གསོལ་འདེབས་རྒྱལ་བ་ཀུན་གྱི་ཡབ་གྱུར་མའི་རང་འགྲེལ།
ཤོག་སྟོང་།
ཤོག་སྟོང་།
ཤོག་སྟོང་།
གསོལ་འདེབས་རྒྱལ་བ་ཀུན་གྱི་ཡབ་གྱུར་མའི་རང་འགྲེལ་བཞུགས།
ཨོཾ་སྭཱ་སྟི། རྒྱལ་བ་ཀུན་གྱི་ཡབ་གྱུར་རྒྱལ་བའི་སྲས། །སྲིད་ཞི་ཀུན་སྤངས་སྲིད་ཞི་ཀུན་གྱི་བདག །དཔལ་ལྡན་འཁོར་ལོ་སྡོམ་པ་བླ་མའི་ཚུལ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །འདིར་བསྟོད་པའི་དོན་འཆད་པ་ལ། བསྟོད་པ་དངོས་ཀྱི་དོན་དང༌། འཇུག་གི་དོན་ནོ། །དང་པོ་ནི་དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་ནི་བླ་མའི་ཡོན་ཏན་སངས་རྒྱས་དང་དབྱེར་མེད་སྟོན་པ་ནི། བརྗོད་པར་བྱའོ། བསྟོད་པའི་བསོད་ནམས་རྒྱ་ཆེན་པོ་འབྱུང་བ་ནི་དགོས་པའོ། །བསོད་ནམས་ཀྱི་མཐུས་ཚོགས་གཉིས་ཡོངས་སུ་རྫོགས་ནས་སངས་རྒྱས་པ་ནི། དགོས་པའི་ཡང་དགོས་པའོ། །ཕྱི་མ་ཕྱི་མ་སྔ་མ་སྔ་མར་རག་ལས་པ་ནི་འབྲེལ་པའོ། །གཉིས་པ་ནི། རྒྱལ་བ་ཀུན་གྱི་ཡབ་གྱུར། ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་ལས། ཚིག་རྐང་དང་པོ་ནི་རྒྱུའི་སྒོ་ནས་བསྟོད། གཉིས་པས་ནི། འབྲས་བུའི་སྒོ་ནས་བསྟོད། གསུམ་པ་དང་བཞི་པས་ནི་མཛད་པའི་སྒོ་ནས་བསྟོད་པའོ། །གསུམ་པ་ནི་ཁྱོད་ནི་རྒྱལ༵་བ༵་ཀུན༵་བསྐྱེད་པར་བྱེད་པའི་
ཡ༵བ་ཏུ་གྱུར༵་པ་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོ་སངས་རྒྱས་ཀུན་ལས་ཀྱང་སྔར་སངས་རྒྱས་ཡིན་ཀྱང་ཕྱོགས་བཅུའི་རྒྱལ༵་བ༵་ཐམས་ཅད་ཀྱིས་སྲས༵་ཀྱི་ཚུལ་བཟུང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པས་སེམས་ཅན་གྱི་དོན་མཛད་པར་སྟོན་པ་དང༌། ཇི་སྐད་དུ། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་གསུངས་པ་ལྟར། སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་གཟིགས་པས་སྲིད༵་པའི་མཐའ་སྤངས་ཤིང༌། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་སྤྱོད་པའི་ཞི༵་བ་ཆད་པས་མྱང་འདས་ཀྱི་མཐའ་ཀུན༵་སྤང༵ས་མོད་ཀྱིས། ཁྱོད་ཀྱིས་སྲིད༵་པའི་སེམས་ཅན་ཐམས་ཅད་དང་ཉན་ཐོས་རང་རྒྱལ་ལ་ སོགས་པ ་ཞི༵་བའི་གོ་འཕང་ཐོབ་པ་ཀུན༵་གྱི༵ས་བད༵ག་པོའམ། གཙོ་བོའམ་བླ་མར་གྱུར་པ་ཡིན་ནོ། །གསུམ་པ་ནི། མཛད་པའི་སྒོ་ནས་དཔ༵ལ་ལྡན༵་འཁོ༵ར་ལོ༵་སྡོམ༵་པ༵་ཧེ་རུ་ཀ་ཉིད་བླ༵་མ༵་དམ་པ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་ལྡན་པའི་ཚུལ༵་བཟུང་ནས། འགྲོ་བའི་དོན་སྤྱོད་པའི་བླ་མ་དང་ལྷག་པའི་ལྷས་རྗེས་སུ་བསྩལ་བའི་མིང་ཏཱ་ར་ནཱ་ཐ་སྒྲོལ༵་བ༵འི་མགོ༵ན་
པོ༵་ཞེས་བྱ་བའི་ཞབས༵་ལ༵་གསོ༵ལ་བ༵་འདེབ༵ས་སོ། །ཞེས་པའོ། །མཚན་ཉིད་དང་མི་ལྡན་པའི་སློབ་དཔོན་གང་ཞེ་ན། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག ཁེངས་ཤིང་ཆགས་ལ་མ་བསྡམས་པ། རང་འདོད་བླ་མ་སློབ་མའི་ནི། །བློ་བཟང་ལྡན་པའི་མི་བྱའོ། །ཞེས་པའི་སྐྱོན་ནི་རྣམས་སྤངས་ཤིང༌། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་དེ། །དང་བའི་བདག་ཉིད་དབང་པོ་བཏུལ། །ཞེས་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། ཁྱད་པར་ཚིག་ཅིག་གིས་སངས་རྒྱས་ལ་དཀྲི་བར་བྱེད་པ་ལ། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེའི་རྣམ་པ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་གྱུར། །དབང་པོ་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་བཞུགས་པ་གང་ཡིན་པ། །དེ་ལས་ལྷན་ཅིག་སྐྱེས་པའི་བདེ་བ་འཕོ་བ་མེད་པའི་རང་བཞིན་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གིས་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། ཞེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། ཐིག་ལེ་འགྱུར་བ་མེད་པའི་བདེ་ཆེན་རང་གིས་ཀྱང་ཉམས་སུ་མྱོང་ཞིང༌། དེ་ལྟ་བུའི་ལམ་ལ་སློབ་མ་ཡང་དཀྲི་བར་ནུས་པ་སྟེ། མཚན་ཉིད་དེ་དག་ལྡན་དགོས་ལ། འདི་ཉིད་དང་ལྡན་ན་གོང་གི་ཐམས་ཅད་དང་མི་ལྡན་ཡང་ཚེ་གཅིག་སངས་རྒྱས་ལ་དཀྲི་བར་ནུས་པའི་སློབ་དཔོན་ཡིན་
ལ། དེ་གཉིས་དང་མི་ལྡན་པ་ནི་གོང་དུ་བཤད་པ་བཞིན་ཐམས་ཅད་ཚང་ཀྱང༌། སྐྱེ་བ་འདི་ཉིད་ལ་མཆོག་སྟེར་བར་མི་ནུས་པའི། ཡོན་ཏན་དེ་གཉིས་ཚང་བ་གལ་ཆེའོ། །ཚིག་རྐང་དང་པོས་རྒྱལ་བ་ཀུན་གྱི་སྲས་སུ་བསྟན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་ཞུགས་པའི་བསོད་ནམས་ཀྱིས་ཚོགས་དང༌། ཆོས་ཉིད་མངོན་སུམ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་དང་ལྡན་པར་གྱུར་པ་ནི། རྒྱུ་ཚོགས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །གཞན་ཡང་འདིར་ཚིག་རྐང་དང་པོས་རྒྱལ་བ་ཀུན་གྱི་ཡབ་ཡིན་པར་བསྟན་ལ། གཉིས་པ་དེའི་ཡོན་ཏན་གྱི་ཁྱད་པར་རྣམས་བཤད། རྐང་པ་ཕྱི་མ་གཉིས་ཀྱི་ནི། མི་གནས་པའི་མྱ་ངན་ལས་འདས་པ་ནི་སངས་རྒྱས་ལ་མ་གཏོགས་གཞན་ལ་མེད་པས། སངས་རྒྱས་གང་ཡིན་པའི་མཚན་ཉིད་ཡང་ཅི་སྙམ་ན། དཔལ་ལྡན་འཁོར་ལོ་སྡོམ་པ་ཞེས་སྒྲོལ་འགྲེལ་ལོ། །ཚིག་རྐང་དང་པོ་གཉིས་ཀྱིས་ཚིག་རྒྱན་ནི་དགའ་རྒྱན་ཞེས་བྱ་བ། ཚིག་འགལ་འགལ་འདྲ་ཡང་དོན་མི་འགལ་ཏེ། སྙན་ངག་གི་བརྡ་ཆད་རགས་པ་ཙམ་ཆགས་ན་གོ་མོད་ཀྱིས། ད་ལྟ་ཆེན་པོར་རློམ་པ་རྣམས་ཀྱང་འགའ་ཞིག་ནི་ཚིག་ལ་རྨོངས། ཁ་ཅིག་དོན་ལ་རྨོངས། གཞན་དག་ན་གཉིས་ཀ་ལ་རྨོངས་པ་ཡང་མཐོང་ངོ༌། །འོན་ཀྱང་འདི་ལྟ་བུའི་བླ་མ་ལ་བསྟོད་པ་མི་མཛེས་སམ་སྙམ་ན། དྲང་སྲོང་ཆེན་པོ་ཉི་མའི་ཤིང་རྟས། རང་གི་རྡོ་རྗེ་སློབ་དཔོན་འཇམ་དབྱངས་ཀྱི་སྤྲུལ་པ་མིའི་དབང་པོ་འཇམ་དཔལ་གྲགས་པ་ལ་ཡང་འདི་ལྟར་བསྟོད་དོ། ཁྱོད་ནི་རྒན་ཡང་གཞོན་ནུ་མཐའ་དག་རྒྱལ་བའི་སྲས་
པོ་ཡིན་ཀྱང་ཐོག་མར་དང་པོས་སངས་རྒྱས་ཁྱོད། །བུད་མེད་སྦྱོར་ཤིང་ཚངས་པར་སྤྱོད་ལྡན་མཆོག་གི་ཐུགས་རྗེ་ཉིད་ཀྱི་འཇིག་རྟེན་གཉེན་ཏེ་གཤིན་རྗེའི་དགྲ། ཁྱོད་ནི་ཞི་ཡང་རྡོ་རྗེ་བཟང་པོ་འཆི་བའི་འཇིགས་འཕྲོག་ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། ཁྱོད་ནི་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་སླད་དུ་གྲགས་པ་ཁྱོད་ནི་རབ་ཏུ་འཇུག །ཅེས་དུས་ཀྱི་འཁོར་ལོའི་རྒྱུད་དུ་གསུངས་སོ། །གཉིས་པ་མཇུག་གི་དོན་ལ། བསྐུལ་བ་པོ་རྩོམ་པ་པོ། རྒྱན་ངོས་འཛིན་ཁེངས་:བྱུང[་སྐྱུང]བ་སྟེ། དོན་ཚན་བཞི་ནི་འདི་ལྟར་བསྐུལ་བ་པོ་ཀུན་དགའ་སྐྱབས་གྲོལ་གྱི་བསྐུལ་བའི་ཕྱིར། བརྩམ་པ་པོ་ཏཱ་ར་ནཱ་ཐ་ཡིས། སྙན་ངག་གྱི་རྒྱན་ནི། ཆུང་ངུ་ལའང་ཆེན་པོར་སྒྲོ་བཏགས་པའི་ཕུལ་ཕྱུང་གི་རྒྱན་གྱིས་རབ་ཏུ་བརྒྱན་ཏེ། རང་ལ་མངོན་པའི་ང་རྒྱལ་མེད་མོད་ཀྱང༌། གཞན་གྱིས་བསྐུལ་བའི་ཕྱིར་གཡར་ཁྲལ་ཁོ་ན་ཉིད་དུ་སྨྲས་པའོ། །ཞེས་པ་ནི་བསྟོད་ཡུལ་རང་ཉིད་ཀྱིས་བསྟོད་པ་འགྲེལ་པ་དགེ་སློང་བསོད་ནམས་ཕུན་ཚོགས་ཀྱིས་བསྐུལ་ནས་གནས་རྙིང་གཟིམས་ཁང་དུའོ། །མངྒ་ལམ།། །