱང་ཆུབ་མ་ཐོབ་པ་མི་སྲིད་པའི་ཕྱིར་རོ། །ཚེ་འདིའི་ནད་དང་གནོད་བྱེད་དང༌། འཕོངས་པ་སེལ་བ་ཙམ་ལ་བྱེད་ན་ནི། དེ་ཙམ་གྱིས་བྱང་ཆུབ་ཀྱི་བར་ཆད་སེལ་བྱེད་དུ་འཇོག་མི་ཐུབ་ཅིང༌། དེ་
འདྲ་ནི་སྨན་དང་རྫས་དང་རིག་པ་དང༌། དགྲ་ཐབས་ལ་སོགས་པའི་བློ་གྲོས་ཀྱིས་ཀྱང་ནུས་པས་ན། གྲོང་པའི་སྐྱེ་བོ་རྣམས་དང་ཐུན་མོང་དུ་འགྱུར་བས། འདིར་ཁྱེད་བར་ཆད་སྲུང་བ་དང་འཇོམས་པའི་ཚད་གང་ལ་འཇོགསྐྱེ་བ་ཕྱི་མ་གཅིག་གམ་གཉིས་སུ་སྡུག་བསྔལ་སེལ་བ་ལ་འཇོག་ན་ཡང༌། མུ་སྟེགས་དང་ཐུན་མོང་དུ་འགྱུར་ལ། བདུད་དང་གཤིན་རྗེ་ཐུབ་པ་ལ་འཇོག་ན་ནི། དེ་ལ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་དགོས་པས། དེ་ཀ་ལ་བྱང་ཆུབ་ཐོབ་པའི་ཐབས་ཞེས་ཟེར་བ་གོ་དགོས་སོ། ཁྱེད་ཀྱི་གོ་ཡུལ་ན་རྣམ་བཅད་ཀྱི་ཆ་ནས། བར་ཆད་ལ་སོགས་པའི་སྐྱོན་སྤངས་པ་ཡིན་པ་ལ། ཡོངས་གཅོད་ཀྱི་ཆ་ནས་ཡོན་ཏན་མངོན་པར་མ་བསྒྲུབ་པ་ཅིག་སྲིད། མཚན་གཞི་ཆོས་སྐོར་འདི་རྣམས་ཡིན། དཔེ་ཟངས་གཞོང་གི་དྲི་མ་བཀྲུས་ནས་བཅུད་མ་བླུག་པ་དང་འདྲ་སྙམ་པ་ཅིག་འདུག་སྟེ། རིག་གྲས་ཙམ་མ་གཏོགས་ལམ་གྱི་རིམ་པ་དང༌། སྤང་གཉེན་སོགས་ཀྱི་གོ་བ་ཕྱོགས་རེ་ཙམ་ཡང་ཤར་བ་དེར་འདུགདེས་ན་གཉེན་པོ་མ་སྐྱེས་པར་སྤང་བྱ་སྤོང་མི་ཐུབ། ཚོགས་གཉིས་མ་རྫོགས་ན་སྒྲིབ་གཉིས་མི་དག་སྟེ། དཔེར་ན་སྣང་བ་མ་བྱུང་ན་མིན་པ་མི་སེལ་བ་བཞིན་ནོ། །དེས་ན་ཡོངས་གཅོད་དུ་ཡོན་ཏན་སྐྱེས་པ་དང༌། རྣམ་བཅད་དུ་བར་ཆད་ཉེས་སྐྱོན་སེལ་བ་བང་མཉམ་མཆོང་མཉམ་གྱི་ཚུལ་ཡིན་པས། བར་ཆད་སེལ་བྱེད་མཆོག་ཏུ་གྲུབ་ན་ཡོན་ཏན་སྐྱེད་བྱེད་ཀྱང་མཆོག་ཏུ་འགྲུབ་བོ། །དཔལ་འཛིན་གྱིས་ནག་པོའི་རྒྱུད་བླ་མེད་དུ་བསྒྲུབ་པ་ནི་འགའ་ཞིག་གིས་རྒྱུད་སྡེ་འོག་མར་བཀྲལ་བ་འགོག་པའི་ཕྱིར་ཡིན་གྱི། བླ་མེད་ཀྱི་མཚན་ཉིད་མ་ཚང་ཡང༌། རྒྱུད་ཀྱི་ཚིག་ཟུར་ལ་འབྲུ་ལོག་རྒྱབ་ནས་བླ་མེད་དུ་ཁ་བསྒྱུར་ཞིང་བཅོས་པ་ག་ལ་ཡིན། དེ་ལྟར་ཡིན་ན་རྒྱུད་ཀྱང་བླ་མེད་མ་ཡིན་པ་དང༌། སློབ་དཔོན་ཡང་རྫུན་པོ་ཆེར་ཐལ་བར་འགྱུར་བ་ལས། ཁྱེད་རང་ཡང་དེ་འདྲ་
མི་འདོད་ལ་རགནག་པོའི་རྒྱུད་དང་རྟོག་བདུན་འདི་དངོས་གནས་བླ་མེད་ཀྱི་རྒྱུད་ཡིན་ན། བླ་མེད་ཀྱི་རྒྱུད་ཀྱི་མཚན་ཉིད་ཚང་དགོས་པ་གཞིར་བཞགབརླན་གཤེར་མེད་ཀྱང་ཆུ་ཡིན་པ་སྲིད་དམ་ཅི། ནག་པོ་སྐོར་ གསུམ་གྱི་རྒྱུད ་འདི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཡིན་ཏེ། བསྐྱེད་རིམ་མཚན་ཉིད་དང་ལྡན་པ་སྟོན་པའི་ཕྱིར། རྟགས་མངོན་སུམ་གྱིས་གྲུབ། ཁས་ཀྱང་བླངས་སོ། །ཡང་འདི་སྐད་ཅེས། གང་བསྐྱེད་རིམ་མཚན་ཉིད་ཚང་བ་སྟོན་ན། དངོས་སྦས་གང་རུང་ལ་རྫོགས་རིམ་སྟོན་པས་ཁྱབ། དཔེར་ན་གསང་བ་འདུས་པ་བཞིན། ནག་པོ་སྐོར་ གསུམ་གྱི་རྒྱུད ་ཀྱང༌། བསྐྱེད་རིམ་རྫོགས་པར་སྟོན་པའི་རྒྱུད་ཡིན་ནོ། །ཞེས་བྱའོ། །སློབ་དཔོན་དཔལ་འཛིན་གྱིས་བཤད་པ་ནི་འགའ་ཞིག་གིས་དགྲ་ནག་གསང་སྔགས་ཕྱི་བར་བཀྲལ། གཙོ་བོ་ཡུམ་ཅན་མི་རུང་བར་འདོད་པ་ལ། ཞལ་ཕྱག་སྟོན་བྱེད་ཀྱི་སྐབས་སུ་མི་གསལ་ཡང༌། གསང་དབང་དང༌། ཤེར་དབང་གི་སྐབས་སུ་གཉིས་སྦྱོར་ཡོད། དེའི་ཕྱིར་གསང་སྔགས་ཕྱི་རྒྱུད་མིན། གཙོ་བོ་ཡུམ་ཅན་དགོས་ཞུ་བ་གླུས་བསྐུལ་ཡོད་པས་སོ། །ཞེས་སྒྲུབ་བྱེད་བཀོད་ནས་ཕ་རོལ་པའི་འདོད་པ་དེ་ལ་གནོད་བྱེད་ཟུར་ཙམ་ཞིག་བསྟན་པ་ཡིན་གྱི། དབང་གོང་མ་དང་རྫོགས་རིམ་འཆད་རྒྱུ་མེད་ནས། སྒྲུབ་བྱེད་གཞན་གྱིས་འཕོངས་པ་ག་ལ་ཡིན། ལར་རྫོགས་རིམ་ལ་སོགས་པའི་མན་ངག་ཟབ་མོ་རྣམས། སློབ་མ་མཆོག་ལ་དུས་སུ་བབ་པ་ན་སྟོན་པར་བྱེད་ཀྱི། གཞན་དང་ཁ་ཤགས་འགྱེད་པའི་རྩོད་པའི་དུས་སུ་ག་ལ་སྨྲ། ཁྱེད་རྣམས་ཉིད་གང་ཡོད་ཁ་རུ་ཁྱེར་བའི་རིགས་འགྲེ་དེ་དཔལ་འཛིན་སོགས་ཆེས་ཆེ་བ་རྣམས་ལའང་སྦྱོར་བ་འདི་ག་སྐྱོན་ཆེ་བར་གདའོ། །དེས་ན་ཕ་རྒྱུད་ཀྱི་གཤེད་སྐོར། གསང་འདུས་སྒྱུ་འཕྲུལ་དྲྭ་བ་སོགས་དང༌། མ་རྒྱུད་ཀྱི་མཉམ་སྦྱོར་སོགས་ལ། རྒྱུད་ཀྱི་དངོས་བསྟན་རྫོགས་རིམ་གསལ་མི་གསལ་གྱི་ཁྱད་པར་མེད་དོ། །ཡང་མི་མཁས་
པ་དེ་དག་གསང་བའི་དེ་ཁོ་ན་ཉིད་ཀྱི། རྣལ་འབྱོར་བསྐྱེད་པ་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་དྲན། །ཞེས་པའི་ཚིག་གིས་ཟབ་དོན་རྒྱ་ཆེན་པོ་གཞན་སྟོན་པར་མ་ཤེས་པར། ཕ་རྒྱུད་མ་རྒྱུད་ཀྱི་ཁྱད་པར་སྟོན་པ་ཡིན་ནོ་ཞེས། ཆེན་པོ་གཞན་སུ་ཡང་མི་སྨྲ་བ་ལ། ཁྱེད་རང་རྣམས་ཁོ་ནས་དྲན་བྱུང་གསར་སྐྱེས་ཀྱི་འབྲུ་ལོག་རྒྱབ་པ་དེ་ཀ་རྒྱུ་མཚན་དུ་ཁྱེར་ནས། བསྐྱེད་རིམ་གཙོ་བོར་སྟོན་པ་ཕ་རྒྱུད་དང༌། རྫོགས་རིམ་གཙོ་བོར་སྟོན་པ་མ་རྒྱུད་ཡིན་པས། ཕ་རྒྱུད་ལ་རྫོགས་རིམ་མེད་ཀྱང་ཆོག་གོ་ཞེས་ཁུངས་མེད་བློ་བཟོ་བྱུང་རྒྱལ་དུ་སྨྲ་བས་རྨོངས་པའི་ཚོགས་རྣམས་མགོ་བསྐོར་བར་བྱེད་དེ། དེ་ལ་འདི་སྐད་བྱ་སྟེ། ཕ་རྒྱུད་བསྐྱེད་རིམ་གཙོ་བོར་སྟོན་པས་རྫོགས་རིམ་མེད་ཀྱང་ཆོག་ན། མ་རྒྱུད་རྫོགས་རིམ་གཙོ་བོར་སྟོན་པས་བསྐྱེད་རིམ་མེད་ཀྱང་ཆོག་པར་ཐལ་ལོ། །ཡང་ཁྱེད་རྣམས་ཕ་རྒྱུད་ལས་རྫོགས་རིམ་རྒྱས་པར་མི་སྟོན་ཅེས་པ་དང༌། གསང་འདུས་ལས་རྫོགས་པར་སྟོན་ཟེར་བ་ཡང་འགལ། ཡང་དེ་སྐད་སྨྲ་བཞིན་དུ་གསང་འདུས་ཀྱི་དེ་མི་ཟབ་པའི་རྫོགས་རིམ་ཡིན། མ་རྒྱུད་དང་ཀྱཻ་རྡོར་གྱི་དེ་ཤིན་ཏུ་ཟབ་པའི་རྫོགས་རིམ་ཡིན་ཟེར་བ་ཡང་དེ་མ་ཐག་ཏུ་ཤིན་ཏུ་ནང་འགལ་ཏེ། མི་ཟབ་པའི་རྫོགས་རིམ་ནི། རྫོགས་རིམ་མ་ཡིན་པའི་ཕྱིར་དང༌། དབྱེ་བ་དེ་ལྟར་འབྱེད་པ་ནི། རྫོགས་རིམ་རང་ཡང་ངོས་མ་ཟིན་པའི་བསླབ་ཅོལ་དུ་འདུག་པའི་ཕྱིར་རོ། །ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་ཐོབ་ཐང་ལ་རྫོགས་རིམ་མེད་ཚུལ་འབད་ནས་སྨྲས་ཟིན་པའི་རྗེས་སུ། སྐྱོ་བ་རྣམས་ཞུ་བའི་བསམ་གཏན་དང༌། མཚན་མོ་རྒྱུ་བའི་རྫོགས་རིམ་དུམ་ཙམ་འཆད་པ་འདི། རེ་ལེགས་ཞིག་འདུག་གོ་ཟེར་བ་འདི་ནི་བརྟད་མེད་ཀྱི་སྨྱོན་གཏམ་སྟེ། ཐོབ་ཐང་ལ་མེད་པ་ཞིག་སྨྲས་པ་དེ། ལེགས་པོར་འགྲོ་བ་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་དང༌། རྫོགས་རིམ་གྱི་བཤད་པ་སྐྱོ་བའི་ལུགས་དེ་ལེགས་ན།
རྫོགས་རིམ་གྱི་བཤད་པ་གཞན་བྱས་པ་ལའང་མི་ལེགས་པའི་རྒྱུ་མཚན་ཅི། མན་ངག་གི་སྦས་བཤད་དུ་ནི་དེ་དག་ཀྱང་འདོད་ཅིང༌། རྒྱུད་ཀྱི་དངོས་བསྟན་ནི་ཅིག་ཤོས་ཀྱང་མ་ཡིན་པའི་ཕྱིར་རོ། །སྐྱོ་བས་ཞུ་བའི་བསམ་གཏན་རྫོགས་རིམ་དུ་བཀྲལ་བའི་རྫོགས་རིམ་ནི་གཏུམ་མོ་འཁོར་ལོ་བཞི་པ་ཡིན་ལ། དེ་ནི་ཁྱེད་ཀྱི་ལུགས་ལ་ཟབ་མོའི་རྫོགས་རིམ་དུ་འདོད་ཅིང༌། ཡང་ཁྱེད་ཀྱི་ཕ་རྒྱུད་ལ་སྤྱིར་རྫོགས་རིམ་དགོས་རྒྱུ་ཆུང་ཞིང༌། དགོས་སུ་ཟབ་མོའི་རྫོགས་རིམ་མི་ཡོང་ཞེས་སྨྲས་ཟིན་ལ། འཇིགས་བྱེད་ཀྱི་རྒྱུད་ཕ་རྒྱུད་དུ་ཡང་འདོད་པས། འགལ་འདུའི་ཕུང་པོ་འདི་འདྲ་བ་ཇི་ལྟ་བུ་ཡིན། ཁྱེད་རྣམས་ཉིད་ཀྱིས་སོམས་ཤིགནམ་ཞིག་ན་ཁྱེད་རང་རྣམས་ཀྱི་རང་ཚུལ་གོ་བར་འགྱུར་རམ་སྙམ། གཞན་གྱིས་སྨྲས་ན་ནི་ཁྱེད་ལ་ཞེ་སྡང་མི་བཟད་པ་འབར་བར་འགྱུར་རོ། །གཉིས་པ་ནི། འདི་ལྟར་ངེས་པ་བྱ་སྟེ། བླ་མེད་ཀྱི་རྒྱུད་སྡེ་གང་ལ། ལྷ་ཡབ་ཀྱི་སྔགས་དང༌། དཀྱིལ་འཁོར་དང༌། ལས་ཚོགས་ཁོ་ན་གཙོ་བོར་སྟོན་པ་དེ་ནི་ཕ་རྒྱུད་ཡིན་ལ། དེར་མ་ཟད་ལྷ་ཡུམ་རྣམས་ཀྱི་ཡང་སྔགས་དང་དཀྱིལ་འཁོར་དང་ལས་ཚོགས་རྩལ་དུ་འདོན་པ་ཡང་ཡོད་པ་ནི་མ་རྒྱུད་ཡིན་ནོ། །དེ་ཡང་དོན་ཐབས་ཤེས་གཉིས་ལ། རྒྱུད་སྡེ་དེ་གཉིས་ཀྱིས་བགོ་བཤའ་བྱས་པ་ལྟ་བུ་ནི་མ་ཡིན་ཏེ། རྣལ་འབྱོར་མ་ རྒྱུད་ཕལ་ཆེ་བ་ལས་ཀྱང་ཐབས་ཀྱིས་ལྷ་སྔགས་སྦྱོར་གསུམ ་ཡང་རྩལ་དུ་འདོན་པའི་ཕྱིར་རོ། །དེས་ན་ཐབས་རྒྱུད་ལ་ཡབ་ཁོ་ན་རྩལ་དུ་འདོན་པས་ཁྱབ། མ་རྒྱུད་ལ་ནི་གདན་བཞིའི་བསྡུས་རྒྱུད་འདི་ལྟ་བུ། ཡུམ་ཁོ་ན་རྩལ་དུ་འདོད་པའང་ཡོད་མོད། ཕལ་ཆེར་ལས་གཉིས་ཀ་རྩལ་དུ་འདོན་ནོ། །དེས་ན་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་མིང་ཁྱད་པར་ཅན་ལ་ཐོབ་སྟེ། རྣལ་འབྱོར་མ་རྒྱུད་ཅེས་བྱ་བ་ནི། གནས་གཞིའི་མོ་གཡེན་ཟེར་བ་དང་འདྲའོ། །སྟོང་ཉིད་སྙིང་རྗེའམ། བསྐྱེད་
རྫོགས་སམ། སྒྱུ་ལུས་འོད་གསལ་ལམ། བསོད་ནམས་ཡེ་ཤེས་སམ། བདེ་སྟོང་གསལ་སྟོང་སོགས་ཀྱི་སྒོ་ནས། ཕ་མའི་རྒྱུད་ཀྱི་དབྱེ་བ་མི་རུང་སྟེ། གཉིས་ཀས་ཀྱང་དེ་ཐམས་ཅད་སྟོན་པར་མཚུངས་པའི་ཕྱིར་རོ། །འོ་ན་ཕ་རྒྱུད་ལ་ནི་རྣལ་འབྱོར་ཆེན་པོ་ཞེས་བྱ་ལ། རྣལ་འབྱོར་བླ་ན་མེད་པ་ནི་མ་རྒྱུད་ཀྱི་མིང་མ་ཡིན་ནམ། ཅིའི་ཕྱིར་ཐབས་རྒྱུད་བླ་མེད་དུ་འཇོག་སྙམ་ན། ཕ་རྒྱུད་མ་རྒྱུད་དོན་གྱི་འགངས་འདྲ་ཡང༌། ཁྱད་པར་ཅན་གྱི་བྱིན་རླབས་འཇུག་ཚུལ་འགའ་ཞིགམ་རྒྱུད་ལ་ལྷག་པོར་ཡོད་པར་བསམས་ནས། རྒྱུད་སྡེ་ལྔ་འདོད་པ་ལ་སོགས་པའི་འདོད་ཚུལ་ལྟར་ན་དེ་བཞིན་ཡིན་མོད་ཀྱི། རྒྱུད་སྡེ་བཞིར་ཕྱེ་བའི་བླ་མེད་ཀྱི་དབང་དུ་བྱས་ན། གསང་སྔགས་ནང་རྒྱུད་ཐམས་ཅད་ལ་རྣལ་འབྱོར་བླ་མེད་ཅེས་བྱའོ། །དེ་ལ་འདི་གོ་དགོས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ནས་ཡང་དག་བཤད་བྱ་བ། །འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། །གང་གིས་ལེགས་པར་ཤེས་ནས་ནི། །ཚེ་འདིར་དངོས་གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། །ལྷ་མོ་བཞིས་ཞུས་བརྒྱ་བདུན་བཅུ། །ཕྱི་མའི་རྒྱུད་ལ་ཉིས་བརྒྱ་བརྒྱད། །དེ་ཡི་ཉེ་བར་བཤད་པའི་རྒྱུད། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བཅུ། །ཟླ་བཟང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་དགུ་བརྒྱ་བརྒྱད། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། །ནོར་བུ་གསང་ཐིག་འབུམ་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་སྙིང་རྒྱན་སྟོང་ཕྲག་
གཅིག །རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱ། །དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་གསུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་བཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱས། །འདི་ནི་གཉིས་གཉིས་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་ལྟས་པའང་ཤེས་པར་བྱ། །དེ་བཞིན་ཞེ་སྡང་གཏི་མུག་གི ། རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང༌། །འདི་ཡི་རིམ་པས་ཤེས་པར་བྱ། །ཞེས་གསུངས་ཏེ། ཡང་འདིར་གྲངས་ཚད་བཤད་པ་རྣམས་ནི། རྒྱུད་ཀྱི་རྐང་གྲངས་སྟོན་པ་ཡིན་གྱིས། ཤླཽ་ཀའི་གྲངས་མ་ཡིན་ཏེ། འདིར་གསང་བ་འདུས་པ་སྟོང་ཕྲག་གཅིག་ཏུ་བཤད་ལ་ད་ལྟའི་རྩ་རྒྱུད་བསྡུས་པ་གཅིག་པོ་རང་ལ་ཡང་ཤླཽ་ཀ་སྟོང་དང་བརྒྱད་བརྒྱ་ཡོད་པས་སོ། །ཞེས་མཁས་མཆོག་དག་གསུང་སྟེ། ཤླཽ་ཀའི་གྲངས་མ་ཡིན་པ་ནི་ཅིས་ཀྱང་འཐད་ལ། ཨུད་ཏ་ར་ཏན་ཏྲའམ་ཕྱི་མའི་རྒྱུད་ནི། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མ་ཞེས་བྱ་བ་ལོགས་པ་ཞིག་ཡིན་ཏེ། འདི་ནས་བཤད་པའི་རྟ་མགྲིན་ལྷ་ལྔའི་སྒྲུབ་ཐབས་ཞིག་སྒྲུབ་ཐབས་རྒྱ་མཚོ་ནའང་ཡོད་ལ། རྒྱུད་འདི་སྔ་མོ་ཞིག་ནས་བོད་དུ་འགྱུར་འདུག་ནའང༌། རྒྱུད་འབུམ་ཕལ་ཆེར་དུ་མ་ཆུག་གོ །ཀུན་ལས་བཏུས་པ་ཞེས་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའོ། །མཉམ་ཉིད་རྣམ་རྒྱལ་ནི་གཉིས་མེད་རྣམ་རྒྱལ་ལོ། །རྡོ་རྗེ་ཕྲེང་བ་སོགས་གསང་འདུས་ཀྱི་བཤད་རྒྱུད་ཡིན་ཞེས་གྲགས་ན་ཡང༌། འཕགས་སྐོར་བའི་ལུགས་ལ་དེ་དག་བཤད་རྒྱུད་དུ་སྦྱོར་བ་ཡིན་མོད། གསང་འདུས་ཀྱི་བཤད་རྒྱུད་ཡིན་ན།
གསང་བ་འདུས་པ་སྟོང་ཕྲག་གཅིག་གི་ནང་དུ་འདུ་དགོས་པ་ལས། དེ་དག་རྒྱུད་སྡེའི་རྣམ་གྲངས་སོ་སོར་བགྲངས་པའི་ཕྱིར། གདོད་ནས་བཤད་རྒྱུད་དུ་གྲུབ་པ་ནི་མ་ཡིན་ཏེ། ཆ་མཐུན་གྱི་རྒྱུད་ཙམ་མོ། །འོ་ན་དགོངས་པ་ལུང་སྟོན་ནི། གསང་འདུས་རྩ་རྒྱུད་ཀྱི་ཚིག་འགྲེལ་དུ་མངོན་སུམ་ཉིད་དུ་གྲུབ་པའི་ཕྱིར། ཅིའི་ཕྱིར་གསང་འདུས་ཀྱི་བཤད་རྒྱུད་མ་ཡིན་སྙམ་ན། ད་ལྟར་རྒྱ་བོད་གཉིས་ན་ཡོད་པའི་དགོངས་པ་ལུང་སྟོན། འདི་ཁོ་ནའི་དབང་དུ་བྱས་ན། འདུས་པའི་བཤད་རྒྱུད་དུ་མི་འགལ་ཡང༌། རྒྱུད་དེ་ཡོངས་རྫོགས་ཡོད་པའི་དབང་དུ་བྱས་ན། མཚན་དང་མཐུན་པར་རྒྱུད་གཞན་ཇི་སྙེད་པ་ཞིག་ལའང༌། གསང་འདུས་ལ་ཡོད་པ་བཞིན་དུ་དགོངས་བཤད་མང་པོ་ཡོད་པ་དང༌། གཞན་ལ་མ་ལྟོས་པར་རང་རྐང་ཚུགས་པའི་ལྷ་སྔགས་ཆོ་ག་རྣམས་ཡོད་པར་སྣང་བས། རྒྱུད་དེ་ཡོངས་རྫོགས་ཀྱི་དབང་དུ་བྱས་ན། རང་རྐང་ཚུགས་པ་ཡིན་གྱི། རྒྱུ་གཞན་ཉེ་ཚེ་བ་གཅིག་ཁོ་ནའི་བཤད་རྒྱུད་ཡིན་ཞེས་བརྗོད་དུ་མི་རུང་ངོ༌། །རྡོ་རྗེ་ས་འོག་ཀྱང་ད་ལྟར་འགྱུར་བ་འདི་མ་ཡིན་ཏེ། ད་ལྟའི་འདི་ཀྲི་ཡ་ཡིན་ལ། འདིར་བཤད་པ་ནི་གཉིས་སྦྱོར་གྱི་རྒྱུད་ཅིག་ཡིན་དགོས་པས་སོ། །རྡོ་རྗེ་སྙིང་རྒྱན་དང༌། གསང་རྒྱན་དང༌། ནོར་ཐིག་ གསུམ་པོའང་འདིར་གཉིས་སྦྱོར་གྱི་རྒྱུད ་དུ་བཤད་པས། རྣལ་འབྱོར་གྱི་རྒྱུད་མིན་ནོ། །འཇམ་དཔལ་དཔའ་བོ་ཞེས་པ་ལ་དཔའ་བོ་ནི་ཁྲོ་བོའི་མིང་སྟེ། གཤིན་རྗེ་གཤེད་ཀྱི་རྒྱུད་དོ། །དེ་ལྟར་ན་འདི་དག་འདོད་ཆགས་ཀྱི་རྒྱུད་ཡིན་ཞིང༌། དེའི་ནང་ནས་ཀྱང་གཉིས་སྦྱོར་ལམ་བྱེད་དེ། རྒྱུད་སྡེ་བཞི་ལས་བླ་མེད་ཡིན་ལ། དེ་བཞིན་དུ་ལག་བཅངས་ཀྱི་རྒྱུད་རྣལ་འབྱོར་གྱི་རྒྱུད་དང༌། རྒོད་པའི་རྒྱུད་སྤྱོད་རྒྱུད་དང༌། ལྟས་པའི་བདེ་བ་ལམ་བྱེད་ཀྱི་རྒྱུད་བྱ་རྒྱུད་ལ་
ཡོད་པ་འདོད་ཆགས་ཀྱི་རྒྱུད་ཡིན་ལ། དེ་བཞིན་དུ་ཞེ་སྡང་གི་རིགས་ཀྱི་རྒྱུད་དང༌། གཏི་མུག་གི་རིགས་ཀྱི་རྒྱུད་ཀྱང༌། རྒྱུད་སྡེ་བཞི་ཀར་ལ་ཡོད་པ་ཤེས་པར་བྱ་ཞིང༌། མཁའ་འགྲོ་མ་སྟེ་ལྷ་མོའི་རྒྱུད་ཀུན་ཡང་གོང་དུ་བཤད་པ་འདིའི་རིམ་པས་རྒྱུད་སྡེ་བཞི་ཅར་ལའང་ཡོད་ལ། མ་རྒྱུད་དེ་རེ་རེ་ལའང་འདོད་ཆགས་ཞེ་སྡང་གཏི་མུག་ གསུམ་ཡོད་པར་ཤེས་པར་བྱའོ། །ཆགས་ཆེན་གྱི་རྒྱུད ་རྣམས་ཚེ་གཅིག་ལ་དངོས་གྲུབ་སྟེར་བྱེད་ཡིན་གསུངས་པས། གཞན་གཉིས་ལའང་གོ་བར་བྱ་སྟེ། ཚིག་དེ་ཐོག་མའི་གསལ་བྱེད་དུ་འགྱུར་བས་སོ། །དེ་ལྟར་ན་འདིའི་གྲུབ་དོན་ལ། ཚེ་གཅིག་ལུས་གཅིག་ལ་ལམ་བསྒོམས་པས་དངོས་གྲུབ་ཐོབ་པར་ནུས་པ་ནི། སྔགས་ཀྱི་ཐེག་པ་མཐའ་དག་ཡིན་ཅིང༌། དེ་ཐམས་ཅད་ལ་སྤྱིར་འདོད་ཆགས་ལམ་བྱེད་ཡོད་པ་འབའ་ཞིག་ཡིན་ཀྱང་གཙོ་ཆེ་ཆུང་གི་དབང་དུ་བྱས་ནས། ཆགས་སྡང་གཏི་མུག་གི་རིགས་གསུམ་དུ་དབྱེ་ཞིང༌། དེ་ གསུམ་དུ་འདུས་ཀྱང་འདུས་པ་ཡིན་ནོ། །རྒྱུད་སྡེ་བཞི་ཀར་ལ་ཕ་རྒྱུད ་མ་རྒྱུད་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཡོད། བརྒྱད་པོ་ཐམས་ཅད་ལ་ཆགས་སྡང་གཏི་མུག་གི་རིགས་ གསུམ་གྱིས་ཕྱེ་བས། རྒྱུད ་སྡེ་ཉི་ཤུ་རྩ་བཞིར་འགྱུར། དེའི་ནང་ནས་བླ་མེད་ཐབས་རྒྱུད་འདོད་ཆགས་ཀྱི་རིགས་ནི་གསང་བ་འདུས་པ་ནས། ལྷ་མོའི་བསྟན་བཅོས་ཀྱི་བར། སྡེ་ཚན་ཉེར་བརྒྱད་པོ་འདི་དག་ཡིན་ཞིང༌། ཉེར་བདུན་པོ་ནི། འདུས་པ་ལ་མངོན་དུ་ཕྱོགས་ཤིང་དེའི་ཆ་མཐུན་པའོ། །ཞེས་པའོ། །དེ་ལྟར་ན་ཁ་ཅིག་ཕ་ རྒྱུད་ཀྱི་དབྱེ་བ་ལ་སྡེ་གསུམ ་ཁོ་ན་དགོས་པ་དང༌། མ་རྒྱུད་ཀྱི་དབྱེ་བ་སྒོ་དྲུག་ཁོ་ན་དགོས་ཟེར་བ་དང༌། ཕ་རྒྱུད་ལ་རིགས་ལྔའི་རྒྱུད་ཀྱི་དབྱེ་བ་མེད་ཅེས་པ་དང༌། རིན་ཆེན་པདྨ་ལས་རིགས་ གསུམ་གྱི་རྒྱུད ་མེད་
ཟེར་བ་དང༌། རྣམ་སྣང་སྒྱུ་དྲྭ་གཏི་མུག་གི་རིགས་ཡིན་ཟེར་བ་དང༌། གཤིན་རྗེ་གཤེད་དམར་ནག་ཞེ་སྡང་གི་རིགས་ཡིན་ཟེར་བ་རྣམས་ནི་རྒྱུད་ཚིག་འདིས་ཤིན་དུ་བཀག་པ་ཡིན་ཏེ། མ་ རྒྱུད་ལ་ཡང་རིགས་གསུམ ་གྱི་དབྱེ་བ་བཤད་པ་དང༌། ཕ་རྒྱུད་ལ་རིན་ཆེན་རིགས་རིན་ཆེན་སྡོང་པོ་དང༌། ལས་ཀྱི་རིགས་དམ་ཚིག་ཆེན་པོ་དང༌། དམ་ཚིག་མངོན་མཁྱེན་གསལ་བར་གསུངས་པའི་ཕྱིར་དང༌། རྡོ་རྗེ་ལྔ་འདུས་ཞེས་གསུངས་པས་འདི་ནི་རིགས་ལྔ་འདུས་པ་ཡིན་ལ། དེའི་ཤུགས་ལ་གཞན་རྣམས་རིགས་ལྔ་སོ་སོ་བ་ཡིན་པར་ངེས་པར་འགྱུར་བའི་ཕྱིར་དང༌། ཟླ་གསང་ཐིག་ལེ་ཡང་རྡོ་རྗེ་སེམས་དཔའི་རིགས་སུ་མངོན་སུམ་གྱིས་གྲུབ་པས། ཕ་རྒྱུད་ལ་ཡང་རིགས་དྲུག་གི་དབྱེ་བ་གསལ་བར་ཐོན་པའི་ཕྱིར་རོ། །གཞན་ཡང་པདྨ་འབར་བའི་རྒྱུད་ཆེན་པོ་ཕ་རྒྱུད་པདྨའི་རིགས་སུ་ཀུན་ཏུ་གྲགས་ལ། དེའི་དུམ་བུ་རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ནི་ཕ་རྒྱུད་ཀྱང་ཡིན་ལ་པདྨའི་རིགས་ཡིན་པ་ཡང་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་སྣང་སྒྱུ་དྲྭ་དང༌། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་བྱ་བའི་རྒྱུད་གཉིས་པོ་འདི་དགའདོད་ཆགས་ཀྱི་རིགས་ཀྱི་རྒྱུད་དུ་གསལ་བར་གསུངས་པའི་ཕྱིར་དང༌། སྒྱུ་དྲྭ་དང་དམར་ནག་དེ་གཉིས་ནི། ཚིག་དོན་གཉིས་ཀར་གྱི་ཕྱོགས་ནས་གསང་འདུས་དང་ཤིན་ཏུ་འདྲ་བར་དངོས་སུ་གྲུབ་པའི་ཕྱིར་ཡང༌། གསང་འདུས་ཆགས་རྒྱུད་ཡིན་ན་དེ་དག་ཀྱང་ཡིན་དགོས་པའི་ཕྱིར་རོ། །ཡང་རྣམ་སྣང་གཏི་མུག་དག་པ་དང༌། གཤིན་རྗེ་གཤེད་ཁྲོ་བོ་ཡིན་པས་རིགས་དེ་དང་དེར་འགྱུར་སྙམ་ན། གསང་འདུས་ཀྱང་ཞེ་སྡང་གི་རིགས་སུ་ཐལ་བར་འགྱུར་ཏེ། མི་བསྐྱོད་པ་ཞེ་སྡང་དག་པའི་ལྷ་ཡིན་པའི་
ཕྱིར་དང༌། ཡང་ན་ཆགས་སྡང་གཉིས་ཀའི་རིགས་སུ་ཐལ་བར་འགྱུར་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཞི་ཁྲོ་གཉིས་ཀར་ཡོད་པའི་ཕྱིར་རོ། །དེས་ན་འདོད་ཆགས་ཀྱི་རིགས་གཅིག་པུ་ལའང་རྒྱལ་བ་རིགས་ལྔའམ་དྲུག་གི་དབྱེ་བ་ཡོད་ཅིང༌། དེའི་རིགས་པས་གཞན་གཉིས་ལའང་ཡོད་དུ་རུང་ངོ༌། །དེས་ན་དུག་གསུམ་ལམ་བྱེད་ཀྱི་དབྱེ་བའི་སྐབས་འདིར། ལྷ་སྐུ་ཞི་ཁྲོའི་རྣམ་འགྱུར་དང༌། རིགས་ལྔ་ལས་གང་དུ་གཏོགས་པའི་སྒོ་ནས་མི་འཇོག་གི གདུལ་བྱའི་བསམ་པ་དང་མཐུན་པའི་ལམ་སྟོན་ཚུལ་ཅུང་ཟད་ཙམ་མི་འདྲ་བའི་སྒོ་ནས་འཇོག་སྟེ། དེ་ཡང་ལས་དང་པོ་པ་འཇུག་སྒོའི་ལམ་གྱི་སྐབས་སུ་མི་འདྲ་བ་ཡིན་གྱི། ཡེ་ཤེས་ལ་དབང་བ་ནས་གཟུང་མི་འདྲ་བ་ཡེ་མེད་ཅིང༌། དེའི་སྔོན་ཡེ་ཤེས་ཕེབས་པ་ནས་ཀྱང་ཕལ་ཆེར་མཚུངས་པར་འགྱུར་རོ། །དེ་ལྟར་ན་བྱ་རྒྱུད་དང་རྟོག་པའི་རྒྱུད་སོ་སོར་ཕྱེ་བའི། རྒྱུད་སྡེ་ལྔ་ལྟར་ན་རྣལ་འབྱོར་ཆེན་པོ་དང༌། རྣལ་འབྱོར་ཕ་མ་སོ་སོར་ཕྱེ་བའི་རྒྱུད་སྡེ་ལྔ་ལྟར་ན། རྣལ་འབྱོར་བླ་མའི་རྒྱུད་དང༌། ཀུན་ཁྱབ་ཡོངས་སུ་གྲགས་པའི་རྒྱུད་སྡེ་བཞི་ལྟར་ན། རྣལ་འབྱོར་བླ་མེད་ཀྱི་ནང་ཚན་ཐབས་ཀྱི་རྒྱུད་འདི་ལ། འདོད་ཆགས་ཀྱི་རིགས་ཀྱི་ རྒྱུད་དང༌། གཏི་མུག་གི་རིགས་དང༌། ཞེ་སྡང་གི་རིགས་ཏེ་གསུམ ་མོ། །དང་པོ་ནི། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་དང༌། རྡོ་རྗེ་འཕྲེང་བ་དང༌། རྡོ་རྗེ་སྙིང་རྒྱན་དང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང༌། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མ་དང༌། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་རྣམས་རང་དབང་ཅན་གྱི་རྒྱུད་ཡིན་ལ། དགོངས་པ་ལུང་སྟོན་དང༌། ལྷ་མོ་བཞིས་ཞུས་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣམས་ནི་སྤྱིར་ཡོངས་སུ་ཚང་བ་ཡོད་ན། རང་རྐང་གི་རྒྱུད་ཡན་ལག་ཡོངས་སུ་རྫོགས་པ་ཡིན་མོད་ཀྱང༌།
ད་ལྟ་རྒྱ་བོད་ན་ཡོད་པ་འདི་རྣམས་ནི། དོགས་གཅོད་དང༌། ཟབ་དོན་གཏན་ལ་འབེབས་བྱེད་དུམ་བུ་རེ་ཙམ་ལོགས་སུ་ཕྱུང་པ་ཡིན་གྱི། སྐལ་ལྡན་གྱི་གང་ཟག་གཅིག་གི་ཆ་རྐྱེན་རྫོགས་པ་མ་ཡིན་ཏེ། ལྷ་དང༌། སྔགས་དང༌། བསྐྱེད་རིམ་དང༌། དབང་བསྐུར་དང༌། ལས་ཚོགས་དང༌། དངོས་གྲུབ་རབ་འབྱམས་སོགས་གང་ཡང་མི་སྟོན་པའི་ཕྱིར་རོ། །ཡང་འདུས་པ་ལ་སོགས་པ་རྒྱུད་འདི་དག་ནི་དབང་གི་གནས་སྐབས་དང༌། བསྐྱེད་པའི་རིམ་པ་དང༌། རྫོགས་རིམ་གྱི་རྒྱུའི་གནས་སྐབས་དང༌། ཐུན་མོང་གི་དངོས་གྲུབ་རྣམས་ལ། དངོས་སམ་ཡིད་ཀྱིས་སྒོམ་པའི་རིག་མ་ལ་བརྟེན་ནས་གཉིས་སྦྱོར་གྱི་བདེ་བ་ལམ་བྱེད་རྩལ་དུ་འདོན་པའི་ཕྱིར་ཆགས་ཅན་རྗེས་སུ་འཛིན་པའི་རྒྱུད་ཅེས་བྱའོ། །གཏི་མུག་གི་རིགས་ཀྱི་རྒྱུད་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་པ་ལྟ་བུ་ཡིན་ཡང༌། ད་ལྟ་བོད་དུ་འགྱུར་བ་ནི། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཉིད་ཡིན་ཏེ། འདི་ལས་གཏི་མུག་གི་གཉེན་པོར་སྟོང་པ་ཉིད་དང༌། རྟེན་འབྲེལ་དང༌། རྣམ་པར་རིག་པའི་དེ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པ་ཐམས་ཅད་པ་དང༌། བདེ་བ་ཆེན་པོ་སོགས་འགལ་འདུས་སྐྱོན་མེད་རྣམས་དང༌། བྱང་ཕྱོགས་ཕར་ཕྱིན་སོགས་གཞི་ལམ་འབྲས་བུའི་རབ་ཏུ་དབྱེ་བ་མཐའ་ཡས་པ་སྟོན་ཅིང༌། ཇི་ལྟ་བ་དང་ཇི་སྙེད་པའི་སྒོ་ནས། བློ་གྲོས་ཀྱི་སྣང་བ་རྒྱས་པར་བྱེད་པའི་ཐབས་ཞུ་བ་གཙོ་བོར་སྟོན་པ་དང༌། ཡང་རྣམ་པ་གཅིག་ཏུ་ན། གཏི་མུག་གི་གཉེན་པོ་རྣམ་པར་མི་རྟོག་པ་རྣམ་པ་ཐམས་ཅད་པའི་ལམ་ཁོ་ན་སྟོན། གཏི་མུག་ཅན་རྗེས་སུ་འཛིན་པའི་རྒྱུད་ཅེས་བྱ་ཡི། ཆགས་ལམ་ཕལ་པ་དང༌། མངོན་སྤྱོད་གཙོ་བོར་མི་སྟོན་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་གི་རིགས་ཞེས་མི་བྱའོ། །ཞེ་སྡང་གི་རིགས་ཀྱི་རྒྱུད་ནི། རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པའམ། འཇམ་
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་པ་ཡིན་མོད་ཀྱང༌། བོད་དུ་འགྱུར་བ་ནི་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་ལ་སོགས་པའོ། །འདི་དག་ནི་དབང་བསྐུར་བ་དང༌། རྩ་བའི་སྒྲུབ་ཐབས་ཀྱི་བསྐྱེད་རིམ་བསྒོམ་པའི་སྐབས་ནས་ཀྱང༌། མངོན་སྤྱོད་ཀྱི་ལས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་ཅིང༌། མངོན་སྤྱོད་ཉིད་ལ་གཞི་ལམ་འབྲས་གསུམ་གྱི་དག་པ་རྫོགས་པ་དང༌། དྲག་ལས་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཉིད་ཀྱི་རྟེན་འབྲེལ་མཐའ་དང་སྒྲིག་པའི་ཐབས་སྟོན་པ་དང༌། མངོན་སྤྱོད་ཉིད་ཚོགས་གསོག་པའི་ཐབས་མཆོག་ཏུ་སྟོན་པའི་ཕྱིར། ཞེ་སྡང་ཅན་རྗེས་སུ་འཛིན་པའི་རྒྱུད་ཅེས་བྱའོ། །སྤྱིར་གསང་སྔགས་ཡིན་པས་ཆགས་ལམ་སྟོན། བྱེ་བྲག་ཏུ་ནང་པའམ་བླ་མེད་ཡིན་པས། གཉིས་སྤྲོད་ཀྱི་ཆགས་ལམ་ཉིད་དབང་དང༌། རིམ་གཉིས་དང༌། བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཉེ་རྒྱུའི་སྐབས་ཀུན་ཏུ་ཅི་རིགས་པར་དགོས་པ་ཙམ་གཞིར་བཅས་ཤིང༌། དེར་མ་ཟད་དངོས་གྲུབ་མཆོག་ལ་གཞོལ་བའི་སྐབས་སུ། སྒྲུབ་པ་པོས་ཉམས་སུ་བླང་བྱའི་ལག་ལེན་གྱི་རིམ་པ་ལ། གསང་འདུས་ལ་སོགས་པ་དེ་དག་དང༌། ཕྱི་མ་འདི་གཉིས་ལ་འདོད་ཆགས་ཆེན་པོ་ལམ་བྱེད་ཤས་ཆེ་ཆུང་གི་ཁྱད་པར་ཡང་གཏད་ནས་མེད་མོད་ཀྱི། མཆོད་པ་དང༌། དབང་བསྐུར་དང༌། དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པའི་སྐབས་སུ་ཆོ་གའི་ཡན་ལག་ཕྲ་མོ་མང་པོ་ཞིག་དང༌། རིལ་ལུ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་བསྒྲུབ་ཚུལ་གྱི་སྐབས་མང་པོར། འདོད་ཆགས་ལམ་བྱེད་དངོས་སུ་དགོས་མི་དགོས་ཀྱི་ཁྱད་པར་ཆེན་པོ་ཡོད་ཅིང༌། རྒྱུད་ཀྱི་དངོས་བསྟན་ཚིག་ཟིན་ལའང༌། འདོད་ཆགས་ལམ་བྱེད་རྒྱས་བསྡུས་ཀྱི་ཁྱད་པར་ཆེར་ཡོད་དོ། །དེ་བཞིན་དུ་ཆ་ཤས་ཀྱིས་ན། གཏི་མུག་དང༌། ཞེ་སྡང་
ལམ་བྱེད་གསང་འདུས་སོགས་ལས་ཀྱང་མང་དུ་གསུངས་མོད་ཀྱི། འཕྲོས་དོན་དང༌། ཡན་ལག་ཙམ་ཡིན་ལ། ཕྱི་མ་འདི་དག་ཏུ་གཏི་མུག་དང༌། ཞེ་སྡང་ལམ་བྱེད་ལམ་གྱི་གཙོ་བོར་བྱེད་ཅིང༌། ལྷག་པར་རྩལ་དུ་འདོན་པའི་ཕྱིར། རྒྱུད་ཀྱི་ཚིག་ཟིན་ལ་ཡང་ཁྱད་ཆེ་ཞིང༌། སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་ཀྱང༌། གཏི་མུག་ལམ་བྱེད་རྒྱས་པ་དང༌། ཞེ་སྡང་ལམ་བྱེད་རྒྱས་པ་བསྒོམ་དགོས་མི་དགོས་ཀྱི་ཁྱད་ཡོད་དོ། །བོད་ཕལ་ཆེར་གྱི་བློ་ལ་ཞེ་སྡང་ལམ་བྱེད་ཀྱི་གོ་བ། ལྷ་ཁྲོ་བོ་དང༌། མངོན་སྤྱོད་ཀྱི་ལས་ཅི་རིགས་སྟོན་པ་ལས། གཞན་གོ་བ་གང་ཡང་མ་ཤར་འདུག་ཅིང༌། འདོད་ཆགས་ལམ་བྱེད་ཀྱང་ལས་རྒྱ་བསྟེན་ཚུལ་ཙམ་ལས་གོ་བ་གཞན་མ་ཤར་བ་དང༌། ཁ་ཅིག་གཏི་མུག་ལམ་བྱེད་མེད་ཟེར་བ་དང༌། ཕལ་ཆེར་ཞིག་ཀྱང་གཉིད་དང་རྨི་ལམ་གྱི་གདམས་ངག་ལྟ་བུ་ཉེ་ཚེ་བའམ། སྟོང་རྐྱང་བསྒོམ་པ་ཙམ་ལས་གཏི་མུག་ལམ་བྱེད་ལ་གཞན་གོ་བ་མི་སྣང་སྟེ། དེ་ཙམ་གྱིས་ནི་དོན་འདི་དག་དཔྱིས་ཕྱིན་གོ་བར་མི་སྣང་ངོ༌། །སྤྱིར་གསང་སྔགས་ཀྱི་རྒྱུད་མཐའ་དག་ཆགས་ལམ་ཡིན་པར་འཇོག་པའི་སྐབས་ཡོད་ལ། དེ་ལས་ཀྱང་འདི་དག་ཐམས་ཅད་སྤྱིར་འདོད་ཆགས་ཆེན་པོའི་ལམ་སྟོན་བྱེད་ཡིན་པས། འདོད་ཆགས་ཀྱི་རིགས་ཀྱི་ རྒྱུད་ཡིན་ཀྱང་དེའི་ནང་སེལ་ལ་ལྟོས་ནས་གསུམ ་དུ་ཕྱེ་བ་ཡིན་པ་དཔེར་ན་རིགས་ཆེན་རིགས་ཆུང་གི་དབྱེ་བ་དང་འདྲ་བར་ཤེས་པར་བྱའོ། །དེས་རིགས་མཚོན་ནས་ལམ་དངོས་གཞི་བསྒོམ་ཚུལ་འདོད་ཆགས་ཀྱི་རིགས་ཡིན་མཉམ་ལ་ཡང༌། ལྷའི་རིགས་ཀྱི་དབྱེ་བ་སོགས་འབྱེད་ཚུལ་དང༌། དབྱེ་སྒོ་གཞན་གྱི་སྒོ་ནས། དུག་ལྔ་ལམ་བྱེད་སོགས་ཀྱི་དབྱེ་བ་བྱེད་ན་ནི་མི་འགལ་ལོ། །བོད་ཀྱི་
ཕྱོགས་འདིར་སྔོན་དགྲ་གདོང་འཇིགས་གསུམ་ལ། ནག་འཇིགས་སྐོར་གསུམ་ཞེས་མིང་འདོགས་ཤིང༌། བཤད་བཀའ་སྟབས་གཅིག་ཏུ་བྱེད་པ་མང་དུ་བྱུང༌། བ་རི་ལོ་ཙཱ་བ་ནི་དེའི་སྟེང་དུ་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་བསྣན་ནས། ནག་པོ་སྐོར་བཞི་ཞེས་ཐ་སྙད་མཛད་ཀྱང༌། རྗེས་འཇུག་དར་རྒྱས་ཆུང་བས་ཡིག་སྣར་འཁོད་པ་ཆེར་མེད་པ་འདྲའོ། །ཕྱིས་གཤེད་དམར་གྱི་སྐོར་འགྱུར་བ་ནས་བཟུང་སྟེ། དགྲ་ནག་གདོང་དྲུག་གཉིས་ལ་ནག་པོ་ཞེས་གཅིག་ཏུ་སྡོམ་སྟེ། དམར་ནག་འཇིགས་གསུམ་ཞེས་ཐ་སྙད་འདོགས་ཤིང༌། ཆོས་སྐོར་ཆབ་གཅིག་ཏུ་སྒྲིག་པ་སེམས་པ་དག་བྱུང་ངོ༌། །འོན་ཀྱང་ནག་པོ་སྐོར་ གསུམ་དང༌། གཤེད་དམར་ལེའུ་བཅུ་དགུ་པ་ནི་ཕ་རྒྱུད ་ཡིན་ལ། གཤེད་དམར་ལེའུ་ཉེར་གཉིས་པ་ནི་མ་རྒྱུད་ཡིན་པས། ཕ་མའི་རྒྱུད་སོ་སོར་གནས་པ་དང༌། གཤིན་རྗེ་གཤེད་རྣམ་རྒྱལ་སྤྱོད་རྒྱུད་ཡིན་ཞིང༌། གཞན་རྣམས་བླ་མེད་ཡིན་པས་རྒྱུད་སྡེའི་དབྱེ་བ་ཁྱད་ཆེ་བ་དང༌། དགྲ་ནག་གདོང་དྲུག་གཤེད་དམར་ལེའུ་བཅུ་དགུ་པ་རྣམས་འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་ཡིན་ཞིང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྣམས་ཞེ་སྡང་གི་རིགས་ཀྱི་རྒྱུད་ཡིན་པས། ལས་དང་པོ་པའི་ལམ་རིམ་མི་འདྲ་བའི་ཕྱིར། ཆོས་སྐོར་འདི་དག་རྣམས་ཕྱོགས་གཅིག་ཏུ་བསྒྲིག་དགོས་པ་དང༌། གཅིག་གིས་གཅིག་ལ་ངེས་པར་ཁ་འགེངས་དགོས་པ་དང༌། ངེས་པར་རྒྱས་འགེབས་བྱེད་དགོས་པ་ནི་མ་ཡིན་ནོ། །དེ་ལས་ཀྱང་ཁྱད་པར་དུ་བོད་པ་འགའ་ཞིགནག་པོ་སྐོར་ གསུམ་ལས་དགྲ་ནག་རྩ་བའི་རྒྱུད ་ཡིན། དེའི་བཤད་རྒྱུད་གཞན་གཉིས་ཡིན་ཏེ། གདོང་དྲུག་ནི་འཁྲུལ་འཁོར་གསལ་བྱེད་ཡིན། འཇིགས་བྱེད་ལས་ཚོགས་གསལ་བྱེད་ཡིན་ཞེས་སམ། དྲག་ལས་བསལ་བྱེད་ཡིན་ཞེས་ཟེར་བ་ནི། ཕོ་ཚོད་ཙམ་མམ། ཐོས་ཐོས་བོན་དུ་ཁྱེར་བར་ཟད་ཀྱི།
རྒྱུད་ཀྱི་གླེགས་བམ་ཞིབ་མོར་བཀླགས་པ་ཙམ་ཡང་མ་བྱས་པའོ། །དེའི་རྒྱུ་མཚན་རྒྱུད་འདི་དག་རྩ་བཤད་དུ་འགྱུར་བའི་རྒྱུ་མཚན་ཡང་མེད་ལ། རྩ་བཤད་ཡིན་ནོ་ཞེས་ཁུངས་དང་ལྡན་པ་སུས་ཀྱང་མ་བཤད་པའི་ཕྱིར་དང༌། གདོང་དྲུག་ལས་འཁོར་ལོ་སྟོན་བྱེད་ཀྱི་ཚིག་རྒྱས་པོ་མེད་ཅིང༌། དེའི་འཁྲུལ་འཁོར་དང༌། དགྲ་ནག་གི་འཁྲུལ་འཁོར་གཉིས་ཤིན་ཏུ་མི་འདྲ་བའི་ཕྱིར། གདོང་དྲུག་གི་རྒྱུད་དགྲ་ནག་གི་འཁྲུལ་འཁོར་གསལ་བྱེད་དུ་ཇི་ལྟར་རུང༌། རྟོག་བདུན་ལས། ལས་ཚོགས་ཀྱི་རྣམ་གྲངས་མང་པོ་གསུངས་མོད། རྟོག་བདུན་ལས་ཀྱང་དགྲ་ནག་ལས་ཚོགས་མང་ལ། མངོན་སྤྱོད་ཀྱི་ལས་ལ་རྣམ་གྲངས་རྟོག་བདུན་མང་དུ་ཆུག་ཀྱང༌། མངོན་སྤྱོད་ཀྱི་ཆོ་གའི་རིམ་པ་དགྲ་ནག་རྒྱས་པའི་ཕྱིར་དང༌། དགྲ་ནག་དང་འཇིགས་བྱེད་འཁྲུལ་འཁོར་གཅིག་པར་འདོད་པ་དང༌། ཐ་དད་དུ་འདོད་པ་ལུགས་གཉིས་འདུག་ཀྱང༌། ཐ་དད་འདོད་པ་ལྟར་ན་ནི་གཅིག་གི་གསལ་བྱེད་དུ་ཅིག་ཤོས་གང་རུང་ཞིང༌། གཅིག་པར་འདོད་པ་ལྟར་ན་ཡང་འཁྲུལ་འཁོར་དེ་རྟོག་བདུན་དུ་གསལ་པོ་མེད་ལ། དགྲ་ནག་ཏུ་གསལ་བའི་ཕྱིར། རྩ་བཤད་གོ་བཟློག་པར་ཐལ་བར་འགྱུར་རོ། ཁྱེད་དག་སློབ་དཔོན་མི་བསྐྱོད་པའི་འགྲེལ་པ་དང༌། དགྲ་ནག་གི་འགྲེལ་པ་ཤཱན་ཏི་པས་མཛད་ཟེར་བ་ཚད་མར་བྱེད་པར་འདུག་ན། དེ་གཉིས་ཀ་ལས་དགྲ་ནག་དང་འཇིགས་བྱེད་ཆ་མཐུན་གྱི་རྒྱུད་དུ་བཤད་པའི་ཕྱིར། ཁྱེད་དག་ལ་གནོད་བྱེད་ཡིན་ནོ། །དེས་ན་ལྷའི་རྣལ་འབྱོར་དང༌། ལས་ཚོགས་ལ་སོགས་པའི་སྐབས་ཕལ་ཆེར་དུ། གཅིག་གི་དོན་བཤད་བྱར་བཞག་ནས་ཅིག་ཤོས་ཀྱིས་འཆད་པའི་ཚུལ་དུ་མེད་དེ། སོ་སོ་རང་རྐང་བཙུགས་པའི་ཚུལ་དུ་འཆད་པ་ཡིན་པས། རྩ་བཤད་དུ་སྦྱོར་རྒྱུ་ནི་མ་ཡིན་པར་ངེས་ལ། ལྷ་སྔགས་ཆོ་ག་སོགས་ཕན་ཚུན་འདྲ་མིན་མང་པོ་ཡོད་པའི་ཕྱིར། ཆ་མཐུན་དུ་
བྱས་ན་དོན་ལ་འགལ་བ་ཆེར་མ་མཐོང་མོད། རིགས་སོ་སོའི་རྒྱུད་ཡིན་པའི་ཕྱིར། ནག་འཇིགས་གཉིས་ཆ་མཐུན་གྱི་ཐ་སྙད་མི་འདོད་ལ། དགྲ་གདོང་གཉིས་པོ་ནི་ཆ་མཐུན་དུ་རུང་ངོ༌། །གཤིན་རྗེ་གཤེད་རྣམ་པར་རྒྱལ་བ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལ་ཁྱད་པར་གྱི་འདྲ་ཆོས་དུ་མ་འདུག་ཀྱང༌། རྒྱུད་སྡེའི་མཐོ་དམན་ཆེ་མཐའི་ཕྱིར་ཆ་མཐུན་གྱི་རྒྱུད་དུ་མི་འཇོག་མོད། ཕན་ཚུན་ཁ་འགེངས་ནི་རུང་སྟེ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སེམས་དཔའ་བསྡུས་པ་བཞིན་ནོ། །གཞན་ཡང་གདོང་དྲུག་འཇིགས་བྱེད་གཉིས་ཀྱིས། གང་བཤད་པར་བྱ་བའི་རྩ་རྒྱུད་དེ། ངེས་པར་དགྲ་ནག་ཡིན་ན་གཤེད་དམར་གྱི་རྒྱུད་ལེའུ་བཅུ་དགུ་པ་ཡང༌། གདོང་འཇིགས་གཉིས་ཀྱི་བཤད་བྱའི་རྩ་རྒྱུད་དུ་ཐལ་བར་འགྱུར་ཏེ། དགྲ་ནག་རྩ་རྒྱུད་དུ་འཇོག་པའི་རྒྱུ་མཚན་གང་ཡིན་པ་ཐམས་ཅད། གཤེད་དམར་གྱི་རྒྱུད་དེ་ལའང་ཚང་བའི་ཕྱིར་རོ། །དེ་ཡང་ཁས་ལེན་ན་གདོང་འཇིགས་གཉིས་ལ་རྩ་རྒྱུད་གཉིས་སུ་ཐལ་བར་འགྱུར་རོ། །དེ་ལྟར་ན་ཡང༌། བླ་མའི་མན་ངག་གིས་རྩ་བཤད་ཀྱི་ཚུལ་དུ་སྦྱོར་བ་ནི་མི་འགལ་བ་ཅིག་ཀྱང་སྲིད་མོད་ཀྱི། འདིར་ནི་རྟོག་བདུན་དང་གདོང་དྲུག་ལ་དགྲ་ནག་གི་རྒྱུད་ནས་ཚུར་ཁ་བསྐང་ན་ཉེར་མཁོ་མང་ཞིང༌། འདི་གཉིས་ནས་དགྲ་ནག་ལ་ཕར་ཁ་འགེངས་དགོས་ཤིན་ཏུ་ཉུང་བའི་ཕྱིར་དང༌། གདོང་དྲུག་དང་རྟོག་བདུན་གཉིས་པོའི་དབང་དུ་བྱས་ནའང༌། གདོང་དྲུག་ནས་རྟོག་བདུན་ལ་ཁ་བསྐང་ན་ཉེར་མཁོ་མང་ཞིང༌། རྟོག་བདུན་གྱིས་ཕར་ཁ་འགེངས་དགོས་ཤིན་ཏུ་ཉུང་ངོ༌། །ཅི་སྟེ་རྩ་བཤད་དུ་མི་སྦྱོར་ཁ་མེད་ཀྱི་ཨུ་ཚུགས་རང་བྱེད་ན། དགྲ་ནག་ལ་གཞན་གཉིས་པོ་བཤད་རྒྱུད་འདྲ་མཚུངས་སུ་མི་འབྱོར་གྱི། རྟོག་བདུན་ལ་གཞན་གཉིས་པོ་བཤད་རྒྱུད་འདྲ་མཚུངས་སུ་འབྱོར་བའི་ཕྱིར། མན་ངག་གི་རིམ་པས་རྗེས་
མཐུན་པའི་དབང་དུ་བྱས་ཀྱང༌། ནག་པོ་རྩ་རྒྱུད་ཀྱི་ཚུལ་དང༌། གཞན་གཉིས་བཤད་རྒྱུད་ཀྱི་ཚུལ་དུ་འཇོག་པ་མི་རིགས་སོ། །དེ་ལྟར་ན་གཤིན་རྗེ་གཤེད་རྣམ་རྒྱལ་ཀྱི་རྒྱུད་སྨོས་མ་དགོས། ནག་འཇིགས་སྐོར་གསུམ། དམར་པོའི་རྒྱུད་གཉིས་ཏེ། ལྔ་པོ་འདི་དག་ཀྱང༌། གཅིག་ལ་གཅིག་མ་ལྟོས་པར་རང་རྐང་ཚུགས་པའི་རྒྱུད་རེ་རེ་ཡིན་པར་ཤེས་པར་བྱའོ། །རྒྱུད་གང་ལ་ཡང་རྩ་བཤད་ཀྱི་རྒྱུད་ནི་ལྟོས་པ་ཅན་ཞེས་བྱ་སྟེ། རྩ་རྒྱུད་ནི་ཕར་བཤད་རྒྱུད་ལ་ངེས་པར་ལྟོས་པ་མིན་ཡང༌། བཤད་རྒྱུད་ཡིན་ཕྱིན་ཆད་རང་རང་གི་རྩ་བའི་རྒྱུད་ལ་ངེས་པར་ལྟོས་དགོས་སོ། །ཆ་མཐུན་གྱི་རྒྱུད་ནི་གཉིས་ཀ་ཕན་ཚུན་དུ་ཆ་མཐུན་པ་ཙམ་ཡིན་གྱི། གཅིག་ལ་གཅིག་ལྟོས་དགོས་པ་མ་ཡིན་ནོ། །གསུམ་པ་ནི། དེ་ལ་རྒྱུད་ཀྱི་རྒྱལ་པོ་འདི་དག་གི་བརྗོད་བྱ་སྟོན་ཚུལ་རགས་པ་ནི་འདི་ལྟར་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི། དང་པོར་གླེང་གཞི་ནི་སྤྱི་དང་འདྲ་བ་ལས། གཤིན་རྗེ་གཤེད་ཀྱི་འཁོར་ཚོགས་རྒྱས་པར་བསྟན། གླེང་བསླང་བ་འཁོར་ཚོགས་རྣམས་ཀྱིས་གསོལ་བ་བཏབ་པས་ཕྱག་ན་རྡོ་རྗེ་ལ་བོས་ཏེ་གསུངས། དེ་ནས་རྒྱུ་རྡོ་རྗེ་འཛིན་བསྐྱེད་ཆོག་དང༌། ཡི་གེ་བཅུ་བདུན་ཆུང་བ་དང༌། ལྷ་བཅུ་བདུན་གྱི་མངོན་རྟོགས་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་འབྱིན་པའི་སྔགས་རྣམས་གསུངས་ཏེ། མངོན་རྟོགས་ཀྱི་རིམ་པ་ཕྱེ་བ་སྟེ་དང་པོའོ།། །།དེ་ནས་ལེའུ་གཉིས་པ་ནི། ཚིགས་བཅད་ལྔས་བསྟོད་པ་དང༌། སྐྱེ་མཆེད་བྱིན་རླབས་དང༌། དཀྱིལ་འཁོར་འབྲི་བ་རྣམས་སོ། །ལེའུ་གསུམ་པ་ལས་ས་ཆོག་གི་གསོལ་བཏབ་དང༌། བདུད་རྩི་མྱང་བ་དང༌། ཡེ་ཤེས་དགུག་གཞུག་དང༌། གཙོ་བོ་ལྔའི་གདན་དང༌། ལས་བཞིའི་ལྷ་བསྒོམ་ཚུལ་དང༌། མིག་སྨན་ལ་
སོགས་པ་དངོས་གྲུབ་འགའ་ཞིག་གསུངས་སོ། །བཞི་པ་ལས་ཞུ་ཚིག་སྔོན་དུ་འགྲོ་བས། ཞི་བ། རྒྱས་པ། དབང་སྡུད། དགུག་པ། རེངས་པ། ངག་གནོན། བསད་པའི་ལས་རྣམས་གསུངས། ལྔ་པ་ལས། དབྱེ་བ་དང༌། བསྐྲད་པ་དང༌། དེ་རྣམས་ཀྱི་འཁྲུལ་འཁོར་གྱི་གོ་རིམ་མོ། །དྲུག་པ་ལས། གསོལ་བ་བཏབ་པ་དང༌། རིག་བདག་དང༌། དམ་ཚིག་དང༌། དབང་གི་གྲངས་དང༌། གཏོར་ཆོག་དང༌། འཁྲུལ་འཁོར་ལ་སྔགས་འགོད་ཚུལ་ལོ། །བདུན་པ་ལས། ཡུམ་བཞིའི་ལས་སྦྱོར་དང༌། དབང་བསྐུར་ཚིག་དང༌། དགུག་པ་ལ་སོགས་པའི་སྦྱོར་བ་ཅི་རིགས་པའོ། །བརྒྱད་པ་ལས། བཀའི་འཁོར་ལོ་བཀའ་བསྒོ་དང༌། ས་ལྷ་སྟ་གོན་དང༌། དཀྱིལ་འཁོར་འཇུག་པའི་ཆོ་ག་དང༌། དབང་བསྐུར་གྱི་གསོལ་བཏབ་དང༌། སྟོང་ཉིད་སོགས་སྔགས་གསུམ་དང༌། ལས་བཞིའི་སྦྱིན་བསྲེག་གི་ཁྱད་པར་བསྟན་ཏོ། །དགུ་པ་ལས། ཆར་འབེབས་དང༌། མཚོ་རླབས་རེངས་པ་དང༌། ལྷ་མཐོང་བ་དང༌། སྦྲུལ་གྱིས་ཟིན་པ་གསོ་བ་དང༌། མགོ་བོར་ཟུག་གཟེར་སེལ་བ་དང༌། རྦོད་སྟོང་གིས་བསད་པ་དང༌། དགྲ་བོ་འཁྱམས་པར་བྱེད་པ་སྟེ། ལས་ཕྲ་མོ་བདུན་གསུངས་སོ། །བཅུ་པ་ལས། རོ་ལངས་བསྒྲུབ་པ། སྒོ་སྐྱོང་བཞིའི་མངོན་རྟོགས། མཁའ་ནང་གི་དཀྱིལ་འཁོར་སྤྲོ་བ། སྒོ་བ་དང་ལྷ་མོའི་གདན། རྗེས་དྲན་སྒོམ་པའོ། །བཅུ་གཅིག་པ་ལས། ལྷ་དགུའི་དག་པ། གསང་བའི་དཀྱིལ་འཁོར་བསྐྱེད་པའི་བྱ་བ། ཕྱག་རྒྱའི་མཚན་ཉིད། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ། ཕྱག་བ་རྒྱ་པའི་སྒྲུབ་ཐབས། དབྱུག་འཛིན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས། ཕྱག་བྱེ་བའི་སྒྲུབ་ཐབས། དམ་ཚིག་གི་སྒྲུབ་ཐབས། བདུད་རྩི་བསྟེན་པ་རྣམས་སོ། །བཅུ་གཉིས་པ་
ལས། ཡུམ་བཞིས་བསྟོད་པའི་གླུ། བཟླས་པ་དང༌། བགྲང་ཕྲེང་དང༌། གདོན་ཚར་བཅད་པ་དང༌། བཟླས་པའི་ཚད་དང༌། གཏོར་མའི་བྱ་བ་དང༌། ཟས་ཕུད་འབུལ་བ། ཡོན་འབུལ་བ་རྣམས་སོ། །བཅུ་གསུམ་པ་ལས། དང་པོར་རྡོ་རྗེ་མཁའ་འགྲོ་མ་ལྷ་བཅུ་གསུམ། འདི་ཡུམ་བཀའི་དཀྱིལ་འཁོར་ལྟ་བུ་ཡིན། དེ་ནས་གནོད་མཛེས་ལྷ་བཅུ་གསུམ་གྱིས་ས་འོག་བསྒྲུབ། རྟ་མཆོག་ལྷ་བཅུ་གསུམ་གྱིས་མཁའ་སྤྱོད་སྒྲུབ་པའོ། །བཅུ་བཞི་པ་ལས། ཐིག་གི་བྱ་བ། སློབ་མ་གཞུག་པ། ཐིག་གི་བྱ་བའི་འཕྲོས། གསོལ་བ་བཏབ་པ། སའི་བྱ་བ། ཐིག་གི་ཆ་དབྱེ་བ། དཀྱིལ་འཁོར་སྒྲུབ་པ། རྡུལ་ཚོན་དགྱེ་བ། དགང་བླུགས་ཀྱི་ཚད། ཡེ་ཤེས་དབབ་པ། སྐུ་གཟུགས་ཀྱི་ཆ་ཚད་ཚོན་དང་བཅས་པ། རལ་གཅིག་མ་བཅུ་གསུམ་མ་དང༌། པུཀྐ་སཱི་རྐྱང་པ་དང༌། མི་སྣང་བ་སྒྲུབ་པ་འཇམ་པའི་རྡོ་རྗེ་བཅུ་གསུམ་མའི་སྒྲུབ་ཐབས་སོ། །བཅོ་ལྔ་པ་ལས། དུག་སེལ་མ་ལྷ་བཅུ་གསུམ། ཀུ་རུ་ཀུལླེ་ཕྱག་བརྒྱད་གཙོ་རྐྱང༌། ལུས་མེད་རྡོ་རྗེ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སོ། །བཅུ་དྲུག་པ་ལས། མཆོག་གི་དངོས་གྲུབ་ཀྱི་དོན་དུ་ཧེ་རུ་ཀ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སོ། །བཅུ་བདུན་པ་ལས། གཙོ་བོ་བསྐྱེད་པ། ཞུ་བ་གླུས་བསྐུལ། བསྐུལ་ནས་བཞེས་པ། རྣལ་འབྱོར་བཞིའི་ངོས་འཛིན། རྩ་ལྟུང་བཅུ་བཞི་སོགས་དམ་ཚིགརྒྱུད་ཀྱི་ཆེ་བརྗོད། རྫོགས་རིམ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསུངས། ལེའུ་བཅོ་བརྒྱད་པས་རྒྱུད་གསུངས་པས་གཏམ་རྒྱུད་ཀྱི་ཚུལ་གྱིས་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་པའོ། །འདི་ལ་དངོས་སུ་དཀྱིལ་འཁོར་དགུ་ཡོད་དེ། གཤིན་རྗེ་གཤེད་དང་མཁའ་འགྲོ་མ། །གནོད་
མཛེས་རྟ་མཆོག་རལ་གཅིག་མ། །འཇམ་རྡོར་དུག་སེལ་ལུས་མེད་དང༌། །ཧེ་རུ་ཀ་ཡི་དཀྱིལ་འཁོར་རོ། །པུཀྐ་སཱི་དང་རིག་བྱེད་མ། །དཔའ་མོ་གཅིག་པའི་སྒྲུབ་ཐབས་གཉིས། །ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་འདི་ནི་ཉི་ཟླ་ལྟར་གྲགས་པ་ཡིན་ལ། རྣལ་འབྱོར་བླ་ན་མེད་པའི་གཤིན་རྗེ་གཤེད་སྐོར་ཤེས་པར་འདོད་པ་དག་གིས། རྒྱུད་འདི་ལ་ངེས་པ་འཇུག་པར་བྱ་སྟེ། འདིའི་དོན་ལ་ངེས་པ་ཕྱིན་ཅི་མ་ལོག་པ་རྙེད་ན། གཤེད་སྐོར་གཞན་རྣམས་ཀྱང་འབད་མེད་དུ་རྟོགས་པར་ནུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་ལེའུ་དང་པོ་ལས། ལྷ་ལྔའི་མངོན་རྟོགས་རྒྱས་པར་གསུངས་ཤིང༌། རྫོགས་རིམ་ཅུང་ཟད་བཤད། ལེའུ་དྲུག་པ། བདུན་པ། བརྒྱད་པ། དགུ་པའི་སྟོད་རྣམས་སུ། བཅུད་ལེན་དང༌། མངག་གཞུག་སྒྲུབ་པ་ལ་སོགས་པ། ལས་ཚོགས་དང་དངོས་གྲུབ་མང་དུ་གསུངས། ལེའུ་བཅུ་གཅིག་པ་ནས་གཏོར་ཆོག་རྒྱས་པར་བསྟན། ལེའུ་ཐ་མར་གཏམ་རྒྱུད་ཀྱི་རྗེས་སུ་འཕོ་བ་དང༌། གྲོང་འཇུག་གསུངས། དེ་རྣམས་ལྷག་པོ་ཡིན། གཞན་ལེའུའི་ཚད་འཇོག་ཚུལ་དང༌། གོ་རིམ་མི་འདྲ་ཞིང༌། འགྱུར་མི་གཅིག་པ་མ་གཏོགས། ནག་པོའི་རྒྱུད་དང་ཚིག་དོན་གཉིས་ཀ་ལ་ཁྱད་པར་མེད་པ་ལས། ཕྲན་ཚེགས་འདོན་པ་བསྒྱུར་བ་ལྟ་བུ་ཡིན། འདི་ལ་ལེའུ་བཅུ་དགུ་ཡོད། དཀྱིལ་འཁོར་གྱི་གྲངས་ཀྱང་གཞན་རྣམས་དགྲ་ནག་དང་འདྲ་བ་ལས། གཤིན་རྗེ་གཤེད་ལ་ལྷ་ལྔ་དང་བཅུ་གསུམ་མ་གཉིས་སུ་དབྱེ་སྟེ་བཅུའོ། །དེ་ཡང་ལེའུ་དང་པོ་ལས་ལྷ་ལྔའི་དཀྱིལ་འཁོར་བཤད་ཅིང༌། དཀྱིལ་འཁོར་འབྲི་བའི་སྐབས་དང༌། སྔ་ཕྱིའི་ཚིག་རིགས་གུང་བསྒྲིགས་པ་ལ་བཅུ་གསུམ་མ་སྟེ། གཉིས་
བྱུང་བ་གཉིས་ཀར་རྩ་བའི་དཀྱིལ་འཁོར་ཡིན་པར་གྲགས་ཀྱང༌། གཤེད་དམར་གྱི་རྩ་བའི་དཀྱིལ་འཁོར་ནི་ལྷ་ལྔ་ཉིད་དོ། །གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་ཉེར་གཉིས་ཡོད་པ་དེ་ནི། རྣལ་འབྱོར་མ་རྒྱུད་ཡིན་པར་བཤད་པས་སྐབས་འདིར་རྒྱས་པར་མི་འཆད་མོད། འཁྲུལ་འཁོར་ལ་སོགས་པ་ཆོ་གའི་རིམ་པ་རྣམས་ནི། དམར་ནག་སྤྱི་དང་ཕལ་ཆེར་མཐུན་ལ། ལས་ཚོགས་དང༌། ཆགས་ལམ་གྱི་སྐོར་རྣམས་མི་གཡོ་བ་བླ་མེད་དང་ཚིག་རིགས་གཅིག་པ་ཤས་ཆེ། རྫོགས་རིམ་དང༌། དབང་བཞི་པའི་ཡེ་ཤེས་གསལ་རྒྱས་སུ་བསྟན་ཅིང༌། དབུ་མ་རྟེན་འབྲེལ་སྙིང་པོ་ཞེས་བོད་ན་གྲགས་པའི་གཞུང་ཆུང་འདི་ཡང༌། རྒྱུད་འདིའི་ནང་ནས་བཏོན་པ་ལྟ་བུར་སྣང་ངོ༌། །གཤིན་རྗེ་གཤེད་ནག་པོ་གདོང་དྲུག་པའི་ རྒྱུད་ནི། ལེའུའི་དབྱེ་བ་མེད། སྡོམ་ཆེ་འབྲིང་ཆུང་གསུམ ་གྱི་བརྗོད་བྱའི་དོན་རྣམས་བསྡུས་པས། རྒྱུད་སྡོམ་གསུམ ་པར་གྲགས་སོ། །རྒྱུད་རང་གི་དངོས་མིང་ནི། གཤིན་རྗེ་གཤེད་ནག་པོ་འཁོར་ལོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་རྒྱུད་ཅེས་བྱའོ། །དེ་ཡང་གླེང་གཞི་སྔོན་དུ་འགྲོ་བས། གཏི་མུག་རྡོ་རྗེ་ལ་སོགས་པའི་འཁོར་གྱི་དབུས་སུ། རྡོ་རྗེ་རོ་ལངས་མས་བདུད་འདུལ་བའི་ཐབས་ཞུས། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་སྔོན་དུ་མཛད་ནས་སྙིང་པོ་གསུངས་ཤིང༌། གཤིན་རྗེ་གཤེད་ཞལ་དྲུག་པའི་སྐུར་བསྒྱུར། སྔགས་རྣམས་གསུངས་པས་བདུད་རྣམས་ཐམས་ཅད་སྐྲག་སྟེ། དེ་དག་ནི་གླེང་བསླང་བའོ། །དེ་ནས་དཀྱིལ་འཁོར་གྱི་མངོན་རྟོགས་དང༌། ལྷ་ཉི་ཤུའི་སྔགས་དང༌། ཐིག་གདབ་པ་དང༌། མཚན་མ་འགོད་པ་དང༌། མཆོད་པའི་ཕྱག་རྒྱ་དང༌། སྐུ་གསུང་ཐུགས་བྱིན་རླབས། སྐྱེ་མཆེད་བྱིན་རླབས། བདུད་རྩི་མྱང་བ། ཕྱོགས་མཚོན་དང༌། རྩིག་པའི་རིམ་པ། ཚད་མེད་བཞི། སྟོང་པ་ཉིད་བསྒོམ་ཚུལ། སྲུང་འཁོར། ཆོས་འབྱུང༌། དམ་ཚིག་ལྡན་པའི་སྒྲུབ་པ་པོ་ལ་
བསྔགས་པ་རྣམས་གསུངས། དེ་ནས་མཚམས་དེར་ལྷ་མོས་གསོལ་བ་བཏབ་ནས་རེ་མིག་ཞེ་དགུ་པའི་འཁྲུལ་འཁོར་འབྲི་ཚུལ། རྨི་ལམ་གྱི་རྟགས། འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང༌། ལྷའི་གདན། ཡེ་ཤེས་སྤྱན་འདྲེན། དགུག་གཞུགདཀྱིལ་འཁོར་མཆོད་པ། དམ་ཚིག་བསྟན་པ། རེ་མིག་ལ་ཡི་གེ་འགོད་ཚུལ། འཁོར་ལོ་འབྲི་དུས་ཀྱི་བྱ་བའི་རིམ་པ་འཁོར་ལོའི་ཕན་ཡོན་རྣམས་གསུངས་སོ། །ཡང་ཞུ་བ་ཞུས་ཏེ། འཁོར་ལོ་འབྲི་བའི་གནས། གཞུག་པའི་གནས། དཀྲི་བའི་སྐུད་པ། ཁ་བལྟ་ཕྱོགས། མཆོད་པ་འབུལ་ཚུལ། ཏིང་ངེ་འཛིན་དང་སྔགས་ཀྱི་བསྐུལ་ཚིག་ཐ་དད་པའི་སྒོ་ནས། ཞི་བ་དང༌། རེངས་པ་དང༌། བསད་པ་དང༌། དབྱེ་བ་དང༌། རིམས་ཀྱིས་ཐེབས་པ་དང༌། རྒྱས་པ་དང༌། དབང་དང༌། དགུག་པ་དང༌། མི་སྣང་བ་དང༌། ཆུ་ལ་མི་བྱིང་བ་དང༌། མཚོན་ཆ་བསྲུང་བ་དང༌། མཁའ་ལ་འགྲོ་བ་རྣམས་གསུངས། ཡང་ཞུས་ནས། སྡོམ་ཚིག་དང་པོ་གསུངས། དེ་རྗེས། ཏིང་ངེ་འཛིན་སྔོན་དུ་འགྲོ་བའི་གཏོར་ཆོག་དང༌། བསྟོད་པ་དང༌། བཟླས་པའི་དམིགས་པ། དབང་གི་དགོས་པ། དབང་བཞིའི་ངོ་བོ། དེ་ཁོ་ན་ཉིད་བསྒོམ་ཚུལ། བླ་མའི་དམ་ཚིགརྗེས་ཐོབ་ཀྱི་བསམ་གཏན། འདོད་ཡོན་གྱི་མཆོད་པ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཚུལ། འཁོར་ལོའི་བསྟོད་པ། འཁོར་ལོ་བསྟེན་ཚུལ། ས་ཆོགསློབ་མ་ལ་དབང་བསྐུར་ཚུལ། སྦྱིན་སྲེགདགང་བླུགས་ཀྱི་ཚད། སྦྱིན་སྲེག་གི་ངེས་དོན། དྲག་པོའི་སྦྱིན་སྲེག་རྣམས་བཤད་ནས། སྡོམ་ཚིག་བར་པ་གསུངས། དེ་རྗེས་རིག་མ་བརྟག་པ། སྐྱེད་རྒྱུའི་བྱེ་བྲགཨཱ་ལི་ཀཱ་ལིའི་ངེས་དོན། སྡོམ་ཚིག་ཐ་མ་རྣམས་གསུངས་སོ། །འདི་ལ་དངོས་བསྟན་དཀྱིལ་འཁོར་གཅིག་ཉིད་གསུངས། རྒྱུད་འདི་
ཞལ་གསལ་ཞིང༌། གསང་སྔགས་སྤྱིའི་གོ་བ་དང༌། གཤེད་སྐོར་ནང་དུའང་ཉེར་མཁོ་མང་བ་ཞིག་སྣང་ངོ༌། །དེ་དག་ནི་གོང་དུ་སྨོས་པ་ལྟར། རྣལ་འབྱོར་བླ་ན་མེད་པའི་གཤེད་སྐོར་གྱི་ནང་ནས། འདོད་ཆགས་ཆེན་པོའི་རིགས་ཀྱི་རྒྱུད་ཡིན་མོད། རྒྱ་བོད་གཉིས་ཀར་དུ་ནག་འཇིགས་ཕན་ཚུན་ཁ་སྐོང་བ་ཤས་ཆེ་ཞིང༌། བོད་ཡུལ་འདིར་སྔོན་དགྲ་གདོང་འཇིགས་གསུམ་དང༌། ཕྱིས་དམར་ནག་འཇིགས་གསུམ་ཞེས་གྲགས་ཤིང༌། ཕལ་ཆེར་ཕན་ཚུན་དུ་ཁ་སྐོང་བར་བྱེད་དོ། དེ་ལྟར་ལེགས་པའང་ཡིན། ལྷ་དང༌། སྔགས་དང༌། ཆོ་གའི་རིམ་པ་རྣམས་ཆ་མཐུན་འདྲ་མཚུངས་ཡོད་པའི་ཕྱིར་དང༌། ཆོས་རྒྱུན་རྣམས་ཀྱང་འབྲེལ་ཆགས་སུ་གནས་པ་མང་དུ་མཐོང་བའི་ཕྱིར་དང༌། རྒྱུད་ནི་རྒྱུད་གཞན་ལས་ཤེས་པར་གསུངས་པའི་ཡང་ཕྱིར་རོ། ཁྱད་པར་ཅན་གྱི་གཤིན་རྗེ་གཤེད། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ནི་ཞེ་སྡང་ཆེན་པོའི་རྒྱུད་ཅེས་བྱ་སྟེ། བླ་མ་གོང་མ་རྣམས་འདི་ལའང་རྒྱུད་རྒྱས་པ་འབུམ་པར་བཞེད་པ་དང༌། ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོའི་གསུང་ལས། རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པར་གསུངས་པ་དང༌། སློབ་དཔོན་རྡོ་རྗེ་གྲུབ་པ་ནི། རྒྱུད་རྒྱས་པ་སྟོང་ཕྲག་བཅོ་བརྒྱད་པ་ཞིག་ཡོད་ཅེས་གསུངས་པ་ཐམས་ཅད་མི་འགལ་མོད། གཙོ་བོར་སེམས་དཔའ་ཆེན་པོའི་གསུང་ལ་ཡིད་རྟོན་ནོ། །ད་ལྟའི་རྟོག་པ་བདུན་པ་འདི་ནི། ཤླཽ་ཀ་སུམ་བརྒྱའི་ཚད་དུ་གནས་པ་ཡིན་ཞེས་གྲགས་སོ། །དེའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་སུམ་བརྒྱ་པ་ཞེས་པ་ཡང་འདི་ཁོ་ན་ཡིན་གྱི། ལེའུ་སུམ་བརྒྱ་པ་ཡིན་ནམ་སེམས་པ་དག་ནི་འཁྲུལ་ལོ། །འདི་ལ་གླེང་གཞི་ནི་མེད་དེ། བཤད་པར་ཞལ་གྱིས་བཞེས་ཤིང་དགོས་པ་བསྟན་ནས། གནས་ཀྱི་དབྱེ་བ་དང༌། འབྲས་བུ་ལས་དང་དངོས་གྲུབ་དང༌། བསྙེན་
པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བ་དང༌། མཆོད་པ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་རྣམས་བསྟན་ཏེ། རྟོག་པ་དང་པོའོ། །གནས་དང་དཀྱིལ་འཁོར་འབྲི་བ་དང༌། མཆོད་པ་བསྟན་པས་དབང་བསྐུར་གྱི་དཀྱིལ་འཁོར་བྲི་སྒྲུབ་དང༌། ཉེ་བསྙེན་དང༌། སྒྲུབ་པ་སྒྲུབ་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་བསྟན་མོད། གཙོ་བོར་ཉེ་བསྙེན་ནོ། །རྒྱུད་འདི་བསྐྱེད་རིམ་དང་ལས་ཚོགས་གཙོ་བོར་སྟོན་ཅིང༌། ཐུན་མོང་གི་དངོས་གྲུབ་རྣམས་ཀྱང་ཆོ་ག་གཅིག་གིས་བསྒྲུབ་པའི་ལུགས་ཡིན་པས། རྟོག་པ་དང་པོ་འདིའི་ལག་ལེན་དང༌། གོ་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་གལ་ཆེ་བ་ཞིག་སྟེ། འོན་ཀྱང་ཕལ་ཆེར་གྱིས་དངོས་བསྟན་ཙམ་འདི་གོ་བླ་བར་བཟུང་ནས། དོན་གྱི་ཁོག་སྒྲིག་ཚུལ་མ་ཤེས་པར་སྣང་སྟེ། རྒྱུད་འདིའི་ལམ་རིམ་གྱི་ཁོག་པ་རྣམས་ལེའུ་དང་པོ་འདི་ལས་རྟོགས་དགོས་པ་གོ་བར་གྱིས་ཤིག རྟོག་པ་གཉིས་པ་ལས་ནི། ལས་ཚོགས་བཤད་པར་ཞལ་གྱིས་བཞེས་པ་དང༌། མངོན་བརྗོད་གཙོ་བོར་བསྟན་པ་དང༌། རྐྱང་པའི་འཁོར་ལོ་གའུ་བསྲོ་བའི་ལས་དང༌། རིམས་ཀྱིས་ཐེབས་པ་དང༌། སྦགས་པའི་འཁོར་ལོ་སྦ་བའི་ལས་དང༌། འཁོར་ལོ་དེ་ཉིད་གཟུགས་བརྙན་གྱི་སྦྱོར་བ་ལ་བརྟེན་པ་སྟེ། འཁྲུལ་འཁོར་གྱི་བསད་ལས་གཙོ་བོ་གསུམ་དང་ཕྱི་མ་གཉིས་ལ་སླར་རྗེས་སུ་འཛིན་པའང་གསུངས། དེ་རྗེས་བྱི་བ་དུག་ཅན་གྱི་སྦྱོར་བས་རེངས་པ་གཅིགདབྱེ་བ་གཅིགབསྐྲད་པ་གསུམ། ཡང་དབྱེ་བའི་རྣམ་གྲངས་གཉིས། སྦྱིན་སྲེག་གིས་བསད་པ་གཅིགཡང་བསྐྲད་པ་དང་རེངས་པ་རེ་རེ། དབང་སྡུད་གཅིག་འགུགས་པ་གཅིགསྨྱོར་གཞུག་པ། འཁོར་ལོ་བསྲེག་པའི་སྒོ་ནས་བསད་པ། ཡང་དབྱེ་བ་གཅིགཡན་ལག་མཚོན་གྱིས་འབུགས་པ་དང༌། བུ་མོ་རེངས་པར་བྱེད་པ་གཅིག་རྣམས་གསུངས་ཏེ། སྤྱིར་ན་བསད་ལས་དྲུག་
བསྐྲད་པ་ལྔ། དབྱེ་བ་བཞི། རིམས་ཀྱིས་བཟུང་བ། རེངས་པ། མནན་པ། དབང༌། དགུགསྨྱོ་བ། བུ་མོ་རེངས་པ་རྣམས་བསྟན་པར་འདོད་དོ། །དེ་རྗེས་ལས་སྒྲུབ་པ་གསང་དགོས་པ་དང༌། གང་ལ་བྱ་བའི་ཡུལ་དང༌། བསམ་པ་བསྟན་པ་དང༌། མངོན་སྤྱོད་གཟུ་ལུམ་དུ་མི་བྱ་བར་ རྒྱུད་གཞན་གྱི་ལུང་དྲངས་པ་རྣམས་ཡོད་དོ། །རྟོག་པ་གསུམ ་པ་ལས། མཚམས་སྦྱོར་དང༌། སྔགས་བཏུའི་གནས་དང༌། འཐུ་བ་པོ་དང༌། རྩ་སྔགས་བཏུ་བ་དེའི་ཆེ་བ་དང༌། གྲངས་ཚད། སྙིང་པོ་བཏུ་བ་དང༌། ཆེ་བ་དང་གྲངས་ཚད། ལས་སྔགས་འཐུ་བ་དང་ཆེ་བ་དང་གྲངས་ཚད་སྔགས་བཏུའི་བསམ་པ་དང་ཆོ་ག་མིང་ཙམ་གསུངས་སོ། །རྟོག་པ་བཞི་པ་ལས་ནི། བདག་བསྐྱེད་ཀྱི་སྒྲུབ་ཐབས་བསྙེན་པའི་ཆོ་ག་གཙོ་བོར་གྱུར་པ་གསུངས་ཏེ། ལེའུའི་འཇུག་གི་ཆ་ནས། ཐུན་མཚམས་ཀྱི་སྤྱོད་པ་དང༌། གནས་དང༌། དམ་ཚིག་དང༌། རྩ་སྔགས་ཀྱི་བཟླས་པའི་གྲངས་དང༌། ཕན་ཡོན་རྣམས་གསུངས་སོ། །རྟོག་པ་ལྔ་པ་ལས་ནི། འཚམས་སྦྱོར་སྔོན་དུ་འགྲོ་བས། རས་གཞི་དང༌། རི་མོ་མཁན་གྱི་མཚན་ཉིད་དང༌། ཡོན་སྦྱིན་པ་དང༌། སྐུ་གཟུགས་ཇི་ལྟར་འབྲི་བ་དང༌། བཞུགས་པའི་གནས་དང༌། བྲིས་སྐུ་མཆོད་པ་རྣམས་གསུངས་སོ། །རྟོག་པ་དྲུག་པ་ལས་ནི། མཚམས་སྦྱོར་བ་སྔོན་དུ་འགྲོ་བས། དྲག་པོའི་སྦྱིན་སྲེག་གི་གནས་བསྟན་ཏོ། །དེ་རྗེས་བསད་པ་གཉིས། དབྱེ་བ་གཉིས། བསྐྲད་པ་གཅིག རེངས་པ་གཅིགགྲོང་བསྐྲད་པ། ལས་བསྒྲུབ་པ་ལ་སྒྲིམས་པ་དང༌། གསང་དགོས་པར་བསྟན་པ། བུ་མོ་རེངས་པའི་སྦྱོར་བ། ཞི་བའི་སྦྱིན་སྲེགརྒྱས་པའི་སྦྱིན་སྲེགདགུག་པའི་སྦྱིན་སྲེགསྨྱོ་བ་དང༌། རྫས་ཆུད་གསན་པ་གཉིས་
སླར་གསོ་བ་དང་བཅས་པ། ཡུལ་ཕྱོགས་དབང་དུ་བྱེད་པ། དེ་མི་ཉམས་པར་གནས་པའི་ཐབས། ནོར་དབང་དུ་བྱེད་པ། རྒྱལ་པོ་འཁོར་བཅས་དབང་དུ་བྱེད་པ། སྐྱེས་པ་དབང་དུ་བྱེད་པ། བུད་མེད་དབང་དུ་བྱེད་པ། ཡང་བསྐྲད་ལས་གཉིས། དབང་སྡུད་དང་དགུག་པ་རེ་རེ་རྣམས་གསུངས་ཏེ། ཐམས་ཅད་སྦྱིན་སྲེག་གི་ལས་འབའ་ཞིག་གོ །དེ་རྗེས་བྱེ་བྲག་མི་བྱ་བ་དང༌། གཅིག་པུས་བསྒྲུབ་པར་བཤད་དོ། །རྟོག་པ་ཐ་མ་བདུན་པ་ལས་ནི། བཤད་པར་ཞལ་གྱིས་བཞེས་པ་དང༌། མདོར་བསྟན་པ་དང༌། ཡེ་ཤེས་ཁྲོ་བོའི་བསམ་གཏན་གྱིས་བསད་པ། ཕོ་ཉ་གཏུམ་པོའི་སྦྱོར་བས་བསད་པ། དབྱེ་བའི་བསམ་གཏན་གཅིགབསྐྲད་པའི་བསམ་གཏན་གཉིས། དགུག་པའི་བསམ་གཏན་གཅིགདུག་གསོ་བའི་བསམ་གཏན། ཞུ་བའི་བསམ་གཏན། རྒྱལ་པོ་སོགས་དབང་དུ་བྱེད་པའི་བསམ་གཏན་རྣམས་གསུངས་ནས། ལས་ཐམས་ཅད་མཉམ་པར་བཞག་ཅིང་བརྟུལ་ཞུགས་བརྟན་པས་བསྒྲུབ་དགོས་པ་དང༌། རྒྱུད་སྔགས་ཆོ་ག་བྲིས་སྐུ་རྣམས་ཤིན་ཏུ་གསང་དགོས་པ་དང༌། སློབ་མ་མཆོག་མཚན་ཉིད་དང་ལྡན་པ་ལ་སྟོན་པ་དང༌། གཞན་ལ་བཀའ་རྒྱས་བཏབ་པ་རྣམས་གསུངས་སོ། །འདི་རྒྱུད་རྒྱས་པའི་དུམ་བུ་ལོགས་སུ་ཕྱུང་བ་བཀོལ་བ་དུམ་བུའི་རྒྱུད་དུ་བཞེད་པ་དང༌། སྙིང་པོའི་དོན་ཕྱུང་བའི་བསྡུས་རྒྱུད་དུ་བཞེད་པ་དང༌། རྒྱུད་རྒྱས་པའི་འཇུག་ཐོགས་སུ་གསུངས་པས་ཕྱི་མའི་ རྒྱུད་ལྟ་བུར་འདོད་པ་སྟེ། འདོད་ཚུལ་གསུམ ་ཡོད་ཀྱང༌། བར་བ་ལྟར་འཐད་དེ། བསྡུས་རྒྱུད་ཉིད་ཡིན་པར་སེམས་སོ། །ཡང་འདིའི་འཇུག་ཏུ་བླ་མ་དམ་པ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན། ལ་ལི་ཏ་བཛྲས་ཕྱུང་ནས་མཛད་པ་རྫོགས་སོ། །ཞེས་འབྱུང་བས། རྒྱུད་རྒྱས་པ་ལས་ལ་ལི་ཏ་བཛྲ་གྱིས་མཐུས་པ་ཡིན་པས་
དགོངས་འགྲེལ་གྱི་བསྟན་བཅོས་སོ་ཞེས་རྒྱ་བལ་འགའ་ཞིག་འདོད་སྐད་ཀྱང༌། དེ་ནི་མི་འཐད་དེ། རྒྱ་གར་གྱི་རྩོམ་པ་བསྟན་བཅོས་ཚད་ལྡན་ལ་རྒྱུད་ཀྱི་རྣམ་པར་བྱས་པ་མི་འབྱུང་བས་སོ། །ལ་ལི་ཏ་བཛྲ་གྱིས་ཕྱུང་ཞེས་པ་ནི། རྒྱུད་རྒྱས་པ་ལས་འཐུས་རྒྱུད་བྱས་པའི་དོན་མིན། དེས་རྡོ་རྗེའི་གནས་ཨོ་རྒྱན་ནས་སྤྱན་དྲངས་ཞེས་པའི་དོན་ཡིན་ནོ། །རྟོག་པ་བདུན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བ་ཡིད་བཞིན་ནོར་བུ་ལྟ་བུའི་རྒྱུད་ཡིན་ལ། མཐའ་ན་གླེགས་བམ་བཞུགས་པ་ཙམ་ལའང་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་པ་ཞིག་གོ །ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བཞི་པ་བྱ་བ་ཅིག་ཀྱང་ཡོད་དེ། དེ་དང་རྡོ་རྗེ་ལྕགས་སྒྲོག་མའི་རྟོག་པ་དང༌། མི་གཡོ་བ་ཕྱག་བརྒྱ་པའི་རྟོག་པ་རྣམས། མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་བ་ཡོད། དེ་རྣམས་འགའ་ཞིག་བརྩམ་བརྒྱུད་དུ་འདོད་ལ། ཁ་ཅིག་མར་དོས་བསྒྱུར་ཟེར་ཡང༌། མར་དོའི་མཚན་གྱི་མཐའ་ལ་གྲགས་པའི་མིང་མེད་པས། ལོ་ཙཱ་བ་གཞན་ཞིག་ཡིན་ལ། རྒྱུད་ལེའུ་བཞི་པ་འདི་ལ། དེར་མ་ཟད་ཐར་ལོས་འགྱུར་བཅོས་ཀྱང་མཛད་དོ། ཞེས་གྲག་གོ །རྟོག་པ་གཅིག་པ་གཏམ་རྒྱུད་ཀྱི་རྟོག་པ་ཞེས་བྱ་བ་ནི། སྔོོན་གྱི་སྐྱོ་པ་རྣམས་རྒྱུད་རྣམ་དག་ཏུ་བྱེད་ལ། ཕྱིས་ཀྱི་མཁས་པ་རྣམས་འདི་རྫུན་རྒྱུད་ཡིན་ཏེ། སྲོག་སྙིང་ཕུལ་བའི་སྐབས་ན། བཙན་གྱི་ཅ་ཅོས་སོགས་སྡེ་བརྒྱད་ཀྱང་བོད་མའམ་བོན་ལུགས་སུ་བྱུང་བ་དང༌། ཛ་ལ་ཙ་བཏུས་པ་ཤིན་དུ་མ་དག་པའི་ཕྱིར་རོ་གསུང་ཡང༌། འདིའི་དཔེ་རྙིང་པ་རང་འགའ་རེ་ན། ཚིག་དེ་དག་མི་སྣང་བས། གཤིན་རྗེ་ཡ་ཕུལ་མ་མོས་མ། །ཞེས་སོགས་ཚིགས་བཅད་དེ། རང་བཟོ་མཁན་གྱིས་ལྷད་དུ་བཅུག་པར་མངོན་པས། རྟོག་པ་དངོས་དེ་རང་རྣམ་དག་ཀ་ཡིན་པར་མངོན། སྒྲོལ་བའི་གྱིང་དུ་བྱིན་གྱིས་བརླབས། །ཞེས་
པ་ནི། བསོད་བྱེད་ཕོ་ཉར་བྱིན་གྱིས་བརླབས། །ཞེས་པའི་དོན་ལ་འགྱུར་ཁྱད་ཙམ་ཡིན་པས་གསལ་ལོ། །རྟོག་པ་ གསུམ་པའི་རྒྱུད ་འདི་ནི། རྭ་བོད་ཀྱི་དཀར་ཆག་ཚིགས་བཅད་མ་ན། དགྲ་ནག་གི་ཆོས་སྐོར་དུ་བགྲངས་ལ། ཁ་ཅིགསྔགས་ཀྱི་རྒྱལ་པོ་བཅུ་པ་ཡང༌། །ཞེས་འབྱུང་བས། རྡོ་རྗེ་འཇིགས་བྱེད་གཉིས་ཀྱི་བཤད་རྒྱུད་ཡིན་ཟེར། འོན་ཀྱང་དེ་ཙམ་ལ་ངེས་པ་མེད་པས། གཤིན་རྗེ་གཤེད་སྤྱི་ལ་འགྲོ་བའི་ཆོས་སྐོར་ཡིན་ཞིང༌། བསྐྱེད་རིམ་སྒྲུབ་ཐབས་སོགས་ལོགས་པ་མེད་པས། གསང་སྔགས་ལ་ཉེར་མཁོ་རབ་གནས་ཀྱི་རྒྱུད་སོགས་དང་འདྲ་བར། གཤིན་རྗེའི་འཁོར་ལོ་བསྐོར་བའི་མན་ངག་གི་རྒྱུད་དམ། རྒྱུད་རྒྱས་པ་ཅིག་ལས་ཕྱུང་བའི་བཀོལ་བ་དུམ་བུའི་རྒྱུན་ཡིན་པ་ཡང་སྲིད་དོ། །འདི་ནི་ལོ་ཙཱ་བ་རོང་ཟོམ་ཆོས་བཟང་གི་འགྱུར་ཡིན་ལ། ལོ་ཙཱ་བ་གཞན་དང་གཞན་གྱི་འགྱུར་ཡིན་ཟེར་བའི། འགྱུར་བྱང་བཏབ་པ་འདྲ་ཡོད་ནའང༌། གཞུང་གི་ངོ་བོ་ལ་འགྱུར་བཅོས་པ་ཅུང་ཟད་ཀྱང་མེད་དོ། །བུ་སྟོན་ཆེན་པོའི་རྒྱུད་སྡེ་སྤྱི་རྣམ་ན། རྟོག་ གསུམ་དང་གཏམ་རྒྱུད ་ཀྱི་རྟོག་པ་སྐྱོ་བ་རྣམས་རྒྱུད་དུ་འདོད་དོ། །ཞེས་རྒྱུད་མིན་གྱུ་བ་བྱུང་བ་ལ་བརྟེན་ནས། ངོར་པ་རྣམས་བློ་གསར་པ་སྐྱེས་ཏེ། རྟོག་ གསུམ་རྒྱུད ་མ་ཡིན། རྒྱ་གར་བ་ཅིག་གིས་བརྩམས་སམ། བོད་མཁས་པ་ཅིག་གིས་བྱས་མི་ཤེས་ཏེ། བསྟན་བཅོས་རྣམ་དག་ནི་ཡིན། དེ་ཡང་སྐྱོ་བའི་ལུགས་ལ་ཡོད། རྭ་ལ་མེད་ཅེས་ཟེར་རོ། །རྒྱུད་རྣམ་དག་མ་ཡིན་པའི་རྒྱུ་མཚན་བཤད་རྒྱུ་ནི་གཅིག་ཀྱང་མེད་པས། ཁྱེ་སྤོགས་གང་ཡང་མེད་པའི་ཆོས་སྤོང་གི་ལས་དམ་བཅའ་སྐམ་པོ་ཅིག་ཏུ་ཟད་ལ། ཡང་བསྟན་བཅོས་རྣམ་དག་ཏུ་འདོད་པ་དང༌། ཁུངས་མེད་སུས་བྱས་ཙམ་ཡང་ཆ་མེད་པར་འདོད་པ་འདི་ཡང་འགལ་བ་ལྟག་སྤྲོད་ཡིན་ལ། རེས་འགའ་
འདི་སྐྱོ་བའི་སྔགས་པ་ཅིག་གིས་བརྩམས་པ་ཡིན་ཡང་ཟེར་ཏེ། དེ་ལྟ་ན་བསྟན་བཅོས་རྣམ་དག་ཟེར་བ་ཡང་འཇའ་ཚོན་ལྟར་ཡལ་ལོ། ཁྱེད་དག་གཉོས་རྭ་མར་དོ་སོགས་ལོ་ཙཱ་བ་དངོས་ཀྱིས་བྱས་པའི་བསྟན་བཅོས་རྣམས་ཀྱང་མ་དག་པར་འདོད་བཞིན་དུ་སྐྱོ་བའི་སྔགས་པ་སུ་ཡིན་མེད་པ་ཞིག་གིས་བརྩམས་པའི་བསྟན་བཅོས་ཤིན་ཏུ་རྣམ་པར་དག་པར་འདོད་པ་ཡང༌། ཆེས་བཞད་གད་ཀྱི་གནས་ཡིན་ཞིང༌། ཡང་ཁ་ཅིག་འདི་སྐད་ཅེས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང༌། །ཞེས་འབྱུང་བས། རྒྱ་གཞུང་མིན་ཞེས་ཟེར་ཏེ། རྒྱུ་མཚན་ཅན་གྱི་འབྲེལ་ནི་ཅི་ཡང་མེད་དོ། །དེའི་དོན་ཐ་སྙད་ལ་བླུན་ཡང༌། དད་པ་དང་ལྡན་པ་ལ་དངོས་གྲུབ་ཉེ་བ་དང༌། ཐ་སྙད་མཁས་ཀྱང་རྟོག་གེས་དཔྱོད་པ་ལ་དངོས་གྲུབ་རིང་ཞེས་པ་ཡིན་པས། དེ་ནི་གསང་སྔགས་སྤྱིའི་ལུགས་ཡིན་ན་མི་འཐད་པ་ཅི་ཞིག་ཡོད། ཚིག་ཤིན་ཏུ་ཁ་གསལ་བས་བོད་མ་ཡིན་སྙམ་ན། མདོ་སྡེ་རྣམས་དང༌། གྲུབ་ཐོབ་རྣམས་ཀྱི་གཞུང་ཀློགས་ཤིགཞལ་ཤིན་ཏུ་གསལ་བ་མཐའ་ཡས་ཏེ། ཁྱོད་ཀྱི་ལོག་རྟོག་སེལ་བར་འགྱུར་རོ། །ཚིག་ལ་བརྗིད་བག་མེད་པའི་ཕྱིར། བོད་མའོ་སྙམ་ན་རྟོག་གསུམ་ནི་ཚིག་བརྗིད་བག་དང་ལྡན་པ་ཁོ་ན་ཡིན་པས་སྐྱོན་དེ་མེད་ལ། སྤྱིར་ནི་ཚིག་རྔམ་བརྗིད་ཆེ་ཆུང་ལོ་ཙཱ་བའི་འགྱུར་ཁྱད་པ་ཡིན་པས། དེ་ཙམ་གང་གི་ཡང་རྒྱུ་མཚན་དུ་མི་རུང་ཞིང༌། ཁྱེད་ཀྱིས་ནི་ཚིག་བརྗིད་བག་ཆེ་ཆུང་ཡང་ཉམས་ཀྱིས་མི་ཆོད་ཅིང་ངོ་མ་ཤེས་པར་སྣང་ངོ༌། །ཡང་ཁྱེད་ཀྱི་ངོར་ཐལ་བའི་སྐད་འཕང་སྟེ། ལམ་འབྲས་རྡོ་རྗེའི་ཚིག་རྐང་ཡང་བོད་རྩོམ་ཡིན་པར་ཐལ་ཏེ། དགའ་ལ་གཡང་ཟ། ངོ་ཚལ་སྐྲུག་བྲོ་ཞེས་དང༌། འདོད་ཡོན་སྣ་
ཚོགས་མཐོང་བས་རྒོད་བྲོ། ཞེས་སོགས་ཚིག་བརྗིད་བག་ཆུང་ཞིང་མི་མཛེས་པ་དུ་མ་འདུག་པའི་ཕྱིར་རོ། །དེས་ན་རྒྱ་གཞུང་བསྟན་བཅོས་རྣམ་དག་དང༌། རྒྱུད་ཚིག་གཉིས་ལ་མི་འདྲ་བའི་ཁྱད་པར་ཇི་ལྟར་ཡོད། དེ་གཉིས་དང༌། བོད་རྩོམ་ལ་མི་འདྲ་བའི་ཁྱད་པར་གང་འདྲ་ཡོད། བོད་རྩོམ་བསྟན་བཅོས་རྣམ་དག་དང༌། རྣམ་དག་མ་ཡིན་པ་གཉིས་ལ། ཚིག་སྦྱོར་གྱི་ཁྱད་པར་ཇི་ལྟ་བུ་ཡོད། ཞེས་དྲིས་ན་གསལ་ཏེ། རྫུན་དང་ཚོད་དཔོགས་འབའ་ཞིག་གིས་ཕྱུགས་ཀྱི་སྐྱེ་བོའི་ཚོགས་པ་རྣམས་དང༌། མཚན་ཉིད་མཁས་པོར་རློམ་པའི་ཉམས་མེད་ཀོ་ལོང་དམ་པོ་རྣམས་མགོ་བསྐོར་བ་ལྷུར་ལེན་པ་ལས། དཀར་པོའི་ཆོས་གཅིག་ཀྱང་མ་འདྲེས་པའི་སྤྱོད་པའོ། །སྤྲོས་པས་ཆོག་གོ །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་རྟོག་པ་འདི་ནི། རྒྱུད་རྒྱས་པའི་ནང་ནས་ལ་ལི་ཏས་བཀོལ་བ་ཡིན་པས། རྒྱུད་ཀྱི་རྣམ་གྲངས་ཡིན་ཞིང༌། གཤིན་རྗེ་གཤེད་སྤྱི་ཁྱབ་ཀྱི་ཆ་ལག་ཏུ་སྦྱོར། ཚུ་ཚུན་དྷ་རིའི་ཆོ་ག་ཞིབ་མོ་དང༌། ཏེའུ་ལོའི་རྟོག་པ་ཆུང་བ་གཉིས་ནི། རྟོག་བདུན་གྱི་འཕྲོས་དོན་ཡིན་པས། རྡོ་རྗེ་འཇིགས་བྱེད་ཁོ་ནའི་ཆོས་སྐོར་དུ་བསྡུའོ། །དེ་དག་ནི་སྤྱིར་གསང་སྔགས་གསར་མ། དེའི་ནང་གི་རྣལ་འབྱོར་བླ་མེད། དམར་ནག་འཇིགས་ གསུམ་དུ་གྲགས་པའི་རྒྱུད ་སྐོར་ཡིན་ལ། གཞན་ཡང་དུས་ཀྱི་འཁོར་ལོ་དང༌། མཁའ་འགྲོ་རྒྱ་མཚོ་ལས་གཤིན་རྗེ་གཤེད་སྤྱིའི་འཁོར་ལོ་བསྒྲུབ་ཚུལ་གསལ་བར་གསུངས་ཤིང༌། གཤིན་རྗེ་གཤེད་ཀྱི་ལས་ཚོགས་འཐོར་བུ་ནི། རྒྱུད་གཞན་མང་པོ་ལས་ཀྱང་འབྱུང་ངོ༌། །ཡང་གཤིན་རྗེ་གཤེད་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཅེས་བྱ་བ་འདི་ནི། རྒྱུད་ཀྱི་ངོ་བོ་སྤྱོད་རྒྱུད་ཡིན་ཞིང༌། ཁ་ཅིག་བྱ་རྒྱུད་དུ་འཆད་མོད་ཀྱང༌། འཆད་ཚུལ་དེ་བྱ་སྤྱོད་གཅིག་ཏུ་བསྲེ་བའི་ལུགས་ཡིན་པས་རྒྱུ་མཚན་དུ་མི་རུང་ལ།
འདི་བསྟན་པ་སྔ་དར་གྱི་དུས་སུ་འགྱུར། འགྲེལ་པ་གཉིས་ཡོད་ཀྱང༌། གཉིས་ཀར་བོད་མར་སྣང༌། ཕྱི་དར་ལ་བ་རི་ལོ་ཙཱ་བས་རྒྱུད་འདི་ཅུང་ཟད་བཤད་ཅིང༌། དཀྱིལ་ཆོག་སོགས་ཀྱང་བསྒྱུར་རོ། །རྒྱུད་འདིའི་ལེའུ་བརྒྱད་ཡན་ཆད་རྩ་བའི་རྟོག་པ། ལེའུ་དགུ་པ་རྟོག་པ་ཕྱི་མ། བཅུ་པ་ཕྱི་མའི་ཡང་ཕྱི་མ། དེ་ནས་ལེའུ་བརྒྱད་གསང་བའི་རྟོག་པ་དང་པོ་ཞེས་བྱ། དེ་བཞིན་དུ་གསང་བའི་རྟོག་པ་ལྔའི་བར་དུ་ཡོད། དེ་ཡང་ལེའུ་བཅུ་གཅིག་པ་སོགས་བདུན་ཁ་སྐོང་གི་ལེའུ་ཡིན་ལ། བཅོ་བརྒྱད་པ་སོགས་གསང་རྟོག་ལྔ་པོ་ནི། རྣམ་གྲངས་གཞན་གྱི་སྒོ་ནས་བསྟན་པའོ། །རྒྱུད་འདིར་བསྙེན་སྒྲུབ་རིམ་པ་བཞིའི་སྒོ་ནས། དངོས་གྲུབ་བསྒྲུབ་ཚུལ་ཤིན་ཏུ་མང་བར་གསུངས་ཤིང༌། དངོས་བསྟན་དཀྱིལ་འཁོར་དྲུག་ཡོད་དེ། བེ་ཆོན་མང་པོ་དང༌། གསལ་ཤིང་མང་པོ་དང༌། མདུང་ཐུང་མང་པོ་དང༌། མི་རོ་མང་པོ་དང༌། ཐོད་པ་མང་པོ་དང༌། དུར་ཁྲོད་མང་པོའི་དཀྱིལ་འཁོར་རྣམས་སོ། །འདི་ནི་རྟོག་བདུན་དང་མཐུན་ཤས་ཆེ་ཞིང༌། རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་ལ་ཉེ་བར་མཁོ་བ་ཡང་མང་དུ་ཡོད་མོད་ཀྱི། རྒྱུད་ཀྱི་འཇུག་སྒོ་ཐ་དད་པའི་ཕྱིར། རེ་ཞིག་རྒྱས་པ་མ་སྨོས་སོ། །རྒྱུད་སྡེ་མཐོ་དམན་སྙོམས་པའི་དབང་དུ་བྱས་ནས། དཔལ་གཤིན་རྗེ་གཤེད་པོའི་རྒྱུད་རྣམས་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ནི། རྣམ་གྲངས་མང་པོ་ཡོད་མོད་ཀྱི། གཙོ་བོར་སྔགས་འགྲུབ་སླ་ཞིང་ལས་མྱུར་བས་ཁྱད་པར་འཕགས་པ་ཡིན། དེའི་ནང་ནས་ཀྱང་འཁྲུལ་འཁོར་གྱི་ལས་སྟོབས་ཆེ་ཞིང་མྱུར་ལ། ཐེ་ཚོམ་མེད་པར་འགྲུབ་པའི་ཕྱིར་ཁྱད་པར་དུ་འཕགས་པ་སྟེ། ཇི་སྐད་དུ། བརྟུལ་ཞུགས་མཐར་ཐུག་ཐོད་པ་ཆེན་པོ་དང༌། །འཁྲུལ་འཁོར་མཐར་
ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །རྒྱུད་ཀྱི་མཐར་ཐུག་པ་ནི་འདུས་པ་སྟེ། །བྱུང་བར་མ་གྱུར་འབྱུང་བར་མི་འགྱུར་རོ། །ཞེས་དམར་ནག་གི་རྒྱུད་གཉིས་ཀ་ལས་མགྲིན་གཅིག་ཏུ་གསུངས་སོ། །ཐོད་པ་ཆེན་པོའི་བརྟུལ་ཞུགས་ནི། ནང་གི་རྣལ་འབྱོར་གྱི་སྟོབས་ལས། ཀུནྡ་ལྟ་བུ་འཕོ་མེད་དུ་འཆིང་བའི་མིང་ཡིན་གྱི། ཁ་ཅིག་རིག་པའི་བརྟུལ་ཞུགས་ཙམ་འཆད་པ་ལ་སངས་རྒྱས་ཐོད་པའི་རྒྱུད་མཆོག་ཡིན་ནོ་བའི་དོན་ནོ། །ཞེས་ཟེར་བ་ནི། བསམ་མནོ་མགོ་ཕུར་གྱི་བཤད་པའོ། །དེ་ལ་སྔོན་གྱི་གཤིན་རྗེ་མཁན་པོ་བོད་རྒན་རྣམས་ན་རེ། རྒྱུད་ཐམས་ཅད་ལས་ལས་ཚོགས་མང་དུ་གསུངས་ཀྱང༌། ལས་དང་པོ་པས་འཕྲལ་དུ་འགྲུབ་པ། གཤིན་རྗེ་གཤེད་ཀྱི་ལས་ཚོགས་རྣམས་ཉིད་རང་ཡིན། རྒྱུད་ལ་ནང་གི་ཁམས་ཆེ་བ། གསང་འདུས། དུས་འཁོར། བདེ་མཆོག་རྣམས་ཡིན་ཏེ། གསང་འདུས་ཀྱི་ལས་ཚོགས་འགྲུབ་པ་ལ། བསྐྱེད་རིམ་ལ་བརྟན་པ་ཐོབ་དགོས། དུས་འཁོར་ལ་རླུང་བུམ་པ་ཅན་གྲུབ་དགོས། བདེ་མཆོག་ལ་ཕོ་ཉ་མོ་གྲུབ་དགོས། གཤིན་རྗེ་གཤེད་ལ་གྲངས་བསྙེན་སོང་ན། འཁོར་ལོ་བཅས་ཆོག་ཡིན་ཟེར་ཏེ་རྒྱུད་དེ་རྣམས་ཀྱི་ཆ་རྒྱུས་རགས་པ་ཡོད་པར་འདུགཕྱོགས་འདྲ་རུང་གི་གཏམ་ཡིན། སྤྱིར་རྒྱུད་གཞན་དེ་དག་ནས་གསུངས་པའི་ལས་ཚོགས་རྣམས་ཀྱང༌། ལས་དང་པོ་པས་མི་འགྲུབ་པ་ཏ་མ་ཡིན་མོད། གྲངས་བསྙེན་སོང་ཙམ་གྱིས་ཀ་ལས་ཚོགས་བསྒྲུབ་ན། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཉིད། ལས་ཚོགས་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་པར་ཚད་མས་གྲུབ་བོ། །སྤྱིར་ལྷ་ཞི་བ་ལས་ཁྲོ་བོ་འགྲུབ་ཐག་ཉེ་བ་དང༌། ཁྲོ་རྒྱལ་གཞན་ལས་ཀྱང་གཤིན་རྗེ་གཤེད་ཉེ། ཁྱད་པར་དུ་མངོན་སྤྱོད་དྲག་ཤུལ་གྱི་ལས་ལ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་སྔགས་ལས་སྦྱོར་རྣམས་དང་མཚུངས་པ་འགའ་ཡང་མེད་དོ། །བཞི་པ་ནི། ད་ནི་རྒྱུད་དེ་རྣམས་ཇི་ལྟར་བྱུང་ཚུལ་བཤད་དེ། དམར་ནག་གཉིས་ལ་སྟོན་པ་རྡོ་རྗེ་གདན་དུ་བཞུགས་ཏེ། བྱང་ཆུབ་བརྙེས་པར་བཞེད་པ་ལ། བདུད་
ཀྱི་དམག་བྱེ་བ་སུམ་ཅུ་སོ་དྲུག་ལྷགས་པའི་ཚེ། སྟོན་པ་ཉིད་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ་བཞེངས་ཏེ། བདུད་ཀྱི་རིགས་ཀྱི་ལྷ་ཚོགས་འབྱུང་པོ་ཐམས་ཅད་ཚར་བཅད་ནས་བྱང་ཆུབ་ཀྱི་ལམ་ལ་བཀོད་དེ་རྒྱུད་གསུངས་ཤིང༌། མཐར་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་ནས། ཁྱོད་ཀྱིས་ཀྱང་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་དང་ཆོ་ག་འདིས། བདུད་རྣམས་ཐུལ་ཞིག་ཅེས་གསང་བདག་ལ་གདམས་པའི་ཚུལ་གྱིས། ཕྱི་རབས་རྗེས་འཇུག་གི་གང་ཟག་རྣམས་ལ་དགོངས་པར་མཛད་དོ། །འདི་ནི་དམར་ནག་གི་རྒྱུད་ཀྱི་ལེའུ་ཐ་མ་ལས་འབྱུང་ངོ༌། །གདོང་དྲུག་ལས་ནི། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་སྐུར་བཞེངས་ནས། མ་ཧེའི་བདག་པོ་ཆུང་མར་བཅས་པ་ཞབས་ཀྱི་འོག་ཏུ་བརྫིས་ཞེས། གཤིན་རྗེའི་བདག་པོ་ཁྱོ་ཤུག་ཚར་བཅད་པ་ཙམ་ཞིག་གསུངས། དེ་ཡང་གཤིན་རྗེའི་བདག་པོ་དང༌། དྲག་པོ་དབང་ཕྱུག་གཅིག་པར་འདོད་པའང་ཡོད་དོ། །དེ་བཞིན་དུ་གཤིན་རྗེ་གཤེད་རྣམ་པར་རྒྱལ་བ་ལས། དེ་ནས་འཇམ་པའི་དབྱངས་ཀྱིས་ནི། ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །མཚོན་ཆ་མེ་ལྕེ་འབར་བ་འཁྲིགས། །འདི་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱི་ནི་ལག་ཆ་ཤོར། །ཞེས་བཅོམ་ལྡན་འདས་འཇམ་དབྱངས་ཀྱིས་གཤིན་རྗེ་གཤེད་སྤྲུལ་བས། ཁྲོ་བོ་གཞན་ཐམས་ཅད་སྐྲག་པའི་ཆེད་དུ་བརྗོད་པ་སོགས་ཡོད་དོ། །འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ལ་རྟོག་བདུན་ལས། དེ་ཡིས་ལྷ་རྣམས་ཐམས་ཅད་ལ། །དྲག་ཤུགས་ཆེ་ཞིང་འཇིགས་པར་བྱེད། །ཅེས་པའི་ཚིག་ཟུར་གྱིས་ཅུང་ཟད་ཙམ་འཕངས་པ་མ་གཏོགས། རྟོག་བདུན་ལས་ལོ་རྒྱུས་གསལ་བར་གསུངས་པ་མེད། གཏམ་རྒྱུད་ཀྱི་རྟོག་པ་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ། རྡོ་རྗེ་འཇིགས་བྱེད་ཆེན་
པོ་རི་རབ་ཀྱི་རྩེ་མོར་སྐུ་སྤྲུལ་ནས། གདུལ་བྱ་གཤིན་རྗེ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ཏེ། ལྷོ་ཕྱོགས་ཀྱི་རྒྱ་མཚོར་ཕར་བརྒལ་ཏེ། གཤིན་རྗེའི་གནས་ལྕགས་མཁར་བཅུ་དྲུག་གིས་བཅོམ། ཡེ་ཤེས་རྡོ་རྗེའི་ལིང་གས་དབུས་ཀྱི་ལྕགས་མཁར་བསྒྱེལ་ཞིང༌། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གནད་ནས་གཟིར། བདུད་ཚོགས་གཞན་ཐམས་ཅད་བཅོམ་ནས་རྨེག་མེད་པར་མཛད། སྡེ་བརྒྱད་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། མནའ་དོར། གཤིན་རྗེ་དང་མ་མོ་ཐམས་ཅད་སྒྲོལ་བའི་གྱིང་ཕོ་མོར་བྱིན་གྱིས་བརླབས། བསྟན་པ་བསྲུང་བར་བཀའ་བསྒོས་སོ། །ཞེས་པ་ཙམ་ཞིག་འབྱུང་སྟེ། གདུལ་བྱའི་གཙོ་བོ་གཤིན་རྗེ་ཕོ་མོ་ཁོ་ནར་སྟོན་པའི་ལུགས་གཅིག་གོ །ཡང་གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་གཏམ་རྭ་ལོ་ཆེན་པོའི་གསུང་རྒྱུན་ལས་འབྱུང་བ་ནི། སྔོན་དུ་དཔག་ཏུ་མེད་པ་འདས་པའི་སྔོན་རོལ་ན། ལྷ་དབང་ཕྱུག་ཆེན་པོའི་བུ་ལྷའི་དམག་དཔོན་ཆེན་པོ་གཞོན་ནུ་གདོང་དྲུག་དང༌། ལྷ་མི་གདོལ་པ་དྲག་པོ་གཉིས་འཛམ་བུའི་གླིང་གི་བདག་པོ་སུ་བྱེད་ལ་མ་མཐུན་ནས། ཡུན་རིང་དུ་འཐབས་པ་ལས། གདོང་དྲུག་ནི་ཕམ། གདོལ་པ་དྲག་པོས་འཛམ་གླིང་ལ་དབང་བསྒྱུར་བ་ན། ལྷ་དབང་ཕྱུག་ཆེན་པོ་རི་རབ་ཀྱི་ཁོང་སེང་ན་གནས་པས་དེ་ཤེས་ཏེ། སུམ་ཅུ་རྩ་གསུམ་ལ་སོགས་པ་མཁའ་ལ་སྤྱོད་པའི་ལྷ་རྣམས་དང༌། ནད་བརྒྱད་གདོན་བརྒྱད་སོགས་ས་སྟེང་གི་འབྱུང་པོ་ཐམས་ཅད་དང༌། ལྷ་མིན་ཀླུ་ལ་སོགས་པའི་ས་འོག་ན་སྤྱོད་པ་ཐམས་ཅད་དམག་ཚོགས་སུ་བསྐུལ་ཞིང༌། དྲག་པོ་དབང་ཕྱུག་ཆེན་པོ་ཉིད། དྲག་ཤུལ་དང་བཅས་ཏེ་འོངས་པ་ན། གདོལ་པ་དྲག་པོ་ནི་མགོན་སྐྱབས་གཞན་མེད་པས་ཤིན་ཏུ་འཇིགས་ཤིང་སྐྲག་པ་ལས། བཅོམ་ལྡན་འདས་འཇམ་པའི་དབྱངས་
ཡིད་ལ་དྲན་ཏེ། གདོང་ནམ་མཁར་ཕྱོགས་ཏེ་སྐད་ཀྱི་གདངས་ཆེན་པོས། མཚན་ནས་བོས་ཤིང་གསོལ་བ་བཏབ་པས། ཕྱོགས་དེར་འཇམ་དཔལ་མངོན་སུམ་དུ་བྱོན་པ། གདུག་པ་ཅན་རྣམས་འདུལ་བའི་ཁྲོ་བོའི་སྐུར་བཞེངས་པ་ལས། ཞལ་གཞན་བརྒྱད་ཀྱིས་ཕྱོགས་མཚམས་ཀྱི་འཇིགས་བྱེད་བརྒྱད་གསོལ་བར་མཛད། རྩ་ཞལ་དང་ལིང་གས་ནི་འཇིགས་བྱེད་དབང་ཕྱུག་ཆེན་པོ་ཁྲོས་པ་ཉིད་བཏུལ། མ་ཧེའི་རྭ་གཉིས་ཀྱིས་ལྷ་མ་ཡིན་གྱི་རྟ་བ་རྣམས་བཅོམ། གླང་ལྤགས་འཛིན་པའི་ཕྱག་གཉིས་ཀྱིས་བརྒྱ་བྱིན་དང༌། ཕྱག་གཞན་སོ་གཉིས་ཀྱིས་ཉེ་དབང་སུམ་ཅུ་སོ་གཉིས་ཚར་བཅད། ཞབས་གཡས་བརྒྱད་ཀྱིས་གདོན་བརྒྱད། གཡོན་བརྒྱད་ཀྱིས་ནད་བརྒྱད་མནན། ཀླུ་རྣམས་རྒྱན་དུ་བཅིངས། གཞན་ཡང་ལྷ་གདོན་མ་རུངས་པ་རྣམས། ལ་ལ་ཞལ་དུ་གསོལ། ལ་ལ་ཞབས་ཀྱིས་མནན། ཞེས་དངོས་སུ་འབྱུང་ལ། དེའི་ཤུགས་ལ། གཞན་ཡང་ཞལ་དགུས་གཟའ་དགུ་དང༌། ཕྱོགས་སྐྱོང་དགུ་དང༌། འཇིགས་བྱེད་བརྒྱད་དམ་དགུ། ཞལ་དགུ་དང༌། སྤྱན་ཉེ་བདུན་གྱིས་རྒྱུ་སྐར་རྣམས་བཏུལ་བའང་དོན་གྱིས་ཐོབ་བོ། །དེ་ལྟར་ན་གདུག་པ་ཅན་གྱི་ལྷ་ཀླུ་ལྷ་མིན། འབྱུང་པོ་མི་དང་མི་མ་ཡིན་ཐམས་ཅད། དུས་དང་པོར་ཚར་བཅད་ཅིང་བསྒྲལ་ནས། སྙིང་ཁྲག་གསོལ་བ་ལ་སོགས་པ་འཇིགས་པ་ཆེན་པོ་བསྟན་ནས། སླར་ཡང་གསོ་ཤིང་རྗེས་སུ་བཟུང་སྟེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཡང་དག་པའི་ལམ་ལ་བཀོད་ནས། གདོད་ནས་གྲུབ་པ་དང༌། གསར་དུ་ཐོབ་པའི་དཔའ་བོ་རྣལ་འབྱོར་མ་དང༌། སངས་རྒྱས་བྱང་སེམས་ནམ་མཁའ་གང་བའི་དབུས་སུ་རྩ་བའི་རྒྱུད་རྒྱས་པ་གསུངས༌། རྒྱུད་རྒྱས་པ་དེས་དུས་ཡུན་རིང་མོར་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད། སྐྱེས་བུ་མཐའ་ཡས་པ་ཞིག་གིས་དངོས་གྲུབ་ཐོབ་བོ། །དེ་ནས་བར་སྐབས་སུ་མི་རྣམས་ཀྱི་དོན་དུ་མི་འགྱུར་བར་མཁྱེན་ནས།
ཨོ་རྒྱན་གྱི་གནས་དྷརྨ་གཉྫ་ཆོས་ཀྱི་མཛོད་དུ་རྒྱས་བཏབ་ནས་བཞུགས་སོ་ཞེས་འབྱུང་ན། རྒྱུད་འདི་གདོད་ནས་གྲུབ་པའི་དབང་དུ་བྱས་ཏེ། སྔོན་བྱུང་རྩ་བའི་གླེང་གཞི་དེ་བཞིན་ཡིན་མོད། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང༌། སླར་བཟློས་ཏེ་གསུངས་པ་ཡིན་དགོས་པས། དེ་རྗེས་ཨོ་རྒྱན་དུ་རྒྱས་བཏབ་བོ་ཞེས་བརྗོད་ན་ལེགས་པར་མངོན་ནོ། །འདི་དང་གཏམ་རྒྱུད་ཀྱི་རྟོག་པ་གཉིས་མི་འདྲ་བར་བྱུང་ཡང༌། རྩ་རྒྱུད་བསྡུས་རྒྱུད་མི་འདྲ་བ་སོ་སོ་ལ་དགོངས་པའང༌། རྫོགས་ལྡན་གཉིས་ལྡན་ལ་སོགས་པ་དུས་སྐབས་ཐ་དད་དུ། བསྟན་པ་བྱུང་ཚུལ་སོ་སོ་ལ་དགོངས་པ་ཡང་སྲིད། གནས་དུས་་གཅིག་དང་རྒྱུད་གཞུང་གཅིག་ཡིན་ཡང༌། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་འགལ་བ་ནི་མ་ཡིན་ནོ། །གཏམ་རྒྱུད་ཕྱི་མ་འདི་ལྟར་ན། གདུལ་བྱའི་གཙོ་བོ་ལྷ་དབང་ཕྱུག་ཆེན་པོ་ཡིན། གདོལ་པ་དྲག་པོ་ནི་ཧ་ལ་ནག་པོའམ་ལས་ཀྱི་གཤིན་རྗེ་སྟེ། ནང་འཁོར་གྱི་གཙོ་བོའོ་ཞེས་འདོད་དོ། །སྤྱིར་འཇིགས་བྱེད་ཆེན་པོ་ཞེས་པ། དབང་ཕྱུག་ཆེན་པོ་ཁྲོས་པའི་མིང་ཡིན། ཡང་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་རྡོ་རྗེའི་མིང་ཚན་གྱིས་བཏགས་པ་ནི། འཇིགས་བྱེད་སྔ་མ་དེ་འདུལ་བྱེད་ཀྱི་ལྷ་ལ་ཟེར་བ་ཡིན་པས། གདུལ་བྱའི་གཙོ་བོ་དབང་ཕྱུག་ཆེན་པོར་བྱེད་པ་ཡང༌། ལས་ཚོགས་སྒྲུབ་པ་སོགས་གང་ལའང་གནད་ཆེ་བ་ཞིག་ཡོད་དོ། །དེས་ན་གཤིན་རྗེ་དང་མ་མོས་ཁྱད་པར་གྱི་འཕྲིན་ལས་སྒྲུབ་པ་ནི། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཐམས་ཅད་ཀྱི་སྤྱི་ལུགས་ཡིན་ལ། རྡོ་རྗེ་འཇིགས་བྱེད་ལ་ནི་དེའི་སྟེང་དུ། དབང་ཕྱུག་ཆེན་པོ་དང་མགོན་པོ་ནག་པོ་ལ་ཁྱད་པར་གྱི་འཕྲིན་ལས་འཆོལ་བའི་ཚུལ་ཡོད་དེ། མན་ངག་གི་གནས་ཕྱི་མ་འདི། བོད་དུ་སྔོན་ཡང་རྭ་བ་རྣམས་མ་གཏོགས། གཞན་གྱྀས་ཤེས་
པ་ཆེར་མ་བྱུང༌། ཕྱིས་ཀྱི་གཤིན་རྗེ་གཤེད་པར་རློམ་པ་རྣམས་ལ། ཡེ་གསང་ཐབས་ཀྱིས་ཆོད་པར་སྣང་ངོ༌། །ཡང་བ་རི་ལོ་ཙཱ་བའི་གསུང་བགྲོས་ཡིན་ཟེར་བ། རྒྱུད་གསུངས་ཚུལ་གྱི་གཏམ་རྒྱུད་ཅིག་འདུག་ནའང༌། རྙིང་མ་བའི་མ་ཏྲཾ་རུ་ཏྲའི་དཔེ་བླངས་པ་ཙམ་ཞིག་ཀ་འདུག་པས་འདིར་མ་སྨོས་སོ། །ལྔ་པ་ལ་གཉིས། འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་དང༌། ཁ་བ་ཅན་འདིར་ནི་ལྟར་བསྒྱུར་ཞིང་གཏན་ལ་ཕབ་ཚུལ། དགོངས་འགྲེལ་གྱི་བསྟན་བཅོས་ཕྱོགས་འདིར་ཇི་ཙམ་འགྱུར་བའི་ཚུལ་འཕྲོས་དང་བཅས་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་འདིའི་བསྟན་པ་ལྷོ་འཛམ་བུའི་གླིང་དུ་དར་བ་ཁོ་ནའི་དབང་དུ་བྱས་ནས། ཆོས་འདི་དག་གི་བྱུང་ཚུལ་ཟུར་ཙམ་བརྗོད་པར་བྱ་སྟེ། གླིང་གཞན་དང་འགྲོ་བ་གཞན་དང༌། འཇིག་རྟེན་གྱི་ཁམས་གཞན་ན་སྤྱོད་པ་ནི་འདིར་མི་འཆད་དེ། དེ་འདྲ་བསམ་པར་མི་ནུས་ཤིང་བརྗོད་ཀྱིས་ཡང་མི་ལང་བའི་ཕྱིར་རོ། །གླིང་འདི་ཉིད་ཀྱིའང༌། ཡུལ་ཆེན་པོ་གཞན་དང་གཞན་གྱི་གླེང་བ་མི་བྱེད་ཀྱི། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཇི་ལྟར་བྱུང་ཚུལ་ཕྱོགས་མཚོན་གྱི་དབང་དུ་བྱས་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རྗེས་སུ། བཀའ་བསྡུ་བ་གསུམ་པའི་བར་ལ། གཙོ་བོར་ཉན་ཐོས་ཀྱི་ཐེག་པ་ཀ་འགྲོ་དོན་བྱུང༌། བསྡུ་བ་གསུམ་པའི་རྗེས་ནས་མི་རིང་བར་ཐེག་ཆེན་གྱི་མདོ་སྡེ་རྣམས་ཅིག་ཅར་མི་ཡུལ་དུ་བྱོན་ཞིང་དར་བའི་ཚེ། བྱ་སྤྱོད་རྣལ་འབྱོར་རྒྱུད་ཕལ་ཆེ་བ་དང༌། གསང་བ་འདུས་པ་དང༌། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་བླ་མེད་ཅི་རིགས་པའང་མི་ཡུལ་དུ་བྱོན། དུས་དེའི་ཚེ་ཉིད་ནས་ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་སྔགས་རྒྱུད་ཀྱང་དར་ཏེ། དེ་ཡང་འཕགས་པའི་ཡུལ་ན་འདི་སྐད་ཅེས་གྲག་སྟེ། དུས་ཀྱི་རིམ་པ་ལྔ་
བྱུང་སྐད། དེ་ཡང༌། འདོད་པའི་དངོས་གྲུབ་སྤྱོད་སྣ་ཚོགས། །གནོད་པ་ཅན་དང་ངེས་སྤྱོད་དང༌། །ཆ་ཤས་ཅན་ཏེ་རྣམ་ལྔའོ། །དེ་ལ་དུས་དང་པོ་འདོད་པའི་དངོས་གྲུབ་ཀྱི་དུས་ནི། དུས་དེའི་ཚེ་རིག་པ་འཛིན་པ་སྟོང་ཕྲག་བརྒྱ་བྱུང་བ་ལས། ལྷོ་ཕྱོགས་ཀྱི་རྒྱུད་གྲོང་ཁྱེར་གསེར་གྱི་ས་ཞེས་བྱ་བ་ན། རྒྱལ་པོ་བི་ཛ་ཡ་སིང་ཧ་འཁོར་སྟོང་དང་བཅས་པ། འདོད་པའི་ཡུལ་ལྔ་ལ་རྟག་ཏུ་སྤྱོད་ཀྱང༌། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རིག་སྔགས་གྲུབ་པས། འདོད་པས་མ་བཅིངས་པར་གྲོལ་ཏེ། རྡོ་རྗེའི་སྐུ་བརྙེས། རིའི་རྒྱལ་པོ་མནྡ་ར་ལ་བཞུགས་སོ། །ཞེས་གྲག་གོ །ཡང་ཤར་ཕྱོགས་ཀྱི་གྲོང་ཁྱེར། ཛྭ་ཥ་སྭ་མི་སྟེ་ཉའི་རྗེ་ཞེས་བྱ། སྔོན་དེ་ལྟར་གྲགས། བ་རེན་དྲའི་བྱེ་བྲག་ཅིག་ཡིན་ཟེར། དེར་རྒྱལ་པོ་དྲག་པོའི་འབྱོར་པ་ཞེས་བྱ་བ་གཤིན་རྗེ་གཤེད་པོའི་རིག་སྔགས་གྲུབ་སྟེ། གདུག་པ་ཅན་ཐམས་ཅད་དྲག་ཤུལ་སྤྱོད་པའི་སྔགས་ཀྱིས་བསད་བསྐྲད་དབྱེ་མནན་རེངས་པ་སོགས་ཀྱི་ཚར་བཅད་ཅིང་སླར་གསོས་ཏེ། ཡང་དག་པའི་ཁྲིམས་བསྐྱངས། མཐར་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པ་གྲུབ་བོ། །འདི་གཤིན་རྗེའི་རྒྱལ་པོའི་མཆོད་གནས་སུ་བཞུགས་སྐད། ཡང་ནུབ་ཕྱོགས་ཧ་ལའི་ཡུལ་དུ། པ་ར་ཤ་མ་རཱ་ཛ་ཞེས་བྱ་བ། ངག་གི་བརྗོད་པ་ཐམས་ཅད་གྲུབ་པ་ཞིག་བྱུང་སྟེ། འཁོར་སྟོང་དང་བཅས་པ་རིག་པ་འཛིན་པའི་ལས་གྲུབ་ནས། འཕགས་པ་འཇམ་དཔལ་གྱི་ཞིང་ཁམས་ཅིག་ཏུ་བཞུད་སྐད། བྱང་ཕྱོགས་ཡུལ་ཡ་བ་ན་ཞེས་བྱ་བ། ད་ལྟ་ཀླ་ཀློའི་གྲོང་ཀ་བྷེ་ལ་ཞེས་པ་འདི་ཀ་ཡིན་ཟེར། དེར་རྒྱལ་པོ་ནཱ་གེན་དྲ་དེ་བ་ཀླུ་དབང་ལྷ་ཞེས་བྱ་བ་བྱུང༌། དེས་རྒྱལ་སྲིད་ཀྱང་བདེ་བར་བསྐྱངས། ལོ་བརྒྱ་ལོན་ཏེ་རྒས་ཤིང་འཁོགས་པ་ན། འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བའི་དགེ་
སློང་ཞིག་གིས། གཤིན་རྗེ་གཤེད་ཀྱི་རིག་སྔགས་སྩལ་བས་མྱུར་དུ་འགྲུབ་རྒས་པའི་སྡུག་བསྔལ་ནི་མེད། རྒན་པོའི་དབྱིབས་ཀྱི་རྣམ་པས་སླར་ཡང་ལོ་བརྒྱའི་བར་དུ་གནས་ནས། འཐར་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པ་གྲུབ་བོ། །ཡང་བྱང་ཕྱོགས་ཁ་ཆེར་ཧ་རི་ཧ་ར་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རིག་སྔགས་གྲུབ་པས། ཉེ་སྐོར་གྱི་ཡུལ་ལྗོངས་ཐམས་ཅད་དབང་དུ་བསྡུས་ཏེ། གྲོང་བྱེ་བ་ལ་དབང་བའི་རྒྱལ་པོར་གྱུར། ལོ་བཅུ་གཉིས་སུ་སྔགས་ཀྱི་སྤྱོད་པ་སྤྱད་ནས། འཁོར་སྟོང་དང་བཅས་པའི་རིག་པ་འཛིན་པར་གྱུར་ཏོ། །དེ་དག་ནི་མཚོན་པ་སྟེ། གཤིན་རྗེ་གཤེད་ཀྱི་སྔགས་རྒྱུད་ལ་བརྟེན་ནས། རྡོ་རྗེའི་སྐུ་ཐོབ་པ་མཐའ་ཡས་པ་ཞིག་བྱུང་ངོ༌། །དེ་ལྟར་དུས་དང་པོ་ལོ་བརྒྱའམ་ཉིས་བརྒྱ་ཙམ་མོ། །དུས་གཉིས་པ་སྤྱོད་པ་བ་སྣ་ཚོགས་པ་གྲུབ་པ་ནི། དེ་རྗེས་ལོ་སུམ་བརྒྱ་ཙམ་གྱི་བར་དུ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་ཞུགས་པ་རྣམས། དོན་མ་གྲུབ་པ་ནི་གཅིག་ཀྱང་མེད། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡང་མང་དུ་བྱུང་མོད། རལ་གྲི་རོ་ལངས་བཅུད་ལེན་སོགས་ལོའི་སྦྱོར་བས་འགྲུབ་པ་དང༌། ཞི་སོགས་ཕྲ་མོ་ཐམས་ཅད་ཟླ་བ་དྲུག་གིས་མི་འགྲུབ་པའི་ཐབས་མེད། ས་འོག་ས་སྟེང་སོགས་ཀྱི་རིག་པ་འཛིན་པའང་མང་དུ་བྱུང༌། གཤིན་རྗེ་གཤེད་ཀྱི་དབང་བསྐུར་བར་མ་ཐོབ་པ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་སྔགས་བཟླར་ཡང་མི་བཏུབ་སྟེ། བཟླས་ན་དབང་མ་ཐོབ་པ་དེའི་ལུས་དེ་མ་ཐག་ཏུ་ཚིག་པའམ། སྐམས་པའམ། ཞིག་འགྲོ་བ་བྱུང་བས། སྔགས་བཟློས་པ་པོ་རྣམས་གཅིག་པུ་ཁོ་ནར་བཟླ་སྐད། དེའི་ཚེ་ལྷོ་ཕྱོགས་སུ་ཚོང་དཔོན་གྱི་བུ་ཨ་ར་དང༌། ས་ར་ཞེས་བྱ་བ་གཉིས་ཀྱིས་སློབ་དཔོན་གཅིག་ལ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་ནོད་ནས། ཐོ་རངས་ཀྱི་ཚེ་བྲི་སྐུའི་མདུན་དུ་སྔགས་བརྒྱ་རྩ་རེ་བཟླས་སོ། །ཨ་ར་ཞེས་བྱ་བ་དེ་ལོ་
གཅིག་ཙམ་སོང་བ་ན། ཚོང་ཁང་དུ་ཚོང་གི་བྱ་བ་བྱེད་འཕྲོ་ལ། ལུས་ཡང་ཞིང་སེམས་དགའ་བ་དེའི་ཏིང་ངེ་འཛིན་ལ་གནས་པ་ཞིག་བྱུང༌། དེར་འཆག་ས་ཐག་རིང་བ་ཞིག་ལ་ཕྱིན་པས། བསླུས་མ་ལེན་པའི་ཕྱིར་དུ། ཆོམ་རྐུན་གཡོ་ཅན་མི་བཞིས་བཟུང༌། ཞགས་པས་བཅིངས་པ་ལ་སྔགས་དྲན་པ་ཙམ་གྱིས་ཆད། ལྕགས་སྒྲོག་བརྟོད་པའང་ཐང་ཆུ་བཞིན་དུ་ནུད་སྐད་དེ། དེར་ཚོང་ཁང་ཡིད་ལ་དྲན་པས་ཚོང་ཁང་དུ་སླེབ། ལམ་ཁར་གཏེར་ཅིག་མཐོང་ནས་སྙིང་རྗེས་ཆོམ་པོ་དེ་རྣམས་བོས་ཏེ། གཏེར་དེ་ལས་ཅི་འདོད་པར་བྱིན་སྐད། བུ་ས་ར་ནི་དགོང་ཀ་ཞིག་དབྱུག་པ་ཐོགས་ཏེ། ཕྱུགས་རྣམས་སྐོར་བ་ལ་སོང་ངོ༌། །དེར་རང་གི་ལུས་ལས་སྔགས་ཀྱི་སྒྲ་དང༌། འོད་ཟེར་བྱུང་ངོ༌། །དབྱུག་པ་གཡབ་པས་མེ་འབར་རོ། །དེ་ཐོགས་ཏེ་ཕྱུགས་བདས་པས་ཕྱུགས་ཀྱི་རྭ་ལས་ཀྱང་མེ་འབར་ཞིང༌། ལོག་འོངས་པས་ཁྱིམ་དུ་སླེབ་ཀར། ནམ་མཁའ་ལས་སྒྲ་བྱུང་སྟེ། ཆོ་གའི་ལྷག་པ་འདི་དང་འདི་ལྟ་བུ་གྱིས་ཞེས་ཟེར་རོ། །དེ་ལྟར་བྱས་པས་ཁོང་རང་དང་ཕྱུགས་རྣམས་རྫུ་འཕྲུལ་དང་ལྡན་པའི་ལུས་སུ་གྱུར། ལོ་བཅུ་གཉིས་སུ་ངོ་མཚར་སྒྱུ་མའི་རིག་པ་མང་པོ་བསྟན་ཏེ། མཐར་རི་རབ་ཀྱི་རྩེ་མོར་འགྲོའོ་ཞེས་ཟེར་གར་སོང་ཆ་མེད་དོ། །གཏམ་རྒྱུད་འདིས་མཚོན་ནོ། །དེ་ཡན་ཆད་དུ་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་རྣམས་སྐལ་མེད་ཀྱི་སེམས་ཅན་གཅིག་ལའང་འཆོལ་བར་འཁྱར་བ་མེད་ཅིང༌། སྐལ་ལྡན་ཁོ་ན་ལ་དར་བ་ཡིན་ནོ། །དུས་གསུམ་པ་གནོད་པ་ཅན་གྱི་དུས་ནི་ལོ་ལྔ་བརྒྱ་ཙམ་མོ་ཟེར་ཡང་ངེས་པ་མེད་པ་འདྲའོ། །གནོད་པ་ཅན་གྱི་དོན་ནི། སྐལ་ལྡན་ཆེད་དུ་བྱ་བའི་གདུལ་བྱ་རང་ཡང་མ་ཡིན་མདོ་སྔགས་ཅི་རིགས་པ་འགྲུབ་ནུས་པའི་ལས་ཤུགས་ཆེན་པོ་ཡོད་པ་རྣམས་ལའང་དར་བས་ནུས་པའི་སྒོ་ནས་སེམས་ཅན་ལ་གནོད་པ་དང༌།
ཡུལ་དང་དུས་མ་ཡིན་པར་མངོན་སྤྱོད་བྱས་པས། སྒྲུབ་པོ་རང་ལའང་སྡིག་པ་འབྱུང་བའི་དོན་ཡིན། དུས་ཀྱི་སྟོབས་ཀྱིས་དེ་འདྲའང་མང་དུ་བྱུང་ཞེས་པ་ཙམ་ཡིན་གྱི། སྐབས་དེར་ཡང་སྐལ་ལྡན་དངོས་གྲུབ་ཐོབ་པའང་མང་དུ་བྱུང་ཞིང༌། སེམས་ཅན་གྱི་དོན་རྒྱ་ཆེར་མ་བྱས་པ་ནི་མ་ཡིན་ནོ། །དེ་དག་ཀྱང་མཐའ་ཡས་པ་ཞིག་ཡོད་མོད་ཀྱི། གཏམ་རྒྱུད་དཔེ་ཙམ་མཚོན་པ་ནི། རྒྱལ་པོ་ཟླ་བ་སྦས་པའི་དུས་སུ། ཡུལ་ཨོ་ཌི་བི་ཤར་ཚོང་དཔོན་གྱི་བུ་རབ་ཏུ་བྱུང་བ་སྣ་ཚོགས་འབྱུང་གནས་ཞེས་བྱ་བ་ཞིགསྡེ་སྣོད་གསུམ་ལ་བྱང་བར་བསླབས་ནས། ནགས་ཁྲོད་ཀྱི་ཕུག་པ་ཞིག་ན་བསྒོམ་ཞིང་འདུག་གོ །དེས་མཚན་ཅིག་ཕུག་པའི་ཕྱིར་ཕྱིན་པས་རྡོ་ལེབ་ཅིག་གི་སྟེང་ན་འོད་ཆེར་འཕྲོ་བ་ཞིག་འདུག་གོ །དེ་མངོན་རྟགས་སུ་བཟུང་སྟེ་ནངས་པར་བལྟས་པས། ཤིང་བེ་ཀང་ཀང་ཞེས་བྱ་བ་ལས་བྱས་པའི་རལ་གྲི་ཞིག་འདུག་སྟེ། དེ་ལ་མ་རེག་པ་ཞག་རེ་བཞིན་ལྟ་བར་སོང་ན་དབྱར་གྱི་དུས་སུ་དེ་ལས་སྤྲིན་ཆད་དེ། ཨོ་ཌི་བི་ཤིའི་ཡུལ་དུ་ཆར་ཆེན་པོ་འབབ་པ་ཡང་ཡང་མཐོང་ནས་ཤིན་ཏུ་ངོ་མཚར་སྐྱེས་པ་ལ། རྨི་ལམ་དུ་འདི་ནི་རི་བོ་འདི་ལ་གནས་པའི་རིག་སྔགས་འཆང་བ་ཞིག་གི་རྩེད་མོ་ཡིན་ནོ། །ཟེར་བས། རིག་སྔགས་མཁན་དེ་བལྟ་འདོད་པར་གྱུར་ཏེ། རི་ནགས་དེ་ཐམས་ཅད་བསྐོར་ཞིང་ཡུན་རིང་དུ་གསོལ་བ་བཏབ་པས། ལན་ཅིག་བྲག་དེའུ་ཅིག་གི་ངོས་མེ་ལོང་ལྟར་མཉམ་ཞིང་མཁྲེགས་པ་ཅིག་ལས་སྒོ་ཕྱེ་སྟེ། དེར་ཞུགས་པས་རིག་པ་འཛིན་པ་གཅིག་བཞུགས་འདུག་པ་ལ་ཕྱག་བྱས། དེའི་མཚན་ནི། ཨ་ནན་ཏ་བྷཱ་ཏེ་འོད་མཐའ་ཡས་ཟེར་གསུང༌། དཔེ་ལ་ལ་ན་ཨ་ནན་ཏ་བྷཀྟྲ་ཟེར་བའང་ཡོད། དེ་ལ་གསོལ་བ་བཏབ་པས། དེས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་
སྤྲུལ་ནས་དབང་བསྐུར། ཕྱག་མཚན་རྡོ་རྗེ་ཞིག་གཏད། སྣ་ཚོགས་འབྱུང་གནས་ཀྱིས་ཀྱང་དེ་ཐོགས་ནས་ཟླ་བ་དྲུག་བསྒོམས་པས། རྡོ་རྗེ་ལས་འོད་འབར་བ་ལུས་ལ་ཕོག་པས་འཇའ་ལུས་སུ་གྱུར། ཕྱི་རབས་ཀྱི་སེམས་ཅན་གྱི་དོན་དུ་དེའི་ཞབས་རྗེས་ཡོད། དེ་དག་དང་དུས་མཚུངས་རུང་ལ། འཕྲེང་རྒྱུད་མཁན་གཅིག་གིས་ཀྱང་གཤིན་རྗེ་གཤེད་ཀྱི་རིགས་སྔགས་ལ་བཟླས་བསྒོམ་ལ་བརྩོན་པས། མེ་ཏོག་འཕྲེང་རྒྱུད་འཕྱོ་བཞིན་དུ་འཕྲེང་རྒྱུད་སྤྲུགས་པས། ས་གཡོས་ཤིང་འཕྲེང་རྒྱུད་ཀྱི་རྗེས་རྡོ་ལ་གསལ་བར་བྱུང༌། བླ་དྭགས་ཀྱི་མིང་འཕྲེང་བ་མཆོག་ཅེས་བྱ། ཡུལ་བྷུ་ཤ་ནའི་རི་ལ་སྐུ་ལུས་མ་སྤངས་པ་ད་ལྟ་བཞུགས་ཟེར་བས་མཚོན་ཏེ། དངོས་གྲུབ་ཐོབ་པའང་ཆེས་མང་ངོ༌། །གནོད་པ་ཅན་གྱི་གཏམ་ཡང༌། ཡུལ་གཽ་རིའི་རྒྱལ་པོ་སྙིང་པོ་ཐིག་ལེའི་བློན་པོ་བྲམ་ཟེ་ཙ་ན་ཀ་ལྟ་བུ་ཡིན། དེའི་གཤིན་རྗེ་གཤེད་ཀྱི་ཞལ་མཐོང༌། མངོན་སྤྱོད་ཀྱི་ལས་ཀྱིས་མི་སུམ་སྟོང་ཙམ་ནི་བསད། སྟོང་ཕྲག་བཅུ་ཙམ་སྨྱོ་བར་བྱས། དབྱེ་བ། བསྐྲད་པ། རེངས་པ། དབང་པོ་ཉམས་པ་སོགས་ཀྱི་གནོད་པའང་ཆེས་མང༌། ཕྱོགས་ཀྱི་རྒྱལ་པོའི་སྲིད་བཅུ་དྲུག་ཙམ་སྟོངས་པར་བྱས། དེའི་སྡིག་པས་དམྱལ་བར་སྐྱེས་སོ། །འདི་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན། མ་འོངས་པ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོར་འགྱུར་བར་བཤད་དོ། །འདིའི་གཏམ་རྒྱུད་མཐའ་དག་མ་ཐོས་ཀྱང༌། དཔེར་མཚོན་པ་ལ། ཡུལ་ཌི་ལིར་ཀླ་ཀློའི་རིགས་ཀྱི་རྒྱལ་པོ། ཧ་ཚར་ཨ་ལ་ཞེས་བྱ་བ་ཡོད་དོ། །གྲོང་ཁྱེར་བཅོམ་རླག་མན་ཆད་རྒྱལ་པོ་སྙིང་པོ་ཐིག་ལེའི་ཡུལ་ཡིན། རྒྱལ་པོ་དེ་གཉིས་འཐབས་ཏེ་གཡུལ་བཤམས་པའི་སྐབས་སུ། བྲམ་ཟེ་དེའི་སྔགས་ཀྱིས་བཏབ་པའི་བྱ་ཐི་བ་ཞིག་ནམ་མཁའ་ལ་ཕུར་ཏེ་བཏང་བས། ཌི་ལིའི་དམག་མི་རྣམས་ཀྱིས་
མགོ་ལ་རེག་པ་ཙམ་དུ་འཕུར་ཞིང༌། གཤོག་པའི་རླུང་གི་སྒྲ་འབྲུག་སྒྲ་ཙམ་བྱུང༌། དམག་མི་ཐམས་ཅད་ཀྱིས་ནམ་མཁའ་ལ་བལྟས་སོ། །བྱ་དེ་ཐག་རིང་པོར་མི་སྣང་བར་སོང་བ། དམག་མི་ཕལ་པ་རྣམས་རྣལ་མར་འདུག་ཀྱང༌། རྒྱལ་པོ་དང་དཔའ་བོའི་རིགས་ལྔ་བརྒྱ་ཙམ་མིག་ནམ་མཁའ་ལ་བལྟ་ཚུལ་གྱིས་དྲན་མེད་དུ་བརྒྱལ་ཞིང་མྱོས། དེ་ཀ་ལ་ལུས་པས་སྙིང་པོ་ཐིག་ལེའི་དམག་གིས་ཌི་ལིའི་ཡུལ་མཐའ་དག་བླངས་སོ། །ཡང་ཡུལ་སི་རོ་ཊིའི་རྒྱལ་པོ་ཧ་ཧ་རཱ་ཛ་དང༌། སྙིང་པོ་ཐིག་ལེ་རྩོད་པར་གྱུར་པའི་སྐབས་ཤིག་ཡུལ་དེར་དུས་སྟོན་ཆེན་པོ་ཞིག་བྱུང༌། བྲམ་ཟེ་ཙ་ན་ཀ་སློང་མོ་བར་བརྫུས་ཏེ་བལྟ་བར་སོང་ངོ༌། །ལམ་དུ་བུད་མེད་རྒན་མོ་ཞིག་དང་འཕྲད་པ། དེ་ཡང་སྔགས་འཆང་མ་ཡིན་པར་ཤེས་ནས། བདག་ཅག་ལས་ཚོགས་སྒྲུབ་པའི་གྲོགས་ཀྱིས་ཤིག་བྱས་ནས། དེ་དང་སྡེབས་ཏེ་སོང་སོང་བ་ལས། མཐར་དུས་སྟོན་བྱེད་ས་ན། ཤིང་ཀརྐོ་ཊིའི་འབྲས་བུ་ཕུང་པོ་ཤིན་ཏུ་ཆེ་བར་འདུག་ནས། མི་རྣམས་ཀྱིས་མ་ཚོར་བར། དེ་ལ་བྲམ་ཟེས་སྔགས་ཀྱིས་བཏབ་སྟེ་བཞགམཁའ་འགྲོ་མས་ཀྱང་ལྟ་སྟངས་ཀྱིས་མནན་ནོ། །དེ་ནས་དགའ་སྟོན་གྱི་སྐབས། ཤིང་ཐོག་རྒྱལ་པོ་དང་བློན་པོ་དང་གཙོ་བོ་ཐམས་ཅད་ལ་དྲངས། རང་རང་སོ་སོས་དེ་ནས་ཟོས་སོ། །ཐམས་ཅད་ཀྱི་ཐ་མ་ཕྱག་ཚང་བ་དེས་ཟ་བར་བསམས་ཏེ། ཆུ་གྲིས་ཤིང་ཐོག་ཕྱེད་མར་གཏུབས་པས། རྒྱལ་པོ་འཁོར་བཅས་སུམ་བརྒྱ་ཙམ་གྱི་མགྲིན་པ་དུས་གཅིག་ཏུ་ཆད་དེ་མགོ་ས་ལ་ལྷུང་ངོ༌། །དེ་ནས་ཡུལ་དེ་ཡང་སྙིང་པོ་ཐིག་ལེས་བླངས་སོ། །ཞེས་གྲག་གོ །དེ་དག་ནི་མཚོན་པ་སྟེ། གཞན་རྣམས་ཀྱང་དེ་འདྲའི་རིགས་སོ། །ཡང་དེ་དག་གི་རྗེས་སུ། ཡུལ་མ་ལ་བར་བྲམ་ཟེ་ལེགས་པར་གྲུབ་བྱེད་ཅེས་བྱ་བ་བྱུང༌། དེས་སློབ་དཔོན་
སྔགས་མཁན་ཞིག་ལ་གཤིན་རྗེ་གཤེད་ཞུས་ཏེ་བསྒོམས་པས། རིག་སྔགས་འགྲུབ་ནས་ལས་ཕྲ་མོ་རྣམས་ཐོགས་པ་མེད་དོ། །འོན་ཀྱང་ལས་སྣ་ཚོགས་ཀྱིས་ཡིད་འབྱུང་སྟེ། ཡུལ་མ་རུའི་སོ་མཚམས་གྲོང་ཁྱེར་ཀཀྵ་ན་ཞེས་བྱ་བ་དང་ཉེ་བའི་བྲག་ཕུག་གཅིག་ཏུ་གནས་བཅས་ནས། སྐྱེ་བོ་མང་པོ་ལ་རིག་སྔགས་ཀྱི་མཐུས་ཕན་འདོགས་ཤིང་བསྡད་པས། གྲོང་ཁྱེར་བ་དེ་དག་སྔར་མུ་སྟེགས་བྱེད་ཁོ་ན་ལ་དད་པ་ལས། སྐབས་དེར་ཕལ་ཆེར་ནང་པ་ལ་དད་པར་གྱུར་ཏོ། །དེའི་རྒྱལ་པོ་རྒྱལ་ཕྲན་ཅིག་ཡོད་པས་ཀྱང༌། ཡང་ཡང་བལྟ་བར་འོངས་པ་ལས། དེ་དང་མི་རིང་བའི་ཕྱོགས་ཤིག་ན། རྡོ་ལེབ་ཆེན་པོ་འདོམ་གང་ཙམ་དུ་འཐུག་པ་དཀྱུས་ཞེང་དུ་འདོམ་བཅོ་ལྔ་ཙམ་པ་ཞིག་ཡོད་པ། གནོད་སྦྱིན་སྟོབས་པོ་ཆེ་ཞིག་ལ་བཀའ་བསྒོས་ཏེ། དེས་བླངས་ནས་རང་ཉིད་སྡོད་སའི་ཕུག་པའི་སྒོ་འགེབས་བྱེད་བྱས་སོ། །རྒྱལ་པོ་དེས་ཉི་མ་སྔ་མ་ཅིག་འོངས་དུས། དེ་མེད་པ་ལས་དེའི་ཕྱི་ཉིན་འོངས་པས། དེ་ལྟར་འདུག་པ་མཐོང་སྟེ་ཡ་མཚན་སྐྱེས་ནས་སློབ་དཔོན་དེ་བླ་མར་བཀུར་རོ། །དེ་ནས་རྒྱལ་པོ་དེ་ཡང་སྟོབས་དང་ལྡན་པར་གྱུར་ནས། སཽ་རཥྟ་སོགས་ཡུལ་མང་པོ་ལ་དབང་བྱེད་པ་ཞིག་བྱུང་ངོ༌། །དེར་མུ་སྟེགས་ཀྱི་སློབ་དཔོན་སཽ་མ་ཨཱ་ཙརྱ་ལ་སོགས་པ་རྣམས་ཕྲག་དོག་ཏུ་གྱུར་ནས་གྲོས་བྱས། ཡུལ་ཕྱོགས་འདི་ཀུན་ཏུ་སངས་རྒྱས་པ་དར་བ་ནི། བྲམ་ཟེ་འདི་ལ་ཐུག་ན་འདི་བསད་པར་ནུས་པ་སུ་ཡོད་བྱས་པ་ལ། ཁས་ལེན་པ་སུ་ཡང་མེད་དེ། དེ་ནི་རིག་སྔགས་གྲུབ་པ་ཡིན་པས། མེ་ཆུ་མཚོན་དུག་སོགས་གང་གིས་ཀྱང་མི་ཚུགས་པས་སོ་ཞེས་ཟློག་གོ །དེ་ནས་ཕྱི་ཞིག་ན་མུ་སྟེགས་པའི་དབུལ་པོ་ལུས་ཆུང་ཞིང་གོས་ཧྲུལ་བ་ཉམས་ཆུང་ཆུང་འདྲ་བ་གཉིས་ཞིག་གིས་ཁས་བླངས་ཏེ། དེ་གཉིས་ལའང་མུ་སྟེགས་དེ་རྣམས་ཀྱིས་གསེར་འབུམ་རྔན་པར་སྟེར་
བར་ཁས་བླངས་སོ། །དེ་ནས་དེ་གཉིས་བྲམ་ཟེ་ལེགས་གྲུབ་ཀྱི་སར་སོང་ནས་གཡོག་བྱེད་ཅིང་ཡོད་པ་ལས། ཇི་ཞིག་ན་བྲམ་ཟེས་དེ་གཉིས་ཀྱི་བསམ་པ་ཤེས་ཀྱང་ཅི་ཡང་མི་གནོད་དོ་བསམ་པས་ཅི་དགར་བཞག་གོ །དེ་ཡང་སྔོན་བྲམ་ཟེའི་བླ་མ་སྔགས་མཁན་དེས། ཁྲུས་ལ་འགྲོ་བ་ན་མི་སྐྲའི་ཚངས་སྐུད་སྒོ་གོང་དུ་བཏགས་ཏེ་བཞག་པ། བྲམ་ཟེ་ལེགས་གྲུབ་ཀྱི་མགོ་ལ་ཐོགས་པས་ཁྲོས་ཏེ་བཅད་ནས་བོར། དེ་ལ་བླ་མ་དེ་བག་ཙམ་མ་མཉེས་པའི་དམོད་པ་ཡོད་པས། གཡོག་དེ་གཉིས་ཀྱིས་ཀྱང་འཚང་དེ་རིག་སྟེ་སྐབས་འཚོལ་ཞིང་ཡོད་དོ། །སྐབས་དེར་བྲམ་ཟེ་ལེགས་གྲུབ་ཀྱིས་གཡོག་གཉིས་པོ་ཡུལ་སཽ་རཥྟར་བརྫངས་ཏེ། སཽ་མ་ཨཱ་ཙརྱའི་གནས་སུ་བུར་ཤིང་གི་ལྕུག་མ་ཁུར་པོ་འདི་སྐྱོལ་ཞིག་བྱས། དེས་ཀྱང་དེ་བཞིན་དུ་བྱས་པས། མུ་སྟེགས་ཀྱི་གནས་གཞི་དེ་ཐམས་ཅད་ཞིག་སྟེ། སཽ་མ་ཨཱ་ཙརྱ་འཁོར་བཅས་ཤིའོ། །ཡང་དེ་གཉིས་ལོག་སྟེ་འོངས། ཡང་ལན་ཅིག་བྲམ་ཟེ་ལེགས་གྲུབ་སྔགས་ཀྱི་ཚངས་སྐུད་དེ་བཞག་ནས་བག་མེད་པར་ཁྲུས་བྱེད་པ་ལ། གཡོག་པོ་གཉིས་ཀྱིས་ཚངས་སྐུད་བླངས་ཏེ་རལ་གྲི་ལ་དཀྲིས་ནས་བྲམ་ཟེའི་སྐེ་བཅད་པས་ཆོད་དོ། །ད་ནི་དེ་བསད་ཟིན་སྙམ་ནས་མགོ་ཁྱེར་ཏེ། དེ་གཉིས་བྲོས་ནས་སཽ་རཥྟར་སོང༌། ཤིང་གི་རྩེ་མོ་ལ་མགོ་བཏགས་ཏེ་ཕྱར་ནས། མུ་སྟེགས་བྱེད་ཀྱི་གནས་ལྷག་མ་རྣམས་སུ་ཕྱིན། བྲམ་ཟེ་ལེགས་གྲུབ་བསད་ཟིན་གྱི་ད་གསེར་དང་དབྱིག་རྣམས་ལོངས་ཤིག་ཅེས་སྐད་བཏང་བས། དེར་མུ་སྟེགས་རྣམས་འདུས་ཏེ། དགའ་དགའ་ལྟར་ངོ་མཚར་ཆེ་བར་བྱེད་པ་ལ་བྲམ་ཟེ་ལེགས་གྲུབ་ནི་སྔགས་གྲུབ་པས་མ་ཤི་སྟེ་བསམས་པ། ད་ནི་སློབ་དཔོན་གྱི་དམོད་པ་བྱུང་ཟིན་པས། ལས་དེ་དག་གོ་སྙམ་དགའ་བ་དང་བཅས་ཏེ། མགོ་བོ་མེད་པའི་ལུས་ཀྱིས་མུ་སྟེགས་ཀྱི་ཕོ་ཉ་གཉིས་ཀྱི་རྗེས་ལ་
ཀ་སོང་ནས། ཡུལ་སཽ་རཥྟར་ཕྱིན་པས། མུ་སྟེགས་ཅན་རྣམས་དང་སྐྱེ་བོ་མང་པོ་ལྟད་མོ་དགའ་སྟོན་ལ་འཚོགས་པའི་ས་དེར་གར་བྱེད་ཅིང་འོངས། དེ་མཐོང་བ་ཙམ་གྱིས་སྔར་གྱི་གཡོག་པོ་གཉིས་དང༌། མུ་སྟེགས་ཅན་ལྔ་བརྒྱ་ཙམ་ཁྲག་སྐྱུགས་ཏེ་ཤི མུ་སྟེགས་པའི་དགེ་བསྙེན་རྣམས་ཀྱི་གྲོང་ཁྱེར་ཡང་མེས་ཚིག་གོ །དེ་ནས་བྲམ་ཟེ་ལེགས་གྲུབ་ཀྱིས་རང་གི་མགོ་བླངས་ཏེ་སྔར་ཤུལ་དུ་བསླན་པས་འགྲིག་གོ །དེ་ནས་སྔར་གྱི་གནས་སུ་ལོག་འོངས་ཏེ། གཤིན་རྗེ་གཤེད་ཀྱི་ཆོ་ག་སྟོང་བརྒྱད་བརྒྱ་པ་ཡི་གེ་བྲིས་ཤིང༌། སློབ་མ་གསུམ་ལ་ཅུང་ཟད་བཤད་ནས། གླེེགས་བམ་བྲག་ལ་སྦས་ཏེ་བཞགམི་རིང་བར་ཕུག་དེ་ཉིད་དུ་མི་སྣང་པར་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་མ་ཐོབ། ཐུན་མོང་གི་རིག་འཛིན་ཡིན་ཟེར། གནས་དེ་ནི་གྷོ་ར་ཛྭ་ལ་སྟེ། དྲག་པོ་འབར་བ་ཞེས་པ་དུར་ཁྲོད་ཤིན་ཏུ་བཀའ་གཉན་པ་ཞིག་ད་ལྟ་ཡང་ཡོད་དེ། ཀླ་ཀློ་རྣམས་ཀྱིས་འགྲོ་མི་ནུས་གསུང་ངོ༌། །ཡང་དམངས་རིགས་ཀྱི་སློབ་དཔོན་ཀ་མ་ལ་ཀ་ར་ཞེས་བྱ་བ་གཅིག་གིས། སློབ་དཔོན་ཛཱ་ལ་ཧ་རི་ཞེས་བྱ་བ་དགེ་སློང་སྔགས་མཁན་ཞིག་མཉེས་པར་བྱས་ཏེ། གཤིན་རྗེ་གཤེད་ཞུས་ནས་བསྒོམས་པས། ལོ་འགའ་ཞིག་སོང་བ་ན། སྔགས་འགྲུབ་ཅིང་ཞལ་ཡང་མཐོང༌། ནུབ་ཕྱོགས་ཀྱི་ཡུལ་བྷཱ་ར་པཱ་ཊ་ན་ཞེས་པ་གྲོང་སྡེ་བཅུ་གཉིས་ཡོད་པ་ཞིག་ན། བསོད་སྙོམས་རྒྱུ་ཞིང་ནགས་ན་གནས་པར་བྱེད་དོ། །ཡུལ་དེ་དང་པོ་དད་ཅན་མང་པོ་ཡོད་པ་ཡིན་ཡང༌། བར་དེར་བྲམ་ཟེ་དང་ཀླ་ཀློའི་བཙུན་པ་དག་གིས་སུ་ཐོབ་ཀྱི་ཚུལ་གྱིས་འོངས་ནས། ཡུལ་ཐམས་ཅད་ལྟ་བ་ལོག་པར་བསྒྱུར། དེར་ཀ་མ་ལ་ཀ་རས་མི་མ་ཡིན་མཐུ་ཆེན་མོ་མང་པོ་རིག་མར་བསྒྲུབས་ནས་ཡོད་པ། མིའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ་དེ་དག་དང་ལྷན་ཅིག་གྲོང་ཁྱེར་དུ་ཕྱིན་པའི་
གྲོང་ཁྱེར་གྱི་མི་རྣམས་འཚོགས་ཏེ། སངས་རྒྱས་པ་འདི་ཀུན་ལ་བདེན་པ་ཅུང་ཟད་ཀྱང་མེད། འདི་སྔོན་ཚངས་པར་སྤྱོད་པ་ཡིན་པར་བརྫུ་བ། ད་བུད་མེད་དང་ལྷན་ཅིག་གྲོང་དུ་རྒྱུའམ་ཞེས་ཐམས་ཅད་ཀྱིས་ཐལ་བརྡབས་བྱས། ཀ་མ་ལ་ཀ་ར་ཁྲོས་ཏེ། ལྷུང་བཟེད་ས་ལ་བརྡབས་པས་ས་གཡོས་མི་བཟད་པ་བྱུང༌། གྲོང་སྡེ་བཅུ་གཉིས་ཀྱི་མི་ཕྱུགས་ཁང་ཁྱིམ་བྱུང་བའི་ཤུལ་ཙམ་ཡང་མེད་པར་ས་འོག་ཏུ་སོང༌། དེར་གནོད་པ་ཧ་ཅང་ཆེས་པའི་སྡིག་པས། སློབ་དཔོན་དེས་དངོས་གྲུབ་ནི་མ་ཐོབ། ལོ་སུམ་བརྒྱར་འཚོ་ཞིང༌། ཕན་གནོད་ཀྱི་ནུས་པ་གང་ལའང་ཐོགས་རྡུགས་མེད། ཡུལ་ས་ཀར་དང༌། བྷ་ཀར་གཉིས་ཀྱི་རི་ལ་གནས་ཤིང༌། ལོངས་སྤྱོད་ལྷ་དང་མཉམ་པ་བྱུང༌། གཤིན་རྗེ་གཤེད་མཁན་པོ་ཚེ་རིང་བའི་གྲགས་པ་ཡང་དེ་ནས་བྱུང་སྐད། གཏམ་རྒྱུད་མཚོན་པ་ཙམ་མོ། །དེ་དག་ནི་སྤྱིར་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་བྱུང་ཚུལ་དང། རིག་སྔགས་འགྲུབ་ཚུལ་ཙམ་ཡིན་གྱི། དམར་ནག་འཇིགས་ གསུམ་གྱི་རྒྱུད ་རྣམས་དེ་སྐབས་མི་ཡུལ་ན་སྤྱོད་པ་ཆེར་མེད་སྐད་དོ། །རྒྱུད་སྡེའང་གསང་སྔགས་ཕྱི་རྒྱུད་ལ་བརྟེན་པ་ཁོ་ན་ཡིན་ཞེས་གྲགས་མོད། མཐའ་གཅིག་ཏུ་མ་ངེས་ཏེ། བླ་མེད་ཀྱི་ཚུལ་ལ་བརྟེན་པའང་མང་དུ་ཡོད་པར་མངོན་ནོ། །དེ་རྗེས་བར་སྐབས་ཅིག་ལོ་བརྒྱ་ཙམ་ཁྲོ་བོ་གཤིན་རྗེ་གཤེད་པོའི་རིག་སྔགས་གྲུབ་པ་ཉུང་བའི་སྐབས་ཤིག་བྱུང་ངོ༌། །དུས་བཞི་པ་ངེས་པ་ལ་སྤྱོད་པ་ནི། དེ་ནས་སློབ་དཔོན་ཆེན་པོ་དཔལ་ཆོས་ཀྱི་གྲགས་པའི་སྐུ་ཚེའི་སྟོད་ཙམ་གྱི་དུས་ཤིག་ན། སློབ་དཔོན་ལ་ལི་ཏ་བཛྲ་བྱུང་ངོ༌། །སློབ་དཔོན་དེ་འཁྲུངས་པའི་ཡུལ་ནི་ཨོ་ཌི་བི་ཤ་ཡིན། བོད་པ་རྣམས་རིགས་བྲམ་ཟེ་ཡིན་ཞེས་འཆད། དཔལ་
ན་ལན་དར་སོང་ནས་རིག་པའི་གནས་ལྔ་ལ་མཁས་པར་བྱས། སྔགས་ཀྱི་ཐེག་པ་ཡང་མང་དུ་ཐོས། སློབ་དཔོན་སྔགས་མཁན་ཞིག་ལ། དཔལ་སྒྱུ་འཕྲུལ་དྲྭ་བའི་དབང་ཞུས། མེ་ཏོག་འཇམ་དཔལ་ལ་ཕོག་པས་འཇམ་དཔལ་ཉིད་ལྷག་པའི་ལྷར་བསྒྲུབས་པ་ཡིན། གསང་མཚན་ལ་ལི་ཏ་བཛྲ་ཡིན་མཚན་དངོས་འཇམ་དཔལ་མཚོན་ཆ་ཞེས་བྱ། དེས་འཕགས་པ་འཇམ་དཔལ་བསྒྲུབས་པས། ལོ་ཉི་ཤུ་ཙམ་ན་ཞལ་གཟིགས་ཤིང༌། ཐུན་མོང་གི་དངོས་གྲུབ་འགའ་རེ་ཐོབ་བོ། །སྐབས་འདིར་བོད་ཀྱི་བླ་མ་རྣམས་གསུངས་པ་ལྟར་ན། སློབ་དཔོན་འདིས་པཎྜི་ཏ་སྔགས་མཁན་རྣམས་ལ། འཇམ་དཔལ་མཚན་བརྗོད་ལས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་གསུངས་པ་འདི་རྣམས་ཀྱི་ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་ལ་སོགས་པ་གང་ཡིན་ཞེས་དྲིས་ཀྱང༌། འཇམ་དཔལ་གྱི་སྐུའི་རྣམ་འགྱུར་སྣ་ཚོགས་པ་སྟོན་ཏེ་དེའི་ནང་ཚན་རེ་ཡིན་གསུང་པ་ཙམ་ལས། འཛུག་བཙུགས་སུ་སྟོན་རྒྱུ་མ་བྱུང༌། ཁོང་རང་གི་བླ་མའམ། པཎྜི་ཏ་བགྲེས་པོ་ཞིག་ལ་ཞུས་པས། དཔའ་བོ་མཁའ་འགྲོའི་ཕྱག་ན་འདི་དག་ལའང་རྒྱུད་རེ་རེ་ཡོད་པར་འདུག་སྟེ། ད་ལྟ་མི་ཡུལ་ན་མེད་པས། དེའི་དོན་དུ་འཕགས་པ་འཇམ་དཔལ་སྒྲུབས་ཤིག་གསུངས་ནས་བསྒྲུབ་པ་ཡིན་ཟེར་རོ། །དེ་ནས་སློབ་དཔོན་གྱིས་བསྐྱེད་རིམ་བརྟན་ཅིང་ནུས་པ་ཅུང་ཟད་ཐོབ་པ་དང༌། དཔལ་ཨོ་རྒྱན་གྱི་ཡུལ་ནས་དྲེགས་པ་འདུལ་བའི་རྒྱུད་སྤྱན་དྲོངས་ཤིག་པའི་ལུང་བསྟན་ཡང་ཐོབ་ནས། རིམ་གྱིས་བྱང་ཕྱོགས་སུ་བཞུད་ནས། ཨོ་རྒྱན་དང་ཉེ་བའི་གནས་ཀུན་ཏུ་མུ་སྟེགས་རྣམས་དང་ནུས་པ་འགྲན་པ་ལས། གཞན་ཐམས་ཅད་ལས་རྒྱལ་བར་གྱུར་ཀྱང་ལན་ཅིག་མུ་སྟེགས་པའི་རྣལ་འབྱོར་མ་ཞིག་གིས་ལྟ་
སྟངས་བྱས་པས། སློབ་དཔོན་ཡུག་ཅིག་དྲན་མེད་དུ་བོགདེ་སངས་ཙ་ན། རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་གསོལ་བ་དྲག་ཏུ་བཏབ་པས། བཅོམ་ལྡན་འདས་མ་རྡོ་རྗེ་རོ་ལངས་མ་མིའི་བུད་མེད་ཀྱི་རྣམ་པར་མངོན་སུམ་དུ་བྱོན་ཏེ་གཤིན་རྗེ་གཤེད་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། སློབ་དཔོན་གྱི་ རྒྱུད་ལ་ཕྱིན་ཅི་མ་ལོག་པའི་དབང་གི་ཡེ་ཤེས་སྐྱེས། གནད་དེར་ཟླ་བ་ཕྱེད་དང་གསུམ ་བསྒོམས་པས། བསྐྱེད་རྫོགས་ཀྱི་ཡེ་ཤེས་བརྟན་ཅིང་དྲོད་ཐོབ་ནས། ནགས་ཀྱི་མ་ཧེ་གདུག་པ་ཅན་བཀུག་སྟེ། དེ་ལ་ཕྱིབས་ཏེ་ཟླ་བ་དྲུག་ཏུ་སྨྱོན་པའི་སྤྱོད་པ་མཛད། དེ་རྗེས་ཛ་ལ་པ་ཊ་ན་དང༌། ཏ་ལ་པ་ཊ་ན་ལ་སོགས་པའི་གྲོང་ཁྱེར་རྣམས་སུ་རྒྱུ་ཞིང༌། བཞི་མདོར་བཞུགས་ཏེ་ཆང་འཚོང་མ་རྣམས་ཀྱི་ཆང་ཐམས་ཅད་དུས་གཅིག་ཏུ་བཀུག་སྟེ་གསོལ་བ་དང༌། ཡང་དེའི་ཕྱི་ཉིན་ཆང་འཚོང་མ་རྣམས་ཀྱི་ཆང་གི་སྣོད་དག་གསེར་དངུལ་དང༌། རིན་པོ་ཆེ་དང༌། གཞན་ཡང་རྫས་སྣ་ཚོགས་ཀྱིས་གང་བས་ཚིམས་པར་མཛད། ཡང་ལན་ཅིག་གྲོང་ཁྱེར་གྱི་མི་ཕྱུགས་རྣམས་ལ་ཁྲག་འགུག་པའི་ཏིང་ངེ་འཛིན་མཛད་པས། སློབ་དཔོན་གྱི་མདུན་དུ་སྣོད་ཆེན་པོ་ཁྲག་གིས་ཁེངས། རྡོ་རྗེ་ཙར་ཙི་ཀཱས་ཞལ་མངོན་སུམ་དུ་བསྟན། དེ་གསོལ་བས་སྟོབས་དཔག་ཏུ་མེད་པར་གྱུར་ཏེ། གླང་པོ་ཆེ་ནི་སོར་མོ་གཅིག་གིས་མནན། ཤལ་མ་ལིའི་སྡོང་པོ་ཆེན་པོ་ཡང་ཕྱག་གཅིག་གིས་ས་ནས་བཏོན། གྲོང་ཁྱེར་གྱི་མི་ཕྱུགས་ཐམས་ཅད་ཤིན་ཏུ་རིད་པར་གྱུར་ཏོ། །ཐམས་ཅད་འཇིགས་ཤིང་སྐྲག་པ་ན། དེའི་ནངས་པར་སྔར་བཀུག་པ་རྣམས་སླར་ཕར་སྤོས་པས། མི་ཕྱུགས་ཐམས་ཅད་ཉམས་སྟོབས་དང་ལྡན་པར་སོང༌། རྡོ་རྗེ་ཙར་ཙི་ཀཱའི་སྒྲུབ་ཐབས་ཞིག་ཀྱང་མཛད་དོ། །དེ་དག་ལ་སོགས་པ་རིག་པའི་བརྟུལ་ཞུགས་ཀྱི་འགྲོ་དོན་ཅུང་ཟད་མཛད་ནས། དཔལ་
ཨོ་རྒྱན་གྱི་གནས་དྷརྨ་གཉྫ་ཆོས་ཀྱི་མཛོད་དུ་བྱོན། རྡོ་རྗེ་མཁའ་འགྲོ་མ་རྣམས་དང་བཀའ་བགྲོས་ཏེ། དགྲ་གདོང་འཇིགས་ གསུམ་གྱི་རྒྱུད ་སྤྱན་དྲངས་སོ། །ཡང་རྒྱ་གར་གྱི་ལོ་རྒྱུས་ཅིག་ལ། སྨྱོན་པའི་སྤྱོད་པ་མཛད་པ་ཡན་ཆད་ཡུལ་ཛ་རི་ཁཎྜར་ཡིན་ལ། དེ་ནས་རྒྱུད་སྤྱན་འདྲེན་པའི་ལུང་བསྟན་བྱུང་སྟེ། ཨོ་རྒྱན་དུ་བཞུད་ཅེས་ཀྱང་འཆད་ལ། བོད་ཀྱི་བླ་མ་གོང་མ་རྣམས་ནི། ལ་ལི་ཏས་ཨོ་རྒྱན་གྱི་ས་མཐར་ཕེབས་ཙ་ན། ཞབས་ལ་སིནྡྷུ་རས་བྱུགས་ནས་ཡོད་པ་ལ། འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཀྱིས། ངེད་ཀྱི་མགོ་རྒྱན་ཁྱེད་ཀྱི་རྐང་པ་ལ་བྱུག་པ་ཟེར་ནས། སྡིགས་མཛུབ་བྱས་པས། སློབ་དཔོན་དྲན་མེད་དུ་སོང༌། དེ་སངས་ཙ་ན་སྐྱབས་གཞན་མེད་མགོན་གཞན་མེད་དགོངས་ནས་རྡོ་རྗེ་རོ་ལངས་མ་ལ་གསོལ་བ་བཏབ་ཟེར་བ་དང༌། རྒྱུད་སྤྱན་འདྲེན་པ་ན་མཁའ་འགྲོ་མ་རྣམས་ན་རེ། ཞག་བདུན་དུ་བློ་ལ་གང་ཟིན་པ་ཁྱེར་ཟེར་བས། ཞག་བདུན་དུ་བཟུང་བས་མི་ཕན་སྙམ་སྟེ། ལྷ་ལ་གསོལ་བ་བཏབ་པས། ཞག་བདུན་པའི་ཐོ་རངས་ནག་འཇིགས་སྐོར་ གསུམ་གྱི་རྒྱུད ་ཐུགས་ལ་ལྷངས་ཏེ་ཤར། སྐེ་ཚང་ནས་གླེགས་བམ་བླངས་ཏེ་བལྟས་པས་ཀྱང་མ་ནོར་བར་འདུག་ཅེས་འཆད། དེ་ལྟ་ན་ཡང་གོང་དཀྱུས་སུ་བྲིས་པ་ནི། འཕགས་ཡུལ་རང་དུ་གྲགས་པ་ལྟར་ཡིན་ཞིང༌། ལོ་རྒྱུས་ཀྱི་ཡི་གེར་ཡང་བཀཽད་པ་ཡིན་པས་འཁྲུལ་བ་མེད་དོ། །དེ་ནས་ནུབ་ཕྱོགས་ཀྱི་ཡུལ་མོ་ལ་ཏཱ་ན་ཞེས་པ་ན། རྒྱལ་པོ་ན་ར་པདྨ་ཞེས་བྱ་བ་ཡོད་དེ། གནས་དེ་ན་མུ་སྟེགས་བྱེད་དུག་གི་རྒྱུད་ལ་མཁས་པ་མང་པོ་དག་ཡོད་པ་ལས། རྒྱལ་པོས་བསྐུལ་ཏེ་དེ་དག་དང་ནུས་པ་འགྲན་པ་ལས། མུ་སྟེགས་དེ་རྣམས་ཀྱིས་དུག་བྲེ་བོ་རེ་རེ་དུས་གཅིག་ཏུ་ཟོས། སློབ་
དཔོན་གྱིས་དུག་མི་ཁུར་བཅུ་བཏགས་ཏེ། དེའི་ཚད་ཉིས་འགྱུར་ཀྱི་མྱོས་བྱེད་ལ་བཏབ་སྟེ་གསོལ་ཡང་གནོད་པ་མེད། གྷེ་ལ་ཞེས་པ་ཆང་སྙོལ་བའི་སྣོད་རྫ་མ་ཤིན་ཏུ་ཆེ་བ་ཅིག་གི་མིང་ཡིན་དེ་འདྲ་གཉིས་དངུལ་ཆུས་གང་བ་གསོལ་ཡང་གནོད་པ་མེད། དེ་ལྟར་དུག་དང༌། དངུལ་ཆུ་དེ་ཞགས་བདུན་གྱི་རིང་ལ་གསོལ་བས། སྐུ་བཀྲག་མདངས་གཟི་བརྗིད་དཔག་ཏུ་མེད་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་ཡང་ཕྱག་གཅིག་གིས་བསྒུལ་བས། ཐམས་ཅད་སྐྲག་སྟེ་ཡོ་བྱད་དཔག་ཏུ་མེད་པ་ཕུལ། དེ་ཐམས་ཅད་དགེ་སློང་དང་ཕོངས་པ་རྣམས་ཀྱིས་ཅེ་བདེར་ཁྱེར། དེ་ནས་གནྡྷ་རའི་རི་ལ་ལོ་གཅིག་ཏུ་ཏིང་ངེ་འཛིན་ཐུན་གཅིག་ལ་བཞུགས། དེ་ནས་གྲོང་ཁྱེར་ཧསྟི་ན་པུ་རར་བྱོན། དེ་ན་མུ་སྟེགས་བྱེད་ཀྱི་མཁའ་འགྲོ་མ་ཞིག་གིས་བྱིན་གྱིས་བརླབས་ནས། ཕྱི་རོལ་པའི་སྔགས་མཁན་གྱི་སྡེ་ཆེན་པོ་ཆགས་ཏེ། ནུས་པ་ཐོབ་པ་རང་ཡང་ཕོ་མོ་འདྲེས་པ་ལྔ་བརྒྱ་ཙམ་ཡོད་སྐད། དེར་སློབ་དཔོན་བྱོན་ཏེ། དེ་རྣམས་ལ་ཕར་སྐུ་ལུས་སྟོན་ཅིང་ཚིག་ཀྱང་གསུངས་ལ། དེ་དག་གི་ཚུར་སྨྲ་བའམ། ཕྱི་རྗེས་གཅོད་དུ་བྱུང་ན་སྐུ་ལུས་མི་སྣང་བར་བྱེད་པ་སོགས་ཀྱི་ཆོ་འཕྲུལ་བསྟན་ཏེ། མཐར་ཉི་མ་ཕྱེད་ཀྱི་དུས་ཞིག་ན། དེ་ནས་བརྩམས་ནམ་ཕྱེད་ཀྱི་བར་ལ་དུས་བཏབ་སྟེ། ཁྱེད་རང་རྣམས་བསྒྲིམས་ཏེ་བཟློག་པ་གྱིས་ཤིགངས་ཀྱང་སྔགས་གཏོང་ངོ་ཞེས་མཐུ་དུས་བཏབ་པས་ནམ་ཕྱེད་ན་ས་གཡོས། སྐྱེ་བོ་གཞན་ལ་ནི་གནོད་པ་མེད། མུ་སྟེགས་པའི་སྔགས་མཁན་མཐུ་ཆེན་ཐམས་ཅད་ས་འོག་ཏུ་སྡིབ་སྟེ་གར་སོང་མེད་པར་ཤིའོ། །དེ་ནས་མ་ག་དྷར་བྱོན་ཏེ། དཔལ་ན་ལན་དར་སོང་བ་ན། པཎྜི་ཏ་རྣམས་ན་རེ། ཁྱེད་ཀྱིས་རྒྱུད་ཀྱང་སྤྱན་དྲངས། ནུས་པ་ཡང་ཐོབ་ཅེས་ཟེར་ན། ནངས་པར་ནམ་
ལངས་པ་ཚུན་ཆོད་ལ། དངོས་སུ་མཐོང་བའི་ནུས་པ་ཞིག་སྟོན་ཅིག་ཟེར་བ་ལ། འོ་ན་རྒྱལ་པོ་སེང་གེ་ལྔ་པའི་འཁོར་ཞིག་འདིར་དགུག་གི་བྱས། དེ་ལ་རྒྱལ་པོ་སེང་གེ་ལྔ་པ་འཁོར་བཅས་ནི། ཡུལ་གཽ་ར་ན་ཡོད་དེ། ན་ལན་ད་ནས་ཤར་ཕྱོགས་སུ་མགྱོགས་པ་སོང་ཡང་ཟླ་ཕྱེད་ཙམ་འགྲོ་དགོས་པ་ལ། སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་ལས་སྦྱོར་མཛད་པས། རྒྱལ་པོ་སེང་གེ་ལྔ་པའི་བློན་པོ་མུ་ཏཱ་རི་པྲ་དཱ་ན་བྱ་བ་མུ་སྟེགས་ལ་དད་པ་ཞིགཡུལ་མ་ག་དྷར་འགྲོ་འདོད་སྐྱེས་ནས་ཉི་མ་ཕྱི་ཕྲེད་ཀྱི་དུས་སུ་ཡོ་བྱད་མང་པོ་དང་བཅས་ཤིང་འཁོར་དང་བཅས་པ་ལམ་དུ་ཞུགས་པས་ཟླ་བ་ཕྱེད་ཀྱི་ལམ་ཆུ་ཚོད་འགའ་ཞིག་ལ་བགྲོད་ནས། ནམ་ཕྱེད་པ་ན་དཔལ་ན་ལན་དའི་ལྕགས་རིའི་ནང་དུ་སླེབ། དགེ་འདུན་གྱི་ཞལ་ཏ་པ་ལ་སྐད་བཏང་སྟེ། ནམ་ལངས་མ་ཐག་དགེ་འདུན་རྣམས་ལ་ཆོས་སྟོན་གསོལ། ནོར་མང་པོ་ཕུལ། ཕྱིན་ཆད་སངས་རྒྱས་པ་བྱེད་པར་ཁས་བླངས་པས། སློབ་དཔོན་ལ་ཐམས་ཅད་ཡིད་ཆེས་ཤིང་ངོ་མཚར་སྐྱེས་སོ། །དེ་ནས་ཤར་ཕྱོགས་བ་རེནྡྲའི་བྱེ་བྲག་བ་ག་ལ་ཞེས་བྱ་བ་ཅིག་ཡོད། དེ་ཡང་བྷཾ་ག་ལ་དང༌། བ་ག་ལ་སོ་སོ་ཡིན་པར་གོ་དགོས། ཡུལ་དེ་ན་མཚོ་གཅིག་ལ་ཀླུ་བི་ཀྲི་ཌ་ཞེས་བྱ་བ། གདུག་རྩུབ་ཆེ་ཞིང༌། ཕྱི་པ་དང་ཀླ་ཀློའི་གྲོགས་བྱེད། ནང་པ་ལ་ཤིན་ཏུ་གནོད་པ་ཞིག་ཡོད་དོ། །མཚོའི་མཐའ་རྣམས་སུ་སྔགས་ཀྱི་སྲད་བུས་བསྐོར་ནས། དེར་སྦྱིན་སྲེག་མཛད་པས་ཀླུ་འཁོར་དང་བཅས་པ་ཚིགམཚོ་ཡང་ཞག་བདུན་ནས་བསྐམས། དེའི་ཤུལ་དུ་རྡོ་རིང་ཆེན་པོ་བཙུགས། རྡོ་རིང་གི་རྩེ་མོ་ལ་འཇམ་དཔལ་གྱི་སྐུ་གཟུགས་ཅིག་བྱས་སོ། །སྐབས་དེར་ཡུལ་བ་རེན་དྲ་ན་ཧེ་ཙི་ལི་ཞེས་པ་ཀླ་ཀློའི་གྲོང་ཞིག་ཡོད།
གཞན་ཀླ་ཀློ་མེད་དོ་དེ་རྣམས་སྟོབས་དང་ལྡན་པར་འགྲོ་བ་དང་རྒྱལ་ཁམས་ཐམས་ཅད་ཕུང་བར་བྱེད་པའི་ལྟས་གཟིགས་ནས། དེ་དང་ཉེ་བར་སྦྱིན་སྲེག་ཀྱང་ཆེར་མཛད། ཉི་མ་གཅིག་འཁྲུལ་འཁོར་བསྐོར་ནས། རོ་ལངས་མེ་ལྡན་ཞེས་བྱ་བ་ཉི་མ་ཁོས་པ་ལ་བཏད་པས། དེ་མ་ཐག་ཧེ་ཙི་ལིའི་ཀླ་ཀློའི་གྲོང་ཐམས་ཅད་ཚིག་སྟེ། ཀླ་ཀློའི་བླ་མ་ཀཱ་ཙི་དང༌། ས་ཡཱི་ཏ་ཐམས་ཅད་ཤི དེ་ནས་བརྩམས་ལོ་ལྔ་བརྒྱའི་བར་དུ་བ་རེནྡྲར་ཀླ་ཀློ་ཡེ་མ་བྱུང་སྐད། དེ་དག་ནི་རྒྱུད་ལས་གསུངས་པའི་བསམ་གཏན་དང༌། སྦྱིན་སྲེག་དང༌། འཁྲུལ་འཁོར་གྱི་ནུས་པ་བསྟན་པ་ཡིན་གྱི། སློབ་དཔོན་ཉིད་དེ་དག་ལ་མ་ལྟོས་ཏེ། གྲུབ་པ་ཆེན་པོ་བརྙེས་པའི་ཕྱིར། བཞེད་པ་ཙམ་གྱིས་ལས་ཐམས་ཅད་མོད་ལ་འགྲུབ་བོ། །དེ་རྗེས་མ་ག་དྷ་དང༌། བྷཾ་ག་ལ་དང༌། ཨོ་ཌི་བི་ཤ་རྣམས་སུ་ལོ་ཡང་མང་དུ་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་དོ། །དེ་ནས་ལན་ཅིག་ཨོ་རྒྱན་དུ་རྒྱལ་པོ་ཨིནྡྲ་བོ་དྷི་བར་པ་དེ། ཐུན་མོང་གི་དངོས་གྲུབ་ཐོབ་ཅིང༌། གྲགས་ཆེ་ཡང་ང་རྒྱལ་དང་ལྡན་པས་དེ་འདུལ་བར་དགོངས་ཏེ་བྱོན་པས། ལམ་དུ་སློབ་དཔོན་ལྭ་བ་པ་དང་ཕྲད་པས་དེ་དང་ལྷན་ཅིག་གཤེགས་པ་ན། རི་མུ་རུཎྜ་ཀ་ཞེས་བྱ་བ་ལ་འབྱོན་པའི་སྐབས། རི་དེ་ཤིན་ཏུ་མཐོ་ཞིང་བགྲོད་དཀའ་བ་ཡིན་པ་ལས་སློབ་དཔོན་འདིས་གཤིན་རྗེ་གཤེད་ཀྱི་རལ་གྲིས་རི་དེ་ས་གཞིའི་ཐང་ལ་ཐུག་པར་གཉགས་པའི་ཏིང་ངེ་འཛིན་མཛད་པས། སློབ་དཔོན་ཉིད་དང་ལྷན་ཅིག་ལམ་དུ་འགྲོ་བའི་སྐྱེ་བོ་མང་པོ་དང་བཅས་པ་ཐམས་ཅད། ལ་ཆེན་པོ་ལ་འཛེག་མ་དགོས་པར། གྲོང་ཁྱེར་གྱི་སྲང་ཁ་དོག་པོ་འདྲ་བ་ཅིག་ལ་ཕྱིན་པའི་ངང་ནས་ཡུད་ཙམ་ཅིག་ལ་རའི་ཕ་རོལ་ཏུ་སླེབ་པས་ཐམས་ཅད་ཡ་མཚན་སྐྱེས། དེ་
ནས་ཨོ་རྒྱན་དུ་བྱོན་པ་ན། གྲུབ་ཐོབ་ཅིག་འོངས་སོ་ཞེས་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་གསན་ནས། འཁོར་ཚོགས་མང་པོ་དང་བཅས་ཏེ་བསུ་བ་ལ་བྱོན། རྒྱལ་པོས་སློབ་དཔོན་གྱི་ཞབས་བཀྲུ་ཞིང་བསྐུ་མཉེ་མཛད་པ་ལ། ཞབས་རེ་ལ་ལག་པ་གཉིས་ཀྱིས་སྐུ་མཉེ་བྱེད་དགོས་པས་ལག་པ་བཞི་སྤྲུལ་ལོ། །དེ་ནས་སློབ་དཔོན་གྱིས་ཞབས་བཞི་སྤྲུལ་བས་རྒྱལ་པོས་ཕྱག་བརྒྱད། སློབ་དཔོན་གྱིས་བརྒྱད་སྤྲུལ་པས། རྒྱལ་པོས་བཅུ་དྲུག་གི་བར་དུ་བྱུང༌། སློབ་དཔོན་གྱིས་ཞབས་བཅུ་དྲུག་སྤྲུལ་པས། རྒྱལ་པོ་ནི་ལྷ་ཕྱག་བཅུ་དྲུག་པའི་བག་ཆགས་བརྟས་པས། བཅུ་དྲུག་ལས་ལྷག་པ་སྤྲུལ་མ་ནུས་ཏེ། དེ་ནས་སློབ་དཔོན་ཀྱི་ཞབས་རེ་ལ་རྒྱལ་པོས་ཕྱག་རེ་རེས་སྐུ་མཉེ་བྱས་སོ། །དེ་ནས་ཞབས་སུམ་ཅུ་སོ་གཉིས་སྤྲུལ་བས། དེ་ཡང་མ་ནུས་ཏེ། རྒྱལ་པོ་ང་རྒྱལ་ཆགསྐྱེ་བོ་རྣམས་དད་པ་སྐྱེས་སོ། །དེ་ནས་ཨོ་རྒྱན་དུ་ཡང་འགྲོ་བའི་དོན་རྒྱ་ཆེར་མཛད། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཀྱང༌། ཕྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དུས་དེ་ཙ་ན་རྡོ་རྗེ་སློབ་དཔོན་ཆེན་པོ་འདི་ནི་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད། བསྐྱེད་རིམ་གྱི་གྲུབ་པ་ལ་དབང་འབྱོར་བ་ཡིན། སློབ་དཔོན་ལྭ་བ་པ་ནི་མཆོག་གི་དངོས་གྲུབ་བརྙེས་ཟིན་པ་ཡིད་སྐད། ཨོ་རྒྱན་ནས་ཕྱིར་བྱོན་པའི་དུས་སུ། ལྭ་བ་པས་རི་མུ་རུཎྚ་ག་ཉིད་ནམ་མཁར་བསྒོམས་པས། རི་གཏན་ནས་མེད་པའི་ཐང་ཡངས་གཅིག་ལ་བྱོན་ཆོག་པ་བྱུང་བའི་གཏམ་རྒྱུད་ཡོད། ཕྱིས་སློབ་དཔོན་འདི་ཡང་སློབ་དཔོན་ལྭ་བ་པ་དང་རྟོགས་པ་མཉམ་པར་གྱུར་ཏོ། །དེ་ནས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་བཞུད་དེ། སེམས་ཅན་མང་པོའི་དོན་མཛད། ཡང་
ལན་ཅིག་ཐོ་གར་གྱི་ཡུལ་དུ་ཀླ་ཀློའི་དམག་བྱུང་བས། དམག་རྣམས་ཆུ་ཀླུང་པཀྵུའི་བྱང་ཕྱོགས་སུ་ཡོད། སློབ་དཔོན་གྱིས་ལྷོ་ཕྱོགས་ནས་འཁུར་བའི་དུམ་བུ་ཅིག་དང༌། ཆུ་སྙིམ་པ་གང་གིས་གཏོར་མ་མཛད་དེ། གཅེར་བུར་བཞེངས་བཞིན་དུ་ཐལ་མོ་བརྡབས་པས། ཀླ་ཀློའི་དམག་ཚོགས་ཐམས་ཅད་སྨྱོ་སྟེ། རི་ཀླུངས་མེད་པར་རྒྱུགས། རྒྱལ་པོ་དང་དམག་དཔོན་དང་དཔའ་བོ་ལྔ་བརྒྱ་ཙམ་ཁྲག་སྐྱུགས་ནས་ཤི་སྟེ། རེ་ཞིག་ཀླ་ཀློ་རྨེག་མེད་པར་བྱས་སོ། །དེ་དག་ལ་སོགས་པ་གཙོ་བོར་མངོན་སྤྱོད་ཀྱི་ལས་ཀྱིས་འགྲོ་དོན་མཛད་ཅིང༌། གཞན་ཡང་ཞི་རྒྱས་དབང་དགུག་བཅུད་ལེན་གཏེར་གྱི་དངོས་གྲུབ་སོགས་ཀྱི་སྒོ་ནས། སེམས་ཅན་མང་པོ་ལ་ཕན་བཏགས་ཏེ། མཛད་པ་ངོ་མཚར་ཅན་ལྔ་བརྒྱའི་བར་དུ་བསྟན་སྐད། སྐུ་ཚེའི་མཐར་ཡུལ་པུས་ཀ་རར་བཞུགས་ནས། འཇའ་ལུས་རྡོ་རྗེའི་སྐུ་བརྙཻས་སོ། །སློབ་དཔོན་འདིས་མཚན་བརྗོད་ལ་སོགས་པ་འཇམ་དཔལ་ཞི་བའི་རྒྱུད་འགའ་རེ་དང༌། རྒྱུད་ཐམས་ཅད་ཀྱི་སྤྱི་བོ་ཡིན་པའི་ཕྱིར་གསང་བ་འདུས་པ་ཅི་རིགས་གསུངས། གཞན་གཤིན་རྗེ་གཤེད་སྐོར་མ་གཏོགས་མ་གསུངས་ཀྱང་སྔགས་ཀྱི་འཕྲིན་ལས་ཀྱི་སྒོ་ནས་ཆེས་ཆེ་བ་བླ་ན་མེད་པའི་ཕྱིར། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ཆེན་པོས་ཞེས་མཚན་གསོལ་ལོ། །འདི་དང་པོ་བསྟན་པའི་སྒོར་ཞུགས་པའི་དུས། རྟེན་དགེ་སློང་ཡིན་ཞེས་བོད་རྙིང་རྣམས་འཆད་ཀྱང༌། ལོ་རྒྱུས་ཁུངས་མ་ལ་གསལ་ཀ་མེད་ཅིང་ཡིན་ནི་རུང༌། ཕྱིས་ནི་རྣལ་འབྱོར་པའི་ཚུལ་དུ་བཞུགས་ངེས་པས། སྐུ་བརྙན་བཞེངས་ན་རྣལ་འབྱོར་བའི་ཆ་ལུགས་ཅན་དུ་བྱེད་དགོས། བི་བྷུ་ཏི་ཙནྡྲའི་ཐུགས་དམ་བདེ་མཆོག་དཀྱིལ་ཐང་དྲང་སྲོང་སྲིན་པོ་རི་ན་ཡོད་པ་དེ་ན། མ་ཧེ་ལ་ཕྱིབས་
ཤིང་ལིང་ག་གྱེན་བསྒྲེང་ཅན་བྲིས་འདུགརྒྱ་གར་དུ་བྲིས་པའི་ཐང་ཀ་གཞན་ལ་གཏོར་མས་ཀླ་ཀློའི་སྡེ་བཅོམ་པའི་བཀོད་པའི་ཚུལ་དུ་བྱས་ཞབས་གཉིས་མཉམ་པར་བརྐྱང་ཞིང་བཞེངས་པ། ཕྱག་ཐལ་མོ་བརྡེབ་པ། ལིང་ག་གྱེན་བསྒྲེང༌། སྐུ་མདུན་དུ་གཏོར་མའི་མཎྜལ་ཡོད་པ་རེ་ཡོད་གྱིན་འདུགསྤྱིར་མངོན་སྤྱོད་ཀྱི་ལས་མང་དུ་བསྒྲུབས་པ་རྣམས་ཀྱིས་ཚེ་དེ་ལ་དངོས་གྲུབ་འགྲུབ་པ་དཀོན་ཀྱང༌། སློབ་དཔོན་འདིའི་མངོན་སྤྱོད་ཀྱི་ཕྲིན་ལས་ཐམས་ཅད་ནི་འགྲོ་ཕན་བླ་ན་མེད་པ་ཁོ་ན་ཡིན་པའི་ཕྱིར། མངོན་སྤྱོད་དཔག་ཏུ་མེད་པ་མཛད་ནས། མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །སློབ་དཔོན་འདིའི་སློབ་མ་སང་ཀ་ར་དེ་བ་ཞེས་བྱ་བས། རྡོ་རྗེ་མཁའ་འགྲོ་མ་འགྲུབ་སྟེ། སྲིད་པ་གསུམ་པོ་མཐའ་དག་མཐོང་བའི་མངོན་ཤེས་བྱུང༌། བྲམ་ཟེ་གསེར་མཛེས་ཞེས་བྱ་བས་གནོད་མཛེས་གྲུབ་སྟེ་ས་འོག་གི་དངོས་གྲུབ་ཐོབ། ཨ་བྷི་མ་ན་ཞེས་པ་དགེ་སློང་ཞིག་གིས་རྡོ་རྗེ་རྟ་མཆོག་གྲུབ་ནས། རང་སྣང་དུ་ནམ་མཁའ་ལ་སྤྱོད་ཅིང༌། གཞན་སྣང་དུའང་ལམ་གང་ལ་སོང་མི་ཤེས་པར་ཅི་འདོད་དུ་ཡོང་བ་ཅིག་བྱུང༌། པྲ་ཀཱ་ཤ་དུ་ཏ་ཞེས་བྱ་བ་རལ་གཅིག་མ་ལ་བརྟེན་ནས། གནོད་སྦྱིན་མོ་གྲུབ། ནམ་མཁའ་ལས་ནོར་གང་འདོད་བླངས་ཏེ་མི་རྣམས་ལ་སྟེར་རོ། །མི་ཕཾ་བཤེས་གཉེན་ཞེས་བྱ་བ་རྣལ་འབྱོར་པ་ཅིག་གིས། འཇམ་པའི་རྡོ་རྗེ་གྲུབ་ནས་ཕལ་ཆེར་ལུས་མི་སྣང་ཞིང་མཁས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་ཕྱིར་དུ་རེས་འགའ་ལུས་སྣང་ཞིང་ཆོས་སྟོན་ཏོ། །བྲམ་ཟེ་ཆོས་འབངས་ཞེས་བྱ་བས། དུག་སེལ་མ་གྲུབ་སྟེ། དུག་ཁུར་དུ་ལོངས་བ་ཟ་ཞིང་ཆུ་ལ་མི་བྱིང་བར་འགྲོ། རིགས་ངན་གྱི་རྣལ་
འབྱོར་པ་ཙ་ཀ་རུ་ཞེས་པ་ཀླུའི་གནས་སུ་ཅི་འདོད་པར་འགྲོ། ཀུ་རུ་ཀུལླེ་གྲུབ། དམངས་རིགས་དུར་ཛ་ཡ་ཞེས་པས་ཡན་ལག་མེད་པའི་རྡོ་རྗེ་འགྲུབ་སྟེ། ཐིག་ལེ་མཆོག་མ་སོགས་ལྷ་མོ་བརྒྱད་ཀྱིས་གཡོག་བྱེད། བྷ་ཏྲ་པཱ་ལི་ཏ་ཞེས་པ་ཅིག་གིས་དཔལ་ཧེ་རུ་ཀ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། རྡོ་རྗེ་མཁའ་འགྲོ་མ་སྣ་ཚོགས་པ་དག་གིས་བསྐོར་ཞིང་གཤེགས་པ་ཞིག་ཡོད་དོ། །དེ་རྣམས་ཐམས་ཅད་རྣམ་སྨིན་གྱི་ལུས་ནི་མ་བཞག་འཇའ་ལུས་སུ་སོང༌། སྔ་མ་རྣམས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ། ཕྱི་མས་མཆོག་གྲུབ་པའོ། །དེ་དག་གིས་ཆོས་བཤད་པ་ལས་འཕེལ་བ་ནི་མེད་སྐད། ཡང་སློབ་དཔོན་ཛ་མཱ་ཛི་པར་མཚན་ཐོགས་པ་ཅིག་བྷཾ་ག་ལར་བྱུང༌། གྲོང་ཁྱེར་ས་ཧྱིར་དུ་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཅིག་བྱུང༌། གྲོང་ཁྱེར་ཨ་ཛོ་དྷྱ་རུ་བུདྡྷ་གུཔྟ་ཞེས་པ་བྱུང་སྟེ། དེ་རྣམས་རྣམ་སྨིན་གྱི་ལུས་གནས་མ་གྱུར་མོད། ལྷ་མོ་བཞི་གྲུབ་ཅིང་ལས་ཚོགས་ཐོགས་པ་མེད་པ་ཡིན་ཟེར། གསུམ་པོ་དེ་ལ་བརྟེན་ནས་ལ་ལི་ཏ་བཛྲ་ཀྱི་ཆོས་རྣམས་དར་བ་ཡིན་ཞེས་རྒྱ་གར་བ་ལ་གྲགས་སོ། །བོད་ཀྱི་བརྒྱུད་པ་སོ་སོའི་གསུངས་བགྲོས་ཀྱི་དབང་དུ་བྱས་ན། སློབ་དཔོན་ལ་ལི་ཏ་བཛྲ་ལ། སྐྱོ་བ་རྣམས་ཀྱི་ངག་བགྲོས་ལས། མཚན་སློབ་དཔོན་ལི་ལ་བཛྲ་ཞེས་འདོན་ཏེ། རྒྱུད་དུ་མ་མཁྱེན། སློབ་མ་མང་པོའང་ཡོད་པ་ལས། རྣལ་འབྱོར་པ་ཅིག་འོངས་ནས། བསད་བསྐྲད་དབྱེ་རེངས་ཀྱི་ཆོ་འཕྲུལ་དུ་མ་བསྟན་པས་ལི་ལའི་སློབ་མ་རྣམས་དེ་ལ་མོས་པར་བྱུང༌། དེར་སློབ་དཔོན་གྱིས་བསམས་པ། ནུས་མཐུས་སངས་རྒྱས་ཀྱི་བསྟན་པ་བསྲུང་ནུས་པ། ཆོ་འཕྲུལ་ཡ་མ་ཟུང་སྟོན་པ། ཕྱི་མ་མཆོག་ཐོབ་པའི་ཆོས་ཅིག་དགོས་པར་འདུག་སྙམ་ནས་འཚོལ་དུ་བྱོན་པས།
ཆུ་ལེན་གྱི་བུད་མེད་རྐང་པ་ས་ལ་མ་རེག་པར་འགྲོ་བ་གཅིག་དང་ཕྲད། ཁྱོད་གར་འགྲོ་ཟེར། ཆོས་དེ་ལྟ་བུ་འཚོལ་དུ་འགྲོ་བྱས་པས། ཁྱོད་ཀྱིས་ཅང་རྙེད་དམ་ཟེར། དེ་མཁའ་འགྲོ་མ་ཡིན་པར་ཤེས་ནས། ཕྱག་དང་བསྐོར་བ་བྱས་གསོལ་བ་བཏབ་པས། དེས་དུར་ཁྲོད་བསིལ་པའི་ཚལ་དུ་ཁྲིད་ནས། མ་མོའི་རིགས་ཀྱི་མཁའ་འགྲོ་མ་གཞན་གཅིག་ལ་གཏད་དོ། །དེས་ནུབ་ཕྱོགས་ཨོ་རྒྱན་དུ་ཁྲིད་ནས། རྡོ་རྗེ་ཆེན་པོའི་བྲག་ཕུག་ཏུ་བསྐྱལ་བས། བཅོམ་ལྡན་འདས་འཇིགས་མཛད་དམ། གཤིན་རྗེ་གཤེད་ཞལ་བཞད་ཅིང་སྤྱན་གཡོ་བ་མངོན་སུམ་དུ་གཟིགས། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བཀའ་ལུང་སྦྱིན་ཏེ། རྒྱུད་ཀྱི་གླེགས་བམ་གྱི་ཚོགས་པའི་ནང་ནས། གསེར་གྱི་ཐུར་མ་སོར་བཞི་པ་ཅིག་གིས་ཐོན་ཚད་ཅིག་ལོང་གསུང་བ་ལྟར་བཏོན་པས། ནག་པོ་སྐོར་ གསུམ་གྱི་རྒྱུད ་བྱུང༌། དེ་ཡང་དགྲ་ནག་ནི་རྡོ་རྗེ་འཆང་ཁྲོས་པ་ལྷའི་བུའི་བདུད་འདུལ་བའི་ཕྱིར་དང༌། གདོང་དྲུག་ནི་ཕྱག་རྡོར་ཁྲོས་པ་གཤིན་རྗེ་འདུལ་བ་ཡིན་ཞེས་དང༌། རྡོ་རྗེ་འཇིགས་བྱེད་ནི་འཇམ་དཔལ་ཁྲོས་པ་དབང་ཕྱུག་འདུལ་ཞེས་དང༌། གསུམ་ཀར་ངོ་བོ་རྣལ་འབྱོར་ཆེན་པོ་ཡིན་པར་འདྲ་ཡང༌། འཇིགས་མཛད་ཀྲི་ཡ་དང་མཐུན་ཏེ། བྲིས་སྐུའི་སྒྲུབ་པ་གཙོ་བོར་སྟོན། གདོང་དྲུག་ཡོ་ག་དང་མཐུན་ཏེ་ཕྱག་རྒྱ་བཞིས་རྒྱས་འདེབས། དགྲ་ནག་རྣལ་འབྱོར་ཆེན་པོ་རང་རྐང་བར་དགོངས་ཟེར་ཏེ། རྒྱུད་ཀྱི་བཞུགས་ཚུལ་ནི་དེ་ལྟ་བུར་མ་ངེས་སོ། །དེར་རྒྱུད་གཞན་གཉིས་བྲིས་བཤུས་མཛད། འཇིགས་མཛད་གླེགས་བམ་རང་དུ་བཏོན་ནས་བསྣམས་པས། མཆོད་རྟེན་གྱི་ཅོང་ཆེན་པོ་རང་སྒྲ་སྒྲག བྱ་དང་ཁྱི་རྣམས་ཤར་དུ་ཟུག་ལྗོན་ཤིང་
ཐམས་ཅད་ཤར་དུ་རྩེ་མོ་དུད་སྐད། མཁའ་འགྲོ་མ་རྣམས་ཀྱང་རྨི་ལྟས་སོགས་ལོག་སྟེ། ཕྱི་བཞིན་བསྙེགས་པས་སློབ་དཔོན་ནི་མ་མཐོང༌། བཅོམ་ལྡན་འདས་འཇིགས་མཛད་ཀྱི་སྐུའི་དྲུང་ན་གླེགས་བམ་འདུག་པར་མཐོང་སྟེ། མཁའ་འགྲོ་མ་རྣམས་ཀྱིས་གླེགས་བམ་བླངས་ཏེ་སོང་ངོ༌། །དེར་གླེགས་བམ་སྤྱན་དྲངས་ཀྱང་དོན་དུ་མི་འགྱུར་བར་འདུག་སྙམ་དུ་དགོངས་ནས། སླར་ཡང་ཨོ་རྒྱན་དུ་ཅུང་ཟད་ཅིག་བཞུགས། རྒྱུད་ཐུགས་སུ་ཆུད་པར་མཛད་ནས་བྱོན་ཏེ། ཕྱིས་ཐུགས་ནས་བཏོན་ཏེ་ཡི་གེར་བྲིས་ཞེས་འཆད་དོ། །བ་རི་ལོ་ཙཱ་བའི་རྗེས་འཇུག་རྣམས་ནི་འདི་སྐད་ཅེས་འཆད་དེ། སློབ་དཔོན་སྒེག་པའི་རྡོ་རྗེ་ཞེས་བྱ་བས། གཤིན་རྗེ་གཤེད་ནག་པོ་བསྒོམས་པས་ནུས་པ་ཅུང་ཟད་གྲུབ་ནས། ལྷོ་ཕྱོགས་ཀྱི་ཡུལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱས། མུ་སྟེགས་གཅིག་དང་འགྲན་པས་ཁོང་རང་ལ་མ་ཚུགས་ཀྱང༌། འཁོར་ཕོ་མོ་རྣམས་ར་ལུག་ཏུ་གྱུར་པ། སྤྱོད་པ་སྔས་སོ་སྙམ་ཁ་སརྤ་ཎིར་གསོལ་བ་བཏབ་པས། རྨི་ལམ་དུ་ལུང་བསྟན་བྱུང་ནས། དཔལ་ཨོ་རྒྱན་དུ་ཕྱིན། ལུང་བསྟན་དང་མཐུན་པའི་རྣལ་འབྱོར་མ་དང་མཇལ་ནས། དེའི་ཁོལ་པོ་ལོ་གསུམ་བྱས་ཏེ་དཀའ་བ་སྤྱད་པ་ལས། ཁྱོད་ཅི་འདོད་གསུང༌། འདོད་བྱ་མེད་དེ། བདག་ཁྱེད་ལ་གུས་པས་བཀུར་བསྟི་བྱེད་པ་ལགས་ཞེས་ཞུས། དེ་བཞིན་དུ་ལོ་དྲུག་དང་དགུའི་མཐར་ཡང་དེ་དང་འདྲ། ལོ་བཅུ་གཉིས་ཀྱི་མཐར། ཁྱོད་དངོས་གྲུབ་ཅི་འདོད་གསུང་བ་ལ། སངས་རྒྱས་ཀྱི་བསྟན་པ་དང་མི་འགལ་ཞིང༌། བདུད་དང་མུ་སྟེགས་མོད་ལ་ཚར་གཅོད་པའི་ཐབས་ཅིག་ཞུ་བྱས་པས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་ཞིང་རྒྱུད་རྟོག་པ་བདུན་པ་གནང་ངོ༌། །
རྣལ་འབྱོར་མ་དེའི་མཚན་ནི་བདེ་བའི་སྤྱན་ལྡན་ཞེས་ཟེར། དེ་ནས་རྟོག་བདུན་དར་དཀར་པོ་ལ་རའི་འོ་མས་བྲིས་ཏེ་བསྣམས། མཁའ་འགྲོ་མ་རྣམས་ཀྱིས་སྙིང་ཁྲག་ཕྱུང་བ་སྙམ་བྱེད་ཀྱང༌། སློབ་དཔོན་རྐང་མགྱོགས་གྲུབ་པས་རྗེས་མ་ཟིན་པར་རང་གནས་སུ་སླེབ། སྔར་གྱི་མུ་སྟེགས་དེ་དག་ཐམས་ཅད་ཚར་བཅད། ཅེས་ཟེར་རོ། །འདིར་སྒེག་པའི་རྡོ་རྗེ་ཟེར། རོལ་པ་དང་སྒེག་པ་དོན་གཅིག་པར་བསམས་ནས། ལ་ལི་ཏ་སྒེག་པར་བསྒྱུར་བར་སྣང་ཡང༌། སློབ་དཔོན་སྒེག་པའི་རྡོ་རྗེ་ཞེས་བྱ་བ་གཞན་དང་འཁྲུལ་གཞི་འབྱུང་བས། སྒེག་པའི་རྡོ་རྗེར་བསྒྱུར་བ་མི་ལེགས་ཤིང༌། དེར་མ་ཟད་ལ་ལི་ཏ་རོལ་པ་ལ་གཙོ་བོར་འཇུག་ཅིང༌། སྒེག་པའི་སྐད་དོད་གཙོ་བོར་ལ་སྱཱའམ། བི་ལ་སྱཱ་ཡིན་པ་དང༌། རོལ་པའི་དོན་རྩེད་མོའམ། གང་འདོད་དང་ཅི་གར་རང་ཉམས་སུ་ཡོད་པའི་དོན་ཡིན། སྒེག་པ་ནི་ཆ་བྱད་སྤྲོས་པ་བསྐྱེད་པའི་དོན་ཡིན་པས་ཚིག་དོན་གཉིས་ཀར་ནས་ཅུང་ཟད་མི་འདྲའོ། །ལཱི་ལ་དང༌། ལ་ལི་ཏ་ཡང་དོན་ཅིག་མོད་ཀྱི། མིང་འདོགས་ཐ་དད་དུ་བྱུང་ཞིང༌། སྐྱོ་བའི་ལུགས་ཀྱི་ལཱི་ལ་པ་དེ་ཡང༌། ནག་པོ་སྐོར་ གསུམ་གྱི་རྒྱུད ་སྤྱན་འདྲེན་པ་པོ་ཡིན་པར་འདོད་པའི་ཕྱིར་ལ་ལི་ཏ་བཛྲ་ཉིད་ཡིད་དགོས་པས། ལཱི་ལ་བཛྲ་ཞེས་འབོད་པ་ཅུང་ཟད་མི་ལེགས་སོ། །སློབ་དཔོན་འདིའི་རྗེས་སུ་ལོ་བརྒྱ་ལྷག་ཙམ་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་ཧ་ཅང་མང་པོར་མཆེད་པ་མེད། དེ་ནས་རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་ཅི་རིགས་པར་གསུངས་ཤིང༌། ལ་ལི་ཏའི་བརྒྱུད་འཛིན་དང༌། ཡེ་ཤེས་ཞབས་ཀྱི་བརྒྱུད་འཛིན་རྣམས་གཅིག་ཏུ་འདྲེས་ཏེ་ཤིན་དུ་དར་བར་གྱུར་ཏོ། །དེ་དག་ནི་གཙོ་བོར་ནག་པོའི་སྐོར་བྱུང་ཚུལ་ཡིན་ལ། གཤིན་རྗེ་གཤེད་དམར་པོའི་རྒྱུད་ནི། གྲུབ་ཐོབ་བི་རཱུ་པས་སྤྱན་དྲངས་པར་ཀུན་ཏུ་གྲགས་ན།
དེ་ལའང་རྒྱུད་ལེའུ་ཉེར་གཉིས་པར་གྲགས་པ་འདི་ནི་བི་རཱུ་པ་ཁོ་ནས་སྤྱན་དྲངས་པར་ངེས་ཤིང༌། སྐུ་གསུང་ཐུགས་རྡོ་རྗེ་དམར་པོའི་རྒྱུད་འདི་ནི། སློབ་དཔོན་ལ་ལི་ཏ་བཛྲ་གྱིས་ཀྱང་སྤྱན་དྲངས་པར་མངོན་ཏེ། རྒྱས་བསྡུས་ཅུང་ཟད་མ་གཏོགས་ནག་པོའི་རྒྱུད་ཉིད་འདོན་པ་སྤོས་པ་ཡིན་པའི་ཕྱིར་དང༌། སློབ་དཔོན་དཔལ་འཛིན་གྱིས་ཀྱང་ རྒྱུད་འདི་ལ་བརྟེན་ནས་བཅུ་གསུམ ་མའི་སྒྲུབ་ཐབས་མཛད། བོད་ཀྱི་བརྒྱུད་པ་འདོད་ལུགས་ལ། བིརྺ་ཌོམྦྷི་དཔལ་འཛིན་ཟེར་བའང་ཡོད་པ་ནི། གཤེད་དམར་ལུགས་ཐམས་ཅད་གཅིག་ཏུ་བསྒྲིལ་བའི་དབང་དུ་བྱས་པར་འདུགཡང་རྡོ་རྗེ་འཆང་ཡེ་ཤེས་མཁའ་འགྲོ་དཔལ་འཛིན་ཟེར་བ་ནི་ཉེ་བརྒྱུད་ཀྱི་དབང་དུ་བྱས་པ་ཡིན། དོན་ལ་བྲམ་ཟེ་དཔལ་འཛིན་དེ་ནི། བིརྺ་ཌོམྦྷིའི་བརྒྱུད་པ་མི་འཛིན། ལ་ལི་ཏ་དང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བརྒྱུད་འཛིན་ཁོ་ན་ཡིན་པས། གཤེད་དམར་བཅུ་གསུམ་མའི་སྒྲུབ་དཀྱིལ་ཡང་སློབ་དཔོན་དེ་གཉིས་ཀྱི་དགོངས་འདུས་ཡིན་པའི་ཕྱིར། ལ་ལི་ཏས་དེ་སྤྱན་མ་དྲངས་ན། དེ་ལས་བྱུང་བའི་མན་ངག་ཡིན་པ་མི་འཐད་དོ་སྙམ་པ་ནི། ཁོ་བོའི་རྣམ་པར་རྟོག་པའོ། །རྒྱུད་དེའི་ལེའུ་དང་པོ་ལ་བརྟེན་ནས། བིརྺས་སྒྲུབ་ཐབས་མཛད་པའི་ཕྱིར། ཡོངས་སུ་གྲགས་པ་དང་མཐུན་པར་བི་རཱུ་པས་ཀྱང་སྤྱན་དྲངས་པར་ཡང་བྱ་མོད། རྒྱུད་གཅིག་ཉིད་གྲུབ་ཐོབ་དུ་མས་སྤྱན་དྲངས་པ་མི་འགལ་ལོ། །གྲུབ་ཐོབ་བི་རཱུ་པ་ཡང་རགས་རྩིས་སུ་ན་སློབ་དཔོན་ལ་ལི་ཏ་བཛྲ་དང་དུས་མཉམ་ལ། ལོ་གྲངས་ཅུང་ཟད་ཀྱིས་སྔ་བ་ཙམ་ནི་ཡིན་སྲིད་དོ། །འདིར་བིརྺ་ཌོམྦྷིའི་རྣམ་ཐར་ལོ་རྒྱུས་སྦྱར་བར་བྱ་སྟེ། གཞན་དུ་གསལ་ལོ། །དེ་ལྟར་དམར་ནག་འཇིགས་ གསུམ་གྱི་རྒྱུད ་ཐམས་ཅད། བྲམ་ཟེ་དཔལ་འཛིན་ལ་བཀའ་བབས་ཏེ། སྔོན་གྱི་སློབ་དཔོན་ལ་ལི་ཏ་དང༌། བར་དུ་སངས་རྒྱས་ཡེ་ཤེས་ཞབས་དང༌།
ཐ་མར་སློབ་དཔོན་དཔལ་འཛིན་ཏེ། འདི་གསུམ་ལ་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ཞེས་གྲགས་ཤིང༌། ལས་དང་པོ་པ་ལ་བསྐྱེད་རིམ་ཁོ་ན་བསྔགས་པ་སོགས་བསྐྱེད་རིམ་ཕྲིན་ལས་དང་བཅས་པའི་བཀའ་བབས་ཡིན། ཟབ་གསལ་གཉིས་མེད་ལྷུན་གྲུབ་ཀྱི་དགོངས་པ་སོགས་བཀའ་བབས་དང་དགོངས་པ་ཡང་གཅིག་གོ །དེ་ལ་སློབ་དཔོན་དཔལ་འཛིན་ནི་རྒྱལ་པོ་དྷརྨ་པཱ་ལའི་སྐུ་ཚེའི་མཇུག་གི་ཆ་ཙམ་ལ། ཡུལ་མ་ག་དྷར་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་ངུ་ནས་སྒྲ་ཚད་སོགས་རིག་པ་དུ་མ་ལ་མཁས་པར་བྱས། དཔལ་ཨོ་ཏན་ཏ་པུ་རིར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལའང་མཁས་པར་མཛད་ནས། མར་མེ་མཛད་བཟང་པོ་ལ་ལུང་ཐོབ་ཙམ་བྱས་ཏེ། དཔལ་སྡེ་སོགས་ཡེ་ཤེས་ཞབས་ཀྱི་སློབ་རྒྱུད་སློབ་དཔོན་འགའ་རེ་བསྟེན་ནས། གསང་འདུས་དང་གཤིན་རྗེ་གཤེད་ཀྱི་དགོངས་པ་ཐུགས་སུ་ཆུད་དེ་དཔལ་གཤིན་རྗེ་གཤེད་རྩེ་གཅིག་ཏུ་བསྒོམས་པས་ཡེ་ཤེས་ཆེན་པོ་ལ་དབང༌། སེམས་ཅན་གྱི་དོན་མཛད་པར་བཞེད་དེ། ནུས་པ་ཉམས་སད་པའི་ཕྱིར་ནགས་ཚལ་རྣམས་སུ་རྒྱུ་ཞིང་གཤེགས། བསེ་རུ་དང་མ་ཧེ་དང་སྟག་རྣམས་ལ་སྡིགས་འཛུབ་མཛད་པ་ཙམ་གྱིས་ཤི ལྟ་སྟངས་མཛད་པ་ཙམ་གྱིས་གསོས། ཡང་ཏིང་ངེ་འཛིན་ཙམ་གྱིས་ཤིང་ཐོག་ལ་སོགས་པའི་ཁུ་བཅུད་ལྷུང་བཟེད་དུ་བསྡུས་ཏེ་གསོལ་བས། དེ་དག་རད་རད་པོར་འགྱུར་ཞིང༌། སེ་གོལ་གཏོགས་པ་ན་སྔར་བཞིན་གསོས་པར་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་ཀྱི་ རྒྱུད་བེ་དརྦར་བྱོན་པ་ན། དགེ་སློང་སྡེ་སྣོད་གསུམ ་པ་ཆོས་སྨྲ་བ་རྩོད་པའི་ཁྱུ་མཆོག་གཅིག་ཡོད་པ་དེས་རྩོད་པས། ཡུལ་དེར་མུ་སྟེགས་འགྲིབས་སོ། །དེར་བྲམ་ཟེའི་རིགས་ཀྱི་རྒྱལ་པོ་ཧ་ས་དེ་བ་ཞེས་བྱ་བ་ལོག་པ་ལ་
མངོན་པར་ཞེན་པས། དགེ་སློང་དེའི་མགོ་གཅོད་པའི་གྲབས་བྱེད་པ་ན། སློབ་དཔོན་འདི་དེར་བྱོན་ཏེ། འཇིག་རྟེན་ལ་ཕན་པར་བྱེད་པ་ནི་སངས་རྒྱས་པའི་ཆོས་ཡིན་ན། ཆོས་དེ་འཛིན་པའི་མགོ་གཅོད་དུ་རུང་ངམ་མ་གཅོད་ཅིགངས་འདི་ལ་རིན་སྦྱིན་ནོ་གསུང༌། རྒྱལ་པོ་ན་རེ། འོ་ན་མགོ་བོས་མགོ་བོ་བསླུ་བ་ཡིན་པས། ཁྱོད་ཉིད་ཀྱི་མགོ་བོ་བླང་ངོ་ཟེར། སློབ་དཔོན་ཉིད་ཀྱི་དབུ་བཅད་དེ་རྒྱལ་པོ་ལ་བྱིན། དགེ་སློང་དེ་ཐར་བར་བྱས་སོ། །དེ་ནས་དེ་དང་ཉེ་བ་ན་མཆོད་སྦྱིན་གྱི་ཁང་པ་ཞིག་འདུག་པའི་ཙ་ན། མ་ཧེའི་མགོ་ཞིག་འདུག་པ་བླངས་ཏེ་བསླན་པས། སློབ་དཔོན་མ་ཧེའི་དབུ་ཅན་དུ་གྱུར། ཟླ་བ་གསུམ་དུ་དེ་ལྟར་འདུག་ཅིང་འགྲོ་འོང་མཛད་པ་ལས། དེའི་རྗེས་སུ་རེས་ནི་སྟག་དང༌། རེས་བྱ་ཀང་ཀ་དང༌། རེས་རྟ་ལ་སོགས་པ་ཉིན་རེ་བཞིན་དབུ་མི་འདྲ་བའི་ཆོ་འཕྲུལ་བསྟན། སྐྱེ་བོ་རྣམས་ངོ་མཚར་དུ་གྱུར་ཅིང༌། མུ་སྟེགས་པ་མང་པོའང་སངས་རྒྱས་པ་ལ་བཀོད། དེ་ནས་ལན་ཅིག་རྒྱལ་པོ་དེ་ལམ་དུ་སོང་བས། སློབ་དཔོན་ཁྱིའི་དབུ་ཅན་དུ་འདུག་པ་མཐོང༌། དེར་ཞེ་སྡང་གིས་ཁྱི་ཁྱི་ཞེས་བྱས་སོ། །སློབ་དཔོན་གྱིས་ཁྱོད་ཉིད་ཁྱིའོ་ཞེས་སྡིགས་འཛུབ་བསྟན་པས། རྒྱལ་པོ་ཉིད་ཁྱིར་གྱུར་ཏོ། །དེ་ནས་སློབ་དཔོན་གྱི་དབུ་སྔོན་བཞིན་དུ་རྣལ་མར་གྱུར། ཕྱོགས་དེར་རེ་ཤིག་མུ་སྟེགས་རྨེག་མེད་པར་སོང༌། རྒྱལ་པོ་ན་ར་བ་ཏི་ཙ་ལ་ཞེས་པ་ཅིག་གིས་ཀྱང་གཏམ་དེ་ཐོས་ནས་ཞབས་ལ་བཏུད་དོ། །ཕྱི་ནས་དེ་ལྟ་བུའི་སྙན་པའི་གྲགས་པས་ཁྱབ་པས། ཡུལ་དབུས་ཀྱི་རྒྱལ་པོས་སྤྱན་དྲངས་ཏེ། བི་ཀྲ་མ་ཤཱི་ལའི་སྔགས་པ་སློབ་དཔོན་མཛད། དེ་སྐབས་ཀྱི་རྒྱལ་པོ་མ་ཧེ་པཱ་ལ་ཡིན་པ་འདྲའོ། །དེར་བསྟན་བཅོས་ཀྱང་མང་དུ་མཛད། གདུག་པ་ཅན་མང་པོ་བཏུལ་བ་དང༌། ཆང་འོ་མར་བསྒྱུར་བ་དང༌། དུག་བདུད་རྩིར་
བསྒྱུར་བ་སོགས་ཀྱི་ལོ་རྒྱུས་མང་དུ་ཡོད་པར་གདའ། དེ་ནས་དབེན་ཁང་གཅིག་ཏུ་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས། ཐོ་རངས་ཅིག་མཆོག་གཏོར་རྣམས་ཕྱི་རོལ་ཏུ་སྐྱེལ་བར་བྱོན་པས། རྣལ་འབྱོར་པ་གཟི་བརྗིད་ཆེ་བ་ཅིག་སྒོ་དྲུང་ན་འདུགདེ་ནི་སློབ་དཔོན་ནག་པོ་སྤྱོད་པ་བ་ཡིན། དེ་ལ་ཕྱག་མཛད་པས་རྡོ་རྗེ་དབྱངས་ཅན་མའི་རིག་སྔགས་ཀྱི་ལུང་སྩལ་ཏེ་མི་སྣང་བར་གྱུར། ནང་དུ་བསྒོམས་པས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ནུབ་བྱང་ན། རྡོ་རྗེ་དབྱངས་ཅན་མ་དངོས་སུ་བཞུགས་འདུགདེ་ནས་མི་རིང་བར་སློབ་དཔོན་འཇའ་ལུས་སུ་གཤེགས་ཏེ། ཐུན་མོང་ཙམ་མ་ཡིན་མཆོག་རང་བརྙེས་པར་གྲགས་སོ། །ཡང་ཞལ་གཟིགས་ཡིན་ན་མ་གཏོགས། ག་ཡ་དྷ་རའི་བླ་མ་དཔལ་འཛིན་དང་འདི་མི་གཅིག་པར་མངོན་པས་དེ་ནས་སྤྱོད་པ་བ་ལ་བརྒྱུད་པ་འདེད་ན། བར་དེར་བརྒྱུད་པ་གཅིག་གཉིས་དགོས་པ་འདྲའོ། །སློབ་དཔོན་དཔལ་འཛིན་གྱི་རྗེས་དེ་ནས་ཀྱང་མི་རབས་གཅིག་ཙམ་སོང་བ་ན། སློབ་དཔོན་ཀ་མ་ལ་རཀྵི་ཏ་བྱོན། གཙོ་བོར་གཤིན་རྗེ་གཤེད་དགྲ་ནག་ལ་གྲུབ་པ་བརྙེས་པ་ཡིན། དེ་ཡང་མ་ག་དྷར་འཁྲུངས། རིགས་ཚོང་བ། རྟེན་དགེ་སློང༌། གྲུབ་མཐའ་རྣམ་རིག་པ། ཕར་ཕྱིན་དང༌། གསང་འདུས་དང༌། གཤིན་རྗེ་གཤེད་ལ་མཁས། ལྷོ་ཕྱོགས་ཨང་དཱ་གི་རི་ཞེས་བྱ་བའི་རི་ཞིག་ལ་བཞུགས་ནས། ལོ་བཅུ་གཉིས་བསྒོམས། དང་པོར་སྡུག་བསྔལ་དང༌། འཇིགས་པ་ལ་སོགས་པ་བར་ཆད་སྣ་ཚོགས་བྱུང་ཡང༌། སྟོང་ཉིད་དང་ལྷ་བསྒོམས་པས་ཞི། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། དེ་ཕྱིན་ཆད་ཕྲ་མ་རྣམས་ཐོགས་པ་མེད་པར་གྲུབ། རྒྱུ་རྡོ་རྗེ་འཛིན་པ་ཉིན་རེ་བཞིན་ཞལ་གཟིགས་ཤིང༌། ཆོས་གསན་
པར་ཡང་གྲགས། གོང་བུ་དགུག་པ་དང༌། རྐང་པ་དགུག་པ་དང༌། ཁྲག་དགུག་པ་དང༌། ཆང་དགུག་པ་སོགས་ལ་ཐོགས་པ་མེད། གཏམ་རྒྱུད་དམིགས་གསལ་རེ་རེ་ཡང་ཡོད་པར་འདུགབི་ཀྲ་མ་ཤཱི་ལའི་སྔགས་པ་སློབ་དཔོན་ཡང་མཛད། རྒྱལ་པོ་ཤ་མུ་པཱ་ལའི་དུས་ཙམ་ཡིན་པར་མངོན། དེར་བསྟན་བཅོས་ཀྱང་མང་དུ་བརྩམས། དེ་ཡན་ཆད་དགེ་སློང་བསོད་སྙོམས་པའི་སྤྱོད་པ་ཅན་ཡིན། དེ་ནས་དགེ་སློང་གི་རྟགས་དང་ནི་ལྡན་བསོད་སྙོམས་པའི་བརྟུལ་བཞུགས་སྤངས་ཏེ་སྔགས་ཀྱི་སྤྱོད་པ་ཅན་དུ་གྱུར། ལན་ཅིག་མ་ག་དྷའི་ཡུལ་མཐའ་དུར་ཁྲོད་ཅིག་ཏུ་ཚོགས་འཁོར་རྒྱ་ཆེན་པོ་མཛད་པར་བཞེད། དེའི་དུས་ན་ནུབ་ཕྱོགས་ཀརྞའི་ཡུལ་ན་ཀླ་ཀློའི་རྒྱལ་པོ་ཞིག་ཡོད། དེའི་དམག་དཔོན་གཅིག་འཁོར་རྟ་བ་དང༌། གླང་པོ་པ་ལྔ་བརྒྱ་ཙམ་དང་བཅས་དམག་ཇག་ལ་འོངས། ཡུལ་དང་ལྷ་ཁང་འགའ་ཞིག་བཅོམ་སྟེ་ལོག་འོངས་པ་དང༌། སློབ་དཔོན་འཁོར་བཅས་ཚོགས་འཁོར་གྱི་ཡོ་བྱད་དུ་མ་དང་བཅས་ཏེ་བྱོན་པ་ཕྲད། དེ་དག་གིས་རོལ་མོ་བརྡུངས། མཚོན་མ་འཕངས། འཇོམས་པར་བརྩམས་པ་ལ། སློབ་དཔོན་གྱིས་བུམ་པ་ས་ལ་བརྡབས་པས་སྐད་ཅིག་ལ་རླུང་ནག་བྱུང་མི་རྟ་གླང་པོ་རྣམས་བསྒྱེལ། མི་ནག་པོ་རལ་གྲི་ཐོགས་པས་བརྡེག་པའི་སྣང་བ་ཤར། དམག་དཔོན་ནི་དེ་ཉིད་དུ་ཁྲག་སྐྱུགས་ཏེ་ཤི གཞན་རྣམས་ལ་ཡང་རིམས་ནད་ཀྱིས་བཏབ་སྟེ། གཅིག་མ་གཏོགས་ཡུལ་དུ་མ་སླེབ་སྐད། གཞན་ཡང་ཆོས་འཁོར་བི་ཀྲ་མ་ལ་རྩོད་པ་བྱེད་པའི་མུ་སྟེགས་པའི་པཎྜི་ཏ་བརྒྱད་ཀྱི་ངག་མནན། བྱད་མ་བྱེད་པ་བཅུ་དྲུག་ཙམ་སྔགས་དང་སྦྱིན་སྲེག་གིས་བསྒྲལ་བ་སོགས་ཀླ་ཀློ་དང་མུ་སྟེགས་ཅན་ཐམས་ཅད་ཤིན་ཏུ་སྐྲག་པར་མཛད་དོ། །མཐར་ནགས་ཚལ་དབེན་པ་ཞིག་ཏུ་
གཅིག་པུར་བཞུགས། དངོས་གྲུབ་ཆེན་པོ་རྣམས་ཀྱང་འགྲུབ་རུང་གི་སྒྲུབ་པ་པོ་ཞིག་ཡིན་ནོ། །དུས་ལྔ་པ་ཆ་ཤས་ལ་སྤྱོད་པའི་དུས་ནི་མཚམས་དེ་དག་ནས་ད་ལྟའི་བར་རོ། །མཁས་པ་སྒོ་དྲུག་གི་དུས་ཙམ་ན་ཡེ་ཤེས་ལྷའི་ལས་ཚོགས་གཞན་རྣམས་དང༌། རྫས་ཀྱི་དངོས་གྲུབ་རྣམས་མི་འགྲུབ་པ་མ་ཡིན་ཡང༌། ཡུན་རིང་པོར་སྒྲུབ་དགོས་པའམ། དཀའ་སྤྱད་ཆེན་པོས་བསྒྲུབ་དགོས་པ་ལས། གཞན་ཐམས་ཅད་པས་གཤིན་རྗེ་གཤེད་མྱུར་ཞིང༌། དམར་ནག་སོགས་ལས་ཀྱང་རྡོ་རྗེ་འཇིགས་མཛད་མྱུར་བར་བྱུང་བས། འཇིགས་མཛད་ལ་བརྟེན་ནས་རོ་ལངས་དང༌། རྫས་ཀྱི་དངོས་གྲུབ་འགྲུབ་པ་དང༌། ལས་བཞི་ཐོགས་མེད་དུ་འགྲུབ་པ་ཤིན་ཏུ་མང་བར་བྱུང་ངོ༌། །གཤེད་སྐོར་བོད་དུ་འགྱུར་བའི་བསྟན་བཅོས་མཛད་པ་པོ་ལ་ལི་ཏ་ཆུང་བ་དང༌། ཨ་མོ་གྷ་བར་པ་དང༌། ལི་ལ་བཛྲ་དང༌། ཞི་བ་ཡེ་ཤེས་དང༌། འཇམ་དཔལ་ཡེ་ཤེས་སོགས་ཀྱང་སྐབས་དེར་བྱུང་ཞིང༌། གཞན་ཡང་ནུས་མཐུ་ཅན་ཆེས་མང་བ་བྱུང་ངོ༌། །རྟོག་པ་བདུན་པ་ཡང་ཆེས་ངོ་མཚར་རྨད་དུ་བྱུང་བའི་རྒྱུད་འགྲན་ཟླ་མེད་པར་མངའ་གསོལ་ཞིང༌། གླེགས་བམ་ཚར་རེ་འབྲི་བ་ལ་ཡང་གསེར་སྲང་བཅུའི་ཡོན་དུ་ཆད་བྱས་སྐད། དེ་ནས་གཟུང་ལོ་བརྒྱ་ཙམ་རྒྱ་གར་དུ་མཆོག་ཏུ་དར་ལ། བལ་བོའི་ཡུལ་དུ་ཡང་དེ་དང་མཐུན་པའི་ཚུལ་གྱིས་བར་སྐབས་དེར་ཤིན་ཏུ་དར་ཞིང་ཕན་སྟོབས་ཆེའོ། །དེ་རྗེས་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་དུས་ཙམ་ན། དགྲ་ནག་དར་བ་ཡོད། འཇིགས་མཛད་ཀྱི་ཆོས་སྐོར་རྣམས་བཙལ་རྙེད་ཙམ་ལས་མེད། གདོང་དྲུག་གི་རྒྱུད་ནི་ཞར་བྱུང་ཙམ་མ་གཏོགས་དེའི་སྔ་རོལ་ནས་ཀྱང་ཧ་ཅང་དར་བ་མ་བྱུང་བ་འདྲའོ། །དེ་རྗེས་རྒྱལ་པོ་
སྱ་ན་བཞིའི་རིང་ལ། གཤིན་རྗེ་གཤེད་དམར་པོའི་སྐོར་རྣམས་དར་བར་བྱུང༌། རྫོགས་འཕྲེང་གི་ནང་གི་དེ་དང༌། སྒྲུབ་ཐབས་ཕྲ་མོའི་རིགས་མ་གཏོགས། ནག་འཇིགས་སྐོར་རྣམས་ནུབ་པ་བཞིན་དུ་སོང་སྐད། རྡོ་རྗེ་འཇིགས་མཛད་ཀྱི་ཆོས་སྐོར་ནུབ་པ་ནས། ཡུལ་དབུས་སུ་ཀླ་ཀློ་ཞུགས་པ་འདྲ་བ་ཅིག་བྱུང་སྐད་པས། ཀླ་ཀློ་ལྷ་མིན་གྱི་གཉེན་པོ་མཆོག་ནི། སྤྱིར་ཁྲོ་རྒྱལ་ཡ་མཱན་ཏ་ཀ་དང༌། སྒོས་སུ་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཉིད་མཐར་ཐུག་པ་ཡིན། གཉིས་པ་ནི། ཆོས་འདི་རྣམས་བོད་ཀྱི་ཕྱོགས་འདིར་ཇི་ལྟར་དར་བ་ཡིན་སྙམ་ན། སྤྱིར་བོད་དུ་དར་ཚུལ་དང༌། བརྒྱུད་པ་སོ་སོའི་རིམ་པ་བཤད་པའོ། །དང་པོ་ནི། དཔལ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཐོར་བུ་པ་ཅུང་ཟད་ནི་ཆོས་འགོ་དར་བ་དང་དུས་མཉམ་དུ་བྱུང༌། སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་སྒྲུབ་ཐབས་མཛད་པར་གྲགས། རབ་ཏུ་བྱུང་པའི་སྡེ་དར་ཙམ་ན་གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་འགྱུར་ཞིང༌། དབང་བསྐུར་བཤད་པ་མན་ངག་ལག་ལེན་ཐམས་ཅད་བྱུང༌། གསང་སྔགས་བླ་མེད་ལུགས་ཀྱི་སྒྲུབ་ཐབས་ཕྲ་མོ་ཡང་མང་ཚད་བྱོན། རིགས་སྔགས་གྲུབ་པ་ཡང་མང་དུ་བྱུང༌། དེ་ནས་སྔ་དར་ཕྱི་དར་གྱི་བར་མཚམས་དེར། རིག་སྔགས་འཆང་གི་དབང་ཕྱུག་སྣུབས་བན་སངས་རྒྱས་ཡེ་ཤེས་ལ་སོགས་པས། གཤིན་རྗེ་གཤེད་ཀྱི་ཆོས་སྐོར་མཐའ་ཡས་པར་སྤེལ། དྲག་སྔགས་ཀྱི་མཐུ་ཅན་ཤིན་ཏུ་མང་བར་བྱུང༌། ཆོས་སྐོར་རྣམས་ཀྱང༌། རྒྱ་གར། བལ་བོ། ཁ་ཆེ། ལི་ཡུལ། རྒྱ་ནག་སོགས་ནས་སྤྱན་དྲངས་པ་དང༌། ཁྱད་པར་དུ་ཞལ་མཐོང་དང༌། ཉམས་ཤར་གྱི་ཆོས་སྣ་ཚོགས་པ་མཐའ་ཡས་པ་ཞིག་གོ །དཔལ་གདོང་དྲུག་གི་ རྒྱུད་སྡོམ་
གསུམ ་པ་འདི་ཡང༌། སྔ་དར་གྱི་དུས་རྒྱལ་བློན་ལ་གསངས་ཏེ་བསྒྱུར་བའམ། བར་སྐབས་དེར་བསྒྱུར་བ་གང་རུང་ཞིག་ཡིན་པར་མངོན། འདི་ལ་ཕྱིས་འགྱུར་གྱི་ལོ་ཙཱ་བ་སོ་སོའི་འགྱུར་བྱང་མི་འདྲ་བ་བྲིས་པ་འདྲ་འདུག་སྟེ། རང་རང་གི་མོས་ཞེན་གྱིས་བྲིས་པར་ཟད། འགྱུར་ཁྱད་ནི་གཅིག་ཀྱང་མེད། དཔེ་རྙིང་ཕལ་ཆེ་བ་ན་འགྱུར་བྱང་ཡང་མི་གདའ། འདི་དང་སྒྱུ་འཕྲུལ་དྲྭ་བ་དང༌། ཟླ་གསང་པ་ཐིག་ལེ་དང༌། རྡོ་རྗེ་བདུད་རྩིའི་རྒྱུད་རྩ་བ་ད་ལྟ་ཡོངས་ཁྱབ་འདི་རྣམས་ལ་འགྱུར་བྱང་ངེས་ཅན་མེད་དེ། སྔོན་རྒྱལ་བློན་ལ་གསངས་ཏེ་བསྒྱུར་བ་རྣམས། འགྱུར་བྱང་བྱས་ན་བསྒྱུར་མཁན་ངོ་ཤེས་ནས། ཆད་པ་བྱུང་དོགས་མ་བྲིས་པ་ཡིན། ཡང་སྔ་དར་ཕྱི་དར་གྱི་བར་དེར། ཁྲིགས་ཀ་མེད་པས་འགྱུར་ངེས་ཤེས་པ་ལ་ཡང་འགྱུར་བྱང་མེད་པ་དང༌། བོད་རང་ཉིད་ཀྱིས་བརྩམས་པ་ལ་ཡང་རྒྱ་གར་བའི་མཛད་བྱང་དང༌། ལོ་པཎ་གྱི་འགྱུར་བྱང་བྱས་པའི་བརྩམས་ རྒྱུད་ཀྱང་མང་དུ་བྱུང་བ་ཡིན་ནོ། །དེ་ལྟ་ན་ཡང་སྡོམ་གསུམ ་པ་ལ་ནི་སྔ་འགྱུར་སོགས་ཀྱི་དབང་བཀའ་བཤད་བཀའ་ཆེར་མ་དར་ཞིང༌། དམར་ནག་འཇིགས་གསུམ་གྱི་ཆོས་སྐོར་གཞན་རྣམས་ནི་སྐབས་དེར་མ་འགྱུར་རོ། །དེ་རྗེས་བསྟན་པ་ཕྱི་དར་གྱི་དུས་སུ། བོད་ཡུལ་དབུས་གཙང་དུ་དགེ་འདུན་གྱི་སྡེ་བྱུང་ནས་མི་རབས་གཅིག་ལ་ཉེ་བ་ན། ཞང་ཅོ་གྲུ་ལོ་ཙཱ་བ་ཤེས་རབ་བླ་མ་བྱུང༌། འདི་ལོ་ཙཱ་བ་ལེང་འབྲོག་གཉིས་དང་དུས་མཉམ་ཡིན། འདིའི་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང༌། འཇིགས་མཛད་རྟོག་བདུན་ཏེ་རྒྱུད་གཉིས་དང༌། གཤིན་རྗེ་གཤེད་འབྱུང་བ་དང༌། འཇིགས་མཛད་ཞེ་དགུ་མའི་སྒྲུབ་ཐབས་དང༌། གཏོར་ཆོག་དང༌། ལི་ལ་བཛྲ་གྱི་ལྷ་དགུའི་སྒྲུབ་ཐབས་རྣམས་སྔར་མ་འགྱུར་བ་གཞི་འགྱུར་མཛད། དགྲ་གདོང་འཇིགས་
གསུམ་གྱི་དབང་བཀའ་བཤད་བཀའ་ཡང་བྱུང་ཞིང༌། ལྷག་པར་དགྲ་ནག་ལ་རྩལ་དུ་ཐོན་པའི་མན་ངག་དང༌། སྒྲུབ་བཀའ་ཤིན་ཏུ་དར་བར་མཛད་དོ། །དེ་ལས་ལོ་གྲངས་བཅོ་ལྔའམ། ཉི་ཤུ་ཙམ་གྱི་རྗེས་སུ་ནག་པོ་ཚུལ་ཁྲིམས་རྒྱལ་བས། ནག་པོའི་རྒྱུད་དང༌། སྒྲུབ་ཐབས་ཕྲན་བཅས་ཇོ་བོ་རྗེ་ལ་ཞུས་ནས་བསྒྱུར། ཕྱིས་ཤཱན་ཏི་བྷ་དྲ་ལ་དཔལ་འཛིན་གྱིས་མཛད་པའི་གཞུང་འགྲེལ་རྣམས་ཞུས་ནས་གཞི་འགྱུར་བྱས་འདུགནག་ཚོ་དང་དུས་མཚུངས་རུང་ལ་ལོ་ཙཱ་བ་རོང་ཟོམ་ཆོས་བཟང་གིས། པཎྜི་ཏ་ཨུ་པ་ཡ་ཤྲཱི་མི་ཏྲ་ལ་ཞུས་ཏེ། ནག་འཇིགས་ཀྱི་ རྒྱུད་གཉིས་དང༌། གཞུང་ཕྲན་དུ་མ་དང༌། རྟོག་གསུམ ་རྣམས་བསྒྱུར་རོ། །ལོ་ཙཱ་བ་དེ་རྣམས་ཀྱིས་བསྒྱུར་བ་ནི། འགྱུར་སྔ་མ་ལ་འགྱུར་བཅོས་བྱས་པ་མིན། རང་རང་གི་བློའི་རྩལ་གྱིས་གཞི་འགྱུར་མཛད་པའོ། །ནག་ཚོ་དང༌། རོམ་ཟོམ་གྱིས་བསྒྱུར་བའི་རྗེས་དེ་ནས། ལོ་བཅོ་ལྔ་ཉི་ཤུ་སྐོར་གྱིས་འཕྱི་བ་ལ། གཉོས་ལོ་ཙཱ་བས་ནག་པོ་སྐོར་གསུམ་གྱི་ཆོས་བསྒྱུར་བཤད་མཛད་འདུགདཔལ་འཛིན་གྱིས་ནག་པོའི་སྐོར་སོགས་ནག་འཇིགས་ཀྱི་གཞུང་འགའ་ལ། གཉོས་ཀྱིས་འགྱུར་བྱང་མཐོང༌། རྒྱུད་གཉོས་འགྱུར་མ་མཐོང་ཡང་ཡོད་པར་ནི་སྣང་ངོ༌། །དེ་དང་དུས་མཚུངས་རུང་ལ། ཀློག་སྐྱ་ལོ་ཙཱ་བ་ཤེས་རབ་བརྩེགས་ཀྱིས་ཀྱང་ནག་པོའི་རྒྱུད་ནག་ཚོའི་འགྱུར་ལ། འགྱུར་མཆན་མཛད་དོ། །དེས་བསྒྱུར་བ་ནས་ལོ་སུམ་ཅུ་ཙམ་འགྲོ་བ་ན། རྭ་རྡོ་རྗེ་གྲགས་ཀྱིས་ནག་འཇིགས་ཀྱི་རྒྱུད་གཉིས་བསྒྱུར་བར་འདུགདགྲ་ནག་ནག་ཚོ་འགྱུར་ལ་གཉན་ལོས་འགྱུར་མཆན་མཛད། དེ་ལ་རྭ་ལོས་བཅོས་པ་ཡིན། རྟོག་བདུན་ནི་ཞང་འགྱུར་དང་མཐུན་ཤས་ཆེ་བར་འདུག་པས། དེ་ལ་འགྱུར་བཅོས་མཛད་པར་གསལ་ལོ། །དེ་དང་དུས་མཚུངས་པར་ནག་པོའི་རྒྱུད་ལ་ཟངས་ཀར་གྱི་
འགྱུར་ཆུང་དང༌། རྟོག་བདུན་ལ་བུ་རངས་པ་ཁྱུང་པོ་ཆོས་བརྩོན་གྱི་འགྱུར་བྱུང་ངོ༌། །རྭ་ལོ་ལས་དུས་བག་ཙམ་གྱིས་འཕྱི་བ་ལ། པཎྜི་ཏ་ཨ་མོ་གྷ་བཛྲ་ཆུང་བ་བོད་དུ་ཕེབས། དེ་ལ་སྐྱོ་འོད་འོད་འབྱུང་གིས་ཞུས་ཏེ་སྐྱོ་ལུགས་བྱུང༌། ཨ་མོ་གྷ་དེ་ཉིད་ཀྱིས་མཛད་པའི་གཞུང་ཆུང་སོགས་མན་ངག་གི་གཞུང་ཐོར་བུ་ཙམ་གསར་དུ་བསྒྱུར་ཡོད། རྒྱུད་གཞུང་ཆེ་བའི་རིགས་ལ་གཞི་འགྱུར་དང་འགྱུར་ཆུང་གང་ཡང་མ་མཛད་དོ། །དེ་དང་དུས་མཉམ་པར་བ་རི་ལོ་ཙཱ་བས་པཎྜི་ཏ་དེ་ཉིད་ལ་ཞུས་ཏེ་རྡོ་རྗེ་འཇིགས་མཛད་ཀྱི་རྒྱུད་གཞུང་ཆོས་སྐོར་མང་དུ་བསྒྱུར་བར་གྲགས། འདིས་བྷ་རོ་ཕྱག་སྡུམ་ལ་ཡང་ཞུས་འདུགདེ་ལས་ཅུང་ཟད་འཕྱི་བ་ལ། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་ཀྱིས་བལ་བོ་ཧ་དུ་དཀར་པོ་ལ་ནག་འཇིགས་སྐོར་ གསུམ་ཞུས། ནག་པོའི་རྒྱུད ་ནི་སྔ་སོར་དུ་ཀློག་སྐྱ་ལའང་ཞུས་པར་སེམས། རྟོག་བདུན་ཁྱུང་པོ་ཆོས་བརྩོན་གྱི་འགྱུར་ལ་མལ་ལོས་འགྱུར་ཆུང་མཛད་དོ། །མལ་ལོའི་དུས་དེ་ཙམ་ན་རྒྱ་གར་ན་དགྲ་ནག་དར་རབ་ཡོད། འཇིགས་མཛད་བཙལ་རྙེད་ལས་མེད། བལ་ཡུལ་ན་ནག་འཇིགས་གཉིས་ཀར་དར་བ་ཡོད་འདུགདེ་ཕྱིན་ཆད་ནག་འཇིགས་ཀྱི་རྒྱུད་ལ་འགྱུར་བཅོས་བྱེད་མཁན་མ་བྱུང་བ་འདྲ་ཞིང༌། ལོ་པཎ་སྡེབས་པའི་ལུགས་སྲོལ་དབང་བཤད་མན་ངག་གསར་པའང་མ་བྱུང་བར་སྣང་ངོ༌། ཁ་བ་ཅན་གྱི་ཕྱོགས་འདིར་འཇིགས་མཛད་ཀྱི་ཆོས་སྐོར་སྔ་ཕྱི་ཐམས་ཅད་དུ་དར་རྒྱས་ཆེ། དགྲ་ནག་ཀྱང་སྔོན་གསང་སྔགས་དར་རྒྱས་ཆེ་བའི་སྐབས། ཅི་རིགས་པར་དར། གདོང་དྲུག་ལ་རྭ་ཆེན་པོས་བཤད་པ་མང་རབ་མཛད་པས། ཡིག་སྣ་བསྡུས་དོན་སོགས་ཡོད། གཞན་དབང་བཀའ་ཙམ་ལས་བཤད་པ་དང༌། ངན་ངག་དར་རྒྱས་ཆེར་མ་བྱུང་ངོ༌། །གདོང་དྲུག་གི་རྒྱུད་ལ་འགྱུར་ཡང་
གཅིག་ལས་མེད། དགྲ་ནག་ལ་ཞང་ནག་ཚོ་ཀློག་སྐྱ་གུ་རུ་བ་གཉན་རྭ་འགྱུར་རྣམས་མཐོང་ལ། གཉོས་ཟངས་ཀར་སོགས་གཞན་ཡང་མང་དུ་ཡོད་པར་ནི་སྣང་ངོ༌། །རྟོག་པ་བདུན་པའི་རྒྱུད་ལ་ནི། ཅོ་གྲུ་ཤེས་རབ་བླ་མ། གྱི་ཇོ། རོང་ཟོམ། ཁུ་སྟོན་དངོས་གྲུབ། རྭ་ལོ། བ་རི་ལོ་ཙཱ། མལ་ལོ། པཎྜི་ཏ་ས་མན་ཤྲཱིའི་འགྱུར་ཏེ་འགྱུར་བརྒྱད་ཡོད་ཅེས་སྔོན་དུས་གྲགས་ལ། ཕྱིས་སྐྱི་རོང་ལོ་ཙཱ་བ་ངག་དབང་གིས། ཅོ་གྲུ་རོང་ཟོམ་རྭ་ལོ་བ་རི་བཞི། སྔར་གྱི་བརྒྱད་ལ་མི་ཐེ་བ་བཙད་པོ་མུ་ནེ་རཱ་ཛའི་འགྱུར་དང༌། འགྱུར་བྱང་མ་ཐེབས་པ་ཡང་གཉིས་མཐོང་གསུང་བས་འཇིགས་མཛད་ཀྱི་སྐོར་འདི་ལ་ཐམས་ཅད་ཀྱི་རྩིས་སུ་བྱས་པའི་ཕྱིར་འགྱུར་བྱེད་ལོ་ཙཱ་བ་ཆེས་མང་བ་བྱུང་རིགས་སུ་འདུག །ཞང་འགྱུར་ལ་སྔགས་བཏུ་ཚིག་ལྷུག་པ་དང༌། རྭ་འགྱུར་ལ་ཚིགས་བཅད་མར་ཡོད། འགྱུར་ཅིག་ལ་རྒྱུད་ཡོངས་རྫོགས་ཚིགས་བཅད་དུ་བྱས་པའང་ཡོད། གཞན་དཔེ་རྙིང་ཡིན་ཡང་འགྱུར་ཕན་ཚུན་འདྲེས་པ་ནི་མང་དུ་སྣང་ངོ༌། །དེ་ནས་ཕྱིས་ནི་ཞང་གཉོས་རྭ་སྐྱོ་མལ་ཏེ་ལུགས་ལྔ་པོ་དེ་ལས་ རྒྱུད་པ་ལ། ནག་འཇིགས་སྐོར་གསུམ ་ཅི་རིགས་པ་ཡོད་པའི་དབང་དུ་བྱས་ནས། སོ་སོའི་ལུགས་མ་འདྲེས་པར་འཛིན་པ་དང༌། དེ་དག་ཕན་ཚུན་ཅི་རིགས་པར་བསྲེས་ཏེ་བྱེད་པ་དང༌། བརྒྱུད་པ་ནི་དེ་དག་གང་རུང་གཅིག་ལ་དེད་ནས། གང་རྙེད་ཐམས་ཅད་ལེགས་བསྡུས་བྱེད་པའམ། རྒྱ་གཞུང་གཅིག་གི་རྗེས་སུ་འབྲངས་ནས་ལག་ལེན་བྱེད་པ་སོགས་ངེས་མེད་སྣ་ཚོགས་བྱུང་བ་ལ། ཡི་གེ་རྩོམ་པ་པོ་དེ་དང་དེའི་ལུགས་སོ་ཞེས་རབ་ཏུ་གྲགས་པར་གྱུར་ལ། དག་མ་དག་ཀྱང་སྣ་ཚོགས་སུ་སྣང་ངོ༌། །དམར་པོའི་ཆོས་སྐོར་ལ། སྒྲུབ་ཐབས་བརྒྱ་རྩའི་ནང་ན་ལྷན་སྐྱེས་ཀྱི་མངོན་རྟོགས་ཅིག་ཡོད། དེ་ཙམ་མ་གཏོགས། གོང་
དུ་སྨོས་པའི་ལོ་ཙཱ་བ་དེ་རྣམས་ཀྱི་སྐབས་སུ་འགྱུར་བ་མེད་ཅིང༌། མལ་ལོ་འདས་ནས་ལོ་ལྔ་བཅུ་ཙམ་སོང་བ་ཙམ་ན། བླ་མ་དཔྱལ་ལོ་ཙཱ་བ་ཆོས་ཀྱི་དཔལ་བཟང་པོས། རྡོ་རྗེ་གདན་པ་ནི་སྐ་ལང་ཀ་ལ་ཞུས། ལྷ་ལྔའི་དབང་དང་མན་ངག་ལག་ལེན་ཆ་ཚང་བར་ཡོད། བྱིན་རླབས་ཤིན་ཏུ་ཆེ། བིརྺ་པའི་སྒྲུབ་ཐབས་ཆེ་ཆུང༌། གཏོར་ཆོག་ཆེ་ཆུང༌། འཁྲུལ་འཁོར་འཕྲེང་བ། དུས་འཁོར་ལུགས་ཀྱི་འཁྲུལ་འཁོར་སོགས་བསྒྱུར། རྫོགས་རིམ་གྱི་འཁྲིད་ནི་མེད། སྤྲོས་མེད་འགྲེལ་པ་དཔྱལ་ལོས་མཛད་ཟེར་བ་གཅིག་ཡོད་དེ། ཕྱིས་ཀྱི་ཁ་འཕངས་སུ་ཀ་སྣང༌། དེ་དང་དུས་མཉམ་རུང་ལས་ཅུང་ཟད་འཕྱི་བར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་མ། པཎྜི་ཏ་དཱ་ན་ཤཱི་ལས་བི་རཱུ་པ་དང༌། དཔལ་འཛིན་གྱིས་གཞུང་མང་པོ་རང་འགྱུར་མཛད། དབང་བཀའ་ཡང་བཅུ་གསུམ་མ་དང༌། ལྷ་ལྔ་གཉིས་ཀ་བྱུང་མོད། ཕྱིས་འགའ་ཞིག་ལྷ་ལྔ་ཁོ་ནའི་ཟེར་བ་ནི། རང་གིས་མ་མཐོང་བ་རྒྱུ་མཚན་དུ་བཀོད་པའོ། །རྫོགས་རིམ་གྱི་འཁྲིད་ཚུལ་ཅི་རིགས་པར་ཡོད་ཀྱང༌། སྤྲོས་མེད་དང་རྣལ་འབྱོར་བཞི་རིམ་ནི་དེ་དུས་མ་འགྱུར་རོ། །དེའི་རྗེས་སུ་ལོ་ཉི་ཤུ་ཙམ་སོང་བ་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས། བི་རཱུ་པ་དང་དཔལ་འཛིན་དང༌། བློ་གྲོས་བཟང་པོ་སོགས་ཀྱིས་མཛད་པའི་གཞུང་མང་དུ་བསྒྱུར། ལུགས་གཉིས་ཀའི་དབང་བཀའ་དང་ལག་ལེན་དར་རྒྱས་སུ་མཛད། རྫོགས་རིམ་ནི། རིམ་པ་ལྔའི་དག་སྦྱོར་ཙམ་གྱི་རྫོགས་རིམ་མ་གཏོགས། འཁྲིད་ཚུལ་རྒྱས་པའི་ལག་ལེན་ནི་མེད་དོ། །དེ་ལས་ཅུང་ཟད་འཕྱི་བར་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། ཆག་ལོའི་བླ་མ་ར་བེནྡ་པ་ལ་ཡང་ཐུག ཁྱད་པར་དུ་དརྤན་ཨཱ་ཙརྱ་སྤྱན་དྲངས་ཏེ་བིརྺ་པའི་སྤྲོས་མེད། དཔལ་འཛིན་གྱི་
རྣལ་འབྱོར་བཞི་རིམ་སོགས་གཞུང་ཕྲན་གསར་པ་མང་དུ་བསྒྱུར་ཞིང༌། རྫོགས་རིམ་གྱི་མན་ངག་འཁྲིད་ཚུལ་ཁྱད་པར་ཅན་མཐའ་རྒྱས་སུ་བྱུང༌། ཆག་ལུགས་ཀྱི་སྐོར་རྣམས་སྔར་ནས་ཁོང་རང་ལ་བཞུགས། འགྱུར་བཅོས་ནི་མ་མཛད་དོ། །དེ་ལྟར་ན་དཔྱལ་ལོ། དཱ་ན་ཤཱི་ལ། ཆག་ལོ། གློ་བོ་ལོ་ཙཱ་བ་སྟེ་བཞི་པོ་དེས་གཤེད་དམར་གྱི་དབང་མན་ངག་ལག་ལེན་རྣམས་མཐའ་རྒྱས་སུ་མཛད་ཅིང༌། ཐམས་ཅད་བྱིན་རླབས་ཀྱི་བཀའ་དང་ལྡན་པ་ཡིན་མོད་ཀྱི། གཤིན་རྗེ་གཤེད་དམར་པོའི་རྒྱུད་ནི་སྤྱན་མ་དྲངས་པ་ལས། གློོ་བོ་ལོ་ཙཱ་བ་སྐུ་འདས་པ་ཙམ་གྱི་དུས་ན། ཡར་ལུངས་ལོ་ཙཱ་བ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས། སྐུ་གསུང་ཐུགས་རྡོ་རྗེ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་ཡོད་པ་འདི་བསྒྱུར། ཁོང་པ་ལ་དབང་དང་རྒྱུད་བཤད་གཉིས་ཀར་བཞུགས་པར་འདུགདེ་དང་དུས་མཚུངས་རུང་དུ་ཤོང་བློ་བརྟན་གྱིས་ཀྱང་རྒྱུད་དེ་བསྒྱུར་འདུག་སྟེ་འགྱུར་ཤུད་ཀེ་ཅུང་ཟད་ལེགས་སོ། །འདི་ལ་རྒྱ་གར་གྱི་འགྲེལ་པ་ནི་མ་འགྱུར། བོད་ཀྱི་ཡིག་སྣ་རྙིང་པའང་ཆེར་མེད་པ་འདྲའོ། །གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་ཉེར་གཉིས་ཡོད་པ་འདི་ནི། སློབ་དཔོན་དྷརྨ་ཀིརྟི་བར་གྲགས་པ། ཀུན་སྤངས་ཆོས་གྲགས་དཔལ་བཟང་གི་ཕྱག་ཏུ་རྒྱ་དཔེ་བྱུང་ནས། མཁས་མཆོག་བུ་སྟོན་རིན་པོ་ཆེའི་ཕྱག་ཏུ་ཕུལ་ནས་བསྒྱུར་བར་ཞུས། འགྱུར་ཡང་མཛད། འགྱུར་བཟང་ཞིང་ལེགས་པ་ཡིན་ཡང༌། རྒྱ་དཔེ་དེའི་སྐབས་ཤིག་ན། མ་དཔེ་འཁྲུགས་པ་ལས་བཤུས་པའི་ཚིག་འཁྲུགས་འདུག་པ། བོད་སྐད་ལ་ཡང་འཁྲུགས་པའི་རྒྱུན་དེ་ཀ་འདུགཕྱིས་རྒྱ་གར་པཎྜི་ཏ་ནགས་ཀྱི་རིན་ཆེན་བོད་དུ་བྱོན་དུས། རྒྱུད་ལེའུ་བཅུ་དགུ་པ་ཤུད་ཀེ་འགྱུར་ལ། ཡིད་བཟང་རྩེ་པས་འགྱུར་བཅོས་མཛད་འདུག །ནགས་རིན་
ལ་རྒྱུད་འདིའི་དབང་བཤད་མན་ངག་རྫོགས་པར་བཞུགས་ཀྱིན་ཡོད་གདའ་ནའང༌། ཡིད་བཟང་རྩེ་བ་དང༌། ཁྲིམས་ཁང་ལོ་ཙཱ་བ་སོགས་ནི་བོད་ཀྱི་ཕྱག་ཆེན་པའི་ཞེས་སྐེ་ཆད་ཆད་འཐེན་པ་ལ་ཡེངས་ནས། སངས་རྒྱས་པའི་བསྟན་པ་ལ་ཕན་པའི་ཆོས་དེ་དག་ཞུ་བ་མ་བྱུང་བ་འདུགམི་གཡོ་བ་བླ་མེད་ཀྱི་རྒྱུད་ལའང་དབང་ཙམ་མ་གཏོགས་དེ་དང་འདྲ་བ་ཅིག་ཀ་བྱུང་ངོ༌། །འོན་ཀྱང་རྒྱུད་ལེའུ་བཅུ་དགུ་པ་ནི་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང༌། བིརྺ་པའི་གཞུང་རྣམས་ཤེས་ན། རྒྱུད་དོན་ཕལ་ཆེར་གོ་བར་ནུས་ལ། ཉེར་གཉིས་པ་འདི་ནི། ཚིག་དོན་ཙམ་ཞལ་གསལ་བར་འདུག་མོད། འོན་ཀྱང་བླ་མའི་ཞལ་ལུང་མེད་པར། རང་གར་འཆད་པ་ནི་མི་རུང་ངོ༌།། །།ད་ནི་གཤིན་རྗེ་གཤེད་སྐོར་ལ་བརྒྱུད་པ་སོ་སོའི་རིམ་པ་བརྗོད་ན། དགྲ་གདོང་འཇིགས་གསུམ་གྱི་ཆོས་སྐོར་ཐོག་མར་བསྒྱུར་ཞིང༌། སྲོལ་བརྟོད་མཁན་ཞང་ལུགས་པར་གྲགས་པ་རྣམས་ལོ་རྒྱུས་འདི་སྐད་ཅེས་འཆད་དེ། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་ལྷ་སངས་རྒྱས་ཡེ་ཤེས་ཞབས་དེ། འཇམ་དཔལ་ཞི་ཁྲོ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་པ་ལྟ་བུ་ཡིན། དེས་མར་མེ་མཛད་བཟང་པོ་ལ་གནང༌། འདི་དང་ལ་ལི་ཏ་ཆེན་པོ་གཉིས་ཀྱི་ལོ་རྒྱུས་འཁྲུལ་གཞི་ཅུང་ཟད་བྱུང༌། དེ་ལ་ལི་ཏ་བཛྲ་རམ། མཚན་གཞན་ལི་ལ་བཛྲ་གྱིས་ཞུས། འདིས་རྒྱུད་རྡོ་རྗེ་འཆང་ཞལ་གཟིགས་ནུས་པ་ཐོགས་པ་མེད། དགྲ་ནག་གི་རྒྱུད་ཀྱི་དོན་འགྲེལ་དུ་གཤིན་རྗེ་གཤེད་འབྱུང་པའི་བསྟན་བཅོས་མཛད། འཇིགས་མཛད་ཞེ་དགུ་མའི་སྒྲུབ་ཐབས་ཀྱང་འདིས་མཛད་པ་ཡིན། ཞང་པ་རྣམས་སློབ་དཔོན་འདིས་
ནག་འཇིགས་སྐོར་ གསུམ་གྱི་རྒྱུད ་རྣམས་སྤྱན་དྲངས་པར་འདོད་མོད། སློབ་དཔོན་འདི་ནི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཡང་སློབ་ཏུ་ཞང་ལུགས་པར་རང་འདོད་པ་བཞིན་དུ། དོན་ལའང་གནས་པར་མངོན་པས། ལ་ལི་ཏ་ཆུང་བ་རང་ཡིན་ཞིང༌། རྒྱུད་སྤྱན་འདྲེན་པ་པོ་ནི་ལ་ལི་ཏ་ཆེན་པོ་ཡིན་པས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལས་ཀྱང༌། མི་རབས་བཞི་ལྔ་ཙམ་གྱིས་སྔ་བར་བྱོན་ནོ། །ཞེས་གོ་བར་བྱའོ། །ལི་ལ་བཛྲ་དེའི་སློབ་མ་ནི། སཽ་སུ་ར་བ་ཡིན་ཏེ། འཁྲུངས་ཡུལ་ཤར་ཕྱོགས་ཀཱ་མ་རུ་པ། རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་ལ་མཁས་ཤིང༌། གཤིན་རྗེ་གཤེད་ལ་གྲུབ་པ་བརྙེས་པ་ཡིན་ནོ། །དེའི་སློབ་མ་ནི་གུ་རུ་སེ་ན་པ་ཡིན། མདོ་རྒྱུད་ཀུན་ལ་མཁས་ཤིང་སྒྲུབ་པ་གཙོ་བོར་མཛད། དེའི་སློབ་མ་ཨ་པ་ལི་ན་པ་ཡིན་ཏེ། འཁྲུངས་ས་ཁ་ཆེ་བ་ཡིན། རྐང་མགྱོགས་ཀྱི་དངོས་གྲུབ་བརྙེས། དེའི་སློབ་མ་གུ་ན་ཨཱ་ཀ་ར་བྷ་དྲ་ཡིན། ཡུལ་ཤར་ཕྱོགས་བྷ་ལནྡྲེ་བ། མཁས་པ་ཆེན་པོ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ། དེའི་སློབ་མ་ནི་ངག་དབང་གྲགས་པ་ཡིན་ཏེ། འཁྲུངས་ཡུལ་ཛ་གད་དྷ་ད་ལ་བ། ར་དྷའི་རྒྱལ་པོའི་བླ་མར་གྱུར། སྒྲོལ་མ་དང་སྤྱན་རས་གཟིགས་ཞལ་གཟིགས། ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཟེར་ཏེ། མཁས་པ་སྒོ་དྲུག་གི་ནང་ཚན་ངག་དབང་གྲགས་པ་ཀ་ཡིན་ནམ་སེམས། ཡེ་ཤེས་ཞབས་ནས་དེའི་བར་ཐམས་ཅད་རབ་བྱུང་གི་ཆ་བྱད་དུ་བཞུགས། དེའི་སློབ་མ་དེ་བ་ཨཱ་ཀ་ར་ཙནྡྲ་ཡིན་ཏེ། པཎྜི་ཏ་དཀར་པོ་ཡིན། ཡུལ་མ་ག་དྷ་རུ་འཁྲུངས། དུས་འཁོར་དང་གསང་འདུས་སོགས་རྒྱུད་ཐམས་ཅད་ལ་མཁས། གཤིན་རྗེ་གཤེད་ལ་ནུས་པ་ཐོབ། ཡུལ་ར་ར་ན་ཀླུ་གདུག་པ་ཅན་
གནས་པའི་མཚོ་ཞིག་ཡོད་པ། སྐབས་སྐབས་ལུད་ནས་གྲོང་ཁྱེར་དང་ཞིང་ལ་གནོད་པ་ཆེར་འབྱུང་བ་ཞིག་ཡོད་པ་ལ། ལྟ་སྟངས་མཛད་དེ་གནད་ལ་ཕབ་པས། ཀླུ་དེ་ཐུལ་ནས་ཕྱིན་ཆད་མཚོ་ལུད་པའི་གནོད་པ་མ་བྱུང༌། བསྐམ་ཡང་མ་བསྐམ། ཞིང་ལ་ཕན་པ་ཅིག་ཡོད་ཟེར། ཡང་བརྒྱུད་ཡིག་འགའ་ཞིག་ན། འཇམ་དབྱངས་ཡེ་ཤེས་ཞབས་དང་མར་མེ་མཛད། །རབ་འགྱིང་རྡོ་རྗེ་བདེ་སྦྱིན་སེ་ན་པ། །མཁའ་ལྡིང་ཞབས་དང་ཡོན་ཏན་འབྱུང་གནས་བཟང༌། །ངག་དབང་གྲགས་པ་ལྷ་འབྱུང་ཟླ་བ་དང༌། །ཟེར་བ་ཡོད་དེ། སཽ་སུ་ར་བ་དང་བདེ་སྦྱིན་ཞབས་གཅིགཨ་བ་ལི་དང་མཁའ་ལྡིང་ཞབས་གཅིག་པས། དོན་ལ་ཁྱད་མེད་དོ། །དེ་བ་ཨཱ་ཀ་ར་ལ་ཞང་གིས་གསན་ཏེ། དེ་ཡང་འབྲིང་མཚམས་པ་ཞང་ཅོ་གྲུ་ཤེས་རབ་བླ་མ་བྱ་བ། འཆིམས་ཕུ་བཀའ་ཕྱོགས་པ་བྱ་བའི་སྔགས་རྙིང་མ་པའི་སྡེ་ལ་ཞུགས། མདོ་སྒྱུ་སེམས་གསུམ། མགོན་པོ་བེང་མ་དང༌། མདོར་མགོན་སོགས་ཀྱང་མཁྱེན། བོ་དོང་གི་འབལ་ཤཱཀྱ་རྡོ་རྗེ་ལ་ཡོ་ག་ཡང་བསླབས། མཚན་ཉིད་ཀྱི་གཞུང་ཡང་མང་དུ་མཁྱེན། གསང་འདུས་གསན་པར་བཞེད་ཀྱང༌། དེ་ཙ་ན་གསང་སྔགས་གསར་མ་ཤིན་ཏུ་བཀའ་དོགས་པས། དཔེ་འདྲ་གཡར་བ་ལས་ཆོས་བཀའ་ཐོབ་པ་མ་བྱུང་ནས། བལ་བོར་བྱོན་ནས་ལོ་གཉིས་ཙམ་སྒྲ་ལ་སྦྱངས། དེ་ནས་རྒྱ་གར་མ་ག་དྷར་བྱོན། ཇོ་བོ་དེ་བ་ཨཱ་ཀ་ར་ཙནྡྲ་ལ་གསང་འདུས་རྫོགས་པར་གསན། དུས་འཁོར་ཡང་ཇི་རིགས་པ་གསན། ཁྱད་པར་ནག་འཇིགས་སྐོར་གསུམ་དགྱེས་ཕྱིན་པར་གསན་ཅིང༌། རྟགས་མཚན་དཔག་ཏུ་མེད་པར་བྱུང༌། བྱིན་རླབས་ཀྱི་བཀའ་བབས། དེའི་ནང་ནས་ཀྱང་དགྲ་ནག་ཉིད་ཁྱད་དུ་ཐོན་པར་གྲགས་སོ། །ཕྱིས་བོད་དུ་ཕེབས་པའི་ཨ་
མོ་གྷ་བཛྲ་ཡ། ཇོ་བོ་དེ་བ་ཨཱ་ཀ་རའི་སློབ་མ་པཎ་ཆུང་ཅིག་ཡོད། ལོ་ཙཱ་བ་དང་དེ་དུས་མཆེད་གྲོགས་ཡིན། དེ་ནས་ཇོ་བོ་དེ་བ་ཨཱ་ཀ་ར་བོད་དུ་སྤྱན་དྲངས། བལ་བོད་མཚམས་སུ་ཇག་པ་བྱུང་བ་ལ། པཎྜི་ཏས་ས་གཏོར་བས་ཇག་པ་ཐམས་ཅད་རེངས། དེ་རྗེས་ལོ་པཎ་ལྷན་ཅིག་ཏུ་དབུས་གཙང་དུ་འགྲོ་དོན་ཆེར་མཛད་ནས། གཞོང་སྟག་རྩེ་ཕུག་མོ་ཆེར་སྤྱན་དྲངས་ཏེ། ཆོས་མང་དུ་བསྒྱུར། པཎྜི་ཏ་བལ་ཡུལ་དུ་བསྐྱལ། དེ་ནས་སྔོན་གྱི་བླ་མ་དང༌། མཆེད་པོ་ཀུན་འདས་ཏེ་མི་བཞུགས་པས་ཐུགས་ཤིན་ཏུ་སྐྱོ་སྟེ། དཔྱལ་བྱང་ཆུབ་འབྱུང་གནས་དེ་གཞོན་ནུའི་དུས་ཀྱི་བླ་མ་ཡིན། དེ་དུས་ཁོང་མི་བཞུགས་ཀྱང༌། དེའི་སྲས་སེ་རྩརྨ་རུ་སྤྲན་དྲངས་ཏེ། འཇམ་དཔལ་ནམ་མཁའ་དྲི་མེད་ལ་སོགས་པའི་ཆོས་མང་དུ་གསན། ཕྱིས་པཎྜི་ཏ་དེ་བ་རཱ་ཛ་ལ། མཚན་བརྗོད་ཀྱི་ཆོས་སྐོར་སྒྲུབ་རྒྱུད་དང་བཅས་པ་དང༌། ཨ་མོ་གྷ་བཛྲ་བོད་དུ་ཕེབས་པ་ལ་ཡང༌། རྒྱུད་ཀྱི་འགྱུར་བཅོས་དང༌། འཁྲུལ་འཁོར་གྱི་སྐོར་སོགས་མན་ངག་འགའ་རེ་དང༌། ཨོ་རྒྱན་གྱི་སློབ་དཔོན་ཤེས་རབ་གསང་བ་ཞེས་བྱ་བ་ཨཱ་ཙརྱ་དམར་པོར་ཡང་གྲགས། ལྭ་བ་དམར་པོ་ཅན་དུ་གྲགས་པ་དེ་ལ། ཕྱག་རྒྱ་ཆེན་པོའི་ཐིག་ལེ་དང༌། བཀའ་སྲུང་རེ་མ་ཏཱི། དམག་ཟོར་གྱི་སྐོར་དང༌། རྫོགས་རིམ་གྱི་མན་ངག་ཟབ་མོ་མང་དུ་གསན། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་ཡང་ཡང་ཞལ་གཟིགས། དམག་ཟོར་རྒྱལ་མོ་དང༌། ལེགས་ལྡན་ནག་པོ་བྲན་དུ་འཁོལ། མཐུ་སྟོབས་ཐོགས་པ་མེད། འབྲིང་མཚམས་རལ་གསུམ་དུ་གཙུག་ལག་ཁང་དུ་མ་བཞེངས། དབུས་གཙང་ཁམས་གསུམ་གྱི་གྲྭ་བ་སྤྲིན་བཞིན་འདུས། འབྲིང་འཚམས་ཀྱི་ཞང་ཞེས་བོད་ཀྱི་མི་ཆེན་བཞིའི་གྱ་གཅིག་ཏུ་བགྲང་བ་ཡང་འདི་ནས་བྱུང༌། མི་རབས་
བདུན་གྱི་བར་དུ་ཐམས་ཅད་ངའི་རྗེས་སུ་བདེ་བར་འགྲོ་ཞེས་ཞལ་གྱིས་བཞེས་པ་བཞིན། ཕྱིས་གདུང་ལས་ཆད་པ་ལ་སྟོད་སྨད་ཚོ་དུ་མར་གྱེས་ཀྱང༌། ཐམས་ཅད་ལ་བདུན་བརྒྱད་ཀྱི་བར་དུ་སྔགས་པ་དང༌། དགེ་བཤེས་ངོ་མཚར་ཅན་ཤ་སྟག་བྱོན། དཔྱལ་ལོ་ཆེན་པོར་གྲགས་པ་བསོད་ནམས་རྒྱལ་མཚན་གྱིས་ཀྱང༌། ལོ་ཙཱ་བ་འདི་ལ་ནག་འཇིགས་སྐོར་གསུམ་རྫོགས་པར་ཞུས། སྐུའི་སྲས་བཞི་སྟེ། སངྒྷ་བྷ་དྲ། དྷརྨ་སིདྡྷི། ཛྙཱ་ན་གརྦྷ། རཏྣ་ཀེ་ཏུ་རྣམས་ཡིན་པ་ལས། ཕྱི་མ་གཉིས་ལ་རྒྱུད་འཛིན་མེད། ཆེ་བ་དགེ་འདུན་བཟང་པོ་ལ་ལྷ་རྗེ་སང་པོར་གྲགས། འདི་ཡབ་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་ཡི་དམ་ཞལ་གཟིགས། ཡུལ་ལྷ་སྡེ་བརྒྱད་ཕལ་ཆེར་དམ་ལ་ཐོགས། ཡབ་ཀྱི་དུས་ཐུགས་དམ་མགྲོན་ལྷའི་གཙུག་ལག་ཁང་གཞི་འདིངས་པ་ཙམ་ལས་མ་གྲུབ་པ་ལ། འདིས་མགྲོན་ལྷ་བྱམས་ཀྱི་གཙུག་ལག་ཁང་བྱ་བ། རྡོར་དབྱིངས་དང༌། འཇམ་དཔལ་གྱི་དཀྱིལ་འཁོར་གྱི་བཀོད་པ་མཐའ་ཡས་བཞུགས་པའི་ངོ་མཚར་རྨད་དུ་བྱུང་པའི་ལྷ་ཁང་བཞེངས། གསང་སྔགས་ཀྱི་སྡེ་ཆེན་པོ་ཚུགས། བླ་མ་གནམ་ཁའུ་པ་སྐུ་མཆེད་ཀྱིས་ཀྱང་འཇམ་དཔལ་ཞི་ཁྲོའི་ཆོས་སྐོར་རྣམས་གསན་ཅིང་ཤིན་ཏུ་གུས་པར་མཛད་དོ། །ལྷ་རྗེ་སང་པོ་ལ་སྲས་ལྔ་བྱོན་པ་ལས་ཆེ་ཤོས་ཙང་ཐང་འོད་པོ་དང༌། ཆུང་ཤོས་རྡོ་རྗེ་རྩེ་མོ་གཉིས་མཁས་གྲུབ་མཆོག་ཏུ་གྱུར་པ་བྱོན། གཅེན་གྱིས་ཁྱུང་པོ་གྲགས་སེང་དང༌། གཅུང་གིས་གསང་ཕུར་ཞང་ཚེས་དང༌། སྟོད་ལུང་དུ་རྒྱ་མར་བ་ལ་གཏུགས་ཏེ། མདོ་ལུགས་ཀྱང་མཁས་པར་མཁྱེན་པ་ཡིན་པ་འདུགདེ་དག་ལས་གྱེས་པའི་དགེ་བཤེས་སྔགས་མཁན་ཤིན་ཏུ་མང་ཡང༌། འདིར་རྒྱས་པར་འབྲི་མི་ལང༌། ཅོག་རབས་རིན་ཆེན་འཕྲེང་བ་སོགས་ན་གསལ་བར་ཡོད། ལྷ་རྗེ་སང་པོའི་སྲས་གཉིས་པ་
སྐྱི་ཚ་འོད་ཆེན་གྱི་སྲས་ཞར་ལོ་མྱ་ངན་མེད་པའི་དཔལ་ཡིན། དེའི་དབོན་པོ་ཞང་བྱང་ཆུབ་རིན་ཆེན་ཡིན་ཏེ། རྟེན་ཚངས་སྤྱོད། དགེ་བསྙེན་ཤིན་ཏུ་ཕྲིན་ལས་ཆེ། ཞང་ལོ་ཙཱ་བའི་སྲས་དྷརྨ་སིདྡྷི་ནས་བརྒྱུད་པ་ནི་ཞང་བན་དཔེ་བའི་ཕྱོགས་ཡིན་ལ། ཞང་སྒོམ་རི་བར་གྲགས་པ་དེ་ཡང་འདིའི་རྒྱུད་ལ་བྱུང༌། ཁྱད་པར་ཞང་རྣལ་འབྱོར་གཟུངས་ཞེས་བྱ་བའི་སྲས། ཞང་སྟོན་འབྲུག་སྒྲ་རྒྱལ་མཚན་ཡིན། སློབ་སྟོད་སྒྲུབ་པ་འོད་དང༌། ཡབ་མེས་དངོས་གྲུབ་རྒྱལ་མཚན་དང༌། བྱང་ཆུབ་རིན་ཆེན་སོགས་ལ་གཏུགས། སྤྱན་རས་གཟིགས་ཀྱི་གསུང་དངོས་སུ་བྱོན། སྒོག་ཐང་གི་ཕྲ་མེན་མ་བཏུལ། ནུས་མཐུ་ཤིན་ཏུ་ཆེ། བསྟན་པ་སྲུང་བར་མཛད་ནས། དེ་དུས་རྒྱལ་ཁྲིམས་མེད་པས་བོད་སིལ་བུ་ཡིན་ཡང༌། ཉིན་མོ་ལག་རྟགས་བསྟན་པ་དང༌། མཚན་མོ་སྐད་ཐོས་པས་སུས་ཀྱང་འདའ་མི་ནུས། འབྲིང་འཚམས་ལ་ལམ་རྒྱ་ཡང་མཛད། ལྕེན་ལུང་མཁར་རྔའི་གཙུག་ལག་ཁང་བཞེངས། དགྲ་གདོང་འཇིགས་གསུམ་གྱི་དབང་བཀའ་བཤད་བཀའ་མན་ངག་གི་བཀའ་ཐམས་ཅད་ཤིན་ཏུ་དར་བར་མཛད། ཡང་ཞང་བྱང་ཆུབ་རིན་ཆེན་གྱི་སློབ་མ་ཤེས་རབ་རྡོ་རྗེ་དང༌། ཤེས་རབ་འབྱུང་གནས་སྐུ་མཆེད་ཀྱི་སློབ་མ་ཞང་རིན་ཆེན་འོད་ཟེར་བ་ཡིན། འདིར་མཁར་རྔ་དགོན་གསར་བཏབ། རྟེན་དགེ་སློང་ཡིན། གཞན་ཕན་ཤིན་ཏུ་ཆེ། ཡང་ཞང་འབྲུག་སྒྲ་རྒྱལ་མཚན་གྱི་སྲས་ཞང་རིན་ཆེན་རྒྱལ་མཚན་སོགས་ཀྱང་ཆོས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །བརྒྱུད་ཡིག་ནི་ལོགས་སུ་ཡོད་དོ། །ད་ནི་རྭ་ལུགས་པ་རྣམས་ཀྱི་བཞེད་པ་བཤད་དེ། སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲ་ལ། ཨ་མོ་གྷ་བཛྲ་ཆེན་པོས་ཐུག་གསུང་སྟེ། དེ་ནི་དཔལ་རྡོ་རྗེ་འཇིགས་བྱེད་
ཆེན་པོ་དང་མི་ལབ་པ་བཞིན་དུ་བཞུགས་གསུང༌། རྒྱ་གར་དུ་གྲགས་པ་ལ་ལི་ཏའི་དངོས་སློབ་ཀྱི་གསལ་ཁ་རང་མེད། མ་ལ་བའི་ཡུལ་དུ་ཀླ་ཀློའི་གྲོང་ལྔ་སྟོང་ཙམ་ཡོད་པ་ལ། གྲོང་བསྐྲད་པའི་སྦྱོར་བ་མཛད་པས། ཡུལ་དེའི་རྒྱལ་པོ་ཁྲོས་ནས། དེ་ཐམས་ཅད་རྒྱ་མཚོའི་གླིང་ཕྲན་ཞིག་ཏུ་བསྐྲད་པར་གྲགས། ལ་ལི་ཏ་མི་ཡུལ་ན་བཞུགས་པའི་དུས་ཀྱི་དངོས་སློབ་ཡིན་ན། རྒྱལ་པོ་དེ་ཡང་རྒྱལ་པོ་བརྟ་ཧ་རི་ཡིན་པར་བྱེད་དགོས། ཕྱིས་ཞལ་གཟིགས་ཡིན་ན་ངེས་པ་མེད། རྒྱ་གར་གྱི་གཏམ་རྒྱུད་ཅིག་ལ། རྒྱལ་པོ་མཧཱ་པཱ་ལའི་དུས་སུ། ཨ་མོ་གྷ་ཆེན་པོ་བྱུང༌། དེས་སྒྱུ་འཕྲུལ་དྲྭ་བ་ལ་འགྲེལ་ཆེན་བྱས་ཟེར་བ་ཡོད་ཅེས་བླ་མ་གསུང་སྟེ། དེ་ལྟ་ན་ཡུལ་མ་ལ་བའི་རྒྱལ་པོ་དེ་ཡང་རཱ་མ་ཡུདྡྷ་ཡིན་པར་མངོན་ནོ། །གང་ལྟར་ཡང་ཨ་མོ་གྷ་ཆེན་པོ་ལ་ཡེ་ཤེས་འབྱུང་གནས་སྦས་པའི་དཔལ་གྱིས་གསན། དེ་ལ་སློབ་དཔོན་པདྨ་བཛྲ་བྱ་བས་གསན། སློབ་དཔོན་འདི་ནི་ཕ་མས་བཏགས་པའི་མིང་རཱ་མ་པཱ་ལ། སློབ་གཉེར་བྱས་པའི་མིང་ཨ་བྷི་ཛུཀྟ། རབ་ཏུ་བྱུང་བའི་མཚན་ཤྲཱི་རཀྵི་ཏ། གསང་མཚན་པདྨ་བཛྲ་ཡིན་གསུང་བ་འདུགཡི་གེ་རྙིང་པ་རྣམས་ན། ཨོ་རྒྱན་པ་ཡིན་གསུང་བ་འདུག་ནའང༌། ཡིག་ནོར་བརྒྱུད་པ་འདྲ། སློབ་དཔོན་འདི་འཁྲུངས་ས་ཨོ་ཌི་བི་ཤ་བ་ཡིན། ཨོ་ཌི་བ་ཨོ་རྒྱན་པར་འཁྲུལ་བ་ཡིན་ནམ་སྙམ་མོ། །སློབ་དཔོན་དེ་གཉིས་ཀྱིས་ཀྱང༌། རྡོ་རྗེ་འཇིགས་མཛད་ཆེན་པོ་ཞལ་གཟིགས། བླ་མ་དེ་ལ་བླ་མ་བྷ་རོ་ཕྱག་སྡུམ་དང༌། མེ་ཙ་ལིང་པ་གཉིས་ཀྱིས་ཞུས། བྷ་རོ་ཕྱག་སྡུམ་ལ་པཎྜི་ཏ་འཇམ་པའི་དབྱངས་ཟེར། འཁྲུངས་ཡུལ་བལ་བོ། རིགས་བྲམ་ཟེ། དང་པོ་ཕྱི་པ་ཡིན། རྒྱལ་པོའི་ཆད་པ་བྱུང་
བས། ཕྱག་གཡོན་སྡུམ་པོ་ཡིན། རྒྱ་གར་དུ་བྱོན་ནས་མུ་སྟེགས་ཀྱི་ལྷ་དྲག་པོ་མང་པོ་བསྒོམ་བསྒྲུབ་བྱས་ནས་རྒྱལ་པོ་འདུལ་བར་བསམས་ཀྱང༌། ཁོང་རང་སྨྱོ་བས་སྡུག་བསྔལ་བར་ཡོད་པ་ལ། སློབ་དཔོན་པདྨ་བཛྲ་གྱིས་བུམ་ཆུས་བཀྲུས་པས་སྨྱོ་བ་བསངས། ནང་པ་ལ་མོས་ཏེ་ཆོས་ཀྱི་སྒོར་ཞུགས། ནག་པོ་སྐོར་གསུམ་ལ་མཁས། སྒྲུབ་པ་རིང་དུ་མཛད་པས། དཔལ་རྡོ་རྗེ་འཇིགས་མཛད་ཞལ་གཟིགས། ནུས་པ་ཐོགས་མེད་མངའ། རྭ་ལོས་གཟིགས་པ་ལ་ཡང༌། ཁོང་གི་གཡོག་པོ་དང༌། མཐའ་འཁོབ་རྒྱལ་ཕྲན་ཅིག་འཁྲུགས། རྒྱལ་པོ་དེས་དམག་བྱེད་པར་བརྩམས། འཁོར་དང་ཉེ་དུ་ཀུན་གྱིས་བྲོས་པ་དྲག་ཞུས་ཀྱང༌། རྒྱལ་པོ་ཁོ་ང་ལ་གུས་པ་བཏུད་དུ་འོང་གསུང༌། ཞག་ཤས་ཅིག་སུ་ཡང་མ་བྱུང༌། དེ་ནས་ཉིན་ཅིག་རྒྱལ་པོ་དེ་འཁོར་བཅས་འོངས། འབུལ་བ་ཆེན་པོ་བྱས། ཞབས་སྤྱི་བོར་བླངས་ཏེ། སློབ་དཔོན་འདིས་དབང་དང་དགུག་པའི་ལས་འགྲུབ་པའི་རྟགས་སོ། །མེ་ཙ་ལིང་བའང་བལ་བོ་ཀ་ཡིན། དུས་དེ་ཙ་ན་བལ་བོའི་ཡ་རབས་དྲ་མ་རྣམས་ལ་བྷ་རོ་ཟེར་བས། སློབ་དཔོན་འདི་ལའང་བྷ་རོ་ཞེས་འབོད་པའི་སྐབས་ཡོད་པས། བྷ་རོ་ཞེས་པའི་མིང་ཙམ་ལ་འཁྲུལ་ནས། ཕྱག་སྡུམ་དང་འདི་གཉིས་གཅིག་པར་འདོད་པ་ནི་ཤིན་ཏུ་བླུན་ནོ། །རབ་ཏུ་བྱུང་བའི་མཚན་དངོས་དཱི་པཾ་ཀ་ར་རཀྵི་ཏ། ཐུགས་རྒྱུད་འཇམ་ཞིང་འགྲོ་ཕན་ཤིན་ཏུ་ཆེ་བས་བླ་དྭགས་ཀྱི་མཚན་ཐུགས་རྗེ་ཆེན་པོ། བཞུགས་གནས་དགོན་པ་མེ་ཙ་ལིང་ཡིན་པས། མེ་ཙ་ལིང་པར་གྲགས། རྟེན་དགེ་སློང་ཡིན། པྲཛྙཱ་རཀྵི་ཏ་དང༌། ཀ་ན་ཀ་ཤྲཱི་དང༌། དྷརྨ་ཨཱ་ཀ་ར་མ་ཏི་དང༌། པདྨ་བཛྲ་སོགས་བླ་མ་མང་པོ་བསྟེན་ནས། རྣལ་འབྱོར་བླ་མེད་ཀྱི་
རྒྱུད་གྲགས་ཆེ་བ་ཕལ་ཆེར་མཁྱེན། ཡོ་ག་ལ་ཡང་མཁས་པ་ཞིག་ཡིན་པར་སྣང་སྟེ། ཟངས་ཀར་ལོ་ཙཱ་བས་པཎྜི་ཏ་འདི་ལ་ཞུས་ནས། ཡོ་ག་སྨད་འགྲེལ་ཆེན་མོ་བསྒྱུར་བ་ཡིན། ཁྱད་པར་དུ་འཁོར་ལོ་སྡོམ་པ་དང༌། གཤིན་རྗེ་གཤེད་ལ་མངའ་བརྙེས་འཇམ་དཔལ་འཇིགས་མཛད་ཆེན་པོ་ཞལ་གཟིགས། ནུས་མཐུ་ཐོགས་པ་མེད་པ་མངའ་འོ། །བླ་མ་དེ་གཉིས་ཀར་ལ་རྭ་ལོ་ཆེན་པོས་གསན། ཡང་བརྒྱུད་པའི་ལུགས་གཅིག་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་སྤྱོད་པ་བ། བྷ་དྲ་བ། དྷ་མ་པ། དེ་བ་པ། ཛེ་ཏཱ་རི་པ། ཨ་ནཾ་ག་པ། དྷརྨ་ཨཱ་ཀ་ར་མ་ཏི། མེ་ཙི་ལིང་པ་ཞེས་པ་དང༌། ཡང་རྡོ་རྗེ་མཁའ་འགྲོ་མ། ཏིལླི་པ། ནཱ་རོ་བ། པྲཛྙཱ་རཀྵི་ཏ། ཐུགས་རྗེ་ཆེན་པོ་ཞེས་པའམ། ནཱ་རོ་བ། མ་ན་ཀ་ཤྲཱི། ཀ་ན་ཀ་ཤྲཱི། དཱི་པཾ་ཀ་ར་རཀྵི་ཏ་ཞེས་འདེད་པའང་ཡོད་དེ། དེ་དག་ཀྱང༌། དགྲ་གདོང་འཇིགས་གསུམ་དང༌། བདེ་དགྱེས་སོགས་ཀྱི་དབང་དུ་བྱས་པར་འདུགགཞན་ཡང་གྲུབ་ཐོབ་མང་པོའི་བརྒྱུད་པ་མངའ་བ་ཞིག་གོ །བྷ་རོ་ཕྱག་སྡུམ་དང༌། ཐུགས་རྗེ་ཆེན་པོ་འདི་གཉིས་ལ། བ་རི་ལོ་ཙཱ་བས་ཀྱང་གཏུགས། མལ་ལོས་ཀྱང་ཕྱག་སྡུམ་ལ་སྒྲོལ་མའི་ཆོས་སྐོར་སོགས་ཞུས། ལོ་རྒྱུས་དེ་ཙམ་ནི། ཁུངས་དང་ལྡན་ཞིང་ནོར་འཁྲུལ་ཡེ་མེད་པས་བཀོད་པ་ཡིན་ལ། གཤིན་རྗེ་གཤེད་རྭ་ལུགས་ཀྱི་བླ་མ་རྒྱ་བོད་ཀྱི་རྣམ་ཐར། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་ཟེར་བ་དེ་ན། ལ་ལི་ཏ་མན་གྱི་བླ་མ་རྣམས་ལ་ལོ་རྒྱུས་ཉག་ཉོག་མང་པོ་འདུག་ཀྱང༌། ཁུངས་དང་མི་ལྡན་ཞིང་ཡིད་བརྟན་ཐུབ་པར་མི་འདུག་པས་འདིར་མ་བྲིས་ལ། རྒྱ་སྟོན་ཆེན་པོ་ཡང་གསུང་རབ་སྤྱི་ལ་མཁས་ཚུལ་རང་མ་བསྟན་འདུག་ནའང༌། ལམ་འབྲས་དང༌། གཤེད་སྐོར་ལ་མཁས་ཤིང་གནས་ལུགས་གཟིགས་
པ། ནུས་མཐུ་བརྙེས་པའི་སྐྱེས་བུ་དམ་པར་འདུག་པས། རྫུན་པོ་ཆེ་ག་ལ་མཛད། དེས་ན་ཡི་གེ་དེ་རྒྱ་སྟོན་ཀྱིས་མ་མཛད་པར་ངེས། ཁམས་ཕྱོགས་ཀྱི་སློབ་མ་མི་མཁས་པ་དེ་འདྲས་བརྩམས་པར་མངོན་ནོ། །བླ་མ་བྷ་རོ་ཕྱག་སྡུམ་དང༌། བླ་མ་མེ་ཙ་ལིང་པ་གཉིས་ལ། ལོ་ཙཱ་ཤེས་པའི་སློབ་མ་རང་ཡང་མང་མོད་ཀྱི། སློབ་མའི་ཐུ་བོ་འགྲན་གྱི་དོ་ཟླ་མེད་པ་ནི། ༧ རྗེ་བཙུན་རཱ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས་པའོ། །བླ་མ་དེ་ནི་ལ་སྟོད་གཉའ་སྣམ་གྱི་ཡུལ་དེའི་ནང་ཚན་སྣང་ཡུལ་ཞེས་པར་འཁྲུངས། ཡབ་ནི་རྭ་དཀོན་མཆོག་རྡོ་རྗེ་ཞེས་བྱ་བ། སྔགས་རྙིང་མ་བའི་རིགས་ཞིག་ཡིན། བྱིས་པ་ཆུང་ངུའི་སྐབས་ཤིགདཔལ་ལྷ་མོ་རེ་མ་ཏཱི་མངོན་སུམ་དུ་བྱོན་ནས། ན་བཟའ་ཕུ་རུངས་ཀྱི་ནང་དུ་བཅུག་སྟེ། སྤྱིར་རྒྱལ་ཁམས་ཆེས་མང་བ་ཞིག་བསྐོར་ཞིང་ཡུལ་གྱི་བཀོད་པ་གཟིགས། ཁྱད་པར་མདོ་ཁམས་ལྷོ་བྱང་སྟོད་སྨད་ཐམས་ཅད་བསྟན། ཟླ་བ་གསུམ་གྱི་བར་དུ་དེ་ལྟར་བྱུང༌། ནང་མི་རྣམས་ཀྱིས་བུ་སྟོར་བར་ཐག་བཅད། དེ་ནས་དཔལ་ལྷ་མོས་ཡབ་ཡུམ་གཉིས་ཀྱི་ཁྱིམ་དུ་བསྐྱལ་བ་ན། ཟླ་བ་གསུམ་པོ་དེའི་རིང་ལ་ལོ་གསུམ་གྱི་ལུས་སྐྱེད་བྱུང༌། ལོ་རྒྱུས་རྣམས་བཤད་པས་མི་ཐམས་ཅད་ངོ་མཚར་ཆེ་བར་བྱེད། ཕྱིས་འགྲོ་དོན་མཛད་པའི་དུས་ཀྱང༌། ཁམས་པའི་གྲྭ་རིགས་མང་པོ་འདུས་པ་ལ། ཁྱེད་ཀྱི་ཡུལ་དེ་ནི་འདི་དང་འདི་ལྟ་བུའི་ཞེས་རི་ཀླུངས་ཆུ་ཞིང་གྲོང་གི་བཀོད་པ་སོགས་ཕྲ་ཞིང་ཕྲ་བ་ཐམས་ཅད་ཡུལ་སོ་སོ་རང་གི་མི་བས་ཀྱང་ཞིབ་པར་གསུང་བ་ཞིག་ཡོད། དེ་ནས་སྐུ་ཆེར་སྐྱེས་ནས། རེ་ཞིག་ཁྱིམ་གྱི་འཚོ་ཆས་དང༌། འབྲོག་སྐྱོང་བ་སོགས་ལའང་ལོ་མང་རབ་སོང༌། དེ་ནས་བར་སྐབས་སུ་ཐུགས་ལ་དད་པ་འཁྲུངས་ཏེ་ཆོས་གྲྭ་འགར་བྱོན་ནས། ཕར་ཕྱིན་དང༌། གསང་སྔགས་གསར་རྙིང་གི་
ཆོས་ཐོར་བུ་པ་ཡང་མང་དུ་གསན་ཅིང་མཁྱེན་ལ། དེ་སྐབས་ནས་བླ་མ་དང༌། མཆེད་གྲོགས་གོང་མ་ཐམས་ཅད་ཡོ་བྱད་དང་སྤྱོད་ལམ་དང་གུས་པས་མཉེས་པར་མཛད། བར་སྐབས་སུ་མཉམ་པར་འཇོག་པ་དང༌། འཇམ་དཔལ་དང༌། སྒྲོལ་མ་སོགས་ལྷག་པའི་ལྷའི་བསྙེན་པ་ཡང་མང་དུ་མཛད། དགྱེས་རྡོར་དང་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱང་རགས་པ་མཁྱེན། དེ་དག་ཏུ་ལོ་མང་པོ་སོང་ཞིང༌། བར་སྐབས་དེར་གྲོགས་དང་ཉེ་དུ་རྣམས་ཀྱིས་བསྐུལ་ནས། འབྲོ་ཇོ་བོ་པདྨ་བྱ་བའི་བུ་མོ་ཞིག་ཀྱང་ཁྱིམ་ཐབ་ཏུ་བཞེས། སྣང་ཡུལ་ལ་སྡུད་སྒོ་རེ་ཡང་ཡོད་པ་ལས། མི་རིང་པ་ཅིག་ན་བུད་མེད་དེས་ཀྱང་མི་དགའ་ལྟས་ཏེ་བོར་ནས། འབྲོ་རྗེ་རྩད་པོའི་བུ་འཛམ་མེ་ཟེར་བ་ཅིག་གི་སར་སོང༌། གཉའ་སྣམ་ཡུལ་པ་དང༌། དེ་དག་གི་ངན་གྲོས་བཤམས། ཡུལ་པ་རྣམས་ལོག་སྟེ་དམག་བྱས་བཀྲོང་བར་བརྩམས་པ་ལས། རེ་ཞིག་མཁར་ལ་འཕྲས་པས་གནོད་མ་ཐུབ། དེ་ནས་ཉན་ཚོ་གནས་རྙིང་གི་འདུལ་བ་འཛིན་པ། རྒྱ་གར་ལ་གཤེགས་པར་བཞེད་པ་ཞིག་ཡུལ་དེར་ཕེབས་པ་དང་མཇལ་ནས། ཁོང་གི་ཕྱག་ཕྱི་ལ་འབྲངས། བལ་ཡུལ་དུ་བྱོན། མཐུ་ཞུ་བར་བཞེད་དེ། མེ་ཙ་ལིང་པ་དང༌། བ་རོ་ཕྱག་སྡུམ་ལ་ཉི་མ་གཅིག་ལ་ཆོས་སྣེ་བཏགས། ཐོག་མ་ཉིད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བསྐུར་ཞུས། ལག་ལེན་བསླབས་ཏེ་བསྙེན་པ་དང་སྒྲུབ་པ་མཛད། ལོ་གཅིག་ལྷག་ཙམ་ན་ཞལ་གཟིགས་ཀྱི་མཚན་མ་བྱུང༌། ལས་རྣམས་འགྲུབ་ངེས་པར་འདུག་ནས། བོད་དུ་འགྲོ་བའི་མི་འགལ་ལ་ལོན་བསྐུར་ཏེ། འབྲོ་རྗེ་རྩད་པོ་དང༌། སྣང་ཡུལ་བའི་ཡུལ་པ་རྣམས་ལ་ཟླ་བ་གསུམ་གྱི་མཐུ་དུས་བཏབ། དྲག་པོའི་འཁོར་ལོ་བསྐོར་བས་ཟླ་བ་གསུམ་གྱི་
ནང་དུ་སྣང་ཡུལ་དུ་རིམས་ནད་སྣ་ཀ་མི་འདྲ་བ་མང་པོ་དུས་གཅིག་ཏུ་བྱུང༌། གྲོང་བརྒྱ་ཙམ་ཡོད་པ་གཅིག་ཀྱང་མ་ལུས་པ་ཐམས་ཅད་སྟོངས། རྩད་པོའི་བུ་དང༌། བུད་མེད་དེ་གཉིས་ལ་ཚེས་བཅུ་བཞིའི་ནམ་ཕྱེད་ཅིག་འུར་སྒྲ་དང་བཅས་ཏེ་ལྕགས་ཀྱི་ཕུར་པ་དངོས་སུ་བྱུང་སྟེ། དཔྲལ་བ་ཕུག་ནས་ཤི ལོ་དེ་ཁའི་ཁོངས་སུ་རྩད་པོ་རང་དང༌། གཡོག་ཕོ་མོ་དྲུག་ཅུ་ཙམ་ཡང་ཤི རྭ་ནག་པོའི་མཐུ་བ་ལོག་ལྟ་ལོག་ཏུ་གྲགས། དེ་ནས་རྭ་ཆེན་པོས་པུ་རངས་སུ་མངའ་བདག་རྩེ་ལྡེ་ལ། ཆོས་བསྒྱུར་བའི་མཐུན་རྐྱེན་ཞུར་བྱོན། གསེར་སོགས་ཡོ་བྱད་མང་པོ་རང་བྱུང་སྟེ། སླར་ཡང་བལ་ཡུལ་དུ་ཕེབས། རིན་ཆེན་ཚུལ་གྱི་གཙུག་ལག་ཁང་དུ་དགེ་སློང་མཛད། སྔར་གྱི་བླ་མ་རྣམ་གཉིས་དང༌། གཞན་ཡང་རྒྱ་བལ་གྱི་པཎ་གྲུབ་མང་པོ་བསྟེན། སློབ་དཔོན་ཐུགས་རྗེ་ཆེན་པོ་གསང་སྔགས་ཀྱི་བང་མཛོད་ཡིན་པས། རྩ་བའི་བླ་མ་དེ་ལ་མཛད། བདེ་མཆོག་རྩ་རྒྱུད། སམྤུ་ཊི། རྣལ་འབྱོར་མ་ཀུན་སྤྱོད། ཧེ་རུ་ཀ་མངོན་བྱུང༌། ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ་སྟེ་འཁོར་ལོ་སྡོམ་པའི་རྒྱུད་དྲུགགཤིན་རྗེ་གཤེད་དགྲ་གདོང་འཇིགས་གསུམ། འཇམ་དཔལ་མཚན་བརྗོད། ལཱུ་ཡི་སྨད་ལྔ། ནག་པོ་གཞུང་དྲུགདཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ། སྒྲུབ་ཐབས་དོན་གསལ་དང༌། ཕག་མོ་ཞལ་གཉིས་མའི་ཆོས་སྐོར་སོགས་རྩལ་དུ་ཐོན་པར་སྦྱངས་པ་མཛད། མགོན་ནག་དང་པར་བུ་སོགས་གདམས་ངག་ཕྲ་མོ་མང་པོ་ཡང་གསན། གཏུམ་མོ། རླུང་སྦྱོར། སེམས་འཇོག་གི་སྒོམ་སོགས་ཟབ་དོན་མང་པོའང་གསན། གསང་སྔགས་ཀྱི་རྒྱུད་ཞོར་ཉན་དུ་མཛད་པའང་མང་པོ་ཡོད་གསུང༌། སླར་ཡང་འཁོར་ལོ་སྡོམ་པ་དང༌། གཤིན་རྗེ་གཤེད་ཀྱི་
སྒྲུབ་པ་བསྐྱར་མའང་མང་དུ་མཛད། བལ་བོར་ལོ་བཅོ་ལྔ་ཙམ་བཞུགས། སྐབས་དེར་བོད་ལ་མ་བྱོན་ཀྱང༌། མངའ་རིས་ཀྱི་རྒྱལ་པོ་དབང་ཕྱུག་ལྡེ་ལ་གསེར་སློངས་ཀྱི་ཕོ་ཉ་བཏང་བ་ལ། གསེར་མང་དུ་བྱུང་བས་ཕལ་ཆེར་བླ་མ་རྣམས་ཀྱི་ཞབས་ཏོག་མཛད་ཅིང༌། གདམས་ངག་གི་འཕྲོ་ཞུས། གསེར་ལྷག་མ་མང་དུ་བསྣམས་ནས། རྒྱ་གར་མ་ག་དྷར་བྱོན། ཟླ་བ་དྲུག་ཙམ་བཞུགས། རྡོ་རྗེ་གདན། བི་ཀྲ་མ་ཤི་ལ་ཨོ་ཏན་ཏ་པུ་རི་རྣམས་སུ་མཆོད་པ་རྒྱ་ཆེར་མཛད། སྨོན་ལམ་བཏབ། ན་ལན་དའི་ལྷ་ཁང་ཐམས་ཅད་ལ་ཡང་མཆོད་པ་མཛད། དགེ་འདུན་ནི་མི་བཞུགས། དཀོན་གཉེར་རྣམས་ཚིམ་པར་བྱས། མ་ག་དྷའི་མཁས་པ་རྣམས་ལ་ཆོས་འབྲེལ་རེ་ཙམ་གསན་པ་ནི་མང་དུ་ཡོད་པར་འདུགདོགས་གཅོད་ཀྱང་མང་དུ་མཛད། འོན་ཀྱང་མ་ག་དྷར་མཆོད་པ་མཛད་པ་ཡིན། ཐུགས་གཉེར་རང་མ་མཛད་ཅིས་ཀྱང་གྲགས་ཏེ། ཡུན་རིང་བ་རང་མ་བཞུགས་པ་མིན་པ་སློབ་གཉེར་ནི་མཛད་པར་ཤེས་སོ། །དེ་ནས་དབྱར་ཅིག་པུ་རངས་དང༌། ཡར་རྩེར་བྱོན། རྒྱལ་པོ་གོ་གཉིས་ཀྱང་དགྱེས་པས་ཆོས་འཁོར་རེ་ཡང་མཛད། དེ་ནས་ལས་སྟོད་ལ་མར་བྱོན་དུས། སྔར་གྱི་དགྲ་རྣམས་ལྟ་ཅི་སྨོས། ཕྱོགས་གཏོགས་ཚུན་ཆད་ཀྱང་སྟོངས་ནས་མེད་པས་བག་ཟོན་དགོས་པ་ནི་གཅིག་ཀྱང་མེད། མཐུ་བོ་ཆེ་དེ་བྱུང་ཞེས་ཐམས་ཅད་འཇིགས་འཇིགས་བྱེད། རྙེད་བཀུར་དང་ཆོས་ཞུ་མཁན་ཙམ་མ་བྱུང༌། དེ་ནས་དབུས་གཙང་གི་གཞུང་ཀུན་ལ་ཕེབས། མཐུ་ཆེན་གྱི་གྲགས་པ་ལ་བརྟེན་ནས་སྐུ་བསོད་རྒྱས། ལྷ་ས་བསམ་ཡས་གཉིས་སུ་ཆོས་འཁོར་ཅུང་ཟད་རེ་ཡང་མཛད། ལོ་ཤེས་སོང་ཡོད་པར་འདུགཔཎྜི་ཏ་སྤྱན་དྲངས་ན་འགྲོ་ཕན་ཆེ་བར་དགོངས་ཏེ། མངའ་རིས་ནས་དེ་བར་ལ་ཕྱག་ཏུ་འབྱོར་བའི་རྫས་
བཟང་རྒུ་ཕར་བསྣམས་ནས། བླ་མ་རྣམས་ལ་ཚོགས་འཁོར་དང་འབུལ་བ་ཆེར་མཛད། དཱི་པཾ་ཀ་ར་རཀྵི་ཏ་བོད་དུ་སྤྱན་དྲངས། གྲོམ་པ་མན་ཆད་ནས་འགྲོ་དོན་འུར་ལངས། དབུས་ཀྱི་ལྷོ་བྱང་ཐམས་ཅད་དང༌། གཉལ་གྱི་བར་དུ་ཕེབས། ཆོས་ཐམས་ཅད་གསེར་ཆོས་སུ་མཛད་དེ། རྒྱུད་སོ་སོའི་རྒྱུད་མཆོད། དབང་ཡོན། ཚོགས་འཁོར་རྒྱུད་ཡོན་སོགས་ཕར་བཞགཞུ་རྟེན་རང་ལའང༌། རྡོ་རྗེ་འཇིགས་བྱེད་ལ་གསེར་སྲང་གང༌། གཞན་རྣམས་ལ་གསེར་ཞོ་རེ་རེ་བབ་ཀྱང༌། ཞུ་བ་པོ་མི་ཐོབ་པ་ཙམ་བྱུང༌། པཎྜི་ཏས་ཀྱང་བོད་དུ་ལོ་མང་པོ་མ་བཞུགས་འགའ་ཞིག་ལོ་བདུན། ཁ་ཅིག་ལོ་ལྔ་ཟེར། ཕར་ཕེབས་དུས་གསེར་སྲང་སྟོང་ཕྲག་གཅིག་ཕྱག་ཏུ་ཕུལ། གླ་བ་ལ་སོགས་པ་ཡོ་བྱད་གཞན་རྩིས་སུ་མ་བཏབ། ཡར་ལམ་ལ་སྟོད་དུའང་འགྲོ་དོན་ཆེར་བྱུང༌། བལ་བོའི་བར་དུ་སྐྱེལ་མ་མཛད། དེ་རྗེས་རྭ་ལོ་ཆེན་པོ་སྐུ་བསོད་ཤིན་ཏུ་རྒྱས། ཁམས་སྟོང་པུ་བོ་ཡན་ཆད་དབུས་གཙང་ཀོང་པོ། གཉལ་ལོར། ལྷོ་བྲག་ཚུན་ཆོད་དུ་ལན་མང་དུ་ཕེབས། བཞུགས་ཡུལ་མཐིལ་ནི་གཡས་རུ་ནུབ་མདར་མཛད། བླ་མ་དཱི་པཾ་ཀ་ར་བལ་ཡུལ་དུ་ཕེབས་པའི་རྗེས་སུ་སྐུ་མ་འདས་ཀྱི་བར་ལ། སྔ་ཕྱིར་འབུལ་ཆེན་ལན་སུམ་ཅུ་སོ་བདུན་བསྐྱལ། འབུལ་བ་རེ་རེའི་སྟེང་དུ་རེས་ཙ་དུ་ཞེས་བྱ་བ་བཙུན་པ་ཉིས་བརྒྱ་ཙམ་བསགས་པ་ལ། མཆོད་སྟོན་ཡོན་བཅས་རེ་དང༌། རེས་ཧ་དུ་སྟེ་སྔགས་པ་ཉིས་བརྒྱ་ཙམ་བསགས་པ་ལ་ཚོགས་འཁོར་ཡོན་བཅས་རེ་མཛད། བླ་མ་བྷ་རོ་ཕྱག་སྡུམ་ལ་གསེར་སྲངལྔ་བརྒྱ་ཕུལ། གཞན་ཡང་བཀའ་དྲིན་ཆེ་བའི་བླ་མ་ལྔ་ཙམ་ཡོད་པ་ལའང༌། གསེར་སྲང་བརྒྱ་ལྷག་རེ་ཕུལ། རྒྱ་གར་རྡོ་རྗེ་གདན་དུ་མཆོད་པའི་ཐེས་ལ། གསེར་སྲང་བརྒྱ་ཕྲག་རེ་སྔ་ཕྱིར་ལན་མང་པོ་དང༌། བི་ཀྲ་མ་ཤཱི་ལ། ཨོ་ཏནྟ་པུ་རི། ན་ལན་ད་རྣམས་
སུ་ཉི་ཁྲི་དང༌། བརྒྱད་སྟོང་པ། མངོན་རྟོགས་རྒྱན་དང་བཅས་པའི་འཆད་ཉན་གྱི་ཐེས་དང༌། ཆུང་བ་སྡུད་པ་འཆད་པའི་ཐེས་སོགས་བསྟན་པ་ནམ་གནས་པར་དུ་རྒྱལ་བློན་ལ། ཞིང་ས་དང༌། ལྷ་འབངས་གྲོང་ཞུ་བ་སོགས་ལ། གསེར་སྲང་བརྒྱ་ཙམ་ཉིས་བརྒྱ་ཙམ་འབུལ་བར་བཏང་བ་ཤིན་ཏུ་མང༌། བླ་མ་ལ་གུས་ཤིང་ཞབས་ཏོག་ཆེ་བའི་ཚད་དུ་བཞག་པ་ཡིན། དེ་དག་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་རྒྱུ་རྣམས་གཙོ་བོར་སྨོས་པའི་སྐབས་ཡིན་ནོ། །འབྲས་བུ་གཙོ་བོར་གྱུར་པའི་ཆེ་བ་ལ། ལུང་བསྟན་བརྙེས་པའི་ཆེ་བ། ཆོས་གསུངས་པའི་ཆེ་བ། བྱིན་རླབས་ནུས་མཐུའི་ཆེ་བ། སྐུ་བསོད་ནམས་ཀྱི་ཆེ་བ། མཛད་པ་ཕྱག་རྒྱས་ཀྱི་ཆེ་བའོ། །དང་པོ་ནི། སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང༌། ཨཱ་ཙརྱ་བོ་དྷི་སཏྭས་ཆོས་འཁོར་ཆེན་པོ་བསམ་ཡས་ལ། མ་འོངས་པ་ན་མེའི་གནོད་པ་བྱུང་བའི་ཚེ། འཇམ་དཔལ་གྱི་སྤྲུལ་པ་དགེ་སློང་ཞིག་གིས་གསོ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ནི། རྗེ་བཙུན་རྭ་ལོ་འདི་ཡིན། ཀླུ་མེས་ཀྱིས་ཞིག་གསོས་ཅུང་ཟད་མཛད་པ་ནས། ཕྱི་མའི་བར་དུ་ཞིག་གསོས་ཐན་ཐུན་བྱེད་པ་མང་དུ་བྱུང་ཡང༌། མེའི་གནོད་པ་གསོས་པ་འདི་ཁོ་ན་ཡིན་ནོ། །གཉིས་པ་ནི། གོང་དུ་སྨོས་པ་དེ་རྣམས་ལས། སྔོན་བོད་དུ་གསན་པ་དང༌། ཕྱིས་རྒྱ་བལ་དུ་ཡང་ཞོར་ཉན་ཙམ་མཛད་པའི་རིགས་རྣམས་ཡེ་མ་གསུངས། རྒྱ་བལ་གྱི་པཎ་གྲུབ་རྣམས་ཀྱི་དྲུང་དུ་ནན་ཏན་ངེས་ཏིག་རྩལ་འདོན་དུ་མཛད་པ་རྣམས་ཁོ་ན་གསུངས། ལྷད་མེད་ཡིད་ཆོས་ཅན་བྱིན་རླབས་དང་ལྡན་པ་ཤ་སྟག་ཡིན། དགེ་བཤེས་འབྲེ་ཆེན་པོ་ཤེས་རབ་འབར་གྱི་གསུངས་ནས། ཆོས་ཅིག་ལ་དགེ་བཤེས་རྭ་བའི་ཆོས་ལས་ཞེ་ཁ་གཤིན་པ་མེད། རྒྱ་
གར་གྱི་པཎ་གྲུབ་རྣམས་འདི་སྐད་གསུང་བྱ་བ་ལས་རང་བཟོ་དང༌། བོད་ཀྱི་སྲ་བསྲེ་གཏན་ནས་མེད་པས་སོ། །ཞེས་གསུངས། གསུམ་པ་ནི། ཡི་དམ་འཇམ་དཔལ་ཁྲོས་པ་དང་མི་ལབ་པ་བཞིན་བཞུགས། འཁོར་ལོ་བདེ་མཆོག་དང༌། རྡོ་རྗེ་ཕག་མོ་དང༌། འཇམ་དཔལ་ཞི་བའི་ཡང་ཞལ་གཟིགས། བསྐྱེད་རིམ་གྱི་ཏིང་ངེ་འཛིན་གསལ་སྣང་ཅན་མ་དག་པའི་སྣང་བ་འགོག་ནུས་ལ་བརྟན་པ་ཐོབ། སྟོང་པ་ཉིད་ཀྱི་ལྟ་བ་དང༌། རྫོགས་རིམ་གྱི་ཡེ་ཤེས་ལ་མངའ་བརྙེས། ལས་ཀྱི་གཤིན་རྗེ་དང༌། ལང་ཀའི་བདག་པོ་བྲན་དུ་འཁོལ། མགོན་པོ་ནག་པོ་ལྕམ་དྲལ་གྱིས་ཀྱང་གསུང་བཞིན་བསྒྲུབ། དབང་བསྐུར་ཚད་ལ་ཡེ་ཤེས་ཕེབས་ཤིང་སྣང་བ་བསྒྱུར་ནུས། བསམ་གཏན་གྱི་ལས་བཞི་ཡང་གྲུབ། དེ་ལྟ་བུའི་རྟགས་ནི་ལ་སྟོད་ཕྱོགས་སུ་གོང་དུ་སྨོས་པ་ལྟར་རྟགས་བསྟན་པ་དང༌། ཕྱིས་ངན་ལམ་ཡུལ་གྱི་སྲི་མངའ་དང༌། བྱང་ཕྱིར་ཆོས་གསུང་བའི་སྐབས་ཤིགངན་ལམ་ཉུ་གུ་སྣ་པ་རྣམས་ཀྱིས་མཐུ་ཡོད་མེད་བལྟའོ་ཟེར་ནས་མཛོ་རྟ་དེད། འབུལ་སྐྱེལ་བ་བཅོམ་པ་ལ། རྭ་ལོས་གྲོང་བསྐྲད་པའི་སྦྱོར་བ་མཛད་པས། ངན་ལམ་འབར་པོ་ལ་སོགས་པ་འགའ་ཞིག་སྨྱོ་ནས་གར་སོང་ཆ་མེད། ཟླ་བ་གཉིས་གསུམ་ནས་ཉུ་གུ་སྣའི་ཡུལ་པ་དང༌། དགེ་འདུན་རྒྱལ་སར་སྒང་པ་འཁྲུགས། རྒྱལ་སར་སྒང་པའི་རྒྱབ་ཏུ་ཀླུ་མེས་ཚོ་ཐམས་ཅད་འགྲིལ་ནས། ཉུ་གུ་སྣ་པ་གྲོང་ཉིས་བརྒྱ་ཙམ་བྱང་རྒྱབ་ཏུ་ཡུལ་བུད་དོ། །ཡང་སྐྱོགས་འདུལ་འཛིན་གྱི་སློབ་བརྒྱུད། སྐྱོགས་དབང་གྲགས་ཞེས་བྱ་བ་དང་པོ་འདུལ་འཛིན་ཡུད་ཙམ་བྱས། ཕྱིས་དང་ཚུགས་ཅན་གྱི་གསང་སྔགས་པར་རློམ་པ་ཅིག་གིས། རྭ་ལོ་འདྲ་མཆོད་རྟེན་ཆག་རོ་ཡིན་ཟེར་ནས་བླ་མ་ལ་སྐུར་འདེབས་བྱེད་ཅིང༌། ཆོས་འཁོར་འགེགས་
པ་འབྱུང༌། དེ་ལ་ཐུགས་ཁྲོས་ཏེ་སྦྱིན་སྲེག་མཛད། ཞག་བདུན་ནས་སྐྱོགས་དབང་གྲགས་གཟེར་ཐུང་བཏབ་ནས་འདས། ལོ་ཙཱ་བ་རྒྱུས་སྨོན་ལམ་གྲགས་དང་ནང་རྒྱས་བྱུང་བ་ཡང༌། ཟླ་བ་དྲུག་ཙམ་ནས་རྒྱུས་ལོ་སྐུ་འདས། ཟངས་ཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་གསང་བའི་བདག་པོ་ཞལ་གཟིགས། རྣམ་སྲས་བྲན་དུ་འཁོལ། ཞེས་གྲགསཤིང་ནུས་མཐུ་དང་ལྡན་པ་ཡིན་ཡང་ཡིན། མེ་ཙ་ལིང་པ་རྗེ་བཙུན་གྱིས་བོད་ལ་སྤྱན་དྲངས་དུས། ཁོང་གི་མེ་ཙ་ལིང་པ་ཆེན་པོ་ཉིང་རོ་དབྱར་ཐང་དུ་སྤྱན་དྲངས། ཆོས་འཁོར་མཛད་པ་སོགས་དེ་དུས་ལེགས་ལམ་དུ་ཡོད་ཀྱང༌། ཕྱིས་རྭ་ལོ་སྐུ་བསོད་རྒྱས་པ་ལ། ཟངས་ཀར་གྱིས་ཕྲག་དོག་གི་ཚུལ་གྱིས་རྭ་ལོས་ཆོས་མཁས་པོ་མི་ཤེས་ཟེར་བརྙས་པ་ཡང་མང་དུ་མཛད། དང་པོ་པཎྜི་ཏ་ཁོ་པས་སྤྱན་དྲངས་ཀྱང༌། ཆོས་ཐམས་ཅད་ངས་བསྒྱུར་བ་ཞེ་ཚེ་ཡིན་ཞེས་འཕྱ་སྨོད་མཛད་ཀྱིན་ལྷ་ས་ར་མོ་ཆེར་རྭ་ལོའི་ཆོས་འཁོར་དགག་པ་སོགས་ནང་རྒྱས་བྱུང༌། དེའི་ལོ་དུས་ལ་ཟངས་མཁར་གློ་བུར་དུ་བསྙུང་ནས་སྐུ་འདས། གཅུང་པོ་དང་ཉེ་གནས་ཀྱང་དེ་ནས་ཅང་མ་ལོན་པ་ཤིའོ། །མར་པ་ལོ་ཙཱའི་ཇོ་སྲས་དར་མ་མདོ་སྡེ་ཡང་ཡིན་ཏེ། རྗེ་བཙུན་འདི་ལྷོ་བྲག་སྟོད་སྨད་དུ་འགྲོ་དོན་མཛད་པའི་སྐབས་ཤིགཡོན་བདག་ཤུད་ཀེ་བྱ་བ་ཅིག་གིས་གསོན་སྟོན་ལ་སྤྱན་དྲངས། ཁོང་རང་ཚེ་དང་སྔར་འདྲིས་ཀྱི་ཡོན་མཆོད་ཡིན་པས་དར་མ་མདོ་སྡེ་ཡང་བྱོན། བླ་མ་ལོ་ཙཱ་བ་ལས་ཀྱང་བཀུར་ཟོར་ཆེ་བ་ཙམ་བྱེད་ཀྱིན་འདུག་སྐད། རྭ་ལོའི་གསུང་གིས། ཆོས་མཁས་ན་ནི་ངས་ཀྱང་ཁྱེད་ལ་དག་པ་བྱིན་པས་ཆོགདེ་མིན་ངེད་ལྷོ་བལ་དུ་ཕྱིན་པའི་ལོ་ཙཱ་བ་ཡིན། ཁྱེད་བོད་སྟོན་ཙམ་དུ་ཀ་གདའ་བས། ས་གཅིག་ཏུ་ཁྱེད་ཀྱི་འགྱིང་ཐབས་འདི་རང་བག་མིན་ནམ། ཆོས་ཀྱི་གླེང་བསླང་བྱེད་དགོས་གསུངས་པས། དར་མ་མདོ་སྡེ་ན་རེ། ང་ཕ་ཚེ་རབས་ནས་སངས་རྒྱ་བའི་
ཆོས་བྱེད་མཁན་ཡིན། ཁྱེད་རྭ་ནག་པོ་བྱ་བ་ངན་སྔགས་ལ་བློ་གཏོད་པ་དང་མི་འདྲ་ཟེར་ནས། དངོས་སུ་གཤེ་ཞིང་ལྟག་ལབ་མཛད་ཐེགས་སོང༌། དེ་ནས་ཟླ་བ་གཅིག་ཏུ་ཉེ་ཙམ་ན་དར་མ་མདོ་སྡེ་རྔ་མོ་ཆུ་ཤོད་ཀྱི་ལྟད་མོའི་སར་རྟས་བརྡབས་ཏེ་སྐད་ཅིག་ལ་གྲོངས། འདི་ལ་དིང་སང་གི་ལོ་རྒྱུས་ཁྱབ་ཆེ་བ་ཚོ་ན། མར་པ་བཞུགས་པའི་དུས་སུ་ཡིན་པ་དང༌། མི་ལ་རས་པ་རྟ་གདོང་པ་ཡིན་གོ་མ་ཆོད་བྱུང་བ་སོགས་འཆད་ཀྱང༌། མར་པའི་སྔོན་ལ་མདོ་སྡེ་འདས་པ་མིན། འདི་སྐབས་མར་པ་སྐུ་འདས་ནས་ལོ་ཤས་སོང༌། མི་ལ་རས་པ་ཐོ་ཕྱི་ན་བཞུགས་པ་མེད་དོ། །དེས་ན་ལོ་རྒྱུས་མང་པོ་དེ་དག་རྫུན་ཕལ་ཀ་སྒྲིགས་སུ་ཤེས་པར་བྱའོ། །ཡང་འབྲོག་མི་ཇོ་སྲས་ཨིན་དྲ་དེ། དབུས་སུ་ནོར་འཚོལ་ལ་བྱོན་པ་གཙང་རོང་གི་རེ་དངུལ་གྱི་ཆོས་སྡེར། རྭ་ལོ་ཆེན་པོ་དང་འཛོམ། ཆོས་ཀྱི་གླེང་བསླང་མཛད་པ་ལ། དེ་ན་རེ། ལོ་ཙཱ་བ་དང༌། ལོ་ཙཱ་བ་མི་འདྲ། བསྒྲོ་གླེང་བྱེད་དགོས་མེད་ཟེར་བས། རྭ་ལོ་ཐུགས་ཁྲོས་ཏེ། ལོ་ཙཱ་བ་དང༌། ལོ་ཙཱ་བ་ཀ་ཅིས་ཀྱང་མི་འདྲ། གཟོད་བལྟའོ་གསུང༌། དེ་ནས་ཟླ་བ་གསུམ་ནས་འབྲོག་མི་ཇོ་སྲས་ཁྲག་ཏུ་འཁྲུ་བའི་རིམས་ནད་བྱུང་ནས་དབུས་སུ་ཀ་འདས། གཅུང་པོ་ཇོ་སྲས་རྡོ་རྗེ་ཡང་ཕྱིས་མི་རིང་བར་འདས་ཟེར། ཡང་བླ་མ་ལོ་ཙཱ་བ་གཙང་རོང་གི་གཡུང་དུ་ཆོས་འཁོར་ཞིག་མཛད་ཀྱིན་ཡོད། དེར་ཁམས་པ་ཇོ་སྲས་རྡོ་རྗེ་སྲ་བརྟན་བྱ་བ་རྙིང་མའི་མ་མོ་དང༌། ཕུར་མ་ལ་མཁས། ནུས་པ་ཡོད་པར་ཡང་འདོད། གསར་མ་སོགས་མདོ་སྔགས་གཞན་ཡང་ཅི་རིགས་ཤེས་པ་ཞིག་ཡོད། དེས་འདྲ་མེན་སྲང་གང་གི་ཚོད་ཙམ་ཕུལ་ནས་རྡོ་རྗེ་འཇིགས་བྱེད་ཞུས་པ་ལ། བླ་མས་ཀྱང་སྣོད་བརྟག་པའི་ཕྱིར། རྡོ་རྗེ་འཇིགས་བྱེད་ཡིན་པ་ལྟར་མཛད་ནས། གདོང་དྲུག་གི་དབུ་ནས་བག་ཙམ་
གསུངས། ཆོས་ཐུན་འགའ་ཞིག་སོང་བ་ན། རྒྱུད་མཆོད་མཛད་པའི་ཚོགས་གྲལ་དུ། བླ་མས་མགུར་མ་ལ། ཁྱོད་ཀྱིས་གསེར་དང་འདྲ་བའི་འདྲ་མེན་ཕུལ། །ངས་འཇིགས་བྱེད་འདྲ་བའི་གདོང་དྲུག་བཤད། །ཅེས་གསུངས་པས་ཁོ་མ་མགུ། སང་སྔ་མོར་ཁོ་དོས་ཆས་བྱེད་པ་ལ། གྲྭ་བ་རྣམས་ཀྱིས་གྲོས་བཏབ་ཀྱང་མ་ཉན་པར་འགྲོ་ཁར་ཁ་རྡེག་བྱས་ཏེ། རོང་གི་རྭ་རྒན་ལོ་ཙཱ་ལ། །འཇིགས་བྱེད་དུད་འགྲོའི་མགོ་ཅན་ཉན་པ་ལས། །སྨན་ལུང་གི་དཔྱལ་སྟོན་ལོ་ཙཱ་ལ། །རྒྱུད་དགྱེས་པ་རྡོ་རྗེ་ཞུ་བ་དགའ། །ཞེས་ཟེར་གྱིན་སོང༌། དེ་ཉིན་ཆོས་གྲལ་ལ་ཁོ་མ་བྱུང་བས། ཅི་ཡིན་གསུང་བ་ན། གྲྭ་བ་རྣམས་ཀྱིས་ལོ་རྒྱུས་ཞུགས་པས། མི་ལ་བརྙས་བཏུབ་སྟེ། ལྷ་འདི་ལ་བརྙས་སུ་མི་བཏུབ། འདི་ལ་བརྟགས་མ་བསྟན་ན་མི་རུང་གསུང་སྟེ་དེ་མ་ཐག་སྦྱིན་སྲེག་མཛད་པས། ཁམས་པ་དེ་ཡང་དེའི་ནངས་པར་ཙམ་རང་ཡིན་ཡོད་པར་འདུགསྨན་ལུང་དུ་མ་སླེབ་པ་ལ། ལམ་དུ་ཁྲག་སྐྱུགས་ནས་ཤི རྭ་ལོ་ཆེན་པོས་སྨན་ལུང་གི་དཔྱལ་ལོ་ཀུན་དགའ་རྡོ་རྗེ་ལ་ཕྲིན་པ་བརྫངས་ཏེ། ངས་གྲྭ་བ་ཁྱོད་ཀྱིས་བློ་བརྐུས་འདུགཁྱོད་སྦུངས་བསྐྱེད་ལ་སྒུར་ཞིག་གསུངས་པས། དཔྱལ་ལོ་ཐུགས་ཤིན་ཏུ་སྐྲག་ནས། འབུམ་གསེར་མ་གཅིག་གིས་སྣ་དྲངས་པའི་འབུལ་བ་མང་པོ་བསྣམས་ཏེ་དག་འཚངས་ལ་ཕེབས་པས་རྭ་ལོ་ཆེན་པོའང་དགྱེས་པར་བྱུང༌། དཔྱལ་ལོས་རྭ་ཆེན་པོ་ལ་ཆོས་ཀྱང་མང་དུ་གསན། ཐུགས་དམ་ཐང་སྐུ་ཅིག་ཀྱང་དཔྱལ་ལ་གནང་ཡོད་པར་འདུག་གོ །ཡང་བལ་བོར་བླ་མའི་ཕེབས་སྐྱེལ་ལ་བྱོན་པའི་སྐབས་ཤིག་ཀྱང༌། ཀྲྀཥྞ་ཇོ་བོ་དང༌། པུརྞ་ཇོ་བོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཅིང༌། བླ་མའི་སྐུ་དགྲར་གྱུར་བ་མུ་སྟེགས་པའི་བླ་ཆེན་བཞི་ཙམ་མངོན་སྤྱོད་དྲག་པོའི་ལས་ཀྱིས་བསྒྲལ་
བར་གདའ། གྲགས་ཚོང་ཁ་སྐད་དུ། དར་མ་མདོ་སྡེ་ལ་སོགས་པ། །རྡོ་རྗེ་འཛིན་པ་བཅུ་གསུམ་བསྒྲལ། །ཞེས་གྲགས། དང་པོ་ནས་གཟུངས་མ་རུངས་པའི་མི་རེ་རེ་གཉིས་གཉིས་ལ་བསད་བསྐྲད་དབྱེ་རེངས་སོགས་ཀྱིས་ཚར་བཅད་པ་ལ་རྩིས་བཏབ་མེད། ལོ་ཙཱ་བ་དང་དགེ་བཤེས་ཆོས་འཁོར་མཛད་པ་ཐམས་ཅད། རྭ་ལོ་ཆེན་པོ་ལ་དགོངས་པ་ཞུ་དགོས་པ་ཡིན་པར་འདུགམི་མ་ཡིན་གདུག་པ་ཅན་ཚར་བཅད་པ་ནི། ངན་ལམ་ཉུ་གུ་སྣའི་བཙན་བྱ་བ་སྔོན་སློབ་དཔོན་པདྨ་བྱོན་དུས་ཡིབ་ཐུབ་པ་ཡིན། དམ་འོག་ཏུ་མ་ཆུད་ཟེར་བའི་བདུད་བཙན་ཤིན་ཏུ་རྫུ་འཕྲུལ་ཆེ་བ་ཆོས་ལ་གནག་པ་ཅིག་ཡོད། ཉེ་སྐོར་དེར་གསང་སྔགས་ཀྱི་སྒྲུབ་པ་དང་ཆོག་གྲྭ་བྱེད་ས་མེད། དགེ་འདུན་མཆོད་ན་ལོ་ཉེས་གཏོང་བ་ཅིག་ཡོད་ཟེར། ཉུ་གུ་སྣའི་ཡུལ་བ་རྣམས་ཀྱིས་རྭ་ལོ་ལ་སྡིག་གསོག་བྱེད་པ་ཡང་དེས་བསྐུལ་བ་ཡིན། རྭ་ལོ་ཆེན་པོ་བྱང་ཕྱིར་བཞུགས་པའི་ཚེ། འཁོར་ལ་བཙན་དེས་ཅུང་ཟད་གནོད་པ་བྱེད་པ་བྱུང་བས། ནུབ་གཅིག་གཏོར་མ་ཆེ་བ་ཅིག་མཛད་ནས་དགོངས་པ་བརྟད། དེའི་རྒྱུན་ལ་ཞག་བདུན་ལ་སྒྲུབ་པ་མཛད་པས། ཞག་ལྔ་པའི་དགོང་ཅིགབཙན་གྱི་གནས་བྲག་དང་ལྷ་རྟེན་ལ་ཐོག་སྨད་དགུ་བབས། བྲག་ཆད་ལྷ་རྟེན་གར་སོང་མེད། ཁོ་ཐུལ་འོག་ཏུ་ཆུད་དེ་དངོས་སུ་གཟུགས་བསྟན། བཤགས་པ་ཕུལ། དམ་ལ་བཞགཁོའི་ཡུལ་དང་འཁོར་ཐམས་ཅད་བརླགཁོ་རང་ཡང་མིག་ཞར་བས་ཉུ་གུ་སྣའི་བཙན་ཞར་དུ་གྲགས། ཕྱིན་ཆད་ཆོས་ལ་གནོད་པ་གཅིག་ཀྱང་བྱེད་མི་ཐུབ་བོ། །ཡང་སྐུ་ཚེའི་སྨད་ཀྱི་དུས་ཤིག་ཡར་ལུངས་སུ་ལྷ་བཙུན་སྔོན་མོས་སྤྱན་དྲངས་ཏེ་ཆོས་འཁོར་མཛད། དེ་ནས་གཉལ་ཕྱོགས་ལ་ཕེབས་པར་བཞེད་དོ། །ཡར་ལ་ཤམས་བུའི་གངས་འགྲམ་དུ་བཞུགས་དུ། ཤམས་པོས་གངས་ཆེན་པོ་ཕབ་སྟེ་ལ་བཀགགྲྭ་བ་
གཅིག་ཀྱང་འཁྱགས་ནས་ཤི་བ་ལ། བླ་མའི་གསུངས་གིས། ཤམས་པོ་དྲེགས་པ་ཆེ་མནོའམ། །རྭ་རྒྱན་ལོ་ཙཱ་རྒས་མནོའམ། །འཇིགས་བྱེད་ནུས་པ་ཆུང་མནོའམ། །རྭ་མཚོན་རྩེ་མོ་ཟད་མནོའམ། །ཞེས་གསུངས་ཤིང་གངས་རི་ལ་བརྡུངས་སྟངས་མཛད་དགོངས་པ་ཡུན་རིང་དུ་བརྟད་པས། དམ་ཐག་བརྡུང་སྟངས་མཛད་ས་ནས་གངས་ཆེན་པོ་འུར། ནམ་ཕྱེད་ཀྱི་དུས་ཤིག་ན། ཤམས་པོ་ཁོ་རང་ཁྱེའུ་དཀར་པོ་གཅིག་གི་གཟུགས་སུ་བྱས་ནས། ཕྱག་ཞུང་ཞུང་འཚལ་ཞིང༌། བདག་གི་འཁོར་རྔ་ཤང་ཐོགས་པ་སྟོང་ཕྲག་ལྔ་ནི་དུས་གཅིག་ཏུ་གུམ་སོང༌། ད་བླ་མའི་གྲྭ་བ་གཅིག་ཤི་བ་ལ་གྲྭ་བ་བརྒྱ་དང་བརྒྱད་ཀྱི་ཡུས་བྱེད། གསེར་སྲང་བརྒྱ་དང་བརྒྱད་ཀྱང་འབུལ། བཟོད་པ་མཛད་དེ་རྗེས་སུ་བཟུང་བར་ཞུ་ཟེར། དེ་མ་ཐག་ཡུལ་ཡང་འཇམ་པོར་གྱུར་ཏོ། །དཔོན་སློབ་རྣམས་ཀྱིས་ཀྱང་ཞག་ཤས་དེ་ཀར་བཞུགས། ཞག་བདུན་གྱི་ཁོངས་སུ། ཡར་ལུངས་ཕུ་མདའ་ནས། གྲྭ་བ་བྱེད་པ་བརྒྱ་བརྒྱད་ཀྱང་བྱུང༌། གསེར་སྲང་བརྒྱ་རྩ་བརྒྱད་ཕྱག་ཏུའང་འབྱོར་བས། འདྲེ་འདི་པ་ཆད་ལ་བཙན་པར་འདུག་གསུང༌། དེ་རྗེས་གཉལ་དུ་ཆོས་འཁོར་མཛད། དེ་ནས་ལྷོ་བྲག་བན་པ་དང༌། གྲུ་ཤུལ་དང་ལ་ཡག་ཀུན་ཏུའང་ཕེབས། ཀླུ་བདུད་ཐོག་འབར་བྱ་བ་དང༌། མཛོ་མོ་སྤུན་ལྔ་ཟེར་བའི་ཀླུ་སྲིན་མོ་གདུག་པ་ཅན་ཡོད། ལམ་ལ་འགྲོ་བའི་མི་ཀུན་གྱིས་ཀྱང༌། ཕྱག་ཕུལ་མཆོད་ཡར་བྱེད་དགོས། མ་བྱས་ན་ཆོ་འཕྲུལ་འཕྲལ་དུ་འོང༌། མཚན་མོ་སུ་ཡང་སྒྱུ་འཕྲུལ་བྱེད་མི་ནུས། མངོན་སུམ་དུ་མི་ཁྱེར་བའང་མང་པོ་ཡོང༌། དེ་སྐབས་ཀྱང་བག་མ་འགྲོ་བ་ཅིག་རྟ་ཐོག་ནས་གར་སོང་མེད་པར་སྦས་ཏེ་ལོ་གཅིག་གཉིས་སོང༌། རྭ་ལོ་ཆེན་པོས་ཕེབས་ལམ་དུ་དེ་དང་ཉེ་བར་ཚ་ཕོགས་མཛད། ཁལ་མ་རྣམས་ཁོའི་གནས་
ཀྱི་ཚལ་གླིང་དང་ནེ་ཐང་ལ་བཙོས་པས། ཁོའི་ཆོ་འཕྲུལ་གྱིས་མཛོ་གཅིག་ཤི བླ་མ་ཐུགས་ཁྲོས་ཏེ་མཛོ་སྒ་བཅགསྦྱིན་སྲེག་གི་ཡམས་ཤིང་ལ་ཕུལ། ཀླུ་བདུད་ཕོ་མོ་འཁོར་བཅས་དེ་མ་ཐག་ཚིག་ཡོད་པར་འདུགསྔར་སྦས་པའི་བུད་མེད་དེ་གསོན་པོ་སྐྱོན་མེད་དུ་ཐོན། དེས་ལོ་རྒྱུས་བཤད། ཀླུ་བདུད་ཁོ་ལོ་ཙཱ་བ་དཔོན་སློབ་ཀྱིས། ཚ་ཕོགས་མཛད་པ་ལའང༌། ང་ལ་ཕྱག་མི་འཚལ་བ་ཟེར་ནས་འཁུ། ཕྱུགས་བཙོས་པས་ཤིན་ཏུ་ཁྲོས་ཏེ། མཚོན་ཆ་འཕངས། དེ་དུད་འགྲོ་གཅིག་ལ་ཕོག་པ་ཡིན། སྦྱིན་སྲེག་མཛད་པར་བརྩམས་པ་ན། ཁོ་བཞད་གད་བྱེད་འཕྲོ་ལ་ཕྱོགས་ཐམས་ཅད་ནས་མུན་ནག་ན་བུན་འདྲ་བ་བསྟིབས། གང་ཡང་མ་མཐོང་བ་ཅིག་ལ་ལུང་པ་མེས་ཁེངས་ནས་དེ་ཐམས་ཅད་ཚིགདེ་སྐབས་མོ་རང་ཡང་སྐྲག་དངངས་ཆེན་པོ་བྱུང་སྟེ། དེ་ནས་གཉིད་སད་པ་འདྲ་བ་ཅིག་ལ་གང་ཡང་མི་འདུག་ཟེར། དེ་ནས་མི་རིང་བར་གནས་དེའི་ཆུ་མིག་ཐམས་ཅད་བསྐམས་པར་གདའ། དེ་དག་མཚོན་པ་ཙམ་ཡིན། ཆོས་ལ་བར་དུ་གཅོད་པའི་མི་མ་ཡིན་མང་པོ་ཡང་བཏུལ་ལོ། །བཞི་པ་སྐུ་བསོད་ནམས་ཀྱིས་ཆེ་བ་ལ། ལོངས་སྤྱོད་དང་ཟས་ནོར་ཆར་བཞིན་བབས། མི་ཆེན་སོ་སོས་ཞབས་ཏོག་བྱེད་པ་ལ་གྲངས་མེད། ཆོས་ཡོན་རྣམས་བརྩིས་ན་ཡིག་འབྲུ་རེ་རེ་ལ་གསེར་སྲང་རེ་རེའི་རྩིས་བྱུང༌། ན་བཟའ་གསང་ལམ་མ་གཏོགས་སྐུ་ལ་སྣལ་མ་མི་འཁྲི། དེ་དུས་རྒུན་འབྲུམ་ཤིན་ཏུ་དཀོན་པའི་སྐབས་ཡིན་ཡང༌། རྒུན་འབྲུམ་བྲེ་ལྔ་ལྔའི་རྒུན་སྐྱེམས་ཁ་ཆེའི་ལུགས་ཉིན་རེ་བཞིན་དུ་སྦྱོར། རྒྱ་བལ་གྱི་ཤིང་ཐོག་མང་པོ་མི་རྙིངས་པའི་ཐབས་བྱས་ཏེ། པཎྜི་ཏ་དང༌། རྒྱལ་བློན་ཚོང་དཔོན་སོགས་ཀྱིས་འབུལ་མཁན་ཡང་ཡང་ཡོང་སྟེ། རྒྱ་གར་གྱི་ཤིང་ཐོག་སོ་མ་ལ་རྒྱུན་མི་འཆད་གསོལ་དུ་ཡོད་པ་སོགས། མངའ་བདག་ཁྲི་རལ་
གྱི་རྗེས་སུ་འདི་བས་བཞེས་ཐང་ཆེ་བ་མེད་པར་གྲགས། དུས་རྒྱུན་གྱི་འཁོར་ཚོགས་འདུས་པ་ལ། ཆོས་ཉན་པ་པོ་བརྒྱ་ཕྲག་དུ་མ་རྒྱུན་མི་འཆད་ཅིང༌། སྔགས་པ་དཔེ་འགྲེམས་བརྒྱད་བརྒྱ་དང༌། བཙུན་པ་དཔེ་འགྲེམས་སྟོང་ཉིས་བརྒྱ་རེ་ཡང་ཡང་འདུས། གསང་སྔགས་ཀྱི་ཆོས་གྲྭ་ལ་འདི་ལས་ཆེ་བ་དུས་གསུམ་ཁེགས་པ་ཡིན། སྔོན་ཆོས་དར་བའི་སྐབས་མདོ་པ་དང་སྔགས་པ་མི་འདྲ། སྔགས་ཆོས་ལ་མཆོད་པ་དང་ཡོན་ཆེན་པོ་དགོས་པས། ཕལ་པ་ཅིག་གིས་མི་འགྲུབ། གཞན་སྔོན་དུས་སྔགས་པ་འདུ་འཚོག་ཆེ་ཤོས་རང་མགོས་ཁུག་པ་ལ་ཡང༌། དུས་གཅིག་ལ་དཔེ་འགྲེམས་བདུན་བརྒྱ་ལས་ལྷག་པ་མ་བྱུང་ངོ༌། ཁྱད་པར་གྱི་འཁོར་ཚོགས་ནི། མི་ཆེ་བ་ཇོ་བོ་རྩད་པོའི་རིགས་ཀུན་དང༌། ཞང་སྒྲ་ཆེན་ལ་སོགས་པ་འབྱོར་ལྡན་ཀུན་དང༌། བྲང་ཏི་དབང་ཕྱུག་གྲགས་དང༌། གཡུ་ཐོག་དར་པོ་ལ་སོགས་པ་སྨན་པ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་ཞབས་ལ་གཏུགས། ཞང་ཚེས་སྤོང་བ་དང༌། འབྲེ་ཆེན་པོ་དང༌། འབན་དཀོན་མཆོག་རྡོ་རྗེ་དང༌། རྟག་བ་ཁ་ཆེ་ལ་སོགས་པ་མཚན་ཉིད་པ་ཆེན་པོ་ཐམས་ཅད་དང༌། ཞང་སང་གྷ་དང༌། གཙང་ཐང་འོད་པོ་དང༌། སྒང་ཨིནྡྲ་དང༌། སྣུར་ཉི་མ་དང༌། ཀླུན་རྡོར་པོ་དང༌། རྒྱ་ལོང་ཆོས་གྲགས་དང༌། རྩངས་ཡང་དག་འབར་དང༌། རྔོག་མདོ་སྡེ་དང༌། ཤོང་རྡོ་རྗེ་རྒྱལ་མཚན་དང༌། སྐྱུ་ར་ཨ་སྐྱབས་དང༌། ངོ་ཁྲོ་ཡོན་ཚུལ་ལ་སོགས་པ་གསར་མ་པའི་དགེ་བཤེས་ཐམས་ཅད་དང༌། ཟུར་ཧོར་པོ་དང༌། ཡང་ཀེང་བླ་མ་དང༌། བྱང་ཆུབ་འབར་ལ་སོགས་པ་རྙིང་མ་པ་ཆེན་པོ་རྣམས་དང༌། བ་རེག་ལོ་ཙཱ་བ་དང༌། དཔྱལ་ལོ་ལ་སོགས་པ་ལོ་ཙཱ་བ་མང་པོ་སྟེ། དེ་དུས་ཀྱི་དགེ་བཤེས་དང་མི་ཆེན་ཕལ་ཆེར་གྱིས་ཞབས་ལ་གཏུགས་སོ། །མཆོད་གནས་གཞན་ལྟ་ཞོགགསུང་རབ་གཅིག་པོ་ཕྱག་ཏུ་ཕེབས་པ་ལ་ཡང༌། མདོ་སྡེ་ཡོངས་རྫོགས་ཚར་དྲུག་ཅུ་དང༌། འབུམ་ཆ་ཉིས་བརྒྱ་
ལྷག་པ་ཕྱག་ཏུ་བྱོན་པས་མཚོན། ནོར་རྫས་ཐ་མལ་པ་སྨོས་ཀྱིས་ག་ལ་ལང༌། སློབ་མ་མི་ཆེན་རྣམས་ཀྱི་མཚན་དང༌། སོ་སོས་ཞབས་ཏོག་བྱས་ཚུལ་རྣམས་རྒྱས་པར་རྭ་ཡེ་ཤེས་སེང་གེའི་གསུངས་ལས་ཤེས་པར་བྱའོ། །ལྔ་པ་མཛད་པ་ཕྱག་རྗེས་ཀྱི་ཆེ་བ་ནི། རྒྱ་བལ་དུ་ཕྱག་རྗེས་དགེ་རྩ་མཛད་ཚུལ་གོང་དུ་སྨོས་ཟིན། བོད་ཀྱི་དབང་དུ་བྱས་ན། ཆོས་འཁོར་བསམ་ཡས་སུ་རྦ་དང༌། རག་ཤའི་སྡེ་འཁྲུགས་བྱུང་སྟེ། འཁོར་ས་བར་པ་དང༌། གྲང་ཁང་ཐམས་ཅད་མེས་ཚིག་གོ །དེ་རྗེས་ལོ་སུམ་ཅུ་ཙམ་སོང་ཡང༌། དཀོར་བདག་གཉན་ཆེ་བས་ཞིག་གསོས་བྱེད་མཁན་ཡང་མེད། རྦ་རག་གཞུང་མ་འདུམས་པས། དགོན་གནས་འཛིན་མཁན་མེད་པར། དཀོན་གཉེར་རེ་ཙམ་མ་གཏོགས་སྟོངས་པ་བཞིན་དུ་གྱུར། དེ་སྐབས་རྭ་ལོ་ཆེན་པོས་ཞིག་གསོས་མཛད་པར་དགོངས་ཏེ། བ་ལམ་ཀླ་གི་ཕུལ་ཕེབས་པའི་སྐབས། དཀོར་བདག་:དཔེ་[པེ་]ཀར་གྱིས་དཀོན་གཉེར་ལ་གཟུགས་དངོས་སུ་བསྟན་ཏེ། སང་གནངས་འདིར་འཇིགས་སུ་རུང་བ་ཅིག་ཡོང་བ་འདུགའདིར་སྡོད་པའི་དབང་མི་འདུག་ཟེར་ནས་བྲོས་པ་དངོས་སུ་མཐོང༌། སུ་ཡོད་སྙམ་ཙ་ན། ཞག་གསུམ་སོང་ནས་རྭ་ལོ་ཆེན་པོ་ཕེབས། མངོན་ཤེས་ཀྱིས་མཁྱེན་ནས། དཀོན་གཉེར་ལ་ཁྱོད་ཀྱི་དཀོར་བདག་གར་སོང་གསུངས། དེ་ནས་དཀོར་བདག་ཀྱང་བོས། བཀའ་བསྒོ་དམ་བཞག་མཛད། འོལ་ཀའི་ཤུག་ནགས་ཆེན་པོ་ཞིག་བཅད་དེ། ཤིང་རྣམས་གཙང་པོའི་སྟེང་ནས་ཡར་དྲངས། ཐག་པས་ཅུང་ཟད་དེ་འདྲེན་པ་མ་གཏོགས། ཉ་གྱེན་ལ་རྒྱུགས་པ་བཞིན་དཀའ་ཚེགས་ཡེ་མ་བྱུང༌། བསམ་ཡས་ཀྱི་ཞིག་གསོས་ལ་ནས་ཁལ་འབུམ་ཕྲག་ཅིག་གི་རྩིས་སོང༌། དབྱར་ལོ་གསུམ་ལ་གྱང་རིས་ཚུན་ཆོད་མཐར་ཕྱིན། རྦ་རག་སྡེ་པ་གཉིས་ལ་མཐུན་པར་བསྒྲིགས་དམ་བཞག་མང་པོ་
མཛད་ནས། དགེ་འདུན་གྱི་སྡེ་སྔར་བཞིན་ཚུགས་པར་མཛད་དོ། །གཡས་རུ་གཙང་འགྲམ་ལྷ་ཁང་ཡང་ཤིན་ཏུ་གོགས་ཤིང་ཞིག་རལ་དུ་གྱུར་པ་ལ། དབུ་རྩེ་དང་འཁྱམས་ཐམས་ཅད་ལ་ཞིག་གསོས་མཛད། ནས་ཁལ་ཁྲི་ཚོ་གཅིག་གི་རྩིས་སོང༌། དེའི་དགེ་འདུན་འཐོར་བ་ཡང་བསྡུ་བར་མཛད། སྐུ་ཚེའི་སྨད་ཀྱི་དུས་ཅིག་ན། གཡུ་མེ་ཏོག་སྤུངས་པས་སྣ་དྲངས་པའི་གཡུ་བྱང་ཁོ་ནའི་འཕྲེང་བ་སྤེ་མོ་ཆེ་ཟེར་བ་མཁར་ཐོག་སོ་ལྔ་པ་ཅིག་གི་དར་ཅོག་གི་རྩེ་ནས་བཟུང་ན་ས་ལ་འཁྱིལ་བ་ཙམ་ཞིག་ཡོད་པ་དང༌། གཞན་ཡང་ཟབ་ཡུགདར་ཡུག གོ་ཁྲབ། སྟང་རྩེ། མཛོ་རྟ་སོགས་དཔག་ཏུ་མེད་པ་རྣམས་ནི། ངུར་སྨྲིག བྱེ་མདའ། ཀྱུས་ཐང༌། ཉན་ཚོ། ལྕང་ར། ཤར་སྐྱང༌། རེ་དངུལ་སོགས་གཙང་གི་དགེ་འདུན་གྱི་སྡེ་རྣམས་དང༌། རྒྱལ་ལྷ་ཁང་སོགས་དབུས་ཀྱི་དགེ་འདུན་གྱི་སྡེ་རྣམས་ལ། སོ་སོར་ཐེས་སུ་སྦྱར་ནས་ཆོས་འཆད་པའི་ཐེས་དང༌། དགེ་འདུན་གྱི་ཞབས་ཏོག ལྷ་ཁང་གི་མཆོད་པ། མཐའ་ན་མགྲོན་ཟན་གྱི་བར་དུ་བསྟན་པ་ནམ་གནས་ཀྱི་བར་ཆ་རྐྱེན་དུ་གནང༌། གཞན་ཡང་དགེ་འདུན་གྱི་སྡེ་སོ་སོར་རྟེན་གསུམ་དང༌། སྤྱི་རྫས་དང༌། ཕྱག་འགྱེད་ཀྱི་དངོས་པོ་བཏང་བ་ལ་གྲངས་མེད། དེ་བཞིན་དུ་འབུམ་བཅུ་དྲུག་དུམ་རང་ཡང་བརྒྱ་དང་བཞི་བཅུ་ཙམ་བཞེངས་པའི་བདག་རྐྱེན་མཛད། སྐུ་དྲུང་དུ་རྒྱ་གར་གྱི་ཨ་ཙ་ར་པཎྜི་ཏ་བརྒྱད་སྟོང་པ་འདོན་མཁན་བརྒྱད་རེ་དང༌། ལཱུ་ཡི་པ་བསྒོམ་མཁན་རེ་སྟེ། མཆོད་གནས་རྒྱ་གར་བ་དགུ་རེ་རྟག་ཏུ་འདེགས། བོད་ཀྱི་གསུང་རབ་ལ་ཤེར་ཕྱོགས་སྟོང་ཚར་དང༌། མདོ་སྡེ་བརྒྱ་ཚར་ལན་མང་དུ་སོང༌། མཐའ་ན་ཚ་ཚ་རང་ཡང་འབུམ་ཕྲག་ལོ་སྟར་གྱིས་མཛད། གསོན་དགེ་མཛད་པ་ལ་རྔོག་ལོ་ཙཱ་བའི་ཆོས་འཁོར་ལ་ནས་ཁལ་ཁྲི་ཚོ་གཅིག་དང༌། འབུམ་གྱིས་སྣ་དྲངས་པའི་
འབུལ་བ་ཆེན་པོ་བསྐྱལ། དེ་དང་མཉམ་པ་གླང་རི་ཐང་པ་དང༌། བཙན་ཁ་བོ་ཆེ་དང༌། རྒྱ་འདུལ་འཛིན་རྣམས་ལ་ཡང་མཛད། རོག་མངོན་པ་བ་ལ་སོགས་པ་གཞན་ཡང་དགེ་བཤེས་ཇི་སྙེད་པ་ཞིག་ལ་ཆོས་འཁོར་བཙུགས་ཤིང་འབུལ་བ་མང་དུ་མཛད་དོ། །བླ་མ་ལོ་ཙཱ་བ་འདི་སྐུ་ཚེ་ཡང་རིང་པོར་བཞུགས་པ་ཞིག་སྟེ། དཔལ་མེ་ཙ་ལིང་པ་སྤྱན་དྲངས་པའི་དུས་ན། དགུང་ལོ་དྲུག་ཅུ་ལྷག་ཙམ་དུ་ཕེབས་པར་གདའ། དེ་ནས་ཕྲིན་ལས་མགོ་རྒྱས་པ་ཡིན། དེ་རྗེས་མི་རིང་བ་ན། རྔོག་ལོ་ཆེན་པོའི་འཕྲིན་ལས་ཀྱང་མགོ་ཚུགས། རྔོག་ལོ་སྐུ་འདས་ནས་ཀྱང་རྭ་ལོས་ལོ་ཉི་ཤུ་ལྷག་པར་བཞུགས། སྐུ་ཚེའི་སྨད་ལོ་མང་པོར་གཞན་ལ་གཤེགས་བཞུད་མ་མཛད་དེ། ནེའུ་མེ་ཏོག་ལྡན་དུ་བཞུགས་འདུགདགུང་ལོ་བརྒྱ་དང་བཅུ་བཞུགས་བྱ་བ་དང༌། བརྒྱ་བརྒྱད་བཞུགས་བྱ་བ་སོགས་འཆད་ཚུལ་མི་འདྲ་བ་དུ་མ་འདུག་ཀྱང༌། ལོ་རྩིས་ངེས་གསལ་མི་གསུང་བ་ཅིག་ཡིན་པ་འདུག་པས། སྒྲ་ཇི་བཞིན་བཤད་དཀའ་ནའང༌། དགུང་ལོ་བརྒྱ་སྐོར་ཅིག་བཞུགས་པར་ངེས། བསད་པས་ཚེ་རིང་འགྲུབ་པ་ནི། །རྭ་རྒན་ལོ་ཙཱའི་ཁྱད་ཆོས་ཡིན། །གསུངས་སྐད། མཐར་བསྙུང་བ་མེད་པར་ཡེ་ཤེས་གོང་འཕོ་མཛད་དེ་སྐུ་འདས། དཔོན་པོ་ལོ་ཙཱ་བ་ཆོས་རབ་ཀྱི་དགེ་འདུན་གྱི་སྡེ་ཆེན་པོ་ཉི་ཤུ་ཙམ་སྤྱན་དྲངས་ནས། སྐུ་ལྡད་རྒྱ་ཆེན་པོ་མཛད། ཞག་ཤས་ནས་སྐུ་གདུང་དུ་མངོན་པ་ཆེར་མ་བྱུང༌། ཁྲུ་གང་ཙམ་ཡོད་ཟེར། ཅུང་ཟད་ཅིག་སྟོན་པ་རིན་ཆེན་རྡོ་རྗེས་ཞི་བའི་ཐབ་ཁུང་ཅིག་ཏུ་ཞུགས་ལ་ཕུལ། སྒྲ་དང་འོད་དང༌། མེ་ཏོག་གི་ཆར་ས་གཞི་ཁེངས་པ་བྱུང༌། སྐུ་ལྡད་ཀྱི་སྐལ་བ་སྐྱེལ་བ་ལ། སྟོན་པ་རྒྱལ་བ་ཞེས་བྱ་བས་
བལ་ཡུལ་དུ་ཕྱིན་ཏེ་གསེར་སྲང་བརྒྱ་བཤིག་པའི་མཆོད་པ་དང༌། གསེར་སྲང་བརྒྱའི་འདྲ་མིན་གྱི་རྙེད་པ་ཕུལ་ལོ། །རྒྱ་གར་བི་ཀྲ་མ་དང༌། རྡོ་རྗེ་གདན་དུ་དེ་དང་ཕྱོགས་མཚུངས་པ་བྱས་པར་གྲགས་སོ། །དེ་ལྟར་ན་རྣམ་ཐར་ལོ་རྒྱུས་མདོ་ཙམ་མོ། །འདིར་མ་འདུས་པ་རྣམས་ཡེ་ཤེས་སེང་གེས་མཛད་པའི་རྣམ་ཐར་དང༌། དེའི་ལྷན་ཐབས་གཉིས་ལས་ཤེས་པར་བྱའོ། །རྣམ་ཐར་གྱི་ཡི་གེ་རྒྱས་པ་གཞན་ཞིག་སྔོན་དུས་བྱུང་ཞེས་ཟེར་ནའང༌། དེང་སང་མེད་པར་མངོན། སྤྱིར་ཡང་སྔོན་དུས་ཀྱི་ལོ་ཙཱ་བ་རྣམས་ལ། རྣམ་ཐར་ཁྲིགས་ཆགས་མ་ཆེན་མོའི་རིགས་ཁུངས་དང་ལྡན་པ་ཆེར་མི་སྣང་བས། ལོ་རྒྱུས་ཀྱི་ངོ་བོ་འདི་ཙམ་ཡང་རྒྱས་པ་ཡིན་པར་མངོན་ནོ། །ཕྱིས་ཀྱི་ཁ་སྐད་འཁྱམ་པོ་ལ། རྭ་ལོ་དང་གཉན་ལོ་ནང་རྒྱས་བྱུང་ཞེས་ཀུན་ལ་གྲགས་པ་ནི་མི་བདེན་ཏེ། ནག་པོའི་རྒྱུད་ནག་ཚོས་བསྒྱུར་བ་ལ་གཉན་གྱིས་བཅོས། དེ་ལ་རྭ་ལོས་བཅོས་པས་ཀྱང་མཚོན། གཉན་ལོ་དང་སྔགས་པ་ནང་རྒྱས་བྱུང་བ་དེ་ནི། བླ་མ་རྡོ་ལོ་ཙཱ་བ་ཡིན་ཞེས་སྐྱོ་བའི་ཡིག་རྙིང་ཁུངས་མ་རྣམས་ལས་བཤད། དེ་ཡང་གཉན་ལོ་རྡཽ་ལོ་གཉིས་བསྡུང་ཁོངས་ལ་རྩོད་པ་བྱུང་བས། གཉན་ལོ་ན་རེ། ནངས་པར་ཁྱོད་ཀྱི་མགོ་ལ་ཕུར་བ་རྩངས་སེ་བ་ཅིག་བྱ་ཡི། ཞེས་ལོན་བསྐུར་བས། རྡོ་ལོ་ན་རེ། ཁྱོད་དག་ངན་སྔགས་འདྲས་སྤོས་པ་ཡིན་ཏེ་འོང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་སུ་ཡིས་བདོ། ཁྱོད་རང་ཟོབས་ཤིག་ཟེར། རྡོ་ལོས། བརྡུང་སྟངས་བྱེད་ཀྱིན་ཡི་དམ་ཆོས་སྐྱོང་བསྐུལ་བས། གཉན་ལོའི་ཐུགས་ཀར་ལྷོག་འབུར་ཆེན་པོ་བྱུང་སྟེ། ཅང་མ་ལོན་པར་གྲོངས་ཟེར་བར་འདུགརྡོ་ལོ་ཙཱ་བ་དེ་ཕྱིས་དེང་སང་གྲགས་ཆུང་ཡང་ཁ་ཆེ་ལཀྵྨིཾ་གྱི་སློབ་མ་ཡིན། ཆོས་རྣམ་གྲངས་མང་པོ་མི་མཁྱེན། རྡོ་རྗེ་འཇིགས་བྱེད་ཁོ་ན་ལ་ཆིག་འདྲིལ་མཛད། ཡི་དམ་
གསང་ཡང་མི་གསང༌། གཞན་ལ་འཆད་ཀྱང་མི་འཆད། མཐུ་སྟོབས་ཐོགས་པ་མེད་པ་ཅིག་ཡོད་ཟེར་བ་འདུགབླུན་པ་ལས་ཀྱང་ཆེས་བླུན་པ་དག་ཞལ་བཞི་པ་དང་ལས་གཤིན་ལ་ལྷ་འདྲས་ཡོད། བྱ་རོག་གདོང་ཅན་དང་པུ་ཊ་ལ་ལྷ་འདྲསཡོད། ཕྱག་དྲུག་པ་དང༌། གུར་ཞལ་ལ་ལྷ་འདྲས་ཡོད་ཟེར་བ་སོགས་ནི་གོ་བ་ཡེ་མ་ཆགས་པའི་གཏམ་སྟེ། ཤེས་ལྡན་ཐམས་ཅད་ཁྲེལ་བའི་གནས་སོ། །སྤྱིར་ཡེ་ཤེས་ཀྱི་ལྷ་འཁྲུག་པ་མི་སྲིད། སྔགས་མཁན་ནང་རྒྱས་བྱུང་ཡང༌། ཡི་དམ་འཁོན་པ་ག་ལ་ཡོད། དཔེར་ན་བོད་མི་ཅིག་གི་ལག་ཏུ་རྒྱ་གར་གྱི་རལ་གྲི་བྱུང༌། ཅིག་ཤོས་ཀྱི་ལག་ཏུ་རྒྱ་ནག་གི་རལ་གྲི་བྱུང་ནས། བོད་མི་དེ་གཉིས་འཐབས་ཀྱང༌། རྒྱ་གར་རྒྱ་ནག་གཉིས་ལ་འཁོན་མི་འོང་བ་བཞིན་ནོ། །ཉི་མ་དབྱིངས་སུ་ཤར་བའི་འོད་ཕྱོགས་ཐམས་ཅད་དུ་ཁྱབ་པ་ལྟར། ཡེ་ཤེས་ལྷའི་རིག་སྔགས་སེམས་ཅན་གྱི་དོན་ལ་ཀུན་ཏུ་ཁྱབ་པ་ན། དེའི་ཆ་ཤས་ཕྲ་མོ་ཙམ་རེ། སྔགས་མཁན་གཉིས་ཀྱིས་བླངས་ཏེ་འཐབས་པ་ལ། ཡེ་ཤེས་དབྱིངས་ཀྱི་ལྷ་ལ་སྐུལ་སྐྱོད་ག་ལ་ཡོད། འདི་ཡང་ནན་ཏན་དུ་གོ་བ་གལ་ཆེ་སྟེ། འདི་མ་གོ་བས་རྣམ་རྟོག་མ་ལངས་དགུ་ལངས་ཤིང༌། འཆལ་གཏམ་གྱིས་རྒྱལ་ཁམས་གངས་འདུག་པའི་ཕྱིར་རོ། །ད་ནི་དཀྱུས་ལ་འཇུག་སྟེ། རྗེ་བཙུན་རྭ་ལོ་ཆེན་པོ་དེ་ཉིད་ཀྱི་ཐུགས་སྲས་ལོ་ཙཱ་བ་ཆོས་རབ་ནི་རོང་གི་ནེའུ་མེ་ཏོག་ལྡན་དུ་སྐུ་འཁྲུངས། ཡབ་ཆོས་ཐམས་ཅད་བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། རྭ་ལོ་ཆེན་པོ་ཉིད་ལས་ལོ་ཙཱ་ཡང་ཤིན་ཏུ་མཁས་པར་བོད་ཡུལ་ཉིད་དུ་སྦྱངས། བླ་མ་ཆེན་པོའི་སྐུ་ལྡད་གྲུབ་ནས་བལ་བོར་བྱོན། པཎྜི་ཏ་ས་མནྟ་ཤྲཱི་ལ་དཔལ་དུས་ཀྱི་འཁོར་ལོ་གསན། ལོ་ཕྱེད་དང་ལྔ་ཙམ་ན་སེམས་འགྲེལ་སྐོར་ གསུམ་ཆ་ལག་དང་བཅས་པ་ལ་ཆེས་མཁས་པར་གྱུར་ཅིང༌། དུས་འཁོར་རྒྱུད ་འགྲེལ་འགྱུར་དཔེ་སྔ་མ་ལ་མ་གཟིགས་པར་རྩ་འགྱུར་མཛད་པས་
ཤིན་ཏུ་ལེགས་པར་བྱུང༌། སྐབས་དེར་བོད་དུ་ཕེབས། འགྲོ་དོན་ཅུང་ཟད་མཛད་ནས། པཎྜི་ཏ་ས་མནྟ་ཤྲཱི་བོད་དུ་སྤྱན་དྲངས། དབུ་གཙང་ཀུན་ཏུ་ཕེབས། ཕར་ལོག་ཕེབས་དུས་གསེར་སྲང་སུམ་བརྒྱ་དུས་གཅིག་ཏུ་ཕུལ། སྐྱིད་གྲོང་གི་བར་དུ་སྐྱེལ་མར་ཕེབས། བླ་མའང་དགྱེས་ཏེ། བླ་མ་ཉིད་ཀྱིས་དམ་ཚིག་རྡོར་དྲིལ་དུས་འཁོར་ལུགས་དང༌། བསྟན་སྐྱོང་འབུམ་ཕྲག་གསུམ་པའི་པྲོག་ཞུ། བརྒྱད་སྟོང་པའི་པོ་ཏི་དང་བཅས་པ་གནང༌། ཡང་ཕྱིས་རྒྱ་གར་དུ་ཕེབས་ནས། པཎྜི་ཏ་ཝཱ་གཱི་ཤྭ་ར་གུ པྟ་ལ་ཡང་ཐུགཕག་མོ་སོ་བདུན་མ་ལ་སོགས་པའི་ཆོས་སྐོར་རྣམས་བསྒྱུར། ནག་པོ་ཆེན་པོའི་རྒྱུད་མངོན་བྱུང་ཡང་བསྒྱུར་ཞིང་དབང་དང་མན་ངག་བླངས། དེ་སྐབས་ཧེ་རུ་ཀ་མངོན་བྱུང༌། ཕག་མོ་མངོན་བྱུང༌། མགོན་པོ་མངོན་བྱུང་སྟེ། མངོན་བྱུང་སྐོར་གསུམ་གྱི་ཐ་སྙད་ཀྱང་བྱུང༌། གསང་སྔགས་ཀྱི་ལོ་ཙྭ་བ་ཅིག་ལ་བླ་མ་འདི་རང་མཁས་པར་གྲགས། དེ་ལ་སྲས་གཉིས་མངའ་བ་ལས། གཅེན་པོ་ནི་རྭ་ཡེ་ཤེས་སེང་གེ་སྟེ། དེ་ཡང་རྭ་ལོ་ཆོས་རབ་ཀྱི་སྐུའི་ཡོན་ཏན་ཐམས་ཅད་པར་བཏབ་པ་བཞིན་མངའ་བ་ཡིན། རོང་ཁུ་ལུང་གི་སེ་ཁྱིམ་ཞེས་པའི་མཁར་ཅིག་ཏུ་བཞུགས། རྭ་ནུབ་པ་བར་གྲགས། དེའི་སྲས་ནི་རྭ་འབུམ་སེང་ཡིན་ཏེ། དེ་ཡང་བླ་མ་གོང་མ་རྣམས་ལ་མངའ་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ཅིག་བྱུང༌། ཡེ་ཤེས་སེང་གེ་དང༌། འབུམ་སེང་གིས་ཀྱང་རྒྱ་བལ་དུ་ཁོར་ཙམ་རེ་གཤེགས་ཤིང༌། སྒྲུབ་ཐབས་ཐོར་བུ་བ་སོགས་ཆོས་སྣ་ཅུང་ཟད་རེ་འགྱུར་མཛད། རྭ་ལོ་ཡེ་ཤེས་སེང་གེ་དང༌། རྭ་ལོ་འབུམ་སེང་དུ་ཡང་གྲགས་སོ། །དེ་ལས་བརྒྱུད་པའི་རིགས་ཀྱི་དབོན་སྲས་བརྒྱུད་པའང་ཅི་རིགས་ཕྱིས་བྱུང་བར་དུ་ཡོད་པར་སྣང་ཡང་སློབ་བརྒྱུད་བཟང༌། རིགས་བརྒྱུད་གྲགས་ཆུང་ངོ༌། །རྭ་ལོ་ཆོས་རབ་ཀྱི་
སྲས་ཆུང་བ་ནི། རྭ་དྷརྨ་སེང་གེ་ཡིན་ཏེ། དེས་ནེའུ་མེ་ཏོག་ལྡན་དུ་བཞུགས། དེའི་སྲས་དཀོན་མཆོག་སེང་གེ དེའི་སྲས་ཤེས་རབ་རྒྱལ་མཚན་ཡིན་ཏེ། དེ་རྣམས་ཀྱང་ནུས་མཐུ་དང་ལྡན་ཞིང༌། ནག་པོ་སྐོར་གསུམ་ལ་མཁས་པ། འཁོར་ལོ་སྡོམ་པ། དུས་འཁོར། ཕག་མོའི་ཆོས་སྐོར་སོགས་ཀྱང་ཅི་རིགས་པ་མངའ་བ་བྱུང་དེ་དག་རྣམས་ལ་རྭ་ཤར་བར་གྲགས། རྭ་ཤེས་རབ་རྒྱལ་མཚན་པའི་རྗེས་སུ། རྭ་ལྕགས་མཁར་བ་སོགས་བརྒྱུད་པ་མང་དུ་གྱེས། སློབ་བརྒྱུད་ལ་རུ་མཚམས་ཀྱི་རྒྱ་དབང་ཕྱུག་གྲགས་པ། དེའི་སྲས་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། དེ་ཁམས་སུ་བྱོན། རྒྱལ་ཐང་མེ་ལོང་སྟེང་དུ་བཞུགས། མི་ཉག་དང༌། དམར་ཁམས་ཀྱི་ཡུལ་དུའང་ལན་མང་དུ་ཕེབས། མཐུ་སྟོབས་ཤིན་ཏུ་ཆེའོ། །དེ་ལ་ཁམས་སུ་སློབ་མ་མང༌། ཁམས་པ་ཡོན་ཏན་འབུམ་བྱ་བས་དབུས་གཙང་དུའང་ཁོང་གི་ལུགས་དར་བར་བྱས། མཆོད་རྟེན་དཀར་པོ་བ་སངས་རྒྱས་སྐྱབས་སོགས་སློབ་མ་མང་དུ་བྱུང༌། དེས་ལྷ་བཙུན་བསམ་ཡས་པ་སོགས་ལ་བཤད་ནས་ད་ལྟའི་བར་དུ་དར། རྗེ་བཙུན་འབུམ་སེང་ལ་ཟུར་དུ་བྱོན་པའི་སྲས་བློ་གྲོས་སེང་གེ་ནས་བརྒྱུད། གདུང་རབས་འགའ་རེ་བྱོན་འདུག འགྲོ་དོན་ཆེ་བ་རང་མ་བྱུང་བ་འདྲ། སློབ་བརྒྱུད་བུ་ཆེན་བཟའ་ལ་མང་བ་བྱུང༌། ཐུགས་སྲས་ཀྱི་གཙོ་བོ་རོང་བ་རྒ་ལོ་རྣམ་རྒྱལ་རྡོ་རྗེ་ཡིན། མདོ་སྔགས་ཐམས་ཅད་དང༌། ཁྱད་པར་དུས་འཁོར་ལ་མཁས་ཤིང་གྲུབ་པ་ཐོབ། དེའི་སྲས་རྗེ་ཤེས་རབ་སེང་གེ་དང༌། བླ་མ་ཨ་ཀ་ར་གཉིས་ཀྱང་དུས་འཁོར་དང་གཤིན་རྗེ་གཤེད་པ་ལ་མཁས་ཤིང༌། འཇིགས་མཛད་ལ་བརྟེན་ནས་ནུས་པའང་ཐོབ་བོ། །རྗེ་ཤེར་སེང་ནས་བརྒྱུད་པ་ལ། མང་མཁར་ལོ་ཙཱ་བ་དང༌། བླ་མ་དཔལ་ལྡན་སེང་གེ བླ་མ་སེང་
གེ་རྒྱལ་མཚན། ཡང་རྗེ་ཤེར་སེང་དང༌། བླ་མ་ཨ་ཀ་ར་གཉིས་ཀ་ལ། སྐྱིད་སྟོན་གྲགས་རྒྱལ་གྱིས་ཞུས། དེ་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཀུན་མཁྱེན་ཆེན་པོས་གསན། སེང་རྒྱན་པ་དང༌། ཀུན་མཁྱེན་ཆེན་པོ་ལ་ཞང་སྟོན་རྒྱ་བོར་གྲགས་པ། མཁས་པ་བསོད་ནམས་གྲགས་ཀྱིས་གསན། འདིས་འཇིགས་མཛད་ཀྱི་ཆོས་རྒྱ་ཆེར་སྤེལ། འབྲི་ཁུང་དཔལ་འཛིན་དུ་གྲགས་པའང་འདིའི་སློབ་མའོ། །ཡང་རྗེ་ཤེར་སེང་ལ་ཁོར་རང་གི་དབོན་པོ་རོང་པ་རྡོ་རྗེ་རྒྱལ་མཚན་གྱིས་གསན། དེ་ལ་དབོན་པོ་བསོད་ནམས་ལྷུན་གྲུབ་ཀྱིས་ཞུས། དེ་ལའང་འབྲི་ཁུང་དཔལ་འཛིན་གྱིས་ཞུས་སོ། །ཡང་རྭ་འབུམ་སེང་གི་སློབ་མ་ཀློག་སྐྱ་དབང་ཕྱུག་གྲགས་པ་དེ་གཤིན་རྗེ་གཤེད་དང་དུས་འཁོར་ལ་མཁས་པ་ཅིག་བྱུང༌། དེ་ལ་ལྡོངས་སྟོན་ཤེས་རབ་དཔལ་གྱིས་གཤེར་སྐོར་རྣམས་ཞུས། ལྡོངས་སྟོན་དེས་མདོ་སྔགས་ཀྱི་གཞུང་ཆེན་མང་པོ་མཁྱེན། བརྒྱུད་པ་ཐ་དད་སྣ་ཚོགས་ཀྱི་ཆོས་སྣ་བཞུགས་རྒྱ་ཆེ་ཞིང་ཐམས་ཅད་ལ་མཁས་པ་ཅིག་ཡིན་ཡང༌། ཉམས་ལེན་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཁོ་ན་གཙོ་བོར་གཏོན་པས། ནུས་མཐུ་ཡང་ཆེན་པོ་མངའ། སྐུ་བསོད་ཆེ་བས་བླ་ཆེན་འཕགས་པ་དང༌། རྒྱལ་པོ་གོ་པེ་ལའི་བླ་མར་སོང༌། གཤིན་རྗེའི་འཁོར་ལོའི་སྐབས་སོགས་འགའ་ཞིག་ཏུ། སྔ་མ་རྣམས་དང་མི་འདྲ་བའི་ཁྱད་ཆོས་ཅུང་ཟད་ཡོད། ཁོང་རང་གི་སྒོས་ཀྱི་བརྒྱུད་འཛིན་རྣམས་ལ་ལྡོངས་ལུགས་པ་ཟེར་བ་བྱུང༌། བླ་ཆེན་འཕགས་པས་ཀྱང་རྭ་ལུགས་རྩལ་འདོན་མཛད་དེ་སྤེལ་བས། སྔར་དཀར་པོ་རྣམ་གསུམ་གྱི་དུས་སུ་མཛད་པའི་མལ་ལུགས་དེ་ནི་བག་ལ་ཞ་བ་ལྟར་གྱུར་ཏོ། །བར་སྐབས་སུ་རྭ་ལུགས་འདི་བོ་དོང་འཇམ་རལ་དུ་གྲགས་པ་ནམ་མཁའ་སྨོན་ལམ། འབྲི་ཁུང་ལོ་ཙཱ་བ་མ་ཎྀ་ཀ སྐྱི་རོང་ལོ་ཙཱ་བ་ངག་དབང༌། གཟུངས་ཀྱི་དཔལ་བ། གྲུབ་ཆེན་ཀུན་དགའ་བློ་གྲོས། བླ་མ་ཆོས་དཔལ་བཟང་པོ།
སྔགས་འཆང་ཀུན་དགའ་ཟླ་བ། སློབ་དཔོན་དགེ་བ་རྒྱལ་མཚན་ལ་སོགས་པས་དར་རྒྱས་སུ་བྱས། ད་ལྟའི་བར་དུའང་དར་རོ། ཁ་ཅིག་འདི་ལ་ས་ལུགས་ཀྱི་མིང་འདོགས་པ་ནི་འཕགས་པས་མཛད་པའི་སྒྲུབ་ཐབས་ཉིད་དང་འགལ་ཉེན་གདའོ། །འདིར་བྱུང་ཚུལ་སྤྱི་ཁོག་ཙམ་བཤད་པ་ཡིན་གྱི། བརྒྱུད་རིམ་སོ་སོ་བ་རྣམས་ནི་བརྒྱུད་ཡིག་ལས་ཤེས་པར་བྱའོ། །རྭ་ལུགས་འདི་ལ་དགྲ་གདོང་གཉིས་དཀྱིལ་འཁོར་རེ་དང༌། འཇིགས་མཛད་ལ་བཅུ་གསུམ་མ་དང༌། རོ་ལངས་བརྒྱད་བསྐོར་ཏེ་དཀྱིལ་འཁོར་བཞིའི་དབང་རྒྱུན་ད་ལྟའི་བར་དུ་ཡོད་དོ།། །།སྐྱོ་ལུགས་ཀྱི་བརྒྱུད་པའི་དབང་དུ་བྱས་ན། ལ་ལི་ཏ་བཛྲ་དང༌། གསང་ལྡན་མཛད་མཁན་གྱི་སྒེག་པའི་རྡོ་རྗེ་གཅིག་པ་ལྟར་གྱི་བཤད་པ་བྱེད་དེ། དེ་ནི་མ་ཡིན་མོད། འོན་ཀྱང་སློབ་དཔོན་དེས་ཉན་འདོན་བྱེད་སར་བྱོན་ནས་འཁོར་བ་ནས་འཁོར་བར་བཏོན་པས་ཅི་ཕན་གསུངས། ཉ་རྣམས་ཞལ་དུ་གསོལ་ནས་འཇམ་དཔལ་གྱི་ཞིང་དུ་སྤུར་ནས་བཏང་ཟེར། སློབ་དཔོན་ལ་ལི་ཏ་དེ་ལ་འཇམ་དཔལ་བཤེས་གཉེན་གྱིས་ཐུགདེ་ཡང་གྲུབ་པ་ཐོབ་པར་ཉེ་ནས་སྤྱོད་པ་ལ་བྱོན། མུ་སྟེགས་ཀྱི་རྒྱལ་པོ་ཅིག་གླང་པོ་ཆེ་ལ་ཞོན་ནས་འོངས་པ་དང༌། ཟམ་པ་ཅིག་ཏུ་མཇལ་ནས། ལམ་བཟུང་རེས་མ་བྱུང་བས་སློབ་དཔོན་གྱིས་སྡིགས་འཛུབ་བསྟན་པས། རྒྱལ་པོ་དང༌། གླང་པོ་ཆེ་གཉིས་ཀ་ཕྱེད་མར་གས་ཏེ། ཟམ་པའི་གཡས་གཡོན་དུ་ལྷུངས། དེ་ནས་འཁོར་རྣམས་ཀྱིས་བཟོད་པར་གསོལ་ཞིང་གསོལ་བ་བཏབ་པས། སླར་གསོས་ཏེ་ནང་པའི་བསྟན་པ་ལ་བཀོད། འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། །གླང་པོ་བྱུང་ཡང་ལམ་མི་བཟུར། ཁ་ནས་གསང་སྔགས་རྒྱལ་པོ་བཟློས། །རྐང་པ་བྲག་རི་ཐོགས་མེད་འགྲོ། །ཞེས་པ་ཁོང་ལ་ཚང་ངོ༌། །དེའི་སློབ་མ་ནི་ཨ་མོ་གྷ་བཛྲ་ཆེན་པོ་ཡིན། དེ་ནི་བུམ་པ་ནམ་
མཁའ་ལ་འཇོགསྤྲུལ་པའི་སྐུ་ཞལ་གཟིགས། རིག་པ་འཛིན་པའི་དངོས་གྲུབ་བརྙེས་སྐད་དོ། །དེ་ལ་སློབ་མ་བཞི་སྟེ། དེ་བ་ཨཱ་ཀ་ར་ཙནྡྲ་དང༌། ནག་པོ་བ་དང༌། བིརྱ་ཙནྡྲ་དང༌། ཨ་མོ་གྷ་བཛྲ་ཆུང་བའོ། །དང་པོ་ནི། ཞང་ལོ་ཙཱ་བ་ཤེས་རབ་བླ་མའི་རྩ་བའི་བླ་མ་དེ་ཡིན། མགོས་ཁུག་པའི་བླ་མ་བཙུན་མོ་ཅན་དང་གཅིག་པ་འདྲའོ། །འཆི་མེད་ཚེའི་དངོས་གྲུབ་བརྙེས་ནས་དཔལ་གྱི་རི་ལ་བཞུགས་ཟེར། གཉིས་པ་ནི། ཀཱ་མ་རུའི་ཡུལ་དུ་མཆོག་སྦྱིན་བྱེད་མཁན་གྱི་མུ་སྟེགས་རྣམས་ལ་སྡིགས་འཛུབ་བྱས་པས། དྲན་མེད་དུ་བརྒྱལ། རྒྱལ་པོས་ཞུས་ནས་སླར་གསོས། རྒྱལ་པོ་ཞབས་ལ་གཏུགས། དམར་མཆོད་རྣམས་ཕལ་ཆེར་བཀག །ལམ་ལ་སྟག་བརྫུས་མཛད་ཀྱིན་གཉལ་དུ་བྱོན། བོད་དུ་བྱོན་དུས་ལོ་ཙཱ་བ་མེད་པས་ཆོས་ནི་མ་བསྒྱུར། དབང་དང་མན་ངག་ཐན་ཐུན་གསུངས། ཨ་ཙ་ར་ཞབས་དཀར་པོ་ཅན་དུ་གྲགས་སོ། །གསུམ་པ་ནི། ཇོ་བོ་རྗེའི་གཅུང་པོ་ཡིན། གཤིན་རྗེ་གཤེད་ཀྱི་ནུས་པ་གྲུབ་པ། བོད་ཡུལ་ཕལ་ཆེར་དུ་བྱོན། ཡར་ཀླུངས་ཀྱི་ཀླུ་དགོན་པར་ཡུན་རིང་བཞུགས། སླར་རྒྱ་གར་ལ་ཐེགས་པ་དེ་ཀ་ཡིན་ནམ་སེམས། སྐྱོ་བ་རྣམས་འདིས་འཇའ་ལུས་བརྙེས། དཔལ་གྱི་རི་ལ་བཞུད་ཟེར། བཞི་པ་ནི། སློབ་དཔོན་ཨ་ཏུ་ལ་དཱ་སའི་སྲས་ཡིན་པར་ཡང་འཆད། གང་ལྟར་ཡང་ཞང་ཤེས་རབ་བླ་མ་རྒྱ་གར་དུ་བཞུགས་པའི་དུས། སློབ་གཉེར་གྱི་འཕྲོས་སྐྱོང་བའི་གཞོན་ནུ་གཅིག་ཡོད་ཟེར། ཕྱིས་ནུས་པ་དང་ལྡན་པའི་པཎ་ཆེན་དུ་གྱུར། བོད་དུ་ཕེབས་དུས་ཞང་ལོ་ཤིན་ཏུ་བགྲེས་པོར་གྱུར་ཀྱང་ཆོས་གསན། སྤྱིར་བོད་ཡུལ་དུ་འགྲོ་དོན་ཆེ། བ་རི་བའི་བླ་མ་སྐུ་དྲིན་ཆེ་ཤོས་གཅིག་ཡིན། དུས་མཉམ་གྱི་ལོ་
ཙཱ་བ་ཕལ་ཆེར་ཀྱིས་གཏུགས། ཕར་ཕྱིན་དང་མདོ་སྡེ་རྒྱན་སོགས་མདོ་ཆོས་ཀྱང་མང་དུ་གསུངས། སྔགས་ཆོས་གསང་འདུས། དགྱེས་རྡོར་སོགས་དང༌། སྒྲུབ་ཐབས་ཕྲ་མོའི་རིགས་མང་དུ་གསུངས་ཤིང༌། ཕྱག་རྒྱ་བཞི་ལ་བརྟེན་པའི་རྫོགས་རིམ་ཀྱང་མང་དུ་གསུངས་འདུགབོད་པའི་དགེ་བཤེས་དང་སྔགས་པ་མང་པོས་ཞབས་འབྲིང་བྱས། སྟོད་ལུང་གི་ཕུའི་ལ་ཞིག་ལ་བཞུད་པའི་ཚེ། ཇག་པ་མང་པོ་བྱུང་བ་ལ་བོད་པ་རྣམས་རི་ལ་བརྫེས་འཐབ་ཆས་བྱེད་པ་ལ། པཎྜི་ཏས་སྡིག་འཛུབ་མཛད་པས་ཇག་པར་རྣམས་རེངས། འཐབ་མ་དགོས་པར་ལ་ཐོན། དེ་ནས་བོད་ཀྱི་ཛོ་གི་རྣམས་ལ་ནུས་པ་མི་འདུག་པ་གསུང༌། འགྲོ་དོན་ཆེར་མཛད་ནས་རྒྱ་གར་དུ་བཞུད། སྐུ་ཚེའང་རིང་དུ་བཞུགས། རས་ཆུང་བས་ཀྱང་བླ་མ་འདི་ལ་ཆོས་མང་དུ་ཞུས་གདའ་སྟེ། རས་ཆུང་བའི་རྣམ་ཐར་ན་འབྲི་དགོས་ངེས་ཤེས་པ་འདི་ཚོ་མ་བྲིས་པར་འདུགདེ་ལྟ་བུའི་བླ་མ་ཨ་མོ་གྷ་བཛྲ་ལ་བླ་མ་སྐྱོས་གསན་པ་ཡིན་ཏེ། ཁོང་གི་ཡུལ། པ་སྣམ་གྱི་ཉ་ཚན་ཕུག་ཡིན། དང་པོ་མངོན་པ་དང༌། ཚད་མ་དམ་དུམ་མཁྱེན། རྙིང་མ་སྒྱུ་འཕྲུལ་སོགས་ལེགས་པོ་ཤེས་པའི་བན་གཞོན་ནོར་ཆེ་བ་ཅིག་ཡོད། མིང་དངོས་ཆ་མི་འཚལ། བླ་དྭགས་ལ་སྐྱོ་ནག་འབྲོམ་སྟོན་ཟེར། ཁོ་ནངས་པར་སྨན་འདྲ་ཉོ་བ་དང༌། གཞན་དོན་སྤྱོད་ཅིག་ཀྱང་ཡོད། གྲབས་རྣམས་གྲུབ་སྟེ་ནུབ་མོ་ཉལ་བའི་རྨི་ལམ་དུ། ལུང་བའི་མདའ་ཆེན་མོ་མ་གི་ནས་ཡར། ཤིན་ཏུ་འཇིགས་སུ་རུང་བའི་ལུས་ཅན། མདོག་ནག་པ། མགོ་དང་རྐང་ལག་མང་པོ་ཡོད་པ། མེ་དང་དུད་པའི་དཀྱིལ་ན་གཟུགས་ཤིན་ཏུ་ཆེ་བ་ཅིགཡར་ཡོང་གིན་འདུགའདིར་མ་བྱུང་ན་རུང་སྟེ་བསམ་ཙ་ན། ཁོང་རང་གི་རྩར་ཚང་གིས་བྱུང༌། སྐྲག་རང་གྲགས་ཏེ་གང་གྲག་ཅི་གྲག་ལ་གཉིད་སད་པས།
གོས་ཐམས་ཅད་རྔུལ་ནག་གིས་བངས་འདུག དེར་བསམས་པ། ད་དེ་རིང་གི་དོན་དེ་རང་མི་འགྲུབ་པ་ཡིན། དེ་བས་གོད་གཞན་ཅི་ཡོང་ཡང་མི་ཤེས་ཏེ། དུས་བརྩམས་ཟིན་པས། མ་ཕྱིན་ན་མི་རུང་བསམས། ནམ་ལངས་མ་ཐོག་ཕྱིན། གྲ་མ་སྨུ་གུ་ཟེར་བའི་ཆུ་འགྲམ་དེའི་ཐད་ན། པཎྜི་ཏ་དཔོན་གཡོག་འགའ་ཞིག་འདུགདེ་མཐོང་བ་ཙམ་གྱིས་ཡིད་ལ་དགའ་བདེ་ཁྱད་པར་ཅན་ཡང་སྐྱེས། ཟིལ་ཆེ་བ་ཞིག་ཀྱང་འདུགདེ་ལ་མོས་ནས་ང་ད་ལྟ་འཁོར་ནས་ཡོང་བས་འདིར་བཞུགས་ཞིགབདག་གི་ཁྱིམ་དུ་སྤྱན་འདྲེན་པ་ལགས་བྱས། དེ་ནས་ཚོང་འདུས་འགུར་མོར་ཕྱིན་པས་སྨན་མང་པོའང་རྙེད། དོན་སྤྱོད་དེ་ཡང་ལེགས་པ་རང་ཞིག་བྱུང༌། དེ་ལ་བརྟེན་པའི་ཆང་འདྲེན་པ་མང་སྟེ། ཉི་མ་ཟེར་བ་ཙམ་ཐུབ་ཡོངས། དེ་ནས་སྔར་ལོག་ཡོང་ངོ་བྱས་པ་དྲན་ཏེ། འཕྲོ་བཞག་ནས་འོངས་པས་མུན་ཚབ་ཚུབ་ལ། པཎྜི་ཏ་དཔོན་སློབ་རྣམས་སྔར་ཀྱི་ས་དེ་ན་ཀ་བཞུགས་འདུག་སར་སླེབ། ནུབ་མོ་དེ་ཀ་ཡར་བྱོན་ཏེ་ཁྱིམ་དུ་སྤྱན་དྲངས། ཞབས་ཏོག་སྣ་ལེན་བཟང་པོ་བྱས། པཎྜི་ཏ་དབུས་དུ་ཕེབས་པའི་ཆ་རྐྱེན་ཐམས་ཅད་ཀྱང་དེར་བསགས། སྔར་ལོ་ཙཱ་རབ་རིབ་ཞིག་མཁྱེན་པ་ལ་སླར་རྒྱ་སྐད་ལ་སྦྱངས་པ་ཆེར་མཛད། པཎྜི་ཏ་དབུས་སུ་ཕེབས་པའི་ཕྱག་གཡོག་གི་རྐང་ལེན་མཛད། ཞོར་ཆོས་ཀྱང་མང་དུ་ཐོབ། ཡར་ཕེབས་ནས་བླ་མ་རང་གི་ཐུགས་དམ་གྱི་མཐིལ་གང་ཡིན་པ་དེ་ང་ལ་ཞུ་བྱས། སྙིགས་མའི་དུས་ན་འདི་ཁོ་ན་བྱིན་རླབས་ཆེ། ངའི་ཡི་དམ་གྱི་སྙིང་པོའང་འདི་ཡིན་གསུངས་ནས། དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཐང་སྐུ་བསྟན། སྔར་རང་གི་རྨི་ལམ་དུ་བྱུང་བ་དེར་འདུག་ནས། དགའ་གྲགས་ནས་ཏེ་ཏེ་བརྡུངས། དབང་བསྐུར་མཛད་པའི་ཚེ། དཀྱིལ་འཁོར་གྱི་དཀྱིལ་ནས་འོད་དཀར་པོའི་གོང་བུ་སྙིམ་པ་ཙམ་ཅིག་བྱུང༌། ཁྱིམ་ཐམས་ཅད་འོད་ཀྱིས་
གང་ནས། སྐྱོ་སྟོན་གྱི་དབུ་ལ་ཐིམ། བླ་མས་མིང་འོད་ཀྱི་འབྱུང་གནས་སུ་བཏགས། དེར་ཟླ་བ་བཞི་ཙམ་བཞུགས་ནས། རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་དཔྱིས་ཕྱིན་པ་ཟབ་རྒྱས་སུ་གནང༌། སྐྱིད་གྲོང་ཚུན་ཆད་སྐྱེལ་མར་ཕེབས། དེར་རྟ་བཟང་པོ་ཅིག་ཕུལ་ནས་སྨོན་ལམ་བཏབ་སྟེ། ཕྱིར་ལོག་ཡོང་ཁར། དབུ་ཞྭ་དང་ཕྱག་འཁར་གནང་ནས། ད་སྒྲུབ་པ་གྱིས་ཤིག་ལེགས་པ་འོང་ཞེས་ལུང་བསྟན་མཛད། དེ་ནས་ཆོས་རྒྱུད་གཅིག་པར་དགོངས་ཏེ། འབྲི་འཚམས་ཀྱི་ནང་གི་དགེ་འདུན་བཟང་པོའི་དྲུང་དུ་བྱོན། སྔར་གྱི་རྒྱབ་རྟེན་དུ་དགྲ་གདོང་འཇིགས་གསུམ་གྱི་ཆོས་སྐོར་རྫོགས་པར་ཞུས་སོ། །དེ་ནས་ཉ་ཚན་དུ་སྒྲུབ་པ་བྱེད་ཀྱིན་ཡོད་ཙམ་ན། རྨི་ལམ་དུ་བླ་མ་ཕེབས་ཡོད་ཕྱིར་ཤོག་ཟེར་བ་ཅིག་བྱུང༌། ཕྱིར་ཕྱིན་ཙ་ན་ཞིང་ཁ་ཅིག་ན་བླ་མ་ཨ་མོ་གྷ་ཞུགས་འདུགཕྱག་ཕུལ་ཙ་ན། སྤ་མཁར་གྱིས་ས་ལ་རི་མོ་མཛད་ཀྱིན། འདིར་ཁང་པ་གྱིས་གསུང་འོད་དཀར་པོ་ཅིག་ཏུ་གྱུར་ནས་ཡལ་སོང༌། དེ་ནས་མི་རིང་པ་ཅིག་ན། ཕ་སྤུན་ཅིག་ཡོད་པ་དེས་ཞིང་དེ་ཉོའི་ཟེར་བྱུང་བ་ལ། ལུང་བསྟན་དྲན་ནས་ཞིང་ཉོས་དགོན་པ་བྱས། པ་ཚབ་ཉི་མ་སྡེ་ཟེར་བ་དེ་ཡིན། ལན་ཅིག་དེར་སྒྲུབ་པ་བྱས་ཙ་ན། ལྷའི་བུ་གཉིས་ཀྱིས་བུམ་པ་བདུད་རྩིས་གང་བས་ཁྲུས་བྱས། ལག་ཏུ་རྡོ་རྗེ་གཏད་དེ། རི་ནི་མ་ཧེའི་གཟུགས་འདྲ་བ། །དེ་ཡི་རྩ་རུ་སྐྱེས་པ་ནི། །ཤཱཀྱའི་སྲས་པོ་ཞེས་བྱ་བ། །འོད་འབྱུང་ཞེས་ནི་གྲགས་པ་ཡིན། །དེ་ལ་བཀའ་གནང་བྱིན་རླབས་ཀྱིས། །འཇམ་དཔལ་གྱི་ནི་དངོས་གྲུབ་ཐོབ། །ལྷ་ཡི་དབང་པོས་བཏང་བ་ཡིན། །བསམ་པའི་དོན་ལས་མ་འགྱུར་ཅིག །ཟེར་སྨན་ཆུ་ལུང་དུ་ཡང་དབེན་མཛད་ནས། བསྙེན་སྒྲུབ་ལོ་བདུན་བྱས་པས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་གཟིགས་ཏེ། མ་ཧེའི་ཞལ་བཞད་ཅིང་རྩ་སྔགས་གསུང་བ་དང༌། འཁོར་ལས་ཀྱི་གཤིན་རྗེ་བཟླས་པ་བྱེད་པ་གཟིགས། བར་ཆད་བཟློག
སྐུ་ཚེ་རིང༌། ལུང་བསྟན་དང་མཐུན་པའི་བྱིན་རླབས་འབྱུང༌། མཐུ་སྟོབས་ཤིན་ཏུ་ཆེ། སྐྱོ་རོག་ཕུང་བ་དང༌། པ་ཚབ་བདོས་ཕུང་བར་གྲགས། མཐུ་རྟགས་ཀྱི་ལོ་རྒྱུས་མང་པོ་ཡོད་འདུག་ནའང་བྲིས་པ་མི་འདུགལར་གྱི་ཐུགས་ངང་རྒྱུད་འཇམ་ཞིང་བཟང་བ་ཞིག་ཡིན་པར་འདུག་པས་བྲག་ལས་ལ་བརྩོན་པར་མ་མཛད་ཀྱང༌། སྡིག་གསོག་པ་རྣམས་ལ་རང་ཤུགས་ཀྱིས་རྟགས་འབྱུང་བ་ཡིན་པར་འདུག་གོ །དེ་ལ་སྲས་འཇམ་དཔལ་དང་པདྨ་གཉིས་བྱུང༌། ཡབ་ཀྱི་རྗེས་ཟིན། བུ་ཆེན་ལྔ། རྩངས་ཡང་དག་འབར། སྒང་རི་བོ་ཆེ་བ། མ་སྣར་ཁྲོ་མེ་བ། བསགས་གཞོན་ནུ། གླན་གཉའ་ནམ་པ་སྟེ། དེ་ཐམས་ཅད་གཤིན་རྗེ་གཤེད་ཀྱི་ཆོས་ལ་མཁས་པའོ། །གླན་ནི་འོ་ཡུག་ཏུ་རྙིང་མ་བ་ཅིག་ལ་ཆོས་ཉན་ཀྱིན་ཡོད་ཙ་ན། ནུབ་ཅིག་རྨི་ལམ་བཏགས་པས། རྨི་ལམ་དུ་སྐོམས་ནས་ཆུ་བཙལ་བས། བྱེ་མའི་ཆུ་རྙོག་མ་ཅན་འབའ་ཞིག་འདུགདེ་ནས་ལ་ཅིག་བརྒལ་བས་ཕུ་ཤར་བསྟན་ཅིག་ན། ཆུ་ཞིམ་པོ་ཅིག་འདུག་པ་འཐུངས་པས་ཚིམ་པ་ཅིག་རྨི། སང་སློབ་དཔོན་ལ་བཤད་པས། སློབ་དཔོན་ན་རེ། ཁྱོད་ལ་ངའི་ཆོས་ཀྱིས་ཕན་མི་ཐོགས་པར་འདུགབླ་མ་སྐྱོ་འདི་གྲུབ་ཐོབ་ཅིག་ཡོད་པར་འདུག་པས། ཁོང་ཅན་དུ་སོང་གསུངས། དེར་བྱོན་ནས་དབང་གདམས་ངག་ཞུས་བསྒོམས་པས། ཉམས་རྟོགས་བཟང་ཞིང་ནུས་མཐུ་ཆེ་བ་ཅིག་བྱུང་བར་གདའ། སྐྱོ་འཇམ་དཔལ་གྱི་སྲས་ནི་ཇོ་སྲས་ཁམས་པ་ཡིན། དེས་ཡབ་དང༌། ཁུ་བོ་དང༌། གླན་གཉའ་ནམ་པ་གསུམ་ཅར་ལ་གཏུགས། མེས་པོའི་རྗེས་ཟིན་པར་བྱུང༌། དེ་ཡན་ཆད་བཀའ་རྒྱས་བསྡམས་པས། མེས་དབོན་དེ་དག་ལ་རྒྱུད་ཤེས་ཤིང་ནུས་པ་ཐོབ་པའི་སློབ་མ་མང་པོ་བྱུང་ཡང༌། དེ་དག་གིས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་གཞན་ལ་བཤད་པ་མང་
པོ་མེད། དེ་ནས་དབུས་སྐྱི་སྨད་གསང་མདའི་གཉན་རིན་ཆེན་བསྟན་པ་ཞེས་བྱ་བ། རྟེན་དཀར་པོ་མཚན་ཉིད་ཀྱང་ཤེས། ཡོ་ག་དང་གསང་འདུས་སོགས་སྔགས་ཆོས་མང་པོ་རང་ཤེས་པ་ཞིགསྐྱོ་ཁམས་པའི་ལོ་རྒྱུས་ཐོས་པས། དད་པ་སྐྱེས་ནས་དང་པོར་མཇལ་དུ་ཕྱིན། གཤེད་སྐོར་གྱི་ཆོས་ཀྱི་སྙན་འབུལ་བྱས་པས། ང་ལོ་སྟེང་གི་སྐེག་ཆེ་ད་རེས་མི་འོང༌། སང་ཕོད་ཙམ་བྱ་གསུངས། དེ་རེས་ལོགཕྱི་ལོ་དེ་ཕྱིན་པས་ལོ་མཚམས་བྱས་ཡོད་གསུང་མ་མཇལ་ཏེ། སྣོད་བརྟགས་པའང་ཡིན་པར་འདུགདེ་ན་ལོ་གཉིས་ལོན་ནས་ཕྱིན་པས་མཇལ། ཟ་འོག་ཡུག་བཟང་པོ་ཅིག་ཕྱག་རྟེན་དུ་ཕུལ། ཁྱོད་སྔར་ཐག་རིངས་ནས་འོངས། ད་ཡང་ཐག་རིང་དུ་འགྲོ་བས་བཤད་ཀྱིས་གསུང༌། སྨན་ཆུ་ལུང་དུ་གཏོར་མ་ཅིག་མཛད། གཏོར་ལྟས་ཤིན་ཏུ་བཟང་སྟེ། སྨན་ཆུ་ལུང་དུ་བཤད་ན་བར་ཆད་ཅིག་ཡོང་བར་འདུགཀུན་ར་གནས་སུ་འགྲོ་གསུང༌། དེར་ཕེབས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་མན་ངག་རྣམས་རྫོགས་པར་གནང༌། རྟོག་བདུན་གྱི་ཞིབ་བཤད་ཚར་གཉིས་མཛད། ཆ་ལག་ཀུན་ཀྱང་རྫོགས་པར་གནང༌། དེ་ནས་པ་ཚབ་ཉི་མ་ལྡེར་ཕེབས་ནས་རྒྱབ་རྟེན་ཞེ་དགུ་མ་དང༌། དགྲ་ནག་གདོང་དྲུག་སོགས་ཀྱང་གནང༌། ལར་ལོ་གཉིས་བཞུགས། ཡོ་བྱད་ཐམས་ཅད་ཀྱང་སྤྲུགས་ཏེ་ཕུལ། བཤད་པ་གདམས་ངག་ཐམས་ཅད་ཀྱང་རྫོགས་པར་ཤེས་པ་བྱུང་བླ་མའི་གསུང་ནས། རྡོ་རྗེ་འཇིགས་བྱེད་འདི་མི་སྤགས་ཁུད་ཀྱི་གསེར་ཕྱེ་ཡིན། ཆོས་འདི་བསྒྲུབས་ན། བཙལ་ན་ནོར་རྙེད། བཏུལ་ན་དགྲ་ཐུལ། སྡིག་པ་མི་འཇིགས། སངས་རྒྱས་མྱུར་དུ་ཐོབ། ཕའི་ཆོས་བཏུབ་ནས་བུ་དང་ཚ་བོ་ཡང་ཚ་སོགས་མཐའ་མེད་པའི་བར་དུ་ཆོས་ཀྱི་གྲུལ་ཐུབ་པ་ཞིག་ཡིན། ཆོས་ཡིན་ཟེར་བ་ལ་ལ། ཕའི་རིང་ལ་དར་དར་ནས། བུའི་
རིང་ལ་ཤོག་རྗེས་ཀྱང་མེད་པར་འགྲོ། །འདི་དེ་དང་མི་འདྲའོ། །བྱི་ཁུང་དུ་མདུང་ལས་སྙུང་བུ་གཟོ་བྱ་བ་ཡིན། ཁྱོད་ཀྱིས་ཀྱང་ཆོས་ཆེན་པོ་མང་པོ་ཤེས་པར་འདུག་སྟེ། ངའི་ཆོས་འདི་ཁོ་ནས་ཕན་ཐོགས་པར་འོང༌། མི་གསུམ་ལས་མང་བ་ལ་དུས་གཅིག་ཏུ་མ་ཤོད་ཅིགཅེས་བཀའ་རྒྱ་བཀྲོལ་ཏེ་གནང༌། བླ་མ་འདིས་ཀྱང་ཡི་དམ་འགྲུབ་སྟེ་མཐུ་སྟོབས་ཐོགས་པ་མེད་པ་མངའ། དགུང་ལོ་བརྒྱ་དང་བཅུ་གཉིས་བཞུགས། བརྒྱ་བརྒྱད་ཀྱི་སྟེང་དུ། ༧ བླ་ཆེན་ཆོས་རྒྱལ་འཕགས་པས་ཀྱང་ཞབས་ལ་བཏུད། དེའི་སྲས་པོ་གཉན་འོད་སྲུངས། དེ་ལའང་བླ་ཆེན་གྱིས་ཆོས་གསན། དེའི་སྲས་པོ་གཉན་ཆོས་རྒྱལ་ཡིན། དེ་ལ་བུ་ཆེན་འཛིམས་པ་རིན་ཤེ་སོགས་བུ་ཆེན་བརྒྱུད་པ་དང༌། རིགས་བརྒྱུད་ཀྱང་གཉན་སྟོན་རྡོ་རྗེ་གྲགས་ཀྱི་བར་དུ་མི་རབས་བཞི་ལྔ་ཙམ་ཆོས་བརྒྱུད་ཟིན་པ་རང་བྱུང་འདུག་གོ །ད་ལྟར་ཡང་ཆོས་བཀའ་མ་ནུམ་ཙམ་ཡོད་ཅིང༌། ཁོ་བོས་ཀྱང་འཁུམས་སོ། །བརྒྱུད་ཡིག་ལོགས་སུ་གསལ། རྭ་ལུགས་ཀྱི་འོག་ནས་ལུགས་སྲོལ་འདི་ཡང་གདམས་ངག་རྒྱས་ལ་བཟང་པ་བྱིན་རླབས་ཆེ་བ་ཞིག་གོ །ལུགས་འདི་ལ་སྐྱོ་ཉིད་ཀྱིས་རང་ལུགས་ཁྲོ་མོ་བརྒྱད་བསྐོར་གྱི་དཀྱིལ་འཁོར་ཁོ་ན་ཡིན། དགྲ་གདོང་འཇིགས་བྱེད་ཞེ་དགུ་མ་གསུམ་ཞང་ལུགས་ལ་བསྐྲུན་མའོ།། །།གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་གཉོས་ལུགས་ནི། རྒྱ་གར་གྱི་བརྒྱུད་པ་ཕལ་ཆེར་གཉོས་ལུགས་རང་གི་གསང་འདུས་དང་འདྲ་སྟེ། གཉོས་ཀྱིས་བ་ལིང་ཨཱ་ཙརྱ་ལ་གསན་པ་ཡིན། རྩ་བ་ལ་ལི་ཏ་ལ་ཐུག་དགོས་པ་གཞིར་བཅས་ཀྱང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མན་ངག་ཁོ་ན་ལ་བརྟེན་པའི་ཕྱིར། དངོས་སུ་བརྒྱུད་པའི་འགོ་ཡང་དེ་ནས་འདྲེན། གཉོས་ལོ་ཡོན་
ཏན་གྲགས། དེའི་སྲས་རྡོ་རྗེ་བླ་མ། དེའི་སྲས་དཔལ་ལེ། དེའི་སྲས་གྲགས་པ་དཔལ་རྣམས་ཀྱི་བར་དུ་མཐུ་སྟོབས་ཤིན་ཏུ་ཆེ། དེའི་སྲས་རྒྱལ་བ་ལྷ་ནང་པ་འཕྲིན་ལས་ཕྱོགས་ཀུན་ཏུ་ཁྱབ། དེའི་དབོན་རིགས་སོགས་ལའང་དར་ཏེ། གཉོས་ལུགས་རང་དུ་གྲགས་ཤིང་རྒྱལ་བ་ལྷ་ནང་པ་ལ་མཆེད་གྲོགས་འགར་དམ་པ་ཆོས་སྡིངས་པས་ཞུས། ཁོང་གི་འབྲི་ཁུང་གི་སྤྱི་རིམ་པ་ཡུན་རིང་པོ་མཛད། སྐུ་ཚེའི་སྨད་ལ། སྤོ་བོར་ལྷ་དགོན་བཏབ་ནས་གདུལ་བྱ་བསྐྱངས་པས། བར་སྐབས་ཅིག་ཏུ་འཇིགས་མཛད་འགར་ལུགས་སུ་གྲགས་ཤིང༌། མདོ་ཁམས་ལྷོ་སྟོད་དུ་དར་རྒྱས་ཆེ་བ་བྱུང་ཟེར། རྡོ་རྗེ་འཇིགས་བྱེད་ཀྱི་སྲོལ་འཛིན་བར་སྐབས་སུ་བྱུང་བ་ལ། འགར་ལྗོངས་རྒྱ་གསུམ་གྲགས་ཆེ་སྟེ། འགར་ལུགས་གཉོས་ལུགས་ཀྱི་ནང་ཚན་ཡིན། ལྗོངས་དང་རྒྱ་ལུགས་རྭ་ལུགས་གྱི་ནང་ཚན་ནོ། །ཕྱིས་ཀྱི་བཤད་པ་རྡོ་རྗེ་མྱུ་གུ་ཟེར་བ་འདི་ན་འགར་ནི་ལྷོ་པ་འགར་རྡོ་རྗེ་སྙིང་པོ་ཟེར་བ་དང་ཞང་ལུགས་བརྒྱུད་འཛིན་ལ་ཞང་སྟོན་རྒྱ་བོ་ཞེས་སོགས་ཟེར་བ་ནི། ཆོས་རྒྱུས་ཕྱོགས་ཙམ་ཡང་མེད་པའི་བབ་ཅོལ་ལོ། །བ་རི་བའི་རྗེས་འབྲང་རྣམས་ནི། ལ་ལི་ཏ་ལ་འཇམ་དཔལ་གྲགས་པས་ཞུས། དེ་ཡང་རྡོ་རྗེ་མ་མཁའ་འགྲོ་མས་དབང་བསྐུར་ཞིང་མི་བརྗེད་པའི་གཟུངས་ཐོབ་པ་ཡིན། དེ་ལ་འཇམ་དཔལ་གྲགས་པ་ཆུང་བས་ཞུས། དེ་ཡང་ཡོན་ཏན་སྔ་མ་དང་འདྲ། དེ་ལ་འཇམ་དཔལ་བཤེས་གཉེན་གྱིས་ཞུས། དེ་ལ་ཨ་མོ་གྷ་ཆེ་བས་ཞུས། དེ་ལ་ཨ་མོ་གྷ་ཆུང་བས་ཞུས། དེ་ལ་བླ་མ་བ་རི་ལོ་ཙཱ་བས་ཞུས། དེས་གཡོར་དར་གྲགས་ལ་གནང༌། དེ་ནས་ཀྱང་བརྒྱུད་པ་གསུམ་བཞིའི་བར་དུ་བྱུང་བར་འདུག་སྟེ། ཡུན་རིང་དུ་ནི་མ་དར་རོ། །ལུགས་འདི་ལའང་དགྲ་གདོན་གཉིས་ལ་རེ་རེ་དང༌། འཇིགས་མཛད་བཅུ་གསུམ་མ་དང༌། གཏི་མུག་རྡོ་རྗེ་ལ་སོགས་པའི་མཚན་
རྣམ་སྣང་ལ་སོགས་པར་བསྒྱུར་བའི་ལྷ་དགུ་མ་དང༌། ཡབ་ཡུམ་ཁ་སྦྱོར་གྱི་སྐུ་ཅན་གྱི་རོ་ལངས་བརྒྱད་བསྐོར་ཏེ་དཀྱིལ་འཁོར་ལྔ་ཡོད་དོ།། །།མལ་ལུགས་སུ་གྲགས་པ་ནི། ནག་པོ་སྐོར་གསུམ་གྱི་ནཱ་རོ་པའི་མན་ངག་རྣམས་ཕཾ་ཐིང་བ་ཆེན་པོ་ལ་བཞུགས། དེ་ལ་ཀློག་སྐྱས་ཞུས། དེ་ལ་མལ་ལོས་ཞུས་པ་དང༌། ཡང་སློབ་དཔོན་ཡེ་ཤེས་ཞབས་ཀྱི་མན་ངགབལ་པོ་ཡེ་རང་གི་པཎྟི་ཏ་ཧ་དུ་དཀར་པོ་ཞེས་བྱ་བ། བ་ར་ཨིནྡྲ་རུ་རྩེའི་དྲུང་དུ་མལ་ལོས་ཞུས་ངེས་སུ་འདུགཕཾ་ཐིང་པ་ཕྱི་མ་ལ་ཡང་ཞུས་ནི་ཟེར། གང་ལྟར་ཡང་མལ་ལོས་འཇིགས་མཛད་ཆེན་པོ་དང༌། ལས་མཁན་སྨྱོན་པ་འཇིགས་བྱེད་ལ་ནུས་པ་ཅུང་ཟད་ཐོན། དེ་ལ་བླ་མ་ས་སྐྱ་བ་ཆེན་པོར་ཞུས། འཇིགས་བྱེད་ས་ལུགས་བྱ་བ་འདི་ལ་ཟེར་བ་ཡིན། པཎྜི་ཏའི་ངག་སྒྲོས་ཁོ་ན་ལས་བསྲེ་བསླད་ནི་ཆུང༌། ནག་འཇིགས་གཉིས་ཀ་ལ་དབང་བཀའ་བཤད་བཀའ་ཡོད། བཤད་རླབས་ཆུང་ཞིང་མན་ངག་ཀྱང་མདོར་བསྡུས་པའོ། །དྲག་པོའི་འཁྲུལ་འཁོར་ལ་སྒྱོགས་ཀྱིས་བཙལ་བ་དང༌། འཁྲུལ་འཁོར་ཨ་ཀ་རུ་ནག་པོའི་ཆུ་ལ་འདྲེན་པ་སོགས་ཡོད་དེ། རྒྱ་བལ་པཎ་ཆུང་འདྲའི་ངག་སྒྲོས་དང་ལག་ལེན་ཡིན་སྲིད་ཀྱང༌། དགོས་ནུས་གང་ཡང་མེད་དོ། །ལུགས་འདིའི་ལུང་བཀའ་ཅི་རིགས་དང༌། དབང་མཆོག་གཞན་ལ་བརྟེན་པའི་དབང་བཀའ་མ་ནུབ་ཙམ་ཡོད་པ་ཡང་བདག་གིས་འཁུམས། འདིའི་ཐུན་མོང་མ་ཡིན་པའི་དབང་ཆོག༧ བླ་ཆེན་ས་སྐྱ་བ་ཀུན་སྙིང་གིས་མཛེས་པ་སྟེ། བར་སྐབས་སུ་ས་སྐྱ་བའི་ཕོ་རུས་ཆེ་བར་བསྒོམ་པ་ས་ཚིག་རྡོ་ཚིག་ལ་སོང་བ་ཚོ་སུས་ཀྱང་མ་རྙེད་པ་དཔེ་རྙིང་རང་ཞིག་ཁོག་བོའི་ལག་ཏུ་འབྱོར་བས་ངོ་མཚར་སྐྱེས་སོ། །ལུགས་འདི་ལ་དགྲ་ནག་གི་དཀྱིལ་འཁོར་དང༌། འཇིགས་མཛད་རོ་ལངས་བརྒྱད་བསྐོར་ཁོ་ན་ཏེ། གཉིས་པོ་དབང་
རྒྱུན་ངེས་ཅན་ཡིན་ལ། གདོང་དྲུག་ནི་དེ་གཉིས་ཀྱི་འདབས་ཐེབས་པ་ཙམ་མོ། །གསུམ་པ་ནི། བླ་མེད་ཀྱི་ལུགས་དམར་ནག་འཇིགས་ གསུམ་དང་འབྲེལ་བའི་དགོངས་འགྲེལ་གྱི་བསྟན་བཅོས་ཇི་ཙམ་བོད་དུ་འགྱུར་སྙམ་ན། ནག་པོའི་རྒྱུད ་ཀྱི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ། དཔལ་འཛིན་གྱིས་མཛད་པ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཀའ་འགྲེལ་རིན་ཆེན་འཕྲེང་བ་གཞོན་ནུ་ཟླ་བས་མཛད་པ། དཔྱལ་བསོད་ནམས་རྒྱལ་མཚན་གྱི་འགྱུར་ཏེ། རྒྱ་འགྲེལ་རྣམ་དག་གཉིས་ཡོད། འགྲེལ་པ་རིན་ཆེན་སྒྲོན་མ་ཟེར་བ། སློབ་དཔོན་ཤཱན་ཏི་པ་ལ་ཁ་འཕངས་པ་འདི་དང༌། སྒྲུབ་ཐབས་ཀུ་མུད་ཏ་ཁ་ཕྱེ་བ་ཞེས་པ། དགྲ་ནག་བཅུ་གསུམ་མའི་སྒྲུབ་ཐབས་ཤཱན་ཏི་པ་ལ་ཁ་འཕངས་པ་འདི་དང༌། གཤིན་རྗེ་གཤེད་ནག་པོའི་འཁོར་ལོའི་དོན་རྒྱས་པར་བཤད་པ། སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་ཟེར་བ་སྟེ། ནག་པོའི་སྐོར་ལ་གསུམ་པོ་འདི། མ་ནང་ལོ་ཙཱ་བ་གོ་རུབ་ཆོས་ཤེས་བརྩམས་པ་ཡིན་གྱི། རྒྱ་གར་གྱི་གཞུང་འགྲེལ་མ་ཡིན་ལ། ཀུ་མུད་ཁ་ཕྱེ་བ་ནི། རྒྱུད་དང་མི་མཐུན་པས་ལེགས་པོ་ཡང་མ་ཡིན་ཞིང༌། གཞན་གཉིས་ཚིག་དང་དོན་ལེགས་པར་ཡོད་དོ། །རྒྱུད་ཀྱི་འགྲེལ་པ་མཐོང་བ་ལམ་སྒྲོན་ནག་པོ་པས་མཛད་ཟེར་བ་འདི་ནི། {ོར་ནི་རུ་བས་བོད་སྐད་དུ་བརྩམས་པའམ། ཁོང་གི་སློབ་མ་ཞིག་གི་ཟིན་བྲིས་ཡིན་གྱི། རྒྱ་དཔེ་ལས་བསྒྱུར་བར་མི་འདུགདོན་གྱི་ཆ་ནི། དཔལ་འཛིན་གྱི་འགྲེལ་པའི་རྗེས་སུ་ཕལ་ཆེར་འབྲང་པ་བཤད་པ་བཟང་པོ་ཡོད། ཚིག་ཀྱང་རྒྱས་པར་ཡང་སྣང་ངོ༌། །དགྲ་ནག་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་དཀྱིལ་ཆོགསློབ་དཔོན་དཔལ་འཛིན་གྱིས་མཛད་པ་འདི། འགྱུར་གྱི་རྩ་བ་ནག་ཚོའི་འགྱུར་ཡིན། གཉོས་ལོ་དང༌། ཟངས་ཀར་དང༌། ཀློག་སྐྱ་དང༌། རྭ་ལོ་རྣམས་ཀྱིས་ཀྱང་འགྱུར་བཅོས་རེ་མཛད་འདུག ནག་ཚོ་
འགྱུར་དཔལ་འཛིན་གྱི་འགྲེལ་པ་དང་གཞུང་འདི་དག་ལ། ལ་ལར་པཎྜི་ཏ་ཀྲིཥྞ་པ་ཡིན་ཟེར་བ་དང༌། དཱ་ན་ཀིརྟི་ཡིན་ཟེར་བ་སོགས་པཎྜི་ཏའི་མིང་མི་འདྲ་བ་འགའ་རེ་འདུག་ཅིང༌། འགྱུར་བྱང་གཅིག་པ་ལ་ཚིག་རིགས་མི་འདྲ་བ་ཡང་དུམ་རེ་སྣང་ངོ༌། །ཡང་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་དང༌། འཁྲུལ་འཁོར་གྱི་ཆོ་ག་རྣམས་གཞུང་གཅིག་ལ་ཚང་བའི་གཤིན་རྗེ་གཤེད་འབྱུང་བ་ཞེས་བྱ་བ་ལ་ལི་ཏ་ཆུང་བའམ། ལ་ལི་ཏ་བཛྲ་གྱིས་མཛད་པ་པཎྜི་ཏ་ཨ་མོ་གྷ་དང༌། ཞང་ལོ་ཤེས་རབ་བླ་མའི་འགྱུར་ཡོད། གཞུང་དེ་རྒྱུད་ཀྱི་དོན་འགྲེལ་དུ་བརྩམས་པ་ཡིན་ཞིང༌། ཤིན་ཏུ་བཟང་བ་ཞིག་ཀྱང་སྣང་ངོ༌། །སློབ་དཔོན་ཀ་མ་ལ་རཀྵི་ཏས་མཛད་པའི་སྒྲུབ་ཐབས་རྒྱས་པ་ཇོ་བོ་རྗེ་དང༌། ནག་ཚོས་བསྒྱུར། སྤྱིར་དགྲ་ནག་བཅུ་གསུམ་མའི་སྒྲུབ་ཐབས་འགྱུར་ཚད། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྗེས་འབྲང་ཡིན་ཡང༌། སྒོས་སུ་ཀ་མ་ལ་རཀྵི་ཏའི་སྒྲུབ་ཐབས་འདི་ཞབས་ལུགས་ཟངས་མ་རང་ཡིན་ནོ། །སློབ་དཔོན་ཉིན་བྱེད་གྲགས་པས་མཛད་པའི་བཅུ་གསུམ་མའི་སྒྲུབ་ཐབས་མགོས་འགྱུར་ཅིག་ཀྱང་ཡོད། བཞི་པོ་དེ་ངེས་ཅན་ཡིན་ལ། པཎྜི་ཏ་རྡོ་རྗེ་བློ་ཡིས་བྱས་ཟེར་བའི་སྒྲུབ་ཐབས་དང༌། པཎྜི་ཏ་ཀུན་ཏུ་བཟང་པོས་བྱས་ཟེར་བའི་སྒྲུབ་ཐབས་ཏེ། དེ་གཉིས་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ཡིན། ཡང་དཔལ་འཛིན་གཞུང་ལ་མཛད་བྱང་མི་གཅིག་པ་རེ་བྱས་ལྷད་ཅུང་ཟད་རེ་བཅུགའགྱུར་མི་གཅིག་པའམ། འདོད་ཚུལ་ཐ་དད་བྱས་པ་ཙམ་དུ་ཟད་དོ། །དེ་ལྟར་ན། དཔལ་འཛིན། པདྨ་སྲུང་བ། ལ་ལི་ཏ་ཆུང་བ། ཉིན་བྱེད་གྲགས་པ་སྟེ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་རྐང་ཐུབ་བཞི་ཡོད། དཔལ་འཛིན་དང་ལ་ལི་ཏ་བཛྲ་ཆུང་བས་མཛད་པ་སྟེ། དཀྱིལ་ཆོག་གཉིས་ཡོད་པར་དོན་ལ་འགྲོ་ཡང༌། ལ་ལི་ཏའི་སྒྲུབ་དཀྱིལ་བསྟན་བཅོས་གཅིག་གི་ནང་ནས་ཕྱེ་བ་ཡིན་
པས། གཞུང་སོ་སོར་བགྲོད་དུ་མ་བཏུབ་བོ། །གཞུང་ཕྲ་མོའི་སྐོར་ལ། ལྷ་བཅུ་གསུམ་པོ་རེ་རེའི་སྒྲུབ་ཐབས་བཅུ་གསུམ་དཱི་པཾ་ཀ་རས་མཛད་པ་དང༌། དགྲ་ནག་ལྷ་ལྔའི་མངོན་རྟོགས་ཤྲཱི་པཎྜི་ཏས་མཛད་ཟེར་བ་ཅིག་ཡོད། མཛད་བྱང་ལ་ཡིག་ནོར་ཅིག་བྱུང་བ་འདྲ། དཔལ་འཛིན་གྱིས་མཛད་པའི་དཔའ་གཅིག་སྒྲུབ་ཐབས་ཡང་དཔའ་གཅིག་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ། ཡང་ཀ་མ་ལ་རཀྵི་ཏས་མཛད་པའི་གཙོ་རྐྱང་གི་སྒྲུབ་ཐབས་དང༌། མཎྜལ་གྱི་ཆོ་ག་སྟེ་གཉིས། གཙོ་རྐྱང་གི་སྒྲུབ་ཐབས་ནག་པོ་པས་མཛད་པ། མཎྜལ་གྱི་ཆོ་ག་མཛད་བྱང་མེད་པ་གཅིགཆོས་སྐུའི་སྣང་བའི་ཆོ་ག་ཟེར་བའི་མཆོད་རྟེན་གྱི་ཆོ་ག་གཅིག་དང༌། ཚོགས་འཁོར་གྱི་ཆོ་ག་ཀ་མ་ལ་མ་ཧས་མཛད་ཟེར་བ་གཅིག ཞི་བའི་སྦྱིན་སྲེག་མཛད་བྱང་མེད་པ་གཅིགདེ་རྣམས་པྲཛྙཱ་ཤྲཱི་ཛྙཱ་ནའི་འགྱུར་ཡིན། པྲཛྙཱ་ཤྲཱི་ཛྙཱ་ན་ནི་རྒྱ་གར་ཟངས་གླིང་པར་གྲགས་པ་སྐོར་ནི་རུ་པའི་མཚན་ཡིན་ནོ། །གཞན་ཡང་མཆོད་རྟེན་བསྒྲུབ་པའི་ཆོ་ག་ལི་ལ་བཛྲ་གྱིས་མཛད་པ། བསྲུང་འཁོར་གྱི་སྒྲུབ་ཐབས་མར་མེ་མཛད་བཟང་པོས་མཛད་པ། གཙོ་རྐྱང་གི་སྒྲུབ་ཐབས་གྷོ་ཥ་བཛྲ་ཀྱིས་མཛད་པ། གཙོ་རྐྱང་གི་སྒྲུབ་ཐབས་མཛད་བྱང་མེད་པ་གཅིགརྫོགས་རིམ་གྱི་འོ་མ་སྒྲུབ་པ་ཞེས་བྱ་བ་ལས་རྒྱའི་མན་ངག་སློབ་དཔོན་ཛི་མུ་ཏས་མཛད་པ། གཙོ་རྐྱང་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་པཎྜི་ཏ་ཀླུ་བྱང་གིས་མཛད་པ་རྫོགས་རིམ་རྣལ་འབྱོར་བཞི་པ་དེ་བཱ་ཀ་ར་ཙནྡྲས་མཛད་པ་ཁྱད་འཕགས་གཅིག་ཡོད་ཀྱང་བསྟན་འགྱུར་དུ་སྔར་མ་ཆུག་འདུགནག་པོའི་མཆོད་ཆོག་གཅིག་ལ་དཔེ་ཁ་ཅིག་ལ། དཔལ་འཛིན་གྱིས་མཛད། ཁ་ཅིག་ལ་ཀྲིཥྞ་པཎྜི་ཏས་མཛད་ཅེས། མཛད་བྱང་མི་འདྲ་བ་འབྱུང་བ་གཅིག འདིའི་ནང་ནས་ཡན་ལག་བདུན་པ་རྒྱས་པ་ཚིག་དོན་ལེགས་པོ་ཅིག་འབྱུང༌། མཁས་
མཆོག་བུས་གཤེད་དམར་ལ་ཡང་སྦྱོར་བར་མཛད་དོ། །རོ་སྲེག་དང་ཚོགས་འཁོར་གྱི་ཆོ་ག་ནག་པོ་པས་མཛད་པ། ཚོགས་འཁོར་གྱི་ཆོ་ག་སྔ་མ་དང་འདི་གཉིས་འགྱུར་ཁྱད་ཀ་ཡིན། ངོ་བོ་གཅིག་པར་མངོན་ནོ། །འཁོར་ལོ་འབྲི་བའི་ཆོ་ག་མཛད་བྱང་མེད་བ་ཅིགདགྲ་ནག་གཙོ་རྐྱང་གི་སྒྲུབ་ཐབས་ལ་ལི་ཏ་ཆུང་བས་མཛད་པ་དང༌། སྦྱིན་སྲེག་ཀྱང་དེས་མཛད་པ་ཅིག་རྣམས་བྱུང༌། བསྟོད་པ་ཨཱ་ཙརྱ་ཀིརྟིས་མཛད་ཟེར་བ་ཅིག་རྣམས་འགྱུར་རོ། །དེ་དག་ལས་གཞན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་འགྲོ་བཟང་སྙིང་པོས་མཛད་པ་ཇོ་བོ་རྗེ་དང་ལོ་ཆེན་གྱིས་བསྒྱུར་བ་འདི་བསྟན་འགྱུར་ན་སྐབས་འདིར་ཡོད་ཀྱང༌། འདི་དགྲ་ནག་གི་ཆོས་སྐོར་མ་ཡིན། ནག་པོ་ཞལ་གཅིག་ཕྱག་གཉིས་པ་སྒྲུབ་ཐབས་ཁ་འཐོར་བའི་སྡེབས་ཡིན། བསྐྱེད་ཆོག་སོགས་དཔལ་རྡོ་རྗེ་འཇིགས་བྱེད་དང་མཐུན་ཤས་ཆེ། ཡང་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ཕྱོགས་གཅིག་པ་ཞེས་པ། ཇོ་བོ་རྗེ་དང་ནག་ཚོས་བསྒྱུར་བ་འདི་ཡང༌། དགྲ་ནག་གི་སྐོར་མ་ཡིན་ཁ་འཐོར་བ་ཡིན། བསྟོད་པའི་རྒྱུད་ལས་ཕྱུང་བ་ཡིན་ཟེར་བའི་བསྟོད་པ་འདི་ཡང་དེ་དང་མཐུན་པའི་བསྟོད་པ་ཡིན་གྱི་དགྲ་ནག་གི་མ་ཡིན་ནོ། །སྡོམ་ གསུམ་པ་གདོང་དྲུག་གི་རྒྱུད ་དང་འབྲེལ་བ་ལ་ནི། ཀླུའི་བྱང་ཆུབ་ཀྱི་མཚན་ཅན་པཎྜི་ཏ་ཅིག་གིས་མཛད་པའི་སྒྲུབ་ཐབས་དང༌། དེ་བཱ་ཀ་ར་ཙན་དྲའི་སྒྲུབ་ཐབས་ཡོད། དེ་གཉིས་ཀར་ནས་ལས་ཚོགས་ཀྱི་རྣམ་གཞག་མུན་ནེ་བ་རེ་སྟོན། གདོང་དྲུག་ལ་འདི་གཉིས་མ་གཏོགས་དགོངས་འགྲེལ་གྱི་རྒྱ་གཞུང་ཡོངས་སུ་གྲགས་པ་མེད་དོ། །གཤིན་རྗེ་གཤེད་དམར་པོའི་ཕྱོགས་ལ། རྒྱུད་ཀྱི་འགྲེལ་པ་འགྱུར་བ་ནི་མེད། ཐོར་བུའི་སྐོར་ལ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། ལྷན་སྐྱེས་ཀྱི་སྒྲུབ་ཐབས། གཏོར་ཆོག་
ཆུང་བ། བདུད་རྩི་བྱིན་རླབས། འཁྲུལ་འཁོར་གྱི་གཞུང་ཆེ་ཆུང་གཉིས། འོད་གསལ་འཆར་བའི་དབང་ཆོགརྫོགས་རིམ་ཤིན་ཏུ་སྤྲོས་མེད་དེ། བརྒྱད་པོ་དེ་ལ་བི་རཱུ་པའི་གཞུང་བརྒྱད་ཟེར། གློ་བོ་ལོ་ཙཱ་བ་ལ་བཤད་བཀའ་སྟབས་གཅིག་ཏུ་བྱུང༌། དེར་མ་འདུས་པའི་བིརྺའི་གཏོར་ཆོག་ཆེ་བ་ཅིག་ཀྱང་དཔྱལ་ལུགས་དང་དཱ་ན་ཤཱི་ལའི་ལུགས་ལ་འདུགསྒྲུབ་ཐབས་ཆེ་ཆུང་དང༌། འཁྲུལ་འཁོར་ཆེ་ཆུང་འདི་རྣམས་ལ་དཔྱལ་ཆག་དཱ་ན་ཤྲཱི་ལ་གསུམ་གའི་འགྱུར་ཡོད། ལྷ་ལྔའི་སྒྲུབ་ཐབས་རང་བྱིན་རླབས་ཞེས་པ་སློབ་དཔོན་བློ་གྲོས་བཟང་པོས་མཛད་པ། ཆག་ལོ་ཆོས་རྗེ་དཔལ་གྱི་འགྱུར། སྒྲུབ་ཐབས་འདི་རྒྱུད་ལེའུ་ཉེར་གཉིས་པའི་མན་ངག་ཏུ་འདུས་པས་རྣལ་འབྱོར་མ་རྒྱུད་ཀྱི་ཕྱོགས་སུ་གཏོགས་ཀྱང༌། གཞུང་འདི་ལ་གྲ་སྡེབས་གཞན་མེད་ཅིང༌། ལྷ་སྔགས་ཆོ་ག་རྣམས་གཤིན་རྗེ་གཤེད་དམར་ནག་སྤྱི་དང་མཐུན་པས། སྡེབས་གཅིག་ལ་བཞག་པ་གདའ། གཞུང་ནི་ཁྱད་འཕགས་ཞིག་ཡོད་དོ། །དཔལ་འཛིན་གྱིས་མཛད་པའི་ཆོས་སྐོར་ལ། དམར་པོ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། དབང་ཆོག་རྫོགས་རིམ་རྣལ་འབྱོར་བཞི་རིམ། མཎྜལ་གྱི་ཆོ་གམཆོད་ཆོགགཏོར་ཆོགཏིང་ངེ་འཛིན་གྱི་ཆོ་ག ཕྱིར་བཟློག་མན་ངག་དྲུག་གི་གཞུང༌། ལྷ་མོ་འོད་འཆང་མའི་སྒྲུབ་ཐབས། ཙར་ཙི་ཀཱ་སོགས་ཡུམ་བཞིའི་སྒྲུབ་ཐབས་རེ་རེ་སྟེ། གཞུང་བཅུ་གསུམ་བཤད་བཀའ་སྟབས་གཅིག་ཏུ་བྱུང༌། སྦྱིན་སྲེག་གཅིག་འདུག་པ་ནི། དཀྱིལ་ཆོག་གི་ནང་ནས་བཏོན་པར་སྣང་ལ། ལྷན་སྐྱེས་ཀྱི་སྒྲུབ་ཐབས་སོགས་གཞུང་ཐོར་བུ་པ་གཞན་ཡང་སྣང་ངོ༌། །འཁྲུལ་འཁོར་གྱི་ཆོ་ག་གནས་བརྟན་བྱང་ཆུབ་སྙིང་པོས་མཛད་པ་དང༌། མཛད་བྱང་མེད་པ་སྟེ་གཉིས་ཡོད། འདི་གཉིས་ཀ་དུས་འཁོར་ལུགས་ཡིན་ཞིང༌། དཔྱལ་ཆག་གཉིས་ཀའི་འགྱུར་སྣང་
ལ། དཱ་ན་ཤཱི་ལའི་འགྱུར་ཡང་ཡོད་པར་སྣང་ངོ༌། །ལྷན་སྐྱེས་གྱི་སྒྲུབ་ཐབས་རྣམ་སྣང་སྲུང་བས་མཛད་པ་དང༌། བློ་བཟང་སྙིང་པོས་མཛད་པ་དང༌། ལྷ་ལྔ་རྫོགས་པའི་རྣལ་འབྱོར་གྱི་སྒྲུབ་ཐབས་སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་མཛད་པ་དང༌། འཚོ་བའི་དེ་ཁོ་ན་ཉིད་ཅེས་པ་དརྤན་ཨ་ཙརྱས་མཛད་པ་རྣམས་ཡོད། གཤིན་རྗེ་གཤེད་ཀྱི་ལག་མཆོད་དཱ་ན་ཤཱི་ལས་མཛད་པ་དང༌། ཐར་ལོས་བསྒྱུར་བའི་གཞུང་ཕྲན་གཞན་ཡང་སྣང་ངོ༌། །གཤིན་རྗེ་གཤེད་དམར་པོའི་ལས་ཀྱི་འཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། སློབ་དཔོན་ཤེས་རབ་སྐྱོང་གིས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར་འདི་ལ། ཀླུ་དང་གནོད་སྦྱིན་མོ་དང་འབྱུང་པོ་དང་ཤ་ཟའི་སྒྲུབ་ཐབས་སྣ་ཚོགས་འདུས་པ། ད་ལྟ་སུམ་ཅུ་སོ་ལྔ་ཡོད། སོ་བདུན་ཡོད་པར་བཤད་པས་གཉིས་འཐོར་བའོ། །འདི་རྒྱུད་སྣ་ཚོགས་ལས་བསྡུས་པའི་མན་ངག་ཡིན་པས། གཤེད་དམར་ཁོ་ནའི་ཆོས་སྐོར་ཡིན་རྒྱུ་ཙམ་མེད་དོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐོར་ལ། གཞོན་ནུ་ཟླ་བས་མཛད་པའི་འགྲེལ་པ་ནི། བཤད་པ་ཤིན་ཏུ་ཆ་ཆུང་བ་མནའ་སེལ་ལྟ་བུར་སྣང༌། རྡོ་རྗེ་གྲུབ་པས་མཛད་པ་དང༌། སོ་ན་ཤྲཱིས་མཛད་ཅེས་པ་གཉིས་ནི་འགྱུར་ཁྱད་ཙམ་མ་གཏོགས་ངོ་བོ་གཅིག་ཡིན་ཞིང༌། རོལ་པའི་རྡོ་རྗེ་ཞེས་བྱ་བ་ཅིག་གིས་མཛད་པའི་འགྲེལ་པའང་ཡོད། སློབ་དཔོན་མི་བསྐྱོད་པས་མཛད་ཟེར་བའི་འགྲེལ་པ་འདི་ནི། ལོ་ཙཱ་བ་གོ་རུ་བ་ཆོས་ཤེས་བྱས་པ་ཡིན། འགྲེལ་པ་ཕྱི་མ་དེ་རྣམས་གཞོན་ནུ་ཟླ་བ་ལས་ནི་ཅུང་ཟད་རྒྱས་ཀྱང༌། རྒྱུད་དོན་གསལ་བར་རྟོགས་ནུས་པའི་བཤད་པ་མི་སྣང་ངོ༌། །གཞུང་ཕྲན་གྱི་སྐོར་ལ། ཨ་མོ་གྷ་བཛྲ་གྱིས་མཛད་པའི་བུམ་དབང་གི་དཀྱིལ་ཆོག་ཡོད། ཞེ་དགུ་མའི་སྒྲུབ་ཐབས་ལ་ལི་ཏ་ཆུང་བས་མཛད་པ། ཞི་བ་ཡེ་ཤེས་ཀྱིས་མཛད་པའི་བསྙེན་སྒྲུབ་ལས་གསུམ་ཀར་སྟོན་པའི་སྒྲུབ་
ཐབས། སེམས་དཔའ་བསྡུས་པ་ཞེས་བྱ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འདི་ལ་བོད་མང་དག་དོན་ཡོད་རྡོ་རྗེས་མཛད་ཟེར་ཀྱང་མ་ཡིན་ནོ། །སྒྲོན་མ་དྲུག་པ་ཞེས་བྱ་བའི་སྒྲུབ་ཐབས་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ། སྒྲུབ་ཐབས་ཤྲཱི་བྷ་དྲས་མཛད་པ་དང༌། ཛྙཱ་ན་ཀ་ར་བས་མཛད་པའི་སྒྲུབ་ཐབས་ཁྲོ་བཅུའི་སྲུང་འཁོར་སྔོན་དུ་འགྲོ་བའི་སྒྲུབ་ཐབས། ལི་ལ་བཛྲ་གྱིས་མཛད་པར་ཡང་འདོད་པ་སྟེ། གསུམ་པོ་འདི་ཕྱག་མཚན་གྱི་དཀྱིལ་འཁོར་དུ་གྲགས་པ་དེའི་རིགས་ཀྱི་སྒྲུབ་ཐབས་ཡིན། ཕྱི་མ་འདི་ལ་བོད་རྣམས་རོ་ལངས་བརྒྱད་སྐོར་ཡིན་ཟེར་རོ། །དཔལ་འཛིན་གྱིས་མཛད་པའི་སྒྲུབ་ཐབས་དང༌། ཨ་མོ་གྷ་ཆུང་བས་མཛད་པའི་སྒྲུབ་ཐབས་འདི་གཉིས་དང༌། གོང་དུ་སྨོས་པའི་སྒྲོན་མ་དྲུག་པ་དེ་གསུམ་པོ་གཞལ་ཡས་ཁང་མེད་པའི་ལུགས་ཡིན། སྒྲུབ་ཐབས་པདྨ་རྒྱས་པ་ཀ་མ་ལ་རཀྵི་ཏས་མཛད་པ་དང༌། རྡོ་རྗེ་འོད་ཟེར་བཻ་རོ་ཙ་ན་རཀྵི་ཏས་མཛད་པ་སྟེ་དེ་གཉིས་བཅུ་གསུམ་མའི་སྒྲུབ་ཐབས་ཡིན་ཞིང༌། དཀྱིལ་འཁོར་རྒྱས་པ་ཡིན་ཡང་རྟོག་བདུན་གྱི་རྟོག་པ་དང་པོའི་རྗེས་སུ་མི་འབྲང་བར། དགྲ་ནག་གི་རིམ་པ་བཀྲལ་བ་ཡིན་ནོ། །དེ་བཞིན་དུ་ཕྱག་གཉིས་པའི་སྒྲུབ་ཐབས་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ། བསྡུས་པ་རྣམ་གསུམ་གྱི་སྒྲུབ་ཐབས་པཎྜི་ཏ་འཇམ་པའི་དབྱངས་ཀྱིས་མཛད་པ། གཏོར་ཆོག་བསྡུས་པ་ལ་ལི་ཏས་མཛད་པ། སྦྱིན་སྲེག་གི་ཆོ་ག་ཨ་མོ་གྷས་མཛད་པ། ཚོགས་འཁོར་གྱི་ཆོ་ག་ཤཱན་ཏི་པས་མཛད་པ། དྲག་པོ་ལས་བདུན་དང༌། ཞི་བ་ལས་བདུན་གྱི་ཆོ་ག་སྟེ་གཉིས་པོ་དེ་ཨ་མོ་གྷ་བཛྲ་གྱིས་མཛད་པ་ཡིན། འདིའི་འཕྲུལ་འཁོར་རྣམས་རྟོག་གསུམ་གྱི་ལུགས་ཁོ་ན་རང་མིན་ཡང༌། རྟོག་གསུམ་དང་མཐུན་ཤས་ཆེ། ཨ་མོ་གྷ་ཆུང་བ་བོད་ལ་བྱོན་པ་དེ་ཡིན། ཞེས་བོད་རྣམས་ཟེར་ཡང༌།
གོང་དུ་སྨོས་པའི་དཔའ་རྐྱང་གི་སྒྲུབ་ཐབས་མཛད་པ་པོ་དེ་དང་མི་གཅིག་པར་མངོན་ནོ། །ཕྱག་མཚན་གྱི་རྣམ་དག་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་མལ་འགྱུར་གཅིགགཞན་ཡང་བསྟོད་པའི་རྣམ་གྲངས་འགའ་ཟུང་དང་བཅས་པ་འགྱུར་རོ། །རྒྱུད་འདིའི་རྫོགས་རིམ་གྱི་གཞུང་ཡིན་ཟེར་བ། ཕྱིས་བྱུང་བ་གཅིག་གཉིས་ཙམ་གདའ་སྟེ། བོད་དུ་ཕྱིས་བརྩམས་པ་ཁོ་ནར་ཟད་དོ། །དེ་ལྟར་ན་དམར་ནག་འཇིགས་གསུམ་ལ། གཞུང་རྣམ་དག་བོད་དུ་འགྱུར་བ་ད་དུང་གཞན་ཡང་ཡོད་སྲིད་མོད་ཀྱང༌། བསྟན་བཅོས་འགྱུར་རོ་འཚལ་དུ་ཆུག་པ་དང༌། མ་ཆུག་ཀྱང་ཡོངས་སུ་གྲགས་པ་ནི་དེ་ཙམ་མོ། །གཞན་ཡང་སྒྲུབ་ཐབས་རྒྱ་མཚོའི་ནང་ནའང་ཡོད་པ་སོགས། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཁ་འཐོར་བ། གཞུང་རྣམ་དག་ཀྱང་མང་དག་ཡོད་ཅིང༌། གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་ལ་འགྲེལ་པ་གཉིས་ཡོད་པ་རྒྱ་འགྲེལ་ཡིན་ཚུལ་དུ་བྱས་འདུག་ཀྱང༌། སྔ་དར་རམ། ཕྱི་དར་སྔ་དུས་ཀྱི་ཟིན་བྲིས་ཞིག་ཡིན་པར་མངོན། དཀྱིལ་ཆོག་གསར་མ་ཞིག་ཡོད། སྒྲུབ་ཐབས་ཀྱི་གཞུང་བཟང་པོ་འགའ་རེ་སྣང་སྟེ། བསྟན་འགྱུར་དུ་ནི་མ་ཆུག་གོ དེ་ལྟར་ན་གཤིན་རྗེ་གཤེད་སྐོར་རྒྱ་གར་ནས་བསྒྱུར་ངེས་པའི་གཞུང་ནི་དེ་ཙམ་ཡིན་ཡང༌། དེ་དག་ལ་བརྟེན་པའི་བཤད་པ་དང༌། མན་ངག་ཟབ་མོ་ནི་མཐའ་ཡས་པ་ཡོད་དོ།། །།ད་ནི་འདི་ཅུང་ཟད་དཔྱད་པར་བྱ་སྟེ། གཤིན་རྗེ་གཤེད་རྭ་ལུགས་ཀྱི་ཆོས་སྐོར་ལ། ཕྱིས་བོད་ཡུལ་འདི་ན་རྭ་བོད་ཅེས་གྲགས་ཆེ་བར་སྣང་ངོ༌། །རེ་ཞིག་འདིའི་དཀར་ཆག་ཚིགས་བཅད་མ་ནི་འདི་ཡིན་ཏེ། ལེའུ་བཅོ་བརྒྱད་ཀུན་གྱི་གཞི། །རྒྱུད་ཀྱི་རྒྱལ་པོ་སྟོན་པས་གསུངས། །དེ་ཡི་གྲོགས་སུ་རྟོག་པ་གསུམ། །སྔགས་པའི་མཚོན་ཆར་གསུངས་པ་ཡིན། །སྒྲུབ་ཐབས་དཀྱིལ་ཆོག་དཔལ་འཛིན་གྱིས། །
མཛད་པ་འདི་ལ་གཙོ་བོར་བཟུང༌། །འཕྲུལ་འཁོར་གསལ་བྱེད་བུདྡྷ་ཤྲཱི། །ལུས་དང་སྙིང་འདྲའི་མན་ངག་ཡོད། །ཅེས་ནག་པོའི་རྒྱ་གཞུང་དང༌། རྒྱུད་ཀྱི་སྤྱི་ཆིངས་ཁོག་དོན་ཡིན། །ཡིག་སྣ་ལུས་ཀྱི་རྣམ་བཤད་ཡིན། །བླ་མའི་གསུང་བསྡུར་ཕྲན་ཚེགས་རྣམས། །མ་གོ་གེགས་སེལ་གདམས་ངག་ཡིན། །དཔལ་འཛིན་གྱིས་མཛད་གདམས་ངག་ལ། །གསལ་བྱེད་ཙམ་གྱི་ཡི་གེ་བྱས། །བྷ་རོའི་ཕྱག་ལེན་དཔལ་འཛིན་གསུང༌། །དེ་བརྟེན་དབང་བསྐུར་གོང་མ་ལ། །ཡིག་སྣ་བདུད་རྩིའི་བུམ་པ་བརྩམས། །ཆོས་བཞི་འཆི་མེད་བདུད་རྩི་དང༌། །མིག་སྨན་སྒྲུབ་པའི་གཏམ་རྒྱུད་དང༌། །སྲུང་འཁོར་ཁ་སྦྱོར་དབྱེ་བ་དང༌། །ལས་སྒྲུབ་འཁོར་ལོ་ཕྱི་མ་དང༌། །རྒྱས་གདབ་བླ་མའི་བཞེད་པ་དང༌། །བླ་མའི་ཞལ་བསྡུར་གཏོར་མ་དང༌། །ས་འོག་དགུག་པའི་གཏམ་རྒྱུད་དང༌། །བླ་མ་རྣམས་ཀྱི་ཞལ་བསྡུར་དང༌། །ཧེ་རུ་ཀ་ཡི་རྣམ་བཤད་དང༌། །བར་དོ་བྱང་ཆུབ་སེམས་བཤད་དང༌། །གླུ་ཡི་རྣམ་པར་བཤད་རྣམས་དང༌། །བླ་མ་རྣམས་ཀྱི་གསུང་བཞིན་དུ། །ཟིན་བྲིས་བྱས་ནས་བླ་མ་ལ། །གཟིགས་པར་ཕུལ་ནས་དག་པར་གཏུགས། །མཉེས་ནས་དེ་ཙུག་ཡིན་ཞེས་གསུང༌། །ཆར་འབེབས་ལྷ་དབང་ཀླུ་ནད་གཏོང༌། །སྦྲུལ་བཟུང་གསོ་དང་མགོ་ནད་ཞི། །ཆུ་འགག་འཁྱམས་དང་རོ་ལངས་བསྒྲུབ། །འཕགས་མ་ཛི་གུ་ལི་སྒྲུབ་ཐབས། །ཡུམ་བཞི་ལ་སོགས་བསྒྲུབ་པ་དང༌། །མིག་སྨན་རིལ་བུ་རྐང་མགྱོགས་དང༌། །མཁའ་སྤྱོད་ཐོས་པ་བསྒྲུབ་པ་དང༌། །ས་འོག་མཁའ་སྤྱོད་མི་སྣང་དང༌། །རལ་གཅིག་པུཀྐ་སཱི་བསྒྲུབ་དང༌། །ལྷ་དང་ཀླུ་ཡི་བུ་མོ་དགུག །མན་ངག་གསེར་ཞུན་འདི་དག་རྣམས། །རྒྱུད་ཀྱི་སྙིང་འདྲ་བླ་མའི་གསུང༌། །བོད་ཀྱི་བནྡྷེས་ཡི་གེར་བཀོད། །བླ་མ་ཉིད་ལ་གཟིགས་པ་ཕུལ། །ནོར་འཁྲུལ་
བྱུང་ན་དངོས་གྲུབ་མེད། །ལྷག་ཆད་ཨེ་འདུག་ལན་གསུམ་ཞུས། །རྐང་ཐག་སྤངས་ནས་ལན་གསུམ་ཞུས། །བླ་མའི་ཞལ་ནས་ལེགས་ཞེས་འབོད། །ནོར་འཁྲུལ་མི་འདུག་ལན་གསུམ་གསུང༌། །ཞེས་ནག་པོའི་སྐོར་གྱི་བོད་ཡིག་རྣམས་དང༌། བཤད་ རྒྱུད་སྡོམ་གསུམ ་ལྡན་པ་ཡོད། །དཀའ་བའི་གནས་བཀྲོལ་ཡིག་སྣ་བྱས། །དོན་བསྡུས་གསལ་བའི་སྒྲོན་མེ་བྱས། །དབང་ཆོག་བདུད་རྩིའི་བུམ་ཆུང་བྱས། །ཞེས་གདོང་དྲུག་གི་བོད་ཡིག་དང༌། སྙིང་པོ་རྒྱུད་མཆོག་རྟོག་བདུན་ཡོད། །ལས་མཁན་ཏེའུ་ལོའི་རྟོག་པ་ཡོད། །ཤྲཱི་བྷ་དྲ་ཡིས་མཛད་པའི། །སྒྲུབ་ཐབས་ལོ་ཙཱ་བསྒྱུར་བ་ཡོད། །དོན་ཡོད་རྡོ་རྗེས་མཛད་པ་ཡི། །སྒྲུབ་ཐབས་དཀྱིལ་ཆོག་སྦྱིན་སྲེག་ཡོད། །དཱི་པཾ་ཀ་རས་སྦྱིན་སྲེག་ཡོད། །རཏྣ་ཨ་ཀར་ཤཱན་ཏི་ཡིས། །མཛད་པའི་ཚོགས་ཀྱི་འཁོར་ལོ་ཡོད། །བྷ་རོའི་སྒྲུབ་ཐབས་རྣམ་ གསུམ་ཡོད། ཁ་ཅིག་གསར་འགྱུར་ཁ་ཅིག་བཅོས། །ཞེས་རྡོ་རྗེ་འཇིགས་བྱེད་སྐོར་གྱི་རྒྱ་གཞུང་དང༌། རྒྱུད ་གྱི་རྒྱལ་པོ་རྟོག་བདུན་ལ། །ནག་འགྲེལ་མུན་པའི་མདའ་འཕེན་བརྩམས། །རྐང་འགྲེལ་ཕྱོགས་མཐོང་འབེན་ལ་བཏང༌། །བཅུད་ཀྱི་ཐིགས་པས་ཕོག་པར་བསྣུན། །གསོད་པའི་མཚོན་དེ་སྙིང་ལ་གནས། ཁ་རྒྱུན་ཡི་གེར་མ་བཀོད་དོ། །བསྙེན་སྒྲུབ་དགྲ་སྲོག་དབང་སྡུད་ཡོད། །མངོན་རྟོགས་རིམ་པ་ལྔ་ཡང་ཡོད། །ལས་བཞིའི་སྦྱིན་སྲེག་ཆོ་ག་ཡོད། །དམར་པོ་མདའ་གཞུ་འགེངས་པ་ཡོད། །སྨིན་བྱེད་དཀྱིལ་མཆོག་ཡིག་སྣ་ཡོད། །ཅེས་འཇིགས་མཛད་སྐོར་གྱི་བོད་ཡིད་རྣམས་སོ། །དཔེ་འགའ་ཞིག་ཏུ། བསྙེན་སྒྲུབ་ལས་གཤིན་སྦྲགས་མ་ཡོད། །ཅེས་འབྱུང༌། ཚིག་ལྷུག་པར་ཡང་དེ་བཞིན་འབྱུང་ངོ༌། །འཇུག་ཏུ། འདི་དག་རྣམས་ནི་མི་ལེགས་ནའང༌། །བན་ཆུང་རྭ་ཡི་ལུགས་སུ་སྣང༌། །འདི་
རུ་མ་འདུས་ཡེ་གེའི་ཚོགས། །ལེགས་ནའང་གཞན་གྱིས་སྦྱར་བ་ཡིན། །ཞེས་སོགས་ཡོད་ཅིང༌། ནག་པོའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་དཔལ་འཛིན་གྱིས་མཛད་པ་གཉིས། རྒྱུད་ཀྱི་དཀའ་འགྲེལ་དཔལ་འཛིན་གྱིས་མཛད་པ་རྣམས་ལ། རྭ་ལོ་ཆེན་པོས་བསྡུས་དོན་རེ་ཡོད་པ། དཀར་ཆག་ཚིགས་བཅད་མར་མ་ཆུག་པ་ནི། སྐུ་འདའ་ཁར་མཛད་པས་ཡིན། ཆོས་རབ་ཀྱིས་ཡི་གེ་མ་མཛད། ཡེ་ཤེས་སེང་གེས་དགྲ་ནག་ལ་མངོན་རྟོགས་དང༌། དྷརྨ་སེང་གེས་བུམ་དབང་གི་ཆོ་གའི་ཡི་གེ་བྱས། ཞེས་པ་དང༌། པཎྜི་ཏ་ཟླ་བ་ཕྱེད་པའི་ལུགས་ཡོད་ཀྱང་རྩིས་སུ་མི་མཛད་ཅེས་པ་དཀར་ཆག་ཚིགས་བཅད་མའི་འགྲེལ་པ། ག་གོང་དཔལ་གྱི་དགོན་པར། རྭ་ཤེར་རྒྱལ་གྱིས་བྲིས་གསུང་བ་ན་ཡོད་དོ། །འོན་ཀྱང་རྭ་ཆོས་རབ་ཀྱི་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡིག་སྣ་དང༌། ཡེ་ཤེས་སེང་གེ་དང༌། འབུམ་སེང་གིས་ཀྱང་དེ་ལས་ཅུང་ཟད་སྤྲོས་པའི་ཡི་གེ་སྣང་བས། ཆོས་རབ་ཀྱི་ཡིག་སྣ་གསར་པ་མ་མཛད་པའང་མིན་ལ། གོང་དུ་འཁོད་པའི་ཡི་གེ་དེ་རྣམས་དཀར་ཆག་དེར། རྭ་ལོ་ཆེན་པོའི་གསུང་ཡིན་ཚུལ་བརྗོད་མཁས་པར་བྱུང་འདུག་པས། བར་སྐབས་ཀྱི་མཁས་པ་རྣམས་དང༌། ཕྱིས་ཀྱི་ས་དགེ་བོ་གསུམ་སོགས་རྡོ་རྗེ་འཇིགས་བྱེད་པ་ཀུན་གྱིས། རྭ་ལོའི་གསུང་ཡིན་ངེས་སུ་བཟུང་ནས། འགའ་ཞིག་ཡིག་ཆ་དེ་དག་ལ་དགག་པ་གཏོང་ཞིང༌། རྭ་ལོ་འགོག་ཐུབ་པར་མངོན་པའི་ང་རྒྱལ་བྱེད། ཁ་ཅིག་དད་པ་ཙམ་གྱིས་རྗེས་སུ་འབྲང་མོད་ཀྱི། བསྟན་བཅོས་དེ་དག་གི་ནང་ན། རྗེ་བཙུན་རྡོ་རྗེ་གྲགས་པའི་གསུངས་རྩོམ་ཡང་ཅི་རིག་པ་ཡོད་པར་སྣང་ཞིང༌། ཕལ་ཆེར་གསུང་ལ་སློབ་མ་རྣམས་ཀྱིས་ཟིན་བྲིས་སུ་བྱས་པ་ཡིན་པས། གསུང་རྒྱུན་ཡིན་པའི་ཕྱིར་གསུང་ཞེས་བྱས་པ་ཡིན།
དམིགས་སུ་དོད་པ་ལ། བསྙེན་སྒྲུབ་ལས་གཤིན་སྦྲགས་མ་ཞེས་པ་ཚིགས་བཅད་མ་དེ་ཡིན་ན། ཚིག་སྦྱོར་ཆེས་མི་མཛེས་པ་ཡོད་པས་ལོ་ཙཱ་བའི་གསུངས་རྩོམ་ག་ལ་ཡིན། ཡང་བསྙེན་སྒྲུབ་དགྲ་སྲོག་དབང་སྡུད་བྱ་བ་ལག་ལེན་ཁྲིགས་བཀོད་ལ་ཟེར་ན། དེ་ནི་རྭ་ལོ་ཆེན་པོའི་གསུང་ལ། ཞང་ཚེ་སྤོང་བས་ཟིན་བྲིས་སྦྱར་བ་ཡིན་པར་གྲགས་པས་མཚོན། བཅུད་ཐིག་ཆེ་བ་ཡང་རྭ་དྷརྨ་སེང་གེས་མཛད་པ་དང༌། ཡང་དགྲ་ནག་གི་ཡི་གེ་ཅིག་ན། པཎྜི་ཏ་ས་མན་ཏ་ཤྲཱིའི་བཞེད་པ་བཀོད་པས་ཀྱང་གསལ། འོན་ཀྱང་དེ་དག་ན་བླ་མའི་གསུང་བགྲོས་འཆུགས་པ་ཡང་ཆེར་མེད་ལ། གསུང་རབ་སྤྱི་དགོས་དང་འགལ་བའི་ནོར་བ་ཡང་ཆེར་མེད་པས། དགག་པ་བྱེད་པ་རྣམས་ནི་མཁས་འདོད་ཁ་ཐལ་བ་ཙམ་མ་གཏོགས། དོན་ཐོག་ཏུ་སོང་བ་ཅང་མི་སྣང་ངོ༌། །མངོན་རྟོགས་རིམ་པ་ལྔ་དང་བཅུ་གསུམ་མའི་དཀྱིལ་ཆོག་ནི། རྭ་ལོ་ཡབ་སྲས་ཀྱི་གསུང་དངོས་རེག་ཟིག་ཅིག་ཡོད་པ་དཔེ་ཧ་ཅང་བཀའ་དམ་པས་མ་འཕེལ་བ་དང༌། ཕྱི་མོ་གཅིག་པོ་དེ་ཡང་བླ་མ་དཀོན་མཆོག་སེང་གེ་པའི་དུས་སུ་མེས་ཚིག་ནས། དེའི་དོད་དུ་ཁོང་ཉིད་ཀྱིས་བརྩམས་པའམ། བླ་མ་ཤེར་རྒྱལ་བས་མཛད་པ་ཡིན། གསེར་པོད་དོད་དུ་གསེར་འདྲ་བརྩམས། །ཞེས་པའི་ཁ་སྐད་ཡོད་ཅེས། རྭ་བའི་བླ་མ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་དེ། སྔགས་འཆང་ཚུལ་ཁྲིམས་རྣམ་རྒྱལ་གྱི་གསུང་ལས་ཐོས་སོ། །དེ་བཞིན་དུ་དམར་པོ་མདའ་གཞུ་འགེངས་པ་ཡང༌། དབང་སྡུད་དང༌། དུག་སྲུང་བསྡུས་པ་དེ་འདིར་བགྲོང་པ་ཡིན་གྱི། དུག་སྲུང་རྒྱས་པ་འདི་ནི་སྟོད་ལུང་བཻ་རོར་གྲགས་པ། རྒྱ་གར་གྱི་གྲུབ་ཐོབ་བཻ་རོ་ཙ་ན་བཛྲ་ཞེས་པ་ལ། རྭ་དྷརྨ་སེང་གེས་གསན་པ་ཡིན། འདིའི་ལྷ་སྐུ་མདོག་སྔོན་པོ་ཡིན་པས། དམར་པོ་
མདའ་གཞུ་འགེངས་པའི་ཐ་སྙད་ཀྱང་མི་ཐོབ་བོ། །འཇིགས་མཛད་བཅུ་གསུམ་མའི་དཀྱིལ་ཆོག་ཆེན་མོ་འདི། རྭ་ལོ་ཆེན་པོའི་རྩོམ་པ་དངོས་ཡིན་ན། འབུམ་སེང་གི་དཀྱིལ་ཆོག་ལོགས་པ་འདི་མཛད་མི་དགོས་པ་ལས། དེའི་ཕྱིར་ཡང་དེ་འདྲར་རིག་པར་བྱའོ། དཀར་ཆག་ཚིགས་བཅད་མ་དེའི་དོན་གཞན་རྣམས་གོ་སླ། དེའི་གྲོགས་སུ་རྟོག་པ་གསུམ། ཞེས་པ་ད་ལྟའི་རྟོག་ གསུམ་གྱི་གཞུང་རང་ཡིན། དཀར་ཆག་མཛད་པ་པོ་རྒྱུད ་དུ་བཞེད་པ་ཡང་དེས་གསལ། དེས་ན་ངོར་པ་རྣམས་རྭ་པོད་རྭ་ལོའི་གསུང་རྩོམ་དུ་འདོད་བཞིན་དུ། རྭ་བ་རྣམས་རྟོག་གསུམ་ཁས་མི་ལེན་ཟེར་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་ཡིག་སྐོར་དེ་ཁོ་ན་མ་གཏོགས། རྭ་པོད་རྫོགས་པར་ལན་གཅིག་ཙམ་ཡང་མ་བཀླགས་ཤིང༌། དཀར་ཆག་ཚང་བ་ཡང་མ་བལྟས་པའི་སྐྱོན་ནོ། །གལ་ཏེ་མཐོང་ན་ནི། འདིའི་འགྲེལ་པ་ཚིག་ལྷུག་པ་ན་ཡང༌། འཁྲུལ་འཁོར་གྱི་རྟོག་པ། དམ་རྫས་བདུད་རྩི་བཟའ་བའི་རྟོག་པ། ལས་དང་ རྒྱུད་ཀྱི་གྲོགས་ཤེས་རྟོག་པ་གསུམ ་པོ་དངོས་སུ་བགྲངས་འདུག་ཀྱང༌། རྟོག་གསུམ་ཡིན་པ་མ་ཤེས་པ་འདི་ནི། མ་ཇོས་འདོད་ཡོན་ལྔ་བགྲོང་མ་ཤེས་པའི་དཔེའམ་ལག་ཏུ་སྒྲོན་མེ་ཐོགས་ནས་མེ་སློང་དུ་འགྲོ་བ་དང་འདྲའོ། །ལུས་དང་སྙིང་འདྲའི་མན་ངག་ཡོད། །ཅེས་པ་ནི། བུདྡྷ་ཤྲཱིས་མཛད་པའི་འཁྲུལ་འཁོར་གྱི་གཞུང་དངོས་ལུས་དང་འདྲ། དེའི་གསལ་བྱེད་ཀྱི་གཞུང་ཆུང་སྙིང་དང་འདྲ་ཞེས་པའི་དོན་ཡིན། ཡིག་སྣ་ལུས་ཀྱི་རྣམ་བཤད་ཅེས་པ་རྒྱུད་ལེའུ་བཅོ་བརྒྱད་པའི་ཊཱི་ཀ་ཡིན། གཞན་རྒྱུད་སྡེའི་རྣམ་བཤད་ནས་ཀླུའི་བཤད་པ་ཡན་ཆད། ཡིག་ཆུང་བཅུ་དྲུག་ཡོད་པ་བ་རྣམས་ལ་ཟིན་བྲིས་ཆེན་མོར་མིང་འདོགས། ཊཱི་ཀར་མ་འདུས་པའི་བཤད་པའི་དོགས་གཅོད་ཡིན། ཆར་འབེབས་ནས་ཀླུ་མོ་དགུག་པའི་བར་ལ་
ཡིག་ཆུང་ཉི་ཤུ་རྩ་ལྔ་ཡོད་དེ། ལས་འཕྲོས་ཟབ་མོ་ཞེས་མི་འདོགས། ཊཱི་ཀའི་དཀྱུས་ལ་འབྲིར་མ་ལང་པའི་སྒྲུབ་ཐབས་ཀྱི་མན་ངག་རྣམས་ཡིན། དཔལ་གྱི་ལ་སོགས་པ་རྣམས་རྭ་པའི་ལས་འཕྲེང་ཆེན་མོ་ཞེས་པ་ཡིག་སྣ་ཉི་ཤུ་རྩ་གཉིས་ཙམ་ཡོད་པ་ཡོ་བསྡོམས་པས་དགྲ་ནག་གི་འགྲེལ་པ་གཅིག་ཏུ་འགྲོ་བ་ཡོད་ཟེར་བ་ནི། ཡི་གེ་དངོས་སུ་མ་མཐོང་བར་མ་ཟད། རྣ་ཐོས་ཀྱང་མ་དག་པ། འོན་པས་ཕག་ཉན་བྱས་པར་ལྟ་བུའོ། །གསོད་པའི་མཚོན་ནི་སྙིང་ལ་གནས། །ཞེས་པ་ནི་ཧ་ལ་ནག་པོའི་ཤོག་གྲིལ་གསུམ་སྟེ། ལས་སྦྱོར་དངོས་དང༌། སྤོགས་ཆོག་དང༌། ཤིན་ཏུ་སྤོགས་ཆོག་གོ ཁ་རྒྱུན་ཡི་གེར་མ་བཀོད་ཅེས་པས། ད་དུང་ཞལ་ཤེས་ཡོད་པའི་དོན་ཡིན་ནོ། །མངོན་རྟོགས་རིམ་པ་ལྔ་ནི། དཔལ་གཅིག་ཕྱག་གཉིས་པ། ཕྱག་བཞི་པ། ཞལ་གསུམ་ཕྱག་དྲུག་པ། ཞལ་ཕྱག་རྒྱས་པ་གཙོ་རྐྱང་གི་མངོན་རྟོགས། བཅུ་གསུམ་མའི་སྒྲུབ་ཐབས་རྣམས་ལ་ཟེར་བ་ཡིན། ལས་བཞིའི་སྦྱིན་སྲེག་གི་ཆོ་ག་ནི། དྲག་པོ་ལ་དགྲ་བགེགས་ཀུན་འདུལ་ཟེར་བའི་ཡི་གེ་ཆེ་བ་ཅིག་ཡོད། ཞི་བ་ལ་ཐོ་ཡིག་འབྲིང་བ་ཅིག་ཡོད། དབང་དྲག་ལ་ཐོ་ཡིག་བསྡུས་པའོ། །དེ་དག་ལས་རྐང་འགྲེལ་དང༌། བཅུད་ཐིག་དང༌། ཧ་ལའི་ཤོག་གྲིལ་དང༌། བསྙེན་སྒྲུབ་ལས་གཤིན་སྦྲགས་མ་དང༌། ལག་ལེན་ཁྲིགས་བཀོད་རྣམས་ནི་ནང་སེལ་ན་ཐུན་མོང་མ་ཡིན་པའི་བརྗོད་བྱ་གཅིག་ཏུ་མ་བཤད་པ་ཅིག་ཤོས་སུ་བཤད་པ་མང་པོ་ཡོད་པས། དེ་དག་ངེས་པར་རྟོགས་ན་ཡི་གེ་སྤྱི་ཁོག་ན་ཟློས་པའི་ཚུལ་དུ་ཡོད་པ་རྣམ་མགོ་མི་རྨོངས་པར་འགྱུར་རོ། །དེ་ལྟར་རྭ་པོད་དུ་གྲགས་པ་འདི། རྭ་ཤར་པའི་ལུགས་ལ་དཀར་ཆག་དང་བཅས་པ་ཡོད་པ་ཡིན། ནུབ་པ་རྣམས་ལ་དཀར་ཆག་འདིས་བསྡུས་པའི་པོ་ཏི་ཁྲིགས་ཆགས་མི་མཛད་ཀྱང༌། ཡིག་སྣ་ཕལ་ཆེར་མཐུན་ཅིང༌། ཁྱད་བཅོས་ལྷག་པོ་ཡང་མང་
པོ་ཡོད་དོ། །ཨུཥྞི་ཥའི་མན་ངག་གི་སྐོར་རྣམས་ཀྱང༌། བཟླས་སྔགས་སོགས་ཀྱི་སྒོ་ནས། གསང་འདུས་ལ་བརྟེན་པའང་ཡིན་མོད་དེ། ནག་པོའི་རྒྱུད་ནི་གསང་འདུས་ཀྱི་རྗེས་སུ་འབྲང༌། དེ་དང་ཆ་མཐུན་གདོང་དྲུག་ཡིན། འཇིགས་བྱེད་ཀྱང་ཕྱོགས་འདྲ་ཞིང་འབྲེལ་ཅན་ཡིན་པའི་ཕྱིར། གསང་འདུས་དང་འབྲེལ་བའི་རྒྱུ་མཚན་གྱིས། གཤེད་སྐོར་མ་ཡིན་ཟེར་བ་གད་མོའི་གནས་ཡིན་ནོ། །འོན་ཀྱང་ལྷ་རྣམས་ཞལ་གཅིག་ཕྱག་གཉིས་པར་བྱེད་པས། གསང་འདུས་ཁོ་ནའི་ཡང་མ་ཡིན་ནོ། །འདི་ཉིད་ཀྱི་ཡིག་སྐོར་ལས་ཀྱང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པ། མཁས་གྲུབ་མང་པོའི་དགོངས་འདུས་ཡིན་པར་བཤད། དེས་ན་ རྒྱུད་སྡེ་གང་ལ་སྦྱར་ཡང་རུང་མོད་ཀྱི། གཙོ་བོར་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ ་དང་འབྲེལ་ཆེ་བར་མངོན་ཏེ། ཞི་རྒྱས་དབང་གསུམ་གྱི་ལས་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཆེད་དང་མངོན་སྤྱོད་ཀྱི་ལས་རྣམས་རང་ཉིད་ཀྱིས་སྒྲུབ་པ་ལ། ཕ་རོལ་པོའི་ལྷའི་གནོད་པ་དང༌། བཟློག་པ་སོགས་ཀྱི་ལས་ཀྱིས་རང་གི་ལས་སྦྱོར་གནད་དུ་མི་འགྲོ་བའི་བར་ཆད་མང་དུ་འབྱུང་བ་ལ་སྲུང་བཟློག་འདི་ངེས་པ་གལ་ཆེ་ཞིང་ཕ་རོལ་པོའི་གསང་སྡེ་འཇོམས་པ་དང༌། བྱས་པ་གཞིག་པ་དང༌། རང་གི་ལས་གཞན་གྱིས་མནན་པ་འདོན་པ་དང༌། ཡང་བཟློག་ལ་སོགས་པའི་ཆེད་དུ་འདི་དགོས་པ་ཡིན་པས། གཤིན་རྗེ་གཤེད་ཀྱི་ལས་ཚོགས་རྣམས་སྒྲུབ་པའི་རྒྱབ་སྐྱོར་ལ་གལ་ཆེ་ཞིང༌། སྙིགས་མའི་དུས་སུ་སྔགས་པ་ནང་རྒྱས་ཁོ་ན་འབྱུང་བའི་ཕྱིར། སྲུང་བཟློག་བསད་གསུམ་གྱི་མན་ངག་འདི་རྣམས་ཀྱང་ལེགས་པར་རྟོགས་པར་བྱའོ། །འདི་ལ་རྭ་ཤར་ནུབ་ཀྱི་མན་ངག་དཔེ་བུམ་སོ་སོ་བ་གཉིས་ཡོད་དོ། །གཞན་ཡང་སྒྲུབ་ཐབས་ཐོར་བུ་བ་འགའ་རེ་ཡོད། མགོན་ནག་ལ་མཆོག་སྲེད་ཀྱི་གཞུང་ལ་མཆན་བུ་དང༌། མན་ངག་གི་ཡི་གེ་གཅིག་ཡོད། དཔལ་ལྷ་མོ་ལ་སྲོག་གི་གཟེར་བུའི་
གཞུང་མཆན་བུ་དང་བཅས་པ་དང༌། མན་ངག་གི་ཡི་གེ་གཅིག་གོ །ལྷ་མགོན་གྱི་སྐོར་ལ། ཚུ་ཚུན་དྷ་རའི་ཆོ་ག་སྔར་སོང༌། དེའི་མཆན་བུ་དང༌། ལས་མཁན་ཏེ་ལོའི་རྟོག་པ་དང༌། དེའི་མན་ངག་ཡིག་ཆུང་དང༌། ལྷ་མགོན་གྱི་སྒྲུབ་ཐབས་ཀཱ་ལ་ཀ་ལས་མཛད་པ། སྒྲུབ་ཁོག་གི་ཡིག་ཆུང་རྣམས་ཡོད། ལས་གཤིན་ལ་ཆོས་ཀྱི་རྒྱལ་པོའི་རྟོག་པ་དང༌། དེའི་གསལ་བྱེད་ཀྱི་ཡི་གེ་དང༌། མན་ངག་གཅེས་པ་བརྒྱད་དང༌། དམར་པོའི་མན་ངག་སྤུ་གྲི་རེག་གཅོད་ཆེ་བ་དང༌། རྒྱ་སྟོན་ཕྱོགས་ལ་དམར་པོ་རིགས་གཉིས་ཀྱི་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་རེ་རེ་དང༌། སྤྲུ་གྲི་རེག་གཅོད་ཆུང་བ་དང༌། གཞན་ཡང་ཕྱག་མཚན་གྱི་ལས་ཚོགས་དང༌། འཁོར་ལོ་རྣམ་གསུམ་མ་དང༌། ཡང་བཟློག་གི་མན་ངག་གསུམ་སོགས་མན་ངག་ཐོར་བུ་མང་པོ་ཞིག་ཡོད་དེ། དེ་དག་ནི་རྭ་ལུགས་ཀྱི་སྐོར་རོ། །སྐྱོ་ལུགས་ལ་ནི། བརྟེན་སོ་རྒྱུད་བཞི་ལ་བརྟེན། བསྟན་བཅོས་ལ་སྒྲོན་མ་དྲུག་གཅིག་ཏུ་བསྡོམས་པའི་རྒྱ་གཞུང་བཅུ་ཙམ་རྒྱབ་བརྟེན་དུ་བྱེད། རྟོག་བདུན་ལ་སྐྱོ་ཆེན་པོ་ཉིད་ཀྱི་ཊཱི་ཀ་དང༌། རྟོག་གསུམ་ལ་ངག་སྒྲོས་ཀྱི་ཊཱི་ཀ་དང༌། སྒྲུབ་དཀྱིལ། སྦྱིན་སྲེགརབ་གནས་སོགས་འཕྲལ་གྱི་ཆོ་ག་རྣམས་དང༌། མན་ངག་ལ་ཆོག་སྒྲིགས་ཉམས་ཀྱི་ཞལ་གདམས་ཞེས་པ་གཅིག་གིས་སྣ་དྲངས་པའི། ཡིག་སྣ་ཕྲ་མོ་ལྔ་བཅུ་ལྷག་ཙམ་ཡོད་དོ། །དེ་དག་གི་ཐོ་གཞན་དུ་བྲིས་ཟིན་ཏོ། །ཞང་ལུགས་ལ་ནི། རྟོག་བདུན་ལ་མཆན་བུ་ཐར་ཐོར་མ་གཏོགས་ཡིག་སྣ་མ་མཐོང་མོད། ཡོད་པར་ནི་སྣང༌། སྒྲུབ་ཐབས་ལ་ཞེ་དགུ་མ་དང༌། ཕྱག་མཚན་གྱི་དཀྱིལ་འཁོར་གཉིས་ཀ་སྣང༌། དཀྱིལ་མཆོག་དགྲ་ནག་གི་དེ་ཀ་སྦྱོར། ནག་པོའི་སྐོར་ལ་ རྒྱུད་ལ་མཆན་བུ་མི་འདྲ་བ་གཉིས་དང་བསྡུས་དོན་སོགས་མཐོང༌། ཡིག་སྣ་ཡང་མི་འདྲ་བ་གསུམ ་ཡོད་པར་ནི་གྲགས། གཤིན་རྗེ་གཤེད་འབྱུང་
བ་ལ་གཅུང་རྡོ་རྗེ་རྩེ་མོས་ཊཱི་ཀ་མཛད། དེས་འཁོར་ལོའི་མན་ངག་སོགས་ཡིག་སྣ་ཐོར་བུ་བ་ཡང་མང་དུ་མཛད། གཙང་ཐང་འོད་པོས་ཀྱང་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཁྱད་པར་ཅན་མཛད། ཕྱིས་ཞང་རིན་ཆེན་རྒྱལ་མཚན་གྱིས། ཞིང་ཁམས་སྣང་བ་ཞེས་བྱ་བའི་སྤྱི་དོན་ཡང་མཛད། གཞན་གང་ཟག་སོ་སོས་བརྩམས་པའི་སྒྲུབ་དཀྱིལ་སྦྱིན་སྲེག་སོགས་མང་དུ་ཡོད། ཁྱད་པར་དུ་ཡང་དེ་བ་ཨཱ་ཀ་ར་ཙནྡྲས་མཛད་པའི་རྫོགས་རིམ་གྱི་གཞུང་ལ། མཆན་བུ་ཡིག་སྣ་ས་བཅད་གསུམ་ཡོད་དེ་ངོ་མཚར་ཆེ་བ་ཡིན་ནོ། །ལོ་ཙཱ་བ་བ་རིའི་ལུགས་ལ་རྟོག་བདུན་ལ་མཆན་བུ་ཐོར་ཙམ་དང༌། ནག་པོའི་ལོ་རྒྱུས་དང༌། བསྡུས་དོན་སོགས་ཕྲ་མོ་ཙམ་མཐོང་ངོ༌། །ནག་ཚོ་ལུགས་ལ། རྒྱུད་དང་དཔལ་འཛིན་གྱི་འགྲེལ་པ་གཉིས་ཀ་ལ་མཆན་བུ་དང༌། རྒྱུད་འགྲེལ་གྱི་བསྡུས་དོན་ཡང་ཡོད། འགྲེལ་པར་མི་གསལ་བའི་ཁ་སྐོང༌། རྒྱུད་ཀྱི་ཡིག་སྣ་རྒྱས་རབ་དང་བཅས་པ་མཐོང་ངོ༌། །འདིའི་ལུགས་ཀྱི་བརྒྱུད་ཡིག་ན། རྡོ་རྗེ་མཁའ་འགྲོ་མ། ཐ་ག་བ་དགའ་པའི་རྡོ་རྗེ། ནག་པོ་སྤྱོད་པ། ལྭ་བ་པ། རྒྱལ་པོ་ཧརྵ་དེ་བ། གཾ་བི་ར་བཛྲ། སློབ་དཔོན་དཔལ་འཛིན། དྷརྨ་ཤྲཱི། རིན་ཆེན་འབྱུང་གནས། ཤཱནྟི་བྷ་དྲ་རྣམས་ནས་བརྒྱུད་ཟེར་བ་འདུག་གོ །མལ་ལུགས་སུ་གྲགས་པ་ལ་ནི། ནག་པོའི་རྒྱུད་ལ་ནི། གུང་ཐང་ལ་ཙེའི་གནས་སུ། བླ་མ་ལོ་ཙཱ་བ་དང་དཔལ་འཛིན་གྱི་དགོངས་པ་དྲི་གཏུགས་དང་བཅས་པ་མཆན་དུ་བཏབ་པའོ། །ཞེས་ཡོད་པ་ཅིག་དང༌། བླ་མ་ལོ་ཙཱ་བ་ལ་དཔའ་ཕཾ་ཐིངས་པའི་དགོངས་པ་སློབ་དཔོན་དགེ་བའི་བཤེས་གཉེན་གྱི་དྲི་གཏུགས་དང་བཅས་མཚན་དུ་བཏབ་བོ་ཟེར་བ་ཡོད་པའི་ཡིག་ཆུང་མི་འདྲ་བ་གཉིས་ཡོད་ཅིང༌། ས་མ་ཊཱི་ཀ་ལྟ་བུའི་ཡིག་སྣ་བསྡུས་པ་རང་ཅིག་དང༌། བསྡུས་དོན་དང༌། རྗེ་བཙུན་ཆེན་པོའི་སྒྲུབ་ཐབས་རྣམས་ཡོད། རྟོག་བདུན་ལ། བླ་ཆེན་ས་སྐྱ་བའི་བཀའ་འགྲེལ་དང༌།
དེ་ལ་གསལ་བྱེད་ཀྱི་མཆན་བུ་རྩེ་མོས་མཛད་པར་གྲགས་པ་ཞིག་ཡོད། གཉིས་ཀ་ལ་ཐུན་མོང་དུ་བླ་ཆེན་གྱིས་དབང་ཆོག་ཞིག་མཛད་དོ། །འདི་པའི་ལུགས་ལ་སློབ་དཔོན་ཛ་མཱ་རི་པས་རྒྱུད་འདི་སྤྱན་དྲངས་གསུང་ངོ༌། །དེ་དག་གི་སོ་སོའི་ཡིག་ཆ་རྩ་བ་རྣམས་ཇི་ཙམ་རྙེད་པའི་དབང་དུ་བྱས་ཀྱི། སྔ་ཕྱིར་ལུགས་སོ་སོ་ལ་ཡིག་སྣ་དཔག་ཏུ་མེད་པ་ཡོད་མོད་ཀྱི། ཐམས་ཅད་བྲིར་ག་ལ་ལང་སྟེ་བཞག་གོ །འདི་ལྟར་དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །སྲིད་པ་ གསུམ་གྱི་རྒྱལ་ཐབས་བླ་ན་མེད། ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་རྒྱུད ་སྡེ་ལ། །འཇུག་པར་འདོད་རྣམས་དེ་ལྟར་ཤེས་པར་གྱིས། །ཞེས་པར་གཤིན་རྗེ་གཤེད་ཀྱི་ཆོས་ཁུངས་གཏན་ལ་ཕབ་པ། ཡིད་ཆེས་ངོ་མཚར་ཅན་ཞེས་པ་འདི་ཡང༌། ཏཱ་ར་ནཱ་ཐས་སྐྱེས་བདག་གི་ལོ་ལ་སྨྲས་པའོ།། །།གཙང་བའི་རྡོར་སློབ་བླ་མ་ཡོན་ཏན་བཟང་པོས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་སྤར་བསྐྲུན་བྱས་སོ། །མངྒ་ལཾ།
ཤོག་སྟོང་།