Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

4 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]


  
  
  
  
 
་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་མན་ངག་གོ་དོན་དང་བཅས་པ་མདོ་ཙམ་གྱི་ཡི་གེ་བདེ་ཆེན་རོལ་པ།
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  


4 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]

 
previous་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་མན་ངག་གོ་དོན་དང་བཅས་པ་མདོ་ཙམ་གྱི་ཡི་གེ་བདེ་ཆེན་རོལ་པ།next

་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་མན་ངག་གོ་དོན་དང་བཅས་པ་མདོ་ཙམ་གྱི་ཡི་གེ་བདེ་ཆེན་རོལ་པ།


TNT12_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་མན་ངག་གོ་དོན་དང་བཅས་པ་མདོ་ཙམ་གྱི་ཡི་གེ་བདེ་ཆེན་རོལ་པ་ཞེས་བྱ་བ་བཞུགས།


TNT12_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སྭ་སྟི་བྷ་བཱནྟུ། ན་མོ་བཛྲ་ཡོ་གི་ནཱི་ནཱཾ། འབུམ་ཕྲག་འཆར་ཀའི་འོད་འཆང་འཁྲིལ་ལྡེམ་སྐུ། །རབ་ཆགས་བདེ་བས་མྱོས་པའི་འཇོ་སྒེག་ཅན། །མི་ཕྱེད་སྔགས་ཀྱི་དེ་ཉིད་རྟག་འཆར་བ། །རྡོ་རྗེ་བཙུན་མོས་བདག་ལ་ཐུགས་བརྩེར་མཛོད། །ཞབས་སེན་སྣར་མའི་མཛའ་བོའི་འོད་རིས་དག །སྲིད་གསུམ་བདེ་བྱེད་ས་འཛིན་རྩེར་བཀོད་ལས། །ཡོན་ཏན་གེ་སར་རྡུལ་གྱིས་ཡོངས་བརྡལ་བས། །ཕྱོགས་ཀུན་ཀུ་མུད་ནགས་ཚལ་སྐལ་བཟང་གྱུར། །གང་གི་བཀའ་དྲིན་ཀུན་དགའི་དགའ་སྟོན་ལ། །བརྩེ་དགར་རོལ་ལས་བདེ་ཆེན་མཛའ་མོ་ཡིས། །རྣམ་ཀུན་རྩེ་འཇོས་ཡིད་དགའ་ཐོབ་འདི་མཚར། །དེ་ཕྱིར་འདི་ནི་བླ་མ་དམ་པའི་ལུང༌། །གང་དག་ཕྱོགས་སུ་ལྷུང་བའི་བློ། །ལེགས་པའི་ཚུལ་ལ་དཔྱོད་མེད་དེ། །རྟ་གདོང་བདག་པོའི་འོད་གསལ་བ། །སྦྱིན་སྐྱེས་རྣམས་ལ་མུན་པ་ཉིད། །སྨྲ་མང་ཡི་གེ་གདམས་པས་དམན། །རྙེད་པའི་ལྕགས་ཀྱུ་ཡ་མཚན་རྨད། །གཞན་དུ་མི་དབང་ཚིག་གཅིག་གིས། །གྲོང་ཁྱེར་ཡུལ་འཁོར་བཅས་མངའ་བདག །


TNT12_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་རྣམས་ཀྱི་ཞལ་ལུང་སྟེ། དེ་ཡང་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་ངེས་གསང་མཆོག་ལས་བརྩམས་ཏེ། ཚེ་གཅིག་ཁོ་ནས་རྡོ་རྗེ་སེམས་དཔའ་ཉིད་དུ་བྱེད་པ་སྟེ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁོ་ན་ལ་བརྟེན་ནས་རིམ་པ་གཉིས་བསྒོམ་པར་བྱ་བ་ལས། དང་པོ་བསྐྱེད་པའི་རིམ་པ་ནི་འདིར་བཤད་པར་བྱ་ལ། ཕྱི་མ་རྫོགས་པའི་རིམ་པ་ནི་རེ་ཞིག་གཞན་དུ་ཤེས་སོ། །དེ་ཡང་དཔལ་རྡོ་རྗེ་འཆང་ཧེ་རུ་ཀ་ཡབ་ཡུམ་གྱི་དཀྱིལ་འཁོར་རབ་འབྱམས་ལས་གྲུབ་ཆེན་ནཱ་རོ་པས་དངོས་སུ་བརྙེད་པ་སྟེ། དེ་ལ་འདིར་སྔོན་འགྲོ་དང༌། དངོས་གཞིའི་ཉམས་ལེན་གཉིས་ལས། དང་པོ་ལ། སྐྱབས་སེམས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་སྤྱི་དང་མཐུན་པ་ཉིད་དོ། །དེ་ལ་ཡང་ཐོག་མར་རེ་རེ་ལ་རྟགས་ཐོན་ཐོན་སྦྱོང་ཞིང༌། དེ་དག་ཏུ་ཅུང་ཟད་སྤྲོས་པ་ལ་དགའ་བའི་རིགས་ཡིན་ན། ཕྱག་དང་བསྐོར་པ་སཱ་ཙ་གདབ་པ་སོགས་བསགས་སྦྱང་སྤྲོས་པ་མང་དུ་བྱ་ལ། བསྡུས་པ་ལ་དགའ་བའི་རིགས་ནི་བླ་མའི་མོས་གུས་ཀྱིས་བསྐུལ་བའི་དམིགས་པ་སོ་སོ་ཉིད་འབད་དེ་བྱ་བ་ཁོ་ནས་དོན་ཚང་བ་ཡིན་ནོ། །ཕྱིས་ནི་ཐུན་གྱི་ཐོག་མར་ཅི་རིགས་བསྒོམས་པས་འགྲུབ་བོ། །དེ་དག་ཀྱང་རེ་རེ་ཁོ་ན་དང༌། གཉིས་ལྡན་དང༌། གསུམ་ལྡན་དང༌། བཞི་ལྡན་སོགས་རང་རང་གི་བློ་དང་འཚམ་པར་ཅི་རིགས་རིགས་སུ་བསྒོམ་པ་སྟེ། འཁྲིད་ཀྱི་སྔོན་འགྲོའོ། །དེ་ནས་དངོས་གཞིའི་ཉམས་ལེན་ལ་རྣལ་འབྱོར་བཅུ་གཅིག་ཡོད་པ། བསྡུ་


TNT12_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐུན་གྱི་སྔོན་འགྲོ་རྣལ་འབྱོར་དངོས་གཞི། རྗེས་ཐུན་མཚམས་ཏེ་གསུམ་ལས། དང་པོ་ལ། སྤྲོས་པ་ལ་མོས་ན། བར་ཆད་ཞི་བའི་ཕྱིར་སྔོན་འགྲོ་གཏོར་མ། རྟེན་བྱིན་རླབས། རང་ལྷར་བསྒོམས་པས་བདག་བསྲུང། གོ་ཆ་དགོད་པས་རྣལ་འབྱོར་བསྲུང་བ། ཚམས་རྔམ་གྱིས་གནས་བསྲུང་བ། ཞིང་སྦྱོང་ཞིང་ལྷ་མཉེས་པའི་ཕྱིར་གནས་དང་ཡོ་བྱད་བྱིན་རླབས་རྣམས་ཀྱང༌། གཞུང་བཞིན་ཐུན་ཐམས་ཅད་དམ་ཐོག་མ་ལྟ་བུ་གཅིག་ལ་བྱ། མི་སྤྲོ་ན་དེ་དག་བསྙེན་པ་སོགས་རྣལ་འབྱོར་བསྒོམ་པའི་སྐབས་མི་དགོས་ཤིང༌། བསྒྲུབ་མཆོད་སོགས་ལ་ནི་ངེས་པར་བྱ་བ་ཡིན་ནོ། །འདིར་ངེས་པར་སྦྱར་བ་ནི་ལྡང་བའི་རྣལ་འབྱོར་གྱིས་ལངས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ་ལས་འབྲས་མི་བསླུ་བ། ཅིས་ཀྱང་དགོས་མེད་རྣམས་བློ་འགྱུར་བ་ཐོན་ངེས་རེ་བྱ། དེ་ནས་སྐྱབས་འགྲོ་སྤྱི་དང་མཐུན་པར་བསྒོམ། དེ་རྗེས་དམ་རྫས་བྱིན་གྱིས་བརླབས་ནས། བདུད་རྩི་མྱང་བས་སྙིང་གའི་བཾ་ཡིག་ལ་མཆོད་པར་མོས་ཤིང༌། རང་གི་ལུས་འོད་ལྟར་དྭངས་པ་དང་བདེ་བས་ཚིམས་པར་བསམ། འབྲུ་གསུམ་དག་ཏུ་བརྗོད། འདི་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པ་ཀུན་རྫོབ་བྱང་སེམས་ཀུནྡ་བདེ་ཆེན་གྱི་སེམས་བསྐྱེད་པའོ། །དེ་རྗེས་སུ་ཚད་མེད་ཀྱི་རྣལ་འབྱོར་ནི། ཚད་མེད་བཞི་ཡང་བྱང་ཆུབ་ཀྱི་སེམས་སུ་འདུས་པ་ཡིན་པས། མདོ་སྔགས་ཐུན་མོང་གི་སེམས་བསྐྱེད་པ་གསལ་འདེབས་པ་ཉིད་ཡིན་ལ།


TNT12_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡན་ལག་ཏུ་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམས་ཀྱང་རུང་ངོ༌། །སྤྲོ་ན་ཡིག་བརྒྱའི་རྣལ་འབྱོར་སྤྱི་དང་མཐུན་པ་ཞིག་བར་འདིར་བྱེད་པའི་སྲོལ་ཡོད་པ་ལྟར་བྱར་རུང་ལ། ངེས་པར་དགོས་པའི་ཆོ་ག་ནི་མ་ཡིན་ནོ། །དེ་ནས་བླ་མའི་རྣལ་འབྱོར་སྐབས། རྡོ་རྗེ་ཆོས་ནི་གསུང་རྡོ་རྗེ་ཡིན་ལ། བླ་མའི་སྐུ་དྲིན་ཡང་གཙོ་བོར་གསུང་གི་སྒོ་ནས་ཐོབ་པའི་རྒྱུ་མཚན་གྱིས་བླ་མ་རྡོ་རྗེ་ཆོས་སུ་སྒོམ་པ་མན་ངག་ཡིན་ཅིང༌། སྐུ་མདོག་དམར་པོས་སེམས་ཅན་ལ་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པ་མཚོན། ཌ་མ་རུའི་སྒྲས་གྲག་སྟོང་བདེ་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། ཐོད་པས་མི་འགྱུར་བའི་བདེ་བ་ཆེན་པོ། ཁ་ཊྭཱཾ་འདིར་ཡུམ་མཚོན་ཅིང༌། དེའི་དོན་ལ་བདེ་སྟོང་དབྱེར་མེད་ཐབས་ཤེས་ངོ་བོ་གཅིག་པའི་ཟུང་འཇུག་ཏུ་མཚོན་པ། ཐུགས་བདེ་སྟོང་གི་སྣང་ཆ་རྡོ་རྗེ་ཆོས་ཀྱི་རྣམ་པར་ཤར་བ་ནི། སྐུ་དང་ཡེ་ཤེས་ཟུང་འཇུག་སྟེ་དེ་མཚོན་བྱེད་དོ། །དེའི་སྐུ་དགེ་འདུན། གསུང་ཆོས། ཐུགས་སངས་རྒྱས་ཏེ། དེ་ཡང་མཐར་ཐུག་གི་སྐྱབས་གསུམ་ངོ་བོ་གཅིག་པའི་གནད་ཀྱིས་ཡིན་ནོ། །དེ་ལྟར་ཡང༌། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་སོ། །དེ་ལ་གསོལ་བ་བཏབ་པས་རང་ལ་ཐིམ་པ་ཡན་ཆད་བླ་མའི་རྣལ་འབྱོར་ཏེ། དེ་ལྟར་ན། སྐྱབས་འགྲོ། ཚད་མེད། རྡོར་སེམས་ཀྱི་རྣལ་འབྱོར་རྣམས་སྤྱི་དང་ཐུན་མོང་ཡིན་ལ། བདུད་རྩི་མྱང་བ་དང་བླ་མའི་རྣལ་འབྱོར་ནི་ཐུན་མོང་མ་ཡིན་པ་སྟེ།


TNT12_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྱི་སྔོན་འགྲོའོ། །དངོས་གཞི་ལ། བསྐྱེད་རིམ་དང་བཟླས་པ་གཉིས་ལས། དང་པོ་ལ་གསུམ་སྟེ། མངོན་རྟོགས་དངོས་གཞི་ཇི་ལྟར་བསྒོམ་པའི་རིམ་པ་དང༌། འདི་ཁོ་ནར་བསྐྱེད་རིམ་གྱི་ཡན་ལག་རྣམས་དང་ལམ་ཐམས་ཅད་ཚང་བར་རྩི་བ་དང༌། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ལ། གང་འཚང་རྒྱ་བའི་རང་བཞིན། གང་དུ་འཚང་རྒྱ་བའི་ཞིང༌། ཇི་ལྟར་འཚང་རྒྱ་བའི་ཚུལ། སངས་རྒྱས་པའི་མཛད་པ་བསྒོམ་པ་སྟེ་བཞི་ལས། དང་པོ་ནི། འཆི་བ་ཆོས་སྐུ་ལམ་དུ་འཁྱེར་བ་ཡིན་ཏེ། དེ་ཡང་བླ་མའི་བྱིན་རླབས་ཀྱི་རྐྱེན་ངེས་སད་པ་ལས། རྣམ་པར་མི་རྟོག་པ་ཅུང་ཟད་གཅིག་སྒོམ་པར་བྱ་ལ། དེ་ནི་གོང་དུ་ཚད་མེད་ཀྱི་སྙིང་རྗེ་ཆེན་པོ་དང༌། བླ་མའི་རྣལ་འབྱོར་གྱི་མོས་གུས་བྱིན་རླབས་དང༌། བདུད་རྩི་མྱང་བའི་བདེ་བ་རྣམས། སྐབས་འདིར་མི་རྟོག་པའི་སྟོང་ཉིད་དང་རོ་གཅིག་ཏུ་བསྲེས་པ་ལ་མཉམ་པར་འཇོག་པའི་དོན་ཏེ། རང་བཞིན་བདེ་སྟོང་ཟུང་འཇུག་སྙིང་རྗེ་དང་བྱིན་རླབས་ཀྱི་ཐབས་ལས་མངོན་དུ་གྱུར་པ་མཐར་ཐུག་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བསྙད་པ་ཡིན་ཅིང༌། འདིས་འཆི་སྲིད་སྦྱོང་ཞིང༌། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་འདེབས་པ་དང༌། ལམ་གོང་མ་རྫོགས་རིམ་བསྒོམས་པ་ན། དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིངས་པ་ཡིན་ནོ། །འདི་ཁོ་ནར་མ་ཟད། བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ། དག་རྫོགས་སྨིན་གསུམ་ཚང་བ་ཞིག་


TNT12_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། མར་འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྦྱོང་ཞིང་དག་པར་བྱེད་པ་དང༌། ཡར་སངས་རྒྱས་ཀྱི་བཞུགས་ཚུལ་དང་མཐུན་པས་འབྲས་བུ་རྫོགས་བྱེད་དང༌། བར་དུ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་གཅིག་རྣམས་ཚང་དགོས་སོ། །གཉིས་པ་ནི། སྙིང་གར་ཆོས་འབྱུང་གསལ་གདབ་པའི་སྐབས་ཡིན་ཏེ། གཞི་དུས་ཀྱི་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་འགྲུབ་པའི་བག་ཆགས་སྦྱོང༌། འབྲས་བུའི་དུས་གང་དུ་འཚང་རྒྱ་བའི་ཞིང་རྣམ་པར་དག་པའི་ཐབས་ཏེ། ཆོས་འབྱུང་འོག་མ་སྤྱིར་སྣོད་ཀྱི་འཇིག་རྟེན་དང༌། གོང་མས་མངལ་སྐྱེས་ཀྱི་མངལ་དང༌། སྒོང་སྐྱེས་ཀྱི་སྒོ་ངའི་ཁྱིམ་དང༌། སྐྱེ་གནས་གཞན་གཉིས་ཀྱི་གནས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །ཆོས་འབྱུང་འོག་མ་ནི་སྟོང་པ་ཉིད། གོང་མ་ནི་སྟོང་པ་དེའི་རང་གདངས་སྙིང་རྗེ། ཕྱི་དཀར་ལ་ནང་དམར་བ་བདེ་བ་ཆེན་པོ། བསྣོལ་མར་གནས་པ་ནི་བདེ་བ་སྟོང་པ་སྙིང་རྗེ་གསུམ་མིང་དང་ལྡོག་པའི་ཆས་ཕྱེ་བ་མ་གཏོགས། ངོ་བོ་སེམས་དང་ཡེ་ཤེས་སུ་གཅིག་པུ་གཉིས་མེད་པར་མཚོན་ཏེ། ཆོས་འབྱུང་དེ་གཉིས་ཀའང་གདེངས་ཀ་ཟུར་གསུམ་གྱེན་བསྟན་པ། རྩ་བ་ཕྲ་ཟུར་གཅིག་པ་ཐུར་དུ་བསྟན་པ་སྟེ། སྤྱིར་ཟུར་བཞི་པ་ཡིན་ལ། ཕྱོགས་གང་ནས་བལྟས་ཀྱང་ཟུར་གསུམ་མོ། །དེ་ཡང་གསང་འདུས་རྒྱུད་ཕྱི་མ་ལས། ལོངས་སྤྱོད་བཞི་དང་ཡང་དག་ལྡན། །རིག་མའི་སྐྱེས་བུ་རྡོ་རྗེ་ཅན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །


TNT12_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་དུ་ནི་རྣམ་པར་སྒོམ། །ཞེས་པས། ཟུར་གསུམ་འོག་མས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་གསུམ་དང༌། གོང་མས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ་དང་དམིགས་པ་མེད་པའི་སྙིང་རྗེ་གསུམ་མཚོན་ནོ། །ཟུར་གསུམ་མཚན་པ་གཉིས་ཀྱང་སྐུ་གསུང་ཐུགས་གསུམ་དང༌། ལུས་ངག་ཡིད་གསུམ་མཚོན་ཏེ། དེ་ལ་ཟུར་འོག་མས་ནི་གསུམ་ཀ་ལ་ཁྱབ་པའི་རྣམ་པར་ཐར་པའི་སྒོ་འདུས་མ་བྱས་དང༌། བདེ་ཆེན་ཀྱི་སྙིང་རྗེ་དང༌། གཞི་དུས་ཀྱི་འགྱུར་བདེ་ལམ་དུས་དང༌། འབྲས་དུས་ཀྱི་ཡེ་ཤེས་རྡོ་རྗེ་ཚོན་པ་སྟེ། ལོངས་སྤྱོད་བཞི་སོགས་ཀྱི་དོན་ནོ། །སྟོང་པ་ཉིད་ཤེས་རབ་ཀྱི་ངོ་བོ་ཡིན་པ་དང༌། གྲུ་གསུམ་གྱི་རྣམ་པས་བདེ་ཆེན་འདྲེན་བྱེད་གསང་བའི་བྷ་ག་མཚོན་པས་རིག་མའི་སྐྱེས་བུ་ཞེས་ཆོས་འབྱུང་ལ་བཏགས་པའོ། །དེ་ལ་རྣམ་པར་ཐར་པ་གསུམ་ནི། ཇི་སྐད་དུ། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་ཀུན་དང་བྲལ་ཕྱིར་དངོས་རྣམས་ཀུན། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་གསུངས་པ་ལྟར་ཏེ། འདི་ལ་བཤད་ལུགས་མང་ནའང༌། འདིར་དངོས་པོ་གང་ལ་ཡང་ངོ་བོར་རང་བཞིན་མི་དམིགས་པ་ནི་སྟོང་ཉིད་དང༌། རྒྱུ་རྐྱེན་གྱི་འཆར་སྒོ་མ་འགགས་བཞིན་དུ་རྒྱུ་རྐྱེན་རང་བཞིན་མ་དམིགས་པའི་སྐྱེ་མེད་ནི་མཚན་མ་མེད་པ་དང༌། འབྲས་བུ་རང་བཞིན་མི་དམིགས་པས་དེ་ལ་རྣམ་རྟོག་མེད་པ་ནི་སྨོན་མེད་དེ། སྙིང་རྗེ་གསུམ་


TNT12_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ངོས་འཛིན་མི་འདྲ་བ་བཤད་ཁུངས་དང་ལྡན་པ་མང་མོད་ཀྱི། འདིར་ན་རེ་ཞིག་སྤྱི་སྐད་དང་མཐུན་པར་བྱ་སྟེ། སེམས་ཅན་རྣམས་སྡུག་བསྔལ་བ་ལས་སྒྲོལ་འདོད་པ་ནི་སེམས་ཅན་ལ་དམིགས་པ། སེམས་ཅན་རྣམས་ཕྲ་བའི་མི་རྟག་པ་སྐད་ཅིག་གིས་སྐྱེ་འཇིག་ཅན་ལས་སྐྱོབ་པར་སེམས་དཔའ་ནི་ཆོས་ལ་དམིགས་པ། སེམས་ཅན་མ་དམིགས་བཞིན་དུ་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་བརྩེ་བ་མི་རྟོག་པའི་རང་བཞིན་དུ་ཤར་བ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། ཕྱི་མ་འདི་དངོས་ནི་སོ་སོ་སྐྱེ་བོ་ལ་མེད་མོད། ཕྱོགས་མཐུན་ནི་ཕུང་སོགས་འཁྲུལ་བའི་སྣང་བ་འདི་ཡེ་ནས། གྲུབ་རྒྱུ་མེད་པ་བརྗོད་བྲལ་དུ་འདུག་པ་ལ། དེར་མ་རྟོགས་པ་ལ་སྙིང་རྗེར་ཤར་བའི་གདངས་མ་འགགས་ཤིང༌། དེ་ལ་བདེན་འཛིན་མངོན་གྱུར་གྱི་བདག་པོས་མ་བཅོས་པ་ཞིག་འབྱུང་བའོ། །དེ་ལྟར་ན་གྲུབ་པའི་དོན་སྟོང་པའི་སེམས་ལས་སྐྱེ་སྲིད་ལེན་པའི་སེམས་སོགས་འབྱུང་ཞིང་སྐྱེ་བ་ལེན་པ་སོགས་འཁོར་བའི་འཁོར་ལོ་བསྐོར་བ་དང༌། ཇི་སྐད་དུ། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་པ་ལྟར། འོག་ནས་འབྱུང་བའི་ལྷ་བསྐྱེད་པ་སོགས་ཐམས་ཅད་སྟོང་པའི་རང་བཞིན་གྱི་གདངས་དེ་ཁོ་ན་ལས་འབྱུང་བ་ཞིག་དགོས་ཏེ། སྟོང་པ་ལས་ལྷ་སྐུ་འབྱུང་བ་མཚོན་ནོ། །གཞན་ཡང་ཆོས་འབྱུང་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཞིང་ཁམས་རྣམ་པར་དག་པའི་རང་བཞིན་དང༌།


TNT12_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མཚོན་པ་ཡིན་ཅིང༌། ཆོས་འབྱུང་འོག་མ་བདེ་སྐྱོང་འཁོར་ལོ་དང༌། སྟེང་མ་སྤྲུལ་པའི་འཁོར་ལོ་དང༌། ཟླ་བ་ཆོས་འཁོར་དང༌། བཾ་ཡིག་ལོངས་སྤྱོད་འཁོར་ལོ་དང༌། ཡི་གེ་སོ་གཉིས་བདེ་ཆེན་འཁོར་ལོ་མཚོན་པས། རྫོགས་རིམ་སྐབས་རྩ་འཁོར་དེ་རྣམས་གྲོལ་ཞིང་དག་པ་དང༌། འོད་ཟེར་སྤྲོ་བསྡུ་དང་འོད་ཀྱི་གོང་བུས་འབར་འཛག་དང༌། དགའ་འཁྱིལ་བཞི་ནི་ཐིག་ལེ་བཞི་དང་འབྱུང་བཞིའི་རླུང༌། ལག་བཅུ་དྲུག་ནི་ཐིག་ལེ་འཕོ་བ་བཅུ་དྲུག་སྟེ། དེ་རྣམས་བྱིན་གྱིས་བརླབས་པའི་རྫོགས་རིམ་གྱི་སྐབས་མི་འགྱུར་བའི་ཐིག་ལེ་ཐོབ་པ་ཡིན་ནོ། །གསུམ་པ་ནི། ཆོས་འབྱུང་དེར་ཟླ་བ་སྒོམ་པ་ནས་གོ་ཆ་མ་བཀོད་པར་ཏེ། དེ་ལ་ཟླ་བ་ནི་ཕའི་ཁུ་བ། བཾ་ཡིག་ནི་བར་དོའི་སེམས་ཉིད། སྔགས་འཕྲེང་མའི་རྡུལ། དེ་གསུམ་འཛོམ་པ་ཡིན་ནི། ཇི་སྐད་དུ། དེ་རྗེས་ཁུ་ཁྲག་ཞུ་ཐིག་ལེ། །འདྲེས་པ་རུ་ནི་གྱུར་པ་ན། །ཀུན་གཞི་ལས་ནི་རྣམ་ཤེས་སྐྱེ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་སོ། །དེ་ལ་ཟླ་བ་ལ་བཾ་ཡིག་བཀོད་པའི་རྗེས་སུ་ཡི་གེ་སོ་གཉིས་གསལ་བཏབ་ན། ཕའི་ཁམས་དཀར་པོ་བར་དོ་ཞུགས་ཟིན་པ་དེ་མངལ་དུ་འཇུག་པ་མཚོན་ཅིང༌། ཟླ་བ་སྔགས་འཕྲེང་སྔོན་ལ་བསྐྱེད་ནས། བཾ་ཡིག་ཕྱིས་བསྒོམས་ན། མངལ་དུ་དཀར་དམར་ཚོགས་ཟིན་པ་ལ་བར་སྲིད་འཇུག་པ་སྤྱོད་པ་དང༌། དུས་མཉམ་དུ་བསྐྱེད་པ་ལྟར་ན། གསུམ་ཚོགས་པ་ཙམ་ལ་བར་དོའི་ལུས་མ་འགག་པའི་སྐབས་དང་སྦྱོར་རོ། །དེ་ནས་དེ་གསུམ་


TNT12_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་དང༌། འོད་འཕྲོས་པ་ན་རླུང་བཅུ་སོགས་རིམ་པས་གྲུབ་པ། སྡིག་སྒྲིབ་སྦྱངས་པ་ནི་ཡན་ལག་རྫོགས་པར་འགྲུབ་པའི་འགལ་རྐྱེན་སྤངས་པ་ཡིན་ལ། འདི་ཉིད་ཀྱི་ལུགས་སྲོལ་འགའ་ཞིག་ལས། འོད་ཟེར་ཕྱི་རོལ་ཏུ་ཡང་སྤྲོ་བསྡུ་བྱེད་པའི་མན་ངག་ཡོད་པའང་མི་ལེགས་པ་མ་ཡིན་ནོ། །ཚུར་འདུས་ཐིམ་པ་ནི། ཕུང་ཁམས་སྐྱེ་མཆེད་རིམ་པས་གྲུབ་པ། སྐུ་ཡོངས་སུ་རྫོགས་པ་ནི་དབང་པོ་རྣམས་རྫོགས་ནས་བཙས་པ། དེ་ཡང་ཟླ་བ་སྔགས་འཕྲེང་བཾ་ཡིག་དུས་གཅིག་ལ་བསྐྱེད་ནས་རིམ་པས་གསལ་གདབ་པ་འདི་བར་དོ་ལོངས་སྤྱོད་རྫོགས་སྐུ་ལམ་འཁྱེར་ཏེ། དེ་ཡང་གཞི་དུས་འཆི་བ་འོད་གསལ་ལས་ལྡང་བ་དང་བར་དོ་འགྲུབ་པ་དུས་མཉམ། བར་དོ་འགག་པ་དང་སྐྱེ་སྲིད་འགྲུབ་པ་དུས་མཉམ་པ་ཡིན་པ་དེ་སྦྱོང་ཞིང༌། རྫོགས་རིམ་སྐབས་འོད་གསལ་དག་པའི་ལྷར་ལྡང་བའི་སྨིན་བྱེད་དུ་འགྲོ་ལ། འབྲས་དུས་ཆོས་སྐུ་ལས་ལོངས་སྐུར་བཞེངས་པའི་རྟེན་འབྲེལ་དུ་འགྱུར་རོ། །ཟླ་བ་ས་བོན་སྔགས་འཕྲེང་བཅས་གཅིག་ཏུ་འདྲེས་པ་ཕན་ཆད་སྐྱེ་བ་སྤྲུལ་སྐུ་ལམ་འཁྱེར་ཡིན་ནོ། །བསྐྱེད་ཟིན་ནས་ཀྱང་ཆོས་འབྱུང་ཟླ་བ་བཾ་ཡིག་སྔགས་རྣམས་སྔར་ལྟར་བསྒོམ་དགོས་ཤིང༌། སྔགས་རྣམས་ནི་མགོ་གྱེན་བསྟན་བཾ་ཡིག་ལ་ཁ་མངོན་དུ་ཕྱོགས་པའོ། །དེ་ཡང་ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང༌། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །ཞེས་པ་ལྟར། འདིར་ཡང་མའི་རཀྟ་གསུང་གི་ཆོས་


TNT12_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སྔགས་སུ་བཀོད་པ་དང༌། བཾ་གྱི་སྲོག་ལ་ཡང་ཨ་ཡིག་གི་དོན་ཚང་ངོ༌། །སྐྱེ་གནས་གཞན་གྱི་ཚུལ་ལའང༌། ཟླ་བ་སྔགས་འཕྲེང་དང་འོད་ཀྱི་གོང་བུ་སྒོང་སྐྱེས་ཀྱི་ཁུ་བཅུད་དང་སེམས་འདྲེས་པ་སྦྱོང་ཞེས་བླ་མ་དག་གསུང་ལ། དོན་ནི་གཞན་རྣམས་མངའ་སྐྱེས་དང་འདྲ་བ་ལས། འོད་ཀྱི་གོང་བུས་སྒོང་ལས་སྐྱེས་པའི་བག་ཆགས་སྦྱོང་བ་ཡིན་ལ། ཟླ་བ་དང་སྔགས་འཕྲེང་ནི་དྲོད་གཤེར་སྐྱེས་ལ་གཤེར་དང་དྲོད་གཉིས་དང༌། རྫུས་སྐྱེས་ལ། གནས་ལུས་ལ་སྲེད་པ་དང་ལེན་པའི་མཐུ་གསོས་བཏབ་པ་མཚོན་ཅིང་སྦྱོང་བ་ཡིན་ནོ། །རྫོགས་རིམ་སྐབས་ཀྱང་ཁམས་དཀར་དམར་འདུ་འཕྲོད་ལས་བདེ་ཆེན་གྱི་ལྷ་བསྐྱེད་པ་དང༌། འབྲས་བུ་ལོངས་སྐུས་སྤྲུལ་པ་རགས་པའི་སྐུ་འཛིན་པའི་ཚུལ་སྟོན་པ་དང་འདྲའོ། །སྐབས་འདིར་སྐུའི་རྣམ་པའི་མཚོན་དོན་རྣམས་ཀྱང་ཤེས་དགོས་ཏེ། འོག་ཏུ་འཆད་པ་ལྟར་རོ། །བཞི་པ་ནི། གོ་ཆ་འཆིང་བ། ཡེ་ཤེས་པ་དགུག་གཞུགའགྲོ་བ་དག་པ་རྣམས་ཏེ། དེ་ལ་གོ་ཆ་བཅིངས་པས་ཕུང་ཁམས་བྱིན་གྱིས་བརླབ་ཅིང༌། གོ་ཆའི་ཧཾ་ཡོཾ་ནི། སྙིང་ཁའི་བཾ་ཡིག་གི་གོང་ཙམ་དུ་བསྒོམ་པ་ཡིན་ལ། ཕཊ་ནི་ཚིགས་ཆེན་ལ་བསྐོང་བའི་འོད་ཀྱིས་ལུས་ཀྱི་ཕྱི་ཐམས་ཅད་དགང་བར་བསྒོམ་མོ། །འདི་རྣམས་བསྒོམས་པས་བགེགས་དང་བར་ཆད་ཀྱིས་མི་ཚུགས་ཤིང༌། རྫོགས་རིམ་གྱི་སྐབས་འཁོར་ལོ་ལྔ་དང༌། ཚིགས་ཀྱི་འཁོར་ལོ་ཀུན་གྱི་རླུང་དང་ཐིག་ལེ་ལ་དབང་ཐོབ་པས་དབུ་མར་ཐིམ་པར་བྱེད་པའི་རྟེན་


TNT12_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་འགྱུར་ལ། འཚང་རྒྱ་བའི་ཚེ་རིགས་དྲུག་གི་དཀྱིལ་འཁོར་མངོན་དུ་འགྱུར་བའི་རྒྱུའོ། །ཡེ་ཤེས་པ་བསྟིམ་པའི་གནས་སྐབས་སུ། དམ་ཡེ་མཆོག་དམན་ཐ་དད་དུ་འཛིན་པ་སྤོང་ཞིང༌། ཡེ་ཤེས་པ་དེར་རང་སེམས་སུ་ཤེས་ཤིང༌། རྫོགས་རིམ་སྐབས་དཔེའི་འོད་གསལ་གྱི་ཐབས་ཀྱིས་དོན་གྱི་ཡེ་ཤེས་མཚོན་པའི་རྒྱུ་དང༌། འབྲས་བུ་སངས་རྒྱས་པའི་ཚེ་ཐམས་ཅད་ཡེ་ཤེས་གཅིག་ཏུ་འགྱུར་པའི་རྟེན་འབྲེལ་བསྒྲིགས་པའོ། །འགྲོ་བ་དག་པ་ནི། སྙིང་གའི་འོད་ཀྱིས་ཕོག་པས་ཕྱི་ནང་གི་འཇིག་རྟེན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་བསྒོམ་པ་སྟེ། ཞིང་སྦྱོང་བ་དང་འགྲོ་བ་སྨིན་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་གསུམ་ལ། གཞི་དུས་སུ་ཡང་གོ་ཆ་བཀོད་པས་སྐྱེ་མཆེད་དང་སྒོ་གསུམ་གྱི་ནུས་པ་མཐར་གྱིས་ཡོངས་སུ་རྫོགས་པ་དང༌། དམ་ཡེ་བསྲེས་པས་འགྲོ་བ་རིས་མཐུན་སྔ་མ་རྣམས་དང་སེམས་དང་དྲན་པ་དང་བློ་གྲོས་ཀྱི་ནུས་པ་མཉམ་པ་དང༌། ལོ་བཅུ་གཉིས་སམ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པ་མཚོན་ཏེ། ཡོ་ག་ཤུདྡྷོའྀ་སྔགས་ཀྱིས་ང་རྒྱལ་འཛིན་པའི་སྐབས་འཁྱུད་རྒྱ་བྱེད་པའི་གནད་ཀྱང་དེ་ཡིན་ནོ། །འགྲོ་བ་དག་པས་ནི། རང་རང་གི་ལས་ཀྱི་བྱ་བ་ལ་གནས་པ་དང་མཚུངས་སོ། ཁ་ཅིག་རིགས་བདག་རང་ཆས་དང༌། ཁ་ཅིག་རིགས་བདག་གི་དོད་དུ་རྡོ་རྗེ་ཕྱེད་པ་བྱེད་དོ། །འོན་ཀྱང་འདིར་དབང་བསྐུར་རྒྱས་བཏབ་སྒོས་སུ་མི་བྱེད་པའི་ལུགས་


TNT12_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོད་སྐམ་ལྔ་རིགས་ལྔ་མཚོན་བྱེད་ཀྱི་དབུ་རྒྱན་རང་ཆས་སོ། །གཉིས་པ་འདི་དེ་ཁོ་ནར་བསྐྱེད་རིམ་གྱི་ཡན་ལག་རྣམས་དང༌། ལམ་ཐམས་ཅད་ཚད་རྩི་བ་ནི། ལྷར་བསྒོམ་པ་བུམ་དབང་གི་ལམ། ཆོས་འབྱུང་སོགས་ནི་གསང་དབང་གི་ལམ། གཡོན་བསྐོར་དུ་འཁོར་བའི་བདེ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ། དེ་ལ་མི་རྟོག་པ་བདེ་སྟོང་དབྱེར་མེད་དབང་བཞི་པའི་ལམ། ཆོས་འབྱུང་རང་ཉིད་གསང་དབང༌། དགའ་བ་འཁྱིལ་བ་ཤེས་རབ་ཡེ་ཤེས། མི་རྟོག་པ་དབང་བཞི་པའོ། །ཡང་ཆོས་འབྱུང་འོག་མས་གསང་གནས། གོང་མས་ལྟེ་བ་སྤྲུལ་འཁོར་མཚོན་ཏེ། དེ་གཉིས་ན་རྩ་མདུད་གྲུ་གསུམ་གནས་པས་སོ། །ཟླ་བ་ནི་མི་ཤིགས་པའི་ཐིག་ལེ་མཚོན་པས། སྙིང་ཁ་ཆོས་འཁོར་དང༌། བཾ་གྱིས་མགྲིན་པའི་རྩ་མདུད་མཚོན་པ་དང༌། ཡི་གེ་སོ་གཉིས་ནི་སྤྱི་བོའི་རྩ་སོ་གཉིས་དང་བྱང་སེམས་སོ་གཉིས་འབབ་པ་མཚོན་པས་གསང་དབང་དང༌། འཁོར་ལོ་དེ་དག་ཏུ་དགའ་བ་བཞི་འཆར་བ་ནི་དགའ་བ་འཁྱིལ་བ་བཞིས་མཚོན་ཏེ་ཤེས་དབང་དང༌། དགའ་འཁྱིལ་རེ་རེ་ལ་ལག་བཞི་བཞི་བཅུ་དྲུག་ནི་མས་བརྟན་དགའ་བ་བཅུ་དྲུག་དབང་བཞི་པ་སྟེ། དབང་བཞི་སྟན་ཐོག་གཅིག་ཏུ་དྲིལ་པའོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ༌། །གཞན་ཡང་ཟླ་བ་མེ་ལོང་ཡེ་ཤེས་དང༌། །ཉི་མའི་དོད་སྔགས་འཕྲེང་མཉམ་ཉིད་དང༌། བཾ་ཡིག་ས་བོན་སོར་རྟོག་སྟེ་སྦྱོར་བ་དང༌། རྣལ་འབྱོར་དང་པོ་ཡིན་ལ། འོད་འཕྲོ་འདུ་བྱ་གྲུབ་དང༌། སྐུ་ཡོངས་རྫོགས་ཆོས་དབྱིངས་ཡེ་ཤེས་ལས་


TNT12_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་པའོ། །དེ་རྣམས་བསྙེན་པའི་ཡན་ལག་ཡིན་ཅིང༌། གོ་ཆ་ནི་ཉེར་བསྒྲུབ་སྟེ་ཤིན་ཏུ་རྣལ་འབྱོར་དང༌། ཡེ་ཤེས་པ་བསྟིམ་པ་དཀྱིལ་འཁོར་རྒྱལ་མཆོག་དང༌། ཞིང་སྦྱོང་སོགས་བསྒྲུབས་པ་ཆེན་པོ་དང༌། གོ་ཆ་སོགས་གསུམ་པོ་དེ་ལས་རྒྱལ་མཆོག་དང༌། ཕྱི་མ་གཉིས་རྣལ་འབྱོར་ཆེན་པོའོ། །བདེ་མཆོག་གི་ཐུན་མོང་མ་ཡིན་པའི་སྐུ་གསུམ་ལམ་ཕྱེད་ཀྱང་ཚང་སྟེ། ལྷར་བཞེངས་པ་ཡན་ཆད་སྤྲུལ་སྐུ་ལམ་བྱེད་དང༌། གོ་ཆ་ནས་བཟླས་པའི་བར་ལོངས་སྐུ་ལམ་བྱེད་དང༌། བསམ་མི་ཁྱབ་ཀྱི་རྣལ་འབྱོར་ཆོས་སྐུ་ལམ་ཡིན་ཅིང༌། གཞན་ཡང་དོན་གྱིས་ན་མཁྱེན་གསུམ་ལམ་བྱེད་ཀྱང་ཚང་བར་མངོན་ལ། རྒྱུད་སྡེ་སྤྱི་ལ་གྲགས་པའི་སྐུ་གསུམ་ལམ་བྱེད་ནི་གོང་དུ་བཤད་ཟིན་ཏོ། །འདི་དག་ལུང་དང་སྦྱར་རྒྱུ་མང་མོད་ཀྱི་ཡི་གེ་ཉུང་བ་ལ་མངོན་པར་དགའ་བའི་ཕྱིར་མ་སྤྲོས་སོ། །གཉིས་པ་ལྷའི་སྣང་ཞེན་ལ་བསླབ་པ་ལ་གསུམ། གསལ་སྣང་ལ་བསླབ་པ་དང༌། ང་རྒྱལ་བསླབ་པ་དང༌། བདེ་སྟོང་དུ་འཆར་བ་ལ་བསླབ་པའོ། །དང་པོ་ལ་ཡང་རྣམ་པ་ལ་བསླབ་པ་དང༌། དག་པ་ལ་བསླབ་པའོ། །དང་པོ་ནི། སྤྱི་བོའི་འཁོར་ལོའི་སྟེང་གི་ནོར་བུ་ལ་སེམས་འཛིན་ཏེ། དེ་ཡང་མི་རུས་ཀྱི་འཁོར་ལོའི་ལྟེ་བར་གདན་ཟླུམ་པོ་ལ་གནས་པའི་ཏོག་ཟླུམ་པོའི་རྣམ་པ་ལ་སེམས་འཛིན། སེམས་འཛིན་ཚུལ་སྤྱི་དང་འདྲའོ། །དེ་ནས་འཁོར་ལོ་ལས་གྱེས་པའི་རུས་པའི་དྲྭ་བ་དང༌། དབུ་རྒྱན་རིན་པོ་ཆེའི་རྩེ་ཕྲན་ཅུང་ཟད་དང་


TNT12_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཐོད་སྐམ་ལྔ་པོ་ལ་སེམས་འཛིན། དེ་ནས་ཐོད་སྐམ་ལྔའི་སྦྲེལ་ཐག་རྡོ་རྗེ་ནག་པོའི་འཕྲེང་བ་སྟེང་འོག་ཏུ་རིམ་པ་གཉིས་དང༌། སྙན་ལྟག་ཏུ་དཔའ་མོའི་དར་དཔྱངས་ལྗང་ཁུ་གསུམ་འཁྱོག་ཏུ་ལྡིང་བ་དང༌། བུང་བ་ལྟར་གནག་པའི་དབུ་སྐྲ་གྲོལ་བ་སིལ་ལེ་བུན་ནེ་བས་སྐུ་སྟོང་ཁྱབ་པ་ནཱ་ག་གེ་སར་གྱི་མེ་ཏོག་སིལ་མས་བརྒྱན་པ་དང༌། སྤྱན་དབུས་མ་དང༌། སྤྱན་གཉིས་ཏེ་མཐའ་དམར་ཞིང་སྤྱན་འབྲས་ནག་པ། རྣམ་པར་བཀྲ་ལ་གཡོ་ཞིང་ཧུར་བག་ཏུ་གཟིགས་པའི་སྤྱན་གསུམ་དང༌། ཤངས་དཀྱུས་ཟུལ་ཟུལ་ཅུང་ཟད་མཐོ་ཞིང་མཛེས་པ་དང༌། སྨིན་ཕྲག་ཏུ་ཁྲོ་གཉེར་འཁྱོག་པོ་བསྡུས་པ་དང༌། སྙན་ཤལ་རིང་ལ་མཛེས་པ་དང༌། རུས་པའི་སྙན་ཆ་དང༌། མགྲིན་པ་སྒེག་བག་ཆགས་པ་དུང་འཁྱིལ་བའི་རི་མོ་ལྟ་བ་དང༌། མགུལ་རྒྱན་དྲ་ཕྱེད་དང༌། སྐྲ་མཚམས་སུ་རུས་པའི་ཟ་ར་ཚོགས་དང༌། དེ་ནས་འཇམ་ལ་རིང་ཞིང་ཕྲ་སྦོམ་ཕྱེད་ལ་ཤུགས་དང་ལྡན་པའི་ཕྱག་གཡོན་སྟེང་ཕྱོགས་སུ་ཐོད་པ་འཛིན་ཚུལ་དང༌། དེ་ལ་ཞལ་རས་གྱེན་དུ་ཕྱོགས་པ་ནི། བཞིན་གྱི་དཀྱིལ་འཁོར་རབ་ཏུ་གང་བ་ཡིད་ཙམ་འཛུམ་ཞིང༌། ཁྲོ་ཆགས་འདྲེས་པའི་ཉམས་ཅན་མཆེ་བའི་མྱུ་གུ་ལྷག་གེར་གསལ་བ་དང༌། ཕྱག་གཡས་ཐུར་དུ་དྲག་ཏུ་བརྐྱངས་ཤིང་སྡིགས་མཛུབ་དང་བཅས་པའི་བསྣུན་ཐབས་དང༌། རྡོ་རྗེས་མཚན་པའི་གྲི་གུག་གཡས་པས་འཛིན་པ་དང༌། ཡང་ན་འདིར་རྡོ་རྗེ་དང་ཌཱ་མ་རུ་ལྷན་ཅིག་ཏུ་བཟུང་བར་བྱས་ཀྱང་རུང་ལ། སྒྲུབ་ཐབས་ཁུངས་མ་གཞན་ལས་རྡོ་རྗེ་ཁོ་ན་


TNT12_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཤད་ཅིང་འདིར་ཌཱ་མ་རུ་གཡས་སུ་བཟུང་ན་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་བཅངས་པ་མི་བྱེད་ཅིང༌། འདིར་ཌཱ་མ་རུ་མེད་ན་ཁ་ཊྭཱཾ་ག་ལ་ཅང་ཏེའུ་བཏགས་པ་དགོས་སོ་ཞེས་ཀྱང་ལུགས་གཞན་ནོ། །དེ་བཞིན་དུ་རབ་དཀར་ཐོད་པ་དམར་ལ་དྭངས་པའི་རཀྟའི་རྒྱུན་གྱིས་གང་བ་ཅུང་ཟད་ཡོ་བར་བཟུང་བས། ཁྲག་གི་རྒྱུན་ཞལ་ཏུ་གསོལ་བ་དང༌། དེ་ནས་དཔུང་གདུབ་གཉིས་དང༌། ཕྱག་གདུབ་གཉིས་དང༌། མཐོ་ལ་ཟླུམ་ཞིང་མཁྲེགས་པའི་ནུ་འབུར་རྒྱས་པ་དང༌། མཉེན་ལྕུག་འཁྲིལ་བག་ཆགས་པའི་སྐེད་སྐབས་དང༌། ཐོད་དུམ་གྱི་འོག་པག་ཅན་གྱི་སྐེ་རགས་ལས་དྲ་བ་དྲ་ཕྱེད་དྲིལ་བུ་གསིལ་གསིལ་འཕྱང་བ་དང༌། ལྷག་པར་རྒྱས་པའི་སྟ་ཟུར་དང༌། ལྟེ་བའི་དཀྱིལ་འཁོར་དང་བཅས་པའི་ལྟོ་བ་དང༌། ཟེའུ་ལྷག་གེར་བཞད་པའི་བྷ་ག་མཐོ་ལ་སྡུག་པ་དང༌། མཁྲང་བག་ཆགས་པའི་བརླ་དང་བཅས་པའྀ་ཞབས་གཡོན་བསྐུམ་པ་དང༌། གཡས་བརྐྱང་བ་དང༌། ཞབས་གདུབ་ལས་གཡེར་ཁ་འཁྲོལ་བ་དང༌། དེ་ནས་འཇིགས་བྱེད་ཁ་བུབ་ཏུ་བསྒྱེལ་བའི་མགོ་བོ་རྒྱབ་ཏུ་བལྟབ་ནས་རྣ་བ་གཡོན་པ་སྟེང་དུ་ལྟ་བ་མནན་པ་དང༌། དུས་མཚན་མ་ཐལ་མོ་སྤྱི་བོར་སྦྱར་བ་གན་ཀྱལ་དུ་བསྒྱཻལ་བའི་ནུ་མ་ནས། སྐྱེ་གནས་ཀྱི་བར་མནན་པ་དང༌། མནྡ་ར་བ་གསར་དུ་ཁ་བྱེ་བ་ལྟ་བུའི་ཉི་མའི་དཀྱིལ་འཁོར་འོད་ཟེར་འབྲུམ་ཕྲག་འཕྲོ་བ་དང་སྣ་ཚོགས་པདྨ་འདབ་མ་མང་པོ་ཅན་ལྷག་པར་རྒྱས་པའི་གདན་དང༌། མེ་དཔུང་དྲག་ཏུ་འབར་བའི་དབུས་ན། སྐུ་ལུས་ལི་ཁྲིའི་


TNT12_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ཅན་དམར་ལ་དྭངས་ཤིང་འོད་འཕྲེང་འཁྲུག་པ་པདྨ་ར་གའི་ལྷུན་པོ་ལ་ཐུན་མཚམས་ཀྱི་དམར་བས་ཕོག་པ་ལྟ་བུའི་སྐུ་མདོག་དང༌། ཕྲག་པ་གཡོན་ལ་བརྟེན་པའི་ཁ་ཊྭཱཾ་ག་ཡབ་དཔལ་ཧེ་རུ་ཀའི་ངོ་བོ། དེ་ཡང་རྩ་བ་ན་རྡོ་རྗེ་རྩེ་གཅིག །དེའི་སྟེང་དུ་ཀེང་རུས་ཀྱི་དབྱུག་པའི་རྩེ་མོ་ལ་བུམ་པ་སྣ་ཚོགས་རྡོ་རྗེས་ཁ་བརྒྱན་པ་ལས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁ་དང༌། བ་དན་ལྕེ་གསུམ་པ་དཔྱངས་པ། སྣ་ཚོགས་རྡོ་རྗེའི་སྟེང་དུ་མི་མགོ་རློན་པ་སྔོ་ནག།རིད་པ་དམར་པོ། བརླན་བྲལ་གྱི་ཐོད་རིལ་དཀར་པོ་རྣམས་བརྩེགས་པ། རྩེ་མོ་རྡོ་རྗེ་རྩེ་ལྔ་པ་དང་བཅས་པ་ལ་རིམ་པས་སམ། ཅིག་ཅར་སེམས་འཛིན་པ་སྟེ། དེ་ཡང་ཁ་ཊྭཱཾ་ག་ཕྲག་པར་འཕྲེད་ལ་བཀལ་བ་དང༌། མཆན་ཁུང་དུ་བརྟེན་པ་དང༌། ཁ་ཊྭཱཾ་གའི་འོག་གི་རྩེ་མོ་ཐོད་པ་དང་ལྷན་ཅིག་ཕྱག་གཡོན་པས་བཟུང་བར་འདོད་པ་སྟེ་ལུགས་གསུམ་མོ། །དེ་ལྟར་ཆ་སུམ་ཅུ་སོ་བདུན་དུ་རིམ་པས་སློབ་པ་ནི་མན་ངག་གི་རྗེས་སུ་འབྲངས་པའོ། །མཐར་ཅིག་ཅར་གསལ་གདབ་སྟེ། གསལ་དྭངས་སྙོག་པ་མེད་པ་ནམ་མཁར་འཇའ་ཚོན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །གང་ལ་དམིགས་པ་འཛིན་པའི་ཡུལ་གྱི་ཁྱད་པར་མ་གཏོགས། འཛིན་ལུགས་ནི་ཐུན་མོང་ཡིན་ནོ། །གོ་རིམ་འདི་ཁོ་ན་དགོས་པ་རང་ཡང་མ་ཡིན་པས། གང་སེམས་བཟུང་གློད་ནས་བཟུང་ནས་ཆོག་སྟེ། བསྐྱེད་རིམ་གྱི་དམིགས་པ་འདི་ལྟ་བུ་དག་ལ། རྒྱ་བོད་ཀྱི་བླ་མ་རྣམས་རིམ་པ་མི་འདྲ་བ་དང༌། ཐུན་གྲངས་མི་འདྲ་བ་སྣ་ཚོགས་མཛད་མོད། འགའ་ཞིག་རིམ་


TNT12_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསླབ་མི་དགོས་པ་ཡང་ཡོད་པས་ཅི་རིགས་སུ་བསླབ་བོ། །གཉིས་པ་ནི། དག་པ་དྲན་པ་སངས་རྒྱས་ཆོས། ཞེས་པ་ལྟར། དག་པ་འདི་རྣམས་མངོན་རྟོགས་ནམ་བསྒོམ་པའི་ཚེ་དྲན་པར་ཡང་བྱ་དགོས་ལ། འདིར་དེ་ལ། དེར་མོས་པ་ཤུགས་དྲག་པོས་སྦྱོང་བ་ཡིན་ཏེ། དག་པ་དེ་ལ་བཞི་སྟེ། ཕྱི་དང༌། ནང་དང༌། གསང་བ་དང༌། དེ་ཁོ་ན་ཉིད་དག་པའོ། །དང་པོ་ནི། ཆོས་ཐམས་ཅད་ལ་ཆོས་དབྱིངས་སྟོང་པ་གཉིས་མེད་པས་ཞལ་གཅིག་མ། དེའི་ངང་ལས་གདོད་མ་ནས་མ་གཡོས་ཀྱང༌། ཆ་ཙམ་གྱིས་དབྱེ་ན། གདོད་མའི་བདེན་པ་གཉིས་ཡོད་པའི་ཀུན་རྫོབ་ཕྱག་གཡོན། དོན་དམ་ཕྱག་གཡས་ཏེ། དེ་གཉིས་དབྱེར་མེད་ཟུང་འཇུག་ནི་སྐུ་གཅིག་པུ། ཞབས་གཡོན་ཐབས་སྙིང་རྗེས་འཇིགས་བྱེད་མྱང་འདས་ཀྱི་མཐའ་དང༌། གཡས་ཤེས་རབ་སྟོང་པས་དུས་མཚན་འཁོར་བའི་མཐའ་གནོན་པ་སྟེ། མངོན་རྟོགས་རྒྱན་ལས་ཀྱང༌། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པས། མི་གནས་ཚུལ་འདི་མདོ་དང་ཐུན་མོང་ངོ༌། །ཡང་འཇིགས་དུས་གཉིས་ཆད་པར་ལྟ་བ་དང༌། རྟག་པར་ལྟ་བ་མཚོན་པས་ཐབས་ཤེས་གཉིས་ཀྱིས་དེ་གཉིས་སེལ་བའང་ཡིན་ནོ། །ཞལ་སྟེང་དུ་ཕྱོགས་པ་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དང༌། ཐོད་སྐམ་ལྔ་ནི། སངས་རྒྱས་རིགས་ལྔ། མགོ་འཕྲེང་ལྔ་བཅུ་སེམས་ལས་བྱུང་བ་ལྔ་བཅུ་དག་པ་སྤྱན་གསུམ་ནི་དུས་གསུམ་མཁྱེན་པ། མགུལ་རྒྱན་


TNT12_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ། གདུ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་ནོར་བུ་བརྩོན་འགྲུས། སྐ་རགས་བསམ་གཏན། གང་ལ་རྒྱན་པའི་སྐུ་ཤེས་རབ། གཅེར་མོ་ནི་ཀུན་རྟོག་སྤངས་པ། གྲི་གུག་རང་གཞན་གྱི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ལྟ་བ་ངན་པ། ཐེ་ཚོམ་སྟེ་རྩ་ཉོན་དྲུག་གཅོད་པ། ཐོད་པ་ནི་རྣམ་རྟོག་གི་མགོ་ཐོད་གཅོད་པ་སྟེ། རྟོག་མེད་ཀྱི་ཡེ་ཤེས་ཡིན་ལ། ནང་བདུད་བཞིའི་ཁྲག་གིས་གང་བ་ནི། ཡེ་ཤེས་དེས་བདུད་བཞི་བཅོམ་པ། སྐྲ་གྲོལ་བ་ནི་སྒྲིབ་གཉིས་དག་པ། ཁ་ཊྭཱཾ་ག་ཞེས་པ་ནི་བོད་སྐད་དུ་བསྒྱུར་ན། མཁའ་དབྱུག་སྟེ། ཆོས་སྐུ་ནམ་མཁའ་ལྟ་བུ་ལས་མ་གཡོས་བཞིན་དུ་གཟུགས་སྐུར་སྟོན་པ༌། ཡེ་ཤེས་ཀྱི་མེ་འབར་བ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པ་གསུམ་བསྲེགས་པའོ། །གཉིས་པ་ནི། ཡེ་ཤེས་རྟོག་མེད་ལས་ནམ་ཡང་མ་གཡོས་བཞིན་དུ། དེ་ཉིད་ཀྱི་འཆར་སྒོ་དག་པའི་དཀྱིལ་འཁོར་རབ་འབྱམས་སུ་སྣང་བ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ནི་ཞལ་གཅིག་མ། །མགོ་འཕྲེང་ནི་ཡི་གེ་ལྔ་བཅུ་ཕྱག་གཉིས་ནི་རྐྱང་མ་དང་རོ་མ། ཕྱག་མཚན་གཉིས་ནི་ཁུ་བ་དང་རཀྟ་ཁ་ཊྭཱཾ་ག་དབུ་མ། ཞབས་གཉིས་ནི་གཟུང་འཛིན་དུ་སྣང་བའི་སེམས་རླུང་ལྡང་འཇུག་དང་བཅས་པའི་རང་བཞིན། འཇིགས་དུས་གཉིས་དེར་བཀག་ཅིང་གནོན་པ། ཞལ་གྱེན་དུ་ཕྱོགས་པ་ནི་གཏུམ་མོ་གྱེན་དུ་འབར་བ། བདུད་རྩིའི་རྒྱུན་ཞལ་དུ་འབབ་པ། ཧཾ་ལས་བྱང་སེམས་འཛག་པ། སྐྲ་གོལ་བ་ནི་བདེ་བ་རྒྱས་


TNT12_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཅེར་མོ་ནི་བདེ་བས་རྣམ་རྟོག་གཅོད་པ། ཕྱག་རྒྱ་ལྔ་ནི་ཕུང་པོ་ལྔ་བདེ་བ་ཐོབ་པས་རིགས་ལྔའི་དཀྱིལ་འཁོར་དུ་གྱུར་པའོ། །གསུམ་པ་ནི། གཙོ་མོའི་སྐུ་ནི་ཤེས་རབ་ཡུམ་ཁ་ཊྭཱཾ་གའི་རྡོ་རྗེ་རྩེ་གཅིག་པ་དང༌། བྷ་ག་མཉམ་པར་སྦྱོར་བ། རྩ་དུང་ཅན་དང་མཁའ་འགྲོ་གདོང་མཚོན་ཅིང༌། ཞབས་གཉིས་ཀྱིས་འཇིགས་བྱེད་ཡབ་ཡུམ་མནན་པ་ནི། དེ་ལྟར་སྙོམས་འཇུག་གི་རྐྱེན་གྱིས་གཡས་གཡོན་གྱི་རྒྱུ་བ་དུང་ཅན་མར་འགགས་པ། ཕྱག་གཉིས་ནི་དེའི་རྐྱེན་གྱིས་སྟེང་གི་ལམ་གཉིས་དབུ་མར་ཐིམ་པ། བདེ་བའི་ཡེ་ཤེས་ཀྱིས་ཉོན་མོངས་གཅོད་པ་དང༌། དངོས་གྲུབ་ཐམས་ཅད་སྩོལ་པ་ནི་སྤྱན་གཉིས་ཏེ། གཞན་རྣམས་ནང་བཤད་དང་འདྲའོ། །བཞི་པ་ནི། ལམ་དུས་ཀྱི་སྐབས་རྣམས་སྔར་བཤད་པ་དེ་རྣམས་སུ་ཚང་མོད། འདིར་འབྲས་དུས་ལ་སྦྱོར་བ་གཙོ་ཆེ་བ་ཡིན་ནོ། །ཆོས་དབྱིངས་ཀུན་ཏུ་འགྲོ་བ་རང་བཞིན་བདེ་བ་ཆེན་པོ་ནི་བདེ་ཆེན་གྱི་སྐུ་སྟེ་ཞལ་གཅིག་པ། སྤྱན་གསུམ་ནི་སྐུ་གསུམ། ཕྱག་གཉིས་ནི་ཚོགས་གཉིས་རྫོགས་པ། ཞབས་གཡོན་པ་ནི་ ཤེས་རབ་རྣམཀུན་མཆོག་ལྡན་གྱི next hit་སྟོང་པ་ཉིད་རྩལ་འགའ་མེད་དུ་འཆར་བས། ཞི་བ་རྐྱང་པ་ལ་མི་གནས་གཡས་པ་ནི་ཐབས་བདེ་ཆེན་གྱི་ཡེ་ཤེས་ཀྱིས་སྲིད་པའི་ཉོན་མོངས་ཐམས་ཅད་རང་བཞིན་མེད་པར་རང་མཚང་རིག་པའི་ཚུལ་གྱིས་རྟོགས་པས་སྤངས་པའི་སྲིད་པ་ལ་མི་གནས་པ་སྟེ། མི་གནས་ཚུལ་འདི་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའོ། །བདུད་རྩི་གསོལ་བ་ནི། ཞུ་


TNT12_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་རྐྱེན་གྱིས་སེམས་ཀྱི་རང་བཞིན་ལྷན་སྐྱེས་མངོན་དུ་གྱུར་པ། གྲི་གུག་གི་སྒྲིབ་གཉིས་དྲུང་ནས་ཕྱུང་བ། ཁ་ཊྭཱཾ་ག་ཨ་ཝ་དྷཱུ་ཏཱིར་ལས་རླུང་དང༌། ཁམས་དཀར་དམར་གྱི་འགྲོས་ཐམས་ཅད་ཐིམ་པ། ཡང་ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། ཞེས་པ་ལྟར། ཁ་ཊྭཱཾ་ག་ལྷ་སྐུ་དག་པའི་སྒྱུ་ལུས། ཀ་པཱ་ལ་ཞུ་བདེ་མཐར་ཐུག་པའི་ཡེ་ཤེས། ཅང་ཏེའུ་རང་བཞིན་སྟོང་པ་ཉིད་དུ་ཤེས་པའོ། །དེ་ལྟར་ན། དང་པོའི་གྲུབ་དོན་གཞི་དུས་བདེན་གཉིས་དབྱེར་མེད་ཀྱི་གནད་ཀས། ལམ་ཐབས་ཤེས་ཟུང་འཇུག་ཏུ་བསྒོམས་པས། ལྟ་ངན་སེལ་ཞིང་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དང༌། བདུད་དང་ཉོན་མོངས་པ་བཅོམ་ཞིང་སྐུ་གཉིས་ཟུང་འཇུག་མི་གནས་པའི་མྱང་འདས་ཐོབ་པ་དང༌། གཉིས་པའི་དོན་ནི། གཡས་གཡོན་སྟེང་འོག་གི་རྒྱུ་བ་དབུ་མར་འགགས་པས། འབར་འཛག་བདེ་སྟོང་གིས་རྣམ་རྟོག་གཅོད་པ་དང༌། རིགས་ལྔའི་དཀྱིལ་འཁོར་མངོན་དུ་འགྱུར་བ་དང༌། གསུམ་པའི་དོན། སྤྱིར་རིག་མའི་ཁ་སྦྱོར་གྱི་བདེ་བ་དང༌། ཁྱད་པར་ཐུན་མོང་མིན་པ་རྩ་གཡས་སྦྱོར་བའི་རྐྱེན་གྱིས་ཐོག་མ་འོག་གི་ལམ་གཉིས་འགག །དེ་ནས་སྟེང་གི་ལམ་ཡང་འགགས་པས། ཞུ་བདེ་ཁྱད་པར་ཅན་ཡས་བརྟན་མས་བརྟན་གྱི་རིམ་པ་རྫོགས་པའི་བདེ་བས་ཉོན་མོངས་གཅོད་ཅིང་དངོས་གྲུབ་ཐམས་ཅད་འཐོབ་པ་དང༌། བཞི་པའི་དོན། ལུས་སྒྱུ་ལུས། སེམས་བདེ་སྟོང༌། ལུས་སེམས་ངོ་བོར་དབྱེར་མེད། རྩ་འཁོར་རྣམས་སུ་རྩ་རླུང་ཐིག་ལེའི་བགྲོད་པ་


TNT12_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་ཤིང་ཐིམ་པས། ཚོགས་གཉིས་རྫོགས་ཤིང་མི་གནས་པའི་མྱང་འདས་སྐུ་བཞི་མངོན་དུ་བྱེད་པ་སྟེ། ལྷ་སྐུ་གཅིག་པུ་འདི་ཉིད་ལ་གཞི་ལམ་འབྲས་བུའི་ཆོས་ཚང་ཚུལ་ཏེ། དེ་དག་རེ་རེ་ལ་མོས་པ་བརྟན་པོ་རེ་བཞག་པའི་མཐར། སྐྱོན་ཀུན་སྤངས། ཡོན་ཏན་ཀུན་རྫོགས་སངས་རྒྱས་ཀུན་གྱི་ཡུམ་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བསྐྱེད། དེ་ཙམ་གྱིས་བར་ཆད་མང་པོ་སེལ་བ་དང༌། དངོས་གྲུབ་དང་བྱིན་རླབས་ཆེར་འབྱུང་མོད། ང་རྒྱལ་རྣམ་པ་ལྷང་ངེ་བ་དེ་ལ་སྒྱུ་མ་ལྟ་བུའི་རྩིས་བཟུང་ནས། མ་བཅོས་པར་ལམ་དུ་འཁྱེར་ཤེས་ན། བྱང་ཆུབ་སྒྲུབ་པའི་ཉེ་བའི་ཐབས་སུ་གསུངས་ཏེ། ཇི་སྐད་དུ། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་སོ། །དེ་ཡང་ཐ་མལ་མ་དག་པའི་སྣང་བ་དང༌། མ་དག་པར་ཞེན་པའི་ང་རྒྱལ་ཞིག་ཡོད་པ་ལ། དེ་དག་པའི་གསལ་སྣང་དང༌། དག་པའི་ང་རྒྱལ་དུ་བསྒྱུར་བ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཡེ་ཤེས་ཞལ་སྔ་ནས་ཀྱང༌། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་པར་གྱུར་པའི་ཡིད། །དེས་ནི་མངོན་སུམ་དག་ཏུ་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་རང་བཞིན་ཅན། །གང་ཡིན་དེ་ནི་ཀུན་རྟོག་འཆར་མི་བྱེད། །ཅེས་སོ། །གསུམ་པ་བདེ་སྟོང་དུ་འཆར་བ་ལ་བསླབ་པ་ནི།


TNT12_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་རྟེན་གྱིས་ནི། ཇི་སྐད་དུ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ཅེས་པ་ལྟར་རམ། བུད་མེད་ཀྱི་རྟེན་ཅན་ནི་ཐབས་དང་མཉམ་པ་སྦྱོར་བ་ཡིད་ཀྱི་བསྒོམ་པས་ཞུ་བདེ་འདྲེན་པའམ། ཡང་ན་རྣལ་འབྱོར་ལམ་དང་ཕོ་ཉའི་ལམ། རྫོགས་རིམ་གྱི་སྐབས་ལ་བརྟེན་ནས་བདེ་བ་རྫོགས་པར་བྱས་ནས། ལུས་སེམས་བདེ་བར་ཤར་བའི་ངང་ནས་ལྷ་སྐུར་གསལ་ལེ་བ། ང་རྒྱལ་ལམ་མེ་བ་དེ་ལ་རང་བཞིན་མེད་པར་བསླབ་པར་བྱའོ། །འདི་གསུམ་ལ་ཡང་རིམ་པ་འདི་ཁོ་ན་དགོས་པ་མ་ཡིན་ཏེ། ཐོག་མར་གང་ཉམས་སུ་བླང་ཀྱང་འདྲའོ། །ཡང་མན་ངག་ལས་འབྱུང་བ་ལྟར་གསང་བར་ཆོས་འབྱུང་དུ་དགའ་བ་འཁྱིལ་བ་དྲག་ཏུ་འཁོར་བས་བདེ་བ་བསྐྱེད་པར་བསྒོམ་སྟེ། དབང་གི་མྱོང་བ་ཡོད་ན་དྲན་པར་བྱས་པས་བདེ་བ་དང༌། སྨིན་མཚམས་ཀྱི་ཕྱི་ལྤགས་པའི་ནང་ཙམ་དུ་དགའ་བ་འཁྱིལ་བ་བསྒོམ་པའམ། སྨིན་མཚམས་ཀྱི་ནམ་མཁར་དགའ་བ་འཁྱིལ་བ་འཁོར་བས་སྟོང་པ་དང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བར་གསུངས་པ་ལྟར་འདི་དག་ཀྱང་བསྒོམ་མོ། །འདི་གཉིས་ནི་ཡས་བབས་དང༌། མས་བརྟན་གྱི་ལྷན་སྐྱེས་འཆར་ས་གཉིས་ལ་གནད་དུ་བསྣུན་པ་ཡིན་ཏེ། གནད་ཆེ་བ་ཞིག་འདུག་གོ །གཉིས་པ་བཟླས་པའི་རྣལ་འབྱོར་གྱི་སྐབས་སྙིང་གར་བྱེད་པའམ། ཡང་ན་མན་ངག་ལས་འབྱུང་བ་འདི་ལས་དང་པོ་པ་ལ་འཕྲལ་དུ་ཟབ་སྟེ། ཆོས་འབྱུང་ས་བོན་སྔགས་འཕྲེང་ལྟེ་འོག་གམ། གསང་གནས་སུ་ཕབ་ལ་ཀློག་པའི་ཚུལ་གྱིས་ཐོག་མར་ངག་བཟླས་དང༌། དེ་ནས་


TNT12_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཟླས་བྱ། དེ་ཡང་ངག་བཟླས་སྐབས་གཙོ་བོར་སྤྲོ་བསྡུའི་བཟླས་པ་ཅི་ནུས་བྱའོ། །ཡིད་བཟླས་ལ་ནི་དང་པོར་བཀོད་པའི་བཟླས་པ་དང༌། དེ་ནས་ཆོས་འབྱུང་གཡོན་བསྐོར་དུ་བར་མེད་དུ་འཁོར་ཞིང༌། ཡི་གེ་མི་འཁོར་བར་འདུག་པ་ལ་སེམས་གཏད་དེ། ལག་ལེན་ལྟར་བུམ་པ་ཅན་ཅི་རིགས་སུ་སྒོམ་མོ། །དེ་ལ་ངག་བཟླས་ནི། འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་བག་ཆགས་སྦྱོང༌། རྫོགས་རིམ་རྡོར་བཟླས་བུམ་ཅན་སོགས་རླུང་གི་རྣལ་འབྱོར་གྱི་སྔོན་དུ་འགྲོ་བས་རླུང་དག་པར་བྱེད། འབྲས་བུ་གསུང་གཞོམ་མེད་ཀྱི་ནཱ་དའི་དབྱངས་ཡོངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག་པའོ། །ཡིད་བཟླས་ནི། རྫོགས་རིམ་གྱི་ཡན་ལག་ཏུ་བཞེད་པ་ལྟར་དོན་ལའང་གནས་པས། གོང་གི་ཕྲུགས་གཅིག་པོ་དེའི་སྦྱང་བྱ་དེ་དག་དང་མི་སྦྱོར་ཡང༌། སྨིན་རྫོགས་ཀྱི་ནུས་པ་མཆོག་དང་ལྡན་པའོ། །བཟླས་བྱའི་སྔགས་ནི་གཞུང་ཆུང་ལས་སྙིང་པོ་ཁོ་ན་ལས་མ་གསུངས་ཀྱང༌། མན་ངག་ལས་རྒྱས་པ་ཡི་གེ་སོ་གཉིས་པ་དང༌། འབྲིང་པོ་གཞུང་གི་དངོས་བསྟན་བཞིན་སངས་རྒྱས་མཁའ་འགྲོ་མའི་སྔགས་དང༌། བསྡུས་པ་སྣང་མཛད་མའི་སྔགས་རྣམས་སྤྱིར་གདམ་ངག་ཡིན་པ་ལས། དང་པོ་གཙོ་བོར་བྱེད་དོ། །དེ་ཡན་ཆད་དངོས་གཞིའི་རྣལ་འབྱོར་རོ། །གསུམ་པ་རྗེས་ཐུན་མཚམས་ལ། བསམ་མི་ཁྱབ་ཀྱི་རྣལ་འབྱོར་ནི། ད་ལྟ་སྣོད་བཅུད་འོད་གསལ་དུ་བསྡུས་པ། ལྷར་སྣང་སྟོང་པར་ངེས་པའི་ཕྱིར་དང༌། ཁྱད་པར་ཁམས་གསུམ་གྱི་དངོས་པོ་རྣམས་ལུས་ཀྱི་ཆ་གསུམ་ལ་བསྡུ་བ་ནི།


TNT12_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ་ཐིམ་པ། ལུས་དང་སྔགས་འཁོར་བཾ་ཡིག་རྣམས་རིམ་པས་བསྡུ་བ། སྣང་བ་གསུམ། ནཱ་ད་ཡང་བསྡུས་པ་འོད་གསལ་ཏེ། གཞི་དུས་འཁོར་བའི་འཆི་བ་སླར་ཡང་འབྱུང་བ་མཚོན་པ་དང༌། ལམ་དུས་སུ་འོད་གསལ་སྒྲུབ་པའི་རྒྱུ་དང༌། འབྲས་དུས་སུ་གཟུགས་ཀྱི་སྐུ་མི་སྣང་བར་བསྡུ་བ་མཚོན་ནོ། །སླར་ཡང་ཐུན་མཚམས་ཀྱི་ལྷ་ལྡང་བ་ནི་དེ་དང་དེ་ལས་བར་སྲིད། ཟུང་འཇུག་གི་སྐུར་ལྡང་བ་མཚོན་ཅིང༌། སྐུ་དང་སྤྲུལ་པ་རྒྱུན་མི་འཆད་པ་ཡང་མཚོན་ནོ། །ཡང་ན་འདིའི་ཚབ་ཏུ་ཐུན་མཚམས་ཀྱི་ལྷ་ལ་གསོལ་བ་བཏབ་པའི་རྗེས་ལ། ཆོས་འབྱུང་སྔགས་འཕྲེང་ཟླ་བ་བཾ་ཡིག་རྡོ་རྗེ་རྣལ་འབྱོར་མར་གྱུར། རོ་མ་ནས་བརྒྱུད། སྣ་བུག་གཡས་ནས་ཐོན། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྣལ་འབྱོར་མར་གྱུར། ཐམས་ཅད་འདུས། སྣ་བུག་གཡོན་ནས་ཞུགས། རྐྱང་མ་ནས་བརྒྱུད་ནས་ལྟེ་བར་བྱོན། ཞབས་གཉིས་རོ་རྐྱང་གི་སྣ་ལ་གཏད་པས་དེ་གཉིས་ཞབས་ལ་ཐིམ། དྷཱུ་ཏཱིར་ཞུགས་ནས་གྱེན་དུ་གཤེགས། དབུ་མ་ལུས་དང་བཅས་པ་ཇེ་ཐུང་ཇེ་ཐུང་ལ་ཡལ། ཅུང་ཟད་མི་རྟོག་པར་བཞག་གོ །སྣ་གཡོན་ནས་ཐོན་པའི་འཕོ་བ་བྱེད་པའང་ཡོད་མོད་ཀྱི། འདི་བཟང་བར་སྣང་ངོ༌། །འདིར་ཡང་གོང་དང་མཚུངས་ཏེ། དེ་ལས་ལྡང་བ་ནི། མྱ་ངན་ལས་འདའ་བའི་ཚུལ་བསྟན་པས་འགྲོ་བ་རྣམས་ཀྱིས་མི་མཐོང་ཡང༌། དོན་ལ་ཆད་པའི་མྱ་ངན་ལས་འདའ་བ་མི་མངའ་ཞིང༌། འཕྲིན་ལས་དུས་རྒྱུན་ཆད་པ་མེད་པར་སྤྱོད་པ་མཚན་ནོ། །དེ་ལྟར་དེ་ཐམས་ཅད་འབྲས་བུ་ལམ་དུ་བྱེད་པ་དང༌། སྲིད་པ་མ་


TNT12_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པར་ལམ་དུ་བྱེད་པ་གཞི་བསྒྱུར་པ་ཡིན་པས། དམིགས་པ་དེ་དང་དེ་ལ་འབྲས་བུ་དེ་དང་དེའི་ང་རྒྱལ་དང༌། གཞིའི་ཆོས་དེ་དང་དེ་རྣམ་པར་དག་པའི་རང་བཞིན་དུ་མོས་པ་བྱ་དགོས་སོ། །དམིགས་པ་འདི་འཕོ་བ་དང་འབྲེལ་བ་ཡིན་གསུང་ངོ༌། །དེ་ཡང་བཾ་ཡིག་ཟླ་བ་སྔགས་འཕྲེང་དང་བཅས་པས་ཧེ་རུ་ཀ་དཔྱིད་པ་དང༌། ཕག་མོ་ཐིག་ལེ་རོ་གཅིག་ཏུ་བསྲེས་པ་མཚོན་གསུང༌། དེ་ལ། ནང་སེམས་ཀྱི་རང་བཞིན་བཾ་ཡིག་ཤིན་ཏུ་དྭངས་པའི་རླུང་སེམས་ཕྲ་མོ་སྟེ། སྦྱང་བྱ་རླུང་སེམས་ཕྲ་མོ། །དེ་སྦྱོང་བྱེད་ཏིང་ངེ་འཛིན་སེམས་དཔའ་ཡིན། ཟླ་བ་སྔགས་འཕྲེང་རླུང་སེམས་གཙོ་བོར་གང་ལ་རྟེན་པའི་དཀར་དམར་འདྲེས་པའི་ཐིག་ལེ་དཔྱིད་ཅེས་པ་སྟེ། སྦྱང་བྱ་སེམས་རགས་པ་དང༌། ལུས་རགས་པ་བསྐྱེད་བྱེད་ཁམས་དཀར་དམར། སྦྱོང་བྱེད་ཡེ་ཤེས་སེམས་དཔའོ། །ཕྱིའི་སྐུ་ནི་སྦྱང་བྱ། ལུས་སེམས་རྟེན་དང་བརྟེན་པ་ཤིན་ཏུ་རགས་པ། སྦྱོང་བྱེད་དམ་ཚིག་སེམས་དཔའོ། །གཞི་དུས་ཀྱང་འཁོར་བར་འཇུག་པ་སྐྱེ་བའི་ཚེ་དེ་གསུམ་སྔ་མ་སྔ་མ་ལ། ཕྱི་མ་ཕྱི་མ་འབྱུང་ཞིང༌། འཁོར་བ་ལྡོག །འཆི་བ་སོགས་ལ། ཕྱི་མ་ཕྱི་མ། སྔ་མ་སྔ་མ་ལ་ཐིམ་འགྲོ་བས། སྐབས་འདིར་ཡང་དེ་དང་རྣམ་པ་མཐུན་པར་བསྒོམས་པས། རྫོགས་རིམ་དང༌། འབྲས་དུས་འོད་གསལ་ཐམས་ཅད་སྟོང་པ་མངོན་དུ་བྱེད་པའི་རྒྱུ་དམ་པའོ། །འདི་སྐབས་བླ་མ་འགའ་ཞིག་གི་གསུང་གོང་དུ་བཤད་པའི་དཔྱིད་དང་ཐིག་ལེ་དེ། དག་བྱེད་དམར་ཆ་ཉི་མ། དཀར་ཆ་ཐོད་སྐམ་དུ་འགྲོ་བ་སོགས་མང་དུ་བཞེད་མོད།


TNT12_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པར་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི། སྤྱོད་ལམ་ལ་འཇུག་ཁར་བར་ཆད་སྲུང་བའི་དོན་དུ་གོ་ཆ་དགོད་ཅིང༌། མཚམས་བཅིང་བ་དང༌། སྐུ་གསུང་ཐུགས་ཀྱི་ལམ་བྱེད་དང་མི་འབྲལ་བའི་ཕྱིར་དག་པ་གསུམ་དྲན་པ་དང༌། ཐུན་གྱི་དགེ་བ་སྤེལ་བའི་ཕྱིར་གཞན་དོན་དུ་སྨོན་ལམ་གདབ་པ་རྣམས་བྱས་ནས། སྤྱོད་ལམ་ལ་འཇུག་སྟེ། སྐུ་གསུང་ཐུགས་ལམ་ཁྱེར་དང་མ་བྲལ་བར་བྱེད་པའོ། །དེ་ནས་ཉལ་བའི་རྣལ་འབྱོར་ནི། བསྐྱེད་རིམ་ལྟར་ཉལ་ན་ལྷ་རྫས་ཀྱི་གདན་ཁྲིའི་སྟེང་དུ། རྡོ་རྗེ་རྣལ་འབྱོར་མ་རྒྱན་ཅན་ཕྱག་མཚན་སྤངས་པའི་ཚུལ་གྱིས་ཉལ། རྫོགས་རིམ་ལྟར་ཉལ་ན། བསམ་མི་ཁྱབ་ཀྱི་རྣལ་འབྱོར་གྱི་རིམ་པས་ཉལ་ནས་བཞེད་པ་ལྟར་ཡིན་ལ། འོན་ཀྱང་འདི་དང་ཐུན་མཚམས་ཀྱི་ལྷ་སྐུ་ལ། ཕྱག་མཚན་སྤངས་པ་ངེས་པར་སྒོམ་དགོས་པ་ནི་མ་ཡིན་ཅིང༌། ལས་དང་པོ་ལ་ནི་རྩ་བའི་དམིགས་པ་ལ་ཅུང་ཟད་གནོད་པས། ཐུན་གྱི་དམིགས་པ་དེ་ཉིད་དང་མཚུངས་པར་བསྒོམས་ན་ལེགས་སོ། །ལྡང་བའི་རྣལ་འབྱོར་ཡང༌། ནམ་མཁར་གནས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུའི་སྒྲ་དང་སྙིང་གི་སྒྲ་བསྒྲགས་པས། གཉིད་ཀྱི་འོད་གསལ་སད་པར་མོད་ཏེ། སྟོང་པའི་ངང་ལས་ལྷ་སྐུར་ལངས་པའམ། ལྷ་སྐུའི་རྣམ་པ་དེ་ཉིད་ལ་ཐུགས་མི་རྟོག་པ་སྣང་མེད་དེ་སད་པར་མོས་པ་བྱེད་དགོས་པ་ཡིན་ལ། དེ་ལྟར་ན། བླ་མ་གོང་མ་རྣམས་ཀྱི་གསུང་ལས། ཉལ་དང་ལྡང་དང་བདུད་རྩི་མྱང༌། །ཚད་མེད་བླ་མ་བདག་ལྷར་བསྐྱེད། །འགྲོ་བ་དག་པའི་རྣལ་འབྱོར་དང༌། །དཔའ་བོ་དཔའ་


TNT12_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མོས་བྱིན་གྱིས་བརླབས། །ངག་བཟླས་ཡིད་བཟླས་གཉིས་གཅིག་ཡིན། །བསམ་གྱིས་མི་ཁྱབ་རྣལ་འབྱོར་དང༌། །སྤྱོད་ལམ་གྱི་རྣལ་འབྱོར་ཏེ། །དེ་ལྟར་རྣལ་འབྱོར་བཅུ་གཅིག་གོ །ཞེས་པ་ལྟར་ལས། འགྲོ་བ་དག་པ་ནི། བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་རྗེས་ལ་བྱེད་པ། ནཱ་རོ་པའི་རྒྱ་གཞུང་ཉིད་ན་གསལ་བས་དེ་ལྟར་བྱས་ན་ལེགས་ཤིང༌། དེ་བཞིན་དུ་གཞུང་ཆུང་དང་རྣལ་འབྱོར་བཅུ་གཅིག་གི་སྡོམ་ན་མི་གསལ་ཡང༌། གཏོར་མའི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། རྗེས་ཆགས་རྣལ་འབྱོར་རྣམས། བླ་མེད་སྤྱི་འགྲོས་ཀྱིས་གོ་ནུས་ཤིང༌། ཚེས་བཅུ་མཆོད་པ་དང༌། ཚོགས་འཁོར་དང༌། གཞོན་ནུ་མ་མཆོད་པ་དང༌། སྦྱིན་སྲེག་ཆེ་ཆུང་དང༌། ལག་མཆོད་སོགས་ལ་བསླབ་པ་དང༌། ལམ་གྱི་ཡན་ལག་ལས་ཚོགས་ཕྲ་མོ་རྣམས་ཀྱང་མན་ངག་བཞིན་ཤེས་པར་བྱའོ། །ད་ནི་ལུང་མདོར་བསྡུས་པ་དང་སྦྱར་བར་བྱ་སྟེ། འདི་ཉིད་གྲུབ་ཆེན་ནཱ་རོ་ཏ་པའི་གཞུང་ལས་འབྱུང་བ་ནི་ཡིན་མོད་ཀྱི། རྒྱུད་གང་ལ་རྟེན་ཏེ་གནས་ཞེ་ན། འདིར་འབྱོར་པ་ནི་ཤིན་ཏུ་མང་མོད། རེ་ཞིག་གང་ལ་བརྟེན་ནས་མཛད་པ་ནི། རྩ་རྒྱུད་དང་ཀུན་སྤྱོད་ལ་བརྟེན་ཏེ། ཁྱད་པར་རྫོགས་རིམ་སོགས་གསལ་བར་ཀུན་སྤྱོད་ལ་བརྟེན་ནོ། །དེ་ཡང་རྩ་རྒྱུད་ལེའུ་དང་པོ་ལས། ཕོ་ཉ་ལྷན་ཅིག་སྐྱེས་བསྒྲུབ་ནི། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པ་ཡི་ནི་དངོས་གྲུབ་བྱ། །འདི་རིམ་པ་གཉིས་ཀའི་མདོར་བསྟན་ཡིན་ལ། འདིར་ནི་ཕོ་ཉ་མོའི་མཆོག་རྡོ་རྗེ་རྣལ་


TNT12_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་ལྷན་ཅིག་སྐྱེས་མ་ཁོ་ན་བསྒོམས་པས་འདོད་པའི་དངོས་གྲུབ་འགྲུབ་ཅེས་པའོ། །ཇི་ལྟར་བསྒོམ་ན། ལེའུ་གཉིས་པར། རྡོ་རྗེ་ཕག་མོ་རབ་འཇིགས་མ། །ཧེ་རུ་ཀ་ལ་མངོན་ཕྱོགས་པ། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ། ཀ་པཱ་ལ་ནི་ཨནྡྲས་བཀང༌། ཁ་ནས་རུ་ཏི་ར་འཛག་ཤིང༌། །ལྷ་དང་ལྷ་མིན་མིར་བཅས་ལ། །ཕྱོགས་ཀུན་ཏུ་ནི་སྡིགས་མཛུབ་བྱེད། །ཅེས་དང༌། སོ་གཉིས་པར། དེ་ཡི་ཁ་དོག་མཚོན་ཆ་འཆང༌། །ཞེས་ཕྱག་མཚན་བསྟན་ཏེ། ཧེ་རུ་ཀའི་རང་བཞིན་ཁ་ཊྭཱཾ་ག་ལ་ཕྱོགས་པ་སྟེ། ཁ་ཊྭཱཾ་ག་ལྷ་ཕོ་མོ་ཐམས་ཅད་ལ་ཡུམ་དང་ཡབ་ཏུ་མངོན་བརྗོད་སོགས་བཤད་རྒྱུད་རྣམས་ལས་གསུངས་པས་སོ། །གོ་ཆ་ནི། བརྒྱད་པར། ཨོཾ་ཧཾ་ཧྲིཾ་ཧྲེཾ་ཧཱུཾ་ཕཊ། ཡི་གེ་བཾ་ཡོཾ་ཉིད་དང་ནི། །ཡི་གེ་མོཾ་དང་ཧྲིཾ་ཉིད་དང༌། །ཧཱུཾ་དང་ཕཊ་ཅེས་སྦྱར་བ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་གྲགས། །ཞེས་པའོ། །དམ་ཡེ་བསྲེ་བ་ནི། ཉེར་བརྒྱད་པར། མཆོག་འབྲིང་ཐ་མ་ལྷན་ཅིག་འགུགས། །ཞེས་པ་དང༌། སྨིན་མཚམས་ཀྱི་ཆོས་འབྱུང་དང་ཐིག་ལེ་ནི། བཞི་པར། ཨ་ཝ་དྷཱུ་ཏཱིའི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་གཞུག །ཅེས་སོ། །གསང་བར་བསྒོམ་པ་ནི་བཞི་པར། ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན་ཞེས་པས་བསྟན་ཅིང༌། ཉེར་གསུམ་པར། འདི་ཡི་མཚན་མ་ཁྱིམ་དུ་ནི། །རྡོ་རྗེ་ལྟ་བུ་མེ་ལོང་བཅས། །སོགས་ཀྱང་ཕྱོགས་མཐུན་ནོ། །བསྐྱེད་གཞི་དང་ལྟེ་བར་བསྒོམས་པའི་ཆོས་འབྱུང་སོགས་ནི། ལྔ་


TNT12_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པར། དེ་ནས་ཆོས་ཀུན་འབྱུང་བ་ཡི། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །སྔགས་པས་ཆོ་ག་བཞིན་དུ་བྲི། །ཆོས་ཀུན་གཅིག་ཏུ་བསྡུས་པར་བྱ། །ཞེས་པས་བསྟན་ཏེ། དེའི་དོན་བཤད་རྒྱུད་སཾ་པུ་ཊྀ་ལས། །གྲུ་གསུམ་དག་པ་ཨེ་ཡི་དབྱིབས། །དབུས་སུ་དགྱེས་པའི་ཡི་གེ་བཾ། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་རལླི་རྣམ་པར་འབྱུང༌། །བཙུན་མོའི་བྷ་ག་ཞེས་ཀྱང་བྱ། །ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད། །ཅེས་དང༌། དེའི་འགྲེལ་པ་མན་ངག་སྙེ་མ་ལས། འདིས་ནི་ལྟེ་བའི་པདྨ་ལ་སོགས་པ་ཡང་གསུངས་སོ། །ཞེས་བཤད་ཅིང༌། དེ་རྣམས་ཀྱིས་དེ་དག་སྟོན་པར་མན་ངག་ལས་འབྱུང་བར་མ་ཟད། ལྭ་བ་པ་དང༌། ནག་པོ་སྤྱོད་པའི་གཞུང་གིས་ཀྱང་དེ་ལྟར་བཤད་དོ། །འདིས་སྨྲས་པ། སྟོང་ཉིད་མཛེས་མར་རྣམ་ཀུན་རོལ་རྩེད་སྤྱོད། །དགའ་བཞིས་ལང་ཚོས་མང་བཅིངས་ཆགས་ལྡན་སུ། །ཀུན་རྟོག་པིར་གྱིས་རྣམ་བཀྲའི་རི་མོར་བྱས། །དེ་ལས་དངོས་གྲུབ་འདོད་པ་འཇོ་བ་མཚར། །འདིར་འབད་རྣམ་དཀར་ཅི་མཆིས་པས། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །བདག་ཀྱང་ཧེ་རུ་ཀ་དཔལ་དུ། །རྡོ་རྗེ་བཙུན་མོས་བསྒྲུབ་པར་མཛོད། །བདག་ནི་སྐྱེ་བ་ཐམས་ཅད་དུ། །བླ་མའྀ་བྲན་དུ་འགྱུར་བ་དང༌། །ཞིང་རྣམས་ཐམས་ཅད་ཡོངས་དག་པས། །འགྲོ་བ་སྨིན་པར་བྱེད་གྱུར་ཅིག །འོན་ཏེ་དམྱལ་བར་སྐྱེས་ན་ཡང༌། །དེ་ཉིད་ལས་གཞན་བདེ་བ་ཅན། །ནམ་ཡང་མི་འདོད་དེ་བས་ན། །


TNT12_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྡོ་རྗེ་མངོན་སུམ་གྱུར། །རྡོ་རྗེ་སློབ་དཔོན་བཀའ་ཡིས་གནང་བ་དང༌། །སྐྱེ་བོ་མང་པོས་བསྐུལ་ནས་འདི་སྦྱར་རོ། །བཅུ་གཉིས་བཅུ་དྲུག་འཁོར་ལོ་ཡོངས་དག་པས། །མི་འགྱུར་བདེ་ཆེན་དེ་རིང་ཐོབ་པར་ཤོག །རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་མན་ངག་བདེ་ཆེན་རོལ་པ་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པའི་བཀའི་གནང་བ་ཐོབ་པ་དང༌། རྩིབ་རི་བསམ་གླིང་མཁན་པོས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཕྱོགས་མཚོན་ཙམ་ཞིག་རང་ལོ་ཉེར་བཞི་པ་ལ། བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ་བརྩམས་པ་ལས། སླར་ཡང་དོན་གཉེར་དུ་མས་བསྐུལ་བའི་ངོར། རང་ལོ་བཞི་བཅུ་པ་ལ་ཅུང་ཟད་ཁ་བསྐོངས་དང་བཅས་ཏེ་ཚང་བར་བསྒྲིགས་པ་ཡིན་ནོ། །མངྒ་ལཾ། རབ་ཏུ་དཀར་བའི་རྟེན་བཞེངས་འདིས། །བདག་ཅག་གིས་ནི་ཐོག་མེད་ནས། །སྡིག་ལྟུང་གང་བསགས་ཡོངས་དག་སྟེ། །རླབས་ཆེན་ཚོགས་གཉིས་མཐར་ཕྱིན་ཤོག། དགེའོ།། །།


previous་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་མན་ངག་གོ་དོན་དང་བཅས་པ་མདོ་ཙམ་གྱི་ཡི་གེ་བདེ་ཆེན་རོལ་པ།next