བདེ་མཆོག་བསྟོད་ཆེན་དངོས་གྲུབ་འབྱུང་གནས།
བདེ་མཆོག་བསྟོད་ཆེན་དངོས་གྲུབ་འབྱུང་གནས་བཞུགས།
ཨོཾ་གུ་རུ་ཙཀྲཱ་ནནྟཱ་དྷི་པ་ཏི་ཤ་ད་ཀུ་ལེ་ཤྭ་ར་བཛྲ་ཨཱ་ཙརྱ་ན་མོ་ན་མཿ དཔལ་འཁོར་ལོ་སྡོམ་པ་བདེ་བ་མཆོག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ཆེན་པོ་ནི། །བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད། །རལ་པ་གྱེན་དུ་བརྫེས་པའི་ཅོད་པན་ཅན། །མཆེ་བ་གཙིགས་པ་དྲག་པོ་འཇིགས་པའི་ཞལ། །གཟི་བརྗིད་ལྡན་པ་སྟོང་ཕྲག་ཕྱག་དག་གིས། །དགྲ་སྟ་ཞགས་པ་མདུང་གདེངས་ཁ་ཊྭཱཾ་ག །བསྣམས་ཤིང་སྟག་གི་པགས་པའི་ན་བཟའ་འཛིན། །དུད་ཁ་མུན་ནག་ཆེན་པོའི་སྐུ་ལ་འདུད། །ཧཱུཾ་ཧཱུཾ་ཕཊ་ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །གཞན་གྱིས་མི་ཐུབ་འཇིག་རྟེན་གསུམ་ཡུམ་རིག་མ་སྟེ། །དབང་ཕྱུག་འབྱུང་པོའི་འཇིགས་པ་ཀུན་སེལ་རྡོ་རྗེ་ཆེ། །རྡོ་རྗེ་
གདན་མ་མི་ཕམ་དབང་མཛད་གཞན་མི་རྒྱལ། །སྤྱན་འཕྲུལ་དུག་སྐེམ་དྲག་མོ་ཁྲོ་བོ་མཆེ་གཙིགས་མ། །སྐྲག་བྱེད་གསོད་བྱེད་འཇོམས་བྱེད་རྣམ་རྒྱལ་གཞན་ལས་རྒྱལ། །རྨུགས་བྱེད་རྨོངས་བྱེད་རེངས་བྱེད་རྡོ་རྗེ་ཕག་མོ་ནི། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་མོ་མཁའ་འགྲོར་འདུད། །ཧུཾ་ཧཱུཾ་ཕཊ། རྐང་བརྒྱད་དོ། །ཨོཾ་ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣལ་འབྱོར་ཆེན་པོ་ཐུབ་ཆེན་པོ། །མགོན་པོ་ཆེན་པོ་བྱེད་པ་ཆེ། །ཐེག་པ་ཆེན་པོ་ཤིང་རྟ་ཆེ། །གསུང་བ་ཆེན་པོ་ཤེས་རབ་ཆེ། །དཔའ་བོ་ཆེན་པོ་དོན་ཆེན་མཛད། །འཛིན་པ་ཆེན་པོ་ང་རྒྱལ་ཆེ། །རྒྱལ་པོ་ཆེན་པོ་ཆེ་བའི་ཆེ། །མཐུ་ཆེན་བདེ་བ་ཆེན་པོ་སྟེ། །རོལ་མོ་ཆེན་པོ་བརྟེན་ཆེན་པོ། །མཚོན་ཆ་ཆེན་པོ་དྲག་པོ་ཆེ། །བཞད་པ་ཆེན་པོ་འཇིགས་ཆེན་པོ། །ཞེ་སྡང་ཆེན་པོ་འདོད་ཆགས་ཆེ། །གཏི་མུག་ཆེན་པོ་སྟོབས་ཆེན་པོ། །མཚམས་རྔམ་ཆེན་པོ་སྒྲ་ཆེན་པོ། །སྙེམས་པ་ཆེན་པོ་སྟོབས་ཆེན་པོ། །སྐུ་གསུམ་ལམ་གསུམ་ཆ་བྱད་ཅན། །འཁོར་ལོ་གསུམ་དང་སྲིད་གསུམ་མཆོག །དྲི་མ་གསུམ་སྤངས་དུས་གསུམ་གནས། །སྤྱན་གསུམ་སུམ་ཅུ་གསུམ་དབང་ཕྱུག །སྲིད་པ་གནོན་པ་སྲིད་རྩེའི་མཆོག །སྲིད་པ་ལྡན་ཞིང་སྲིད་
ལས་འདས། །སྲིད་པ་དངོས་མེད་སྲིད་སྣང་བ། །སྲིད་པའི་དགྲ་ཡི་གཙོ་བོ་སྟེ། །རྣལ་འབྱོར་སྤྱོད་པ་རྣལ་འབྱོར་ཆེ། །རྣལ་འབྱོར་མ་ཡི་རྣལ་འབྱོར་བརྩོན། །རྣལ་འབྱོར་ལས་བྱུང་རྣལ་འབྱོར་ཤེས། །རྣལ་འབྱོར་རྣལ་འབྱོར་འཇོམས་བྱེད་པ། །དཔའ་བོ་རྡོ་རྗེ་དབང་ཕྱུག་དགྱེས། །རྡོ་རྗེ་ཕྲེང་བས་རྣལ་འབྱོར་བརྒྱན། །རྡོ་རྗེ་ཁ་ཊྭཱཾ་ཡང་དག་བསྟེན། །རྡོ་རྗེ་ཆེན་པོ་རྡོ་རྗེ་ཕྱག ། རྡོ་རྗེ་གར་ཆེན་བརྟན་པ་སྟེ། །རྡོ་རྗེ་གླུ་ནི་སྒྲ་ཆེན་པོ། །རྡོ་རྗེ་པདྨའི་ཏིང་འཛིན་བཞུགས། །རྡོ་རྗེ་གདན་ནི་དགའ་བས་དགའ། །བདེ་བའི་བཞེད་དགུ་ཐོབ་པ་སྟེ། །འོད་ཀྱིས་སྐྱེ་བོ་སྐྱོད་པ་པོ། །ལུས་ངག་ཡིད་ཀྱིས་ཐམས་ཅད་དུ། ཁྱེད་ལ་གུས་པས་བདག་འདུད་དོ། །མཁའ་འགྲོ་དྲ་བ་ལ་ཕྱག་འཚལ། །ཕྱག་འཚལ་མཁའ་འགྲོའི་དཀྱིལ་འཁོར་ལ། །སྟོང་པའི་ཡེ་ཤེས་ཕྱག་འཚལ་བསྟོད། །སྟོང་པའི་ཐུགས་ལ་ཕྱག་འཚལ་བསྟོད། །ཞེས་པ་མཚན་བརྒྱ་དང༌། བསྐལ་པའི་མེ་ལྟར་འབར་བའི་འཇིགས་པའི་གཟུགས་ལྡན་པ། ཁྲོས་པས་འཇིགས་མཛད་མཚོ་སྐྱེས་སྔོན་པོའི་སྐུ་མདོག་བཞིན། །ཉི་མའི་དཀྱིལ་འཁོར་སྟེང་བཞུགས་ཁ་ཊྭཱཾ་ག་དང་ནི། །རྡོ་རྗེ་བསྣམས་ཤིང་ཨོཾ་ཨོཾ་ཡི་གེ་དག་པ་ཡིས། །ཚངས་པ་དང་ནི་ཁྱབ་འཇུག་དྲག་པོའི་ལྷ་དག་གི །མགོ་རྣམས་བཅད་མཛད་ནས་ནི་དབུ་ལ་རྣམ་བརྒྱན་པ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཊ་ཊའི་ཡི་གེ་འཁོར་ལྡན་པ། །མི་ཡི་སེང་གེ་ཟིལ་མནན་ནས་ནི་འཇིགས་མཛད་པ། །ཐུགས་རྗེ་ཆེན་པོས་སྤྲུལ་པའི་འཁོར་ལོའི་ཚུལ་བསྐྱེད་པ། །ཛཿཧཱུཾ་བཾ་ཧོཿདཔལ་མོའི་ནུ་མར་
རབ་ཏུ་མནན། །བདེ་བར་གཤེགས་པས་དབུ་གཙུག་ལ་ནི་རྣམ་བརྒྱན་པ། །ལྷ་རྣམས་ཀུན་གྱི་དབུ་གཙུག་ཞབས་ཀྱིས་མནན་བཞུགས་པ། །ཨ་ལ་ལ་ཡི་སྒྲ་ནི་བགེགས་རྣམས་སྐྲག་མཛད་པ། །ཅང་ཏེའུ་འཁྲོལ་ཞིང་ཁྱབ་འཇུག་དྲག་པོའི་པགས་པ་བསྣམས། །རྡོ་རྗེ་ལྷ་མོ་རྣམས་ཀྱིས་འཁོར་ལོ་སྒྱུར་མཛད་པ། །ཧུ་ལུ་ཧུ་ལུ་ཛྲིཾ་ཛྲིཾ་ཏྲཾ་ཏྲཾ་ཛཾ་ཛཾ་སྒྲོགས། །རྒྱུ་མས་བརྒྱུས་པའི་མགོ་བོའི་ཕྲེང་བ་བརྒྱན་ལྡན་པ། །རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་འཇིགས་བྱེད་གླུར་ལེན་མ། །ཀྲུཾ་ཀྲུཾ་དང་ནི་ཧུ་ལུ་ཧུ་ལུས་མྱོས་མཛད་པ། །རྡོ་རྗེ་མཁའ་འགྲོས་སྐུ་ལ་རྣམ་པར་བརྒྱན་པ་ཡིས། །དུར་ཁྲོད་དུ་ནི་གར་དང་ཧ་ལ་ཧ་ལའི་སྒྲས། །གནོད་སྦྱིན་རྣམས་ནི་རེངས་ཤིང་སྐྲག་པར་མཛད་པ་དེས། །རྡོ་རྗེ་མཁའ་འགྲོ་མ་ཡིས་གླུས་ནི་རབ་བསྐུལ་བ། །ཤ་དང་ཁྲག་དང་རྒྱུ་མ་ནང་ཁྲོལ་གསོལ་བར་མཛད། །ཧཾ་ཧཾ་ཨ་ཨའི་སྒྲས་ནི་ལྷ་རྣམས་གསལ་མཛད་པ། །ཐོད་པ་ཀླད་པས་བཀང་ནས་གསོལ་ཕྱིར་ཕྱག་ན་བསྣམས། །ཀ་ཧ་ཀ་ཧའི་བཞད་སྒྲས་འཁོར་བ་འཇིགས་མཛད་པ། །མི་བཟད་དུར་ཁྲོད་རྣམས་ཀྱི་རུས་པའི་རྒྱན་ལྡན་པ། །རྡོ་རྗེ་ཧ་ཧར་བཞད་པས་ཁམས་གསུམ་བརྒྱལ་མཛད་པ། །ཧ་ཧ་ཧི་ཧི་ཛ་ཛའི་ཡི་གེས་སྡིགས་མཛུབ་མཛད། །ཧ་ཧ་བཞད་པ་རི་བོའི་རྩེ་ནས་སྒྱེལ་མཛད་པ། །རྣལ་འབྱོར་མ་དང་དཔལ་རྣམས་ཧྲི་ཧྲི་སྒྲོག་པས་འབོད། །མི་ཡི་སེང་གེ་རྩེ་གསུམ་གྱིས་འགུགས་སེམས་ཅན་དོན་མཛད་པ། །མཆེ་བ་གཙིགས་པའི་ཞལ་བཞི་སྐུ་མདོག་སྔོན་པོར་ལྡན། །
བྲུཾ་བྲུཾ་སྒྲོགས་ཤིང་ཕྱག་རྒྱ་ཆེན་པོར་སྐྱེད་མཛད་པ། །རྡོ་རྗེ་གློག་སྟོང་འགྱུ་བའི་ལྗགས་ནི་ཕྱུང་ནས་ཀྱང༌། །རྡོ་རྗེ་དྲིལ་བུ་མདའ་དང་གཞུ་ལ་ཀྲཾ་ཀྲཾ་སྒྲོག །གཡོན་བརྐྱང་བ་དང་སྦྲུལ་རྣམས་ཀྱི་ནི་དབུ་རྒྱན་ཞེས། །བསྐལ་པ་གྲངས་མེད་སེམས་ཅན་དོན་བྱེད་མི་འདོར་བ། །ཧ་ན་ཧ་ན་ཕཊ་ཕཊ་སྒྲོགས་ཤིང་སྐྲོད་མཛད་པ། །རྣལ་འབྱོར་སྟོབས་ཀྱིས་རྒྱལ་བའི་མཛད་པ་རྣམས་མཛད་པ། །དངོས་དང་དངོས་མེད་མིན་ཞིང་སྒོམ་དང་རྡོ་རྗེ་ཅན། །ཙ་ཊ་ཙ་ཊ་གྲཾ་གྲཾ་ཁཾ་ཁཾ་སྒྲོགས་མཛད་པ། །སངས་རྒྱས་སྐུ་གསུང་ཐུགས་ཀྱི་སྤྲོས་པ་སྟོང་པ་ཉིད། །རོལ་པའི་ལྟ་བའི་དྲི་མ་མ་ལུས་བྲལ་བ་དང༌། །གོ་ལུ་གོ་ལུ་ཛཾ་ཛཾ་ཡཾ་ཡཾ་སྒྲོགས་པས་ཞི་བ་དང༌། །མཁའ་དང་མཉམ་པའི་ཏིང་འཛིན་བཞུགས་པའི་ཐུགས་མངའ་བ། །མཾ་མཾ་སྒྲས་ནི་བདེ་བ་ཆེན་པོའི་བདག་ཉིད་ཅན། །ཐུགས་རྗེ་ཆེན་པོས་རྗེས་འབྲཻལ་སེམས་ཅན་མི་གཏོང་བ། །བརྟན་གཡོའི་རང་བཞིན་ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །མཁའ་འགྲོའི་དམ་ཚིག་ཨཱ་ལི་ཀཱ་ལི་སྦྱོར་བ་སྟེ། །རིགས་ལྔའི་བདེ་གཤེགས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ལྷ་དང་དྲང་སྲོང་རྣམས་ནི་ཕྱག་འཚལ་མཆོད་པ་ཡིན། །ཧེ་རུ་ཀ་དཔལ་གསང་བའི་སྐུ་འཛིན་དེར་ངེས་འགྱུར། །དེ་ནས་གྲུབ་ཆེན་དཱ་རི་ཀ་པས་མཛད་པའི་རྒྱུན་བཤགས་ནི། ཐོག་མ་མེད་དུས་འཁོར་བ་ནས། །ཆགས་སོགས་རྟོགས་པའི་རང་བཞིན་གྱིས། །སྡིག་བགྱིས་མགོན་པོའི་སྤྱན་སྔ་རུ། །མ་ལུས་སོ་སོར་བཤགས་པར་བགྱི། །རྒྱུ་དང་ལམ་དང་འབྲས་བུ་ཡི། །ཉེར་བསྡུས་
འགྲོ་བ་ཐམས་ཅད་ཀྱི། །བསོད་ནམས་ཚོགས་ནི་མ་ལུས་ལ། །རྟག་པར་བདག་ནི་ཡི་རང་ངོ༌། །རྡོ་རྗེ་ཡེ་ཤེས་ཐུགས་ཆུད་ནས། །ཤིང་དབང་དྲུང་ན་བཞུགས་གྱུར་པའི། །འགྲོ་ལ་ཉེར་བརྩེས་ཐུབ་དབང་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །རྒྱལ་བའི་མཛད་པ་རྫོགས་གྱུར་ཏེ། །མགོན་པོ་དབྱིངས་སུ་གཤེགས་བཞེད་ལ། །སེམས་ཅན་སྡུག་བསྔལ་བྲལ་བར་དུ། །མྱ་ངན་མི་འདའ་བདག་གསོལ་འདེབས། །བདག་ནི་ཐུབ་དབང་མ་གྱུར་བར། །སངས་རྒྱས་ལ་སོགས་ཆོས་རྣམས་དང༌། །དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །རྣལ་འབྱོར་ལམ་ལ་གནས་བགྱིས་ཤིང༌། །དམ་ཚིག་ཐམས་ཅད་སྐྱང་བ་དང༌། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བར་བདག་གིས་སྒྲུབ་པ་བགྱི། །སྟེན་སོགས་དགེ་བ་དེ་དག་གིས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །དེ་ནས་རིགས་ལྔའི་སྡོམ་བཟུང་དང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་སོགས་དང༌། ནངས་པར་སྔར་ལངས་སོགས་བརྗོད་པར་བྱའོ། །རྒྱལ་བ་སྤྲུལ་པ་དང༌། བསྐལ་པའི་མེ་འབར་མ་གཉིས་འགྱུར་ཁྱད་ཡིན་རུང༌། སྔ་མ་ལ་འགྱུར་ཆད་པ་བག་རེ་སྣང་བས། ཕྱི་མ་བཟང་ངོ༌། །མཚན་བརྒྱད་དང༌། བསྐལ་པའི་མེ་འབར་མ་དང༌། དཱ་རི་ཀའི་རྒྱུན་བཤགས་རྣམས་ད་ལྟའི་དུས་ན། བདེ་མཆོག་སྨྲ་བ་ཁས་འཆེ་བ་ཀུན་ལའང་གྲགས་ཆུང་བས་མི་ནུབ་པའི་ཕྱིར་འདིར་སྨོས་ཏེ། བསྟོད་པ་དེ་རྣམས་རྒྱལ་
བའི་བཀའ་ཡིན་པས་ཆོ་གའི་ཚེ་གལ་ཆེའོ། །ད་ནི་འདིར་བརྗོད་པ་བྱ་སྟེ། ཨོཾ་ཨ་ཐ། དཔལ་ལྡན་ཟབ་གསལ་དབྱེར་མེད་ ལོངས་སྤྱོད་རྫོགས། །དཔེ་མེད་བདེ་རྫོགས་རབ་དགའ་མཁའ་མཉམ་པ། །སྲིད་ཞི་ཀུན་གྱི་དཔལ་མགོན་འདྲེན་པ ་མཆོག །རྡོ་རྗེ་སློབ་དཔོན་རྡོ་རྗེ་འཆང་ལ་བསྟོད། །གང་ཞིག་བསྟོད་ན་ཡོན་ཏན་ཀུན་ཐོབ་ཅིང༌། །བསྟེན་ཞིང་མཆོད་ན་དངོས་གྲུབ་རྣམ་གཉིས་ཐོབ། །རྣམ་པ་སྒོམ་པས་ཐ་མལ་སྣང་ཞེན་འགོག །དེ་ལ་བདག་གིས་བསྟོད་པའི་ཕྲེང་བ་དབུལ། །འབྱུང་བཞི་རི་རབ་ལྷུན་པོའི་སྟེངས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཡེ་ཤེས་གཞལ་མེད་ཁང་པར་སྣང༌། །བདེ་ཆེན་གནས་ཀྱི་འཁོར་ལོ་ཡི། །སྣ་ཚོགས་པདྨའི་ལྟེ་བ་རུ། །རིགས་ཀུན་བདག་པོ་བཅོམ་ལྡན་འདས། །ཀུན་བཟང་ཁྲོ་བོ་ཧེ་རུ་ཀ །འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ། །གཏི་མུག་སྤངས་པའི་ཉི་མར་རོལ། །མཐིང་ག་ཆོས་ཉིད་འགྱུར་མེད་དངོས། །རྣམ་ཐར་བཞི་ཡི་ཞལ་བཞི་པ། །ཐབས་ཤེས་ཞབས་གཉིས་ལྡན་ལ་འདུད། །རྩ་ཞལ་གནག་ཅིང་གཡོན་དམར་བ། །རྒྱབ་སེར་གཡས་དཀར་སྤྱན་གསུམ་ལྡན། །དུས་གསུམ་མཁྱེན་ཞིང་ཕྱག་བཅུ་གཉིས། །རྟེན་འབྲེལ་བཅུ་གཉིས་འགགས་ལ་འདུད། །བཅུ་གཉིས་འགྱུར་བ་མེད་པའི་སྐུ། །དང་པོའི་ཕྱག་གཉིས་རྡོ་རྗེ་དང༌། །དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད། །ཡང་དག་ཏིང་འཛིན་ལ་ཕྱག་འཚལ། །རྡོ་རྗེ་ཡེ་ཤེས་ལྔ་མཉམ་པ། །དྲིལ་བུ་ཤེས་རབ་ཕ་རོལ་ཕྱིན། །ཟུང་འཇུག་ཕྱག་རྒྱར་སྦྱོར་བ་ཡི། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཉིས་པས་གླང་ཆེན་ལྤགས་རློན་
བསྒྱངས། །ཅང་ཏེའུ་དགྲ་སྟ་རྩེ་གསུམ་དང༌། །རྡོ་རྗེ་གྲི་གུག་གཡས་པ་ཡི། །ལྷག་མའི་ཕྱག་གིས་འཛིན་ཕྱག་འཚལ། །རྡོ་རྗེ་མཚན་པའི་ཁ་ཊྭཱཾ་ག །རྡོ་རྗེ་ཞགས་པ་ཐོད་ཁྲག་དང༌། །ཚངས་མགོ་གདོང་བཞི་གཡོན་པའི་ཕྱག །ལྷག་མ་བཞི་ཡིས་འཛིན་ཕྱག་འཚལ། །རྨོངས་པ་དྲལ་བའི་གླང་པགས་གོས། །མཆོག་དགའི་སྒྲ་ཡིས་རྒྱལ་རྣམས་བསྐུལ། །སྒོ་གསུམ་དགྲ་[སྟས་]ཉེས་སྤངས་[རྩེ་གསུམ་གྱིས་]སྲིད་གསུམ་འཇོམས། །རྣམ་རྟོག་[གྲི་གུག་]གཅོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དག་[ཁ་ཊྭ྄ཾ]དེ་བཞིན་དུ། །ཡེ་ཤེས་ཀྱིས་ནི་དངོས་ཀུན་[ཞགས་པ་]འཆིང༌། །བདེ་ཆེན་ཐུགས་རྗེའི་བདག་ཉིད་[ཐོད་པ་]ཅན། །ཆུ་བོ་[ ཚངས་མགོ་གདོང་བཞི་]བཞི་རྣམས་འཇོམས་ཕྱག་འཚལ། །མི་གནས་མྱ་ངན་འདས་བརྙེས་པས། །གཡོན་བརྐྱང་སྟབས་ཀྱིས་ཡང་དག་བཞུགས། །འཇིགསབྱེད་དུས་མཚན་ཡང་དག་མནན། །རྟག་ཆད་གཟུང་འཛིན་འཇོམས་ལ་འདུད། །ནོར་བུ་རྣ་ཆ་འགུར་ཆུ་གདུབ། །མི་རུས་ཐལ་བ་མཆོད་ཕྱིར་ཐོགས། །ཕ་རོལ་ཕྱིན་དྲུག་རང་བཞིན་གྱི། །ཕྱག་རྒྱ་དྲུག་ལྡན་ལ་ཕྱག་འཚལ། །ཆོས་དབྱིངས་ལས་བྱུང་རྡོ་རྗེའི་ཕྲེང༌། །ཡེ་ཤེས་ཐོད་སྐམ་ལྔ་ལྔས་བརྒྱན། །དགེ་བའི་ཆོས་རྣམས་ཡོངས་རྫོགས་པ། །རལ་པའི་ཅོད་པན་འཆང་ལ་འདུད། །གཡོན་ངོས་ཟླ་ཕྱེད་འཇིགས་མེད་བདེ། །དོན་མཛད་སྣ་ཚོགས་རྡོ་རྗེས་བརྒྱན། །ལྟ་བ་ཐམས་ཅད་ངེས་འབྱིན་པས། །རྣམ་པར་འགྱུར་བའི་ཞལ་ལ་འདུད། །མཆེ་གཙིགས་བདུད་
བཞི་རྣམ་པར་འཇོམས། །གར་གྱི་ཉམས་དགུར་ལྡན་པ་ཡིས། །རིགས་ལྔ་ཡུམ་བཞིའི་རང་བཞིན་ཅན། །ཞི་ལྷག་བདེ་སྟོང་སྦྱོར་ལ་འདུད། །ཀུན་དའི་རང་བཞིན་ཐལ་བས་བྱུགས། །སེམས་བྱུང་ཡི་གེ་ལྔ་བཅུའི་བདག །ཁྲག་འཛག་མགོ་ཕྲེང་སྟག་ལྤགས་གྲོལ། །སྐྱོན་དྲུག་བཅོམ་ལ་ཕྱག་འཚལ་ལོ། །དེ་ཡིའི་འཕང་གནས་འཁྲིལ་སྦྱོར་བ། །སྟོང་ཉིད་ཡེ་ཤེས་སྐྱེད་བྱེད་མ། །ཆོས་ཀུན་དོན་དམ་རོ་གཅིག་པ། །ཐབས་ཤེས་གཉིས་སུ་སྟོན་པའི་ཕྱིར། །དམར་མོ་ཞལ་གཅིག་ཕྱག་གཉིས་མ། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །རབ་ཁྲོས་སྤྱན་གསུམ་གཡོ་མཛད་མ། །བཅོམ་ལྡན་འདས་མ་ལ་ཕྱག་འཚལ། །དབྱིངས་ལས་ཡེ་ཤེས་སྐྱེར་འཇུག་པས། །སྐྲ་གྲོལ་གཅེར་མོ་སྒྲིབ་པ་སྤངས། །ཡན་ལག་བཅུ་གཉིས་ཆོས་སྟོན་པའི། །དུམ་བུའི་འོག་པག་ཅན་ལ་འདུད། །ཕྱག་གཡོན་ཐོད་པ་བདུད་བཞིའི་ཁྲག །རྣམ་པར་གང་བ་ཡབ་ལ་སྟོབ། །སྤྲོས་ཀུན་གཅོད་ཅིང་སྡིགས་མཛད་པའི། །ཕྱག་གཡས་རྡོ་རྗེ་འཛིན་ལ་འདུད། །འཁོར་བ་སྤངས་ཤིང་འགྲོ་བ་རྣམས། །མི་དམིགས་[ཁྲག་འཛག]ཤིན་ཏུ་རྣམ་དག་པའི། །ཡེ་ཤེས་སྣང་བ་[མེ་ལྟར་འབར་]ལ་སྦྱོར་ཕྱིར། ཁྲག་འཛག་མེ་ལྟར་བརྗིད་ལ་འདུད། །ཐབས་ཤེས་འབྲལ་མེད་ཟུང་འཇུག་ཕྱིར། །གཡོན་བརྐྱང་སྟབས་ཀྱིས་ཡབ་ལ་འཁྱུད། །ཕྱག་རྒྱ་ལྔས་བརྒྱན་ཐོད་སྐམ་གྱིས། །དོ་ཤལ་འཆང་ལ་ཕྱག་འཚལ་ལོ། །གཉིས་ཀའང་སྤྱི་བོའི་འཁོར་ལོ་དང༌། །སྐ་རགས་ཞབས་གདུབ་གཡེར་ཁའི་ཕྲེང༌། །
སོར་གདུབ་ལ་སོགས་ཉེ་བ་ཡི། །ཕྱག་རྒྱ་ལྔ་ཡིས་བརྒྱན་ལ་འདུད། །སྣང་བ་ལྷག་མཐོང་བདེ་ཆེན་ཡབ། །སྟོང་དང་ཞི་གནས་ལྷ་སྐུ་ཡུམ། །ཟུང་འཇུག་མཉམ་པར་སྦྱོར་བར་མཛད། ཁྲག་འཐུང་ཡབ་ཡུམ་ལ་ཕྱག་འཚལ། །མི་ཤིགས་དཔྱིད་དག་དཔའ་བོ་སྟེ། །རྐྱང་མ་རོ་མ་ཀུན་འདར་མ། །བདུད་འབྲལ་ལྟ་བའི་གཏུམ་མོ་རྣམས། །རྣམ་དག་རྡོ་རྗེ་ཕག་མོར་འདུད། །རྩ་དང་[ཛ་ལ་ཚོགས་ལ་]ལྷ་མོ་རྔུལ་གྱི་ཁམས། །དྷཱུ་ཏཱི་གཙོ་བོ་ཁུ་བར་སྡོམ། །པདྨའི་[ཛ་ལ་པདྨ་]བདེ་མཆོག་འོད་གསལ་བར། །དངོས་ཀུན་སྡོམ་མཛད་གཙོ་བོར་འདུད། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཡིག་རྒྱུ་ཚོགས་སྟོང་པ་ཉིད། །རུ་ཡིག་ཚོགས་བྲལ་ཀ་ཡིག་ནི། །གང་དུའང་མི་གནས་ཁྱོད་ཕྱག་འཚལ། །ངག་གི་ཡུལ་[པ་རཱ་ཧིའི་ངེས་དོན་ཡི་གེ་ལྔ་དང་སྦྱར་བ་] འདས་རང་རིག་པ། །རྣམ་མེད་རྣམ་པ་ཐམས་ཅད་སྟོན། །ཤེས་དང་ཤེས་བྱ་གཅིག་གྱུར་སྐུ། །རྡོ་རྗེ་ཕག་མོ་དེ་ལ་འདུད། །གསེར་མདོག་པདྨའི་འདབ་མ་ལ། །ཤར་དུ་ཆུ་རླུང་རྒྱུ་བའི་རྩ། །སུམ་བསྐོར་མ་ནི་སྦྱངས་པའི་སྐུ། །མཁའ་འགྲོ་མ་སྔོ་ལ་ཕྱག་འཚལ། །བྱང་དུ་རླུང་གི་རླུང་རྒྱུ་བའི། །འདོད་མ་དག་པའི་ལཱ་མ་ལྗང༌། །མེ་རླུང་ཁྱིམ་མ་དག་པ་ནུབ། །དམར་མོ་དུམ་སྐྱེས་མ་ལ་འདུད། །ས་རླུང་གཏུམ་མོ་དག་པ་ལྷོར། །གཟུགས་ཅན་མ་ནི་སེར་མོའི་སྐུ། །ལུས་ཚོར་ཆོས་དང་སེམས་དྲན་པ། །ཉེ་བར་བཞག་པ་བཞི་ལ་འདུད། །ཐམས་ཅད་སྐྲ་གྲོལ་གཡས་བརྐྱང་སྟབས། །སྤྱན་གསུམ་ཕྱག་རྒྱ་ལྔ་ཡིས་བརྒྱན། །
མགོ་ཕྲཻང་རྒྱལ་བའི་ཅོད་པན་ཅན། །བྷ་ག་ནུ་མ་རྒྱས་ལ་འདུད། །ཕྱག་གཡས་གྲི་གུག་གཡོན་པ་ན། །གླང་པོ་ཅེ་སྤྱང་མི་བ་གླང༌། །སྒྲོན་མ་བདུད་རྩིས་རྣམ་གང་བའི། །ཐོད་པ་བསྣམས་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཐམས་ཅད་གཏན་སྤངས་ཤིང༌། །ཡོན་ཏན་ཀུན་གྱིས་རྣམ་བརྒྱན་པ། །དེ་བཞིན་གཤེགས་མ་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །མཚམས་སུ་ཟླ་བའི་གདན་གྱི་སྟེང། །མེར་རྡུལ་བདེན་བྲལ་ཁུ་བ་དང༌། །རླུང་དུ་ཤ་ཆེན་དབང་ལྡན་དུ། །སྨན་དང་དྲིས་གང་སྣོད་རྣམས་ནི། །བདུད་རྩི་ལྔ་འབབ་མཆོད་པའི་རྩ། །ཕྱོགས་ཀྱི་རྩ་ཡི་རིགས་བྱུང་བ། །རྣམ་པར་དག་པའི་རང་བཞིན་ཉིད། །ཐབས་ཀྱི་ངོ་བོ་ལ་ཕྱག་འཚལ། །འདབ་བརྒྱད་སྣ་ཚོགས་པདྨ་ནི། །ཕྱི་རོལ་ར་བ་ཀ་བ་ཐོག །གྲི་གུག་མཚན་མས་རྣམ་པར་བརྒྱན། །ཉེ་བའི་མཐུང་སྤྱོད་ལ་ཕྱག་འཚལ། །རྡོ་རྗེ་གདུང་གིས་མཛེས་པར་ཕུབ། །རྩིགས་པ་ཕ་གུ་བྲེ་ཕུལ་དང༌། །མདའ་ཡབ་རྒྱན་ལྡན་དབུས་ཕྱུར་བུ། །རྡོ་རྗེ་ནོར་བུས་སྤྲས་ལ་འདུད། །ཐུགས་ཀྱི་འཁོར་ལོའི་རྩིབས་རྣམས་ལ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཆཻ། །རབ་དགའི་དྲི་མེད་ས་ཡི་ཚུལ། །དཔའ་བོ་རྣལ་འབྱོར་མར་ཕྱག་འཚལ། །ཤར་རྩིབས་པུ་ལིར་མི་ཕྱེད་མ། །སོ་སེན་འབབ་པ་རྣམ་པར་དག །འདུན་པའི་རྫུ་འཕྲུལ་རྐང་པའི་དངོས། །ཐོད་དུམ་རབ་གཏུམ་མར་ཕྱག་འཚལ། །བྱང་རྩིབས་དྲྭ་འཛིན་ཕྲ་གཟུགས་མ། །སྐྲ་སྤུ་དག་པ་རྫུ་འཕྲུལ་རྐང༌། །བརྩོན་
འགྲུས་མ་ཧཱ་ཀཾ་ཀ་ལ། །གཏུམ་མིག་མར་བཅས་ལ་ཕྱག་འཚལ། །ནུབ་རྩིབས་ཨོ་ཌི་རྩེ་བ་མ། །པགས་པ་དྲི་མ་རྣམ་དག་པར། །དཔྱོད་པའི་ངོ་བོ་ཀེང་རུས་དང༌། །འོད་ལྡན་མ་ལ་ཕྱག་འཚལ་ལོ། །ལྷོ་རྩིབས་གཡོན་མ་ཨརྦུ་དར། །ཤ་ནི་རྣམ་དག་སེམས་ཀྱི་ནི། །རྫུ་འཕྲུལ་རྐང་པའི་རང་བཞིན་ཅན། །མཆེ་གཙིགས་སྣ་ཆེན་མར་ཕྱག་འཚལ། །ཤར་ལྷོ་ཐུང་ངུ་བ་མཆོག་སྦྱིན། །རྒྱུས་པ་འབབ་པ་རྣམ་དག་པ། །དད་པའི་དབང་པོ་ལྷ་ཡི་དགྲ། །བརྟན་པའི་བློ་མར་བཅས་ལ་འདུད། །ལྷོ་ནུབ་དགའ་དབང་རུས་སྦལ་སྐྱེས། །རུས་པ་འབབ་པ་རྣམ་དག་པ། །བརྩོན་འགྲུས་དབང་པོ་འོད་དཔག་མེད། །མིའུ་ཐུང་མར་བཅས་ལ་ཕྱག་འཚལ། །ནུབ་བྱང་སྒོམ་མ་ལྷ་མོའི་མཁར། །མཁལ་མ་མཆིན་པ་རྣམ་དག་པ། །དྲན་པའི་དབང་པོ་རྡོ་རྗེ་འོད། །ལངྐའི་དབངཕྱུག་མར་བཅས་འདུད། །བྱང་ཤར་དབང་མ་མ་ལཱ་བར། །སྙིང་འབབ་པ་ནི་རྣམ་དག་པ། །ཏིང་འཛིན་དབང་པོ་རྡོ་རྗེའི་སྐུ། །ཤིང་གྲིབ་མར་བཅས་ལ་ཕྱག་འཚལ། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ། །ཕྱི་རོལ་ར་བ་ཀ་བ་ཐོག །རྡོ་རྗེའི་མཚན་མས་རྣམ་པར་བརྒྱན། །གནས་དང་ཉེ་གནས་ལ་ཕྱག་འཚལ། །གསུང་གི་འཁོར་ལོའི་རྩིབས་རྣམས་ལ། །བཅོམ་ལྡན་ཡེ་ཤེས་འོད་བྱེད་དང༌། །འོད་འཕྲོ་སྦྱང་དཀའ་མངོན་གྱུར་ཚུལ། །དཔའ་བོ་རྣལ་འབྱོར་མ་ཕྱག་འཚལ། །ཤར་ཕྱོགས་འདོད་གཟུགས་སྐྱོན་ལྡན་མ། །མིག་གཉིས་འབབ་པ་རྣམ་དག་པ། །ཤེས་རབ་
དབང་པོ་མྱུ་གུ་ཅན། །ས་སྲུངས་མར་བཅས་ལ་ཕྱག་འཚལ། །བྱང་ཕྱོགས་ཨོ་ཏྲེར་འཇུག་མ་ནི། །མཁྲིས་པ་འབབ་པ་རྣམ་དག་པ། །དད་སྟོབས་རྡོ་རྗེ་རལ་པ་ཅན། །འཇིགས་བྱེད་ཆེན་མོར་བཅས་ལ་འདུད། །ནུབ་ཕྱོགས་མ་མོ་དགེ་མཚན་གསུམ། །གློ་བ་འབབ་པ་རྣམ་དག་པ། །བརྩོན་འགྲུས་སྟོབས་ནི་དཔའ་བོ་ཆེ། །རླུང་ཤུགས་ཅན་མར་བཅས་ལ་འདུད། །ལྷོ་ཕྱོགས་མཚན་མོ་ཀོ་ས་ལར། །རྒྱུ་མ་འབབ་པ་རྣམ་དག་པ། །དྲན་པའི་སྟོབས་ནི་ཧཱུཾ་མཛད་དེ། །ཆང་འཐུང་མར་བཅས་ལ་ཕྱག་འཚལ། །མེར་ནི་བསིལ་སྦྱིན་ཀ་ལིང་ཀ །གཉེ་མ་འབབ་པ་རྣམ་དག་པ། །ཏིང་ངེ་འཛིན་སྟོབས་རབ་བཟང་ནི། །སྔོ་སངས་ལྷ་མོར་བཅས་ལ་འདུད། །བདེན་བྲལ་ལམྤ་ཚ་བ་མ། །ལྟོ་བ་འབབ་པ་རྣམ་དག་པ། །ཤེས་རབ་སྟོབས་ནི་རྡོ་རྗེ་བཟང༌། །ཤིན་ཏུ་བཟང་མོར་བཅས་ལ་འདུད། །རླུང་མཚམས་གཞོམ་མ་ཀཉྩི་ནས། །བཤང་བ་འབབ་པ་རྣམ་དག་པ། །ཏིང་འཛིན་ཡན་ལག་འཇིགས་བྱེད་ཆེ། །རྟ་རྣ་མར་བཅས་ལ་ཕྱག་འཚལ། །དབང་ལྡན་རངས་མ་ཧི་མ་ལ། །མཚམས་ཀྱི་མཐའ་འབབ་རྣམ་དག་པ། །བརྩོན་འགྲུས་ཡན་ལག་མིག་མི་བཟང༌། །བྱ་གདོང་མར་བཅས་ལ་ཕྱག་འཚལ། །འཁོར་ལོ་དམར་པོ་རྩིབས་བརྒྱད་པ། །ཕྱིར་རོལ་ར་བ་ཀ་བ་ཐོག །པདྨས་མཚན་པ་ཞིང་ཉེ་ཞིང༌། །ཚན་དོ་ཉེ་བར་བཅས་ལ་འདུད། །སྐུ་ཡི་འཁོར་ལོའི་རྩིབས་རྣམས་ལ། །བཅོམ་ལྡན་ཡེ་ཤེས་རིང་སོང་དང༌། །མི་གཡོ་ལེགས་
བློ་ཆོས་སྤྲིན་ཚུལ། །དཔའ་བོ་རྣལ་འབྱོར་མར་ཕྱག་འཚལ། །དབང་པོར་གཟུགས་ཅན་ཡི་དྭགས་གྲོང༌། །བད་ཀན་འབབ་པ་རྣམ་དག་པ། །དགའ་བ་ཡན་ལག་སྟོབས་པོ་ཆེ། །འཁོར་ལོའི་ཤུགས་ཅན་མར་བཅས་འདུད། །ནོར་དུ་སྤྱི་མ་ཁྱིམ་གྱི་ལྷ། །སྣག་ནི་འབབ་པ་རྣམ་དག་པ། །ཤིན་སྦྱངས་རིན་ཆེན་རྡོ་རྗེ་ནི། །དུམ་སྐྱེས་མར་བཅས་ལ་ཕྱག་འཚལ། །ཆུར་ནི་རྒྱུ་སྦྱིན་སོ་སོར་རཱཥྟ། ཁྲག་རྣམས་འབབ་པ་རྣམ་དག་པ། །རྣམ་འབྱེད་ཡན་ལག་རྟ་མགྲིན་རྒྱལ། །ཆང་འཚོང་མར་བཅས་ལ་ཕྱག་འཚལ། །གཤིན་རྗེར་གསེར་གླིང་སྦྱོར་ཕྲལ་མ། །རྡུལ་འབབ་པ་ནི་རྣམ་དག་པ། །དྲན་པ་ཡན་ལག་མཁའ་སྙིང་པོ། །འཁོར་ལོའི་གོ་ཆ་མར་བཅས་འདུད། །སྲེག་ཟར་སྡུག་གུ་ན་ག་ར། །ཚིལ་བུ་འབབ་པ་རྣམ་དག་པ། །བཏང་སྙོམས་ཡན་ལག་ཧེ་རུ་ཀ །ཤིན་ཏུ་དཔའ་མོར་བཅས་ལ་འདུད། །སྲིན་པོར་སིནྡྷུ་གྲུབ་མ་ནི། །མཆི་མ་འབབ་པ་རྣམ་དག་པ། །ཡང་དག་ལྟ་བ་གར་དབང་ཕྱུག །སྟོབས་ཆེན་མར་བཅས་ལ་ཕྱག་འཚལ། །རླུང་དུ་འཚེད་མ་མ་རུའི་ཡུལ། །མཆིལ་མ་འབབ་པ་རྣམ་དག་པ། །ཡང་དག་རྟོག་པ་རྣམ་སྣང་མཛད། །འཁོར་ལོས་སྒྱུར་མར་བཅས་ལ་འདུད། །འབྱུང་པོར་ཡིད་བཟངས་ཀུ་ལུ་ཏ། །སྣབས་འབབ་པ་ནི་རྣམ་དག་པ། །རྡོ་རྗེ་སེམས་དཔའ་ཡང་དག་དག །བརྩོན་འགྲུས་ཆེན་མོར་བཅས་ལ་འདུད། །འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། །ཕྱི་རོལ་ར་བ་ཀ་བ་ཐོག །
འཁོར་ལོས་མཚན་པ་འདུ་ཉེ་འདུ། །དུར་ཁྲོད་ཉེ་བར་བཅས་ལ་འདུད། །ཐུགས་འཁོར་པ་རྣམས་བུང་བའི་མདོག །གསུང་འཁོར་པ་རྣམས་རབ་ཏུ་དམར། །སྐུ་འཁོར་པ་རྣམས་ཀུ་མུད་བཞིན། །རིགས་གསུམ་ལྷ་རྣམས་ལ་ཕྱག་འཚལ། །རྡོ་རྗེ་གསུམ་གྱི་རང་བཞིན་མཆོག །མཁའ་སྤྱོད་ས་སྟེང་ས་འོག་སྟེ། །གནས་གསུམ་མཁའ་འགྲོ་ཀུན་འདུས་པའི། །རྡོ་རྗེའི་ཕོ་ཉ་ལ་ཕྱག་འཚལ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་བུས་ཡུམ་ལ་འཁྱུད། །ཡུམ་རྣམས་གྲི་གུག་ཐོད་པ་འཛིན། ཁྱད་པར་གཞན་ནི་བཅོམ་ལྡན་འདས། །ཡབ་ཡུམ་ཇི་ལྟ་བ་ཉིད་དེ། །དབུས་ཀྱི་ཐོག་ཕུབས་ལས་གཞན་པའི། །ཕ་གུ་ལ་སོགས་དབུས་མ་བཞིན། །སྟེང་ཐོག་རིམ་པར་ཕུབས་ལ་འདུད། །མོས་སྤྱོད་ས་དང་མཐུང་སྤྱོད་དངོས། །དམ་ཚིག་འཁོར་ལོའི་ལྷ་སྣམ་ནི། །ཕྱོགས་མདོག་དབུས་སུ་སྟེགས་བུ་སྔོ། །འཁོར་ལོ་གསུམ་གྱི་གཞི་ལ་འདུད། །ཡང་དག་ལས་མཐའ་གཞན་མཐུ་རྩེ། །རྣམ་དག་ཤར་སྒོར་ཁྭ་གདོང་སྔོ། །ཡང་དག་འཚོ་བ་མཐུ་སྐྱཻད་མ། །བྱང་སྒོར་འུག་གདོང་མ་ནི་ལྗང༌། །རོ་ཡི་རྩེ་མོ་ནུབ་ཀྱི་སྒོར། །ཡང་དག་རྩོལ་བ་ཁྱི་གདོང་དམར། །ལྷོར་སྒོར་རོ་ལུས་མ་རྣམ་དག །ཡང་དག་དྲན་པ་ཕག་གདོང་སེར། །ནམ་མཁའ་མ་དག་ཤར་ལྷོའི་གྲྭར། གཤིན་རྗེ་བརྟན་མ་གཡས་སྔོ་ཞིང༌། །གཡོན་སེར་དགེ་བའི་ཆོས་སྐྱེད་པ། །ལྷོ་ནུབ་ཆང་སྦྱིན་མ་དག་པ། །གཤིན་རྗེ་ཕོ་ཉ་མ་གཡས་སེར། གཡོན་དམར་དགེ་བའི་ཆོས་སྲུང་བའོ། །རུལ་
མ་དག་པ་ནུབ་བྱང་གྲྭར། གཤིན་རྗེ་མཆེ་བ་མ་གཡས་དམར། །གཡོན་ལྗང་མི་དགེ་མི་སྐྱེད་པའོ། །བྱང་ཤར་གཏོགས་མ་རྣམ་དག་པ། །གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན། །སྔོ་བ་མི་དགེ་སྐྱེ་སྤོང་བའོ། །དེ་ལྟར་སྒོ་མཚམས་མ་མོ་བརྒྱད། །ཡུམ་བཞི་ཇི་ལྟ་བ་ཉིད་ལས། །རབ་ཁྲོས་གཡོན་བརྐྱང་སྟབས་ཀྱིས་བཞུགས། །སྟག་ལྤགས་གྲོལ་ལ་ཕྱག་འཚལ་ལོ། །དབང་པོ་ནོར་བདག་ཆུ་གཤིན་རྗེ། །མེ་སྲིན་རླུང་དང་དབང་ལྡན་དང༌། །ཚངས་པ་དང་ནི་ཐགས་བཟང་རིས། །སོ་སོའི་བགེགས་རྣམས་འཇོམས་ལ་འདུད། །འཁོར་རྣམས་རོ་གདན་ཉི་མར་གནས། །ཀུན་ཀྱང་དཔྲལ་པར་རྡོ་རྗེའི་འཕྲེང༌། །མེ་དཔུང་འབར་བའི་དབུས་ན་བཞུགས། །ལང་ཚོ་རྒྱས་པ་ལ་ཕྱག་འཚལ། །ཆོས་འཁོར་ལྟེ་བར་རྩ་བཞི་དང༌། །དབྱིངས་དང་ཕག་མོ་ཞལ་སྦྱོར་བ། །ཆོས་འཁོར་རྩ་བརྒྱད་རྩ་བའི་རླུང༌། །ནང་གི་བདེ་ཆེན་འཁོར་ལོར་འདུད། །སྤྱི་བོ་སྤྱི་གཙུག་རྣ་གཡས་ལྟག །རྣ་གཡོན་སྨིན་མཚམས་མིག་ཕྲག་པ། །མཆན་ཁུང་ནུ་མ་ལྟེ་བ་སྣ། ཁ་མགྲིན་སྙིང་ག་འབྲས་བུ་དང༌། །གསང་བ་བཤང་ལམ་བརླ་རྗེ་ངར། །རྐང་སོར་བོལ་གོང་མཐེ་བོང་དང༌། །པུས་མོ་རྣམས་ཏེ་ཉི་ཤུ་བཞི། །ནང་གི་འཁོར་ལོ་གསུམ་ལ་འདུད། །ཆོས་འཁོར་ཕྱིའི་རྩ་བ་བརྒྱད་པོ། །བུ་ག་བརྒྱད་དུ་སོན་པ་ཡི། །དབང་ཡུལ་རྣམ་པར་ཤེས་སྐྱེད་པ། །ནང་གི་དམ་ཚིག་འཁོར་ལོར་འདུད། །རྩ་རླུང་མ་མོ་བཅུ་གཉིས་བདག །དཀར་དམར་རོ་མཉམ་
རླུང་བཅས་ཐུགས། །རྔུལ་ནི་གསུང་དང་ཁུ་བ་སྐུ། །ནང་གི་དཔའ་པོ་ལྷ་མོར་འདུད། །གྲུ་བཞི་དཀྱིལ་འཁོར་བདེན་པ་བཞི། །ཟུར་བཞི་མཉམ་པ་ཚད་མེད་བཞི། །སྒོ་བཞི་རྣམ་པར་ཐལ་བ་བཞི། །རྟ་བབས་བསྡུས་དངོས་བཞི་ལ་འདུད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ཁ་ཁྱེར་མཆོད་པའི་ལྷ་མོ་ནི། །མཆོད་པའི་སྤྲིན་རྣམས་སྤྲོ་དང་བཅས། །ཡེ་ཤེས་གཞལ་ཡས་ཁང་ལ་བསྟོད། ཁ་སོགས་བུག་བརྒྱད་དུར་ཁྲོད་བརྒྱད། །ཕྱོགས་སྐྱོང་ཞིང་སྐྱོང་ཤིང་དང་སྤྲིན། །རི་དང་མཆོད་རྟེན་མེ་དང་ཆུ། །གྲུབ་པ་བརྒྱད་ལ་སོགས་པར་འདུད། །གཏུམ་དྲག་ཚང་ཚིང་འབར་བ་འཁྲིགས། །འཇིགས་བྱེད་ཐོད་པ་ཧ་ཧར་དགོད། །དཔལ་ནགས་འཇིགས་མུན་ཅ་ཅོ་ཅན། །དུར་ཁྲོད་གནས་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པའི་བདེ་ཡེ་ཤེས། །གཅིག་ཉིད་རབ་འབྱམས་དཀྱིལ་འཁོར་དུ། །རྣམ་པར་སྤྲུལ་ལ་སྒོ་གསུམ་མོ། །དངོས་པོ་ཀུན་དང་བཅས་པས་འདུད། །བླ་མ་དཀྱིལ་འཁོར་འཁོར་ལོའི་མགོན། །དཀྱིལ་འཁོར་དུས་གསུམ་སངས་རྒྱས་རྣམས། །སྲས་བཅས་གསང་དང་རབ་གསང་དང༌། །གསང་ཆེན་བླ་མེད་མཆོད་པས་མཆོད། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་དང༌། །སྔགས་དང་ཕྱག་རྒྱའི་མཐུ་སྟོབས་ལས། །མཆོད་སྤྲིན་རྒྱ་མཚོ་དཔག་ཡས་སྤྲུལ། །ཞུམ་པ་མེད་པའི་སེམས་ཀྱིས་དབུལ། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་དང༌། །མཐོར་འཐུང་མེ་ཏོག་སྤོས་མར་མེ། །དྲི་དང་ཞལ་ཟས་
རོལ་མོའི་སྒྲས། །བླ་མ་ལྷ་ཡི་དཀྱིལ་འཁོར་མཆོད། །གཟུགས་སྒྲ་དྲི་རོ་རེག་མཆོག་དང༌། །ཆོས་ཏེ་ཕྱི་ཡི་འདོད་ཡོན་དྲུག །ནང་གི་རིག་མའི་འདོད་ཡོན་ལྔ། །ཡིད་བྱུང་བདེ་བར་བཅས་པས་མཆོད། ཁྱད་པར་དངོས་གྲུབ་ཐོབ་པའི་ཕྱིར། །ཉེར་སྤྱོད་ཞུན་ཆེན་མར་མེ་དང༌། །ཤ་ཆེན་དམ་ཚིག་སྣང་གསལ་སོགས། །བརྒྱ་ཕྲག་དུ་མར་སྤེལ་བས་མཆོད། །རིག་པའི་ལྷ་མོ་བཅུ་དྲུག་དང༌། །སྒེག་མོ་ལ་སོགས་ལྷ་མོ་བརྒྱད། །བདེ་མཆོག་མ་སོགས་ཉི་ཤུ་སྟེ། །བདེ་སྦྱིན་ལྷ་མོ་རྣམས་ཀྱིས་མཆོད། །འཁོར་ལོ་གླང་པོ་ནོར་བུ་རྟ། །བུད་མེད་ཁྱིམ་བདག་སྐྱེས་པ་སྟེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས། །སྟོང་གསུམ་གང་བར་བྱས་ཏེ་འབུལ། །རལ་གྲི་ཁང་པ་པགས་པ་ཚལ། །མལ་ཆ་གོས་དང་མཆིལ་ལྷམ་མཆོག །པད་དམར་དབང་སྔོན་བཻཌཱུརྱ། །མརྐཏ་རྡོ་རྗེ་མུ་ཏིག་དང༌། །བྱུ་རུ་རིན་ཆེན་དམན་པར་བཅས། །ཟླ་ཤེལ་ལ་སོགས་ནོར་བུའི་རི། ཁྲུས་ཀྱི་རྫིང་བུ་ལྷ་རྫས་གོས། །རིགས་ལྔའི་གཏན་དང་བཞོན་པ་དང༌། །ཕྱག་མཚན་སོ་སོའི་དམ་ཚིག་དང༌། །མ་རྨོས་ལོ་ཐོག་འདོད་འཇོའི་བ། །གཏེར་གྱི་བུམ་པ་དཔག་བསམ་ཤིང༌། །ཞིང་རྣམས་གང་བར་བྱས་ཏེ་དབུལ། ཁྲི་པད་ཉི་ཟླ་གློ་གདན་ལྔ། །ཕྱག་རྒྱ་རྣམ་པ་དྲུག་གིས་བརྒྱན། །བྱང་ཆུབ་ཡན་ལག་མེ་ཏོག་བདུན། །བཀྲ་ཤིས་ལྷ་མོ་བརྒྱད་རྣམས་འབུལ། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་
གནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་རེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །བཟའ་བཅའ་བཏུང་བ་དཔག་མེད་དང༌། །བུམ་པ་དགུ་ཡིས་མཆོད་པར་བྱ། ཁྱད་པར་བླ་མ་མཆོད་པའི་ཕྱིར། །དྲིལ་བུ་སྒྲ་ཅན་དཔྱངས་པ་དང༌། །མེ་ཏོག་སྤོས་རྣམས་ཀྱིས་བརྒྱན་ཞིང༌། །དགའ་བའི་རྔ་ཆེན་བརྡུང་པས་མཆོད། །གསེར་ནི་བརྒྱ་སྟོང་དབུལ་བ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་ཡུལ་འཁོར་དང༌། །རྣ་རྒྱན་དང་ནི་གདུ་བུ་དང༌། །མགུལ་རྒྱན་སོར་གདུབ་དམ་པ་དང༌། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་རྣམས། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །ལུས་ངག་ཡིད་གསུམ་གུས་བཅས་པས། །དུས་གསུམ་དགེ་བ་ལོངས་སྤྱོད་དང༌། །དེང་ནས་བརྩམས་ཏེ་བྲན་དུ་ནི། །བདག་ཉིད་དངོས་པོ་ཀུན་གྱིས་འབུལ། །གཞན་ཡང་ཐབས་ཤེས་སྦྱོར་ལས་བྱུང༌། །ཟླ་བ་མེ་ཏོག་དམ་པ་ནི། །རབ་ཏུ་མྱངས་པས་བདེ་བ་ཐོབ། །ནང་གི་མཆོད་པས་མཆོད་པར་བགྱི། །དངོས་གྲུབ་དམ་ཚིག་བདུད་རྩི་ལྔ། །རིགས་ལྔའི་དམ་ཚིག་སྒྲོན་མ་ལྔ། །བདེ་བའི་རྒྱུ་མཆོག་མྱོས་བྱེད་ལྔ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ལྷ་མོ་རྡོ་རྗེ་གསུམ་གྱི་རིགས། །པད་མ་ཅན་སོགས་རིགས་བཞི་དང༌། །ལྷན་
སྐྱེས་གནས་སྐྱེས་རིགས་སྐྱེས་མ། །མཐར་སྐྱེས་སྦྱངས་ལས་ཐོབ་པ་དང༌། །གར་མ་ཆོས་མ་རྡོ་རྗེ་མ། །གདོལ་མ་དེ་བཞིན་བྲམ་ཟེ་མོ། །རིགས་དྲུག་ལས་བྱུང་ཕྱག་རྒྱ་མཆོག །གཟུགས་ཅན་མ་སོགས་རིགས་བདུན་དང༌། ཁྱད་པར་ལཱ་མའི་རིགས་བུད་མེད། །མ་དང་སྲིང་མོ་བུ་མོ་དང༌། །ཆུང་མ་ཕོ་ཉ་མོ་རྣམ་བཞི། །གཞན་ཡང་རིགས་མ་བརྒྱད་པོ་དང༌། །སུམ་ཅུ་རྩ་དྲུག་རིགས་བརྒྱ་སོགས། །ཕུལ་བས་ཐབས་ཤེས་མཉམ་པར་སྦྱར། །ཡེ་ཤེས་གསུམ་པོ་གསལ་བར་མཚོན། །དམ་པའི་བདེ་བས་མཉེས་པར་བགྱི། །ཡུལ་ལྔའི་དབྱེ་བ་རྣམ་གསུམ་ལས། །སྣང་བ་གསུམ་དང་རང་བཞིན་རྣམས། །འོད་གསལ་བར་ནི་ཉེར་འགྲོ་བ། །གསང་བའི་མཆོད་པས་མཆོད་པར་བགྱི། །རྡོ་རྗེ་ཉི་མའི་མེ་ཏོག་གསོལ། །གཏུམ་མོ་འབར་བའི་བདུག་པས་བདུག །མི་ཤིགས་སྔགས་ཀྱི་སྒྲོན་མེ་འབར། །ཟླ་བས་ལུས་ཀུན་ཁྱབ་པའི་དྲི། །སྟོང་ཉིད་རྣམ་པའི་ཞལ་ཟས་དང༌། །ཆོས་རྣམས་གཟུགས་བརྙན་ལྟ་བུར་རྟོགས། །གྲག་སྟོང་སྒྲ་དབྱངས་ཐམས་ཅད་པ། །སྤྲུལ་པའི་དཀྱིལ་འཁོར་སྙན་གྲགས་དྲི། །བདེ་ཆེན་རོ་ཡི་ཚིམ་པ་དང༌། ཟུང་འཇུག་རེག་བྱའི་བདེ་མཆོག་གིས། །བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀུན། །བླ་ན་མེད་པས་མཆོད་པར་བགྱི། ཁྱད་པར་ནང་གི་བདག་ཉིད་ཀྱི། །སྦྲང་རྩི་མཚལ་དང་ག་བུར་བཅས། །ཙན་དན་དམར་པོ་སྦྱར་བ་ནི། །རྡོ་རྗེ་ཀུན་མཚན་མཚན་མ་འཛིན། །ཐབས་ཤེས་སྦོམ་པོ་
མཐའ་སྟག་སྦྱར། །ཞི་བའི་བཏུང་བ་བཞིན་མྱངས་པས། །རང་རྫས་ཐིག་ལེས་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། །མདོར་ན་འཇིག་རྟེན་ཁམས་ཀུན་གྱི། །མཆོད་པ་ཐམས་ཅད་དབུལ་བར་བགྱི། །འཁོར་བ་ཐོག་མེད་ནས་བཟུང་སྟེ། །ད་ལྟའི་བར་དུ་བདག་ཅག་གི །དུག་གསུམ་གྱིས་ནི་ཀུན་བླང་སྟེ། །ལུས་ངག་ཡིད་ཀྱི་ཉེས་སྤྱོད་གང༌། །བགྱིས་དང་བགྱིས་དུ་རྩལ་བ་དང༌། །ཡི་རང་བསྔགས་པ་བརྗོད་པ་སོགས། །ཐམས་ཅད་ད་ལྟར་སོ་སོར་བཤགས། །མི་ཤེས་མ་གུས་བག་མེད་པས། །རང་བཞིན་ཁ་ན་མ་ཐོ་དང༌། །སྡོམ་གསུམ་བཅས་འགལ་ཅི་མཆིས་དང༌། ཁྱད་པར་བླ་མའི་ཐུགས་དཀྲུགས་དང༌། །བདེ་གཤེགས་བཀའ་འདས་སྤུན་ལ་ཁྲོས། །བྱམས་པ་སྤངས་དང་བྱང་སེམས་བཏང༌། །གྲུབ་མཐའ་སྨོད་དང་མ་སྨིན་ལ། །གསང་བ་སྦྱིན་དང་ཕུང་པོ་སྨོད། །དག་པའི་ཆོས་ལ་ཐེ་ཚོམ་དང༌། །གདུག་ལ་བྱམས་དང་མིང་སོགས་བྲལ། །དེ་ལ་གཞན་དུ་རྟོག་པ་དང༌། །དད་ལྡན་བསླུ་དང་ཚོགས་འཁོར་དུ། །དམ་ཚིག་སྤོང་དང་བུ་མེད་སྨོད། །ཕས་ཕམ་པ་ནི་བཅུ་བཞི་དང༌། །མ་སྦྱངས་རིག་མ་བསྟེན་ལ་དགའ། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །གསང་བའི་ཆོས་ནི་སྟོན་པ་དང༌། །དད་ལྡན་རྣམས་ལ་ཆོས་གཞན་སྟོན། །ཉན་ཐོས་ནང་དུ་ཞག་བདུན་གནས། །སྐལ་མིན་གསང་བ་སྟོན་པ་དང༌། །མི་མཁས་པ་ལ་ཕྱག་རྒྱ་སྟོན། །མ་བསྙེན་དཀྱིལ་འཁོར་ལས་ལ་འཇུག །དེ་
སོགས་ཡན་ལག་ལྟུང་བ་དང༌། སྦོམ་པོའི་ལྟུང་བ་གང་བགྱིས་དང༌། །འཆང་དང་བསྟེན་བྱ་མ་བརྟེན་དང༌། །སྒྲུབ་པའི་དམ་ཚིག་མ་སྒྲུབས་དང༌། །རིགས་ལྔའི་དམ་ཚིག་དེ་བཞིན་དུ། །དམ་ཚིག་བརྒྱ་ལས་འདས་པ་སོགས། །རྒྱུད་སྡེ་བཞི་ལས་གང་གསུངས་པའི། །ཉེས་པ་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་སེམས་འཕགས་རྣམས་དང༌། །སོ་སོའི་སྐྱེ་བོས་གང་བགྱིས་པ། །འཁོར་འདས་དུས་གསུམ་བྱུང་བ་ཡི། །དགེ་བ་ཀུན་ལ་ཡི་རང་ངོ༌། །རྒྱལ་གསུང་འཆད་པ་མི་མངའ་ཡང༌། །འགྲོ་བ་ཐར་པར་འདྲེན་པའི་སླད། བླ་མེད་ཆོས་འཁོར་རྒྱུན་མི་ཆད། །ད་ལྟ་ཉིད་དུ་བསྐོར་དུ་གསོལ། །རང་བཞིན་སྐྱེ་འཇིག་མི་མངའ་ཡང༌། །སྐལ་དམན་སེམས་ཅན་བསྒྲལ་བའི་ཕྱིར། །འཁོར་བ་ཇི་སྲིད་སྤྲུལ་པའི་སྐུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དབང་ཐོབ་སློབ་དཔོན་སངས་རྒྱས་མཆོག །ཐབས་ཤེས་དབྱེར་མེད་རྡོ་རྗེའི་ཆོས། །རྡོ་རྗེ་ཐེག་ཞུགས་དགེ་འདུན་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བླ་མ་འདྲེས་པ་སྲས་བཅས་ལ། །ཀུན་ནས་ཀུན་ཏུ་བདག་ཉིད་འབུལ། །དེང་ནས་ནམ་མཁའ་གནས་ཀྱི་བར། ཁྱེད་ཀྱི་འབངས་སུ་བཟུང་དུ་གསོལ། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་བྱང་ཆུབ་རྒྱུར་བསྔོའོ། །བླ་མེད་བྱང་ཆུབ་གནས་བྱའི་ཕྱིར། །རྒྱལ་བ་ཀུན་གྱི་སྤྱན་སྔ་རུ། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་
ལྡན་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ནི་སྐྱེད་པ་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། །ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག །འཚང་རྒྱའི་བར་དུ་མི་གཏོང་ལྟར། །བདག་གི་དེང་ནས་བྱང་ཆུབ་བར། །ལུས་སྲོག་ལྟོས་པ་མེད་པར་ཡང༌། །བསླབ་འདི་མགོན་བཞིན་སྲུང་ལ་གནས། །ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །བདག་དང་བདག་གིར་འཛིན་སྤངས་ནས། །སྟོང་ཉིད་སྙིང་རྗེ་སྒོམ་པ་དང༌། །བྱམས་དང་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་རྣམས་ལ་གནས་པར་བགྱི། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གིས་འབད་པས་བསླབ་པར་བགྱི། །དྲན་པ་ཉེར་བཞག་ཡང་དག་སྤོང༌། །རྫུ་འཕྲུལ་རྐང་པ་རྣམ་བཞི་དང༌། །དབང་པོ་ལྔ་དང་སྟོབས་རྣམས་ལྔ། །བྱང་ཆུབ་ཡན་ལག་རྣམ་པ་བདུན། །འཕགས་ལམ་བརྒྱད་རྣམས་རིམ་གྱིས་བསྐྱེད། །སྦྱིན་དང་སྙན་པར་སྨྲ་བ་དང༌། །དོན་སྤྱོད་པ་དང་དོན་མཐུན་པ། །བསྡུ་བའི་དངོས་པོ་རྣམ་བཞི་ཡིས། །འགྲོ་བའི་དོན་ཆེན་སྒྲུབ་པར་བགྱི། །སྔགས་རྒྱུད་སྦྱོར་བ་ལ་མཁས་ཤིང༌། །རྟག་ཏུ་མི་དགེ་བཅུ་སྤངས་ནས། །སྟོང་དང་བདེ་བ་སྙིང་རྗེ་ཆེ། །རིམ་པ་གཉིས་པོ་སྒོམ་པར་བགྱི། །རྒོད་
དང་འགྱོད་དང་གཉིད་རྨུགས་པ། །འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་སྤང་བར་བགྱི། །ལེ་ལོ་བརྗེད་ངེས་བྱིང་རྒོད་དང༌། །འདུ་མི་བྱེད་དང་འདུ་བྱེད་སྤང༌། །དད་འདུན་བརྩོན་འགྲུས་ཤིན་ཏུ་སྦྱངས། །དྲན་རྟོགས་འདུ་བྱེད་རྣལ་གནས་པས། །ཞི་ལྷག་ཏིང་འཛིན་སྒོམ་པར་བགྱི། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ། །རྟག་ཏུ་བསྟེན་ཞིང་སྤྱད་པར་བགྱི། །རྣམ་སྣང་རིགས་ལ་སངས་རྒྱས་དང༌། །ཆོས་དང་དགེ་འདུན་སྐྱབས་སུ་བགྱི། །མི་བསྐྱོད་རིགས་ལ་དམ་ཚིག་གསུམ། །རྡོ་རྗེ་སློབ་དཔོན་གུས་པས་བསྟེན། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །རིན་ཆེན་རིགས་ལ་སྦྱིན་པར་བགྱི། །ཕྱི་ནང་གསང་བ་ཐེག་གསུམ་ཆོས། །པདྨའི་རིགས་ལ་བཟུང་བར་བགྱི། །ལས་ཀྱི་རིགས་ལ་སྡོམ་པ་ཀུན། །བཟུང་ཞིང་མཆོད་པ་ཐམས་ཅད་བགྱི། །སྲོག་གཅོད་འཕྲོག་དང་ལོག་གཡེམ་རྫུན། །ཆང་འཐུང་པ་ཡང་སྤང་བར་བྱ། །དམ་པ་བསྟེན་ཞིང་མཆོད་པར་བགྱི། ཐེག་དམན་མི་འདོད་འགྲོ་མི་སྤངས། །འཁོར་བ་མི་སྤངས་མྱང་འདས་ལ། །མི་དགའ་མཐའ་ལ་གནས་མི་བགྱིད། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཡང་ནི་མི་བགྱི་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོད་པར་མི་བགྱིད་དོ། །སེམས་ཉིད་ཡེ་ཤེས་རྡོ་རྗེ་དང༌། །བརྗོད་བྲལ་མཁའ་མཉམ་དྲིལ་བུ་དང༌། །སྒྱུ་འཕྲུལ་ཟུང་འཇུག་ཕྱག་རྒྱ་སྟེ། །རྡོ་རྗེ་གསུམ་ལ་བསླབ་པར་བགྱི། །ཉི་ཤུ་རྩ་གཉིས་སྲུངས་པ་དང༌། །ཚེས་བཅུ་དག་ལ་མཆོད་པར་བགྱི། །ལག་
པའི་མཆོད་པས་ཡང་དག་མཆོད། །བུ་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་བསྐོར་ཞིང་གསོལ་གསུམ་གདབ། །བདག་བུ་ཁྱོད་མ་བྱང་ཆུབ་ཀྱི། །ཡན་ལག་འོ་མས་སྐྱོངས་ཞེས་གསོལ། །གཡོན་པའི་ཀུན་སྤྱོད་རྟག་ཏུ་བསླབ། །ཤ་ལྔ་བདུད་རྩི་ལྔ་བཟའ་བས། །རྡོ་རྗེ་རྣམ་བཞི་མཆོད་པར་བགྱི། །ལས་དང་དམ་ཚིག་ཆོས་ཕྱག་ཆེན། །འཛག་མེད་བདེ་བའི་རྒྱུ་རུ་བསྟེན། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་པར་བྱ། །བརྡ་སོགས་དམ་ཚིག་སྐྱང་བར་བགྱི། ཁྱད་པར་རྣལ་འབྱོར་རྒྱུད་ཀུན་ཏུ། །བརྙེས་དཀའི་དམ་ཚིག་བརྒྱད་པོ་སྲུང༌། །གཡོན་པའི་ཀུན་སྤྱོད་དེ་བཞིན་དུ། །འདོད་པས་ཕྱག་རྒྱ་སྒྲོད་པ་སྤང༌། །རང་གཞན་མཉམ་ཉིད་ལྟ་བ་དང༌། །ཐེག་པ་གཞན་དག་སྤང་བར་བགྱི། །དེ་ཉིད་ལྡན་པས་དུས་རྟག་ཏུ། །ཕྱག་རྒྱ་བསྟེན་དང་དེ་མི་འབྲལ། །ཀུན་ད་མི་གཡོ་མི་ལྟུང་དང༌། །བྷ་གའི་བཅུད་ལེན་རབ་ཏུ་བཟའ། །རླུང་སེམས་སྟོང་པར་བསད་བྱ་ཞིང༌། །རྟེན་འབྲེལ་འགྲོ་བ་སྒྲོལ་བའི་རྫུན། །བཙུན་མོ་ཁུ་བ་མ་བྱིན་ལེན། །རང་སྣང་སྟོང་སེམས་གཞན་བུད་མེད། །དགོངས་ཏེ་གསུངས་པ་རྣམ་བཞི་པོ། །རིགས་སྔགས་འཆང་ཀུན་མི་འདའ་ལྟར། །དེང་ནས་བླ་མེད་བྱང་ཆུབ་བར། །བདག་གིས་ཚུལ་བཞིན་བསྲུང་བར་བགྱི། །ཉིན་མཚན་ལན་གསུམ་གནས་དང་ལྡང༌། །འཇུག་དང་རྫོགས་དང་བྱིན་རླབས་དབང༌། །ཏིང་འཛིན་མཆོད་པ་ཉེར་བསྡུ་སྒོམ། །ཡུལ་སྣང་བདེ་ཆེན་དྲང་བར་བགྱི། །ལེགས་གནས་ཟླ་བ་འདུས་
པ་ཡི། །ཚོགས་ཀྱི་འཁོར་ལོ་རབ་ཏུ་སྤྱོད། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་བཟླས། །སྟང་སྟབས་འདུག་སྟངས་སྦྱིན་སྲེག་མཆོད། །ལས་སྦྱོར་སླར་བསྡུ་ཕྱི་ཡི་བཅུ། །ཕྱིར་ཟློག་གཉིས་དང་གསང་དབང་དང༌། །ཤེས་རབ་ཡེ་ཤེས་ཁ་སྦྱོར་འབྱེད། །གཏོར་མ་རྡོར་ཟླས་དྲག་ཤུལ་སྒྲུབ། །རབ་གནས་དཀྱིལ་འཁོར་སྒྲུབ་པ་སྟེ། །གསང་བའི་དེ་ཉིད་བཅུ་སྒྲུབ་བོ། །དཔའ་བོའི་དབང་ཕྱུག་མི་བྲི་ཞིང༌། །གང་གི་ཐད་དུའང་མི་གདོན་ནོ། །གཡོན་པའི་ཀུན་སྤྱོད་རབ་ཏུ་སྦ། །ཧེ་རུ་ཀ་དཔལ་རྣལ་འབྱོར་པ། །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཙཱ་རུ་ཡིས་ནི་རྟག་ཏུ་མཆོད། །སློབ་དཔོན་མཐོང་བས་དགའ་གྱུར་ཏེ། །སྒྲུབ་པོས་རྩ་སྔགས་མཆོག་ལན་བདུན། །ཧཱུཾ་བཅས་འབད་དེ་ཕྱག་བྱས་ནས། །སངས་རྒྱས་ལ་སོགས་མཆོད་པར་བགྱི། །རྡོ་རྗེ་ཐེག་པ་གང་གསུངས་པའི། །དམ་ཚིག་སྡོམ་པ་ཐམས་ཅད་སྲུང༌། །ལམ་རྣམས་ཐམས་ཅད་བསྟེན་པར་བགྱི། །འདི་ལས་གཞན་དུ་མི་བགྱིད་དོ། །དེ་ལྟར་ཏིང་འཛིན་སྒོམས་པ་དང༌། །ཕྱག་འཚལ་མཆོད་དང་སྡིག་བཤགས་དང༌། །ཡི་རང་བསྐུལ་ཞིང་གསོལ་བཏབ་དང༌། །སྐྱབས་འགྲོ་སེམས་བསྐྱེད་དམ་ཚིག་བཟུང༌། །ལམ་བསྟེན་པ་ཡི་དགེ་བ་དང༌། །གཞན་ཡང་དུས་གསུམ་དགེ་བ་རྣམས། །མ་ལུས་གཅིག་ཏུ་སྡོམས་པའི་མཐུས། །དཔག་ཡས་སེམས་ཅན་མ་ལུས་པ། །རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཚེ་གཅིག་སངས་རྒྱས་མྱུར་ཐོབ་
ཤོག །ཐུན་མོང་ལམ་གྱི་རྒྱུད་སྦྱངས་པའི། །ཚེ་འདི་དང་ནི་འཁོར་བ་ལ། །གློག་དང་མེ་ཡི་འོབས་ལྟར་རྟོགས། །དགེ་སྡིག་བླང་དོར་ཚུལ་བཞིན་སྤྱད། །སྐྱེ་བོ་ཀུན་གྱི་ཁུར་ཁྱེར་ནས། །བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །མཐའ་བྲལ་ལྟ་བ་རྟོགས་པ་དང༌། །ཞི་གནས་ལྷག་མཐོང་ཟུང་འཇུག་སྒོམ། །ཆོས་སྤྱོད་བཅུ་ལ་སྤྱོད་པ་དང༌། །ཕྱིན་བཅུ་ཉམས་སུ་ལེན་པར་ཤོག །དཀྱིལ་འཁོར་གསུམ་དུ་ལེགས་པར་ཞུགས། །དབང་བཞིས་རྒྱུད་ནི་སྨིན་བྱས་པས། །ཐ་མལ་སྣང་ཞེན་སྤྲོས་པའི་གདངས། །ཀུན་རྟོགས་གཉིས་སྣང་འཁྲུད་པར་ཤོག །དམ་ཚིག་དང་ནི་སྡོམ་པ་དང༌། །བརྟུལ་ཞུགས་རྣམས་ནི་ལམ་བཟང་གི །རྩ་བ་ཤེས་ནས་འབད་པ་ཡིས། །སྲོག་བཞིན་སྐྱོང་བས་སྲུང་བར་ཤོག །བསྙེན་པ་ལ་སོགས་ཡན་ལག་བཞི། །ཏིང་འཛིན་རྣམ་གསུམ་རྣལ་འབྱོར་དང༌། །རྗེས་དང་ཤིན་ཏུ་རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོ་སྒོམ་པར་ཤོག །སྔོན་འགྲོ་ཚོགས་བསགས་མཐུན་རྐྱེན་སྒྲུབ། །སྟོང་པས་འཆི་བའི་སྲིད་པ་སྦྱངས། །ནཱ་དས་བར་དོ་སྦྱོང་བ་ཡི། །ཏིང་འཛིན་ཟབ་མོ་སྒོམ་པར་ཤོག །སྲུང་བའི་འཁོར་ལོས་བདུད་བཅོམ་ཞིང༌། །འབྱུང་བཞི་ལྷུན་པོ་གཞལ་ཡས་ཁང༌། །གང་དུ་འཚང་རྒྱའི་གནས་ངེས་པས། །མ་དག་ཞིང་རྣམས་སྦྱོང་བར་ཤོག །འབྱུང་བའི་གནས་བཞི་ཀུན་འདར་རྩ། །རྩ་ཡི་འཁོར་ལོར་བྱིན་རླབས་པས། །གནས་དེར་བདེ་ཆེན་འདྲེན་པ་དང༌། །
རླུང་ཐིམ་སྨིན་པར་བྱེད་པར་ཤོག །དེ་རྒྱུ་ཟླ་ཉི་ས་བོན་སོགས། །མངོན་བྱང་ལྔ་ལས་རྡོ་རྗེ་འཛིན། །འདོད་ཆགས་ཅན་རྣམས་གདུལ་བའི་ཕྱིར། །ཐུགས་རྗེས་སྙོམས་འཇུག་སྒོམ་པར་ཤོག །ནཱ་ད་ཞུགས་པས་རབ་ཏུ་ཞུ། །སྐུལ་བས་ཡིག་འབྲུའི་རིམ་པས་རྫོགས། །འབྲས་བུའི་བདེ་མཆོག་སྐྱེ་སྲིད་སྦྱོང༌། །སྤྲུལ་སྐུའི་རིང་ལམ་སྒོམ་པར་ཤོག ། ཐིག་ལེ་བཞི་དང་བཅུ་གཉིས་འཕོ། །ཡིད་བཟང་དྷཱུ་ཏཱི་སྐྱེ་མཆེད་སོགས། །སྦྱོང་བྱེད་ཞལ་བཞི་ཕྱག་བཅུ་གཉིས། །ཞབས་གཉིས་གོ་ཆ་གསུམ་བསྒོམ་ཤོག །ཡེ་ཤེས་སེམས་དཔའ་ངེས་ཚིག་ལྡན། །དབང་བསྐུར་རྫོགས་སངས་རྒྱས་པ་དང༌། །མ་རིག་འདུ་བྱེད་རྣམ་ཤེས་རྣམས། །ནཱ་དའི་གཟུགས་ཀྱིས་སྦྱོང་བར་ཤོག །མི་གཟུགས་སྐྱེ་མཆེད་འབྲས་བུ་ཡིས། །རྡོ་རྗེ་འཛིན་པས་སྦྱོང་བ་དང༌། །སྐྱེ་མཆེད་རེག་སོགས་གོ་ཆ་དང༌། །ཡེ་ཤེས་བཞུགས་པས་སྦྱོང་བར་ཤོག །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་དང༌། །ལས་རྒྱལ་མཆོག་དང་ཉེ་བསྡུའི་བར། །སྒོམས་པས་རྒ་ཤིའི་བར་སྦྱོང་ཞིང༌། །རིག་པ་རྣམ་བཞི་ཐོབ་པར་ཤོག ཁྱད་པར་གཏུམ་མོས་ཞུ་བའི་བདེ། །ལྷན་སྐྱེས་དཀྱིལ་འཁོར་རྒྱལ་མཆོག་གིས། །ཡེ་ཤེས་རིམ་པའི་རྗེས་དྲན་མཆོག །བཅུ་དྲུག་སྨིན་པའི་ལམ་སྒོམ་ཤོག །ཕྲ་ཐིག་གཏུམ་མོའི་རྣལ་འབྱོར་གྱིས། །བདེ་སྟོང་ལྷ་སྐུ་ཐོབ་པ་དང༌། །རླུང་རྣམས་དྷཱུ་ཏཱིར་ཐིམ་བྱེད་པས། །དྲན་པ་གཅིག་པ་མངོན་གྱུར་ཤོག །
བདེ་སྟོང་ལྷར་སྣང་ང་རྒྱལ་གྱིས། །ཐ་མལ་སྣང་ཞེན་ཟློག་པ་དང༌། །དག་སྣང་རབ་འབྱམས་ཡན་ལག་བདུན། །ཕྲ་རགས་རིམ་པས་མངོན་འགྱུར་ཤོག ཁྱད་པར་ཐུན་མོང་མ་ཡིན་པ། །ལུས་ཀྱི་དཀྱིལ་འཁོར་སྒོམ་པར་ཤོག །སྙིང་གར་དཔའ་བོ་ཡབ་ཡུམ་གྱིས། །ཐིག་ལེའི་འདུ་འཕྲོད་རྫོགས་པར་ཤོག །ཡུམ་བཞི་སྙིང་གར་བཀོད་པ་ཡིས། །རྩ་བའི་རླུང་རྣམས་འདུར་བར་ཤོག །མཆོད་པའི་རྩ་རྣམས་བྱིན་རླབས་པས། ཁམས་བཞི་དག་པར་བྱེད་པ་ཤོག །བུ་གའི་རྩ་ལ་མ་མོ་བརྒྱད། །བཀོད་པས་ཡན་ལག་རླུང་འདུ་ཞིང༌། །དབང་པོ་དྲུག་གི་མངོན་ཤེས་སོགས། །བདེ་བས་འཐོབ་པའི་རྒྱུར་གྱུར་ཅིག །ཉེ་བཞིའི་རྩ་ལ་བཀོད་པའི་ལྷས། །རླུང་དང་ཐིག་ལེའི་འཕོ་བ་འགོག །རྫོགས་པའི་རིམ་པའི་སྨིན་བྱེད་མཆོག །གདོད་མའི་དཀྱིལ་འཁོར་སྒོམ་པར་ཤོག །ལྷག་མཐོང་ཞི་གནས་མཆོག་གྲུབ་ནས། །སྤྱོད་པ་རྣམ་པ་གསུམ་སྤྱད་པས། །ལས་དང་དངོས་གྲུབ་ཀུན་གྲུབ་ནས། །འགྲོ་བའི་དོན་ཆེན་སྒྲུབ་པར་ཤོག །ལས་ཆེན་བཅུ་གཉིས་ཐོགས་མེད་གྲུབ། །གྲུབ་པའི་དངོས་གྲུབ་རྣམ་བརྒྱད་ཐོབ། །འདོད་གཟུགས་རིགས་པ་འཛིན་པ་མཆོག །ཡོན་ཏན་བརྒྱད་ལྡན་ཐོབ་པར་ཤོག །དེས་ཀྱང་ཆོག་པར་མི་འཛིན་པར། །བླ་མེད་བྱང་ཆུབ་སྒྲུབ་པའི་ཕྱིར། །བྱ་བ་ཀུན་ལ་ལྟོས་མེད་པར། །རྫོགས་པའི་རིམ་པ་སྒོམ་པར་ཤོག །སོ་སོར་བསྡུད་དང་བསམ་གཏན་དང༌། །སྲོག་རྩོལ་འཛིན་
པ་དེ་བཞིན་དུ། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །ཡན་ལག་དྲུག་པོ་སྒོམ་པར་ཤོག །རང་གི་སྐུ་ནི་སྒྱུ་མ་མཉམ། །རྡོ་རྗེའི་ཟླས་དང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །ལྷག་མ་ཟུང་འཇུག་སྒོམ་པར་ཤོག །རིགས་དྲུག་རིགས་བདུན་རིགས་བརྒྱད་དང༌། །ལཱ་མའི་རིགས་ལྔ་ཁྱད་པར་གྱི། །ཕོ་ཉ་བརྡ་སོགས་མཚན་ཉིད་ཤེས། །རྗེས་སུ་ཆགས་པས་རབ་མཆོད་ཤོག །གཏི་མུག་ཆེན་པོ་གཏི་མུག་དག །དེ་བཞིན་ང་རྒྱལ་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་ཞེ་སྡང་ཆེ། །ཡེ་ཤེས་རྣམ་ལྔ་གྲུབ་གྱུར་ཅིག །འགྲོ་བ་ཀུན་གྱི་ཉེར་འཚོ་མཆོག །རིན་ཆེན་བུམ་པ་དཔག་བསམ་ཤིང༌། ཇི་ལྟ་དེ་བཞིན་བདག་གི་ནི། །ལུས་ངག་ཡིད་གསུམ་དེ་ལྟར་ཤོག །དབང་དང་གཟུངས་དང་རྣམ་པར་ཐར། །སོ་སོར་རིག་སོགས་ཐོབ་པར་ཤོག །ཨ་བ་དྷཱུ་ཏཱིར་ཐིག་ལེ་སོགས། །སྒོམས་པས་དབུ་མར་རླུང་བསྡུས་ནས། །འཁོར་ལོ་རྣམས་ཀྱི་ལྟེ་བ་རུ། །ཞུགས་གནས་ཐིམ་གསུམ་བྱེད་པར་ཤོག །ཕྱག་རྒྱའི་སྲོག་རྩོལ་བསྒོམས་པ་ལས། །བདེ་ཆེན་མྱུར་དུ་འདྲེན་འགྱུར་ཏེ། །ལས་ཀྱི་ཕྱག་རྒྱའི་མཆོག་གྱུར་པ། །གནས་གསུམ་ཕོ་ཉར་སྦྱོར་བར་ཤོག །སྒོམས་པའི་ཡིད་ཀྱི་ཕྱག་རྒྱ་དང༌། །སྟོང་པས་བདེ་ཆེན་སྐྱེད་པ་དང༌། །ཡིད་ནི་ནང་ཆུད་འདོད་པའི་དོན། །དངོས་གྲུབ་ཕྱག་ཆེན་ལ་འཁྱུད་ཤོག །བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས། །རང་བཞིན་སྣང་བ་རིམ་པས་ཐིམ། རང་བཞིན་དག་པ་མངོན་དུ་གྱུར། །སྟོང་
ཕྱོགས་རྫོགས་རིམ་མངོན་གྱུར་ཤོག །འོད་གསལ་ཉིད་ལས་མ་གཡོས་པར། །གཟུགས་སྐུའི་སྣང་བ་ཚད་མེད་པ། །དབྱེར་མེད་ཟུང་འཇུག་ཡན་ལག་བདུན། །སྣང་ཕྱོགས་རྫོགས་རིམ་ཐོབ་པར་ཤོག །འཁོར་ལོ་བཞི་པོ་རྣམ་སྒོམ་པས། །རླུང་རྣམས་རིམ་གྱིས་ལས་རུང་སྟེ། །འཁོར་ལོའི་ཡི་གེ་གསལ་བར་སྣང༌། །རྒྱུད་ཀྱི་རིམ་པ་མངོན་གྱུར་ཤོག །རླུང་གཉིས་ཐིམ་པས་གཏུམ་མོ་འབར། །བདེ་གཤེགས་བདུད་རྩིས་བྱིན་རླབས་པས། །ལྟེ་བར་དཀར་དམར་འདྲེས་ལས་ཐོབ། །ལྷན་སྐྱེས་སྔགས་རིམ་ཐོབ་པར་ཤོག །ཡས་བརྟན་དགའ་བ་བཅུ་དྲུག་གིས། །ནོར་བུར་བྱང་སེམས་བདེ་བ་ཐོབ། །མས་བརྟན་རྗེས་དྲན་བཅུ་དྲུག་གིས། །ཡེ་ཤེས་རིམ་པ་མངོན་གྱུར་ཤོག །ཕྲ་རགས་རླུང་དང་ཐིག་ལེའི་འགྲོས། །གཉིས་སྣང་སེམས་གསུམ་དབུ་མར་ཐིམ། །སྣང་སྟོང་བདེ་ཆེན་ལྷན་ཅིག་སྐྱེས། །གསང་བའི་རིམ་པ་མཆོག་ཐོབ་ཤོག །དགའ་བ་བཞི་ཡི་རང་བཞིན་གསལ། །ཐིག་ལེ་བཞི་པོ་མཆོག་སྒོམ་པས། །རིམ་པ་བཞི་པོ་མཐར་ཕྱིན་ནས། །སྒྲིབ་པ་བཞི་པོ་བྱང་བར་ཤོག །བདེན་གཉིས་ཟུང་འཇུག་རྣལ་འབྱོར་གསུམ། །སྤྱོད་པ་གསུམ་གྱིས་མཐར་ཕྱུང་བས། །གང་ཟག་གསུམ་དུ་རབ་རྫོགས་ནས། །སྐུ་གསུམ་མངོན་དུ་འགྱུར་བར་ཤོག །སུམ་ཅུ་བདུན་པའི་རྩ་ཁམས་ཐིམ། །བཅུ་གཉིས་ས་རྣམས་མངོན་དུ་གྱུར། །མོས་སྤྱོད་ས་རྣམས་ཡོངས་རྫོགས་ནས། །མཐོང་ལམ་ཡེ་ཤེས་མངོན་གྱུར་ཤོག །ཉི་ཤུ་རྩ་བཞིའི་
ཞིང་རྣམས་བསྒྲོད། །ཕོ་ཉ་མཆོག་དང་ཡང་དག་འདུས། །ཟུང་འཇུག་བདེ་ཆེན་གོང་ནས་གོང༌། །འཕེལ་བས་ས་རྣམས་ཐོབ་པར་ཤོག །བདེ་བའི་གཉིས་སྣང་སྤང་པ་ཡི། །ཀུན་འདར་སྤྱོད་པ་དམ་པ་དང༌། །དྲི་མས་མ་གོས་ཀུན་བཟང་སྤྱོད། །སྤྱད་པས་དངོས་གྲུབ་ཐོབ་པར་ཤོག །ཟིལ་གནོན་འཇིགས་སྤངས་གཞན་གྱི་དོན། །སྒྲུབ་བྱེད་ཕྱོགས་ལས་རྣམ་རྒྱལ་གྱི། །སྤྱོད་པ་དེ་ཀུན་རྣམ་གསུམ་གྱིས། །གོང་མའི་ལམ་དང་ས་ཐོབ་ཤོག །ཏིང་འཛིན་ཆོ་གའི་དབྱེ་བ་ཡིས། །སྤྲོས་བཅས་སྤྲོས་མེད་སྤྱོད་པ་དང༌། །ཤིན་ཏུ་སྤྲོས་མེད་སྤྱོད་པ་ཡིས། །རིམ་བཞིན་མཐའ་རུ་ཕྱིན་པར་ཤོག །གཞན་ཡང་ལྟོ་བའི་སྤྲིན་སྒྲ་ལ། །སེམས་བཟུང་རླུང་གཉིས་ཐིམ་ལས་འབར། །ཧཾ་ཡིག་ཞུ་བས་དགའ་བཞི་ཐོབ། །སྡུད་བྱེད་ཏིང་འཛིན་སྒོམ་པར་ཤོག །རྡོ་རྗཻ་གསུམ་གྱི་ཡིག་འབྲུའི་གདངས། །དྷཱུ་ཏཱིར་ཡང་ཡང་བསྒྲགས་པ་ལས། །དགའ་བ་རྣམ་བཞིའི་རིམ་པ་ཡིས། །དཔེ་ཡི་འོད་གསལ་འཆར་བར་ཤོགལྟེ་བར་ཏིང་འཛིན་སེམས་པ་ཡི། །འོད་ཀྱིས་རྗེས་གཞིག་སྒོམ་པ་ལས། །འཇུག་ཅིང་ལྡང་བ་རྫོགས་རིམ་ཆེ། །རྣལ་འབྱོར་ཆེན་པོ་སྒོམ་པར་ཤོག །དེ་ཡིས་སྒྱུ་མའི་སྐུ་སྒྲུབ་ཅིང༌། དེ་ཡང་འོད་གསལ་བར་ཞུགས་ནས། །ཟུང་འཇུག་མངོན་གྱུར་གསང་སྔགས་ཀྱི། །སྤྱོད་པས་རྫོགས་འཚང་རྒྱ་བར་ཤོག །མི་ཤིགས་ཐིག་ལེར་རླུང་ཐིམ་པ། །ས་བོན་བཅས་པའི་བདག་བྱིན་རླབས། །ས་བོན་མེད་པར་རྡོར་ཟླས་ཏེ། །བདག་བྱིན་
རླབས་པའི་རིམ་སྒོམ་ཤོག །དབུ་མའི་མས་སྣར་ས་བོན་བཅས། །དབང་པོ་འཁོར་ལོ་སྣ་ཚོགས་པ། །ཡས་སྣར་ས་བོན་མེད་པ་སྟེ། །སྣ་ཚོགས་རྡོ་རྗེའི་རིམ་སྒོམ་ཤོག །སྒོམས་དང་དངོས་དང་རྒྱས་འདེབས་དང༌། །དེ་བས་བདེ་བ་ཆེར་འདྲེན་པ། །ཕྱག་རྒྱ་བཞི་ལས་འཁོར་ལོ་འགེངས། །ནོར་བུ་འགེངས་པའི་རིམ་ཐོབ་ཤོག །ཚངས་པའི་མེ་ནི་འབར་བ་ལས། །ཞི་བདེ་བླ་མེད་ཡང་དག་ཐོབ། །གཏུམ་མོ་རླུང་རྣམས་འཁོར་ལོར་བརྟན། །སྟེང་དུ་འབར་འཛིན་རིམ་ཐོབ་ཤོག །རྗེས་གཞིག་རིམ་པས་འཇུག་དང་ལྡང༌། །དཔེ་དོན་ཡེ་ཤེས་སྣང་ཕྱོགས་ལ། །མ་དག་དག་པའི་དབྱེ་བ་ཡིས། །བསམ་མི་ཁྱབ་རིམ་ཐོབ་པར་ཤོག །འདི་སྒྲུབ་ཐོགས་མེད་མཐུ་ལྡན་པ། །སུམ་སུ་རྩ་གཉིས་ཡུལ་མཆོག་གི །དཔའ་བོ་ལྷ་མོ་འཁོར་བཅས་ཀྱིས། །གཡེལ་མེད་རྟག་ཏུ་གྲོགས་མཛད་ཤོག །སྙིང་དབུས་འོད་གསལ་རྟག་ཤར་བས། །ཆོས་ཀུན་རང་སེམས་སྐྱེ་མེད་ཐོབ། །རྣམ་པར་མི་རྟོག་རྣམ་པ་ཀུན། །མཆོག་ལྡན་ཐུགས་ཀྱི་རྡོ་རྗེར་ཤོག །ཞུ་བའི་རེག་བདེས་ཡིད་རབ་བདེ། །དེ་ཡིས་སེམས་ཀྱི་རང་བཞིན་ཉིད། །བདེ་བ་མངོན་གྱུར་སྒྲིབ་ཀུན་སྤངས། །ཡེ་ཤེས་རྡོ་རྗེ་ཐོབ་པར་ཤོག །ནམ་མཁའ་ལས་བྱུང་ནམ་མཁའི་སྒྲ། །དོན་ཡང་ལྷུན་གྲུབ་སྟོང་པར་མཉམ། །ཆོས་ལ་ རྫོགས་པར་ལོངས་སྤྱོད་པ། །གསུང་གི་རྡོ་རྗེ་ཐོབ་པར་ཤོག །མཚན་དཔེས་སྤྲས་པ ་རླུང་སེམས་ཀྱི། །སྐུ་མཆོག་དབང་ཕྱུག་བརྒྱད་དང་ལྡན། །དངོས་པོ་ཀུན་ཁྱབ་གར་ཡང་ཕྱིན། །སྐུ་ཡི་རྡོ་རྗེ་
ཐོབ་པར་ཤོག །དེ་ལས་གཞན་ཡང་བདག་ཅག་རྣམས། །དམ་ཚིག་ཀུན་ལ་གུས་པར་གནས། །རིམ་པ་གཉིས་པོ་རྟག་ཏུ་སྒོམ། །རྡོ་རྗེའི་ཟླས་ལ་ཡང་དག་གནས། །སྔགས་དང་ནང་ལ་གཞོལ་བ་ཡིས། །ཚེ་འདིར་སངས་རྒྱས་འགྲུབ་པར་ཤོག །གལ་ཏེ་རང་གི་སྐྱོན་ཉིད་ཀྱིས། །ཚེ་འདིར་སངས་རྒྱས་མ་ཐོབ་ན། །བླ་མ་ལྷ་ཡི་ཐུགས་རྗེ་ཡིས། །འཕོ་ཚེ་དངོས་གྲུབ་ཐོབ་པར་ཤོག །དེ་ཚེ་ཁྲག་འཐུང་རྣལ་འབྱོར་མས། །མེ་ཏོག་རྒྱལ་མཚན་བ་དན་སོགས། །རོལ་མོ་གླུ་ཡི་སྦྱོར་བ་ཡིས། །མཁའ་སྤྱོད་གནས་སུ་འཁྲིད་པར་ཤོག །དེ་མ་ཐག་ཏུ་ཏིང་འཛིན་ཐོབ། །སྒྲིབ་སྤངས་ཡོན་ཏན་ཡང་དག་རྫོགས། །རིག་པ་འཛིན་པའི་ལུས་ཐོབ་ནས། །ས་རྣམས་མཐར་ཕྱིན་སངས་རྒྱས་ཤོག །ཤིན་ཏུ་སྐལ་བ་དམན་གྱུར་པས། །དེར་མ་གྲུབ་ན་སྐྱེ་བ་དང༌། །སྐྱེ་བར་ཆོས་ལྡན་རྒྱལ་པོར་གྱུར། །སྐྱེ་བ་བདུན་གྱི་ངེས་འགྲུབ་ཤོག །སྐྱེ་དང་སྐྱེ་བར་བློ་ལྡན་ཞིང༌། །རིགས་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མར་གུས། །བདེ་མཆོག་དམ་ཚིག་ལ་གནས་ཤོག །མགོ་བོར་བླ་མའི་ཅོད་པན་འཆང༌། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་སྒོམ་པར་ཤོག །བླ་མ་འཁོར་ལོ་བདེ་མཆོག་དང༌། །རྡོ་རྗེའི་ཐེག་དང་འབྲལ་མེད་ཤོག །རྡོ་རྗེ་སློབ་དཔོན་ཧེ་རུ་ཀའི། །ཞབས་པད་སྤྱི་བོར་གནས་པར་ཤོག །གང་ཚེ་རྗེ་བཙུན་ལྟ་བ་དང༌། །ཅུང་ཟད་དྲི་བར་འདོད་ན་ཡང༌། །མགོན་
པོ་སློབ་དཔོན་ཁྲག་འཐུང་མཆོག །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། སེམས་ཅན་ཀུན་དོན་སྒྲུབ་པའི་ཕྱིར། །འཁོར་ལོ་སྡོམ་པའི་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་དང༌། །བདེ་བ་ཅུང་ཟད་གང་ཡོད་པས། །འགྲོ་ཀུན་ཕན་བདེས་འབྱོར་བར་ཤོག །འགྲོ་རྣམས་མི་དགེ་སྡུག་བསྔལ་ཡང༌། །ཡིད་དུ་མི་འོང་ཅི་ཡོད་པ། །དེ་ཀུན་བདག་ལ་སྨིན་གྱུར་ནས། །སྡིག་སྡུག་ཀུན་དང་བྲལ་བར་ཤོག །བདག་ནི་མཐོང་ཐོས་དྲན་དང་རེག །དེ་རྣམས་བྱང་ཆུབ་མཆོག་ངེ་ཤོག ། གནོད་ཅིང་གདུག་པར་བྱེད་ཀུན་ཀྱང༌། །རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག ཁྱད་པར་འཁོར་ལོ་སྡོམ་པ་ལ། །མ་དད་བསོད་ནམས་དམན་པ་རྣམས། །སྣ་ཚོགས་ཐབས་ཀྱི་རབ་བཏུལ་ནས། །ལམ་འདིས་རྡོ་རྗེ་འཛིན་འགོད་ཤོག །མདོར་ན་སྐྱེ་བ་ཐམས་ཅད་དུ། །བླ་མ་མཆོག་གིས་རྗེས་བཟུང་ནས། །རིམ་གཉིས་སྡོམ་ཤིང་དངོས་གྲུབ་གཉིས། །ཐོབ་ནས་སེམས་ཅན་སྨིན་བྱེད་ཤོག ཁུ་རྡུལ་སྤྱི་བོར་ནོར་བུར་བརྟེན། །རྣམ་པ་ཀུན་ལྡན་མི་འགྱུར་བདེ། །སངས་རྒྱས་ཡེ་ཤེས་མངོན་གྱུར་ནས། །ཚེ་འདིར་སྐུ་གཉིས་འབྱོར་བར་ཤོག །རང་བཞིན་འོད་གསལ་རྣམ་ཤེས་འདས། །ཆོས་ཀུན་གོས་མེད་ཧེ་རུ་ཀ །མ་སྐྱེས་སངས་རྒྱས་སེམས་ཅན་བྲལ། །འདུ་མི་བྱེད་པ་རྟ་ཡི་རྒྱལ། །རྟག་ཆད་ལས་
གྲོལ་མཉམ་པ་ཉིད། །འགྱུར་མེད་ཡེ་ཤེས་གཟི་བརྗིད་རྒྱལ། །མི་འགྱུར་ཨ་ཡིག་མིང་དང་བྲལ། །མིང་ཐམས་ཅད་པ་གང་དབང་ཕྱུག །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་རང་བཞིན་རྟག་པའོ། ཁྱབ་བདག་ཀུན་མཁྱེན་སྒྱུ་མ་ནི། །བདེ་ཆེན་རྡོ་རྗེས་སེམས་འགྲུབ་ཤོག །དེ་ལྟར་སྨོན་ལམ་དེ་དག་ཀུན། །རྒྱལ་བ་རྣམས་ཀྱིས་འགྲུབ་པར་མཛོད། །འཁོར་ལོ་སྡོམ་པའི་ལམ་བཟང་འདི། །ཕྱོགས་དུས་ཀུན་ཏུ་དར་བར་ཤོག །ཅེས་པ་འདི་ནི་བྷཱུ་བ་རི་པའི་རྒྱུན་བཤགས་སོགས་འཕགས་ཡུལ་དང༌། ཕྱོགས་འདིའི་མཁས་གྲུབ་མང་པོའི་གསུང་རབ་ལ་བསྟེན། །གོ་བདེ་ཞིང་ཚིག་ཟོར་ཡང་བ་ལྷུར་བྱས་པ་སྟེ། དེ་ཡང་དཔལ་ལྡན་བླ་མ་དམ་པ་རྒྱ་བོད་ཀྱི་མཁས་པ་མང་པོའི་ཐུགས་རྗེ་ལ་བརྟེན་ནས། གསང་སྔགས་ངེས་དོན་གྱི་གནད་མང་པོ་གོ་ཞིང༌། རྒྱ་བོད་ཀྱི་མཁས་གྲུབ་དུ་མས་ལེགས་པར་གསུངས་པ་རྣམས་ཀྱང་མཐོང་ནས་ཏཱ་ར་ནཱ་ཐ་ཀུན་དགའ་སྙིང་པོས་རང་ལོ་ཉེར་གསུམ་པ་སྣྲོན་གྱི་ཡར་ངོའི་ཚེས་བརྒྱད་ལ་མགོ་བརྩམས་ནས་ཚེས་བཅུ་སྟེ་ཐུན་གསུམ་ལ་ཡོངས་སུ་སྦྱར་བའོ།། །།རྒྱུད་དོན་སྡོམ་གྱི་ཚུལ་དུ་ལེགས་སྦྱར་ནས། །བསྟོད་པ་འདི་ནི་ཏཱ་ར་ནཱ་ཐ་ཡིས། །རང་གི་རྟོག་པ་གླུ་རུ་བླངས་པ་སྟེ། །དཔྱོད་ལྡན་རྣམས་ཀྱིས་འདི་ལ་རྟོགས་པར་འོས། ཞེས་པ་ནི་འཁོར་ལོ་སྡོམ་པའི་བསྟོད་པས་རྟོགས་པ་བརྗོད་པའོ། །འདི་ནི་གྲུབ་པའི་སློབ་དཔོན་ནག་པོ་སྤྱོད་པའི་ལུགས་ཀྱི་རིམ་གཉིས་དང་གཙོ་བོར་བསྟུན་ནས་
སྦྱར་བ་ལས། གལ་ཏེ་ལཱུ་ཡི་པ་སོགས་ཀྱི་བསྟོད་པ་བྱ་འདོད་ན་ཞལ་ཕྱག་གི་སྐབས་དང༌། བསྐྱེད་རིམ་གྱི་སྨོན་ལམ་འདོན་པ་སྒྱུར་བས་ལྷག་མ་འདི་ཉིད་ཀྱིས་ཆོག་པར་བྱའོ།། །།ཡངྒ་ཡང་བཤད་པ་མངྒ་ལ་གི་སྟི་ཀུ་རུ། རྗེ་བཙུན་བདེ་དཀར་འཆང་བའི་རྣམ་འཕྲུལ་མགོན། སྨྲ་བའི་དབང་ཕྱུག་ཡོན་ཏན་བཟང་པོ་ཡིས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་ལྔ་བར། བསྟན་པ་སྤྱི་དང་ཁྱད་པར་ཇོ་ནང་བའི། བཤད་སྒྲུབ་སླར་གསོ་བྱ་བ་སྤེལ་བའི་ཆེད། འཇམ་མགོན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི། མི་ཟད་ཆོཨོས་སྦྱིན་དཔལ་ལྡན་འཛམ་ཐང་གི གཙང་བའི་ཆོས་གྲྭར་བསྐྲུན་པའི་དགེ་བ་ཡིས། མ་གྱུར་འགྲོ་ལ་གནས་སྐབས་བདེ་བ་དང་། མཐར་ཐུག་གཏན་བདེ་བླ་མེད་བྱང་ཆུབ་མཆོག མྱུར་དུ་ཐོག་པའི་དཔུང་གཉེན་དམ་པ་རུ། གཞི་དབྱིངས་མཆོག་གསུམ་དམ་པས་ཤིས་པ་སྩོལ། འདི་ཡང་པུཎྱེ་ཤྲཱིས་བྲིས་པ་དགེ། །།