གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར།
གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་བཞུགས་སོ།
ན་མོ་གུ་རུ་བུདྡྷ་སཏྭེ་བྷྱཿ ཕྱག་འོས་རྣམས་ལ་གུས་པས་ཕྱག་འཚལ་ནས། །གཞན་སྟོང་དབུ་མའི་གཟུགས་བཟང་མཛེས་བྱེད་རྒྱན། །རྣམ་པར་བཀོད་ཟིན་དེ་ལ་ཉེར་མཁོ་བའི། །ལུང་གི་མཆོག་གྱུར་མདོ་ཙམ་བསྡུ་བར་བྱ། །དེ་ལ་ངེས་པའི་དོན་དུ་གསུངས་ཤིང་མཁས་རྣམས་འདོད། །ཅེས་པའི་སྐབས་སུ། དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། ནམ་མཁའ་ནི་ཐམས་ཅད་ལ་རོ་གཅིག་པ་དང༌། བསྩལ་པ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་བ་ལགས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང༌། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོར་བསྩལ་བ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་པ་ལགས་སོ། །ཞེས་གསུངས་ཏེ། དོན་དམ་སྟོན་པ་ངེས་པའི་དོན་དུ་དངོས་སུ་བཤད་པས། ཅིག་ཤོས་ཞར་ལ་གོ་ནུས་པ་ཉིད་ཀྱི་དབང་དུ་མཛད་པ་ཡིན་ནོ། །བློ་གྲོས་མི་
བཟད་པར་བསྟན་པར་ཡང༌། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་སྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར། བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་གསུངས་ཤིང༌། དེ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོར་ཡང༌། ངེས་པའི་དོན་ལ་གནས་པ་གང་ཞེ་ན། ངེས་པའི་དོན་ཞེས་བྱ་བ་ནི་ཆོས་ཤེས་པ་སྟེ། ནམ་དུ་ཡང་སྒྱུས་མི་འཚོ། སྤྱོད་ལམ་མི་འཆོས་ང་རྒྱལ་མི་བྱེད། རྙེད་པ་དང་གྲགས་པ་ལ་མི་ཆགས། དེ་བཞིན་གཤེགས་པས་སྦྱོར་བའི་ཐབས་སུ་གསུངས་པའི་ཆོས་ལ་ཆགས་པར་མི་བྱེད་པ་སྟེ་དེ་ནི་ངེས་པའི་དོན་ཞེས་བྱའོ། །གང་ཞིག་དེ་ལ་གནས་ན་གང་ཟག་དེ་ནི་དོན་དམ་པ་ལ་གནས་པ་ཞེས་བྱ་སྟེ། དེ་བས་ན་ངེས་པའི་དོན་ལ་གནས་སོ། །བཀྲི་བའི་དོན་ལ་མི་གནས་པ་གང་ཞེ་ན། བཀྲི་བའི་དོན་ནི་མདོ་སྡེ་དག་ལས་ཐམས་ཅད་གདུང་བ་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་བ། ཐམས་ཅད་སྟོང་པ། ཐམས་ཅད་བདག་མེད་པའོ། །ཞེས་གསུངས་པ་ནི་བཀྲི་བའི་དོན་ཞེས་བྱའོ། །ཞེས་པ་དང༌། གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་བཀྲི་བའི་དོན་ཞེས་བྱའོ། །བླ་ན་མེད་པའི་ཐེག་པ་ཆེན་པོ་ནི་ངེས་པའི་དོན་ཞེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ནི་མི་རྟག་གོ །
འགྱུར་ཞིང་འཕོ་བའོ་ཞེས་སྨྲ་བ་ནི་བཀྲི་བའི་དོན་ཏོ། །གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ། །མི་འགྱུར་མི་འཕོ་བ་ཞེས་སྨྲ་བ་ནི་ངེས་པའི་དོན་ཞེས་བྱའོ། །གང་ཉན་ཐོས་ཀྱི་ཐེག་པས་ཆུད་ཅིང་རྟོགས་པ་ནི་བཀྲི་བའི་དོན་ནོ། །བྱང་ཆུབ་སེམས་དཔའི་བསྟན་པས་ཆུད་ཅིང་རིག་པ་ནི་ངེས་པའི་དོན་ཞེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱིས་གསོ་དགོས་ཞེས་སྨྲ་བ་ནི་བཀྲི་བའི་དོན་ནོ། །གང་ཞིག་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ་ཞེས་སྨྲ་པ་ནི་ངེས་པའི་དོན་ཞེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཤིང་ཟད་ན་མེ་ཤི་བ་བཞིན་ནོ་ཞེས་སྨྲ་བ་ནི་བཀྲི་བའི་དོན་ནོ། །གང་ཞིག་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་ཞུགས་སོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཞེས་བྱ་སྟེ། ཞེས་གསུངས་སོ། །དབྱེ་བ་རྒྱས་པ་བློ་གྲོས་མི་ཟད་པར་བསྟན་པའི་མདོ་ལས་གསུངས་སོ། །བསྟན་འཆོས་འགའ་ལས་དགོངས་པ་གཞན་དུ་དྲང་དུ་ཡོད་པ་དྲང་དོན་ལ་བཤད་པའང་སླར་ངེས་དོན་དུ་འདྲེན་པའི་ལམ་སྟེགས་ཡིན་པའི་ཕྱིར་འདི་དག་མི་འགལ་ལོ། །ཀླུ་སྒྲུབ་དང་ནི་ཐོགས་མེད་སྐུ་མཆེད་ཀྱིས། །འཁོར་ལོ་རྣམ་གསུམ་ཞེས་སོགས་ཀྱི་སྐབས་སུ། རྩ་ཤེས་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པ་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀ་བཀག་པར་མཛད། །ཅེས་འཁོར་ལོ་དང་པོར་ཡང་མཐའ་བྲལ་བསྟན་པར་བསྒྲུབས་ཤིང༌། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་སོགས་གསུངས་པས། འཁོར་ལོ་བར་བའི་ཡང་དགོངས་པ་མཐར་ཐུག་གཞན་སྟོང་དུ་བསྟན་པའི་ཕྱིར་དང༌། བྱམས་ཆོས་དང་ཐོགས་མེད་མཆེད་ཀྱི་གཞུང་ཐམས་ཅད་འཁོར་ལོ་གསུམ་ཅར་གྱི་དགོངས་པ་གཅིག་ཏུ་དྲིལ་བ་
ཡིན་ཏེ། དཔེར་ན་མདོ་སྡེ་རྒྱན་གཅིག་པུས་ཀྱང་འཁོར་ལོ་གསུམ་ཅར་གྱི་དགོངས་པ་འགྲེལ་ཞིང་ལྟ་བ་དང་གྲུབ་མཐའ་མི་གཅིག་པ་གསུམ་མི་སྟོན་པར་གཅིག་ཉིད་སྟོན་པའི་ཕྱིར་རོ། །ནད་པའི་སྨན་དང་ཞེས་པའི་སྐབས་སུ། ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་སོ། །ཡི་གེ་སློབ་པའི་དཔེ། ཞེས་པའི་སྐབས་སུ། ཀླུ་སྒྲུབ་ཀྱིས་རིན་ཆེན་འཕྲེང་བར། བརྡ་སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཙི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་སོ། །ཀ་ཏྱ་ཡ་ནའི་གདམས་ངག་གི་ཞེས་པའི་སྐབས་སུ། ཀ་ཏྱ་ཡ་ན་གང་གི་ཕྱིར། འཇིག་རྟེན་འདི་ནི་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང༌། མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། །ཞེས་གསུངས་སོ། །དབང་ཕྱུག་སོགས་ཀྱང་འཕགས་པར་སོགས་ཀྱི་སྐབས་སུ། ཕྱག་ན་རྡོ་རྗེའི་ཞབས་དག་གིས། །རིག་པའི་དབང་ཕྱུག་ཆེན་པོ་ནི། །ས་ཆེན་པོ་ནི་ཡང་དག་ཐོབ། །ཅེས་རྡོ་རྗེ་རྩེ་མོའི་རྒྱུད་ལས་གསུངས་སོ། །གཞན་ཡང་དེ་ལྟ་བུ་ཆེས་མང་ངོ༌། །དེ་དག་རྟོན་པ་བཞི་ཡང་ཞེས་པའི་སྐབས་སུ། མྱང་འདས་ཆེན་པོ་ལས། དགེ་སློང་རྣམས་ནི་ཆོས་རྣམ་པ་བཞི་པོ་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང༌། དོན་ལ་གནས་ཀྱི་ཚིག་
ལ་མི་གནས་པ་དང༌། ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་པ་དང༌། ངེས་པའི་དོན་ལ་གནས་ཀྱི་བཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་ནི་རྟོགས་པར་བགྱི་བ་ལགས་ཀྱི་སྐྱེས་བུ་རྣམ་པ་བཞི་ནི་མ་ལགས་སོ། །ཞེས་གསུངས་ལ་རྟོན་པ་རྣམ་པ་བཞི་ཤིན་ཏུ་རྒྱས་པར་བློ་གྲོས་མི་ཟད་པར་བསྟན་པ་ནས་འབྱུང་ངོ༌། །བར་བ་དྲང་དོན་ཕྱི་མ་ངེས་དོན་དུ། །ཞེས་སོགས་ཚིག་རྐང་གསུམ་གྱི་སྐབས་སུ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝཱ་རཱ་ཎ་སི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར། འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་
བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་པ་ཉིད་དང་གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། མདོ་སྡེ་བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ༌། །མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་སྡེ་འབྱུང་ངོ༌། །ཤིན་ཏུ་རྒྱས་པའི་མདོའི་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ༌། །མར་གྱི་སྙིང་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་ལས། དེ་ནས་ཡང་སོར་མོའི་འཕྲེང་བས། གང་པོ་བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་བརྙེས་པ། །ཆོས་དེ་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །དེ་སྐད་གསུངས་པའི་དོན་ཅི། གང་བོས་སྨྲས་པ། འདས་
པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང་བདག་དང༌། སྲོག་དང་གང་ཟག་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་མ་རྙེད་ནས་བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་སྙམ་སྟེ་འདས་སོ། །དེ་བཞིན་དུ་སྦྱར་ཏེ། ད་ལྟར་དང་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མི་བརྙེས་བརྙེས་པར་མི་འགྱུར། དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡང་སྦྱར་ཏེ་གསུངས་ནས། དེ་ལྟར་སྲོག་དང་གང་ཟག་དང་ཤེད་ཅན་དང་ཤེད་བུ་དང་སེམས་ཅན་དང་བདག་གི་དབྱིངས་མེད་པར་སྟོན་ཏེ་དེ་ལྟར་བདག་མེད་པར་སྟོ། དེ་ལྟར་སྟོང་པར་སྟོན་ཏེ། དེ་ལྟ་བུའི་ཆོས་ཀྱི་གཏམ་སྟོན་ཏོ། །སོར་མོའི་འཕྲེང་བས་གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་གང་པོ་ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ་ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱིས་སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་ཅིག །གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་མི་ཤེས་པས་བདག་མེད་པ་ལ་ཆོས་སུ་སེམས་པ་ནི། གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེབ་ལྟར་ལྷུང་ངོ༌། །གང་དེ་སངས་རྒྱས་ཀྱིས་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་ནས་འདས་སོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་བདག་གི་ཁམས་མེད་པ་ནི་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་སེམས་ཅན་གྱི་ཁམས་མེད་པ་བརྙེས་པར་མི་འགྱུར་རོ། །རང་སངས་རྒྱས་དང་
ཉན་ཐོས་རྣམས་ཀྱིས་ཀྱང་དུས་གསུམ་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ། །ཡང་སངས་རྒྱས་ཀུན་གྱི་གང་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་ནན་ཏན་དུ་བཙལ་ཀྱང་འཇིག་རྟེན་པའི་བདག་མཐེ་བོ་ཙམ་དང་ཅི་ཚེའི་འབྲུ་དང་འབྲས་དང་ཡུངས་འབྲུ་དང་ཏིལ་གྱི་རིལ་བུ་ཙམ་དམར་པོ་དང་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་ལ་སོགས་པ་སྙིང་ཁ་ན་འབར་ཞིང་འདུག་ཅེས་བྱ་བ་དང༌། ཞེས་པ་ནས་གང་དེ་དག་གི་རྟག་པ་བརྟན་པ་ཐེར་ཟུག་སྟེ་བདག་དེ་ནི་འདི་འདྲའོ། །ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ནས་མངོན་པར་སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ། །ཞེས་བྱ་སྟེ་ཚིགས་སུ་བཅད་པ་དེའི་དོན་ནི་འདི་ཡིན་གྱི། གང་པོ་ཡིས་ནི་ཕྱིན་ཅི་ལོག་ཏུ་རྣམ་པར་བརྟག་པས་ན་དེའི་དོན་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་གང་མ་བརྙེས་ཞེས་བྱ་བ་དེ་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས་མཐའ་ཡས་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །དུས་གསུམ་དུ་ཉན་ཐོས་དང་རང་སངས་རྒྱས་སྦྲང་མ་ལྟ་བུ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་
ཡོད་ཅེས་གྲགས་ཏེ། མིག་གིས་ནི་བལྟ་མི་ནུས་སོ་ཞེས་འདྲི་བ་དེ་ལ་བྱེད་པའི་རྒྱུ་ནི་བསྟན་ཏོ། །འདི་ལྟ་སྟེ་སྒྲ་གཅན་ཟིན་དཔལ་གྱི་བསླབ་པ་དང་ཚུལ་ཁྲིམས་ལྷུར་བྱེད་པས་སྲོག་ཆགས་ཅན་གྱི་ཆུ་ལ་ཤིན་ཏུ་ནན་ཏན་དུ་བལྟ་སྟེ། སྲོག་ཆགས་ཡིན་ནམ་མ་ཡིན་འོན་ཏེ་རྡུལ་འདྲ་བ་ཞིག་སྟེ་ཐམས་ཅད་མ་ཡིན་ནོ་སྙམ་པ་ལས། རིམ་གྱིས་བརྟགས་ན་སྲོག་ཆགས་ཕྲ་མོ་ཡིན་པར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟག་རྣམས་ཀྱིས་རང་གི་ལུས་ལ་བདག་གི་དབྱིངས་ཡོད་པར་བདག་ཉིད་ཀྱིས་མཐོང་སྟེ། འདི་འདྲ་བ་དེ་ལྟ་བུ་མཐའ་ཡས་པའི་དབྱིངས་སུ་མཐོང་ངོ༌། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ཏེ། གང་དག་ཀུན་ཏུ་འབར་བ་དང་རབ་ཏུ་འབར་བ་ལྟ་བུའི་འཇིག་རྟེན་དུ་རང་གི་སྲོག་ཀྱང་བཏང་སྟེ་སྟོན་པར་འགྱུར་བ་ནི་རབ་ཏུ་དཀའ་བ་བྱེད་པ་ཕན་པར་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྟག་དེ་དག་ལ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་གྱི་གཞན་ལ་མི་སྟོན་ཏོ། །སེམས་ཅན་དག་ནི་བདག་ཉིད་དེ་བཞིན་གཤེགས་པ་ཡིན་ནོ། །དཔེར་ན་འཕྲུལ་གྱི་མིག་དང་ལྡན་པའི་ནང་ན་མ་འགགས་པ་བཞིན་ཏེ། མ་འགགས་པ་དང་ལྷན་ཅིག་ཏུ་བྱིས་པ་ཤའི་མིག་ཅན་སོང་ནས་ནམ་མཁའ་ལ་བྱ་སོང་པའི་རྗེས་ལ་བལྟས་ན་བྱིས་པ་ཤའི་མིག་ཅན་གྱིས་ཅི་ནམ་མཁའི་བྱ་རྗེས་མཐོང་ངམ། གནས་བརྟན་མ་འགགས་པས་ནི་གསལ་བར་མཐོང་སྟེ། སྐྱེས་བུ་ཤའི་མིག་ཅན་ཡང་གནས་བརྟན་གྱི་དྲིན་ལ་རབ་ཏུ་ཡིད་ཆེས་ནས་འགྲོ་བ་དེ་བཞིན་དུ། བྱིས་པ་ཤའི་མིག་ཅན་དང་འདྲ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མདོ་སྡེ་ཐམས་ཅད་ཀྱི་ཚུལ་ལ་ཡིད་ཆེས་ནས་དེ་བཞིན་
གཤེགས་པའི་སྙིང་པོ་ཡོད་པར་ཤེས་ཀྱི། དེ་བཞིན་གཤེགས་པའི་ཡུལ་གྱི་དབྱིངས་ལྟ་ཡང་དག་པར་ག་ལ་མཐོང༌། དེ་སྟེ་ཉན་ཐོས་དང་རང་སངས་རྒྱས་གཞན་གྱི་དྲིང་ལ་འཇོག་ན་མི་དམུས་ལོང་ཙམ་ལྟ་ཡིད་ག་ལ་ཆེས། སྔོན་བྱུང་བ་ས་འདི་མངར་སྣ་བཞི་ཅན་དུ་གྱུར་ཏོ་ཞེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དུ་མི་གསུང་བ་རྣམས་ལས་ཁོ་བོས་ཐོས་ཏེ། སེམས་ཅན་གང་དག་གི་མངར་སྣ་བཞི་མྱོང་བའི་སེམས་ཅན་དེ་དག་ད་དུང་ཡང༌། བྱིས་པའི་ཚེ་ས་ཟ་སྟེ་གང་གི་ཡུན་རིང་པོ་ནས་བསྙེན་པོར་ཞིམ་པོ་དེ་སེམས་ཅན་རྣམས་ད་དུང་ཡང་གཏོང་མི་ནུས་སོ། །དེ་བཞིན་དུ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྒོམ་ཞིང༌། མང་དུ་བྱས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་ཏེ། སེམས་ཅན་དེ་དག་ནི་ཡུན་རིང་པོ་ནས་སྒོམ་ཞིང་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་སྟེ་གཞན་མ་ཡིན་ནོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དང་ཐོས་ནས་ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྲས་ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བའོ། །ཞེས་གསུངས་སོ། །ལང་ཀར་གཤེགས་པར་སྙིང་པོ་དྲང་དོན་དུ། །ཞེས་སོགས་ཀྱི་སྐབས་སུ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱི་མདོ་གཞན་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས། རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་
ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟག་པའི་དྲི་མའི་དྲི་མ་ཅན་དུ་གྱུར་པ་རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིག་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་ལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །འོ་མའི་
སྨན་གྱི་དཔེ་དང་ནོར་བུའི་དཔེའི། །ཞེས་པར། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འདི་ལྟ་སྟེ་དཔེར་ན་རྒྱལ་པོ་མི་མཁས་པ་ཤེས་པ་ཆུང་བ་ལ། སྨན་པ་ཡང་མི་མཁས་པ་གླེན་པ་ཞིག་ཡོད་ན། རྒྱལ་པོས་མ་རྟོགས་པས། སྨན་པ་དེ་ལ་བྱ་དགའ་ཆེར་སྩོལ་ཏོ། །སྨན་པ་གླེན་པ་དེས་ནི་ནད་ཐམས་ཅད་ལ་སྨན་དུ་འོ་མ་གཏོང་སྟེ། ནད་ཐོག་མ་ཅི་ལས་གྱུར་པ་ཡང་མི་ཤེས་ལ། སྨན་དུ་འོ་མ་གཏོང་པ་ལ་ཡང་མི་མཁས་པས། རླུང་ནད་དང་པད་ཀན་དང་འཁྲིས་པའི་ནད་ཐམས་ཅད་ལ་ཡང་སྨན་དུ་འོ་མ་གཏོང་སྟེ། རྒྱལ་པོས་ནི་སྨན་པ་ཉིད་ཀྱང་མ་རྟོགས་ལ་འོ་མ་བཟང་ངམ་ངན་པའི་བྱེ་བྲག་ཀྱང་མི་ཕྱེད་དོ། །དེ་ལ་སྨན་པ་མཁས་པ་རིག་པ་བརྒྱད་དང་ལྡན་པ་ནད་ཐམས་ཅད་གསོ་བར་ཤིན་ཏུ་མཁས་པ་དཔྱད་ཐམས་ཅད་ཁོང་དུ་ཆུད་པ་ཞིག་ཡུལ་གཞན་ནས་འོངས་ནས། དེའི་ཚེ་སྨན་པ་མི་མཁས་པ་དེས་མཁས་པ་དེ་ལ་འདྲི་བའམ་སློབ་པར་ནི་མི་བྱེད་ཀྱི་ཕྱིར་ང་རྒྱལ་ཀྱི་སེམས་བསྐྱེད་དོ། །དེའི་ཚེ་སྨན་པ་མཁས་པ་དེ་མི་མཁས་པ་དེ་ལ་བསྟེན་ནས་སློབ་དཔོན་དུ་བཟུང་སྟེ། སྨན་དཔྱད་གསང་བ་དག་བསླབ་པའི་ཕྱིར་སྨན་པ་གླེན་པ་དེ་ལ་བདག་ནི་ཁྱོད་ལ་སློབ་དཔོན་དུ་གསོལ་གྱིས། དཔྱད་རྣམས་བསྟན་ཞིང་བཤད་དུ་གསོལ་ཞེས་གསོལ་བ་བཏབ་ན་སྨན་པ་གླེན་པ་དེས་མཁས་པ་དེ་ལ་འདི་སྐད་ཅེས་དམ་འཆའ་འོ། །ཁྱོད་ཅི་སྟེ་ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཁོ་བོའི་གཡོག་བྱ་ན། དཔྱད་རྣམས་བསྟན་ཏོ་ཞེས་བསྒོའོ། །དེ་ནས་སྨན་པ་མཁས་པ་དེས་མི་མཁས་པ་དེའི་ལུང་བཞིན་དུ་བདག་གིས་དེ་བཞིན་བགྱིའོ། །བདག་གི་རྔོ་ཅི་ཐོགས་ཁྱོད་ཀྱི་གཡོག་བགྱིའོ་ཞེས་སྨྲས་སོ། །དེ་ནས་སྨན་པ་གླེན་པ་དེས་སྨན་པ་གསར་བ་ཁྲིད་ནས་རྒྱལ་
པོའི་ཕོ་བྲང་དུ་ཆས་སོ། །རྒྱལ་པོ་དང་ཕྲད་ནས་དེའི་ཚེ་སྨན་པ་གསར་པ་དེས་རྒྱལ་པོ་ལ་དཔྱད་རྣམ་པ་སྣ་ཚོགས་དང༌། གཞན་ཡང་སྒྱུ་རྩལ་མང་པོའི་གཏམ་དང༌། ཡུལ་གྱི་སྲིད་བཟུང་བ་དང༌། ནད་པ་གསོ་བའི་ཐབས་འདིའོ། །རྒྱལ་པོ་ཆེན་པོ་ཐུགས་སུ་ཆུད་པར་གྱིས་ཤིག་ཅེས་གཏམ་བྱས་སོ། །དེའི་ཚེ་རྒྱལ་པོ་དེའི་དེ་སྐད་སྨྲས་པ་ཐོས་པ་དང༌། སྨན་པ་རྙིང་དེ་མི་མཁས་པར་ཤེས་ནས་ཡུལ་དེ་ནས་བསྐྲད་དོ། །དེ་ནས་ཀྱང་སྨན་པ་གསར་བ་དེ་ལ་ལྷག་པར་རིམ་གྲོ་དང་བཀུར་སྟི་བསྐྱེད་དོ། །དེའི་ཚེ་སྨན་པ་གསར་དེ་འདི་སྙམ་དུ་རྒྱལ་པོ་འདི་ལ་བསྟན་པའི་དུས་ལ་བབ་པོ་སྙམ་དུ་བསམ་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་བདག་ལ་དགོངས་པ་མང་ན། བདག་གི་གསོལ་བ་ཅིག་གནང་བར་མཛོད་ཅིག །རྒྱལ་པོས་སྨྲས་པ། ཁོ་བོའི་ལག་པ་གཡས་པ་ནས་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་བར་དུ་ཡིད་བཞིན་དུ་སློང་ཤིག་དང༌། ཐམས་ཅད་སྦྱིན་པར་བྱའོ། །སྨན་པ་དེས་གསོལ་པ། འདི་ལྟར་རྒྱལ་པོའི་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱང་བདག་ལ་བསྩ་ལ་བར་གནང་མོད་ཀྱི། བདག་ཐུགས་མི་ཐུབ་ལ་མང་པོ་ཡང་གསོལ་ན། དེང་སླན་ཆད་ཡུལ་མི་ཐམས་ཅད་ཀྱིས་སྨན་པ་རྙིང་གི་དཔྱད། སྨན་དུ་འོ་མ་གཏོང་བ་ཤོས་གཅད་པར་བཀར་གཏགས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། སྨན་དེ་ནི་གདུག་པ་དང་བཅས་པས་མང་དུ་འཆི་བའི་ཕྱིར་རོ། །གལ་ཏེ་སྨན་དེ་གཏོང་བ་ཡོད་ན་ཡན་ལག་གི་དམ་པ་མགོ་གཅད་དོ། །ཞེས་བཀར་བཏག་ན། སྨན་འོ་མ་ལས་གཏོང་བ་ཆོད་པས་དུས་མ་རན་པར་འཆི་བ་མེད་དོ། །ཐམས་ཅད་བདེ་ཞིང་སྐྱིད་པར་འགྱུར་གྱིས་བདག་གི་གསོལ་བ་འདི་
གནང་བར་མཛོད་ཅིག །དེ་ནས་རྒྱལ་པོས་སྨྲས་པ། ཁྱོད་གསོལ་བ་འདི་ཤིན་ཏུ་ཕན་པར་འགྱུར་བ་ཡིན་ཏེ། དེང་ཕྱིན་ཆད་ཡུལ་མི་ལས་ན་བ་ཞིག་ཡོད་ན། སྨན་འོ་མ་གཏོང་དུ་མི་གནང་ངོ༌། །གལ་ཏེ་འོ་མ་གཏོང་བ་ཞིག་ཡོད་ན། ཡན་ལག་གི་དམ་པ་མགོ་གཅད་དོ་ཞེས་བཀར་བཏགས་སོ། །དེའི་ཚེ་སྨན་པ་མཁས་པ་དེ་ཚ་བ་དང་ཁ་བ་དང་སྐྱུར་བ་དང་མངར་བ་དང་བསྐ་བ་ལ་སོགས་ཏེ་རོ་རྣམ་པ་སྣ་ཚོགས་ཀྱི་སྨན་ཏེ། ནད་གསོས་པ་གང་ཡང་མ་གསོས་པ་མེད་དོ། །དེ་ནས་ཕྱིས་རིང་བོ་མ་ལོན་པར་རྒྱལ་པོ་དེ་ནད་ཀྱིས་བཏབ་ནས་སྨན་པ་དེ་བཀུག་སྟེ། འདི་ལྟར་ང་ནི་ནད་ཀྱིས་ཤིན་ཏུ་སྡུག་བསྔལ་བར་གྱུར་ན། ཇི་ལྟར་གསོ་ཞེས་སྨྲས་པ་དང༌། སྨན་པ་དེས་རྒྱལ་པོའི་ནད་བལྟས་ནས་སྨན་དུ་འོ་མ་དགོས་པ་འདྲ་ནས། རྒྱལ་པོ་ལ་གསོལ་པ། རྒྱལ་པོའི་ནད་ཐབས་དང་སྦྱར་ན་སྨན་དུ་འོ་མ་བཏང་འཚལ་ཏེ། བདག་གིས་སྔར་སྨན་དུ་འོ་མ་བཏང་དུ་མི་རུང་ཞེས་གསོལ་བ་རྫུན་དུ་གྱུར་ཏེ། སྨན་དུ་འོ་མ་ལས་བཟང་བ་མ་མཆིས་ལ། རྒྱལ་བོའི་ནད་ཀྱང་ཚ་བ་ལས་གྱུར་པས་སྨན་དུ་འོ་མ་བཏང་ན་བཟང་ངོ༌། །རྒྱལ་པོས་སྨྲས་པ། སྨན་པ་ཁྱོད་འོན་ཏེ་མྱོས་སམ་ཚ་བའི་ནད་ཀྱིས་བཏབ་ན་ནད་འདི་ལ་འོ་མ་ཕན་ནོ་ཞེས་སྨྲ། ཁྱོད་ཀྱིས་སྔར་འོ་མ་ལ་དུག་ཡོད་དོ་ཞེས་སྨྲས་ན། ད་ཇི་ལྟར་བཏུང་ཁྱོད་ཀྱིས་ང་ལ་བག་བགམ་མམ། སྨན་པ་སྔ་མས་བསྔགས་པ་ལ་དུག་ཡོད་དོ་ཞེས་བྱས་པས། སྨན་པ་ཅིག་བསྐྲད་པའི་འོག་ཏུ་ད་ཡང་ན་བ་ལ་སྨན་དུ་འོ་མ་བཟང་ངོ་ཞེས་ཁྱོད་སྨྲ་བ་དང་སྦྱར་ན། དེའི་སྨན་པ་རྙིང་ནི་ཁྱོད་པས་མཁས་ངེས་སོ། །དེ་ནས་སྨན་པས་ཡང་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་དེ་སྐད་མ་གསུངས་ཤིག །དཔེར་ན་སྲིན་བུ་ཤིང་ཟན་གྱི་རྗེས་ལ་
ཡི་གེར་རུང་བ་ཡང་ཡོད་དེ། སྲིན་བུས་ནི་ཡི་གེ་ཡིན་ནམ་མ་ཡིན་པ་མི་ཤེས་ཀྱི། དེ་ལ་མཁས་པ་ཤེས་རབ་ཅན་གྱིས་མཐོང་ནས་སྲིན་བུས་ཡི་གེ་ཤེས་སོ་ཞེས་ངོ་མཚར་དུ་མི་འཛིན་ཏོ། །རྒྱལ་པོ་ཆེན་པོ་སྨན་པ་སྔ་མ་ཡང་དེ་དང་འདྲ་སྟེ། ནད་རྣམས་མི་རྟོགས་པས་ཐམས་ཅད་ལ་སྨན་འོ་མ་གཏོང་བ་ནི། ཇི་ལྟར་སྲིན་བུའི་རྗེས་ལས་ཡི་གེར་འགྱུར་བ་བཞིན་ཏེ། སྨན་པ་སྔ་མས་ནི་འོ་མ་བཟང་ངན་དང་རུང་མི་རུང་མི་ཤེས་སོ། །རྒྱལ་པོས་སྨྲས་པ། སྨན་པ་སྔ་མས་ཇི་ལྟ་བུར་མི་ཤེས། སྨན་པས་སྨྲས་པ། སྨན་འོ་མ་ཞེས་བྱ་བ་ནི། གདུག་པ་ཡང་ལགས་ལ་བདུད་རྩི་ཡང་ལགས་སོ། །དེ་ལ་ཇི་ལྟར་ན་འོ་མ་དེ་གདུག་པ་ཡང་ཡིན་ལ། བདུད་རྩི་ཡང་ཡིན་ཞེ་ན། གལ་ཏེ་བ་ཉིད་སྦང་མ་དང་རྩ་སྦྱིན་པ་དང༌། ཕུབ་མ་ཟོས་ལ་བེའུ་ཡང་ཤིན་ཏུ་དུལ་ཞིང༌། འཚོ་བའི་ས་ཡང་རི་མཐོན་པོའི་སྟེང་མ་ཡིན། གྲོང་མ་ཡིན་པ་ན་འཚོ་ཞིང༌། ཆུ་ཡང་འབབ་ཆུ་དྭངས་པ་ལ་བླུད་དེ་དྲག་ཏུ་མི་བདའ། ཁྱུ་མཆོག་དང་ཁྱུ་གཅིག་ཏུ་མི་འཚོ་བར་བག་ཡངས་སུ་ཟ་ཞིང་འཐུང་ལ། འགྲོ་བ་དང་སྡོད་པ་ཡང་བག་ཡངས་སུ་གྱུར་པའི་བའི་འོ་མ་ནི་ནད་རྣམས་ལ་ཕན་པས་བདུད་རྩི་ཞེས་བྱའོ། །འོ་མ་དེ་མ་ཡིན་པ་ནི་ཐམས་ཅད་ཀྱང་གདུག་པ་དང་བཅས་པ་ཞེས་བྱའོ། །དེའི་ཚེ་ན་རྒྱལ་པོ་ཆེན་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་སྨན་པ་ལེགས་སོ་ཤིན་ཏུ་ལེགས་པར་སྨྲས་སོ། །ད་སླན་ཆད་འོ་མ་བཟང་ངན་དང་རུང་མི་རུང་ཡང་ཤེས་སོ། །དེ་ནས་སྨན་དུ་འོ་མ་བཏང་ན་ནད་ཀྱང་བྱང་བར་གྱུར་ཏེ། ཡུལ་མི་ཐམས་ཅད་ལ་ད་ཕྱིད་ཆད་སྨན་དུ་འོ་མ་ཐོངས་ཤིག་ཅེས་བཀའ་བཏངས་སོ། །ཡུལ་མི་རྣམས་ཀྱིས་དེ་སྐད་ཐོས་ནས། ཐམས་ཅད་གཤེ་རྒྱ་སྟེ། རྒྱལ་པོ་འདི་ནི་ཡི་དྭགས་ཀྱིས་བརླམས་སམ་སྨྱོས་སམ་ཅི་ཉེས་ན། བདག་ཅག་བསླུས་ཏེ་སྨན་
དུ་འོ་མ་ཐོངས་ཤིག་ཅེས་གསུངས། ཡུལ་མི་ཐམས་ཅད་ཁྲོས་བཞིན་དུ་རྒྱལ་པོའི་སྤྱན་སྔར་ལྷག་གོ །དེ་ལ་རྒྱལ་པོས་བཀའ་སྩལ་པ། ཁྱེད་ང་ལ་མ་གཤེ་ཞིག སྨན་དུ་འོ་མ་བཏང་དུ་རུང་མི་རུང་ནི་སྨན་པ་འདིས་དཔྱད་ཡིན་གྱིས་ངས་མ་ཉེས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་དང་ཡུལ་མི་ཐམས་ཅད་ཀྱང་ཤིན་ཏུ་དགའ་ཞིང་མགུར་བར་གྱུར་ནས། སྨན་པ་དེ་ལ་ལྷག་པར་རིམ་གྲོ་དང་བཀུར་སྟི་བསྐྱེད་དེ། ནད་པ་ཐམས་ཅད་ལ་སྨན་འོ་མ་བཏང་བས་ནད་ཀྱང་བྱང་བར་གྱུར་ཏོ། །དགེ་སློང་ཁྱེད་ཀྱང་དེ་ལྟ་བུའི་ཚུལ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་རིག་པ་བླ་ན་མེད་པར་སྐྱེས་བུས་འདུལ་ཞིང་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་དེ་ལྟར་རིག་པར་བྱ་སྟེ། སྨན་པ་ཆེན་པོ་ལྟ་བུར་འཇིག་རྟེན་ཏུ་གཤེགས་ནས། མུ་སྟེགས་ཅན་ངན་པར་ལྟ་བའི་སྨན་པ་ཐམས་ཅད་བཏུལ་ནས་རྒྱལ་པོ་ཐམས་ཅད་ལ་ང་ནི་སྨན་པའོ། །ཞེས་བརྗོད་དེ། མུ་སྟེགས་ཅན་དག་འདུལ་བའི་ཕྱིར། འདི་སྐད་དུ་བདག་མེད་དོ། །གང་ཟག་མེད་དོ། །སེམས་ཅན་མེད། འཚོ་བ་མེད། ཤེད་ཅན་མེད། ཤེད་བདག་མེད། ཤེས་པ་དང༌། བྱ་བ་དང༌། བྱེད་པ་པོ་མེད་དོ་ཞེས་བརྗོད་པར་གསུངས་སོ། །དགེ་སློང་དག་མུ་སྟེགས་ཅན་གྱི་བདག་ཅེས་བརྗོད་པ་ནི། སྲིན་བུའི་རྗེས་ལས་ཡི་གེར་གྱུར་པ་དང་འདྲ་སྟེ། དེ་བས་ན་དེ་བཞིན་གཤེགས་པས་ནི་སངས་རྒྱས་ཀྱི་ཆོས་ལ་བདག་མེད་དོ་ཞེས་གསུངས་ཏེ། དེ་ནི་སེམས་ཅན་གདུལ་བའི་ཕྱིར་དུས་མཁྱེན་པའི་ཕྱིར། དེ་ལྟར་བདག་མེད་ཅེས་གསུངས་པ་ཡང་རྒྱུ་ཡོད་རྐྱེན་ཡོད་པས་ན་
བདག་ཡོད་ཅེས་གསུངས་པ་ནི། ཇི་ལྟར་སྨན་པ་མཁས་པས་འོ་མ་ལ་སྨན་དུ་རུང་བ་དང་མི་རུང་བ་ཤེས་པ་དང་འདྲ་སྟེ། བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ལྟ་བུ་ནི་མ་ཡིན་ནོ། །བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ནི་མཐེ་བོ་ཙམ་ཞེའམ། ཡུངས་དཀར་ཙམ་ཞེའམ། རྡུལ་ཕྲ་མོ་ཙམ་དུ་འཛིན་ཏོ། །དེ་བཞིན་གཤེགས་པས་བདག་ཅེས་བརྗོད་པ་ནི་དེ་ལྟ་བུ་མ་ཡིན་པས། ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་གསུངས་ཀྱང་ཡང་དག་པར་ན་བདག་མེད་པ་མ་ཡིན་ཏེ། བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ་ཡང་དག་པ། རྟག་པ་གནས་པ་བདག་པོར་གྱུར་པ་མི་འགྱུར་མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ། ཇི་ལྟར་སྨན་པ་ཆེན་པོ་དེ་སྨན་འོ་མ་ལ་མཁས་པ་བཞིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སོ་སོའི་སྐྱེ་བོའི་ཕྱིར་ཆོས་ཐམས་ཅད་ལ་ཡང་དག་པར་བདག་ཡོད་དོ་ཞེས་གསུངས་ཀྱིས་ཁྱེད་ལ་སོགས་པ་འཁོར་རྣམ་བཞི་ཡང་དེ་ལྟ་བུའི་ཚུལ་དུ་ཆོས་ཐམས་ཅད་ལ་ནན་ཏན་དུ་གྱིས་ཤིག་ཅེས་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤངས་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོས་ཡོངས་སུ་
སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་པར་ཡིད་འབྱུང་བའི་གཏམ་གྱིས། འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་པ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོད་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས། རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་གསུངས་སོ། །མྱང་འདས་ཆེན་པོར་ཕྱིར་ཅི་ལོག་བརྒྱད་གསུངས་ཞེས་པའི་སྐབས་སུ། མདོ་ལས། ཁྱེད་སྨྲ་བ་ལྟར་ན་བདག་ཅག་ཀྱང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པའི་འདུ་ཤེས་ལ་ནན་ཏན་བྱེད་དོ་ཞེས་བྱ་བ་ནི་ཡང་དག་པར་དོན་མེད་དོ། །ནན་ཏན་བྱེད་པ་གསུམ་པོ་དེ་ལ་ཡང་དག་པའི་དོན་མེད་པས། དེ་མ་ཡིན་པ་ནན་ཏན་བྱེད་པའི་ཆོས་གསུམ་པོ་ལས་ལྷག་པ་ངས་བཤད་པར་བྱའོ། །སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང༌། བདེ་བ་ལ་སྡུག་བསྔལ་དུ་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །མི་རྟག་པ་ལ་རྟག་པར་འཛིན་པ་དང༌། རྟག་པ་ལ་མི་རྟག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །བདག་མེད་
པ་ལ་བདག་ཏུ་འཛིན་པ་དང༌། བདག་ལ་བདག་མེད་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་འཛིན་པ་དང༌། །ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །ཞེས་གསུངས་སོ། །ལང་ཀར་གཤེགས་མདོར་སེམས་ཙམ་ལས་འདས་གསུངས། །ཞེས་པའི་སྐབས་སུ། མདོ་དེ་ཉིད་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་དེས་ན་གང་དག་བདག་ཉིད་ཀུན་རྫོབ་འཇིག་རྟེན་ཕལ་བ་དང་བསྟུན་པ་དང༌། ཉན་ཐོས་སྡེ་གཉིས་བཞིན་སྨྲས་ནས་ཐེག་ཆེན་གྱི་དགོངས་པ་འཆད་པ་ལ་སྐྱོན་གྱི་ཕུང་པོ་ཉེ་བར་གནས་པ་མ་ཤེས་པར། ཀུན་རྫོབ་འཇོག་པ་སེམས་ཙམ་དང་མཐུན་པ་ཙམ་ལ་སྐྱོན་དུ་ལྟ་བ་ནི་མོན་སྦ་གྲོ་བའི་ཞུས་དག་གམ། ལྭ་བ་ཅན་གྱི་རྒྱལ་ཁམས་ཀྱི་དཔེ་སྟེ་ཆེས་ག་ཞའི་རྒྱུའོ། །མཚན་ཉིད་གསུམ་པོ་ཤེར་ཕྱིན་ལས་ཀྱང་བསྟན། །ཞེས་པའི་སྐབས་སུ། བྱམས་ཞུས་ཀྱི་ལེའུ་ལས། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་རབ་ཏུ་འབྱེད་མཁས་པ་ལ་གནས་པའི། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱ་སྟེ། འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས།
འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་ཚོར་པ། འདི་ནི་རྣམ་པར་བརྟགས་པའི་ཚོར་བ། འདི་ནི་ཆོས་ཉིད་ཀྱི་ཚོར་བའོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་འདུ་ཤེས། འདི་ནི་རྣམ་པར་བརྟགས་པའི་འདུ་ཤེས། འདི་ནི་ཆོས་ཉིད་ཀྱི་འདུ་ཤེས་སོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་འདུ་བྱེད། འདི་ནི་རྣམ་པར་བརྟགས་པའི་འདུ་བྱེད། འདི་ནི་ཆོས་ཉིད་ཀྱི་འདུ་བྱེད་དོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་རྣམ་པར་ཤེས་པ། འདི་ནི་རྣམ་པར་བརྟགས་པའི་རྣམ་པར་ཤེས་པ། འདི་ནི་ཆོས་ཉིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནས། འདི་ལྟར་འདི་དག་ནི་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས། འདི་དག་ནི་རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས། འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་དུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡོངས་སུ་བརྟགས་པའི་གཟུགས་གང་ལགས། རྣམ་པར་བརྟགས་པའི་གཟུགས་གང་ལགས། ཆོས་ཉིད་ཀྱི་གཟུགས་གང་ལགས། བཅོམ་ལྡན་འདས་ཡོངས་སུ་བརྟགས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་གང་ལགས། བཅོམ་ལྡན་འདས་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་གང་ལགས། རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་གང་ལགས། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་གང་ལགས། བཀའ་སྩལ་པ། བྱམས་པ་འདུ་བྱེད་གྱི་མཚན་མའི་དངོས་པོ།
དེ་དང་དེ་དག་ལ་གཟུགས་སོ་ཞེས་མིང་དང༌། འདུ་ཤེས་དང༌། བརྡ་དང༌། གདགས་པ་དང༌། ཐ་སྙད་དུ་བྱ་བ་ལ་བརྟེན་ནས། གཟུགས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་གང་ཡིན་པ་འདི་ནི་ཡོངས་སུ་བརྟགས་པའི་གཟུགས་སོ། །བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་ཚོར་བ་དང་འདུ་ཤེས་དང༌། འདུ་བྱེད་རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཞེས་བྱ་བའི་བར་དུ་མིང་དང་འདུ་ཤེས་དང་བརྡ་དང་གདགས་པ་དང་ཐ་སྙད་དུ་བྱ་བ་ལ་བརྟེན་ནས་ཚོར་བའི་ངོ་བོ་ཉིད་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་གང་ཡིན་པ་འདི་དག་ནི་ཡོངས་སུ་བརྟགས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་འདི་དག་ནི་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་སོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་རྣམ་པར་རྟོག་པའི་ཆོས་ཉིད་ཙམ་དུ་གནས་པའི་རྣམ་པར་རྟོག་པ་ལ་བརྟེན་ནས་མངོན་པར་སྨྲ་བ་གང་ལ་འདི་ནི་མིང་དང༌། འདུ་ཤེས་དང༌། བརྡ་དང༌། གདགས་པ་དང༌། ཐ་སྙད་ཀྱི་གཟུགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུའོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་སོ། །འདི་ནི་རྣམས་པར་བརྟགས་པའི་ཚོར་བ། རྣམ་པར་བརྟགས་པའི་འདུ་ཤེས། རྣམ་པར་བརྟགས་པའི་འདུ་བྱེད། རྣམ་པར་བརྟགས་པའི་རྣམ་པར་ཤེས་པ། རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་བར་དུའོ། །དེ་བཞིན་གཤེགས་པ་རྣམས་འབྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང༌། ཆོས་ཉིད་དང་
ཆོས་ཀྱི་གནས་ཉིད་ཀྱི་དབྱིངས་འདི་དག་ནི་གནས་པ་ཉིད་དེ། བརྟགས་པའི་གཟུགས་གང་ཡིན་པ་དེས་རྣམ་པར་བརྟགས་པའི་གཟུགས་དེ་རྟག་ཅིང་རྟག་པའི་དུས་བརྟན་ཅིང་བརྟན་པའི་དུས་སུ་ངོ་བོ་ཉིད་མེད་ཅིང་ཆོས་བདག་མེད་པ་དང༌། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་གང་ཡིན་པ་འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །འདི་ནི་ཆོས་ཉིད་ཀྱི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནས་འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་དུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུགས་འདི་གསུམ་ལས། གཟུགས་གང་རྫས་མ་མཆིས་པར་ལྟ་བར་བགྱི། གང་རྫས་མཆིས་པ་ལགས། གང་རྫས་མཆིས་པ་ཡང་མ་ལགས། རྫས་མ་མཆིས་པ་ཡང་མ་ལགས་ལ་དོན་དམ་པས་རབ་ཏུ་ཕྱེ་བ་ལགས། བཅོམ་ལྡན་འདས་ཚོར་བ་འདི་གསུམ་དང༌། འདུ་ཤེས་འདི་གསུམ་དང༌། འདུ་བྱེད་འདི་གསུམ་དང༌། རྣམ་པར་ཤེས་པ་འདི་གསུམ་ནས། སངས་རྒྱས་ཀྱི་ཆོས་འདི་གསུམ་གྱི་བར་དུ་སངས་རྒྱས་ཀྱི་ཆོས་གང་རྫས་མ་མཆིས་པར་བལྟ་བར་བགྱི། གང་རྫས་མཆིས་པར་བལྟ་བར་བགྱི། གང་རྫས་མ་མཆིས་པ་ཡང་མ་ལགས། རྫས་མཆིས་པ་ཡང་མ་ལགས་པར་བལྟ་བར་བགྱི་ཞིང་དོན་དམ་པས་རབ་ཏུ་ཕྱེ་བ་ལགས། དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་བལྟའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་སུ་ཡོད་པའི་ཕྱིར་རྫས་ཡོད་པར་ལྟ་བའི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་
ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པ་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟའོ་ཞེས་གསུངས་སོ། །གནས་སྐབས་རིགས་ཆད་ཀྱང་ནི་ཞེས་པའི་སྐབས་སུ་བརྒྱད་སྟོང་པ་ལས། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་དེ་དག་ནི་ཆོས་ལ་སུན་འབྱིན་པར་རིག་པར་བྱའོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དེ་དག་ནི་ཤིང་རུལ་པ་ལྟ་བུར་གྱུར་པ་ཡིན་ནོ། །ཤཱ་རིའི་བུ་གང་ཟག་དེ་དག་ནི་ནག་པོའི་རང་བཞིན་དུ་རིག་པར་བྱའོ། །ཞེས་གསུངས་སོ། །གནས་སྐབས་ཐེག་གསུམ་རང་སྟོང་སྨྲ་བའང་འདོད། །ཅེས་པ་ནི། བྱེ་མདོ་གཉིས་ནི་ཐེག་པ་གསུམ་གར་མཐར་ཐུག་ཏུ་འདོད། ཀླུ་སྒྲུབ་དང་ཐོགས་མེད་རྗེས་འབྲང་མ་ཡིན་པའི་དབུ་སེམས་ཀྱི་ཐེག་ཆེན་པ་མང་པོ་ཞིག །གནས་སྐབས་དང་མཐར་ཐུག་གི་དབྱེ་བ་མེད་པར་ཐེག་པ་གཅིག་ཁོ་ནར་འདོད་མོད། ཐལ་རང་གི་སློབ་དཔོན་རྣམས་ནི་གནས་སྐབས་ཐེག་གསུམ་དུ་མི་འདོད་མཁན་མེད་ལ། འཕགས་པ་བརྒྱད་སྟོང་པའི་ལེའུ་གཉིས་པ་བརྒྱ་བྱིན་གྱི་ལེའུ་ལས་གང་དག་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་ལས་མཚམས་བཅད་པས་དེ་དག་ཡང་དང་ཡང་དུ་འཁོར་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་དོ་ཞེས་གསུངས་ཤིང༌། འབུམ་དང་ཁྲི་བརྒྱད་སྟོང་པ་དང་ཉི་ཁྲི་རྣམས་སུའང་གསུངས་ཏེ་ཡུལ་ངེས་པ་དང་ཞེས་པའི་སྐབས་ཀྱི་མདོ་ཡིན་ནོ། །དེས་ན་ཞི་བ་བགྲོད་པ་ཕྱོགས་གཅིག་པ་ཤེར་ཕྱིན་དུའང་གསལ་ལོ། །བྱམས་ཞུས་ལེའུར་ཡང་ནི་དེ་མཐུན་གསུངས། །ཞེས་པ་ནི། དེ་ཉིད་ལས། བཅོམ་ལྡན་འདས་ཅི་ལགས། ཉན་ཐོས་
ཐམས་ཅད་ཕྱོགས་གཅིག་པའམ། ཤིན་ཏུ་མྱ་ངན་ལས་འདས་པ་ལ་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་མ་ཡིན་ནོ། །དེའི་ཅྀ་ཕྱིར་ཞེ་ན། བྱམས་པ། འཇིག་རྟེན་པ་འདི་དག་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་པ་སྟེ། ཁམས་སྣ་ཚོགས་ཁམས་དུ་མ་པའི་འཇིག་རྟེན་པ་དེ་དག་ལ་སེམས་ཅན་གྱི་རིགས་དང༌། རང་བཞིན་རབ་ཏུ་མང་པོ་ཡོད་དེ། བྱམས་པ་སེམས་ཅན་གྱི་རུས་དང་རིགས་དང་པོ་ནས་བཟང་པོའི་ཁྱད་པར་འདོད་ཅིང་བཟང་པོའི་ཁྱད་པར་ཉིད་ཐོབ་པ་དེ་ལྟ་བུ་ཡང་ཡོད་དོ། །སེམས་ཅན་གྱི་རུས་དང་རིགས་དང་པོ་ནས་ཁྱད་པར་ངན་པ་འདོད་ཅིང་ངན་པ་ཉིད་ཐོབ་སྟེ། དེ་ཉིད་ཀྱིས་མགུ་བར་འགྱུར་བ་དེ་ལྟ་བུ་ཡང་ཡོད་དོ། །རུས་དང་རིགས་གང་ཐོག་མ་ནས་ངན་པའི་བྱེ་བྲག་འདོད་ཅིང་ངན་པ་ཉིད་འཐོབ་སྟེ། ངན་པ་ཐོབ་ནས། དེ་ཙམ་གྱིས་མགུ་བར་མི་འགྱུར་ཞིང་དེ་ནས་ཕྱིས་གོང་དུ་བཟང་པོའི་ཁྱད་པར་འདོད་ཅིང་བཟང་པོ་ཐོབ་པར་འགྱུར་བ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །དེས་ན་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པ་རྣམས་དབུ་མ་ཁོ་ན་ལ་ཡོངས་སུ་སྤྱོད་དོ་ཞེས་ཤེས་པར་བྱའོ། །ག་ལས་འཇིག་མེད་སོགས་ཀྱང་མཐུན་ཤས་ཆེ། །ཞེས་པའི་སྐབས་སུ་འགྲེལ་པ་དེ་ཉིད་ལས། དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་ཕྱིན་ཅི་ལོག །ཐུགས་སུ་ཆུད་པས་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་པ་དང༌། ཁྱད་པར་བསྟོད་ཚོགས་རྣམས་དང་ཞེས་པའི་སྐབས་སུ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་
རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང༌། ཇི་ལྟར་རིན་ཆེན་བཻཌཱུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་དཀྲིས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་དང༌། ཆོས་དབྱིངས་འདི་མེད་དགག་མ་ཡིན་པར་ཡེ་ཤེས་ཡིན་པ་དང༌། སྟོང་པ་ཉིད་བསྟན་པས་ཆོས་དབྱིངས་འདི་བཀག་པར་མི་འགྱུར་པ་ཡང༌། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་བ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །དབྱིངས་དེ་ཉམས་པར་བྱེད་མ་ཡིན། །ས་ཡིའི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པ་དང༌། སངས་རྒྱས་བདེན་གྲུབ་ཏུ་སྟོན་པ་ཡང༌། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་བཞིན། །དེ་བཞིན་མི་ཤེས་པས་སྒྲིབ་པ། །སངས་རྒྱས་རྣམས་ནི་མེད་པར་བལྟ། །དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆི། །ཞེས་སོ། །དོན་དམ་པར་བསྟོད་པ་ལས་ཀྱང༌། ཆོས་རྣམས་ཀུན་ལ་མི་གནས་པ། །ཆོས་ཀྱི་དབྱིངས་ཀྱི་དངོས་གྱུར་ཅིང༌། །མཆོག་ཏུ་ཟབ་པ་ཉིད་བརྙེས་པ། །ཟབ་མོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཆོས་ཅན་ལ་མི་གནས་པར་ཆོས་དབྱིངས་ལ་གནས་པར་བཤད་པ་དང༌། དཔེ་མེད་པར་བསྟོད་པ་ལས་ཀྱང༌། རྟག་ཅིང་བརྟན་ལ་ཞི་བ་
ཡི། །ཆོས་ཀྱི་རང་བཞིན་ཁྱོད་ཀྱི་སྐུ། །ཞེས་ཆོས་སྐུ་རྟག་བརྟན་ཐེར་ཟུག་ཏུ་བསྟན་པ་དང༌། འཇིག་རྟེན་འདས་པར་བསྟོད་པ་ལས་ཀྱང༌། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །བེམ་པོ་གཞན་དབང་སྟོང་པ་ཉིད། སྒྱུ་མ་བཞིན་དུ་རྐྱེན་འབྱུང་བར། །མགོན་པོ་ཁྱོད་ཀྱི་ཆོས་ཀུན་གྱི། །དངོས་མེད་གོམས་པར་མཛད་པ་ལགས། ཁྱོད་ཀྱིས་ཅུང་ཞིག་མ་བསྐྱེད་ཅིང༌། །འགའ་ཡང་བཀག་པ་མ་མཆིས་ལ། །སྔོན་གྱི་དེ་བཞིན་ཕྱིས་དེ་བཞིན། །དེ་བཞིན་ཉིད་ནི་ཐུགས་སུ་ཆུད། །ཅེས་སྟོང་ཉིད་ཙམ་པོ་ལ་ཞེན་པའི་སྐྱོན་དང༌། ཀུན་བརྟགས་གཞན་དབང་རྟེན་འབྲེལ་བདེན་མེད་དང༌། ཆོས་ཉིད་འཕེལ་འགྲིབ་དང་བྲལ་བ་རང་བཞིན་འགྱུར་མེད་དུ་གསུངས་སོ། །གསང་འདུས་རིམ་ལྔའི་དགོངས་པ་བླ་ན་མེད་པའི་རིམ་པ་ལས་ཀྱང༌། སྟོང་པ་གསུམ་ནི་རྣམ་དག་གང༌། །འོད་གསལ་བར་ནི་འདིར་བཤད་དེ། །ཐམས་ཅད་སྟོང་པར་དེ་བརྗོད་དོ། །ཞེས་པ་དང༌། ཐམས་ཅད་སྟོང་པ་སྨད་པོ་ཆེ། །དྭངས་ཤིང་གསལ་བ་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནི་དེ་ནས་གསལ་མཐོང་འགྱུར། །ཞེས་སྟོང་ཉིད་ཡེ་ཤེས་སུ་བཤད་པ་དང༌། རིམ་པ་བཞི་པ་ལས་ཀྱང༌། ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར་ཞེས། དོན་དམ་པ་བདེ་ཆེན་དུ་གསུངས་པ་དང༌། ཟུང་འཇུག་གི་རིམ་པ་ལས་ཀྱང༌། གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །ཅེས་གཉིས་སྣང་ཅན་གྱི་ཤེས་པ་བདེན་མེད་དང༌། གཉིས་མེད་ཀྱི་ཡེ་ཤེས་
བདེན་ཡོད་དུ་བཤད་དོ། །བྱང་ཆུབ་སེམས་འགྲེལ་ལས་ཀྱང༌། ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་དག་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཞེས་སྟོང་ཉིད་སེམས་དོན་དམ་ཡོངས་གྲུབ་ཏུ་བཤད་པས་སོ། །འོན་ཀྱང་འཁྲུལ་གཞི་འབྱུང་བ་ནི་བདེན་ཏེ་ཅུང་ཟད་མི་གསལ་བ་དང༌། བསྡུས་པའི་ཚུལ་གྱིས་གཞན་སྟོང་བསྟན་པས་སོ། །དེའི་ཕྱིར་ཙནྡྲ་གོ་མི་དང་ཟླ་བ་གྲགས་པའི་རྩོད་པ་ལོ་བདུན་དུ་བྱུང་བ་ལ། མཁས་པས་ཆེད་དུ་བརྗོད་པ་འདི་ཡུན་རིང་མོར་མ་ག་དྷའི་གྲོང་ཁྱེར་གྱི་ཁྱེའུ་བུ་མོ་ཚུན་ཆད་ཀྱང་གླུར་ལེན་ཏེ། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང༌། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང༌། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །ཅེས་སྒྲོག་གོ །ལུང་བསྟན་ལྟར་ནའང་ཞེས་པའི་སྐབས་སུ། ལང་ཀར་གཤེགས་པ་ལས། སོ་སོ་རང་རིག་ཐེག་པ་ནི། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །མགོན་པོ་འདས་པའི་འོག་ཏུ་ནི། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །བདེ་གཤེགས་མྱ་ངན་འདས་པའི་འོག །ཚུལ་རྣམས་འཛིན་པར་འགྱུར་བ་སྟེ། །དུས་དག་འདས་ནས་འབྱུང་བ་དེ། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་གསུངས་སོ། །གསང་སྔགས་ རྒྱུད་ལས་དཀྱིལ་འཁོར་གཙོ་བོར་བསྟན། །ཞེས་པའི་སྐབས་སུ། ཁྲོ་བོ་ཁམས་གསུམ ་རྣམ་རྒྱལ་གྱི་རྟོགས་པར། ཇི་སྐད་དུ།
དེ་ནས་དཀྱིལ་འཁོར་འབྱུང་བ་སྟེ། །འཁོར་ལོའི་དཀྱིལ་འཁོར་བྲི་པ་དེར། །བྱམས་པ་བཞག་སྟེ། དེ་བཞིན་གཤེགས་པ་བཞི་དང༌། བྱང་ཆུབ་སེམས་དཔའ་བཞི་བྱ་སྟེ། གོ་ཆ་བསྟན་པའི་ཕྱག་རྒྱས་ཞུགས་ལ་འདི་ཞེས་བརྗོད་དོ། །བཛྲ་ཌི་ཌྷི་ཏིཥྛ་ཞེས་པ་ནས་བྱམས་པའི་རྟོགས་པའོ་ཞེས་པའི་བར་དུ་རྒྱས་པར་གསུངས་སོ། །གཞན་ཡང་མང་ངོ༌། །ཞལ་ལུང་དང་ནི་ཞེས་པའི་སྐབས་སུ། གཟུགས་ལ་སོགས་ནས་ཀུན་མཁྱེན་གྱི། །བར་གྱི་ཆོས་རྣམས་རང་བཞིན་ནི། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས། ལྟ་འདོད་མདོར་བསྟན་ལས་ནི་ཞེས་པའི་སྐབས་སུ། དེ་ཉིད་ལས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་སོ། །ཁྱད་པར་རང་རང་གཞུང་དང་དངོས་སུ་འགལ། །ཞེས་པའི་སྐབས་སུ། མངོན་རྟོགས་རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །དཔྱད་དུ་མེད་པས་དག་པར་བརྗོད། །ཅེས་དང༌། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་ཐོབ། །ཅེས་པ་དང༌། དེ་བཞིན་དུ། ཟབ་པ་དེ་ནི་སྒྲོ་འདོགས་དང༌། །བསྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་པ་དང༌། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །འདི་ནི་འདོད་
པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་འང་དེའི་མཚན་ཉིད་བཞེད། །ཅེས་གསུངས་པ་ལ། རང་སྟོང་སྨྲ་བ་ད་ལྟའི་རྣམས་ཀྱི་ལྟར་ན། བདེན་པའི་སྤང་ཐོབ་མེད་པ་དང་བདེན་པའི་ཟད་མེད་དང་སྐྱེ་མེད་དུ་འདོད་པ་སོགས་ནི། སྤྱིར་བདེན་པ་བཀག་པས་ཁེགས་པའི་ཕྱིར། དགོས་སུ་དཔྱད་པ་འདི་དག་མི་དགོས་ཤིང༌། རང་སྟོང་པའི་ལུགས་ཀྱི་སྟོང་ཉིད་དམ། དག་པ་དེ་ཡང་རིགས་པས་དཔྱད་མི་བཟོད་ཅིང༌། འཐད་པ་སྒྲུབ་པའི་རིགས་པའི་ཡུལ་ལས་མ་འདས་པའི་ཕྱིར་དཔྱད་དུ་མེད་པ་ཞེས་པ་དང་ཡང་འགལ། དེས་ན་དཔྱད་པའི་ཡུལ་མ་ཡིན་པའི་ཕྱིར། རིགས་པས་དཔྱད་བཟོད་བདེན་གྲུབ་བོ། །ཤེས་བྱ་འདིར་ཆོས་ཅན་རང་སྟོང་པའི་ལུགས་ལ་སྟོང་ཉིད་དེ་དཔྱད་དུ་ཡོད་པ་ཡིན་ཏེ། གཅིག་དུ་བྲལ་དང་རྟེན་འབྲེལ་གྱི་རིགས་པ་སོགས་ཀྱིས་དཔྱད་པའི་ཚེ། བདེན་མེད་དུ་གཏན་ལ་འབེབས་ཐུབ་པའི་ཕྱིར་རོ། །བྱང་ཆུབ་དང་དེ་བཞིན་ཉིད་ངོ་བོ་གཅིག་པར་བཤད་ཅིང༌། དེ་ཉིད་འདོད་པའི་དོན་སྒྲུབ་བྱེད་ཡིན་པར་བཤད་པས། མེད་པར་དགག་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར། འདོད་པའི་དོན་ཇི་ལྟར་སྒྲུབ། གཞན་ཡང་འདི་ཉིད་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེའི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པས། མེད་དགག་ལ་རྟེན་བརྟེན་པ་དང་རིགས་ཀྱི་དོན་མི་རུང་ལ། ཆོས་དབྱིངས་ལ་རིགས་དང་རྟེན་བརྟེན་པའི་རྣམ་གཞག་འཐད་པའི་ཕྱིར་ཆོས་དབྱིངས་གཞན་སྟོང་ཁོ་ནའོ། །རྒྱུད་བླ་མ་ལས་ཀྱང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་
མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་ཤིང་གཉིས་ཀར་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པས་སོ། །ཐོགས་མེད་རྒྱལ་བས་དྲང་ངེས་འབྱེད་པ་ཡི། །ཞེས་པའི་སྐབས་སུ། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་བོའང་རབ་ཏུ་འབྱེད། །འཇིག་རྟེན་རིགས་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིགས་པས་གྲུབ་པ་འདི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེས་པར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་འཐོབ་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །གཞན་ཡང་དབྱིག་གཉེན་སོགས་ཀྱི་སྐབས་སུ། ཡང་དེ་ཉིད་ལས། གཞན་གྱི་གྲུབ་མཐའ་སུན་འབྱིན་པ། །ཚོང་བ་སྔོན་དང་སྨན་པ་སྔོན། །གཉིས་ཀ་སྦྱིན་བྱེད་སྣ་ཚོགས་བྱེད། །ཡེ་གེ་པ་ཞེས་སྡོམ་བརྩོན་གྲགས། །ཞེས་པས་སློབ་དཔོན་དབྱིག་གཉེན་དང༌། བློ་ལྡན་དང་པོ་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང༌། །ཞེས་སློབ་དཔོན་བློ་གྲོས་བསྟན་པ་དང༌། ཡི་གེ་ང་དང་ལ་དང་པོར། །སྡོམ་བརྩོན་གང་ཞིག་རབ་གསུངས་དང༌། །ཞེས་ཕྱོགས་ཀྱི་གླང་པོ་དང༌། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོའི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང༌། །
དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་སློབ་དཔོན་ཆོས་ཀྱི་གྲགས་པ་དང༌། རིན་ཆེན་འབྱུང་ཞེས་བྱ་མིང་དང༌། །ཞེས་སློབ་དཔོན་ཤནྟི་པ་རྣམས་ཏེ། དེ་དག་གི་མཇུག་ཏུ། སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང༌། །སྟོན་པའི་བསྟན་པ་གསལ་བྱེད་པ། །ཞེས་བསྟན་པ་གསལ་བྱེད་ཀྱི་དགོངས་འགྲེལ་མཆོག་དང༌། དེ་ཡིས་བྱང་ཆུབ་མཆོག་ཐོབ་འགྱུར། །ཞེས་བྱང་ཆུབ་ཏུ་ཡང་ལུང་བསྟན་ཏོ། །ནག་པོ་ཆེན་པོའི་རྒྱུད་རྭ་ཆོས་རབ་ཀྱིས་བསྒྱུར་བ་ལས་ཀྱང༌། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པར་ཡོངས་སུ་གྲགས་པ་འདི་དང༌། སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱི་གྲུབ་པ་ཐོབ་བོ། །ཞེས་གསུངས་སོ། །གཞན་ཡང་དུལ་བ་ལྷ་དང༌། ཡོན་ཏན་འོད་སོགས་འགྲན་ཟླ་མེད་པའི་ཤིང་རྟ་ཆེན་པོ་མང་པོ་དང༌། ཙནྡྲ་གོ་མི། སྒེག་པའི་རྡོ་རྗེ། ཀུན་དགའ་སྙིང་པོ། སངས་རྒྱས་ཡེ་ཤེས་ཞབས། སངས་རྒྱས་གསང་བ། མཻ་ཏྲི་པ་སོགས། རིག་འཛིན་གྲུབ་བརྙེས་མཐའ་ཡས་པ་དག་འདི་བཞེད་དོ། །བརྟེན་ནས་ངོ་བོ་ཉིད་མེད་རྣམ་གསུམ་ལ། །ཞེས་པའི་སྐབས་སུ། དགོངས་པ་ངེས་འགྲེལ་ལས། དོན་དམ་ཡང་དག་འཕགས་པ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་མདོར་བསྟན་ནས་རྗེས་སུ་རྒྱས་པར་གསུངས་སོ། །འགའ་ཞིག་གཞན་སྟོང་ནི་མུ་སྟེགས་སོགས་ཀྱི་སྐབས་སུ། མྱང་འདས་ཆེན་པོ་ལས། གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་པའི་སྟོང་པའོ། །སྟོང་པའི་སྟོང་པ་ཞེས་བྱ་བ་ནི་ཅི་ཡང་མེད་པའོ། །
ཅི་ཡང་མེད་པ་ནི་མུ་སྟེགས་གཅེར་བུ་པ་རྣམས་ཀྱི་རྣམ་པར་གྲོལ་བ་ལྟ་བུའོ། །ཞེས་པ་དང༌། སོར་མོའི་འཕྲེང་བ་ལ་ཕན་པའི་མདོར་ཡང༌། འཇམ་དཔལ་གྱིས། ཐར་པ་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཐར་པ་སངས་རྒྱས་དེ་བཞིན་གཤེགས། །སྟོང་པ་ཅི་ཡང་མེད་པ་དག །སོར་འཕྲེང་ཁྱོད་ཀྱིས་ག་ལ་ཤེས། །ཞེས་རང་སྟོང་བསྟན་པ་ལ། །སོར་འཕྲེང་གིས་དགག་གཞག་རྒྱས་པར་བརྗོད་ནས་མཐར་འདི་སྐད་ཅེས་གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་སྒོམ་སྟེ། གཅེར་བུ་པའི་སྦྲང་མ་ཁྱོད་ཅིང་མ་ཟེར་ཅིག་ཅེས་གསུངས་པས། མུ་སྟེགས་པ་དང་མཚུངས་པར་སངས་རྒྱས་ཀྱིས་བཤད་པ་ནི་རང་སྟོང་པའོ། །ཁྱད་པར་ཀུན་གཞི་ཡེ་ཤེས་མ་བཤད་པས། །ཞེས་པའི་སྐབས་སུ། འགའ་ཞིག་ཀུན་གཞི་ཡེ་ཤེས་གང་དུ་ཡང་བསྟན་པ་མེད་དོ་སྙམ་ན། མ་ཡིན་ཏེ། རྒྱན་སྟུག་པོའི་མདོ་ལས། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་འཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་གྱུར་ན་རབ་ཏུ་འབྱིན། །ཞེས་ཀུན་གཞིའི་ཤེས་པ་ཀུན་གཞི་རྣམ་ཤེས་ལས་གཞན་པ་ཟག་མེད་ཀྱི་རང་བཞིན། སངས་རྒྱས་ཀྱི་ཆོས་ཉིད་འབྱིན་པར་བཤད་པས། ཀུན་གཞི་ཡང་ཡིན་ལ་ཡེ་ཤེས་ཡང་ཡིན་པས་ཀུན་གཞི་ཡེ་ཤེས་ལས་གཞན་དུ་ཅི་ཞིག གཞན་ལ་ལུང་གསལ་ཡོད་ཅེས་པའི་སྐབས་སུ། རྒྱན་སྟུག་པོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །བདག་
མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཅེས་གསུངས་སོ། །དམ་ཆོས་པད་དཀར་ལས་ཀྱང་འོད་སྲུང་ཆེན་པོས། ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཞེས། །དེ་ལྟར་བསམ་ན་དད་པར་མ་གྱུར་ཏོ། །ཞེས་སོ། །ལང་གཤེགས་ལས་ཀྱང༌། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར། ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་བ་མ་ཐོབ་པས། ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ་ཞེས་སོ། །དོན་དམ་འགོག་པའི་བདེན་པ་བདེན་གཅིག་པུ། །ཞེས་པའི་སྐབས་སུ། དཔལ་ཕྲེང་གིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །ཞེས་དང༌། བཅོམ་ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། །གང་རྟག་པ་དེ་ནི་མི་བསླུ་པའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་མི་བསླུ་བའི་ཆོས་ཅན་དེ་ནི་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །ཞེས་གསུངས་ཤིང་མཐའ་གཉིས་སེལ་ཚུལ་ཡང༌། བཅོམ་ལྡནན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་
འདས་པ་ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་གསུངས་སོ། །མདོ་ལས་སྟོང་ཉིད་རྣམ་པ་བདུན་དུ་གསུངས། །ཞེས་པའི་སྐབས་སུ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་ལ་མདོར་ན་སྟོང་པ་ཉིད་རྣམ་པ་བདུན་ཏེ། འདི་ལྟར་མཚན་ཉིད་སྟོང་པ་ཉིད་དང༌། དངོས་པོའི་རང་བཞིན་སྟོང་པ་ཉིད་དང༌། སྲིད་པའི་སྟོང་པ་ཉིད་དང༌། མི་སྲིད་པའི་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་བརྗོད་དུ་མེད་པའི་སྟོང་པ་ཉིད་དང༌། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང༌། གཅིག་གིས་གཅིག་སྟོང་པ་ཉིད་དང་བདུན་ནོ། །ཞེས་དང༌། ཕྱི་མ་གཉིས་ཀྱི་རྒྱས་བཤད་ཀྱི་སྐབས་སུ། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་ཞེས་བྱའོ། །བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། །དེའི་ཕྱིར་གཅིག་གིས་གཅིག་སྟོང་བ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ། དེ་ནི་ཁྱོད་ཀྱིས་སྤངས་བར་བྱའོ། །ཞེས་གསུངས་སོ། །ཤེར་ཕྱིན་ལྔ་བརྒྱ་པར་ཡང་སྟོང་ཉིད་གསུམ། །མཚན་ཉིད་གསུམ་ཡང་གསུངས་ཕྱིར་ཡིད་ཆེས་བྱ། །ཞེས་པའི་སྐབས་སུ། མདོ་དེ་ཉིད་ལས། རབ་འབྱོར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་གཟུགས་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དེ་ལྟར་དངོས་པོ་ཡོད་པ་སྟོང་པ་ཉིད་
དང༌། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས། སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔའི་དེ་ལྟར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དེ་ལྟར་དངོས་པོ་ཡོད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས། སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལྟར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །ཞེས་སྟོང་ཉིད་གསུམ་དང༌། རབ་འབྱོར་གཟུགས་ནི་དངོས་པོ་མེད་པ་དང༌། དངོས་པོ་ངན་པ་དང༌། དངོས་པོ་ཡོད་པའོ་ཞེས་པ་ནས། ཡིད་ཀྱི་རྣམ་ཤེས་ཀྱི་བར་རྒྱས་པར་གསུངས་ནས། དེ་ལྟར་གཟུགས་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས། གཟུགས་དེ་ལ་མངོན་པར་ཞེན་ཏོ། །མངོན་པར་སྒྲིབ་བོ། །སྒྲིབ་པར་བྱེད་དོ། །དེ་དག་གཟུགས་དེ་ལ་མངོན་པར་ཞེན་ཅིང༌། མངོན་པར་སྒྲིབ་སྟེ་སྒྲིབ་པར་བྱེད་པས། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོས་ལྟ་སྨོས་ཀྱང་ཅི་དགོས། ཞེས་མཚན་ཉིད་གསུམ་གསལ་བར་བསྟན་ཏོ། །འོ་ན་ལང་ཀར་གཤེགས་པ་ལས། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་
ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་བདེན་གཉིས་ཡོད་མཉམ་དང་མེད་མཉམ་དུ་མི་འགྱུར་རམ་ཞེ་ན། འདི་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཁྲུལ་ངོར་ཡོད་ཀྱང༌། དོན་དམ་དུ་མེད་པར་བསྟན་པ་ཡིན་ཏེ། དེ་ཉིད་ལས། ཆོས་རྣམས་རང་བཞིན་མེད་པ་ལ། །དམ་པའི་དོན་དུ་འདོད་ན་ནི། །དམིགས་པ་རང་བཞིན་མེད་པ་ལ། །དེ་བཞིན་ཀུན་རྫོབ་བསྟན་པ་ཡིན། །ཞེས་རང་བཞིན་མེད་ཙམ་དོན་དམ་མ་ཡིན་པར་བཤད་པ་དང༌། ཡང་དག་ཡེ་ཤེས་དེ་ཉིད་ནི། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་ཡེ་ཤེས་དེ་བཞིན་ཉིད་དུ་བཤད་པས་སོ། །གཞན་ཡང༌། ཡང་དག་ཉིད་ཀྱང་སྐབས་དེར་མིན། །གང་ཕྱིར་སྐབས་དེར་ཡང་དག་ན། །ནོར་བ་ཡང་དག་ཉིད་དུ་འགྱུར། །ཞེས་གསུངས་པའང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་ན། ཡང་དག་ཏུ་ཡང་འཛིན་པ་དང་བྲལ་བར་བཤད་པ་ཡིན་གྱི། ཡང་དག་པ་མེད་པར་བཤད་པ་མ་ཡིན་ནོ། །དེ་ལྟར་ན། གཞན་སྟོང་དབུ་མའི་ཚུལ་མཆོག་འདི་ནི་འཁོར་ལོ་གསུམ་ཆར་གྱི་དགོངས་པ་མཐར་ཐུག་ཏུ་འགྱུར་མོད་ཀྱི། གང་ལ་གཙོ་བོར་བསྟན་པའི་མདོ་སྡེ་ནི། ཤེས་ཕྱིན་ཉི་ཁྲི་ལྔ་སྟོང་པའི་བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་དང༌། དགོངས་པ་ངེས་པར་འགྲེལ་པ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་དང༌། ཕལ་བོ་ཆེ་རྣམས་སུ་ཐུན་མོང་དང་གོ་བསྟུན་པ་རྣམས་བཤད། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་སེང་གེ་སྒྲས་ཞུས་པའི་མདོ་ལ་སོགས་པ་འཕགས་པ་དཀོན་མཆོག་བརྩེགས་པའི་ནང་ཚན་འགའ་ཞིག་དང༌། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་དང༌། གསེར་འོད་དམ་པ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དང༌། ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་དང༌།
སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་དང༌། འཕགས་པ་སྤྲིན་ཆེན་པོ་དང༌། འཕགས་པ་དཀོན་མཆོག་སྤྲིན་དང༌། འཕགས་པ་རྔ་བོ་ཆེའི་ལེའུ་ཞེས་བྱ་བའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། རབ་ཏུ་ཞི་བ་རྣམ་ངེས་ཀྱི་ཏིང་ངེ་འཛིན་གྱི་མདོ་ལ་སོགས་པ་རྣམས་དང༌། སྔགས་ཀྱི་རྒྱུད་སྡེ་ཕལ་ཆེར་ནས་ཆེས་ཐུན་མོང་མ་ཡིན་པའི་དོན་རྣམས་ཤིན་ཏུ་གསལ་བར་གསུངས་པ་རྣམས་ལ་བརྟེན་པ་ཡིན་ནོ། །འཁོར་ལོ་བར་བའི་དངོས་བསྟན་ཕལ་ཆེར། མཉམ་གཞག་ཟབ་མོའི་དབྱིངས་ལ་མཉམ་པར་འཇོག་པའི་ཚེ། གང་དུའང་མི་དམིགས་པར་འཇོག་པ་ལ་གཙོ་བོར་སྦྱོར་ཞིང༌། ཤེས་བྱ་གཏན་ལ་འཕེབས་པའི་སྒོ་ནས་གསུངས་པ་རྣམས་ནི། བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་པར་སྟོན་པ་ཉིད་ཀྱིས་བཀྲལ་བ་ལྟར་གཞན་སྟོང་དུ་འགྲེལ་བར་བྱེད་དོ། །དཀོན་མཆོག་ཏ་ལ་ལ་སོགས་པའི་མདོ་སྡེ་འགའ་ཞིག་རང་སྟོང་སྟོན་པར་འཁྲུལ་བའང་ཡོད་མོད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། ལམ་དང་འབྲས་བུའི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་སྡེ་འབྱམས་ཀླས་པ་རྣམས་ནི་གཉིས་ཀར་དང་འབྲེལ་ལ། འཕགས་པ་སངས་རྒྱས་ཀྱི་ས་དང་ཆོས་ཡང་དག་པར་སྡུད་པ་ལ་སོགས་པ་ལྷག་མ་ཕལ་ཆེར་དབུ་མའི་ལུགས་འདི་དང་མཐུན་པ་མང་པ་ཡིན་ནོ། །འོ་ན་སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལོགས་ན་མེད་པར་འགྱུར་སྙམ་ན། མདོ་སྡེ་ནི་ལོགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་པ་བཞིན་ནོ། །སེམས་ཙམ་པའི་བསྟན་བཅོས་ཐོར་བུ་འགའ་ཞིག་ནི་ཡོད་པར་གསལ་ན་ཡང༌། བྱམས་ཆོས་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲང་བ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་སོགས་ཐོགས་མེད་ཀྱི་སྔོན་དུ་བྱུང་བའི་བསྟན་བཅོས་ནས་བཀག་པ་སོགས་ཀྱིས་འཕགས་པ་ནཱ་གརྫུ་ནའི་སྔ་རོལ་ཏུ་བྱུང་བའི་ཕྱིར་རོ། །དེས་ན་བཙུན་པ་ཆེན་པོ་ཨ་བི་
ཏརྐ་དང༌། ཛྙཱ་ན་ཏ་ལ་སོགས་པ་རྣལ་འབྱོར་སྤྱོད་པ་བའི་སློབ་དཔོན་ལྔ་བརྒྱ་བྱུང་བར་གྲགས་པ་ལྟར་ཡིན་པར་མངོན་ནོ། །དེ་དག་གི་བསྟན་བཅོས་ནི་བོད་དུ་མ་འགྱུར་བ་ཡིན་ཏེ། སྡེ་བ་བཅོ་བརྒྱད་ཀྱི་བསྟན་བཅོས་རྣམས་བཞིན་ནོ། །དེས་ན་ལང་ཀར་གཤེགས་པ་ལས། །རྒྱུ་མེད་པར་ནི་སྨྲ་བས་ན། །རྒྱུ་མེད་པར་ནི་ལྟ་བར་རྟོགས། །ཕྱི་རོལ་དངོས་པོ་མ་རྟོགས་ཕྱིར། །དབུ་མ་འཇིག་པར་བྱེད་པར་འགྱུར། །ཞེས་དོན་དམ་དབུ་མ་འགོག་པའི་ལུགས་རང་སྟོང་པ་དང༌། ཡང༌། ཆད་པའི་ལྟ་བར་འགྱུར་སྙམ་པས། །དངོས་པོ་འཛིན་པ་མི་སྟོང་སྟེ། །ཞེས་ཀུན་རྫོབ་ཚད་གྲུབ་ཏུ་འདོད་པ་རྣམས་ཏེ། དེ་བཞིན་དུ། སྐུར་པ་དང་ནི་སྒྲོ་འདོགས་པས། །དབུ་མ་དག་ནི་སྟོན་པར་འགྱུར། །ཞེས་དེ་དག་དབུ་མ་ཆེན་པོ་མ་ཡིན་པར་གསུངས། སེམས་ཙམ་དུ་ནི་རྟོགས་པ་དང༌། །ཕྱི་རོལ་དངོས་པོ་རྣམ་གསལ་བས། །རྣམ་པར་རྟོག་པ་རྣམས་བཟློག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །ཞེས་ཕྱི་དོན་དང་རྣམ་རིག་གཉིས་ཀ་བཀག་པ་དང༌། གཞན་ཡང༌། ཡོད་དང་མེད་པ་སྤངས་པ་ཡི། །གྲུབ་པ་ཡི་ནི་དངོས་པོ་ཡོད། །དངོས་པོ་ཡོད་མེད་རྣམ་གྲོལ་བའི། །རང་བཞིན་གཉིས་སུ་ཇི་ལྟར་འགྱུར། །ཞེས་ཡོངས་གྲུབ་གཟུང་འཛིན་གཉིས་ལས་འདས་པ་ཡོད་པར་གསུངས་ཏེ། གཞན་སྟོང་དབུ་མའོ། །དེས་ན། སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་སྟེ། །དབུ་མ་ཡི་ནི་ལམ་འདི་ཡང༌། །ང་དང་གཞན་དག་གིས་ཀྱང་བཤད། །ཅེས་འཁྲུལ་སྣང་མེད་པས་གྲུབ་མཐའ་བཞིའི་སེམས་ཙམ་ལས་འདས་པ། སེམས་ལས་གཞན་དུ་མེད་པར་ཡང་འདོད་པས་སེམས་ཙམ་དང་ཡང་མཐུན་པའི་དབུ་མའི་ལམ་དེ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་བཤད་དོ། །ཟབ་ཅིང་རྟོགས་དཀའ་ཐེག་མཆོག་དམ་ཆོས་འདི། །མཐའ་ཡས་འགྲོ་བ་ཀུན་གྱིས་མྱུར་རྟོགས་ནས། །
རྒྱལ་བ་རྒྱལ་སྲས་སྤྱོད་ཡུལ་རླབས་ཆེན་ལ། །སྤྱོད་པའི་དོན་དུ་དགེ་བ་འདི་དག་བསྔོ། །ཞེས་པ་འདི་གཞན་སྟོང་དབུ་མའི་རྒྱན་ལ་ཉེ་བར་མཁོ་བའི་ལུང་སྦྱོར་མདོ་ཙམ་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ། །མངྒ་ལཾ། །ཤུ་བྷཾ། །