ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པའི་རྣམ་བཤད་ཟིན་བྲིས།
ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པའི་རྣམ་བཤད་ཟིན་བྲིས་དབུ་ཕྱོགས་ལེགས་པ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭཱ་སྟི། འདིར་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ཞེས་བྱ་བ་འདི་འཆད་པ་ལ། ཐོག་མར་མཚན་གྱི་དོན་ནི། ཐེག་མཆོག་ནི་ཐེག་པ་ཆེན་པོ་ཡིན་ཞིང་ཤིན་ཏུ་རྒྱས་པའི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན། དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཟླས་ཕྱཻ་བའི་དེ་ཡིན་ནོ། །གསུང་རབ་ཡན་ལག་བཅུ་གཉིས་ནི། མདོ་སྡེ་དབྱངས་བསྙད་ལུང་དུ་སྟོན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་བ། །སྐྱེ་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས་པ་ལྟར་མདོ་སྡེ་ནི་ཉན་ཐོས་ཀྱི་མདོ་སྡེ་སྟེ་བརྗོད་བྱའི་དོན་རྣམས་ཚིག་ལྷུག་པའི་ཚུལ་གྱིས་བརྗོད་པའོ། །དབྱངས་བསྙད་ནི་དེ་དག་གི་དོན་རྣམས་
ཚིགས་བཅད་ཀྱི་ཚུལ་གྱིས་སྡེབས་པའོ། །ལུང་དུ་བསྟན་པ་ནི་མ་འོངས་པ་ན་འདི་དང་འདི་ལྟ་བུ་འབྱུང་ངོ༌། །ཞེས་སྟོན་པ་ལྟ་བུའོ། །ཚིགས་བཅད་ཀྱི་སྡེ་ནི་བརྗོད་བྱའི་དོན་གཟིགས་ནས་དེ་ཉིད་ཚིགས་སུ་བཅད་པའོ། །ཆེད་བརྗོད་ནི་དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པའོ། །གླེང་གཞིའི་སྡེ་ནི་ཉན་ཐོས་ཀྱི་འདུལ་བ་ནས་འབྱུང་བ་ལྟར་སྔོན་བྱུང་གི་གླེང་གཞི་རྣམས་སོ། །རྟོགས་བརྗོད་ནི་སྔོན་འདི་བྱས་པའི་ད་ལྟ་འདི་ལྟ་བུ་བྱུང་ངོ༌། །ཞེས་ལོ་རྒྱུས་ཀྱི་ཚུལ་གྱིས་བསྟན་པའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་ཤཱ་རིའི་བུ་སོགས་ཉན་ཐོས་ཀྱི་སྐྱེ་རབས་རྣམས་སོ། །སྐྱེ་རབས་ཀྱི་སྡེ་ནི་འོ་སྐོལ་གྱི་སྟོན་པའི་འཁྲུངས་རབས་ལྟ་བུ་བྱང་ཆུབ་སེམས་དཔའི་སྐྱེ་རབས་རྣམས་སོ། །ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སོ། །རྨད་དུ་བྱུང་བའི་སྡེ་ནི་ཡ་མཚན་པ་སྟེ་སྟོང་གསུམ་ནོར་གྱིས་བཀང་སྟེ་སྦྱིན་པ་བཏང་བ་བས་མཆོད་རྟེན་སྐྱུ་རུ་རའི་འབྲས་བུ་ཙམ་བཞེངས་པ་
ཡང་བསོད་ནམས་ཆེའོ་ཞེས་པ་ལྟ་བུའོ། །གཏན་ལ་དབབ་པའི་སྡེ་ནི་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པས་མདོ་སྡེའི་དོན་གཏན་ལ་འབེབས་པའོ། །དེ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་མདོ་སྡེའི་ངོས་འཛིན་ཉན་ཐོས་ཐེག་ཆེན་སྤོང་བ་རྣམས་ཉན་ཐོས་ཀྱི་མདོ་སྡེའི་ནང་ཚན་ཞིག་ཡིན་པར་འདོད་མོད། མདོ་སྡེ་འདི་ནི་ཐེག་ཆེན་ལ་བསྐུར་བ་བཏབ་པའི་སྐྱོགས་བཤད་དོ། །ཤིན་ཏུ་རྒྱས་པའི་སྡེ་ནི་ཟབ་ཅིང་རྒྱ་ཆེ་བར་གྱུར་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཡིན་ཞིང༌། དེས་ན་འདིར་བསྟན་པའི་དབུ་མ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་ཟབ་མོའི་དོན་ཡིན་པར་སྟོན་པའོ། །དབུ་མ་ཆེན་པོ་ནི། སྤྱི་དབུ་མ་ཞེས་པ་གྲུབ་མཐའ་སྨྲ་བ་བཞྀའི་ཟླས་ཕྱེ་བའི་དབུ་མ་དེ་ཡིན་ཞིང༌། དེ་ལ་ཡང་རང་སྟོང་སྨྲ་བའི་དབུ་མ་ནི་དབུ་མ་ཆུང་ངུ་དང། གཞན་སྟོང་སྨྲ་བའི་དབུ་མ་ནི་དབུ་མ་ཆེན་པོའོ། །དེ་ལྟར་འཇོག་པའི་རྒྱུ་མཚན་ཡང༌། ཐལ་རང་སོགས་རིགས་པས་དཔྱད་པའི་རྗེས་དཔག་ལ་བརྟེན་ནས་སྙེད་པའི་སྟོང་པ་ཙམ་ལ་དབུ་མར་འཇོག་པའི་ཕྱིར་དབུ་མ་ཆུང་ངུ་དང༌། ཕྱྀ་མ་ནི་དཔྱད་པ་མེད་པར་རྣམ་པར་མི་རྟོག་པའི་ཚུལ་གྱི་བཞག་པའི་གནས་ལུགས་ཀྱི་དོན་ལ་དེར་བཞག་པའི་ཕྱིར་དབུ་མ་ཆེན་པོའོ། །རྣམ་པར་ངེས་པ་ནི་ལུང་དང་རིགས་པ་ལ་བརྟེན་ནས་ཤིན་ཏུ་ངེས་པར་བྱས་པའོ། །དེ་ཡང་ལུང་གིས་སྒྲུབ་པ་དང་གོ་བ་ཙམ་མ་ཡིན་པར་རིགས་པས་བསྒྲུབ་ཅིང་ངེས་པར་བྱས་པ་ནའོ། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་གཞུང་གི་མཆོད་བརྗོད་དངོས་མ་ཡིན་གྱི་མཚམས་སྦྱོར་བའི་གླེགས་བམ་བསྒྲིགས་པའི་དོན་ནོ། །ད་ནི་གཞུང་གི་དོན་ལ། གཞུང་ལ་འཇུག་པ་དང༌། གཞུང་དངོས་དང༌། ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ། མཆོད་བརྗོད། དམ་བཅའ། དགོས་པའི་དོན་དང་གསུམ་ལས།དང་པོ་ལ། མཆོད་བརྗོད་ཀྱི་ཡུལ་ནི་བོད་ཀྱི་ཡུལ་འདིར་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ཐོག་མར་འབྱེད་པ་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་ཡིན་ཞིང༌། དེ་ཉིད་ཀྱི་ཕྱིར་ན། དམ་པ་དེ་ཉིད་འདིར་མཆོད་པར་བརྗོད་པའི་ཡུལ་ལོ། །དེ་ལ་མཆོད་པར་བརྗོད་པ་ལ། ལུང་གི་སྒོ་ནས་བརྗོད་པ་དང༌། རིགས་པའི་སྒོ་ནས་བརྗོད་པ་གཉིས་ལས། དང་པོ་ནི། དམ་པ་དེ་ཉིད་ངེས་དོན་དུ་རྒྱལ་བ་ཀུན་འདུས་པའི་ངོ་བོ་ཡིན་ལ། དྲང་དོན་དུ་ནི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་ཡང་ཡིན་ནོ། །དེ་ཉིད་རྒྱལ་བའི་ཆོས་འཛིན་པ་པོ་ཡང་ཡིན་ཏེ། སྤྱིར་ཐོས་བསམ་སྒོམ་གསུམ་དང༌། སྦྱིན་པ་དང་ཚུལ་ཁྲིམས་དང༌། བཟོད་པ་བསྒོམ་པ་སོགས་ཀྱང་རྒྱལ་བའི་ཆོས་འཛིན་པ་ཡིན་མོད། འོན་ཀྱང་འདིས་དངོས་བསྟན་རྒྱལ་བའི་ཆོས་ཀྱི་སྙིང་པོ་ངེས་དོན་གྱི་ལྟ་གྲུབ་ཡང་དག་པར་འཛིན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ན་རྒྱལ་བ་དང་མཛད་པ་མཚུངས་པ་དེ་མཉམ་པའོ། །སྤྱིར་རྒྱལ་བ་ནི་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ལ་འཇོག་ཅིང༌། དེ་ཡང་གཡུལ་ལས་རྒྱལ་
བ་དང་ནད་ལས་རྒྱལ་བ་སོགས་ལ་ཡང་རྒྱལ་བའི་དོན་ཙམ་འཇུག་ཀྱང༌། འདིར་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྒྱལ་བས་ན་རྒྱལ་བའི་མཆོག་ཏུ་གྱུར་པ་ཡིན་ཞིང༌། རྒྱུ་མཚན་དེའི་ཕྱིར་ན་གཞན་དང་མཚུངས་པ་མེད་པ་ཡང་ཡིན་ཞིང༌། དེ་ཉིད་རྒྱལ་བ་སྟོན་པ་སངས་རྒྱས་ཀྱིས་མདོ་སྡེ་རྣམས་སུ་ལྔ་བརྒྱ་ཐ་མའི་དུས་སུ་ངེས་དོན་གྱི་བསྟན་པ་དར་བར་ཡང་ནས་ཡང་དུ་ལུང་བསྟན་པ་ཡིན་ནོ། །དེ་ལྟར་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྒྱལ་བ་དམ་པ་དེ་འདྲེན་པའི་མཆོག་རྒྱལ་བ་རྫོགས་པའི་སངས་རྒྱས་ཡིན་པར་ཡིད་གཉིས་སྤངས་པ་དེ་ཐེ་ཚོམ་དང་བྲལ་བའོ། །རིགས་པའི་སྒོ་ནས་མཆོད་པར་བརྗོད་པ་དེ་དག་ནི་ལུང་གི་དོན་ལས་བསྟན་པ་ཡིན་ཞིང༌། དེར་མ་ཟད་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱི་མངོན་སུམ་དུ་མཐོང་བ་ནི་འོག་ནས་འཆད་པར་འགྱུར་བའི་ཡོན་ཏན་རྣམས་ཡིན་ཞིང་དེ་ཉིད་མངོན་སུམ་དུ་རིགས་པས་གྲུབ་པ་ཡིན་ནོ། །དེ་ཡང་སྐྱེས་བུ་དམ་པ་གང་ཞིག་ཕྱག་འཚལ་ཞིང་གུས་པ་བྱ་བའི་གནས་ཡིན་ནོ། །རྒྱུ་མཚན་ཅི་ཞེ་ན། སོ་སོར་ཐར་པ་དང༌། བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་སྡོམ་པའི་ཉེས་ལྟུང་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པས་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང༌། གང་འདི་ཐར་པ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པའི་ཐབས་ནང་རིག་པ་གཙོ་བོར་གྱུར་པའི་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པ་དང༌། སྐྱེས་བུ་དམ་པ་གང་ལ་སེམས་
ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་དང༌། དེ་ཀུན་ནས་བསླང་བའི་གཞན་ཕན་རྒྱ་ཆེན་པོ་སྒྲུབ་པ་སྟེ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་མངའ་བའི་ངང་ཚུལ་དང་ལྡན་པ་སྟེ། སྤྱིར་དེ་གསུམ་གང་རུང་དང་ལྡན་པ་ཡང་ཕྱག་བྱ་བའི་གནས་ཡིན་ཀྱང༌། དེ་གསུམ་ཆར་དང་ལྡན་པ་ནི་ལྷག་པར་ཕྱག་བྱ་བའི་གནས་སུ་གྱུར་པས་ཕྱག་འཚལ་ཞེས་པའོ། །སྐྱེས་བུ་དམ་པ་གང་ཞིག་ཆེན་པོར་རློམ་པའི་ང་རྒྱལ་དང༌། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་དང༌། རྩུབ་སེམས་ཏེ་ཞེ་སྡང་དང་ཁོང་ཁྲོ་དང་འཁོན་འཛིན་ལ་སོགས་པ་མེད་པའོ། །མཆོད་ཡུལ་གང་ཞིག་སྲོག་གི་ཕྱིར་དུ་ཆོས་མི་སྤོང་ཞིང༌། དགེ་བའི་བཤེས་གཉེན་རྣམས་ལ་བསྐུར་྄པ་མི་འདེབས་པ་སོགས་སྐྱེས་བུ་དམ་པ་མི་སྤོང་བ་དང༌། མཆོད་ཡུལ་གང་ཞིག་རང་གི་བསླབ་ཤེས་སྤང་རྟོགས་སོགས་ཀྱི་ཡོན་ཏན་གཞན་གྱི་ངོར་མངོན་དུ་ངོམ་པར་མི་བྱེད་པ་སྟེ། དེ་གསུམ་དང་ལྡན་པ་ཡང་སྐྱེས་བུ་དམ་པ་ཡིན་པའི་ཕྱིར་མོས་པའི་ཡུལ་དེ་ཕྱག་འཚལ་ཞེས་པའོ། །གཞན་ཡང་མཆོད་ཡུལ་གང་ཞིག་ལ། ཡོན་ཏན་ཁྱད་པར་ཅན་གཞན་ཡང་ཡོད་དེ་གང་ཟག་གཞན་གྱི་སྟོབས་ལ་མ་ལྟོས་པ་རང་ཉིད་ཀྱི་བླཽ་གྲོས་ཀྱིས་བཅོམ་ལྡན་འདས་ཀྱི་མདོ་སྡེ་ཟབ་མོ་རྟོགས་དཀའ་བ་རྣམས་ཀྱིས་དགོངས་པའི་དོན་དཔྱིས་ཕྱིན་པ་ཤིང་རྟའི་སྲོལ་གསར་དུ་ཕྱེ་བའི་ཚུལ་གྱི་ངེས་པར་འགྲེལ་བ་དང༌། དེ་ཡང་གཞན་ལ་མ་ལྟོས་པར་བླཽ་གྲོས་ཀྱི་རྩལ་གྱིས་
དགོངས་འགྲེལ་བྱེད་ནུས་པ་ནི་ས་ཐོབ་པའི་རྟགས་ལས་འབྱུང་སྟཻ། རྒྱན་ལས། བརྩེ་དང་སྙན་པར་སྨྲ་བ་དང༌། །བསྟན་པ་ཉིད་དང་ལག་བརྒྱད་དང༌། །དགོངས་པ་ཟབ་མོའི་ངེས་འགྲེལ་བ། འདི་དག་བླཽ་ལྡན་རྣམས་ཀྱི་རྟགས་ཞེས་སོ། །མཆོད་ཡུལ་གང་ལ་ཡུལ་དུས་གནས་སྐབས་དེར་སྔོན་མེད་པའི་ལྟ་བ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། དེའི་གྲུབ་མཐའ་རྣམ་པར་དག་པས་མཛེས་པ་དང༌། མཆོད་ཡུལ་གང་ཞིག་འདི་དུས་དང་རྣམ་པ་ཀུན་ཏུ་སྒོ་གསུམ་གྱི་བྱ་བ་ཐམས་ཅད་དམ་པའི་ཆོས་དང་མཐུན་པར་རྩེ་གཅིག་ཏུ་བསྒྲུབ་པ་ལ་མངོན་པར་བརྩོན་པ་སྟེ། དེ་གསུམ་དང་ལྡན་པ་དང༌། གང་ཟག་གཞན་གང་ལས་རྨད་དུ་བྱུང་བ་སྟེ་ཁྱད་པར་དུ་འཕགས་པ་འགྱུར་ཞིང་ཡ་མཚན་པར་གྱུར་པས་གུས་པས་གནས་ཡིན་ཞིང་ཕྱག་འཚལ་ཞེས་པའོ། །དེ་རྣམས་ཀྱི་དོན་བསྡུ་ནི། རྟོན་པ་བཞི་ནི། ཚིག་ལ་མི་རྟོན་དོན་ལ་རྟོན་པ་དང༌། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་དང༌། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང༌། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་སྟེ། རྟོན་པ་བཞི་དང་ལྡན་པ་ཀུན་མཁྱེན་ཇོ་ནང་པ་ཤེས་རབ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་དེ་ནི། ངེས་པའི་དོན་གནས་ལུགས་ལ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་ཡིན་ལ། ཡུལ་དེ་དང་དུས་དེར་མཚུངས་པའི་སྐྱེ་བོ་མཆོག་དམན་བླཽ་གཟུ་བོར་གནས་པ་རྣམས་ཀྱི་སྣང་ངོར་གོང་དུ་སྨོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་སོགས་ཡོན་ཏན་གྱི་ཆོས་དགུ་པོ་དེ་རྣམས་ཀུན་དང་ལྡན་པའོ། །
དེ་ལྟ་བུའི་དམ་པ་དེ་ལ་གང་གི་གནོད་པ་བྱས་ཀྱང་བདེ་འབྲེལ་བ་ཞེས་གསུངས་པ་ལྟར་ལས་བཟང་ངན་གྱི་འབྲེལ་བ་ཅི་བཞག་ཀྱང་ཐམས་ཅད་མཁྱེན་པའི་དོན་འབྲས་བུ་མཆོག་ལ་སྦྱོར་བའི་འཕྲིན་ལས་ཅན་ནོ། །གཉིས་པ་འཆད་པར་དམ་བཅའ་བ་ནི། དེ་ལྟར་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་རྟོན་པ་བཞི་ལྡན་གང་དེའི་གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའ་ནི་ངོ་མཚར་ཞིང་རྨད་དུ་བྱུང་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། རྒྱལ་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པའི་དོན་ངེས་པའི་གནད་འདི་སུས་ཀྱང་མི་རྟོགས་པའི་གསང་བ་ཆེན་པོ་འདི་ནི་བོད་ཀྱི་ཡུལ་ལྗོངས་འདིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཐོག་མར་སྲོལ་བཏོད་ཀྱང་དེ་རྣམས་ཕྱིས་ལོ་བརྒྱད་ཅུའི་བར་ཙམ་གནས་ནས། དེ་ནས་དུས་ཡུན་རིང་དུ་སྦས་པ་སྟེ་ནུབ་པ་ཡིན་པ་ལས་སླར་སྤེལ་ཞིང་རྒྱས་པར་བྱ་བའི་ཕྱིར་དུ་དམ་པ་དེའི་གསུང་འཐོར་སྟབས་སུ་གནས་པ་རྣམས་གཅིག་ཏུ་བྱས་པ་དང་མི་གསལ་བ་རྣམས་གསལ་བར་བྱ་བ་དང་ཚིག་རྒྱས་པ་རྣམས་ཚིག་ཉུང་ངུར་བསྡུས་པའི་ཚུལ་གྱིས་ཡང་དག་པར་རྣམ་པར་བཤད་པར་བྱ་ཞེས་པའོ། །གསུམ་པ་དགོས་པའི་དོན་ལ་དོན་ཚན་ལྔ་ལས། དང་པོ་གང་ལ་འཇུག་པའི་ཡུལ་བཟུང་བ་ནི། བསྟན་བཅོས་འདིར་གང་ལ་འཇུག་པའི་ཡུལ་ནི། སྤྱིར་གནས་ལུགས་སུ་འཇོག་པ་ལ་དོན་དམ་བདེན་པ་ཁོ་ན་ལ་འཇོག་པ་ཡོད་ཀྱང་ཀུན་རྫོབ་བདེན་པའི་གནས་ཐབས་ལ་ཡང་གནས་ལུགས་སུ་འཇོག་པ་ཡོད་པས་བདེན་པ་གཉིས་ཆར་
གྱི་གནས་ཐབས་ལ་འཁྲུལ་པ་སྤོང་བའི་རིམ་པས་སོ། །གཞན་སྟོང་དབུ་མ་ཆེན་པོ་ལ་ཞུགས་པའི་དགོས་པ་ནི་མ་འོངས་པ་ན་ཐོབ་འགྱུར་འབྲས་བུ་ཆོས་གསུམ་ད་ལྟ་ཐོབ་འགྱུར་རྒྱུའི་ཆོས་གསུམ་འབྱུང་པས་སོ། །གནས་ལུགས་ལ་འཁྲུལ་པ་སྤོང་པའི་རིམ་པ་གཞིའི་གནས་ལུགས་ཀྱི་གྲུབ་མཐའ་མ་ནོར་བ་དང༌། །ལམ་ཡེ་ཤེས་སྐྱེ་བའི་ཚུལ་གྱི་གྲུབ་མཐའ་མ་ནོར་བ་དང༌། འབྲས་བུ་སངས་རྒྱས་ཀྱི་བཞུགས་ལུགས་དང་མཐུན་པས་མ་ནོར་བ་ལུང་རིགས་ཀྱི་སྐྱོན་ཀུན་ལས་གྲོལ་བ་གནས་ལུགས་དབུ་མའི་ཆོས་གཞན་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། ལྟ་འདོད་མདོར་བསྟན་ལས། བྱེ་བྲག་སྨྲ་དང་མདོ་སྡེ་དང༌། །རྣལ་འབྱོར་སྤྱོད་པའི་གཞུང་རྣམས་སུ། །ཅུང་ཟད་བདེན་དང་མི་བདེན་ཉིད། །ཐམས་ཅད་བདེན་པ་དབུ་མའི་ལུགས། །ཞེས་གསུངས་པ་ལྟར་ཡིན་ལ། འདི་བརྗོད་བྱེད་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ཀྱང་ཡིན་པས། བསྟན་བཅོས་འདི་གང་ལ་འཇུག་པའི་ཡུལ་ནི་དེ་ལྟ་བུ་ཞིག་ངེས་པར་བཟུང་བར་བྱའོ། །གཉིས་པ་དགོས་པ་གང་གི་ཕྱིར་ཏུ་འཇུག་པ་ནི། འོ་ན་བསྟན་བཅོས་འདི་ལ་བརྟེན་ནས་དབུ་མའི་ཆོས་མཆོག་རྙེད་པར་འགྱུར་ཡང་དེ་རྙེད་པ་ལ་དགོས་པ་ཅི་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པའི་ཐབས་ཐུན་མོང་མ་ཡིན་པ་སྟེ་མེད་ན་མི་རུང་བའི་ཐབས་ཁྱད་པར་ཅན་ཡིན་པས་འབྲས་བུ་མཆོག་དེ་ཐོབ་པའི་ཕྱིར་དང༌། ལས་ཉོན་སོགས་འཁོར་བ་ལས་རྣམ་པར་གྲོལ་བ་ས་དང་པོ་རབ་ཏུ་དགའ་བ་སོགས་བྱང་ཆུབ་སེམས་དཔའི་དགའ་སྟོན་རྣམས་
ནི་བར་སྐབས་ཀྱི་འབྲས་བུ་དང༌། འཁོར་བའི་བདེ་བ་ཕུལ་དུ་ཕྱིན་པ་འཁོར་ལོས་བསྒྱུར་རྒྱལ་དང་བརྒྱ་བྱིན་སོགས་ཀྱི་བདེ་བ་ནི་གནས་སྐབས་ཀྱི་འབྲས་བུ་དེ། དེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུར་གྱུར་པ་དད་པ་དང༌། སྙིང་རྗེ་ཤེས་རབ་མཚུངས་པ་མེད་པ་རྣམས་ཡིན་ཞིང་དེ་རྣམས་ལྟ་བ་རྣམ་པར་དག་པ་འདི་ལས་འབྱུང་ངོ༌། །དེའི་རྒྱུ་མཚན་ཡང་སྤྱིར་ཐེག་པ་ཆེན་པོ་རྣམས་སངས་རྒྱས་ནི་ཡོན་ཏན་ཀུན་དང་ལྡན་པ་དང༌། སྐྱོན་ཀུན་ལས་གྲོལ་བ་ཡེ་ཤེས་ཀྱི་རྒྱ་མཚོར་ཆེན་པོའོ། །ཞེས་དད་པ་ཙམ་ཡིན་ལ། འདིར་ནི་སངས་རྒྱས་དང་ཆོས་ཉིད་དབྱེ་བ་མེད་ཅིང་དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་པར་ཤེས་པའི་སྒོ་ནས་ཀྱང་དད་པ་མཚུངས་པ་མེད་པའོ། །སྤྱིར་ཐེག་པ་ཆེན་པོར་སེམས་ཅན་རྣམས་མི་རྟག་པ་ལ་རྟག་པར་འདུ་ཤེས་སྡུག་བསྔལ་བ་ལ་བདེ་བར་འཁྲུལ་བས་འཁོར་བ་ལ་རང་དབང་མེད་པར་འཁྱམ་པ་སྙིང་རེ་རྗེ་སྙམ་པ་ནི་ཉན་ཐོས་ཚུན་གྱི་སྙིང་རྗེ་ཡིན་ཞིང༌། ཐེག་ཆེན་སེམས་ཙམ་པ་ལ་དེ་རྣམས་ཐམས་ཅད་དང༌། རྣམ་རིག་ཙམ་དུ་ཤེས་པའི་སྙིང་རྗེ་དང༌། རང་སྟོང་སྨྲ་བ་རྣམས་ལ་དེའི་སྟེང་དུ་ཀུན་རྫོབ་ཀྱི་ཆོས་འདི་དག་ཐམས་ཅད་རང་བཞིན་སྤྲོས་པ་དང་བྲལ་བ་ཡིན་པ་ལ་དེ་ལྟར་མ་ཤེས་པ་དེ་སྙིང་རྗེ་སྙམ་པའོ། །འདིའི་ཐུན་མོང་མ་ཡིན་པའི་སྙིང་རྗེ་ནི་དེ་དག་གི་སྟེང་དུ་མཚན་དཔེས་སྤྲས་པའི་སངས་རྒྱས་ཀྱི་ཆོས་སེམས་ཅན་ཐམས་ཅད་ལ་གཞི་གདོད་མ་ནས་གནས་པ་ལ་དེ་ལྟར་མ་ཤེས་པར་འཁོར་བར་འཁྱམ་པ་སྙིང་རྗེ་སྙམ་པ་
ནི་གཞན་དང་མཚུངས་པ་མེད་པའི་སྙིང་རྗེའོ། །ཤེས་རབ་ནི་སྤྱིར་ཀུན་རྫོབ་ཤེས་པའི་ཤེས་རབ་དང༌། དོན་དམ་ཤེས་པའི་ཤེས་རབ་གཉིས་ལས། འདིར་ནི་ཕྱི་མ་དེ་ཡིན་ལ་དེ་ཡང་ཐེག་ཆེན་སེམས་ཙམ་པ་རྣམས་ཆོས་ཐམས་ཅད་རྣམ་རིག་ཙམ་དུ་ཤེས་པའི་ཤེས་རབ་དང༌། རང་སྟོང་པ་རྣམས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པའི་ཤེས་རབ་དང༌། འདིར་ནི་སྤྲོས་བྲལ་དེ་ཉིད་སངས་རྒྱས་ཀྱི་སྙིང་པོ་སྐུ་རྣམ་པ་ཐམས་ཅད་པར་ཤེས་པའི་ཤེས་རབ་མཚུངས་པ་མེད་པ་སྟེ། མདོ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟར་ཕྱོགས་བཅུ་ཡི། །ཀུན་ལ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་པའོ། །བསྟན་བཅོས་འདི་ལ་བརྟེན་ནས་གཞན་སྟོང་དབུ་མ་ཆེན་པོ་ལ་ཞུགས་པའི་དགོས་པ་ནི། དབུ་མའི་ལྟ་བ་འདི་ལ་བརྟེན་ནས་རྒྱུ་དད་པ་མཚུངས་མེད་སོགས་གསུམ་པོ་འབྱུང་བ་ལས། དེ་ལ་འབྲས་བུ་བྱང་ཆུབ་མཆོག་སོགས་གསུམ་ཐོབ་པར་འགྱུར་བའི་ཕྱིར་རོ། །གསུམ་པ་གང་ལ་བརྟེན་ནས་འཇུག་པ་ནི། འོ་ན་རྒྱལ་བའི་བཀའ་དང་བསྟན་བཅོས་ལ་མ་བརྟེན་པར་རང་དགར་འཇུག་གམ་ཞེ་ན་མ་ཡིན་ཏེ། སྤྱིར་རྒྱལ་བའི་བཀའ་ཐམས་ཅད་ལ་བརྟེན་ཅིང་བཀའ་ཐམས་ཅད་ལས་ཀྱང་གཞན་སྟོང་དབུ་མ་ཆེན་པོ་ཉིད་སྟོན་པ་ཡིན་ཏེ། བཀའ་དང་པོར་དེ་ཉིད་མི་གསལ་བའི་ཚུལ་གྱིས་བསྟན། བར་བར་ཅུང་ཟད་གསལ་བའི་ཚུལ་གྱིས་བསྟན། ཐ་མར་དེ་ཉིད་མ་སྦས་པར་གསལ་བའི་ཚུལ་གྱིས་བསྟན་པས་སོ། །དེས་ན་འཁོར་ལོ་སུམ་ཅར་མི་འགལ་ཞིང་མཐུན་པར་ཁས་ལེན་ཏེ། དང་པོར་གཟུགས་ཡོད་
པར་གསུངས་པའི་དོན་ནི་ཀུན་རྫཽབ་རྟེན་འབྲེལ་ཙམ་ལ་དགོངས་པ་དང་བར་བར་སྤྲོས་བྲལ་དུ་གསུངས་པ་ནི་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་དགོངས་པ་ཡིན་པས། དང་པོ་དང་བར་བ་ཡང་གཞན་སྟོང་གསུངས་ཀྱང་མི་གསལ་བ་ཙམ་དུ་གསུངས་པ་ཡིན་ལ། ཐ་མར་ནི་ཐང་བརྡལ་བའི་ཚུལ་གྱིས་རྒྱས་པར་གསུངས་སོ། །དེས་ན་སྤྱིར་རྒྱལ་བའི་བཀའ་ཐམས་ཅད་དང་གཙོ་བོར་གྱུར་པ་སྙིང་པོའི་མདོ་བཅུ་སོགས་ངེས་དོན་གྱི་མདོ་རྣམས་དང༌། བསྟན་བཅོས་རྣམས་ཀྱིས་མཆོག་ཏུ་གྱུར་པ་ས་བཅུའི་དབང་ཕྱུག་བྱམས་པས་མཛད་པའི་བསྟན་བཅོས་ལྔ། འཇམ་དཔལ་གྱིས་མཛད་པའི་ལྟ་འདོད་མདོར་བསྟན་ཞལ་ལུང་སོགས་དང༌། གཞན་སེམས་འགྲེལ་སྐོར་གསུམ་སོགས་དགོངས་འགྲེལ་ཁྱད་པར་ཅན་རྣམས་དང༌། རྒྱལ་བས་དྲང་ངེས་འབྱེད་པར་ལུང་བསྟན་པ་དེ། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེའི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །ཞེས་གསུངས་པ་ལྟར་ས་གསུམ་པ་འོད་བྱེད་པའི་ས་ལ་གནས་པའི་འཕགས་པ་མཆོག་ཏུ་གྱུར་པ་ཐོགས་མེད་ཞབས་ཀྱིས་མཛད་པའི་གསུང་རབ་རྣམས་དང༌། མཁས་པ་ཀུན་གྱི་གཙུག་རྒྱན་དུ་གྱུར་པ་དབྱིག་གཉེན་ཞབས་དང་བཅས་པའི་གསུང་རབ་ལ་བརྟེན་ཞིང༌། དེར་མ་ཟད་སྤྲོས་བྲལ་གྱི་ཡེ་
ཤེས་རིག་པ་སྟེ་རྟོགས་པར་རྒྱལ་བའི་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ཙནྡྲ་གོ་མི་དང༌། ཞི་བ་ལྷ་དང་ཕྱོགས་གླང་ཆོས་གྲགས་སོགས་སྐྱེས་བུ་དམ་པ་མང་པོས་གསུངས་ལ་བརྟེན་ནས་འཇུག་པ་ཡིན་གྱི། གཞན་རྒྱ་གར་དང་བོད་ཀྱི་ཡུལ་འདིར་རང་ཉིད་ཀྱང་ཤིང་རྟ་ཆེན་པོ་རློམ་ཞིང་བསྟན་བཅོས་མང་དུ་རྩོམ་པ་དང༌། གང་ཟག་གཞན་གྱིས་ཀྱང་འདིས་ནི་ཤིང་རྟའི་སྲོལ་བྱེའོ། །ཞེས་ཡུལ་ཀུན་ཏུ་གྲགས་པ་རྣམས་ཀྱིས་ནི་སྐབས་འགའ་ཞིག་ཏུ་རྣམ་དཔྱོད་ཀྱི་ཤེས་རབ་ཀྱིས་ངེས་དོན་གྱི་དགོངས་པ་ཚུལ་བཞིན་དུ་མ་ཤེས་ལ། རྣམ་པ་གཅིག་ཏུ་ན་ཤེས་རབ་དང་ལྡན་ཀྱང་བསོད་ནམས་དང་མི་ལྡན་པས་ཚུལ་བཞིན་དུ་མི་གོ་བས་ངེས་དོན་ལ་རྨོངས་པའམ། ཡང་ན་ངེས་དོན་གྱིས་དགོངས་པ་ཤེས་ཀྱང་བློ་གཡོ་རྒྱུ་ཅན་དྲང་སྲོང་མ་ཡིན་པ་གྱ་གྱུ་ལ་སྤྱོད་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཀྱི་ཚིག་ནི་ཡིད་ཆེས་ཀྱི་གནས་མ་ཡིན་པ་སྤངས་པར་བྱའོ། །བཞི་པ་དེ་ལ་ཞུགས་པའི་ཕན་ཡོན་ནི་རྣམ་པ་ལྔ་ཡིན་ཏེ། རྒྱལ་བའི་གསུང་རབ་ཀྱི་དོན་ཀུན་ལེགས་པར་རྟོགས་པར་འགྱུར་རོ། །དེའི་རྒྱུ་མཚན་ཡང་གཞན་སྟོང་དབུ་མ་ཆེན་མོ་འདི་ལ་བརྟེན་ནས་དྲང་ངེས་འབྱེད་པའི་བློ་གྲོས་སྐྱེ་བར་འགྱུར་ཞིང༌། བློ་གྲོས་དེ་ལྟ་བུས་གསུང་རབ་ཀྱི་ཚིག་དོན་མཐའ་དག་བདེན་གཉིས་ཀྱི་རྣམ་གཞག་དག་མི་འགལ་ཞིང་མཐུན་པར་འགྱུར་རོ། །བདུད་ཀྱི་ལམ་ལས་འདའ་བ་ནི། སངས་རྒྱས་ཀྱི་གསུངས་པའི་ཆོས་ཀྱི་རྣམ་གྲངས་གང་ལ་ཡང་ཐོས་བསམ་སྒོམ་པ་སོགས་བྱས་པས་བདུད་ཀྱི་ལམ་ལས་
འདའ་བ་ཅི་རིགས་པ་ཡོད་ལ། དབུ་མའི་ཆོས་མཆོག་སྟོང་ཉིད་ཀྱི་དོན་འདི་སྒོམ་པ་ལྟ་ཞོག །ཐོས་བསམ་ལ་སོགས་པ་བགྱིས་པས་ཀྱང་བདུད་ཀྱི་ལམ་དེ་བར་ཆད་ཀྱི་མི་ཚུགས་ཤིང་དེ་ལས་འདའ་བའོ། །ལས་ཀྱི་སྒྲིབ་པ་ཟད་པ་ནི་མཚམས་མེད་ལྔ་སོགས་ལས་ཀྱི་སྒྲིབ་པ་ཆེས་ཆེ་ཡང་སྟོང་ཉིད་གཞན་སྟོང་དབུ་མའི་དོན་འདི་བསྒོམ་ཞིང་བསམ་ན་བདེ་བླག་ཏུ་ཟད་པར་འགྱུར་ཏེ། རྒྱལ་པོ་མ་སྐྱེས་དགྲས་རང་ཉིད་ཀྱི་ཡབ་གཟུགས་ཅན་སྙིང་པོ་བཀྲོངས་པ་དང༌། དེ་བཞིན་གཤེགས་པ་ལ་གླང་ཆེན་གཏུམ་པོ་རྦད་པ་སོགས་སྡིག་པ་ཤིན་ཏུ་ལྕི་བ་དེ་ཡང་ཕྱིས་འགྱོད་པ་སྐྱེས་ཏེ། སངས་རྒྱས་ཀྱི་དྲུང་དུ་ཕྱིན་ཅིང་སྟོང་ཉིད་སྒོམ་པ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། དེའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཆུང་ངུ་ཡིན་གསུངས། གཞན་ཡང་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་སོགས་ནས་ཀྱང་དེ་དང་མཚུངས་པ་འབྱུང་ངོ༌། །དེས་ན་སྟོང་པ་ཉིད་ཀྱི་དོན་སྒོམ་པ་ནི་སྒྲིབ་པ་དག་བྱེད་ཁྱད་པར་བ་ཡིན་ཏེ། རྒྱུད་བླ་མར། གང་ཞིག་སྡིག་གྲོགས་ཡང་ཡང་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པར་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། དེ་ཡང་ཆོས་ཉིད་ངེས་པར་བསམ་ན་མྱུར་དུ་དེ་ལས་ཐར་འགྱུར་ཏེ། །ཞེས་སོ། །བསོད་ནམས་དཔག་མེད་ཕུལ་བྱུང་ཐོབ་པ་ནི། དབུ་མའི་ཆོས་མཆོག་འདི་ལ་བརྟེན་ནས་ཟད་མི་ཤེས་ཤིང་ཤིན་ཏུ་རྒྱ་ཆེའི་བསོད་ནམས་བླ་ན་མེད་པ་ཕུལ་དུ་བྱུང་བ་ཐོབ་པར་འགྱུར་
རོ། །བཞི་པོ་དེ་རྣམས་ནི་མཐོང་ཆོས་ལ་འབྲས་བུ་མྱོང་བར་འགྱུར་ལ། མཐར་ཐུག་གི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དབུ་མའི་ལྟ་བ་རྣམ་པར་དག་པ་འདི་ལས་ཐོབ་པར་འགྱུར་རོ། །དེ་ལྟར་གནས་སྐབས་ཀྱི་ཕན་ཡོན་བཞི་དང་མཐར་ཐུག་གི་ཕན་ཡོན་གཅིག་སྟེ་ལྔ་པོ་དེ་རྣམས་ནི་གཞན་སྟོང་དབུ་མ་ཆེན་པོ་ལ་ཞུགས་པའི་ཕན་ཡོན་ཡིན་ནོ། །དབུ་མའི་མཆོག་འདི་དང་བྲལ་བའི་ཉན་ཐོས་དང༌། ཐེག་ཆེན་སེམས་ཙམ་པ་དང༌། རང་སྟོང་པ་ལ་སོགས་པའི་ལྟ་བ་དང་འབྲེལ་བའི་དམ་པའི་ཆོས་བསྐལ་པ་མང་པོར་སྤྱོད་པ་ལས་ཀྱང་གཞན་སྟོང་དབུ་མ་ཆེན་པོའི་དུས་ཡུད་ཙམ་ཞིག་སྤྱད་པ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཕུལ་ཆེ་ཞིང་སངས་རྒྱས་ལ་ཉེ་བས་མཆོག་ཏུ་གྱུར་པའོ། །ལྔ་པ་ཇི་ལྟར་འཇུག་པའི་ཚུལ་ཅི་ཞེ་ན། ལུང་དང་རིགས་པ་ལ་བརྟེན་ནས་འཇུག་གོ །དེ་ཡང་ཚད་མའི་ལུང་དེ་མངོན་གྱུར་མངོན་གསུམ་དང་མི་འགལ་བ་དང༌། ལྐོག་གྱུར་རྗེས་དཔག་དང་མི་འགལ་བ་དང༌། ཤིན་ཏུ་ལྐོག་གྱུར་ཡིད་ཆེས་རྗེས་དཔག་དང་མི་འགལ་བ་སྟེ་དཔྱད་པ་གསུམ་དང་ལྡན་ཞིང༌། དེའི་སྟེང་དུ་རྣམ་པར་གྲོལ་བའི་ཐབས་སྟོན་པ་སངས་རྒྱས་ཀྱི་གསུང་མདོ་སྡེ་རྣམས་དང༌། སེམས་འགྲེལ་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དང༌། ཐོགས་མེད་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་སོགས་ལུང་ཚད་མའི་རྗེས་སུ་འབྲང་
ཞིང༌། མངོན་སུམ་དང་རྗེས་དཔག་སོགས་རིགས་པའི་ཡན་ལག་ཆ་ཚང་བའི་སྒོ་ནས་འཇུག་གོ །ཞེས་ལུང་གི་གྲུབ་པ་ལ་རིགས་པས་བསྒྲུབ་མི་དགོས་ཤིང༌། རིགས་པ་གྲུབ་པ་ལ་ཡང་ལུང་གིས་བསྒྲུབ་མི་དགོས་སོ་སྙམ་ན། དང་པོ་མ་ངེས་ཏེ་སྤྱིར་ལུང་གིས་གྲུབ་ཟིན་པ་ལ་རིགས་པས་སྐྱར་ཏེ་སྒྲུབ་མི་དགོས་ཀྱང༌། ལུང་གི་གྲུབ་ཟིན་པ་དེ་རིགས་ལམ་དང་མཐུན་པར་བྱས་པས་ངེས་ཤེས་ལྷག་པར་སྐྱེས་པ་དགོས་པའོ། །གཉིས་པ་ཡང་མ་ངེས་ཏེ་མངོན་སུམ་དང་རྗེས་དཔག་གི་རིགས་པ་གྲུབ་ཀྱང༌། ལུང་གི་སྒྲུབ་པ་མི་འགལ་ཏེ། དཔེར་ན་འདུས་བྱས་མི་རྟག་པར་རིག་པས་གྲུབ་ཀྱང༌། སླར་མདོའི་ལུང་སོགས་འདུས་བྱས་མི་རྟག་པར་སྟོན་བྱེད་ཀྱི་ལུང་གིས་ཀྱང་ངེས་ཤེས་ཆེས་སྐྱེ་ཞིང་འདུས་བྱས་མི་རྟག་པར་རིགས་པའི་ཁུང་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་ལུང་ཚད་མའི་རྗེས་སུ་འབྲངས་ཤིང་རིགས་པའི་རྣམ་འགྱུར་ཆ་ཚང་བས་ཟུང་འཇུག་གི་དབུ་མ། ཐལ་འགྱུར་བ་ལྟར་འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམ་གྱི་ཐལ་འགྱུར། བསྒྲུབ་བྱ་དང་སྒྲུབ་བྱེད་མཚུངས་པའི་ཐལ་འགྱུར་མ་གྲུབ་པ་སོགས་གཏན་ཚིགས་ལྟར་སྣང་འགས་གཞན་གྱིས་གྲུབ་མཐའ་འགོག་ཅིང༌། རང་ཉིད་ལ་དམ་བཅའ་མེད་པས་གང་ཡང་ཁས་མི་ལེན་ཏེ་ཞེས་པ་ནི་གཡོ་སྒྱུ་ཡིན་པས་བཀག་པ་སྟེ་སྤངས་བར་བྱའོ། །དེ་ཉིད་རང་ཚིག་སྔ་ཕྱི་དང་ཡང་འགལ་ཏེ། ཁོ་བོ་ཉིད་གང་ཡང་ཁས་མི་ལེན་ནོ། །ཞེས་པ་ཉིད་ཁས་མི་ལེན་པར་དམ་བཅས་པ་ཡིན་
པས། དམ་བཅའ་མེད་ཅེས་པ་དང༌། གང་ཡང་ཁས་མི་ལེན་ཞེས་པ་གཉིས་རང་ཚིག་སྔ་ཕྱི་འགལ་བའོ། །གཞུང་ལ་འཇུག་ཚུལ་དོན་ལྔ་པོ་གོང་དུ་བཤད་པ་དེ་རྣམས་དོན་བསྡུ་བ་ནི། གང་ལ་འཇུག་པ་དང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ་ཤུགས་ལ་གོའོ། །གཉིས་པ་གཞུང་དངོས་ལ། མདོ་རྒྱས་གཉིས་ལས། དང་པོ་ནི། དོན་དམ་པའི་དབྱིངས་གནས་ལུགས་ཀྱི་ཆོས་ཉིད་ནི། མིང་གི་རྣམ་གྲངས་ཀྱི་སྒོ་ནས། དེ་བཞིན་ཉིད་དང་བདག་དང་དམ་པའི་བདག་སོགས་ཀྱི་མིང་གིས་བསྟན་པ་ཡིན་ཞིང་དེའི་དོན་ཡང་ཆོས་ཉིད་དེ་ཁོ་ན་ལྟར་གནས་པ་ཡིན་གྱི་དེ་ལས་གཞན་མ་ཡིན་པས་ན་དེ་བཞིན་ཉིད་དང༌། ཆོས་དབྱིངས་དེ་ཉིད་དངོས་པོའི་གནས་ལུགས་ལ་གྲུབ་ཅིང་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་བྱར་ཡོད་པས་བདག་དང༌། ཆོས་དབྱིངས་དེ་ཉིད་གང་ཟག་གི་བདག་དང་ཆོས་ཀྱི་བདག་སོགས་མིན་པས་དམ་པ་སྟེ་མཆོག་གམ་ཕུལ་དུ་བྱུང་བའི་བདག་ཉིད་ཡིན་པ་དང༌། དོན་དམ་པའི་དབྱིངས་དེ་ཉིད་ཆ་མེད་དང༌། ཀུན་འགྲོ་དང་ཁྱབ་པ་པོར་འཇོག་གོ །དེའི་དོན་ཡང་རྟག་པ་རྣམ་པ་ཐམས་ཅད་པ་དེ་ཆོས་དབྱིངས་ཀྱི་མཚན་ཉིད་དུ་འཇོག་གོ །དེ་ཡང་ཆོས་དབྱིངས་དེ་ཉིད་རྟག་པར་འཇོག་པ་ཡང་རྒྱུན་གྱི་རྟག་པ་ཙམ་ཡིན་ནོ། །ཞེ་ན་མ་ཡིན་ཏེ། རྒྱུན་ནི་སྐད་ཅིག་སྔ་ཕྱི་སྐྱེ་འགག་བྱེད་ལ། ཆོས་དབྱིངས་ནི་སྐྱེ་འགག་དང་བྲལ་བས་རང་བཞིན་གྱི་རྟག་པ་ཁོ་ནའོ། །དེ་ཉིད་ཤེས་བྱ་རྣམ་པ་ཐམས་ཅད་པར་འཆར་ཏེ་རང་བཞིན་གྱི་གཟུགས་ཀྱི་རྣམ་པར་འཆར་བ་དང༌། དེ་བཞིན་དུ་སྒྲའི་རྣམ་པ་སོགས་
སུ་ཡང་འཆར་རོ། །ཆོས་དབྱིངས་ཀྱི་མཚན་ཉིད་དེ་ལྟར་ངེས་པར་བྱས་པས། ཆ་མེད་ཀུན་འགྲོ་ཁྱབ་པ་པོར་ཡང་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར་དུས་དང་ཡུལ་ལས་འདས་པའི་ཕྱིར་ཆ་ཤས་སོ་སོར་མེད་པར་ཆ་མེད་དུ་འགྱུར་རོ། །གང་མི་རྟག་པ་ཡིན་ཕྱིན་ཆ་མེད་དུ་མི་རུང་སྟེ་ཡུལ་དུས་ཀྱི་ཆ་དང་བཅས་པའི་ཕྱིར་རོ། །དེ་ཡང་ཤར་ཕྱོགས་ཀྱི་དེས་ནུབ་ཕྱོགས་ལ་མ་ཁྱབ། ནུབ་ཕྱོགས་ཀྱི་དེས་ཤར་ཕྱོགས་ལ་མ་ཁྱབ་པ་སོགས་ཡུལ་གྱི་ངེས་བཟུང་དང་བཅས་པའི་ཕྱིར་དང༌། འདས་པའི་དུས་ཀྱི་དེས་མ་སྐྱེས་པ་མ་འོངས་པ་ལ་མ་ཁྱབ་མ་འོངས་པའི་དུས་ཀྱི་དེས་འདས་པ་དེ་འགག་པ་ལ་མ་ཁྱབ་པ་སོགས་དུས་ལས་མ་འདས་པའི་ཕྱིར་རོ། །དོན་དེས་ན་མཚན་བརྗོད་ལས། དུས་གསུམ་དུས་མེད་ཁྱབ་པ་པོ། །ཞེས་གསུངས་པ་ལྟར་ཆོས་དབྱིངས་དེ་ཉིད་དུས་གསུམ་ཆར་ལ་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་ཅིང༌། དུས་ཀྱི་རྣམ་པར་ཤར་ཡང་རང་གི་ངོ་བོ་དུས་དང་བྲལ་བས་ན་ཆ་མེད་ཡིན་ཞིང༌། དེ་ཉིད་ཀྱི་ཕྱིར་ན་ཆོས་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་ཡང་ཡིན་ནོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་ཁྱབ་བྱེད་ཀྱང་ཡིན་ཏེ། ཆོས་ཉིད་གཅིག་ཉིད་ཀ་བའི་ཆོས་ཉིད་ཡིན་པ་དང༌། དེ་བཞིན་དུ་བུམ་པའི་ཆོས་ཉིད་ཡིན་པ་སོགས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་ཀུན་འགྲོ་ཁྱབ་པ་པོར་འཇོག་གོ །དེ་ཡང་མཚན་བརྗོད་ལས། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་པ་ལྟར་རོ། །དོན་དམ་པའི་དབྱིངས་དེ་ཉིད་བདེ་བར་གཤེགས་པ་ཡང་ཡིན་ལ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་པས་བདེ་གཤེགས་སྙིང་པོ་དང༌། དེ་ཉིད་
བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཡིན་པས་བདག་གི་མཆོག་སྟེ། རྒྱན་ལས། བདག་མེད་མཆོག་གི་བདག་ཐོབ་པ་ཞེས་སོ། །དེ་ཉིད་གདོད་མའི་ཡེ་ཤེས་ཡིན་ཞིང་དངོས་པོ་ཐམས་ཅད་ཀྱི་གཤིས་ཡིན་པས་ན་གནས་ལུགས་དང༌། དེ་ཉིད་འགལ་འདུས་སྐྱོན་མེད་ཀྱི་དབུ་མ་ཆེན་པོ་ཡང་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟཽང་པའི་སྟོང་པ་ཙམ་སྟོང་རྐྱང་ཡིན་པས་ཟུང་འཇུག་གི་དོན་མ་ཚང་བའི་ཕྱིར། དབུ་མ་ཆུང་ངུ་ཡིན་ལ། འདིར་ནི་ཀུན་རྫོབ་འཁྲུལ་པའི་ཆོས་ཐམས་ཅད་ཀྱིས་སྟོང་ཞིང་དོན་དམ་ཡེ་ཤེས་ཀྱིས་ཆོས་ཀུན་དང་ལྡན་པ་ནི་ཟུང་འཇུག་དབུ་མ་ཆེན་པོའི་ལམ་ཡིན་ནོ། །དེ་ཉིད་རྟག་བརྟན་གཡུང་དྲུང་གི་ཆོས་ཡིན་པས་འགྱུར་བ་མེད་པ་ཡང་ཡིན་ནོ། །དེ་ཡང་འགྱུར་བ་མེད་ཙམ་ཞིག་མ་ཡིན་གྱི་འགྱུར་བ་དང་བྲལ་བའི་ཆོས་ཉིད་རྣམ་པ་ཐམས་ཅད་ཡིན་པས་སོ། །དེ་ལས་གཞི་ལམ་འབྲས་བུའི་ཆོས་འཆར་ཚུལ་ནི། ཆོས་ཉིད་འདིའི་དོན་མ་རྟོགས་ཤིང་ཆོས་ཉིད་འདི་ལ་རྨོངས་ཤིང་འཁྲུལ་པ་ལས་གཞི་དུས་སུ་གློ་བུར་སྲིད་པ་འཁོར་བའི་ཆོས་རྣམས་འཆར་ཏེ། དེ་ཡང་ཉོན་མོངས་པ་ལས་ལས་དང་ལས་ལས་འཁོར་བའི་ཆོས་རྣམས་ཆོས་ཉིད་དེ་ལས་སྤང་རུང་གློ་བུར་བའི་ཚུལ་གྱིས་འཆར་རོ། །ལམ་དུས་ཆོས་ཉིད་གདོད་མ་ནས་གནས་པ་དང༌། ཀུན་རྫོབ་གློ་བུར་བར་རྟོགས་པའི་ཚུལ་དེ་འདྲ་བ་ལ་ལམ་ཞེས་བྱའོ། །དེ་ཡང་རྟོགས་པའི་ཚུལ་ནི། ཚོགས་ལམ་གྱི་དུས་སུ་ཐོས་བསམ་ལ་བརྟེན་ནས་ཆོས་ཉིད་རྣམ་པ་ཐམས་ཅད་པར་གནས་པ་དང༌། འཁོར་བའི་ཆོས་རྣམས་
གློ་བུར་དུ་ཤེས་པ་ཡིན་ཞིང༌། སྦྱོར་ལམ་གྱི་དུས་སུ་སྒོམ་བྱུང་གི་ཤེས་རབ་ཀྱིས་ཆོས་ཉིད་དེ་ལ་གསལ་སྣང་ཅི་རིགས་པ་ཐོབ་པའི་ཚུལ་གྱིས་རྟོགས་པ་ཡིན་ལ། མཐོང་ལམ་གྱི་དུས་སུ་ཆོས་ཉིད་དེ་མངོན་སུམ་གྱིས་མཐོང་བའི་ཚུལ་གྱིས་རྟོགས་པ་ཡིན་ཞིང༌། སྒོམ་ལམ་གྱི་དུས་སུ་དེའི་རིགས་རྒྱུན་གོམས་པའི་ཚུལ་གྱིས་རྟོགས་པ་ཡིན་ནོ། །འབྲས་བུ་ནི། རང་རང་དྲི་མས་དག་ཚེ་ཞེས་པ་སྟེ། སྤྱིར་གློ་བུར་གྱི་དྲི་མ་ནམ་དག་པ་དེའི་ཚེ་འབྲས་བུ་ཐོབ་ཅེས་འཇོག་གོ །དེའི་དོན་ཡང་ཞིབ་ཏུ་བཤད་ན། ཆོས་ཉིད་དེ་ལ་གློ་བུར་གྱི་དྲི་མས་ནམ་ཡང་གོས་མ་མྱོང་བའི་ཕྱིར་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལ་སྤྲིན་གྱི་མ་གོས་ཀྱང་དེའི་ཐད་ཀྱི་བར་སྣང་ལ་སྤྲིན་གྱིས་སྒྲིབ་པ་དེའི་ཚེ་ཉི་མ་སྤྲིན་གྱིས་སྒྲིབ་ཅེས་འཇོག་པ་ལྟར། སེམས་རང་བཞིན་གྱི་འོད་གསལ་བ་དེ་ལ་གློ་བུར་གྱི་དྲི་མས་མ་གོས་ཀྱང་སེམས་ཅན་གློ་བུར་གྱི་དྲི་མས་སྒྲིབ་པ་དེའི་ཚེ་ཆོས་དབྱིངས་དྲི་མས་སྒྲིབ་ཅེས་ཐ་སྙད་སྦྱར་བ་ཡིན་ནོ། །དེས་ན་སེམས་ཅན་རང་རང་སོ་སོ་ལམ་བསྒོམས་ཏེ་གློ་བུར་གྱི་དྲི་མ་དག་པ་དེའི་ཚེ། འབྲས་བུ་ཐོབ་ཅེས་བཏག་པ་ཡིན་གྱི། དོན་དམ་པར་ན་ཆོས་དབྱིངས་དེ་ལ་སྟོབས་སོགས་ཟག་མེད་ཀྱི་ཆོས་རྣམས་གཞི་གདོད་ནས་གནས་ཤིང་ཆགས་སོགས་གློ་བུར་གྱི་དྲི་མ་རྣམས་ཀྱི་གདོད་མ་ནས་གོས་མ་མྱོང་བའི་ཕྱིར་འཐོབ་བྱ་ཐོབ་བྱེད་དང་བྲལ་བའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ། དབུ་མའི་རང་བཞིན་གཏན་ལ་དབབ་པ་དང༌། གཞི་ལམ་འབྲས་
བུའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་དོན་གྱི་གཙོ་བོ་རྟོགས་བྱ་རྟོགས་བྱེད་དུ་བསྟན་པ་དང༌། དབུ་མའི་རྣམ་གྲངས་གཞན་བསྟན་པ་དང༌། གཞན་གྱི་དབུ་མ་ལ་ནོར་བ་དགག་པའོ། །དང་པོ་ནི། དབུ་མའི་དོན་གྱི་མདོར་བསྟན་ནི་གཉིས་པོ་འདི་ཡིན་ཏེ། རྟོགས་པར་བྱ་བ་ཆོས་ཉིད་གནས་ལུགས་དོན་དམ་གྱི་དབུ་མ་དང༌། དེ་རྟོགས་པར་བྱེད་པ་རྣལ་འབྱོར་བའི་བླཽ་ངོར་ཉམས་སུ་མྱོང་བྱར་གྱུར་པ་ལམ་ལྔས་བསྡུས་པ་ལམ་གྱི༷་དབུ་མ་དང་གཉིས་ཡིན་ཞིང༌། གཞིའི་དབུ་མ་དང་འབྲས་བུའི་དབུ་མ་གཉིས་ཀ་ཡང་དང་པོ་[གཞིའི་] གནས་ལུགས་ཀྱི་དབུ་མའི་ཁོངས་སུ་བསྡུའོ། །དེའི་འཕྲོས་དོན་བདེན་གཉིས་ཀྱི་རྣམ་བཞག་རེ་ཞིག་མདོར་བསྡུས་པའི་ཚུལ་གྱི་སྟོན་པ་ནི་ཀུན་རྫོབ་སྲིད་པའི་ཆོས་ཐམས་ཅད་ནི་རྣམ་ཤེས་ལ་སྣང་ཞིང་སྒྲ་དང་རྣམ་པར་རྟོག་པའི་ངོ་བོར་གྲགས་པས་སྣང་གྲགས་དང༌། གནས་ལུགས་ལ་མ་གྲུབ་པས་ན་ཀུན་རྫོབ་དང་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའོ། །དོན་དམ་ཆོས་དབྱིངས་ཀྱི་ཡེ་ཤེས་མཚན་མ་དང་རྣམ་པར་རྟོག་པ་སོགས་སྤྲོས་པའི་མཚན་མས་དབེན་པའོ། །དེ་ཡང་ལམ་བསྒོམས་ཏེ་གསར་དུ་སྤྲོས་པས་དབེན་པ་མ་ཡིན་གྱི། གཞི་གདོད་མ་ནས་སྤྲོས་པ་ཉེ་བར་ཞི་བས་ན་མྱང་འདས་ཀྱི་གཙོ་བོ་རང་བཞིན་མྱང་འདས་ཡིན་ཞིང་དེ་ཆོས་ཉིད་ཀྱང་ཡིན་ནོ། །རྣམ་ཤེས་དང་ཡེ་ཤེས་ཀྱི་རྒྱལ་ཁམས་སོ་སོའི་ངོས་འཛིན་ནི། རྣམ་ཤེས་ཀྱི་ཡུལ་གཟུགས་སྒྲ་སོགས་དང་ཡུལ་ཅན་རྣམ་ཤེས་ནི་རྣམ་ཤེས་ཀྱི་རྒྱལ་ཁམས་དང༌། ཡེ་ཤེས་ཀྱི་གཟུགས་དང་སྒྲ་དང་དྲི་སོགས་
ཡུལ་དང་ཡུལ་ཅན་ཡེ་ཤེས་ཀྱི་རྒྱལ་ཁམས་སོ། །དོན་དམ་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གནས་ལུགས་ཀྱི་དོན་དེ་ནི་འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་པའི་ངོ་བོ་མྱོང་ཞིང་གནས་ལུགས་ལ་གྲུབ་པས་ན་དོན་དམ་པར་བདེན་པ་དང༌། གློ་བུར་འཁོར་བའི་ཆོས་རྣམས་ནི་བྱིས་པ་རྣམས་ཀྱི་ངོ་བོར་བདེན་པས་ན་ཀུན་རྫོབ་ཏུ་བདེན་པའོ། །གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་སྒྲའི་ཆོས་ཉིད་དང་དེ་བཞིན་དུ་སེམས་ཅན་གྱི་ཆོས་ཉིད་གང་ཡིན་པ་དེ་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པ་སོགས་ཆོས་ཉིད་ཐམས་ཅད་རང་བཞིན་གཅིག་ཡིན་ཀྱང་བྱིས་པ་རྣམས་ཀྱི་རྣམ་ཤེས་ཀྱི་བཏགས་པའི་རྣམ་ཤེས་ཀྱིས་གཅིག་ཏུ་འཛིན་པ་ལས་གྲོལ་བ་དང༌། ཀུན་རྫོབ་འཁོར་བ་དང་དོན་དམ་ཆོས་ཉིད་གཉིས་མཚན་ཉིད་ཤིན་ཏུ་འགལ་ཀྱང་དེ་གཉིས་ཐ་དད་པ་ལས་རྣམ་པར་གྲོལ་བ་ཡིན་ཏེ། དེའི་རྒྱུ་མཚན་ཡང་ཡེ་ཤེས་འགྱུར་བ་མེད་པའི་ཆོས་[སྟོང་གསལ་མཐའ་བྲལ་ཆེན་པོ་]དབྱིངས་ནི་ངོ་བོས་ཡོད་ཀྱང༌། གཅིག་ཤོས་ཀུན་རྫོབ་འཁོར་བའི་ཆོས་རྣམས་ནི། གདོད་མ་ནས་ནམ་ཡང་མ་གྲུབ་པ་སྟེ་མེད་པའི་ཕྱིར། ཀུན་རྫོབ་འཁོར་བ་མེད་པ་ལ་ཆོས་ཉིད་དང་གཅིག་དང་ཐ་དད་གང་ཡང་མེད་དེ་ཁྱད་པར་གཞི་མེད་པ་ལ་ཁྱད་ཆོས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་ཆོས་རྣམས་ཀུན་རྫོབ་འཁྲུལ་བའི་དེར་སྐྱེ་འགག་ཏུ་སྣང་ཡང་དོན་དམ་པར་ཀུན་རྫོབ་ཀྱི་ཆོས་རྣམས་མེད་པའི་ཕྱིར་མེད་པ་ལ་སྐྱེ་འགག་དང་རྟག་ཆད་དང་འགྲོ་འོང་ལ་སོགས་པ་
མེད་པའི་ཕྱིར་རོ། །དོན་དམ་ཆོས་ཉིད་དེ་བཞིན་ཉིད་ནི་དངོས་པོ་གནས་ལུགས་ལ་ཡོད་ཀྱང༌། གཞི་གདོད་མ་ནས་སྐྱེ་འགག་རྟག་ཆད་འགྲོ་འོང་སོགས་ཀྱི་གོས་མ་མྱོང་བའི་ཕྱིར་རོ། །དེ་ལྟར་ཆོས་ཉིད་གཅིག་ཏུ་བསྟན་པ་དང༌། རྟོགས་བྱ་རྟོགས་བྱེད་ཀྱི་དབུ་མ་དང༌། དེ་ལས་འཕྲོས་པའི་བདེན་གཉིས་ཀྱི་རྣམ་བཞག་མདོར་བསྡུས་པ་ལ་སོགས་པའི་ཚུལ་འདི་རྣམས་རྟོགས་ན་ཐེག་ཆེན་གྱི་ཆོས་ཟབ་མོ་མཐའ་དག་རྟོགས་པར་འགྱུར་ཞིང༌། ཇི་སྐད་བཤད་པའི་དོན་འདི་རྣམས་མ་རྟོགས་ན་ཐེག་ཆེན་གྱི་ཆོས་ལ་སྤྱད་ཀྱང་རྟག་པར་འཛིན་པ་དང་ཆད་པར་འཛིན་པའི་གཡང་སར་ལྷུང་བར་འགྱུར་བའི་ཕྱིར་རོ། །དེ་ཡང་རྒྱལ་བ་ཉིད་ཀྱིས་ཐེག་ཆེན་གྱི་མདོ་སྡེ་ཟབ་མོ་རྣམས་ཀྱི་ཚིག་སྒྲ་ཇི་བཞིན་པར་བཟུང་བས་ཕྱིན་ཅི་ལོག་གི་གྲུབ་མཐའ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་འབྱུང་བར་ལུང་བསྟན་པ་ལྟར། འདིའི་དོན་མ་རྟོགས་ན་རྟག་ཆད་ཀྱི་གཡང་སར་ལྷུང་བའི་ཕྱིར་རོ། །དེ་ལྟ་བུའི་དོན་ཡང་ཤེས་རབ་ཆེ་ཞིང་རིག་པའི་རྩལ་ཆེ་བ་ཙམ་གྱི་རྟོགས་པར་མི་འགྱུར་གྱིས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ཤིང་རྒྱུ་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་འདྀ་དོན་ཕྱིན་ཅི་མ་ལོག་པ་དཔྱིས་ཕྱིན་པ་གོ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་བློ་མཆོག་སྟེ་དོན་དམ་པ་དཔྱོད་པའི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ཀྱིས་གཞན་སྟོང་དབུ་མ་ཆེན་པོའི་དོན་འདི་ལ་ངེས་པ་ཐུན་མོང་མ་ཡིན་པ་རྙེད་པར་འགྱུར་རོ། །གཉིས་པ་དབུ་མའི་རྣམ་གྲངས་གཞན་བསྟན་པ་
ལ། རྣམ་གྲངས་བཅུ་བཞི་ཙམ་ཡོད་པ་ལས་དང་པོ་ནི། འདོད་པ་བསོད་སྙོམས་ཀྱི་མཐའ་ཡང་སྤངས་ཤིང༌། ངལ་ཞིང་དུབ་པའི་མཐའ་ཡང་སྤངས་པའི་ཡང་དག་པའི་འཚོ་བ་ནི་དབུ་མའི་ལམ་དང༌། སྤྱོད་པ་སྒྲུབ་པར་བྱ་བ་རྣམས་བླང་ཞིང་སྤངས་བར་བྱ་བ་རྣམས་བླང་དོར་ཕྱིན་ཅི་མ་ལོག་པར་སྤྱོད་པ་ནི་དབུ་མའི་ལམ་དང༌། སེམས་གནས་པའི་ཆ་ཞི་གནས་ཁོ་ན་ཡང་མ་ཡིན་ཞིང་སེམས་གཡོ་བའི་ཆ་ལྷག་མཐོང་ཁོ་ན་ཡང་མ་ཡིན་པར་དེ་གཉིས་ཟུང་འཇུག་ཏུ་བསྒོམས་པ་ནི་དབུ་མའི་ལམ་དང༌། ལྟ་བའི་གནས་སྐབས་ཞེས་པ་ནི། གནས་ལུགས་ཀྱི་ལྟ་བ་ཡིན་ཞིང་འོག་ནས་འཆད་པར་འགྱུར་བའི་ལྟ་བའི་གནས་སྐབས་ཀུན་ཏུ་དབུ་མ་ཞེས་བྱ་བ་སྦྱར་བར་བྱའོ། །གང་ཟག་གི་བདག་མེད་ཙམ་ལ་བརྟེན་པའི་དབུ་མ་ནི། བཟུང་བྱ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་དམིགས་ནས་ང་དང་བདག་ཏུ་འཛིན་པ་དང༌། གྲུབ་མཐའ་ངན་པས་བློ་ཁ་བསྒྱུར་བ་རྣམས་ལ་འཇིག་རྟེན་འདི་དག་བྱེད་པ་པོ་དབང་ཕྱུག་ཁྱབ་འཇུག་ལ་སོགས་པས་བྱས་པར་འདོད་པ་སོགས་བྱེད་པ་པོས་སྟོང་པ་ནི་མཐའ་གཉིས་ཀྱི་ནང་ནས་ཡོད་པའམ་[རྟག་པའི་]མཐའ་སྤངས་པ་དང༌། ཀུན་རྫོབ་ཙམ་དུ་རྒྱུ་སྣ་ཚོགས་པ་ལས་འབྲས་བུ་སྣ་ཚོགས་པ་འབྱུང་བ་སོགས་ཀུན་རྫོབ་རྟེན་འབྲེལ་ཙམ་དུ་མི་བསླུ་བ་ནི་མཐའ་གཉིས་ཀྱི་ནང་ནས་མེད་པའམ་ཆད་པའི་མཐའ་དང་བྲལ་ཞིང༌། དེ་ལྟར་མཐའ་གཉིས་དང་བྲལ་བའི་གང་ཟག་བདག་མེད་དེ་ནི་གནས་ལུགས་ཀྱི་དབུ་མ་ཙམ་ཡིན་ཀྱང༌། གནས་ལུགས་ཀྱི་དབུ་མ་མཐར་ཐུག་པ་ནི་མ་ཡིན་ལ། འདི་ལ་
ཡང་མཐའ་གཉིས་དང་བྲལ་བའི་གང་ཟག་གི་བདག་མེད་དེ་རྟོག་བྱའི་དབུ་མ་དང༌། དེ་མེད་པར་རྟོགས་པའི་ཡེ་ཤེས་ནི་རྟོགས་བྱེད་ལམ་གྱི་དབུ་མའོ། །སེམས་རྒྱུན་ཙམ་ལས་ང་བདག་གཞན་མེད་ཕྱིར་ཞེས་པ་ནི། སེམས་ཀྱི་རྒྱུན་ཞེས་པ་ནི་ཀུན་གཞི་རྣམ་ཤེས་ཡིན་ཞིང༌། དེས་ན་ཀུན་གཞི་རྣམ་ཤེས་དེ་རྒྱུན་གྱི་རྟག་པ་ཙམ་དུ་ཡོད་པའི་[སྐད་ཅིག་མ་]ཡིན་གྱི་དེ་ལས་གཞན་ང་དང་བདག་ཅེས་པ་ནི་མེད་པའི་ཕྱིར་རོ། རྒྱུ་མཚན་དེའི་ཕྱིར་ན་ཀུན་གཞི་རྣམ་ཤེས་དེའི་སྐད་ཅིག་སྔ་མ་སྔ་མ་འགགས་ཤིང་ཕྱི་མ་ཕྱི་མ་སྐྱེ་བའི་ཕྱིར། རང་བཞིན་གྱི་རྟག་པར་གནས་པ་མིན་ལ། དེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྒྱུན་མི་འཆད་ཅིང་སངས་རྒྱས་ན་ནི་དེ་ཉིད་ཡེ་ཤེས་སུ་གནས་གྱུར་པའི་སྔར་བྱུང་བ་ཕྱིས་རྒྱུན་ཆད་པ་ཡང་མ་ཡིན་ནོ། །ཆོས་ཀྱི་བདག་མེད་ལ་ལྟོས་པའི་དབུ་མ་ལ། ཐོག་མར་ཀུན་བཏགས་ཀྱི་མཚན་ཉིད་ལ་ལྟོས་པའི་དབུ་མ་ནི། [ཕྱི་རོལ་ཀྱི་དོན་གཟུགས་སྒྲ་སོགས་སུ་]ཀུན་བཏགས་པའི་ཆོས་ཐམས་ཅད་བདེན་པ་གཉིས་ཀར་གྱི་ངོ་བོར་མེད་པའི་ཕྱིར་རྟག་མཐའ་ལས་གྲོལ་ཞིང༌། འོན་ཀྱང་བློ་འཁྲུལ་བའི་ངོ་བོར་སྣང་བའི་ཕྱིར་ཆད་པའི་མཐའ་ལས་གྲོལ་ཞིང༌། དེ་ལྟར་མཐའ་གཉིས་དང་བྲལ་བ་དེ་ནི་ཀུན་རྫོབ་བདེན་པར་ཡང་མེད་པའི་ཕྱིར། ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མའོ། །[བཟུང་བ་སེམས་]གཞན་དབང་གི་མཚན་ཉིད་ལ་ལྟོས་པའི་དབུ་མ་ནི། ཕྱི་རོལ་ཀྱི་དོན་གཟུགས་སྒྲ་སོགས་སྤངས་པ་སྟེ་མེད་པ་ནི་རྟག་པའི་མཐའ་དང་བྲལ་ཞིང༌། སེམས་ལ་གཟུགས་སྒྲ་སོགས་ཀྱི་
སྣང་ཆ་སྣ་ཚོགས་པར་སྣང་བ་ནི་མེད་པའི་མཐའ་དང་བྲལ་ལ། དེ་ལྟར་ན་མཐའ་གཉིས་དང་བྲལ་བ་ནི་རྣལ་འབྱོར་བའི་ཀུན་རྫོབ་དབུ་མར་འདོད་པ་ཡིན་ནོ། །སེམས་དེ་ལ་ཡུལ་ཡུལ་ཅན་གྱི་སྣང་ཆ་ཐམས་ཅད་དུ་གསལ་བར་འཆར་བས་ན་ཆད་པའི་མཐའ་ལས་གྲོལ་ལ། དེ་དག་ཐམས་ཅད་ཀྱི་རང་བཞིན་གང་དུ་ཡང་གྲུབ་པ་མེད་པས་རྟག་པའི་མཐའ་ལས་གྲོལ་ཞིང༌། དེ་ལྟར་རྟག་ཆད་དང་བྲལ་བ་དེ་ནི་རྣམ་གྲངས་ཙམ་གྱི་དོན་དམ་ཡིན་ལ་དོན་དམ་དངོས་མ་ཡིན་གྱི་དོན་དམ་ལ་འཇུག་པའི་སྒོ་ཙམ་ཡིན་ནོ། །ཆོས་ཉིད་ཡོངས་གྲུབ་ཁོ་ན་གནས་ལུགས་ལ་ཡོད་པས་ན་མེད་མཐའ་སྤངས་ལ། དེ་ལ་གཟུང་བ་ཀུན་བརྟགས་དང་འཛིན་པ་གཞན་དབང་གཉིས་ཀ་དང་བྲལ་བས་ཡོད་མཐའ་དང་བྲལ་ཞིང༌། དེ་ལྟར་མཐའ་གཉིས་དང་བྲལ་བའི་ཆོས་ཉིད་དེ་ལ་དོན་དམ་པའི་དབུ་མ་ཞེས་རྒྱལ་བ་རྣམས་བཞེད་དོ། །འདི་ནི་དགག་གཞི་ཡོངས་གྲུབ་ཀྱི་སྟེང་དུ་དགག་བྱ་ཀུན་བརྟགས་གཞན་དབང་གཉིས་ཀྱིས་སྟོང་པའི་དབུ་མ་ཡིན་པའི་ཕྱིར། ཡོངས་གྲུབ་ཁོ་ན་ལ་བརྟེན་པ་མ་ཡིན་གྱི། མཚན་ཉིད་གཞན་གཉིས་ཀྱི་ཕྱོགས་ནས་ཀྱང་ཅུང་ཟད་བརྟེན་པ་ཡིན་ནོ། །ཡོངས་གྲུབ་ཆོས་ཉིད་ཁོ་ན་ལ་བརྟེན་པའི་དབུ་མའི་མཚན་ཉིད་མཐར་ཐུག་པ་ནི། ཡང་དག་པའི་ཆོས་ཉིད་[དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་]དེ་ཉིད་རྣམ་པ་ཐམས་ཅད་པར་འཆར་བས་ཆད་པའི་མཐའ་ལས་འདས་ལ། དེ་ཉིད་ནམ་དུ་འགྱུར་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་ཕྱིར་
རྟག་པའི་མཐའ་ལས་འདས་ཤིང༌། དེ་ལྟར་མཐའ་གཉིས་དང་བྲལ་བའི་ཡང་དག་པའི་ཆོས་ཉིད་འདི་ནི། དབང་མདོར་བསྟན་ལས། གཟུགས་ནི་སྲིད་པར་མི་འོངས་ཏེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་འཁྱུད་པ་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་གསུངས་པ་ལྟར་འདི་སྔགས་ཀྱི་ཐེག་པ་དང་འབྲེལ་བའི་དབུ་མའི་མཚན་ཉིད་མཐར་ཐུག་པ་ཡིན་ནོ། །རྒྱ་གར་དང་བོད་ཀྱི་ཡུལ་འདིར་མཁས་པ་དང་གྲུབ་པར་རློམ་ཞིང་ཁས་ལེན་པ་ཕལ་ཆེ་བ་ཡང་ཟབ་དོན་ཕྱི་མ་འདི་ལ་རབ་ཏུ་འཁྲུལ་ཞིང་མ་རྟོག་པའོ། །བདེན་པ་གཉིས་ཀ་ལ་བརྟེན་པའི་དབུ་མ་ནི། ཀུན་རྫོབ་ཏུ་སྣང་བ་སྣ་ཚོགས་རྒྱུ་རྐྱེན་གྱི་རྟེན་འབྲེལ་ལས་བྱུང་བ་མི་འགལ་བས་ན་མེད་མཐའ་སྤངས་ཤིང་ངེས་དོན་དོན་དམ་པར་ན་ཀུན་རྫོབ་ཀྱི་སྣང་བ་དེ་དག་གང་ཡང་མེད་པ་ནི་རྟག་མཐའ་སྤངས་ཤིང༌། དེ་ལྟར་མཐའ་གཉིས་དང་བྲལ་བའི་དབུ་མ་སྟོན་པ་ནི་ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་ལ་ལྟོས་པའི་དབུ་མའི་མཚན་ཉིད་ཡིན་ཞིང༌། འདི་ནི་གཞན་དང་ཐུན་མོང་པ་ཙམ་གྱི་དབུ་མའི་འཇོག་མཚམས་ཡིན་ནོ། །འབྲས་བུ་ལ་བརྟེན་པའི་དབུ་མ་ནི་དོན་གཉིས་དང་སྐུ་གཉིས་དང་ཡོན་ཏན་གཉིས་དང་འཕྲིན་ལས་གཉིས་སོ། །དེ་ལ་དང་པོ་ནི་རང་དོན་དང་གཞན་དོན་གཉིས་ཡིན་ཞིང༌། དེ་ཡང་རང་དོན་སྤྲོས་བྲལ་གྱི་ཡེ་ཤེས་ཆེན་པོས་ཡོད་མཐའ་སྤངས་ཤིང༌། གཞན་དོན་འཕྲིན་ལས་ཀྱི་སྣང་བརྙན་སྒྱུ་མ་ལྟ་བུར་སྣང་བས་ན་མེད་མཐའ་སྤངས་སོ། །སྐུ་གཉིས་ལ་ཡང་ཆོས་སྐུ་སྤྲོས་
པའི་དབེན་པས་ཡོད་མཐའ་སྤངས། གཟུགས་སྐུ་འགགས་མེད་དུ་སྣང་བས་མེད་མཐའ་སྤངས་སོ། །ཡོན་ཏན་ལ་ཡང་སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་རོ་གཅིག་པས་ཡོད་མཐའ་སྤངས། རྣམ་འགྱུར་རྣམ་པ་ཐམས་ཅད་པར་འཆར་བས་མེད་མཐའ་སྤངས། འཕྲིན་ལས་ལ་ཡང་བྱེད་པ་པོ་ཆོས་སྐུ་ལ་འབད་རྩོལ་གྱི་སྤྲོས་པས་དབེན་པས་ཡོད་མཐའ་སྤངས། བྱ་བ་གདུལ་བྱའི་ཡུལ་ལ་འཕྲིན་ལས་སྒྱུ་མ་ལྟ་བུའི་ཚུལ་གྱིས་འཇུག་པས་མེད་མཐའ་སྤངས་སོ། །དེ་ལྟར་འབྲས་བུའི་གནས་སྐབས་ཐམས་ཅད་ལ་ཁྱབ་པ་དང་རྟག་པའི་དོན་གྱི་དབུ་མ་ཞེས་བྱའོ། །གསུམ་པ་གཞན་གྱི་དབུ་མ་ལ་ནོར་བ་དགག་པ་ནི། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་ཕྱིར་མེད་དོ། །ཞེས་སྨྲ་བ་ནི་ཆད་པའི་ལྟ་བར་འགྱུར་བ་ཡིན་ལ། དེ་སྟེང་དུ་རང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་དེ་ཡང་མེད་དོ། །ཞེས་སྨྲ་བ་ནི་ཆད་ལྟར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཆད་མཐའ་ཆེན་པོའོ། །ཞེས་དབུ་མའི་རང་བཞིན་ངོས་བཟུང་པའི་རབ་ཏུ་བྱེད་པ་དང་པོའི་རྣམ་པར་བཤད་ཟིན་ཏོ།། །།༈ གཉིས་པ་གཞི་ལམ་འབྲས་བུའི་སྒོ་ནས་རྒྱས་པར་བཤད་པ་ལ་གསུམ་ལས།དང་པོ་གཞི་ལ་ཡང༌། ཤེས་བྱའི་སྤྱི་ལྡོག་ནས་གཏན་ལ་འབེབས་པ་དང༌། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ལ་ཡང་བཞི་ལས། ཆོས་ གསུམ་ལས་དཔྱད་པ་ནི། སྤྱིར་རྒྱལ་བ་སྟོན་པ་སངས་རྒྱས་ཀྱིས་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད ་དང་སྐྱེ་
མཆེད་བཅུ་གཉིས་གསུངས་པ་མ་ཟད་བསོད་ནམས་ཀྱི་ཕུང་པོ་དང་རྣམ་གྲོལ་གྱི་ཕུང་པོའི་དབྱེ་བ་མཐའ་ཡས་པ་གསུངས་ཤིང༌། ཁམས་མང་པོ་བསྟན་པའི་མདོ་ལས་ཁམས་ཀྱི་དབྱེ་བ་དྲུག་ཅུར་གསུངས་པ་སོགས་ཡིན་ཞིང༌། སྐྱེ་མཆེད་ལ་ཡང་སྐྱེ་མཆེད་བཅུ་གཉིས་སུ་མ་ཟད། གཟུགས་མེད་སྐྱེ་མཆེད་མུ་བཞི་སོགས་སྐྱེ་མཆེད་ཀྱི་དབྱེ་བ་མཐའ་ཡས་པ་དག་གསུངས་པ་ཡིན། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་དེ་རྣམས་སྐབས་འདིར་རྣམ་པར་ཤེས་པ་ལ་སྣང་དུ་རུང་ཞིང་སྒྲ་རྟོག་ཏུ་གྲགས་པའི་ཕྱིར་སྣང་གྲགས་ཏེ། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་དབྱེ་བ་ནི་གསུམ་སྟེ། རྫས་ཀྱི་དངོས་པོ་དང༌། བཏགས་པའི་དངོས་པོ་དང༌། དངོས་པོ་མེད་པ་དང་གསུ༷མ་དུ༷་འགྱུར་ཞིང༌། དེ་ལ་རྫས་ཀྱི་དངོས་པོ་ནི་འབྱུང་བའི་རྡུལ་ལ་སོགས་པ་རྣམས་བེམ་པོའི་རྫས་དང༌། ཡུལ་གྱི་རྣམ་པ་ཤེས་པ་ལ་འཆར་ཞིང་རྣམ་པར་རིག་པ་ལ་ནི་ཤེས་པའི་རྫས་ཞེས་འཇོག་གོ །བཏགས་པའི་དངོས་པོ་ནི་སྤྱིར་[རིགས་པས་]མ་བརྟགས་མ་དཔྱད་པའི་ངོ་བོར་བུམ་པ་ཞེས་བྱ་བ་རྫས་སུ་ཡོད་ཀྱང༌། བུམ་པའི་སྐྱེ་བ་དང་འགགས་པ་སོགས་ནི་བློས་བཏགས་པའི་ཕྱིར་བཏགས་ཡོད་དོ། །དངོས་པོ་མེད་པ་ནི་ནམ་མཁའ་ལ་སོགས་པའོ། །ཡང་ན་ཆོས་མངོན་པ་ལས། ཕུང་པོ་དང་ནི་སྐྱེ་མཆེད་དང། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །ཞེས་གསུངས་པ་ལྟར། ཕུང་པོ་རྣམས་ལས་གཟུགས་ཀྱི་ཕུང་པོ་དང༌། སྐྱེ་མཆེད་རྣམས་ལས་ཡིད་ཀྱི་སྐྱེ་མཆེད་དང༌། ཁམས་རྣམས་ལས་ཆོས་ཀྱི་ཁམས་
ཏེ་གསུམ་པོ་དེ་རྣམས་ཀྱི་སྣང་གྲགས་ཀྱི་ཆོས་ཐམས་ཅད་བསྡུས་སོ། །དེ་དག་ལས་དང་པོ་གཟུགས་ཕུང་དེ་ཡང་གསུམ་དུ་འདུས་ཏེ་ས་ཆུ་མེ་རླུང་སོགས་འབྱུང་བའི་ཁམས་དང༌། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་དེ་གསུམ་པོ་དེར་གཟུགས་ཅན་གྱི་ཆོས་ཐམས་ཅད་འདུས་སོ། །དབང་པོ་ལྔ་དང་དོན་ལྔ་ལ་སོགས་པ་རྣམས་འབྱུང་བ་ལས་གྱུར་པའི་ཕྱིར་འབྱུང་བའི་ཁམས་རྣམས་ནི་རྒྱུ་དང༌། རྒྱུ་འབྱུང་བ་ལས་ཡུལ་དབང་སོགས་འབྱུང་བའི་ཕྱིར་དེ་རྣམས་འབྲས་བུར་འཇོག་གོ །དེ་བཞིན་དུ་མཐོ་བ་དང་དམའ་བ་ལ་སོགས་པ་བཀོད་པའི་ཁྱད་པར་སྣ་ཚོགས་པ་དག་ཡོད་དོ། །ཡང་ན་གཟུགས་ཕུང་དེ་ལ་བསྟན་ཡོད་དང༌། ཐོགས་བཅས་དང༌། ཐོགས་པ་མེད་པ་གསུམ་དུ་འགྱུར་རོ། །དང་པོ་བསྟན་དུ་ཡོད་པ་མིག་ཤེས་ཀྱིས་མཐོང་བྱར་ཡོད་པ་རྣམས་དང༌། ཐོགས་པ་དང་བཅས་པ་ནི་མིག་གིས་བལྟར་ཡོད་པ་དང༌། རྣ་བས་ཚོར་རྒྱུ་ཡོད་པ་དང༌། སྣས་སྣོམ་རྒྱུ་ཡོད་པ་དང༌། ལྕེས་མྱོང་རྒྱུ་ཡོད་པ་དང༌། ལུས་ཀྱིས་རེག་པར་བྱར་ཡོད་པ་རྣམས་སོ། །ཐོགས་པ་མེད་པ་ནི་རྣམ་པར་རིག་བྱེད་མ་ཡིན་པས་གཟུགས་ལ་སོགས་པའོ། །དེ་ལྟར་གསུམ་དུ་དབྱེ་བ་ནི་དངོས་བཏགས་མ་ཕྱེ་བའི་དབང་དུ་བྱས་པ་ཡིན་ལ། དངོས་བཏགས་བྱེ་ན་ནི་ཐོགས་པ་མེད་པ་དེ་ཆོས་ཁམས་ཀྱིས་བསྡུས་སོ། །གཉིས་པ་ཡིད་ཀྱི་སྐྱེ་མཆེད་ཕྱོགས་མཐུན་དང་བཅས་པ་ཐམས་ཅད་མདོར་བསྡུ་ན། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་
གསུམ་དུ་འདུའོ། །དེ་ལ་དང་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ཞིང༌། གཉིས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ལ་འཇོག་སྟེ། མདོ་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། གསུམ་པ་ནི་མིག་གི་རྣམ་ཤེས་སོགས་འཇུག་པའི་ཤེས་པ་རྣམས་སོ། །གསུམ་པ་ཆོས་ཁམས་ལ་ཡང༌། མཚན་གཞིའི་ཆོས་དང་མཚན་ཉིད་ཀྱི་ཆོས་དང༌། དངོས་པོ་མེད་པ་སྟེ་གསུམ་དུ་འགྱུར་རོ། །དང་པོ་ནི་རྫས་ཡོད་ཀྱི་ཆོས་རྣམས་སོ། །གཉིས་པ་ནི་བཏགས་ཡོད་ཀྱི་ཆོས་རྣམས་སོ། །གསུམ་པ་ནི་བཏགས་ཡོད་འབའ་ཞིག་གོ །དང་པོར་མཚན་གཞིའི་ཆོས་ལ་ཡང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང་གསུམ་དུ་འགྱུར་རོ། །དང་པོ་ལ་ཡང་བདེ་སྡུག་བཏང་སྙོམས་གསུམ་དུ་འདུས་སོ། །འོ་ན་ཚོར་བའི་དབྱེ་བ་ལྔར་བཤད་པ་ཅི་ཞེ་ན། ཡིད་མི་བདེ་བའི་ཚོར་བ་སྡུག་བསྔལ་དང༌། ཡིད་བདེ་བའི་ཚོར་བ་བདེ་བར་འདུས་པས་སོ། །གཉིས་པ་འདུ་ཤེས་ཀྱི་ཕུང་པོ་ལ་ཡང་འདུ་ཤེས་ཕྱིན་ཅི་ལོག་དང་འདུ་ཤེས་དག་པ་བ་དང༌། ཡང་དག་པའི་འདུ་ཤེས་ཞེས་བྱའོ། །དེ་དག་གི་ངོས་འཛིན་ནི། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དང༌། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང༌། ས་ལ་ཆུར་འདུ་ཤེས་པ་སོགས་ཕྱིན་ཅི་ལོག་གི་འདུ་ཤེས་དང༌། གཤེར་བ་ཆུར་འདུ་ཤེས་པ་དང༌། གཡོ་བ་རླུང་འདུ་ཤེས་པ་སོགས་འདུ་ཤེས་དག་པ་དང༌། འདུས་བྱས་མི་རྟག་པར་འདུ་ཤེས་པ་དང༌། ཟག་བཅས་སྡུག་བསྔལ་བར་འདི་ཤེས་པ་སོགས་
ཡང་དག་པའི་འདུ་ཤེས་ཞེས་བྱའོ། །དེ་ལྟར་ཆགས་ཡུལ་ཀིང་རུས་སུ་འདུ་ཤེས་པ་སོགས་མི་སྡུག་པའི་འདུ་ཤེས་རྣམས་སྤྱིར་ལོག་པའི་འདུ་ཤེས་ཡིན་ཀྱང༌། དགོས་པ་གྲོལ་བའི་རྒྱུར་འགྲོ་བའི་ཕྱིར་ཡང་དག་པའི་འདུ་ཤེས་ཀྱི་མིང་གིས་བསྟན་ཏོ། །དེ་ལྟར་ན་དེ་འདྲ་བའི་དབྱེ་བ་ནི་རྟོག་པར་སླ་བའོ། །ཡང་ན་འདུ་ཤེས་དེ་ལ་གཡེང་ལྡན་གྱི་འདུ་ཤེས་དང༌། མཉམ་པར་བཞག་པའི་འདུ་ཤེས་དང༌། ཕྲ་བའི་འདུ་ཤེས་དང་གསུམ་མོ། །དང་པོ་ནི་སེམས་གཡེང་བ་དང་ལྡན་པ་འདོད་པའི་ཁམས་ཀྱིས་འདུ་ཤེས་ཐམས་ཅད་དོ། །གཉིས་པ་ནི་གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་འདུ་ཤེས་རྣམས་སོ། །འོ་ན་འདོད་ཁམས་ཀྱི་འདུ་ཤེས་རྩེ་གཅིག་པ་ལྟ་བུར་མཉམ་པར་བཞག་པར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་འདོད་པ་ལ་འདུན་པ་དང༌། གནོད་སེམས་སོགས་ཀྱི་ས་བོན་མ་སྤངས་པའི་ཕྱིར་གཡེང་བ་དང་ལྡན་པར་འཇོག །གསུམ་པ་ནི་འདུ་ཤེས་གཏན་ནས་མེད་པ་ཡང་མིན་ལ་འདུ་ཤེས་ཤིན་ཏུ་ཕྲ་བས་སྲིད་རྩེ་དང་འདུ་ཤེས་མེད་པའི་སེམས་ཅན་ཡང་རང་ལུགས་ལ་དེ་ལྟར་ཁས་ལེན་པར་བྱའོ། །གསུམ་པ་འདུ་བྱེད་དེ་ལ་དབྱེ་ན། ལུས་དང་ངག་དང༌། སེམས་ཀྱི་དབྱེ་བས་གསུམ་དུ་འགྱུར་ཞིང༌། དེ་རེ་རེ་ལ་ཡང་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་དང་གསུམ་གསུམ་དུ་དབྱེ་བས་དགུར་འགྱུར་རོ། །དེ་ལྟར་ན་མངོན་པ་མཛོད་ལས། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ཐམས་ཅད་ལུང་མ་བསྟན་དུ་བཤད་པ་དེ་རྣམས་ཀྱི་ཐམས་ཅད་མཁྱེན་པ་དང་ཐར་བ་
ཐོབ་པ་ལ་སྒྲིབ་པས་སྒྲིབ་ལུང་མ་བསྟན་དུ་བཤད་ཀྱང་འདིར་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་པ་དེ་ཀ་མི་དགེ་བའི་ཆོས་ཡིན་པའི་ཕྱིར། མི་དགེ་བའི་ཕྱོགས་ཁོ་ནར་འདུས་སོ། །དེས་ན་ཉོན་མོངས་པ་ལ་རྩ་བའི་ཉོན་མོངས་པ་ལྔ་དང་ཉེ་བའི་ཉོན་མོངས་པ་བཅུ་པོ་དེ་རྣམས་ཀྱང་འདོད་ཆགས་ཞེ་སྡང་དང་གཏི་མུག་དང་གསུམ་དུ་ཉོན་མོངས་ཀྱི་རིགས་ཐམས་ཅད་འདུས་པར་འགྱུར་རོ། །དགེ་བའི་ཕྱོགས་ནི་འཁོར་བ་ལས་ཡིད་ངེས་པར་འབྱུང་བ་འདོད་ཆགས་མེད་པའི་དགེ་བ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བརྩེ་བ་ནི་ཞེ་སྡང་མེད་པའི་དགེ་རྩ་དང༌། ཚུལ་བཞིན་དུ་ཤེས་པ་གཏི་མུག་མེད་པའི་དགེ་བ་དང༌། དད་པ་དང་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་སྟེ་དྲུག་པོ་དེ་རྣམས་ནི་དགེ་བའོ། །གོང་གི་འདུ་ཤེས་ཀྱི་དབྱེ་བ་གསུམ་པོ་དེ་ལས་བདེ་སྡུག་བཏང་སྙོམས་གསུམ་འབྱུང་ཚུལ་ནི། འདུ་ཤེས་ཡང་དག་པ་ལས་དགེ་བའི་ལས་འབྱུང་ངོ༌། །ཕྱིན་ཅི་ལོག་ལས་མི་དགེ་བའི་འདུ་ཤེས་སྐྱེའོ། །འདུ་ཤེས་དག་པ་ལས་ཕལ་ཆེར་ལུང་མ་བསྟན་གྱི་ལས་འབྱུང་ལ་འོན་ཀྱང་གཅིག་ཏུ་ནི་མ་ངེས་ཏེ། འདི་ནི་ཕལ་ཆེར་གྲོགས་ཀྱིས་བསྒྱུར་བའི་ཕྱིར་རོ། །གཉིས་པ་མཚན་ཉིད་ཀྱི་ཆོས་ལ། ཡུལ་ལ་བཏགས་པ་དང༌། དུས་ལ་བཏགས་པ་དང༌། དངོས་ཏེ་ངོ་བོ་ལ་བཏགས་པ་དང་གསུམ་དུ་འགྱུར་རོ། །དེ་ལ་མཚན་ཉིད་ནི་ཁྱད་པར་གྱི་ཆོས་བཏགས་པ་བ་རྣམས་ཡིན་ཞིང༌། དེ་ཡང་མ་བརྟགས་མ་དཔྱད་པའི་ངོ་བོར་བུམ་པ་ཞེས་པ་རེ་ཞིག་རྫས་སུ་གྲུབ་ཀྱང་
བུམ་པ་ལ་བུམ་པ་བྱུང་པའི་གནས་སྐབས་དེ་ལ་སྐྱེ་བ་ཞེས་བཏགས་པ་ཡིན་གྱི་བུམ་པ་མིན་པའི་སྐྱེ་བ་ཞེས་བྱ་བ་ཞིག་གྲུབ་པ་ནི་ནམ་ཡང་མེད་པ་དང༌། བུམ་པའི་སྐྱེ་བ་དང་འགག་པ་ཞེས་པ་བཏགས་ཡོད་དེ་བུམ་པའི་སྐྱེ་འགག་ཅེས་བྱ་ཡང་བུམ་པ་ལས་ལོགས་སུ་མ་གྲུབ་ཅིང་མིང་གིས་བཏགས་པ་ཙམ་ཡིན་པས་ན་ཀུན་བཏགས་དང༌། བུམ་པ་གནས་པ་དང༌། དེ་དང་དེའི་རྣམ་པ་རྙིང་ཞིང་འགྱུར་བའི་རྒས་པ་དང༌། ནད་ལ་སོགས་པ་ཡང་བློས་བཏགས་པ་ཁོ་ནའོ། །དེ་བཞིན་དུ་ཆེ་ཆུང་ཞེས་པ་ཡང་ཆེན་པོ་ལ་ལྟོས་ཏེ་ཆུང་ངུ་བཏགས་པ་དང༌། ཆུང་ངུ་ལ་ལྟོས་ཏེ་ཆེན་པོར་བཏགས་པའོ། །དེ་བཞིན་དུ་མཐའ་དབུས་མཐོ་དམན་ལ་སོགས་པ་ཡང་དེ་དང་མཚུངས་སོ། །རྒྱུ་དང་འབྲས་བུ་ཞེས་པ་ཡང་བློས་བཏགས་པ་སྟེ། དཔེར་ན་མྱུ་གུ་ལ་ལྟོས་ཏེ་ས་བོན་བཞག་པ་དང༌། ས་བོན་ལ་ལྟོས་ཏེ་མྱུ་གུ་ལ་འབྲས་བུར་བཏགས་པ་ཡིན་པས་ཀུན་བཏགས་འབའ་ཞིག་གོ །འདས་མ་འོངས་གཉིས་ནི་དངོས་མེད་ཡིན་པས་ཀུན་བཏགས་ཡིན་པ་སྨོས་མིན་དགོས་ཤིང༌། ད་ལྟར་བ་ཡང་སྔ་མ་འདས་ཕྱི་མ་མ་བྱུང་ཙམ་ལ་ད་ལྟ་བའོ། །ཞེས་བློས་བཏགས་པ་ཡིན་པས་ཀུན་བཏགས་སོ། །འགྲོ་འོང་ཡང་སྐྱེས་བུའི་ལུས་ཀྱི་བཀོད་པ་མི་འདྲ་བ་ཙམ་ལ་དེར་བཏགས་པའི་ཕྱིར་བཏགས་ཡོད་དོ། །སྔར་མ་ཐོབ་ན་ཕྱིར་ཤོར་བ་མི་འབྱུང་བའི་ཕྱིར་ཐོབ་པ་ལ་ལྟོས་ཏེ་ཤོར་བ་བཏགས་པ་དང༌། ཤོར་བ་ལ་ལྟོས་ཏེ་ཐོབ་པར་བཏགས་པས་སོ། །དེ་བཞིན་དུ་མཚན་ཉིད་མཚོན་བྱ་མཚན་གཞི་ལ་
སོགས་པ་རྫས་སུ་མ་གྲུབ་སྟེ། ལྟོ་བ་ལྡིར་བ་ཞབས་ཞུམ་པ་མགྲིན་པ་ཕྲ་བ་དེ་བུམ་པའི་མཚན་ཉིད་ཡིན་ཞེས་འཇོག་ཀྱང༌། བུམ་པ་ལ་རྫས་སུ་དེ་ལྟར་མ་གྲུབ་པའི་ཕྱིར་བློས་བཏགས་སོ། །མཚོན་བྱ་ཡང་མཚན་ཉིད་ལ་ལྟོས་ཏེ་དེར་བཏགས་པའི་ཕྱིར་རྫས་སུ་མེད་དོ། །མིང་ཚིག་ཡི་གེ་ལ་སོགས་པ་ཡང་སྒྲ་སྤྱི་ཙམ་བློ་ལ་ཤར་བ་ལ་དེར་བཏགས་པའི་ཕྱིར་རོ། །དེ་བཞིན་དུ་རགས་པའི་དངོས་པོ་རི་དང་ཁང་ཁྱིམ་སོགས་དང༌། དུས་ཀྱི་བཀོད་པ་སྐད་ཅིག་མ་མང་པོ་བསགས་པ་ལ་ཞག་དང་ཟླ་བ་དང་ལོ་དང་བསྐལ་པ་སོགས་སུ་བློས་བཏགས་པའི་ཕྱིར་རོ། །རྟེན་དང་བརྟེན་པ་ཡང་ཕན་ཚུན་ལྟོས་ནས་བཞག་པ་སྟེ། དཔེར་ན་ཁང་ཁྱིམ་དེ་ལ་ལྟོས་ནས་རི་བོ་ལྟ་བུ་ཞིག་རྟེན་དང་ཁང་ཁྱིམ་བརྟེན་པར་འཇོག་ཀྱང༌། གནས་སྐབས་འགར་ཁང་ཁྱིམ་རྟེན་དང་དེར་གནས་པའི་མིའི་འགྲོ་བ་བརྟེན་པར་ཡང་འཇོག་པའི་ཕྱིར་ཕན་ཚུན་གཅིག་ལ་གཅིག་ལྟོས་ནས་དེར་བཏགས་པའི་ཕྱིར་རོ། །རྩ་བ་དང་ཡན་ལག་ཀྱང་བཏགས་པ་སྟེ། དཔེར་ན་ཤིང་སྡོང་བུ་ལ་ལྟོས་ན་དེའི་ཡལ་ག་རྣམས་ཡན་ལག་ཏུ་འཇོག་ཀྱང་ལོ་མ་མེ་ཏོག་འབྲས་བུ་ལ་ལྟོས་ཏེ་ཡན་ལག་ཉིད་ཡན་ལག་ཅན་དུ་འགྱུར་བའི་ཕྱིར་བཏགས་ཡོད་འབའ་ཞིག་གོ །དེ་བཞིན་དུ་ཡན་ལག་དང་ཡན་ལག་ཅན་ཡང་བློས་བཏགས་པ་སྟེ། དཔེར་ན་ལུས་རིལ་བོ་ལ་ལྟོས་ཏེ་ལག་པ་ལྟ་བུ་ཞིག་ཡན་ལག་ཡིན་ཡང་ལག་སོར་ལ་ལྟོས་ཏེ་ལག་པ་ལྟ་བུ་ཡན་ལག་ཅན་དུ་འགྱུར་བའི་ཕྱིར་ཀུན་བཏགས་སོ། །ཚིག་དོན་
གཉིས་ཡང་ཕན་ཚུན་བཏགས་ནས་བཞག་པ་ཡིན་ཏེ། དཔེར་ན་ཚིག་ལ་ལྟོས་ནས་དོན་དང༌། དོན་ལ་ལྟོས་ནས་ཚིག་ཏུ་བཏགས་པའི་ཕྱིར་ཚིག་དོན་གཉིས་ཀྱི་འབྲེལ་བ་ཡང་བློས་ཀུན་ཏུ་བཏགས་པའི་ཕྱིར་རོ། །གཞན་ཡང་འབྲེལ་བའི་ཁྱད་པར་དུ་མ་འདོད་པ་རྣམས་ཀྱང་བློས་ཀུན་ཏུ་བཏགས་པ་སྟེ། དཔེར་ན། འདུས་བྱས་དང་མི་རྟག་པ་གཉིས་བདག་གཅིག་གིས་འབྲེལ་བ་ཡིན་ཞེས་གྲགས་ཀྱང༌། དེ་གཉིས་ཀྱི་འབྲེལ་བ་རྫས་སུ་[སྟེ་བདེན་པའི་རྫས་སུ་]མ་གྲུབ་སྟེ། འདུས་བྱས་གང་ཡིན་པ་དེ་མི་རྟག་པ་ཡིན་ལ་མི་རྟག་པ་གང་ཡིན་པ་དེ། འདུས་བྱས་ཡིན་པས་ཕྱིར་འབྲེལ་བའི་མཚན་ཉིད་མ་ཚངས་བས་བདག་གཅིག་པའི་འབྲེལ་པ་ཡང་བློས་བཏགས་པའོ། །དེ་བྱུང་གི་འབྲེལ་བ་ཡང་རྫས་སུ་མ་གྲུབ་ཅིང་ཀུན་བཏགས་ཁོ་ནའོ། །ནོར་དང་བདག་པོའི་གཉིས་ཀྱང་རྫས་སུ་མ་གྲུབ་སྟེ། དཔེར་ན་གསེར། དངུལ་ལ་སོགས་ནོར་དང༌། དེ་དབང་དུ་བྱེད་པའི་མི་ཞིག་བདག་པོར་འཇོག་ཀྱང་མི་དེ་ཡང་རྒྱལ་པོ་ལ་སོགས་པས་གཡོག་ཏུ་བཟུང་བའི་ཕྱིར་རོ། །སྔར་གྱི་བདག་པོ་ནོར་དང་རྒྱལ་པོ་ལྟ་བུ་བདག་པོར་ཡང་འགྱུར་བའི་ཕྱིར། དེ་གཉིས་ཀྱང་རྫས་སུ་མ་གྲུབ་བོ། །དེ་བཞིན་དུ་རྒྱུ་དང་རྒྱུ་
ཅན་གཉིས་ཀྱང་བཏགས་ཡོད་དེ། དཔེར་ན་བུམ་པ་བྱེད་པ་པོ་རྒྱུ་དང༌། རྒྱུ་ཅན་བུམ་པ་གཉིས་ཀྱང་བློས་བཏགས་པས་སོ། །དེ་བཞིན་དུ་ལྷན་ཅིག་འགྲོགས་པ་དག་ཀྱང་ཀུན་བཏགས་སོ། །གཙོ་བོ་དང་འཁོར་ཞེས་པ་དང༌། དམན་པ་དང་ཁྱད་འཕགས་ཞེས་པ་དང༌། གསལ་བ་དང་མི་གསལ་ཞེས་པ་དང༌། དེ་བཞིན་དུ་ཕན་བྱ་ཕན་བྱེད་དང༌། གནོད་བྱ་གནོད་བྱེད་དང༌། མཚོན་བྱ་མཚན་ཉིད་མཚན་གཞིའི་འབྲེལ་བ་སོགས་ཀྱང་བཏགས་ཡོད་དོ། །བརྗོད་བྱ་རྗོད་བྱེད་གཉིས་ཀྱང་བླཽས་བཏགས་པ་སྟེ། དཔེར་ན་བརྗོད་བྱ་བསླབ་བྱ་ལྟ་བུ་ལ་ལྟོས་ནས་གསུང་རབ་ཡན་ལག་བཅུ་གཉིས་རྗོད་བྱེད་དུ་འཇོག་ཀྱང༌། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་གསལ་བར་བྱེད་པའི་བསྟན་བཅོས་ལ་ལྟོས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་བརྗོད་བྱར་འགྱུར་བའི་སྐབས་ཡོད་པའི་ཕྱིར་རོ། །ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་ཡང་བློས་བཏགས་པ་སྟེ། དཔེར་ན་ཡུལ་གཟུགས་ལ་ལྟོས་ཏེ་མིག་ཤེས་ཡུལ་ཅན་དུ་འགྱུར་ཀྱང༌། ཡུལ་ཅན་ཡིད་རྟོགས་བཅས་ལ་ལྟོས་ཏེ་མིག་ཤེས་ཡུལ་དུ་འགྲོ་བ་ཡང་ཡོད་པའི་ཕྱིར་རོ། །དཔེར་ན་བུམ་པ་བཞིན་ཞེས་པའི་
དཔེ་གང་ཡང་རུང་བ་ཞིག་ཀྱང་བློས་བཏགས་པ་སྟཻ། བུམ་པ་ཉིད་ཀྱང་སྐབས་འགར་དོན་དུ་ཡང་འགྱུར་བའི་ཕྱིར་རོ། །གཏན་ཚིགས་དང་བསྒྲུབ་བྱའི་ཆོས་གཉིས་ཀྱང་རྫས་སུ་མ་གྲུབ་སྟེ། དཔེར་ན་སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་པ་ལྟ་བུའི་གཏན་ཚིགས་དེ་བསྒྲུབ་བྱའི་ཆོས་སུ་བྱས་པར་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་བཀོད་པའི་ཚེ་སྔ་མའི་གཏན་ཚིགས་ཕྱི་མའི་བསྒྲུབ་བྱའི་ཆོས་སུ་ཡང་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་བྱེད་པ་པོ་དང་ལས་སུ་བྱ་བ་དང༌། བྱེད་པ་ལ་སོགས་པའི་འབྲེལ་བ་ཡང་རྫས་སུ་མ་གྲུབ་བོ། །མཛེས་པ་དང་མི་མཛེས་པ་དང་བར་མ་ལ་སོགས་པ་དང༌། མཐོ་བ་དང་དམའ་བ་དང་བར་མ་ལ་སོགས་པ་དང༌། བདེ་སྡུག་མྱོང་བ་པོ་དང༌། ཡུལ་ཤེས་པ་པོ་དང༌། ཡུལ་མཐོང་བ་པོ་དང༌། བྱེད་པ་པོ་དང༌། སེམས་ཅན་དང༌། གང་ཟག་དང༌། སྐྱེས་བུ་ལ་སོགས་པ་ཡང་བླཽས་བཏགས་ཡིན་པའི་ཕྱིར་རྫས་སུ་མ་གྲུབ་པ་དང༌། ལྷ་དང་དམྱལ་བ་ལ་སོགས་ལ་འགྲོ་བའི་བཀོད་པ་དང༌། རྐང་པ་དང་ལག་པ་དང༌། མིག་ལ་སོགས་པ་ལུས་ཀྱི་བཀོད་པ་དང༌། རི་དང་ནགས་ཚལ་ཁང་ཁྱིམ་ལ་སོགས་པ་སྣོད་ཀྱི་བཀོད་པ་དང༌། སྣང་བ་དང་མུན་པ་ལ་སོགས་པའི་ཉེ་བར་སྤྱོད་པའི་
བཀོད་པ་སྟེ། རགས་པའི་བཀོད་པ་འདི་དག་ཀུན་བཏགས་སུ་དཔྱད་པས་མེད་པར་འགྱུར་མོད། ལྟོས་ཚེ་ཐ་དད་པས་ན་སོ་སོར་བཞག་གོ །དེ་བཞིན་དུ་ལོ་དང་ཟླ་བ་དང་ཞག་དང་བསྐལ་པ་སོགས་ཀྱང་རྫས་སུ་མ་གྲུབ་ཅིང་བློས་བཏགས་ཁོ་ནའོ། །སྐད་ཅིག་མ་སྔ་མ་དང་སྐད་ཅིག་མ་ཕྱི་མ་གཉིས་མཚམས་སྦྱོར་བ་ལྟར་བླཽོས་བཏགས་ཀྱང་དོན་ལ་མཚམས་སྦྱོར་དུ་མེད་པའི་ཕྱིར་རྫས་སུ་མ་གྲུབ་བོ། །གཟུགས་ཀྱི་དངོས་པོ་གཉིས་ཕན་ཚུན་མཚམས་སྦྱོར་བ་ལྟར་བློས་བཏགས་ཀྱང་དོན་ལ་མཚམས་སྦྱོར་དུ་མ་གྲུབ་པའི་ཕྱིར་རྫས་སུ་མ་གྲུབ་བོ། །གཟུགས་ཀྱི་ནམ་མཁའ་རྒྱན་ནམ་མཁའ་དང་བུ་གའི་ནམ་མཁའ་ལ་སོགས་མིག་ཡུལ་དུ་སྣང་བ་འདི་དག་ཀྱང་བློས་བཏགས་འབའ་ཞིག་ཡིན་གྱི་རྫས་སུ་མ་གྲུབ་བོ། །ཡིད་ངོར་ཤར་བའི་གཟུགས་སྒྲ་དྲི་རོ་དང་རེག་བྱ་ལ་སོགས་པ་སྟེ། དཔེར་ན་བུམ་པའི་རྣམ་པ་ཡང་ཡང་ཡིད་ལ་བྱས་པས་དངོས་སུ་མཐོང་བ་ལྟ་བུའི་གསལ་སྣང་འབྱུང་བ་སོགས་ཡིད་ངོར་ཤར་བའི་གཟུགས་ཡིན་ཞིང་དེ་དག་ཀྱང་ཀུན་བཏགས་འབའ་ཞིག་གོ །བཀྲེས་པ་དང་སྐོམ་པ་ཡང་ནང་དུ་འབྱུང་བའི་ཁམས་ཀྱི་རྣམ་འགྱུར་ལ་བརྟེན་
ནས་འབྱུང་བ་ལ་དེ་དང་དེར་བཏགས་པ་ཡིན་གྱི་རྫས་སུ་མ་གྲུབ་བོ། །དེ་བཞིན་དུ་བཟའ་བ་དང་ལོངས་སྤྱོད་གཡོ་བ་ལ་སོགས་པ་ཡང་བླཽས་ཀུན་བཏགས་པ་ཡིན་གྱི་རྫས་སུ་ནི་གྲུབ་པ་མེད་དོ། །གཞན་ཡང་བྱིས་པ་དང་གཞོན་ནུ་དང་རྒན་པོ་སོགས་གནས་སྐབས་ཀྱི་ཁྱད་པར་སྣ་ཚོགས་པ་མང་པོ་དག་ལ་དེ་དང་དེར་བཏགས་པའི་ཕྱིར་རྫས་སུ་མ་གྲུབ་བོ། །གཅིག་དང་གཉིས་ཞེས་པ་ལ་སོགས་པའི་གྲངས་དང༌། ཤར་ཕྱོགས་ནུབ་ཕྱོགས་ལ་སོགས་པའི་ཕྱོགས་དང་འདས་མ་འོངས་ལ་སོགས་པའི་དུས་ལ་སོགས་པ་ཡང་བཏགས་ཡོད་དོ། །དངོས་པོ་གཉིས་ཕན་ཚུན་འགལ་ཞེས་པ་ཡང་བློས་བཏགས་པ་ཡིན་གྱི་འགལ་བའི་དངོས་པོ་རྫས་སུ་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་དགག་པ་དང་སྒྲུབ་པ་ཞེས་པ་ཡང་བློས་བཏགས་ཡིན་གྱི་རྫས་སུ་མ་གྲུབ་སྟེ། དངོས་པོའི་གནས་ལུགས་ལ་གྲུབ་པ་ཞིག་ནི་དགག་ཀྱང་མི་ཐུབ་པའི་ཕྱིར་དང༌། གནས་ལུགས་ལ་མ་ཡིན་པ་ཞིག་ནི་སྒྲུབ་ཀྱང་སྒྲུབ་མི་ཐུབ་ཅིང༌། གནས་ལུགས་ལ་ཡིན་པ་ཞིག་ནི་སྒྲུབ་མི་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཀུན་བཏགས་བདེན་མེད་དུ་གཏན་ལ་མ་ཕེབས་
པར་གཞན་དབང་གཏན་ལ་འབེབས་མི་ནུས་ཤིང༌། དེ་མ་ནུས་པར་ཡོངས་གྲུབ་རྟོགས་པ་མེད་པའི་ཕྱིར། བཏགས་ཡོད་ཀྱི་ཆོས་རྣམས་ངོས་ཟིན་པ་གལ་ཆེ་ཞིང༌། དེ་ཡང་དཔེར་བརྗོད་གཅིག་ཙམ་གྱི་ཤེས་བྱ་མཐའ་དག་ལ་རིགས་འདྲེ་མི་ནུས་པར་དགོངས་ནས་འདིར་དངོས་བསྟན་ལ་བརྒྱ་ལྷག་ཙམ་སྨོས་པར་མཛད་པ་ཡིན་ལ། ཀུན་བཏགས་གང་ཡིན་པ་དེར་འདུས་པ་ནི་མ་ཡིན་ནོ། །དེས་ན་ཀུན་བཏགས་ཀྱི་རྣམ་གྲངས་འདི་དག་ཐམས་ཅད་རང་རང་གི་ལྡོག་པའི་སྟེང་ནས་དངོས་པོར་རྫས་སུ་གྲུབ་པ་ཡོད་པ་མིན་ཏེ་བླཽས་རྣམ་པར་རྟོག་པས་བརྟགས་ཆ་ཙམ་ཞིག་གོ །དེ་ཡང་འདོགས་པའི་གཞི་ལ་དབྱེ་ན་གསུམ་དུ་འགྱུར་ཏེ། ཕྱོགས་དང་དུས་ལ་སོགས་པའི་འདོགས་གཞི་ངེས་པ་མེད་པ་དང༌། མདུན་གྱི་བུམ་པའི་སྐྱེ་བ་སོགས་གཞི་གཅིག་ལ་བརྟེན་པ་དང༌། རྒྱུ་སྣ་ཚོགས་པ་དང་འབྲས་བུ་སྣ་ཚོགས་པ་སོགས་དུ་མ་ལ་བརྟེན་པ་སྟེ། འདོགས་པའི་གཞི་ལ་དབྱེ་ན་རྣམ་པ་གསུམ་པོ་དེར་འགྱུར་རོ། །གསུམ་པ་དངོས་པོ་མེད་པ་ནི་ནམ་མཁའ་དང༌། སོ་སོར་བརྟགས་འགོག་དང༌། བརྟགས་མིན་གྱི་འགོག་པ་གཉིས་དང༌། ཆོས་གང་མ་སྐྱེས་པ་ལ་སོགས་པ་དང༌། སྔར་དངོས་པོ་ཞིག་ཡོད་པ་ལ་ཕྱིས་ཞིག་སྟེ་མེད་པ་ནི་དངོས་པོ་གཞན་དུ་གྱུར་པའི་དངོས་མེད་དང༌། བུམ་པའི་སྤྱི་དང་ཀ་བའི་སྤྱི་སོགས་དངོས་པོའི་དོན་སྤྱི་རྣམས་ནི་བུམ་པ་དང་ཀ་བ་སོགས་དངོས་པོ་ལ་བརྟེན་པའི་དངོས་མེད་དང༌། མི་སྲིད་པ་བུམ་པ་མེད་པའི་དོན་སྤྱི་དང་སོགས་པས་ཀ་བ་མེད་པའི་དོན་སྤྱི་
སོགས་དངོས་མེད་ཀྱི་དབྱེ་བ་རྣམ་པ་གསུམ་པོ་དེར་འགྱུར་རོ། །དེ་དག་ཀུན་ཀྱང་བློས་རྣམ་པར་རྟོག་པའི་བཏགས་བྱ་ཙམ་ཡིན་པའི་ཕྱིར། དངོས་མེད་འགའ་ཞིག་དངོས་པོ་ལ་བརྟེན་པའི་དངོས་མེད་དང༌། དངོས་པོའི་འབྲེལ་བ་ལ་བརྟེན་པའི་དངོས་མེད་དང༌། དངོས་པོའི་མི་མཐུན་ཕྱོགས་ལ་བརྟེན་ནས་བློས་གཞག་པ་སྟེ། སྒྲོ་བཏགས་པའི་དངོས་མེད་ཡིན་པའི་ཕྱིར། དངོས་མེད་ཀྱི་དབྱེ་བ་ཕྱི་མ་གཉིས་ཀྱང༌། དངོས་པོ་གཞན་འགྱུར་གྱི་དངོས་མེད་ཁོ་ན་འདུས་པ་ཡིན་ནོ། །དེ་ལྟ་ན་ཕུང་ཁམས་སྐྱེ་མཆེད་གསུམ་གཟུགས་ཕུང་ལ་ཡང་འབྱུང་བའི་ཁམས་དང༌། སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་དང་གསུམ། ཡིད་ཀྱི་སྐྱེ་མཆེད་ཡང་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་གསུམ། ཆོས་ཁམས་ལ་ཡང་མཚན་གཞིའི་ཆོས་དང༌། མཚན་ཉིད་ཀྱི་ཆོས་དང༌། དངོས་མེད་ཀྱི་ཆོས་དང་གསུམ་མོ། །མཚན་གཞི་ལ་ཡང་ཚོར་ཕུང་དང་འདུ་ཤེས་དང་འདུ་བྱེད་དང་གསུམ། མཚན་ཉིད་ལ་ཡང་ཡུལ་ལ་བཏགས་པ་དང༌། དུས་ལ་བཏགས་པ་དང༌། དངོས་ལ་བཏགས་པ་དང་གསུམ་མོ། །དངོས་མེད་ལ་ཡང་དངོས་པོ་གཞན་འགྱུར་གྱི་དངོས་མེད་དང༌། དངོས་པོ་ལ་བརྟེན་པའི་དངོས་མེད་དང༌། མི་སྲིད་པའི་དངོས་མེད་དང་གསུམ་མོ། །དེ་ལྟར་ན་ཉེར་གཅིག་པོ་དེ་ལ་གཞིའི་ཆོས་ཞེས་བྱ་བར་འཇོག་ཅིང༌། བྱིས་པ་སོ་སོ་སྐྱེ་བོ་རྣམས་ནི་མེད་པའི་ཆོས་ཀུན་རྫོབ་བདེན་པ་ལ་ལོངས་སྤྱོད་དོ། །དེའི་ཤུགས་ལ་འཕངས་པ་རྣམས་
ནི་ཡོད་པའི་ཆོས་དོན་དམ་པའི་བདེན་པ་ལ་སྤྱོད་ཅེས་བསྟན་པས་དོན་དམ་བདེན་པ་ཡོད་པར་གྲུབ་བོ། །དེ་ལྟར་ན་སྲིད་པའི་ཆོས་ཉེར་གཅིག་པོ་དེ་རྣམས་དོན་དམ་གཏན་ལ་འབེབས་པ་ལ་དངོས་སུ་མི་དགོས་ཀྱང༌། ཤེས་བྱ་སྤྱིའི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་དུ་བཤད་པ་ཡིན་ནོ། །གཉིས་པ་ལམ་གྱི་རྣམ་གཞག་གཏན་ལ་འབེབས་པ་ལ་ཡང་གཞིའི་ཆོས་ཉེར་གཅིག་པོ་དེ་མ་འདུས་པའི་ལམ་གྱི་རྫས་གཞན་མེད་ཀྱང་དགོས་པའི་དབང་གི་རྣམ་གྲངས་ལོགས་སུ་དབྱེ་བར་བྱའོ། །དེ་ལ་ལམ་ནི་འདིའི་བགྲོད་པའི་དོན་གྱིས་ན་ཐེག་པ་ཡིན་ལ། དེ་ལ་ཡང་ལང་ཀར་གཤེགས་པ་ལས། ལྷའི་ཐེག་པ་དང༌། ཚངས་པའི་ཐེག་པ་དང༌། ཉན་ཐོས་ཀྱི་ཐེག་པ་དང༌། རང་རྒྱལ་གྱི་ཐེག་པ་དང༌། སངས་རྒྱས་ཀྱི་ཐེག་པ་ལྔར་འགྱུར་རོ། །དེ་ལ་དང་པོ་ནི་ལྟ་བ་ལས་འབྲས་ལ་ཡིད་ཆེས་པར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང༌། སྤྱོད་པ་ལས་འབྲས་ལ་བླང་དོར་ཞིབ་མོར་སྤྱོད་པའོ། །ལྟ་སྤྱོད་དེ་གཉིས་དང་ལྡན་པ་ནི་བགྲོད་པར་བྱེད་པ་ལམ་གྱི་ཐེག་པ་ཡིན་ལ། དེས་བགྲོད་པའི་འབྲས་བུ་ནི་འདོད་ལྷ་རིགས་དྲུག་དང༌། མི་ལ་སོགས་པའི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པའོ། །ལྷའི་ཐེག་པ་འདི་ནི་རྣམ་པར་གྲོལ་བའི་ཐེག་པ་ཀུན་ལ་ཡང་ངེས་པར་འབྲེལ་དགོས་སོ། །བསམ་གཏན་དང་གཟུགས་མེད་བཞི་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བགྲོད་པར་བྱེད་པ་ཚངས་པའི་ཐེག་པ་ཡིན་ལ། དེས་བགྲོད་པའི་འབྲས་བུ་ནི་བསམ་གཏན་དང་པོའི་ཚངས་པ་ཁོ་ན་མ་ཡིན་གྱི་འདིར་གཟུགས་ཁམས་གནས་
རིགས་བཅུ་བདུན་པོ་ཐམས་ཅད་ཡིན་ནོ། །དེ་ཡང་ཚངས་པ་ཞེས་པའི་སྐད་དོད་ལ། པྲཧྨ་ཞེས་བྱ་གཙང་བའམ་དག་པ་ལ་འཇོག་པས། བསམ་གཏན་དང་པོ་གཙང་ཞིང་དག་ན་གོང་མ་གསུམ་རིམ་གྱིས་ཇེ་གཙང་དང་ཇེ་དག་ཏུ་འགྲཽ་བ་སྟེ་བཅུ་བདུན་པོ་ཐམས་ཅད་ལ་ཚངས་པ་ཞེས་འཇོག་གོ །དེ་ལྟར་ན་དེ་གཉིས་ལ་འཇིག་རྟེན་པ་དང༌། ཉན་རང་ཐེག་ཆེན་གསུམ་པོ་ནི་འཇིག་རྟེན་ལས་འདས་པའོ། །དེས་ན་འདིར་ནི་ལམ་གྱི་དབྱེ་བ་གསུམ་སྟེ། ཐུན་མོང་གི་ལམ་དང་ཐུན་མོང་མ་ཡིན་པའི་ལམ་དང༌། རྒྱལ་བའི་གནས་སུ་བགྲོད་བྱེད་ཀྱི་ལམ་ཞེས་བྱ་བ་རྣམ་པ་གསུམ་དུ་འགྱུར་རོ། །དང་པོ་ནི་གོང་དུ་བསྟན་པ་ལྟར་ལྷའི་ཐེག་པ་དང༌། ཚངས་པའི་ཐེག་པ་ཞེས་པ་དེས་འབྲས་བུ་འཇིག་རྟེན་ཉིད་དུ་མངོན་པར་མཐོ་བ་ཙམ་ཐོབ་པའི་ཕྱིར་འཇིག་རྟེན་པའི་ལམ་ཡིན་ལ། དེ་ཉིད་ལ་ཐུན་མོང་པའི་ལམ་ཞེས་བྱ་བར་འཇོག་སྟེ་ཕྱི་ནང་གཉིས་ཀར་གྱི་སྒྲུབ་པ་ཡོད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ནི་ཉན་རང་གི་ལམ་རྣམས་ཡིན་ཞིང༌། དེ་གཉིས་ཀྱི་འབྲས་བུ་སངས་རྒྱས་མི་ཐོབ་པའི་ཕྱིར། ཐེག་པ་དམན་པར་འཇོག་གོ །ཐེག་པ་ཆེན་པོའི་ལམ་ནི་རྒྱལ་བ་སྟོན་པ་སངས་རྒྱས་ཀྱི་གནས་སུ་དེ་གོ་འཕང་ཐོབ་པར་བྱེད་པའོ། །མངོན་པ་ལས་ནམ་མཁའ་དང་ནི་འགོག་པ་གཉིས་སོགས་དངོས་མེད་འདུས་མ་བྱས་སུ་བཤད་པ་རྣམས་ནི་རྣམ་གྲངས་པའི་འདུས་མ་བྱས་སམ་བཏགས་པ་ཙམ་ཡིན་གྱི་འདུས་མ་བྱས་དག་པ་ནི་མ་ཡིན་ནོ། །དེའི་རྒྱུ་མཚན་ཡང་འདུས་བྱས་དང༌།
འདུས་མ་བྱས་སུ་འཇོག་པ་ལ་དངོས་པོ་ཡོད་པ་[འདིར་དངོས་པོ་ཡོད་པ་ཞེས་པའི་དངོས་པོ་ནི། སྤྱིར་དངོས་པོ་དང་དངོས་མེད་གཉིས་ཀྱི་ཟླས་ཕྱེ་བའི་དངོས་པོ་གཏན་ནས་མ་ཡིན་གྱི། དེ་ཁོ་ན་ཉིད་ལ་རྣལ་འབྱོར་དུ་བྱེད་པའི་ནང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོར་ཡོད་པ་དང༌། གསལ་བ་དང༌། ཉམས་མྱོང་དུ་གྲུབ་ཙམ་ཡིན་པའི་དོན་ཡིན་ཏེ། ཙམ་སྒྲས་གཉིས་སུ་སྣང་བའི་སེམས་སོགས་ལ་ཡོད་པ་བཅད་དོ། །ཞེས་དབང་མདོར་ཊཱིཀྐ་ནས་སོ།།]ཞིག་དགོས་ཀྱི་མེད་པ་ལ་ནི་དེའི་རྣམ་གཞག་མི་འབྱུང་བའི་ཕྱིར་ན་དངོས་མེད་ནི་མེད་པའི་ཕྱིར་དང༌། བློའི་ངོར་དངོས་པོ་ལ་བརྟེན་པའི་ཕྱིར་ན་འདུས་མ་བྱས་དངོས་མ་ཡིན་ནོ། །དེས་ན་འདུས་མ་བྱས་དངོས་ནི་ཆོས་དབྱིངས་དོན་དམ་ཁོ་ན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཟབ་མོ་རྣམས་སུ་འདུས་མ་བྱས་ཐོབ་པར་གྱིས་ཤིག །ཅེས་གསུངས་པ་དེ་རྣམས་ནི་དོན་དམ་ཆོས་དབྱིངས་ཁོ་ན་ཡིན་གྱི་གཞན་དངོས་པོ་མེད་པ་ནི་ནམ་མཁའ་དང་འགོག་པ་གཉིས་ལ་སོགས་པ་རྣམས་ནི་མེད་པའི་ཕྱིར་ཐོབ་མ་ཐོབ་ཀྱི་རྣམ་བཞག་གང་ཡང་མི་འབྱུང་བས་མེད་པ་ལ་ཅི་ཞིག་ཐོབ་པར་འགྱུར་ཏེ་ཐོབ་རྒྱུ་མེད་ཅེས་པའོ། །འཁྲུལ་ངོས་བཏགས་ཆ་ཞིག་ཐོབ་ཀྱང་དགོས་པ་མེད་དེ་གནས་ལུགས་ཀྱི་དོན་མ་ཡིན་ཞིང༌། དེའི་ཕྱིར་དགོས་པའི་དོན་མི་འགྲུབ་བོ། །དེ་ལྟར་ན་འདུས་བྱས་ཀྱི་ཆོས་ཉི་ཤུ་རྩ་བཞི་དང༌། འདུས་མ་བྱས་ཆོས་དབྱིངས་དོན་དམ་གཅིག་པུ་སྟེ་ཤེས་བྱ་ལ་སྲིད་པའི་ཆོས་ཡིན་ཚད་མདོ་ཙམ་དུ་བསྡུས་པ་ཉི་ཤུ་རྩ་ལྔ་པོ་དེ་ཙམ་ཡིན་ནོ། །དེ་ལྟར་སྲིད་པ་ཉི་ཤུ་རྩ་
ལྔའི་རྣམ་གཞག་དེ་རྣམས་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང༌། སོགས་པ་རྔ་བོ་ཆེའི་མདོ་དང་དཔལ་འཕྲེང་གིས་ཞུས་པའི་མདོ་སྡེ་དེ་རྣམས་ཀྱི་ལུང་བཞིན་དུ་བཤད་པའོ། །དེས་ན་ངེས་དོན་གྱི་མདོ་འཁོར་ལོ་ཐ་མ་རྣམས་ནི་མཐར་ཐུག་ཆོས་དབྱིངས་གསལ་བོར་སྟོན་པའི་ཕྱིར་མཐར་ཐུག་གི་མདོ་ཞེས་འཇུག་གོ །དེ་ཉིད་ལ་ཆོས་ཀྱི་མཆོག་རྫོགས་ལྡན་གྱྀ་ཆོས་ཞེས་ཀྱང་འཇོག་གོ་སྟེ། སྤྱིར་རྫོགས་ལྡན་ཞེས་པ་བཀའ་འཁོར་ལོ་ཐ་མའི་མདོ་རྣམས་ནས་དོན་དམ་ཆོས་དབྱིངས་ཀྱི་གནས་ལུགས་རྫོགས་པར་སྟོན་པའི་ཕྱིར་རྫོགས་ལྡན་གྱི་ཆོས་དང༌། གཞན་རྣམས་ནས་ཆོས་དབྱིངས་ཀྱི་ཆ་ཤས་རེ་རེ་ཙམ་སྟོན་པ་ལ་རིམ་པ་བཞིན་གསུམ་ལྡན་གཉིས་ལྡན་ཞེས་འཇོག །ཡང་ན་བསྟན་པ་ལ་ལྟོས་པའི་དབང་དུ་བྱས་ནས་སངས་རྒྱས་ཞལ་བཞུགས་པའི་གནས་སྐབས་སུ་ནི་རྫོགས་ལྡན་ཡིན་ལ་དེའི་དུས་སུ་ངེས་དོན་གྱྀ་ཆོས་འདི་ལ་གཙོ་བོར་སྤྱོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཞན་ཡང་དབང་པོ་ལྔ་དང་དོན་ལྔ་སོགས་སོ་སོའི་མཚན་ཉིད་དང་དབྱེ་བ་ལ་སོགས་པ་རྣམས་ནི་མངོན་པ་སོགས་གཞུང་སྣ་ཚོགས་པ་ནས་བཤད་པ་རྣམས་གྲུབ་མཐའི་རྣམ་བཞག་བྱེད་པ་ཀུན་ལ་གྲགས་པའི་ཕྱིར་འདིར་བཀོད་མི་དགོས་ཤིང༌། བཀོད་ཀྱང་ཧ་ཅང་གཞུང་མང་བར་འགྱུར་བའི་ཕྱིར་རོ། །གསུམ་པ་འོ་ན་སྲིད་པ་ཉེར་ལྔར་འབྲས་བུའི་ཆོས་རྣམས་ཇི་ལྟར་བསྡུ་ཞེ་ན། སྤྱིར་འབྲས་བུ་ལ་དོན་དམ་དང་ཀུན་རྫོབ་གཉིས་འབྱུང་བ་ལས། དང་པོ་ནི། ཆོས་དབྱིངས་ཁོ་ན་ཡིན་ལ། གཉིས་པ་ནི། ཀུན་
རྫོབ་ལ་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་དང་བཟོ་དང་སྐྱེ་བ་དང་མཆོག་གི་སྤྲུལ་སྐུ་སོགས་ནི་གདུལ་བྱ་གཞན་གྱི་སྣང་ངོར་ཡིན་པའི་ཕྱིར། གཞན་སྣང་དང་ལམ་བསྒོམ་པ་ལས་ཉོན་མོངས་ཀྱི་རྒྱུན་ཆད་པ་ལྟར་སྣང་ཞིང༌། ཡོན་ཏན་གསར་དུ་ཐོབ་པའི་ཆ་ནི་ལམ་བདེན་ཡིན་པའི་ཕྱིར་ལམ་གྱི་ཆོས་སུ་བསྡུའོ། །དོན་དམ་བདེ་གཤེགས་སྙིང་པོ་ནི་འབྲས་བུ་དངོས་ཡིན་ཞིང་གཞི་ཡང་དངོས་ཡིན་ནོ། འོ་ན་གཞི་འབྲས་མི་འགལ་ལམ་ཞེ་ན་མ་ཡིན་ཏེ། ཆོས་དབྱིངས་དེ་གཞི་འབྲས་དབྱེ་བ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཆོས་ཆོས་ཉིད་གཉིས་ཀྱི་ཟླས་བྱེ་བའི་ཆོས་མ་ཡིན་ཞིང་ཆོས་ཉིད་ཡིན་ནོ། །་འོན་ཀྱང་གཞི་ལམ་འབྲས་བུ་དབྱེ་བའི་སྐབས་སུ་ཆོས་དབྱིངས་དེ་གཞི་འབྲས་ཀྱི་རིས་སུ་ཆད་པ་མ་ཡིན་ཞིང༌། གཞི་ལམ་འབྲས་བུའི་ཆོས་ཀུན་ལ་ཁྱབ་པའི་དོན་དམ་པའི་ཁྱབ་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་ཤེས་བྱ་གཞི་ལྔ་ལ་དཔྱད་པ་ནི། སྣང་བ་གཟུགས་ཀྱི་གཞི་དང༌། གཙོ་བོ་སེམས་ཀྱི་གཞི་དང༌། འཁོར་སེམས་བྱུང་གི་གཞི་དང་ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི་དང༌། དེ་བཞིན་དུ་འདུས་མ་བྱས་ཀྱི་གཞི་དང་ལྔའོ། །དེས་ན་གཞི་ལྔ་པོ་དེ་རྣམས་ལ་ཤེས་པར་བྱ་བའི་གནས་ཕལ་ཆེར་འདོད་དོ། །དང་པོ་ལ། དཔྱད་པ་ནི་ཐེག་པ་ཆེན་པོའི་སྐབས་འདིར་བཟུང་བྱར་གྱུར་པ་ཕྱི་རོལ་གྱི་གཟུགས་སྒྲ་སོགས་གཟུགས་ཅན་གྱི་ཆོས་རྣམས་ནི་བློའི་སྣང་ངོ་ཙམ་ཡིན་གྱི་དོན་ལ་མེད་པའི་ཕྱིར། སྣང་བ་གཟུགས་ཀྱི་གཞི་དངོས་གནས་ལ་ཁས་མི་ལེན་ཞིང་ཐ་སྙད་གང་ལ་འཇུག་པའི་ཡུལ་ནི། གཟུགས་སུ་སྣང་བའི་རྣམ་པར་
རིག་པ་ཞེས་སྦྱར་བར་བྱའོ། །ཕྱི་མ་དངོས་པོ་མེད་པའི་ནི་བློའི་སེལ་ངོ་ཙམ་ཡིན་པ་དང༌། བཞི་པ་ལྡན་མིན་འདུ་བྱེད་ཀྱང་རྫས་སུ་མ་གྲུབ་ཅིང་བློས་བཏགས་པ་ཙམ་ཡིན་ནོ། །འདི་དག་གི་རྣམ་གཞག་གཞུང་ལུགས་ཀུན་ལ་གྲགས་སུ་རུང་བའི་ཕྱིར་ཐུན་མོང་བ་ཙམ་ཡིན་ལ། འོན་ཀྱང་དོན་དམ་འདུས་མ་བྱས་ཤེས་བྱ་གཞི་ལྔའི་ནང་གི་འདུས་མ་བྱས་སུ་མ་འདུས་སོ། །རང་གཞན་སྨྲ་བ་པོ་ཕལ་ཆེར་ཞིག་གིས་ཆོས་དབྱིངས་དེར་མ་འདུས་པའི་གནད་འདི་མ་ཤེས་ཤིང་མ་རྟོགས་པས་སོ། །ཕྱི་རོལ་མུ་སྟེགས་བྱེད་རྣམས་དང་ཉན་ཐོས་སྡེ་བ་ཁ་ཅིག་དངོས་པོ་རྟག་པར་འདོད་པ་དང༌། རང་སྡེ་སངས་རྒྱས་པ་རྣམས་དངོས་པོ་མེད་པ་ལ་རྟག་པའི་ཐ་སྙད་དུ་འཇོག་གོ །དེ་ནི་ཐ་སྙད་ཙམ་ཡིན་གྱི་མེད་པ་ལ་རྟག་མི་རྟག་གི་དབྱེ་བ་གང་ཡང་མི་འབྱུང་བས། མི་རྟག་པ་ལས་ལོག་པ་ཙམ་ལ་རྟག་པའི་ཐ་སྙད་དུ་བཞག་གོ །དེས་ན་རྟག་པའི་དངོས་པོ་ནི་དོན་དམ་བདེ་གཤེགས་སྙིང་པོ་ཉིད་ཡིན་ནོ། །གསུམ་པ་བདེན་པ་བཞི་ལ་དཔྱད་པ་ལ། རྒྱལ་བ་སྟོན་པ་སངས་རྒྱས་ཀྱིས་མདོ་སྡེ་རྣམས་སུ་བདེན་བཞིའི་རྣམ་གཞག་ཡང་ནས་ཡང་དུ་གསུངས་སོ། །དེ་ལ་བདེན་བཞི་སོ་སོའི་ངོ་བོ་ནི་སྤྱིར་ཉེར་ལེན་གྱི་ཕུང་པོ་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་ཡིན་ཀྱང་སྡུག་བདེན་གྱི་གཙོ་བོ་ནི་སྐྱེ་བའི་སྲིད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སྐྱེ་བ་ལས་ནི་འཆི་བ་དང༌། བར་དོའི་སྲིད་པ་སོགས་སྡུག་བསྔལ་གཞན་ཐམས་ཅད་འདི་ལས་འབྱུང་བའི་ཕྱིར་རོ། །ཀུན་འབྱུང་བདེན་པ་ཡང་སྤྱིར་ཁམས་གསུམ་གྱི་ཉོན་མོངས་དང༌། ལས་ཐམས་
ཅད་ཡིན་ཀྱང་གཙོ་བོར་གྱུར་པ་སྲེད་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་རྒྱུ་གཙོ་བོ་སྲེད་པ་ཡིན་གྱི་གཞན་ཞེ་སྡང་སོགས་ཀྱི་སྐྱེ་བའི་དངོས་རྒྱུ་མི་བྱེད་པའི་ཕྱིར་རོ། །ལམ་བདེན་གྱི་གཙོ་བོ་ཡང་ཡང་དག་པའི་ལྟ་བ་ཡིན་ཏེ། ཡང་དག་པའི་ལྟ་བ་འདི་ཡོད་ན། གཞན་ལམ་གྱི་རྣམ་པ་ཅི་རིགས་པ་མ་ཚང་ཡང་འགོག་བདེན་ཐོབ་ནུས་ལ། ཡང་དག་པའི་ལྟ་བ་འདི་མེད་ན་གཞན་ཐབས་མང་པོ་ཡོད་ཀྱང་འགོག་བདེན་མི་ཐོབ་པའི་ཕྱིར་རོ། །དེ་ཡང་བཤེས་སྤྲིང་ལས། སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །འདི་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །དེ་འགོག་པ་ནི་ཐར་པ་ལགས་ཏེ་ལམ། །དེ་ཐོབ་འཕགས་ལམ་ཡན་ལག་དེ་བརྒྱད་གྲགས། །ཞེས་གསུངས་པ་ལྟར། དེས་ན་འགོག་བདེན་གྱི་གཙོ་བོ་ཡང་ཆོས་དབྱིངས་དེ་བཞིན་ཉིད་ཡིན་པར་ཤེས་པར་བྱའོ། །སྤྱིར་མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་ཞེས་འཇོག་སྟེ། ཇི་ཙམ་ཉེ་བར་ལེན་པའི་ཕུང་པོ་ཡོད་པ་དེ་ཙམ་དུ་སྡུག་བསྔལ་ཉིད་ཡིན་ཞིང༌། དབྱེ་ན་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མམ། ཡང་ན་སྐྱེ་བ་དང་རྒས་པ་དང༌། ན་བ་དང་འཆི་བ་དང་འདོད་པ་བཙལ་གྱི་མི་རྙེད་པ་དང༌། དགྲ་སྡང་བ་དང་འཕྲད་པ་དང༌། གཉེན་བྱམས་པ་དང་བྲལ་བ་དང༌། མདོར་ན་ཉེ་བར་ལེན་པའི་སྡུག་བསྔལ་བ་དང་བརྒྱད་དུ་ཡང་འགྱུར་རོ། །སྣོད་ཀྱི་འཇིག་རྟེན་ལ་ཡང༌། རྟེན་པའི་སྣོད་
འོག་གཞི་རླུང་དང་ས་དང་ཆུ་ལ་སོགས་པ་དང༌། ཉེ་བར་སྤྱོད་པའི་རྒྱུ་ཡི་སྣོད་ནི་འབྱུང་བའི་ཁམས་ལ་སོགས་པ་དང༌། འབྱུང་འགྱུར་གཟུགས་སྒྲ་སོགས་ནི་ཉེ་བར་སྤྱད་བྱའི་སྣོད་དེ་གསུམ་དུ་འགྱུར་རོ། །དེ་ལ་ཡང་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཏེ་གསུམ་མམ། ཡང་ན་ས་སྟེང་ས་བླ་ས་འོག་སྟེ་གནས་གསུམ་གྱི་དབྱེ་བ་གསུམ་དུ་འགྱུར་རོ། །གཟུགས་མེད་ཁམས་ཀྱང་དམན་པའི་སྒྲ་རུ་བཤད་ཅེས་པ་ནི་ད་ལྟ་བོད་ན་གྲགས་པའི་མངོན་པའི་བསྟན་བཅོས་རྣམས་ལས་གཟུགས་མེད་ཁམས་ན་གཟུགས་མེད་དོ། །ཞེས་གསུངས། གཟུགས་མེད་ཁམས་ན་གཟུགས་གཏན་ནས་མེད་པར་བཤད་ཀྱང་རྒྱ་གར་ན་ཡང་ཉན་ཐོས་སྡེ་པ་གསུམ་ཙམ་ཡོད་པར་འདོད་པ་དང༌། གཞན་རྣམས་ཀྱི་མདོ་སྡེ་བ་ཡང་ཡོད་པར་འདོད། ཐེག་ཆེན་གྱི་མདོ་རྣམས་ལས་ཡོད་པར་བཤད་དེ། རྒྱུད་བླའི་ཐོགས་མེད་འགྲེལ་ཆེན་དུ་ཕལ་པོ་ཆེའི་ལུང་དྲངས་པ་ལས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་ནི། གཟུགས་ཀྱི་གནས་ཀྱི་ཐད་དུ་གཟུགས་ཁམས་ཀྱི་གནས་བྲིའོ། །གཟུགས་མེད་ཁམས་ཀྱི་གནས་ཀྱི་ཐད་དུ་ནི་གཟུགས་མེད་ཁམས་གནས་བྲིའོ། །ཞེས་གསུངས་པས་གཟུགས་མེད་ཁམས་ན་གནས་ཡོད་པར་བཤད་པས་གཟུགས་ཡོད་པར་གྲུབ་བོ། །དེ་བཞིན་དུ་མདོ་སྡེ་ས་བཅུ་པ་ལས། ས་དྲུག་པའི་ཡོན་ཏན་བསྟན་པའི་སྐབས་ན་གནས་དང་གཟུགས་སོགས་ཡོད་པར་བཤད་དོ། །སྔགས་ཀྱི་ཐེག་པ་ལས་ཀྱང་དུས་འཁོར་དུ་ལྷུན་པོའི་གཙུག་ཏོར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལས་གཟུགས་མེད་ཁམས་ཀྱི་
གནས་སུ་བཤད་པས་སོ། །དེས་ན་གཟུགས་མེད་ཁམས་ན་གཟུགས་གཏན་ནས་མེད་པ་ནི་མ་ཡིན་ལ་ཤིན་ཏུ་དྭངས་ཤིང་ཕྲ་བས་ན་དམན་པའི་སྒྲ་ལ་མེད་ཅེས་བཤད་པ་ཡིན་ཏེ། དཔེར་ན་ཤེས་རབ་ཆུང་བ་ལ་ཤེས་རབ་མེད་ཅེས་འཇོག་པ་ལྟ་བུའོ། ཁམས་གསུམ་གྱི་ཟག་པ་དང་བཅས་པའི་ལས་ཀུན་དང༌། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤྱི་ལྡོག་ནས་ཀུན་འབྱུང་ཉིད་ཡིན་ཞིང་སྡུག་བསྔལ་ཡང་ཡིན་ནོ། །བྱེ་བྲག་གཞི་གཅིག་ལ་ལྟོས་ན། དེ་གཉིས་ཐ་དད་དུ་འཇོག་སྟེ། དཔེར་ན་སྐྱེས་བུ་ལྷ་སྦྱིན་དམྱལ་བར་སྐྱེ་འགྱུར་གྱི་ལས་ནི་དེ་ལ་ལྟོས་པའི་ཀུན་འབྱུང་དང༌། དེ་ལས་གྱུར་པའི་དམྱལ་བའི་ཉེར་ལེན་གྱི་ཕུང་པོ་ནི་དེའི་སྡུག་བདེན་དུ་འཇོག་པ་ལྟར་རོ། །ལམ་གྱི་བདེན་པ་དངོས་ལ་ནི་འཕགས་པའི་ལམ་རྣམས་ཡིན་ལ། ཚོགས་སྦྱོར་ཡང་ལམ་བདེན་རྗེས་མཐུན་པར་འཇོག་གོ །དེའི་མཚན་གཞི་ནི་ཉན་ཐོས་དང་ཐུན་མོང་གི་དབང་དུ་བྱས་ན་བྱང་ཕྱོགས་སོ་བདུན་དང༌། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམས་ནི་ལམ་གྱི་མཚན་གཞིར་འདོད་དོ། ལམ་གྱི་སྣང་བ་གང་ཡིན་པ་ཐམས་ཅད་ལམ་བདེན་གྱིས་བསྡུས་ཤིང༌། འགོག་བདེན་ཡང་སྤངས་པའི་[ཆའམ་]ཁྱད་པར་ཙམ་ཞིག་ལ་འདོད་པ་ནི་ཐུན་མོང་པ་བཤད་པ་རགས་པའི་དབང་དུ་བྱས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འཕགས་པའི་རྒྱུད་ཀྱི་ཤེས་སྒྲིབ་རྣམས་དང༌། མ་རིག་བག་ཆགས་ཀྱི་ས་དང་དབང་
སྒྱུར་བའི་ཉོན་མོངས་པ་རྣམས་དང༌། ཟག་པ་མེད་པའི་ལས་དེ་དག་ལ་ཀུན་འབྱུང་ཕྲ་མོ་ཞིག་འཇོག་ཅིང༌། རྣམ་པར་བྱང་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །དེ་ལ་མ་རིག་བག་ཆགས་ཀྱི་ས་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་ཅིང་ཤེས་སྒྲིབ་ཀྱི་གཞིའི་ས་ཡིན་པས་དེ་སྐད་ཅེས་འཇོག་གོ །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོང་བར་མི་ནུས་ཤིང་རང་དབང་མེད་པའི་སྒྲིབ་པའོ། །དབང་སྒྱུར་བའི་ཉོན་མོངས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་བརྟེན་པས་སེམས་མ་ཞི་བ་དང་ཐར་པ་ཐོབ་པ་ལ་གེགས་བྱེད་དུ་མི་འགྱུར་བར་བྱང་ཆུབ་ལ་ཉེ་བར་འགྱུར་ཞིང་སེམས་རབ་ཏུ་ཞི་བར་འགྱུར་བ་སྟཻ། དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོའི་ཚོང་བ་གཡོ་ཅན་ལ་མདུང་བསྣུན་ཏེ་བསད་པ་ལྟ་བུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་རྒྱ་ལས་མ་འདས་ཀྱང་དེ་སྲོག་དང་བྲལ་བར་བྱས་པ་ལ་ཞེ་སྡང་གི་རྣམ་པ་ལྟ་བུ་ཞིག་སྟོན་དགོས་ཤིང༌། དེས་དེ་ལྟར་བྱས་པས་བྱང་ཆུབ་ལ་ཉེ་བར་འགྱུར་བ་ལྟ་བུའོ། །ཐེག་ཆེན་གྱི་ཡིད་ལུས་ནི་རགས་པའི་ལུས་མ་ཡིན་པར་ཤིན་ཏུ་དྭངས་པ་ལ་མཚན་དཔེ་རྗེས་མཐུན་པས་སྤྲས་པ་བྱང་ཆུབ་སེམས་དཔའི་རང་སྣང་གི་ལུས་དེ་ལ་ཆུང་ངུ་ས་དང་པོ་ནས་ས་བདུན་པའི་བར་དང༌། འབྲིང་ས་བརྒྱད་དང་དགུའི་སྐབས་དང་ཆེན་པོ་ས་བཅུ་པའོ། །དབང་སྒྱུར་གྱི་སྐྱེས་པ་ནི་ཐེག་ཆེན་གྱི་ཡིད་ལུས་དེ་ཉིད་སྐད་ཅིག་གཅིག་ལ་སྤྲུལ་པ་དང་རྫུ་འཕྲུལ་སྣ་ཚོགས་པ་སྟོན་པ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་
ནི། ཡིད་ལུས་དེ་ཉིད་ཟད་ཅིང་མེད་པར་འགྱུར་བའི་འཆི་འཕོ་བ་མ་ཡིན་གྱི། སྤྲུལ་བ་དང་རྫུ་འཕྲུལ་ཡང་ཡང་འཇུག་ཅིང་ཡང་ཡང་གཏོང་བ་ལ་འཆི་འཕོ་བའི་མིང་གིས་བསྟན་ཏོ། །དག་པའི་འཇིག་རྟེན་གྱི་ཁམས་ཞེས་པ་ནི་འཕགས་པ་རྣམས་གང་དུ་གནས་ཀྱང་དེ་ཉིད་དུ་བཻཌཱུརྱའི་ས་གཞི་ལ་གསེར་གྱི་བྱེ་མ་བརྡལ་བ་སོགས་དག་པའི་ཞིང་དང༌། ལུས་ཐམས་ཅད་ཡིད་ཀྱི་ལུས་སུ་འགྱུར་རོ། །བདེ་བ་ཅན་དང་མངོན་པར་དགའ་བ་སོགས་དག་པའི་ཞིང་ཁམས་ཁོ་ན་ཡིན་པའི་ཕྱྀར་རི་དྭགས་ལ་སོགས་པ་ཡོད་པར་བཤད་པ་ནི་མ་དག་པའི་དུད་འགྲོ་མ་ཡིན་གྱི་ཡེ་ཤེས་ཀྱི་རང་སྣང་གི་གཟུགས་སུ་ཤར་བ་ཡིན་ནོ། །དེས་ན་ཡིད་ལུས་དང་དབང་བསྒྱུར་གྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་ཀྱི་འཆི་འཕོ་བ་དང༌། དག་པའི་ཞིང་ཁམས་རྣམས་ནི་རྣམ་པར་བྱང་བའི་ལམ་གྱི་བསྡུས་ཤིང་སྡུག་བསྔལ་ཕྲ་མོ་ཞེས་བརྗོད་དོ། །སངས་རྒྱས་པའི་ལམ་བདེན་ཅི་ལྟ་བུ་ཞེ་ན། ཆོས་ཉིད་དེ་ཉིད་བྱང་ཕྱོགས་སོ་བདུན་གྱི་རྣམ་པར་ཤར་བ་དང༌། ཕར་ཕྱིན་དྲུག་གི་རྣམ་པར་ཤར་བ་སོགས་ཆོས་ཉིད་ལམ་གྱི་རྣམ་པར་ཤར་བ་ནི་དོན་དམ་པའི་ལམ་བདེན་ཞེས་འཇོག་གོ །གཞི་གདོད་མའི་ཆོས་དབྱིངས་ཀྱི་ཡེ་ཤེས་ནི་འགོག་པའི་བདེན་པར་འཇོག་གོ །དེ་ལྟ་བུའི་རྣམ་པར་བཞག་པ་ནི་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གསང་བའི་གཏམ་ཡིན་ལ། ཐེག་པ་ཆེན་པོ་ཡིན་ཀྱང་སྟོང་རྐྱང་ཁོ་ན་ལ་མོས་པ་རྣམས་ཀྱི་ནི་ཡུལ་མ་ཡིན་ལ། རྒྱུ་
མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་གིས་སྤྱོད་ཡུལ་ཁོ་ནའོ། །དེ་བཞིན་དུ་སངས་རྒྱས་རང་སྣང་གི་ཆོས་སྐུའི་ཞིང་ཁམས་དང༌། ཆོས་ཀྱི་སྐུའི་རྣམ་པ་ཐམས་ཅད་པ་དང༌། ཆོས་སྐུའི་མཛད་པ་སྣ་ཚོགས་པ་དང༌། ཆོས་སྐུའི་རང་བཞིན་གྱི་འཁོར་གྱི་བཀོད་པ་དང༌། སྟོབས་སོགས་ཡོན་ཏན་གྱི་ཚོགས་རྣམས་དང༌། སངས་རྒྱས་རང་སྣང་ཁོ་ན་ལ་གནས་པའི་འཕྲིན་ལས་དང༌། ཆོས་སྐུའི་རང་བཞིན་གྱི་འདོད་ཡོན་སྣ་ཚོགས་པ་དང༌། ཆོས་སྐུའི་རང་བཞིན་གྱི་མཆོད་པའི་བཀོད་པ་སྣ་ཚོགས་པ་ལ་སོགས་པ་ཆོས་སྐུ་རྣམ་པ་ཐམས་ཅད་པར་ཤར་བའི་ཡེ་ཤེས་དེ་ལ་གཞི་གདོད་མའི་འགོག་བདེན་ཞེས་འཇོག་གོ །འོ་ན་གོང་དུ་[སངས་རྒྱས་རང་སྣང་གི་]མཛད་པ་དང་འཕྲིན་ལས་གཉིས་ཐ་དད་དུ་བསྟན་པ་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། མཛད་པ་དང་འཕྲིན་ལས་གཉིས་ངོ་བོ་གཅིག་ཀྱང་ལྡོག་ཆ་ཐ་དད་པར་འཇོག་སྟེ། འཕྲིན་ལས་ནི་བྱ་བ་དང༌། མཛད་པ་ནི་བྱེད་པར་འཇོག་གོ །རྒྱ་བོད་འདི་དག་ཏུ་འགོག་བདེན་ཞེས་པ་སྤངས་བྱའི་[གཉེན་པོས་]རྒྱུན། སྤངས་པའི་[ཆའམ་]ཆ་ཁྱད་པར་ཙམ་ཞིག་ལ་འདོད་ཀྱིས་དེ་ལས་གཞན་ཡེ་ཤེས་ཀྱི་སྣང་བ་གཏན་མེད་པར་འདོད་པ་དང༌། ཆོས་སྐུ་ཡང་སྤྲོས་པ་དང་བྲལ་ཙམ་གྱི་སྟོང་པ་ལ་འཇོག་པ་སོགས་ནི་ངེས་དོན་གྱི་གནད་འདི་ལྟ་བུ་ཞིག་མ་རྟོགས་པར་ཟད་དོ། །དེས་ན་ཆོས་སྐུའི་སྐུ་དང་ཞིང་ཁམས་སོགས་ནི་སངས་རྒྱས་རང་སྣང་གི་ཆོས་ཡིན་པས་གདུལ་བྱ་གཞན་གྱིས་དངོས་སུ་མཐོང་བ་ནི་མེད་ལ་
འོན་ཀྱང་སངས་རྒྱས་རང་སྣང་གི་སྐུ་དང་ཞིང་ཁམས་དང་མཛད་པའི་རྣམ་གྲངས་སོགས་ཀྱི་གཟུགས་བརྙན་ཅི་རིགས་པ་ཞིག་ས་བཅུའི་སེམས་དཔའ་ལ་འོག་མིན་སྟུག་པོ་བཀོད་པར་ངེས་པ་ལྔ་ལྡན་གྱི་ལོངས་སྐུའི་ཚུལ་གྱི་སྣང་བ་དང་དེའི་གཟུགས་བརྙན་ཅི་རིགས་པ་གནས་གཙང་མའི་སྟེང་ན་ཡོད་པའི་འོག་མིན་དུ་སྣང་བ་དང༌། དེའི་སྣང་བརྙན་འཛམ་བུ་གླིང་སོགས་སུ་འགྲོ་བ་རྒྱུད་དག་པ་རྣམས་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱི་སྣང་ངོ༌། །དེ་ཡང་ཕལ་པོ་ཆེ་ལས་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་ཤར་བ་དེ་རི་རབ་ཀྱི་ངོས་ལ་དེའི་གཟུགས་བརྙན་འཆར་བ་དང༌། དེའི་གཟུགས་བརྙན་གསེར་གྱི་རི་བདུན་ལ་འཆར་བ་དང༌། དེའི་གཟུགས་བརྙན་རོལ་མཚོ་རྣམས་ལ་འཆར་བ་སོགས་ཀྱི་དཔེ་གསུངས་པ་རྣམས་གོང་གི་དོན་དང་སྦྱོར་རྒྱུ་ཡིན་ནོ། །དེ་ལ་གཞན་སྣང་གི་སྐུ་དང་མཛད་པ་དང་ཞིང་ཁམས་སོགས་ནི་ལམ་བདེན་དངོས་ཡིན་ནོ། །དེས་ན་དོན་དམ་པའི་འགོག་བདེན་གྱི་ཆོས་སྐུའི་རང་བཞིན་ཅན་རྣམ་པ་ཐམས་ཅད་པ་དེ་གཞི་གདོད་མ་ནས་གནས་པའི་ཕྱིར་དོན་ལ་གསར་དུ་ཐོབ་པ་ནི་མེད། འོན་ཀྱང་གང་ཟག་གང་ཡང་རུང་བ་ཞིག་གིས་ལམ་བསྒོམས་ཏེ་རང་ལ་གདོད་མ་ནས་གནས་པའི་དོན་དམ་འགོག་བདེན་མངོན་དུ་གྱུར་པ་ལ་གང་ཟག་དེས་འབྲས་བུ་ཐོབ་བོ་ཞེས་སྐྱེས་བུ་དེ་ལ་དེ་སྐད་ཅེས་གྲགས་སོ། །དེ་ཡང་དོན་དམ་པའི་འགོག་བདེན་ཆོས་དབྱིངས་དེ་དུས་གསུམ་གྱི་
སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ཡིན་ཞིང༌། དེ་ཉིད་ལ་ཡེ་ཤེས་ཀྱི་རྒྱ་མཚོར་ཆེན་པོར་ཡང་བཤད་པ་ཡིན་ཏེ། དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་བྲན་ཇི་སྙེད་པ་ཐིམ་པ་ལྟར་སྐྱེས་བུ་སོ་སོའི་ལམ་སྒོམ་པ་ལས་ཇི་སྲིད་སངས་རྒྱས་ཐོབ་པ། དེའི་ཚེ་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་ཐིམ་པ་ཡིན་པས་སངས་རྒྱས་ཐམས་ཅད་མཛད་པ་དང་ཡེ་ཤེས་ཐམས་ཅད་རོ་གཅིག་ཏུ་གྱུར་པ་ཡིན་ཏེ། རྒྱན་ལས། སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །ཞེས་གསུངས་པ་ལྟར་རོ། །དེས་ན་གང་ཟག་སོ་སོ་ལ་ལྟོས་ནས་འབྲས་བུ་ཐོབ་ཅེས་འཇོག་པ་ཡིན་གྱི། ཆོས་དབྱིངས་རང་གི་ངོ་བོའི་རང་བཞིན་རྒྱུ་དང་ལམ་དང་འབྲས་བུའི་ཆོས་ལས་འདས་པ་ཡིན་ནོ། །ཆོས་དབྱིངས་ལམ་གྱི་རྣམ་པར་ཤར་བ་དོན་དམ་པའི་ལམ་བདེན་དང༌། སངས་རྒྱས་ཀྱི་ཆོས་སྐུ་དོན་དམ་པའི་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་དོན་དམ་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཆོས་སྐུ་དོན་དམ་པའི་ལས་ཉོན་གྱི་རྣམ་པར་ཤར་བ་ནི་དོན་དམ་པའི་ཀུན་འབྱུང་ཞེས་བྱ་སྟེ། དེ་དག་ནི་འགོག་པའི་བདེན་པ་དངོས་ཡིན་ནོ། །དོན་དམ་པའི་ལམ་དང་སྡུག་བསྔལ་དང་ཀུན་འབྱུང་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་དང༌། ལམ་དང་ཀུན་འབྱུང་གི་བདེན་པ་དངོས་ནི་མ་ཡིན་ནོ། །དོན་དམ་པའི་འགོག་པ་ནི་འགོག་བདེན་ཡིན་གྱི་དེ་ལས་གཞན་
སོ་སོར་བརྟག་འགོག་སོགས་ནི་འགོག་བདེན་དངོས་མ་ཡིན་ནོ། །དེས་ན་འགོག་བདེན་ནི་གཞི་གདོད་མ་ནས་གློ་བུར་གྱི་ཆོས་རྣམས་དང་བྲལ་ཞིང་ཟད་པས་ན་འགོག་པའམ་ཡང་ན་གདོད་མ་ནས་གློ་བུར་གྱི་ཆོས་རྣམས་དང་བྲལ་ཞིང་ཟད་པའི་འགོག་གཞི་ཡིན་པས་ན་དེ་སྐད་ཅེས་འཇོག་གོ །བཞི་པ་རྣམ་པར་རྟོག་པ་དང་མི་རྟོག་པའི་དབྱེ་བ་ནི། རྗེ་བཙུན་མ་རྒྱལ་བ་ལས་རྒྱལ་བ་མི་ཕམ་མགོན་པོ་བྱམས་པས་གསུངས་པ་ནི། མུ་བཞི་སྟེ་རྟོག་པ་འབའ་ཞིག་ཡིན་པའི་མུ་དང༌། རྟོག་མི་རྟོག་གཉིས་ཀ་ཡིན་པའི་མུ་དང༌། མི་རྟོག་པ་ཁོ་ན་ཡིན་པའི་མུ་དང༌། གཉིས་ཀ་མ་ཡིན་པའི་མུའོ། །རྟོག་པ་འབའ་ཞིག་ཡིན་པའི་མུ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ལམ་ལ་མ་ཞུགས་པའི་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་སེམས་དང་སེམས་ལས་བྱུང་བ་དང༌། དེའི་ཡུལ་རྣམས་ནི་མི་རྟོག་པ་ཅུང་ཟད་ཀྱང་མེད་ཅིང་རྣམ་པར་རྟོག་པ་ཁོ་ན་ཡིན་པས་སོ། །གཉིས་ཀ་ཡིན་པའི་མུ་ནི་སྦྱོར་ལམ་པའི་རྒྱུད་ཀྱི་ཡེ་ཤེས་ཏེ། དེ་ཡང་ཆོས་ཉིད་ལ་གསལ་སྣང་ཇི་རིགས་པ་ཐོབ་ཅིང་དེའི་རྗེས་མཐུན་པ་ཡིན་པས་ནི་མི་རྟོག་པ་ཡང་ཡིན་ལ། གཟུང་འཛིན་གྱི་རྣམ་རྟོག་མ་སྤངས་ཤིང་དེ་དང་བཅས་པའི་ཚུལ་གྱིས་འཇུག་པས་ན་རྟོག་པ་ཡང་ཡིན་ནོ། །མི་རྟོག་པ་ཁོ་ན་ཡིན་པའི་མུ་ནི་བྱང་སེམས་འཕགས་པ་རྣམས་ཀྱི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། སངས་རྒྱས་ཡེ་ཤེས་ནི་རྣམ་པར་མི་རྟོག་པ་ཁོ་ན་ཡིན་པའི་
མུའོ། །གཉིས་ཀ་མ་ཡིན་པའི་མུ་ནི་འཕགས་པ་རྣམས་ཀྱི་རྗེས་ཐོབ་དག་པ་སྟེ་གཟུང་འཛིན་གྱི་སྣང་བ་འཆར་བས་མི་རྟོག་པ་ཡང་མ་ཡིན་ལ། དེ་ལ་སྒྱུ་མ་ལྟ་བུར་ཤེས་ཤིང་མངོན་ཞེན་མེད་པའི་རྟོག་པ་ཡང་མ་ཡིན་ནོ། །དེ་ལྟར་མུ་བཞི་པོ་དེས་ཤེས་བྱ་ཐམས་ཅད་བསྡུས་པ་ཡིན་ནོ། །ཞེས་ཤེས་བྱའི་ཡུལ་ཐམས་ཅད་སྤྱི་ལྡོག་ནས་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་གཉིས་པའི་རྣམ་པར་བཤད་ཟིན་ཏོ། ༈ རབ་བྱེད་གསུམ་པ་ལ་བཤད་བྱའི་གཞུང་བཏིང་བ་དང༌། དེ་ལ་དཔྱད་པའོ། །དང་པོ་ལ་དོན་ཚན་དགུ་ལས། དང་པོ་དབྱིངས་ཀྱི་དོན་ནི། ཡང་དག་པའི་མཐའ་ཞེས་པ་ནི། དེ་བཞིན་ཉིད་དང་བདེ་གཤེག་སྙིང་པོ་སོགས་མིང་གི་རྣམ་གྲངས་ཡིན་ཞིང༌། དེ་ལ་ཡང་དག་པ་ནི་ཕྱིན་ཅི་མ་ལོག་པས་ན་ཡང་དག་པ་དང༌། དེ་ཉིད་ཆོས་ཉིད་ཀྱི་མཐར་ཐུག་པ་ཡིན་པས་ན་མཐའ་ཞེས་འཇོག་གོ །དེའི་རྣམ་བཞག་ལས་བརྩམས་ཏེ་རྗེ་བཙུན་བྱམས་པས་མདོ་སྡེ་རྒྱན་དུ་གསུངས་པ་ནི། རྟག་ཏུ་དེ་རྣམ་པ་ཐམས་ཅད་དུ་བཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བ་ཡིན་ཀྱང་བློ་འཁྲུལ་པ་ལ་དེ་ལྟར་དུ་སྣང་བ་ནི་ཀུན་བཏགས་ཀྱི་མཚན་ཉིད་དང༌། འཁྲུལ་པའི་རྟེན་གང་ཡིན་པ་ནི་གཞན་དབང་སྟེ་དེ་ཡང་དཔེར་ན་གཟུགས་སུ་སྣང་བའི་རྣམ་རིག་ཙམ་འཁྲུལ་པའི་
རྟེན་གཞན་དབང་ཡིན་ལ། དེ་ལ་བརྟེན་ནས་ཡུལ་ཡུལ་ཅན་དུ་འཛིན་པ་ནི་ཀུན་བཏགས་ཡིན་པས་འཁྲུལ་པའི་རྟེན་གང་ཡིན་པ་དེ་ལ་གཞན་དབང་ཞེས་འཇོག་གོ །ཡོངས་གྲུབ་གང་ཞིག་དུས་དང་རྣམ་པ་ཀུན་ཏུ་ངག་གིས་བརྗོད་པ་དང་ཡིད་ཀྱིས་བརྗོད་པ་རྟོག་པ་རྣམས་ཀྱིས་བརྗོད་པར་ནུས་པ་མ་ཡིན་ཞིང༌། གཟུང་འཛིན་གྱི་སྤྲོས་པ་མེད་ཅིང་དེ་དེའི་བདག་ཉིད་ཡིན་པ་དང༌། ཡོངས་གྲུབ་ཁོ་ན་དངོས་པོའི་གནས་ལུགས་ལ་ཡོད་པས་དེ་ཁོ་ནའོ། །དེས་ན་ཀུན་བཏགས་ནི་བཏགས་ཆ་ཙམ་དུ་ཤེས་པར་བྱ་བ་ཡིན་གྱི་ཆེད་གཏད་སྤོངས་མི་དགོས་ཏེ་གཞན་དབང་སྤངས་པས་རང་སྤངས་ལ་འགྲོ་བའི་ཕྱིར་རོ། །འཁྲུལ་པའི་རྟེན་གཞན་དབང་ནི་གཉེན་པོའི་ལམ་བསྒོམས་ཏེ་སྤངས་བར་བྱ་དགོས་ཏེ། དཔེར་ན་མིག་རབ་རིབ་ཅན་ལ་སྐྲ་ཤད་སོགས་ཅི་ཙམ་སྣང་ཡང་སྐྲ་ཤད་དེ་དོན་ལ་མེད་ཅིང་འཁྲུལ་པ་ཁོ་ན་ཡིན་པའི་ཕྱིར་སྤོང་མི་དགོས་ལ། ཐབས་སྣ་ཚོགས་པས་རབ་རིབ་མེད་པར་བྱས་ན་སྐྲ་ཤད་སོགས་རང་ཡལ་ལ་འགྲོ་བ་ལྟར། གཉེན་པོའི་ལམ་བསྒོམས་ཏེ་འཁྲུལ་པའི་རྟེན་གཞན་དབང་སྤངས་པས་ཀུན་བཏགས་རང་ལོག་ལ་འགྲོ་བའི་ཕྱིར་རོ། །ཡོངས་གྲུབ་ཆོས་ཉིད་དེ་བཞིན་ཉིད་ནི་རང་བཞིན་གྱི་དྲི་མས་མ་གོས་ཤིང་དེ་ཉིད་གཞན་དབང་སོགས་གློ་བུར་གྱྀ་ཆོས་རྣམས་སྦྱངས་བར་བྱ་བའི་གཞི་ཡིན་ཏེ། ནམ་མཁའ་ལ་སྤྲིན་གྱི་སྒྲིབ་པ་ལྟར་སྣང་ཡང་ནམ་
མཁའི་ངོ་བོ་ལ་སྤྲིན་གྱིས་མ་གོས་ཤིང་རླུང་གིས་ཤུགས་ཀྱིས་གཏོར་བ་དེའི་ཚེ་དག་པ་གཉིས་ལྡན་གྱི་ནམ་མཁའ་ཞེས་འཇོག་པ་དང༌། གསེར་གྱི་ངོ་བོ་རང་བཞིན་གྱི་དག་ཅིང་གསལ་བ་ཡིན་གྱི་གློ་བུར་གཡའ་ལ་སོགས་པས་ནམ་དུ་ཡང་གོས་མ་མྱོང་ཞིང་སྤངས་རུང་གླཽ་བུར་བ་ཡིན་ལ་དེ་ཉིད་བཙོ་སྲེག་སོགས་བྱས་པས་གཡའ་དང་བྲལ་བ་དེའི་ཚེ་གསེར་དག་པ་གཉིས་ལྡན་ཞེས་འཇོག་པ་དང༌། ཆུ་དང་རྙོག་མ་འདྲེས་པ་ལྟར་སྣང་ཡང་ཆུའི་ངོ་བོ་ལ་རྙོག་མས་གོས་མ་མྱོང་ཞིང་དེ་ཉིད་རང་སར་བཞག་པ་ལས་ས་རྣམས་འོག་ཏུ་བབས་ཏེ་ཆུ་དྭངས་པ་དེའི་ཚེ་ཆུ་དག་པ་གཉིས་ལྡན་ཞེས་འཇོག་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ཅན་གྱི་ཆོས་ཉིད་འདྲེས་པ་ལྟར་སྣང་ཡང༌། སེམས་རང་བཞིན་གྱྀ་འོད་གསལ་བ་དེ་ལ་ཉོན་མོངས་སོགས་ཀྱི་གདོད་མ་ནས་གོས་མ་མྱོང་ཞིང༌། ལམ་བསྒོམས་ཏེ་འཁྲུལ་བ་ཟད་པ་དེའི་ཚེ་ཆོས་དབྱིངས་དག་པ་གཉིས་ལྡན་ཞེས་འཇོགའོ་ན་ཆོས་ཅན་གློ་བུར་བ་དེ་རྣམས་ཆོས་ཉིད་ལས་ལོགས་སུ་བདེན་པར་གྲུབ་པའམ་ཞེ་ན་མ་ཡིན་ཏེ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་མཐར་འཇིག་ཅིང་འགྲོ་བས་ན་འགྲོ་བ་ཡིན་ལ། དེས་ན་འགྲོ་བ་སྣོད་བཅུད་ཀྱི་བསྡུས་པའི་ཆོས་ཐམས་ཅད་ནི་ཆོས་ཉིད་དེ་ལས་གཞན་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། འོན་ཀྱང་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཆོས་དབྱིངས་དེ་ལ་ཤིན་ཏུ་རྨོངས་པའི་
བློ་དང་ལྡན་པ་ཡིན། དེའི་རྒྱུ་མཚན་ཡང་དཔེར་ན་མིག་རབ་རིབ་ཅན་ལ་མདུན་གྱི་ཡོད་པས་གཟུགས་སོགས་མི་མཐོང་བར་མེད་པའི་སྐྲ་ཤད་སོགས་རབ་རིབ་མང་པོ་མཐོང་བ་ལྟར་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ཀྱང་ཡོད་པའི་ཆོས་དབྱིངས་མི་མཐོང་བར་མེད་པའི་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་པ་དག་སྣང་བ་ནི་འཇིག་རྟེན་ལ་རྨོངས་པ་ཚབ་ཆེ་བ་ཡིན་ཏེ། ཡོད་པ་མི་མཐོང་བ་ཡང་རྨོངས་པ་ཡིན་མོད་ཀྱང༌། དེའི་སྟེང་དུ་མེད་པ་ཞིག་མཐོང་བ་ནི་ཆེས་ཆེའི་རྨོངས་པའོ། །འདི་ཀོ་ཇི་ལྟ་བུ་ཞེས་པ་ནི་ངོ་མཚར་བའི་དོན་ནོ། །ཞེས་པ་དེ་རྣམས་ནི་དབྱིངས་ཀྱི་དོན་ལ་དེ་དབྱིངས་ཀྱི་སྐད་དོད་ལ་དྷཱ་དུ་ཞེས་པ་དབྱིངས་དང༌། རྒྱུ་དང་ཁམས་དང༌། རིགས་སོགས་དུ་མ་ལ་འཇུག་ཀྱང༌། འདིར་དབྱིངས་ཞེས་པ་བསྐྱེད་སྡུད་ཐམས་ཅད་ཀྱི་གཞི་བྱེད་པས་དབྱིངས་ཏེ་དེ་བཞིན་ཉིད་དོ། །སྙིང་པོའི་དོན་ནི། ཆོས་དབྱིངས་དེ་བཞིན་ཉིད་དེ་སངས་རྒྱས་དང་སེམས་ཅན་སོགས་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཉིད་དེ་བཞིན་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་དེ་བཞིན་ཉིད་ཡིན་པས་དེ་བཞིན་ཉིད་ལ་ཁྱད་པར་མེད་ཀྱང་ནམ་གློ་བུར་གྱི་དྲི་མས་དག་པ་དེའི་ཚེ་དེ་བཞིན་གཤེགས་པ་ཞེས་འཇོག་པ་ཡིན་ལ། དེས་ན་སངས་རྒྱས་ཀྱི་དེ་བཞིན་ཉིད་དེ་ཉིད་སེམས་ཅན་གྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་ན། འགྲོ་བ་སེམས་ཅན་ཀུན་དེ་བཞིན་གཤེགས་པ་དེའི་སྙིང་པོ་ཅན་ནོ། །འོ་ན་སངས་རྒྱས་ཀྱི་དེ་བཞིན་ཉིད་དེ་སེམས་ཅན་གྱི་
རྒྱུད་ཡིན་ནམ་ཞེ་ན་དེ་ནི་མ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ནི་ཀུན་གཞི་རྣམ་ཤེས་ཡིན་ལ། དེ་བཞིན་ཉིད་ནི་ཡེ་ཤེས་ཡིན་པའི་ཕྱིར་རོ། །རྟེན་བརྟེན་པའི་ཚུལ་གྱི་གནས་པ་ནི་མི་འགལ་ལོ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང༌། སངས་རྒྱས་ཀྱི་དེ་བཞིན་ཉིད་གཉིས་ཁྱད་པར་མེད་པའི་དོན་གྱིས་ཕན་ཚུན་འདྲ་བའི་དོན་ཙམ་མ་ཡིན་གྱི། འདྲ་བ་ཙམ་ལ་ཁྱད་པར་མེད་པའི་དོན་མ་ཚངས་པའི་ཕྱིར། སེམས་ཅན་གྱི་དེ་བཞིན་ཉིད་དེ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ཡིན་ལ། སངས་རྒྱས་རྣམས་ཀྱི་ཆོས་སྐུ་དེ་སེམས་ཅན་གྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་སེམས་ཅན་ཀུན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པ་ནི་སྙིང་པོའི་དོན་ནོ། །སྤྱིར་སྙིང་པོ་ཞེས་པའི་སྐད་ལ་འཕགས་ཡུལ་དུ་གརྦྷ་ཞེས་པ་ཕྱི་རོལ་ནས་གཞན་གྱིས་བསྒྲིབས་ཤིང་དབུས་ན་ཡོད་པའི་དོན་གྱིས་ན་སྙིང་པོ། ཡང་ན་ཧྲཱིཿད་ཡ་ཞེས་པ་ནོར་གྱྀ་མཆོག་ལ་ནོར་གྱྀ་སྙིང་པོར་འཇོག་པ་ལྟར། གཞན་ལས་མཆོག་ཏུ་གྱུར་པས་ན་སྙིང་པོ། ས་ར་ཞེས་པ་སྲ་ཞིང་བརྟན་པའི་དོན་གྱིས་ན་སྙིང་པོ། དེ་བཞིན་ཉིད་དེ་ལ་སྙིང་པོའི་དོན་གསུམ་ཅར་ཚངས་པ་ཡིན་ཏེ། དེ་བཞིན་ཉིད་དེ་གཞི་དུས་སུ་གློ་བུར་གྱི་དྲི་མས་བསྒྲིབས་ཤིང་དེའི་དབུས་ན་གནས་པ་ལྟར་སྣང་བ་དང༌། དེ་བཞིན་ཉིད་དེ་ཉིད་ཆོས་ཀུན་ལས་མཆོག་ཏུ་གྱུར་པ་ཡིན་པ་
དང༌། དེ་བཞིན་ཉིད་ནམ་དུ་ཡང་འགྱུར་བ་མེད་ཅིང་སྲ་ཞིང་བརྟན་པ་ཡིན་པས་སོ། །རྟག་པའི་དོན་ནི། དེ་བཞིན་ཉིད་ཆོས་ཅན་རྟག་པ་ཡིན་ཏེ། སྐྱེ་བ་མེད་པའི་ཕྱིར་དང༌། དེ་བཞིན་ཉིད་ཆོས་ཅན་བརྟན་པ་ཡིན་ཏེ། འཆི་བ་མེད་པ་སྟེ་འཇིག་པ་མེད་པའི་ཕྱིར། ཡང་དེ་ཆོས་ཅན་ཞི་བ་ཡིན་ཏེ། ན་བའི་གནོད་པ་མེད་པའི་ཕྱིར། དེ་ཆོས་ཅན་གཡུང་དྲུང་ཡིན་ཏེ། རྒས་པ་མེད་པའི་ཕྱིར། ཆོས་དབྱིངས་དེ་བཞིན་ཉིད་རྟག་པའི་ཕྱིར། སྐྱེ་བ་མེད་པ་དང༌། བརྟན་པའི་ཕྱིར། འཆི་བ་སྟེ་འཇིག་པ་མེད་པ་དང༌། ཞི་བའི་ཕྱིར། ན་བའི་གནོད་པ་མེད་པ་དང༌། གཡུང་དྲུང་ཡིན་པའི་ཕྱིར། རྒས་པ་མེད་པ་ཡིན་ནོ། །གཡུང་དྲུང་གི་སྐད་དོད་ཤ་ཤྭ་ཏ་ཞེས་པ་ཡིན་ལ། དེས་ན་གཡུང་བ་ནི་རྟག་པའི་བརྡ་ཉིད་དང༌། དྲུང་ནི་བརྟན་པའི་བརྡའོ། །ཆོས་ཉིད་དེ་བཞིན་ཉིད་དེ། ནམ་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད་ཅན་ཡིན་ཏེ། སྔར་གཞི་དུས་སུ་ཇི་ལྟ་བ་བཞིན་ཕྱིས་འབྲས་བུའི་དུས་སུ་ཡང་དེ་བཞིན་ཡིན་པའི་ཕྱིར་རོ། །འོ་ན་གཞི་དུས་སུ་ཆོས་དབྱིངས་དེ་ཉེས་པ་དང་ལྡན་ཞིང་ཡོན་ཏན་གྱི་ཚོགས་མེད་པ་ལ། འབྲས་བུའི་དུས་སུ་ཉེས་པ་སྔར་ཡོད་སྤངས་ཏེ། ཡོན་ཏན་གསར་དུ་ཐོབ་པའི་ཕྱིར་སྔར་ཇི་ལྟ་བ་བཞིན་ཕྱིས་མ་ཡིན་པས་འགྱུར་བ་ཡོད་དོ། །ཞེ་ན་དེ་ནི་མ་ཡིན་ཏེ། ཉོན་མོངས་སོགས་ཉེས་པའི་ཚོགས་རྣམས་ནི་རང་བཞིན་གྱིས་མ་གྲུབ་ཅིང་ཆོས་དབྱིངས་ཀྱི་ངོ་བོ་ལ་གོས་མ་མྱོང་བས་གློ་བུར་ཙམ་ཡིན་ལ། སྟོབས་
སོགས་དོན་དམ་པའི་ཡོན་ཏན་རྣམས་ནི་ལམ་བསྒོམས་ཏེ་གསར་དུ་ཐོབ་པ་མ་ཡིན་གྱི་གདོད་མ་ཉིད་ནས་ཆོས་དབྱིངས་དེ་ལ་རང་བཞིན་གྱི་ལྷུན་གྲུབ་ཏུ་ལྡན་པའི་ཕྱིར་རོ། །དེས་ན་དྲི་མ་སྔར་ཡོད་དང༌། ཡོན་ཏན་མེད་པ་ནི་སེམས་ཀྱི་སྒྲིབ་པས་བསྒྲིབས་པའི་ཕྱིར། བློའི་སྣང་ངོ་ཙམ་ཡིན་གྱི་དོན་ལ་ཆོས་དབྱིངས་དེ་ལ་གདོད་མ་ནས་དྲི་མས་གོས་མ་མྱོང་བས་རང་བཞིན་གྱིས་སྤངས་པ་མཐར་ཐུག་དང༌། དོན་དམ་གྱི་ཡོན་ཏན་རྣམས་རང་བཞིན་གྱིས་ལྡན་པའི་རང་བཞིན་རྟོགས་པ་མཐར་ཐུག་ཡིན་པའི་ཕྱིར་རོ། །ཞེས་པ་དེ་རྣམས་ཆོས་དབྱིངས་རྟག་པའི་དོན་ནོ། ཁྱབ་པའི་དོན་ནི་དཔེར་ན་དངོས་པོ་ཀུན་ལ་ཁྱབ་པར་བྱའོ་སྙམ་པའི་རྣམ་པར་རྟོག་པ་མེད་པའི་བདག་ཉིད་ཐོགས་བཅས་ཀྱི་རེག་པ་བཀག་ཙམ་གྱི་མེད་པར་དགག་པའི་མཚན་ཉིད་ཅན་དངོས་པོ་མེད་པའི་ནམ་མཁའ་དེ། ཕྱི་ནང་གི་དངོས་པོ་ཀུན་གྱི་རྗེས་སུ་སོང་བ་སྟེ་ཐམས་ཅད་ལ་ཁྱབ་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་གདོད་མ་ནས་སྤྲོས་པ་དང་བྲལ་བས་དྲི་མ་མེད་པའི་དབྱིངས་དེ་ཡང་དག་པ་དང་མ་དག་པའི་ཆོས་ཀུན་ལ་འགྲོ་བ་སྟེ་ཁྱད་པར་མེད་པར་ཁྱབ་པ་ཉིད་དོ། །དེ་ཡང་དཔེ་དང་བཅས་པར་རྒྱས་པར་བཤད་པ་ནི། དཔེར་མཚོན་ན་དངོས་མེད་ཀྱི་ནམ་མཁའ་དེ་གཟུགས་ཀྱི་རྣམ་པར་དམན་པའི་མི་གཙང་བའི་ཕུང་པོ་ལྟ་བུ་ཞིག་ལ་ཡང་ཁྱབ་ཀྱང་དེའི་ཉེས་པས་ནམ་མཁའ་མ་དག་པར་མ་བྱས་པ་དང༌། ནམ་མཁའ་དེ་གཟུགས་ཀྱི་རྣམ་པ་བར་མར་གྱུར་པ་རི་ཁང་ཁྱིམ་སོགས་ལ་ཁྱབ་ཀྱང་དེ་རྣམས་ཀྱིས་ནམ་མཁའི་ངོ་བོ་ལ་མ་གོས་
ཤིང༌། ནམ་མཁའ་དེའི་རང་བཞིན་དུ་བྱས་པ་མ་ཡིན་པ་དང༌། གཟུགས་ཀྱི་རྣམ་པ་མཆོག་རི་རབ་ལྷུན་པོ་དང་རྣམ་པར་རྒྱལ་བའི་ཁང་བཟང་སོགས་ལ་ཡང་ནམ་མཁའ་དེས་ཁྱབ་ཀྱང༌། ནམ་མཁའི་ངོ་བོ་ལ་དེ་རྣམས་ཀྱི་མ་གོས་ཤིང༌། ནམ་མཁའི་དངོས་པོ་མཆོག་དེ་རྣམས་ཀྱི་རང་བཞིན་དུ་མ་བྱས་པ་ལྟར། ཆོས་ཀྱི་སྤྱིའི་མཚན་ཉིད་དེ་བཞིན་ཉིད་དེ་ཡང་འདོད་ཆགས་སོགས་གློ་བུར་གྱི་ཉེས་པ་དང་བཅས་སེམས་ཅན་དམྱལ་བ་མནར་མེད་སོགས་ཀྱི་འགྲོ་བ་དམན་པ་ཀུན་ལ་ཁྱབ་ཀྱང༌། དེའི་ཉེས་པས་ཆོས་དབྱིངས་མ་དག་པར་མ་བྱས་པ་དང༌། མངོན་ཤེས་དང་རྫུ་འཕྲུལ་སོགས་ཡོན་ཏན་གྱི་ཚོགས་རྣམས་ལ་ཆོས་དབྱིངས་དེས་ཁྱབ་ཀྱང༌། ཆོས་དབྱིངས་རང་གི་ངོ་བོ་མངོན་ཤེས་དང་རྫུ་འཕྲུལ་སོགས་སུ་མ་བྱས་པ་དང༌། གཟུགས་ཀྱི་སྐུ་སོགས་མཐར་ཐུག་གིས་འབྲས་བུ་རྣམས་ལ་ཆོས་དབྱིངས་དེས་ཁྱབ་ཀྱང༌། ཆོས་དབྱིངས་རང་གི་ངོ་བོ་གཞན་སྣང་གཟུགས་སྐུ་སོགས་ཀྱི་ངོ་བོར་མེད་པའོ་ཞེས་པ་ནི་ཆོས་དབྱིངས་འཁོར་འདས་ཀུན་ལ་ཁྱབ་པའི་དོན་ནོ། །རིག་པའི་དོན་ནི། འཁོར་འདས་ཀུན་ལ་ཁྱབ་པའི་དེ་བཞིན་གཤེགས་པའི་སྙིང་པོ་དེ་རིག་ཅིང་ཡོངས་དཔྱོད་དུ་གྲུབ་པ་ཡིན་ནམ། འོན་ཏེ་སྤྲོས་པ་དང་བྲལ་ཙམ་གྱི་དངོས་མེད་མེད་དགག་ཞིག་ཡིན་ཞེ་ན། སྤྱིར་དེ་བཞིན་གཤེགས་པའི་སྙིང་པོའི་ངོས་འཛིན་ལ་བོད་ཀྱི་ཕྱོགས་འདིར་གཙོ་ཆེ་བ་གསུམ་དུ་བྱུང་སྟེ། རྔོག་ལོ་ཆེན་པོའི་བཞེད་པ་ནི། བསྟན་བཅོས་རྒྱུད་བླ་མ་འདི་བཀའ་འཁོར་ལོ་ཐ་མའི་དགོངས་འགྲེལ་ཡིན་པས་ཤིན་ཏུ་ཟབ་པ་ཡིན་ཞེས་གསུངས་
ནས། བདེ་གཤེགས་སྙིང་པོའི་ངོས་འཛིན་སྟོང་ཉིད་མེད་དགག་ལ་མཛད་དོ། །དེས་ན་བར་པ་ལས་ཐ་མ་ཟབ་པར་མ་སོང་སྟེ། དོན་གྱི་གཙོ་བོ་མེད་དགག་ཙམ་ཞིག་སྟོན་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ས་སྐྱ་པཎྜི་ཏ་ཆེན་པོས་ནི། སྙིང་པོའི་ངོས་འཛིན་དེའི་དགོངས་གཞི་སྟོང་ཉིད་ཡིན་ཞེས་པ་ལྟར་སྤྲོས་བྲལ་སྟོང་ཉིད་ཙམ་ལ་མཛད་པར་གསལ་ཀྱང་སྡོམ་གསུམ་རབ་དབྱེར་རང་ལུགས་གསལ་བོར་མ་གཞག་གོ །བུ་སྟོན་ཆེན་པོ་ནི་སྙིང་པོའི་ངོས་འཛིན་ཀུན་གཞི་རྣམ་ཤེས་ལ་མཛད་དོ། །རང་ལུགས་ལ་སྙིང་པོའི་ངོས་འཛིན་ནི། རིགས་ཁམས་སྦྲང་རྩི་དང་འདྲ་བ་འདི་གཟིགས་ནས་ཞེས་གསུངས་པ་དང༌། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ་ཞེས་གསུངས་པ་ལྟར། འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་བྱར་གྱུར་པ་གཟུང་འཛིན་གཉིས་ཀྱི་སྟོང་པའི་སེམས་རང་བཞིན་གྱི་འོད་གསལ་བ་དེ་ནི། བདེ་བར་གཤེགས་པ་ཡང་ཡིན་ལ་སྙིང་པོ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཞེས་པ་ནི་རིག་པའི་དོན་ནོ། །ཆོས་དབྱིངས་དེ་རྣམ་པ་ཐམས་ཅད་པར་སྟོན་པ་ནི་གང་གི་ཕྱིར་ཆོས་དབྱིངས་དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང། དེ་ནི་དེ་བཞིན་གཤེགས་པ་དང༌། དེ་ནི་འཕགས་པའི་བདེན་པ་དང༌། ཆོས་དབྱིངས་དེ་ནི་དོན་དམ་པའི་མྱ་ངན་ལས་འདས་པ་རྣམས་ཡིན་ཞིང༌། དེའི་ཕྱིར་ན་དཔེར་ན་ཉི་མ་དང་འོད་ཟེར་གཉིས་དབྱེར་མེད་པ་སྟེ། ཉི་མ་མེད་པར་འོད་ཟེར་འབྱུང་བ་མི་སྲིད་ཅིང༌། འོད་ཟེར་མེད་པའི་ཉི་མ་ཡང་མི་སྲིད་པས། ཉི་མ་དང་འོད་
ཟེར་གཉིས་དབྱེར་མེད་པ་ལྟར། ཆོས་དབྱིངས་དང་དོན་དམ་པའི་ཡོན་ཏན་རྣམས་ཀྱང་དབྱེར་མེད་པར་གནས་པ་ཡིན་པས། སངས་རྒྱས་ཀྱི་ཆོས་སྐུ་ཉིད་ལས་མ་གཏོགས་པར་མྱ་ངན་ལས་འདས་པ་མེད་ཅེས་པའོ། །འདི་ནི་མྱང་འདས་ཀྱི་གཙོ་བོར་[གཉིས་མེད་ཡེ་ཤེས་ཀྱི་གདགས་གཞི་]རང་བཞིན་མྱང་འདས་ཡིན་པར་གསལ་བར་སྟོན་ཏེ། རང་བཞིན་གྱི་སྤངས་རྟོགས་མཐར་ཐུག་པ་ཆོས་སྐུ་ཉིད་རང་བཞིན་མྱང་འདས་ཡིན་ཞིང༌། དེ་ཉིད་མྱང་འདས་གོ་ཆོད་པོ་ཡིན་གྱི་གླཽ་བུར་དྲི་སྤངས་ཀྱི་མྱང་འདས་ན་མྱང་འདས་བཏགས་པ་བ་ཡིན་ཏེ། གློ་བུར་གྱི་མྱང་འདས་དོན་དམ་པར་མེད་ན། དེ་སྤངས་པའི་མྱང་འདས་ཅིའི་ཕྱིར་འབྱུང་སྟེ་མི་འབྱུང་བའི་ཕྱིར་རོ། །འདིའི་སྐབས་ཆོས་དབྱིངས་དང་ཡོན་ཏན་དབྱེར་མེད་པས་ན་རྣམ་པ་ཐམས་ཅད་པར་འགྱུར་བ་དང༌། གཞན་ཡང་སེམས་རང་བཞིན་གྱི་འོད་གསལ་མ་བྱས་ཤིང་མ་བཅོས་པ་འདི་ནི། སངས་རྒྱས་ཀྱི་ཆོས་ཀུན་དབྱེར་མེད་པར་འཇུག་པ་ཅན་ཡིན་ཏེ། གང་གཱའི་ཀླུང་གི་རྡུལ་གྱི་གྲངས་ལས་འདས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྟོབས་སོགས་ཡོན་ཏན་གྱི་ཆོས་རྣམས་དང་གཞི་གདོད་མ་ནས་ལྡན་པས་སོ། །གཞན་ཡང་རྒྱ་མཚོ་ཆེ་བཞིན་དཔག་མེད་པ་ཞེས་སོགས་ཀྱི་དོན་ནི། དཔེར་མཚོན་ན་ཆོས་དབྱིངས་དེ་རྒྱ་མཚོ་ཆེན་པོ་དང་ཆོས་མཐུན་པ་ཡིན་ཏེ། དཔག་ཏུ་མེད་ཅིང་ཟད་མི་ཤེས་པའི་ཡོན་ཏན་རྣམས་རང་བཞིན་གྱི་ལྡན་པའི་ཕྱིར་རོ། །དཔག་ཏུ་མེད་པའི་ཡོན་ཏན་རྣམས་དང་ཆོས་དབྱིངས་དེ་དབྱེར་
མེད་པ་ཡིན་ཏེ་དཔེར་ན་མར་མེ་བཞིན་ནོ། །དེ་རྣམས་རྒྱས་པར་འཆད་པ་ནི། དཔེར་ན་རྒྱ་མཚོར་ཆེན་པོ་དེ་འོག་དབང་ཆེན་གསེར་གྱི་ས་གཞི་དང༌། འཁོར་ཡུག་ལྕགས་རིས་ལེགས་པར་བསྐོར་བའི་སྣོད་ཤིན་ཏུ་ཡངས་པ་ཡིན་ཞིང༌། དེའི་ནང་ཐམས་ཅད་ཆུ་དཔག་ཏུ་མེད་ཅིང་ཟད་མི་ཤེས་པས་གང་བ་དང༌། དེ་ལ་དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུའི་རིགས་མཐའ་ཡས་པ་གནས་པ་སྟེ། ཁྱད་ཆོས་གསུམ་དང་ལྡན་པ་དེ་ལ་རྒྱ་མཚོ་ཞེས་འཇོག་པ་ལྟར། ཆོས་སྐུ་ནི་ཆོས་དབྱིངས་དེ་བཞིན་ཉིད་དེ། དེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་བྱེད་པའི་ཕྱིར། སྣོད་དང་མཚུངས་པ་ཡིན་ལ། རྒྱལ་བའི་ཡེ་ཤེས་ནི་ཡོན་ཏན་གྱི་ཚོགས་རྣམས་ཡིན་ཞིང༌། དེ་ཉིད་ཆོས་སྐུ་དེ་ལ་གདོད་མ་ནས་གནས་པའི་ཕྱིར་ན་རིན་པོ་ཆེ་དང་ཆོས་མཚུངས་ཤིང༌། ཆོས་སྐུ་དེ་ལ་ཐུགས་རྗེ་ཆེན་པོས་ཁྱབ་པའི་ཕྱིར་ན། ཐུགས་རྗེ་ཆེན་པོ་ནི་ཆུ་དང་ཆོས་མཚུངས་སོ། །དཔག་ཏུ་མེད་པའི་ཡོན་ཏན་རྣམས་དང་ཆོས་དབྱིངས་དེ་དབྱེར་མེད་པའི་དཔེ་མར་མེ་དང་ཆོས་མཚུངས་པ་རྒྱས་བཤད་ནི་དཔེར་ན་མ་བརྟགས་མ་དཔྱད་པའི་ངོར་མར་མེའི་སྣང་བ་དང༌། རེག་བྱ་དྲོ་བ་དང༌། ཁ་དོག་རྣམ་པར་དབྱེར་མེད་པ་བཞིན་དུ། དྲི་མ་མེད་པའི་གནས་ཆོས་དབྱིངས་དེ་ལ་མངོན་ཤེས་སོགས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ནི་མར་མེའི་སྣང་བ་དང་ཆོས་མཚུངས་ཤིང༌། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནི་དྲི་མ་རྣམས་བསྲེག་པའི་ཕྱིར་མར་མེའི་རེག་བྱ་དྲོ་བ་
དང་མཚུངས་ཤིང༌། དྲི་མ་མེད་པའི་དེ་ཁོ་ན་ཉིད་ནི་གློ་བུར་གྱི་དྲི་མས་གདོད་མ་ནས་གོས་མ་མྱོང་པའི་སྤངས་པ་ཡིན་ལ་དེ་ཉིད་ཆོས་དབྱིངས་ཀྱི་ཁ་དོག་ཡིན་པའི་ཕྱིར། མར་མེའི་མདོག་དང་ཆོས་མཚུངས་པ་ཡིན་ཏེ། དེས་ན་དེ་གསུམ་རྣམ་པར་དབྱེར་མེད་པའི་ཚུལ་གྱི་ཆོས་དབྱིངས་ལ་གནས་པའོ། །གཞན་ཡང་དཔེར་ན་རི་མོ་མཁན་གཅིག་གིས་མགོ་བོ་བྲི་བར་ཤེས་ལ་གཞན་མི་ཤེས་པ་དང། དེ་བཞིན་དུ་གཅིག་གིས་ལག་པ་དང༌། གཅིག་གིས་རྐང་པ་དང༌། གཅིག་གིས་མིག་དང༌། གཅིག་གིས་ཁ་སོགས་རེ་རེ་འབྲི་བར་ཤེས་ལ། ཐམས་ཅད་འབྲི་བར་མི་ཤེས་པའི་ཚེ། རས་གཞི་ལ་རྒྱལ་པོའི་གཟུགས་བྲིས་ཤིག་ཅེས་བསྒོས་ན་རི་མོ་མཁན་གཅིག་མ་ཚངས་ན་ཡང་གཟུགས་ཡོངས་རྫོགས་བྲི་བར་མི་ནུས་ལ། ཐམས་ཅད་ཚངས་ན་རྒྱལ་པོའི་གཟུགས་ཡོངས་རྫོགས་འབྲི་བར་ནུས་པའི་ཕྱིར། འབྲི་བར་བྱེད་མཁན་དང་འདྲ་བའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་སོགས་ཕར་ཕྱིན་དྲུག་གང་རུང་ཞིག་མ་ཚང་ན་ཡང་རྣམ་པ་ཀུན་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་མངོན་དུ་མི་འགྱུར་ལ། དྲུག་ག་ཚང་ན་རྒྱལ་པོའི་གཟུགས་བརྙན་དང་འདྲ་བའི་སྐུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་གཟུགས་མངོན་དུ་འགྱུར་བ་ཡིན་ནོ། །ཞེས་པ་དེ་རྣམས་ནི་ཆོས་དབྱིངས་རྣམ་པ་ཐམས་ཅད་པར་སྟོན་པའོ། །སྤྲོས་མེད་ཀྱི་མཚན་ཉིད་དུ་སྟོན་པ་ནི་ཆོས་དབྱིངས་དེ་སྤྲོས་པའི་མཐའ་
བཅུ་དང་བྲལ་བ་ཡིན་ཏེ། ཆོས་དབྱིངས་དེ་ཀུན་བཏགས་གཞན་དབང་སོགས་ཀྱིས་སྟོང་པས་དེ་གཉིས་དངོས་པོར་ཡོད་པ་མ་ཡིན་ལ། ཡོངས་གྲུབ་ཆོས་ཉིད་དེ་བཞིན་ཉིད་ནི་མེད་པ་ཡང་མ་ཡིན་ནོ། །དེ་རྣམས་དང་ཡོངས་གྲུབ་གཅིག་ཀྱང་མ་ཡིན་ཞིང་ཐ་དད་ཡང་མ་ཡིན་ཏེ། ཡོངས་གྲུབ་ནི་སྤྲོས་པ་དང་བྲལ་བའི་མཚན་ཉིད་ཅན་ཡིན་ལ། དེ་གཉིས་ནི་སྤྲོས་པ་དང་བཅས་ཤིང་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །ཐ་དད་ཀྱང་མ་ཡིན་ཏེ། ཀུན་བཏགས་དང་གཞན་དབང་གི་ཆོས་ཉིད་གང་ཡིན་པ་དེ་ཡོངས་གྲུབ་ཡིན་ཞིང༌། ཡོངས་གྲུབ་ཀྱི་ཆོས་ཅན་ཡང་ཀུན་བཏགས་དང་གཞན་དབང་ལས་ལོགས་སུ་མེད་པའི་ཕྱིར་རོ། །ཆོས་དབྱིངས་དེ་སྐྱེ་བ་ཡང་མེད་དེ། འདུས་མ་བྱས་ཡིན་པའི་ཕྱིར་དང༌། མཐར་འགག་པ་ཡང་མེད་དེ། ཐོག་མར་མ་སྐྱེས་པའི་ཕྱིར་རོ། །ཆོས་དབྱིངས་དེ་ལ་འཕེལ་འགྲིབ་ཀྱང་མེད་དེ། འབྲས་བུ་ཐོབ་པའི་ཚེ་ཆོས་དབྱིངས་དེ་འཕེལ་ཞིང་རྒྱས་པ་ཡང་མེད་ལ། སེམས་ཅན་གྱི་དུས་སུ་ཉོན་མོངས་ཀྱིས་གོས་ཏེ་འགྲིབ་པ་མེད་དེ། ཆོས་དབྱིངས་རང་གི་ངོ་བོ་ལ་དྲི་མས་གདོད་མ་ནས་གོས་མ་མྱོང་བའི་ཕྱིར་འབྲས་དུས་དག་པ་ཡང་མེད་ལ། རྣལ་འབྱོར་ཅན་གྱི་བློ་ངོ་ལ་ལམ་བསྒོམས་ཏེ་དྲི་མ་རྣམས་རྣམ་པར་དག་པར་ཡང་འགྱུར་རོ། །དེ་ལྟར་མཚན་ཉིད་བཅུ་པོ་དེ་རྣམས་ནི་དོན་དམ་ཆོས་དབྱིངས་སྤྲོས་བྲལ་གྱི་མཚན་ཉིད་ཡིན་ཞེས་པའོ། །[དྲི་མ་རྣམས་དང་ཡེ་ནས་]མ་འདྲེས་པའི་མཚན་ཉིད་ནི། རིན་པོ་ཆེ་དང་ནམ་
མཁའ་དང༌། ཆུ་རྣམས་རང་བཞིན་གྱིས་དག་པ་བཞིན་དུ་ཆོས་དབྱིངས་དེ་ཡང་དུས་རྟག་ཏུ་ཉོན་མོངས་སོགས་ཀྱི་རང་བཞིན་གྱིས་གོས་པ་མེད་པའོ། །དཔེར་ན་ནམ་མཁའ་དེ་ཕྱི་ནང་གི་དངོས་པོ་ཀུན་ལ་ཁྱབ་ཀྱང༌། དེ་ཕྲ་བའི་ཕྱིར་དངོས་པོའི་མཚན་ཉིད་ཀྱིས་ནམ་ཡང་གོས་པ་མེད་དེ། ནམ་མཁའ་དེ་མེའི་ཁམས་ལ་ཁྱབ་ཀྱང་དེ་ཉིད་ཚ་ཞིང་བསྲེགས་པའི་ངོ་བོར་མ་བྱས་པ་བཞིན་དུ་ཆོས་དབྱིངས་དེ་སེམས་ཅན་ཐམས་ཅད་ལ་གནས་ཀྱང་སེམས་ཅན་གྱི་རྒྱུད་ཀྱི་འདོད་ཆགས་ཞེ་སྡང་སོགས་ཀྱིས་ནམ་ཡང་གོས་པ་མེད་པའོ། །ཞེས་པ་དེ་དག་མ་འདྲེས་པའི་མཚན་ཉིད་བསྟན་ཏོ། །ཟུང་འཇུག་གི་མཚན་ཉིད་ནི། ཆོས་དབྱིངས་དེ་དང་རྣམ་པར་དབྱེར་ཡོད་པ་གློ་བུར་གྱི་དྲི་མ་དག་གིས་ཁམས་ཆོས་དབྱིངས་ཏེ་སྟོང་པའི་ཕྱིར་སྟོང་པ་ཡང་ཡིན་ལ། ཆོས་དབྱིངས་དེ་དང་རྣམ་པར་དབྱེར་མེད་པ་བླ་ན་མེད་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱིས་མི་སྟོང་པའི་ཕྱིར་སྟོང་པ་ཡང་མ་ཡིན་ནོ། །དེས་ན་ཆོས་དབྱིངས་དེ་ནི་སྟོང་པ་དང་སྟོང་མིན་ཟུང་དུ་འཇུག་པའི་མཚན་ཉིད་ཅན་ཡིན་ནོ། །རིགས་དང་ཁམས་སུ་སྟོན་པ་ནི། ལུས་ཅན་སེམས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པའི་ཕྱིར་རོ། །དེའི་དོན་ཡང་སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར་ཞེས་པའོ། །ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་ཀྱི་དེ་བཞིན་ཉིད་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་ཏེ། རང་བཞིན་དྲི་
མེད་དེ་ནི་གཉིས་མེད་ཕྱིར་ཞེས་སོ། །ཡང་ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར། དེའི་དོན་ཡང་རིགས་ཀྱི་སྐད་དོད་གོ་དྲ་ཞེས་བྱ་བ་ཡིན་ལ། རིགས་ནི་ཤིན་ཏུ་འདྲ་བའི་དོན་ཡིན་ཏེ། སེམས་ཅན་གྱི་དེ་བཞིན་ཉིད་དང༌། སངས་རྒྱས་ཀྱི་དེ་བཞིན་ཉིད་ཤིན་ཏུ་འདྲ་བ་ཡིན་ཞིང༌། དེའི་ཕྱིར་ན་ངོ་བོ་གཅིག་ཀྱང་ཡིན་ཏེ། སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར་ཞེས་པས་སོ། ཁམས་ཞེས་པ་རྒྱུའི་དོན་མ་ཡིན་གྱི་མི་གསལ་བའི་ཚུལ་གྱི་གནས་པ་ནི་ཁམས་ཏེ། པདྨ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་གནས་པ་དང༌། སྦྲང་མའི་དབུས་ན་སྦྲང་རྩི་གནས་པ་དང༌། སྤུན་པའི་ནང་ན་སྙིང་པོ་གནས་པ་དང༌། མི་གཙང་བའི་ནང་ན་གསེར་གནས་པ་དང༌། སའི་འོག་ཏུ་གཏེར་གནས་པ་དང་མྱུ་གུ་ལ་འབྲས་བུའི་ནུས་པ་གནས་པ་དང༌། གོས་ཧྲུལ་གྱི་ནང་ན་རྒྱལ་བའི་གསེར་སྐུ་ལྟ་བུ་གནས་པ་དང༌། བུད་མེད་ངན་པའི་ལྟོ་བ་ན་མི་བདག་འཁོར་ལོས་སྒྱུར་རྒྱལ་གནས་པ་དང༌། ས་ལ་རིན་པོ་ཆེའི་གཟུགས་གནས་པ་སྟེ། དཔེ་དགུ་དང་དོན་དགུ་པོ་དེ་དག་ངོ་བོ་དངོས་གནས་སུ་ཡོད་པ་ལ་ཕྱི་ནས་གཞན་གྱིས་བསྒྲིབས་ཏེ་མི་གསལ་བའི་ཚུལ་གྱི་གནས་པ་ལྟར་སེམས་ཅན་རྣམས་ལ་ཡང་ཆོས་སྐུ་དེ་བཞིན་ཉིད་དེ་ཉོན་མོངས་སོགས་གློ་བུར་གྱྀ་དྲི་མས་བསྒྲིབས་ཏེ་མི་གསལ་བའི་ཚུལ་གྱི་གནས་པ་ཁམས་ཀྱི་དོན་ནོ། དེ་དག་གི་ཆོས་དབྱིངས་དེ་རིགས་དང་ཁམས་སུ་ཡང་བསྟན་པ་ཡིན་
ནོ། །དེ་ཡན་གྱི་བཤད་བྱའི་གཞུང་:ལྡིངས་[བཏིང་]པ་དེ་སོང་ནས་དེ་རྣམས་ལ་དཔྱད་པ་ལ་ཀླུ་སྒྲུབ་ཀྱི་ལུགས་དང་མི་འགལ་བར་བསྟན་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་དེ་བཞིན་གཤེགས་པའི་རང་བཞིན་དེ་ཆོས་ཉིད་ནི་སྤྲོས་པ་དང་བྲལ་བ་ཙམ་ཡིན་ཞིང༌། སེམས་ཅན་གྱི་རང་བཞིན་དེ་ཆོས་ཉིད་ཀྱང་མེད་པར་དགག་པའི་མཚན་ཉིད་ཅན་སྤྲོས་པ་དང་བྲལ་བ་ཙམ་ཡིན་པས། དེ་བཞིན་གཤེགས་པའི་ཆོས་ཉིད་དང༌། སེམས་ཅན་གྱི་ཆོས་ཉིད་གཉིས་རང་བཞིན་གྱིས་མ་གྲུབ་པ་ཙམ་མཚུངས་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་ཆོས་ཉིད་ཡིན་ཞེས་པའོ། །ཞེ་ན་གཞུང་དེའི་དགོངས་པ་ནི་དེ་ལྟར་མ་ཡིན་ཏེ། དེ་ལྟར་ཡིན་ན་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱང་རང་བཞིན་གྱི་མེད་ཅིང༌། སེམས་ཅན་གྱྀ་ཆོས་ཉིད་ཀྱང་རང་བཞིན་གྱི་མེད་ན། དེ་བཞིན་གཤེགས་པའི་ཆོས་ཉིད་མེད་པའི་ཕྱིར། སེམས་ཅན་གྱི་ཆོས་ཉིད་ཡང་མེད་པའི་ཕྱིར་རོ། །དེས་ན་གཞུང་དེའི་དགོངས་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་ནམ་ཆོས་ཉིད་གང་ཡིན་པ་དེ། སེམས་ཅན་གྱི་ཆོས་ཉིད་ནི་ཡིན་ལ། འོན་ཀྱང་དེ་བཞིན་གཤེགས་པའི་རང་བཞིན་མེད། འགྲོ་བ་འདི་ནི་རང་བཞིན་མེད་ཅེས་པའི་མེད་པ་ནི། སྐྱེ་འགག་རྟག་ཆད་འགྲོ་འོང་མཐའ་དབུས་སོགས་སྤྲོས་པ་མེད་པ་ལ་དགོངས་པ་ཡིན་གྱི་དེ་ལས་གཞན་རང་བཞིན་གྱིས་མ་གྲུབ་ཅིང་གཏན་ནས་མེད་པ་ལ་འདོད་ན་ཁྱད་གཞི་དེ་བཞིན་གཤེགས་པའི་རང་
བཞིན་དང༌། སེམས་ཅན་གྱི་རང་བཞིན་མེད་པ་ལ། ཁྱད་ཆོས་དེ་བཞིན་གཤེགས་པའི་རང་བཞིན་འགྲོ་བའི་རང་བཞིན་ཡིན་མིན་གྱི་དཔྱད་པ་མི་འབྱུང་བའི་ཕྱིར་རོ། །འོ་ན་སྒྱུ་མ་ལྟ་བུ་ཙམ་ཡིན་པས་སོ་ཞེ་ན། སྒྱུ་མ་ལྟ་བུ་ལ་ནི་དཔྱད་པ་བྱེད་མི་དགོས་ཏེ། དེ་དང་དེར་རྣམ་པར་སྣང་ཞིང་རིག་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་[འཕགས་པ་ཀླུའི་རྩ་ཤེས་ཀྱི་]གཞུང་གི་དངོས་བསྟན་ལ། [རང་བཞིན་མེད་ཅེས་]མེད་པར་གསུངས་པའི་དགོངས་དོན་ནི། ཉན་ཐོས་པ་རྣམས་ཀྱིས་[ཆོས་ཉིད་]མྱ་ངན་ལས་འདས་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ལས་འདས་པ[འི་སྤྲོས་བྲལ་]ཡིན་ན། འགྲོ་བ་སེམས་ཅན་རྣམས་ཀྱི་རང་བཞིན་[ཆོས་ཉིད་]ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ཡིན་ནོ། །ཞེས། [སྤྲོས་བྲལ་མཚན་མར་འཛིན་]པའི་དོགས་པ་དེ་བཅད་པ་སྟེ་བསལ་བར་བྱ་བའི་ཕྱིར་དུ། [འཕགས་པ་ཀླུས་]དེ་བཞིན་གཤེགས་པའི་ཆོས་ཉིད་སྤྲོས་པའི་མཚན་མ་དང་བྲལ་བ་[ལ་དགོངས་པའི་ཡིན་པར་]ལྟ་སྨོས་ཀྱང་ཅི་དགོས་ཏེ། འགྲོ་བའི་རང་བཞིན་[རྣམ་དག་]ཡང་ཕུང་ཁམས་སྐྱེ་མཆེད་ཀྱི་དངོས་པོའི་མཚན་མ་མེད་ཅེས་[སྤྲོས་བྲལ་ཡིན་པར་]བསྟན་པ་ཡིན་ནོ། །ཆོས་དབྱིངས་བདེ་གཤེགས་སྙིང་པོ་མཚན་ཉིད་དགུ་ལྡན་སྟོན་པ་ནི། ཡོངས་དཔྱོད་ཀྱི་མཚན་ཉིད་བཞི་དང་རྣམ་དཔྱད་ཀྱི་མཚན་ཉིད་གཉིས་དང༌། དེ་ཐུན་མོང་དུ་མཚན་ཉིད་གསུམ་དང་དགུར་བསྟན་པ་ཡིན་ནོ། །
དེ་ཡང་ཆོས་དབྱིངས་དེ་ནི་ནམ་ཡང་མི་འགྱུར་པའི་རྟག་པ་དང༌། འཁོར་འདས་ཀུན་གྱི་སྲོག་ཡིན་པའི་ཕྱིར་ཀུན་ལ་ཁྱབ་པ་དང༌། འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་པར་བྱ་བ་ཡིན་པ་དང༌། འཁོར་འདས་ཀུན་གྱི་རྣམ་པར་འཆར་བའི་ཕྱིར་རྣམ་པ་ཐམས་ཅད་པ་སྟེ་བཞི་པོ་དེ་རྣམས་ནི་ཡོངས་དཔྱོད་དུ་གྲུབ་པའི་ཆ་ནས་བཞག་པའི་མཚན་ཉིད་དང༌། ཆོས་ཉིད་དབྱིངས་དེ་ཉིད་སྤྲོས་པའི་མཚན་མ་དང་བྲལ་བ་དང༌། སྤྲོས་པའི་མཚན་མས་དེ་ལ་མ་གོས་པ་སྟེ་གཉིས་པོ་དེ་ནི་རྣམ་དཔྱད་ཀྱི་དོན་དེ་དེའི་མཚན་ཉིད་དོ། །འོ་ན་སྤྲོས་བྲལ་དང་མ་གོས་པ་གཉིས་ལ། ཁྱད་པར་ཅི་ཞེ་ན། དེ་གཉིས་ངོ་བོ་གཅིག་ཀྱང་ཐ་དད་དུ་བསྟན་པའི་དགོས་པ་ནི། རང་བཞིན་གྱི་སྤྲོས་པ་དང་བྲལ་ཡང་གློ་བུར་དུ་སྤྲོས་པའི་མཚན་མས་གོས་པ་ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་ཆོས་དབྱིངས་རང་གི་ངོ་བོ་ལ་གློ་བུར་དུ་ཡང་སྤྲོས་པའི་མཚན་མས་མི་གོས་ཞེས་བསྟན་ཏོ། །དེ་གཉིས་ཀའི་ཆ་ནས་བསྟན་པའི་མཚན་ཉིད་གསུམ་ནི་ཟུང་དུ་འཇུག་པ་དང༌། རང་བཞིན་གྱྀ་རིག་དང༌། དོན་དམ་པའི་ཁམས་ཏེ། དེ་ལྟར་ན་དགུ་པོ་དེ་རྣམས་ནི་ཆོས་དབྱིངས་དེའི་མཚན་ཉིད་དོ། །སྤྱིར་འདི་དག་ཏུ་དོན་དམ་དབྱིངས་ཀྱི་གནས་ཚུལ་དང༌། རྣལ་འབྱོར་པའི་བློ་ངོ་ལ་ཇི་ལྟར་འཆར་བའི་ཚུལ་གཉིས་སུ་ཤེས་པར་བྱ་དགོས་ཏེ། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་སུ་ཡང་སྐབས་འགའ་ཞིག་ཏུ་དོན་དམ་དངོས་པོའི་གནས་ལུགས་ཀྱི་དབང་དུ་མཛད་དེ་གསུངས་པ་དང༌། ཡང་སྐབས་
འགར་རྣལ་འབྱོར་བའི་བློ་ལ་སྣང་བའི་ཚུལ་དུ་བསྟན་པ་སོགས་འབྱུང་ཞིང་དེ་དག་གི་ཁྱད་པར་ཤན་ཕྱེད་པ་གལ་ཆེའོ། །མཚན་ཉིད་ཆ་ཤས་རྟག་པ་ལྟ་བུ་ལ་ཡང་དངོས་པོའི་གནས་ལུགས་རང་བཞིན་གྱི་རྟག་པ་ཡིན་པ་ལ་དོན་དམ་དབྱིངས་ཀྱི་གནས་ཚུལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་ས་བཅུ་པ་རྣམས་གནས་ཚུལ་ཇི་ལྟ་བ་བཞིན་ཤེས་པ་ཡིན་གྱི། གཞན་བྱང་སེམས་འཕགས་པ་ཡིན་ཀྱང༌། ས་དང་པོ་ལ་གནས་པའི་བྱང་སེམས་སོགས་ཀྱི་བློའི་སྣང་ངོར་ལ་ཆོས་དབྱིངས་དེ་རྟག་པར་ཤེས་ཀྱང་རྒྱུན་གྱི་རྟག་པ་ཙམ་དུ་ཤེས་པ་སོགས་འབྱུང་ཞིང༌། བྱམས་ཆོས་སོགས་ལས་ཀྱང་སྐབས་འགར་རྒྱུན་གྱི་རྟག་པར་གསུངས་པ་སོགས་ཀྱང་དོན་དེ་ལ་དགོངས་པར་ཤེས་པར་བྱའོ། །གཉིས་པ་དེ་ལ་དོགས་པ་གཅོད་པ་ནི། ཆོས་དབྱིངས་ཀྱི་རྣམ་བཞག་འཆད་པའི་སྐབས་འདིར་དོན་དམ་དབྱིངས་ཀྱི་གནས་ཚུལ་སངས་རྒྱས་ཉག་གཅིག་གིས་སྤྱོད་ཡུལ་དུ་གྱུར་པ་དང་རྣལ་འབྱོར་པ་སློབ་ལམ་པ་འཕགས་པའི་མངོན་གསུམ་གྱིས་རྟོགས་ཚུལ་གྱི་བློ་ལ་འཆར་ཚུལ་གཉིས་སུ་ངེས་པར་བྱ་དགོས་སོ། །དབྱིངས་ཀྱི་དོན་དང་བདེ་གཤེགས་སྙིང་པོ་དངོས་ལ་དོགས་པ་གཅོད་ཚུལ་[འོག་ཏུ་] འགོག་བདེན་གཉིས་དང་བདག་མེད་གཉིས་ཀྱི་སྐབས་སུ་རྒྱས་པར་འཆད་པར་འགྱུར་བས་འདིར་མི་འཆད་ལྷག་མ་བདུན་པོ་རྣམས་ལ་དོགས་པ་གཅོད་པ་ལ། ཐོག་མར་དོན་དམ་དབྱིངས་རྟག་པར་འཇོག་པའི་གནད་ནི་ཅི་སྟེ་དོན་དམ་དབྱིངས་ཏེ་རྟག་པ་མ་ཡིན་ན་མི་རྟག་པར་འགྱུར་ལ། དེ་ལྟར་ན་ནི་དངོས་པོས་ཡིན་པར་འགྱུར་
ཞིང་དེ་ཡིན་ཕྱིན་རྫུན་པ་ཡིན་པར་འགྱུར་བས་ན་དོན་དམ་ཡིན་པར་འགལ་ལོ། །རྫུན་པའི་དོན་ནི་དེ་མ་ཡིན་པ་དེ་ལྟར་སྣང་བ་སྟེ་འཁྲུལ་པ་ཡིན་ནོ། །དེས་ན་དབྱིངས་ཏེ་རྟག་པ་མ་ཡིན་པར་འགྱུར་བ་ཡང་མེད་པ་ཞིག་ཡིན་ན་ནི། མི་རུང་དེ་རྟག་པ་མ་ཡིན་ན་འགྱུར་བ་མེད་པ་ཡང་མ་ཡིན་པའི་ཕྱིར་རོ། །དངོས་མེད་ཅི་ཡང་མ་ཡིན་པ་ཞིག་ཡིན་ཞེ་ན་ཡང་མི་འཐད་དེ་དོན་དམ་དབྱིངས་དེ་ནམ་དུ་ཡང་འགྱུར་བ་མེད་པ་ཡང་[རྣལ་འབྱོར་མྱོང་བྱ་]རང་གི་ངོ་བོ་ཡོད་པའི་ཕྱིར་རྟགས་པ་ཡིན་ནོ། །ཀུན་ཁྱབ་ཀྱི་དོན་ནི། གང་དངོས་པོ་ཐམས་ཅད་ཆ་དང་བཅས་པའི་ཕྱིར་ཀུན་ཁྱབ་མི་སྲིད་དེ་གཟུགས་ཅན་ཐམས་ཅད་ཡུལ་གྱི་ཆ་དུ་མ་དང་བཅས་པ་ཡིན་ཏེ། རགས་པ་རྣམས་རྡུལ་ཕྲན་གྱི་ཆ་དུ་མ་དང༌། རྡུལ་ཕྲན་རང་ཡང་རྣམ་པར་དཔྱད་ན་ཆ་དུ་མ་དང་བཅས་པའི་ཕྱིར་དང༌། ཤེས་པ་རྣམས་ལ་གོ་ས་གཅོད་པའི་ཡུལ་གྱི་ཆ་མེད་ཀྱང༌། དུས་ཀྱི་ཆ་དུ་མ་དང་བཅས་པ་ཡིན་ཏེ། བསྐལ་པ་ཡང་ལོའི་ཆ་དུ་མ་དང༌། ལོ་ཡང་ཟླ་བའི་ཆ་དུ་མ་དང༌། ཟླ་བ་ཡང་ཞག་གི་ཆ་དུ་མ་དང༌། དེ་ཡང་དབུགས་ཀྱི་ཆ་དུ་མ་དང༌། དེ་ཡང་སྐད་ཅིག་གི་ཆ་དུ་མ་དང༌། དེ་ལ་ཡང་ཐོག་མཐའ་བར་གྱི་ཆ་ཤས་ཀྱི་ཕྱེ་ན་ཆ་དང་བཅས་པར་འགྱུར་རོ། །དེས་ན་ཆ་མེད་དེ་ཤིན་ཏུ་ཕྲ་བའི་ཕྱིར་ཀུན་ཁྱབ་ཏུ་མི་རུང་སྙམ་ན་ཆ་མེད་དེ་ལ་ཀུན་ཁྱབ་འཐད་ཅིང་ཆ་ཅན་རྐྱེན་ལ་ཀུན་ཁྱབ་གཏན་ནས་མི་འཐད་དེ་དཔེར་ན་བྱེ་མའི་ཕུང་པོ་ཞིག་གི་སྟེང་དུ་དེ་ལ་ཁྱབ་པར་བྱེ་མ་བརྡལ་བ་ན། བྱེ་མ་ནི་རྡུལ་རེ་རེའི་གོ་ས་ན་བྱེ་མ་རེས་ཁྱབ་པ་ཡིན་གྱི་ཁྱབ་བྱེད་བྱེ་མ་གཅིག་གིས་ཁྱབ་བྱ་མང་པོ་
ལ་ཁྱབ་པ་ནི་ཡང་མི་སྲིད་པའི་ཕྱིར་རོ། །དེས་ན་ཡུལ་དུས་ཀྱི་ཆ་ཤས་དང་བྲལ་བའི་དོན་དམ་དབྱིངས་དེ་ནི་གང་ལའང་ཉེ་རིང་མེད་པའི་ཕྱིར་ཀུན་ཁྱབ་ཏུ་གྲུབ་བོ། །རང་རིག་འཐད་པ་ནི་དོན་དམ་དབྱིངས་དེར་རང་[རིག་]དུ་འགྲུབ་ཏེ་ཤེས་པ་ཡུལ་ཅན་དང་ཤེས་བྱ་ཡུལ་གྱི་དབྱེ་བ་མེད་པའི་ཕྱིར་དེ་ཡང་ཡུལ་ཡུལ་[རྣམས་ཀྱི་རྒྱལ་ཁམས་]ཅན་གྱི་དབྱེ་བ་ཡོང་ཕྱིན་ཆད་རང་[རིག་]དུ་མི་འགྲུབ་སྟེ། མིག་ཤེས་ལ་ལྟོས་ཏེ་གཟུགས་ཀྱི་རྣམ་ལྡན་དུ་ཤར་བའི་ཤེས་པ[འི་གཟུང་ཆ་]གཞན་དུ་འཇོག་པ་དང༌། དེ་ལས་ལྟོས་ཏེ་མིག་ཤེས་[འཛིན་ཆ་]གཞན་དུ་འཇོག་པ་སོགས་ཡིན་པས་དུས་ཐམས་ཅད་དུ་རང་[རིག་]དུ་གྲུབ་པའི་སྐབས་མི་སྲིད་པ་ལས། དོན་དམ་དབྱིངས་དེ་ཡུལ་[ཡེ་ཤེས་ཀྱི་རྒྱལ་ཁམས་སུ་]ཡུལ་ཅན་གྱི་ལྟོས་ས་ལྟོས་འཇོག་ལས་གྲོལ་བའི་ཕྱིར་རང་[རིག་]དུ་གྲུབ་བོ། །དོན་དམ་དབྱིངས་དེ་རིག་པར་ཡང་གྲུབ་སྟེ་རྒྱལ་བའི་ཡེ་ཤེས་ཀྱིས་མཁྱེན་པའི་ཕྱིར་རོ། །ཅི་སྟེ་རིག་ན་རིག་བྱ་རིག་བྱེད་གཉིས་དགོས་ཏེ་རང་གཅིག་པུ་ལ་རིག་པའི་ཐ་སྙད་མེད་པའི་ཕྱིར་ཏེ། རལ་གྲིའི་སོ་ནི་རང་ལ་རང༌། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །མར་མེ་གསལ་བར་བྱ་མིན་ཏེ། །གང་ཕྱིར་མུན་གྱིས་སྒྲིབ་པ་མེད། །ཅེས་སོགས་ནི་ཀུན་རྫོབ་ཀྱི་རང་རིག་འགོག་པ་ལ་རིག་བྱ་རིག་བྱེད་གཉིས་དགོས་པ་ལ་སོགས་པ་སྲིད་ཀྱང་འདི་དོན་དམ་གྱི་རང་རིག་ཡིན་པའི་ཕྱིར་རིག་བྱ་རིག་བྱེད་གཉིས་མི་དགོས་ཏེ། རང་གི་ངོ་བོར་གྲུབ་ཙམ་རིག་པའི་རྒྱུ་མཚན་གྱིས་རང་རིག་
ཏུ་འཇོག་གོ །དེ་ཡང་དཔེར་ན་ཆུའི་ངོ་བོ་རླན་ཞིང་གཤེར་བ་ཙམ་ཞིག་ཡིན་གྱི་དེ་ལ་གཤེར་བྱ་གཤེར་བྱེད་གཉིས་མི་དགོས་པ་བཞིན་ནོ། །རླན་ཞིང་གཤེར་བ་ཙམ་ཞིག་ཆུའི་ངོ་བོ་ཡིན་པས་ཆུ་ཐམས་ཅད་གཤེར་བ་ཡིན་གྱི་དེ་ལ་གཤེར་བྱེད་གཞན་ཞིག་ལ་ལྟོས་ནས་དེ་དང་ཕྲད་པའི་ཚེ་གཤེར་བར་འགྱུར་གྱི་མ་ཕྲད་པའི་ཚེ་ཆུ་རླན་ཞིང་གཤེར་བ་མིན་པ་ཡིན་དགོས་པ་ལས་དེ་ལྟར་མི་དགོས་པར་གཤེར་བའི་ངོ་བོ་ཙམ་ཞིག་འཇོག་པ་ལྟར་འདིར་ཡང་རིག་བྱ་རིག་བྱེད་གཉིས་མི་དགོས་ཀྱང་རང་དང་རིག་པར་གྲུབ་པས་ཆོག་གོ །དེས་ན་སོ་སམ་བེ་ཏ་ཞེས་པ་རང་རིག་གི་སྐད་དོད་དོ། །དེའི་ཕྱིར་ན་རིག་བྱ་རིག་བྱེད་གཉིས་དགོས་པར་འདོད་པ་དང༌། གསལ་བའི་སྔོན་དུ་སྒྲིབ་པ་འགྲོ་དགོས་པར་འདོད་པ་སོགས་འདི་དག་ནི་རིག་པ་ལྟར་སྣང་དུ་ཟད་པས། རང་ཉིད་རིག་པ་ཙམ་འདི་དགག་པར་མི་ནུས་སོ། །རྣམ་པ་ཐམས་ཅད་པའི་འཐད་པ་ནི་སྤྱིར་དབྱིངས་དང་རིག་པ་དབྱེར་མེད་ཟེར་བ་ཙམ་ཞིག་ཀུན་ལ་གྲགས་པས་ཀྱང་དེས་འགྲུབ་སྟེ། དབྱིངས་དོན་དམ་དེ་རྒྱལ་བའི་མཁྱེན་པ་དང་དབྱེ་བ་མེད་པའི་ཕྱིར་དེ་རྒྱལ་བའི་མཁྱེན་པ་ཡིན་པར་གྲུབ་བོ། །རྒྱུ་མཚན་དེས་ན་དོན་དམ་དབྱིངས་དེ་ལ་ཡོན་ཏན་མཐའ་ཡས་པ་ཅིའི་ཕྱིར་མེད་དེ་ངེས་པ་ཡོད་དེ། དོན་དམ་དབྱིངས་དེ་རྒྱལ་བའི་མཁྱེན་པ་ཡིན་པར་གྲུབ་པས་ན་དེས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཕྱིར་ཤེས་བྱ་ཐམས་ཅད་ཀྱི་དོན་དམ་པའི་རྣམ་པར་འཛིན་པ་ཡིན་ལ་རྒྱུ་མཚན་དེའི་ཕྱིར་ཆོས་དབྱིངས་དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་
རྣམ་པ་ཀུན་འཆར་བས་དེ་རྣམ་པ་ཐམས་ཅད་པ་ཡིན་པར་གྲུབ་བོ། །དེ་ཡང་མདོ་མྱང་འདས་སོགས་ནས་ཕར་ཕྱིན་བཅུ་སོགས་དགེ་ཆོས་མཐའ་ཡས་པ་ཆོས་ཉིད་དུ་གསུངས་པས་ན་དོན་དམ་དབྱིངས་དེ་དགེ་བའི་ཆོས་ལ་མཐུན་པའི་ཚུལ་གྱི་ཆོས་ཉིད་དུ་བཞུགས་པ་ཡིན་ཞིང་དེ་ཡིན་པས་ན་དགེ་ཆོས་རྣམས་གོམས་པར་བྱས་པས་དོན་དམ་དབྱིངས་འདི་མངོན་དུ་འགྱུར་བ་ཡིན་ནོ། །ཉོན་མོངས་སོགས་མི་དགེ་བའི་ཆོས་རྣམས་ལ་དབྱིངས་དེ་མི་མཐུན་པའི་ཚུལ་གྱི་ཆོས་ཉིད་དུ་བཞུགས་པ་ཡིན་པས་ན་མི་དགེ་བའི་ཆོས་རྣམས་གོམས་པར་བྱས་པས་མངོན་དུ་འགྱུར་བ་མ་ཡིན་གྱི། དེ་རྣམས་སྦྱངས་ཏེ་ཡོངས་སུ་སྤངས་པས་དེ་མངོན་དུ་འགྱུར་བ་ཡིན་ནོ། །སྤྲོས་བྲལ་གྱི་འཐད་པ་ནི། དོན་དམ་དབྱིངས་ཏེ་སྤྲོས་པ་དང་བྲལ་ཞིང་ཡིད་ཀྱི་བརྗོད་པ་རྣམ་རྟོག་དང་དུས་ཀུན་ནས་བསླངས་པའི་ངག་གིས་བརྗོད་པ་དང་ཡང་བྲལ་བ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་དང་དེའི་ཡུལ་ཐམསཅད་ལས་འདས་པའི་ཕྱིར་རོ། །མ་གོས་པའི་འཐད་པ་ནི། དོན་དམ་དབྱིངས་དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚོགས་རྣམས་ཀྱིས་ནམ་ཡང་གོས་པ་མི་སྲིད་དེ། གོས་པར་བྱ་རྒྱུ་ཡང་དག་པ་མིན་པའི་ཀུན་རྟོག་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་རོ། །དེ་ཡང་སེམས་ཅན་གྱི་ཚོགས་ལ་དབྱིངས་ཀྱི་ཡོངས་སུ་ཁྱབ་པས་ན་སེམས་ཅན་གྱི་ཉེས་པ་སྣ་ཚོགས་པས་དེ་ལ་གོས་པའམ་དེ་དང་འདྲེས་པར་འགྱུར་
སྙམ་ན་མ་ཡིན་ཏེ། དོན་དམ་དབྱིངས་དེ་ནི་གདོད་མའི་གནས་ལུགས་ལ་ཡོད་ཀྱང་དྲི་མའི་ཚོགས་རྣམས་གློ་བུར་འཁྲུལ་སྣང་ཙམ་མ་གཏོགས་དོན་དམ་པར་ཡོད་མ་མྱོང་བའི་ཕྱིར་དོན་དམ་དབྱིངས་ལ་གོས་པའི་གྱ་མ་ཕེར་བ་ཡིན་ནོ། །དེ་ལས་འཕྲོས་པའི་དོན་འོ་ན་དོན་དམ་དབྱིངས་དེ་སྤྲོས་བྲལ་ཡིན་ན་སྤྲོས་བྲལ་དུ་གཏན་ལ་འབེབས་པའི་རིགས་པ་རྣམས་ཀྱི་དོན་དམ་དབྱིངས་དེ་བདེན་མེད་དུ་བསྒྲུབ་ཐུབ་སྟེ། དཔེར་ན་དབྱིངས་ཆོས་ཅན་རང་བཞིན་གྱིས་སྐྱེ་བ་མེད་དེ། ཁྱོད་བདག་ལས་ཀྱང་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་གཉིས་ཀ་ལས་ཀྱང་མི་སྐྱེ་རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར་སྙམ་ན་དེ་ལ་འདོད་པ་ཡིན་ཏེ་དབྱིངས་དེ་རང་བཞིན་གྱིས་སྐྱེ་བ་མེད་པ་གནས་ལུགས་སུ་ཅིས་ཀྱང་འཐད་པ་ཡིན་ནོ། །ཡང་དོན་དམ་དབྱིངས་དེ་ཆོས་ཅན་རང་བཞིན་གྱིས་མ་གྲུབ་སྟེ། ཁྱོད་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་རོ་སྙམ་ན། དེ་ལ་འགལ་ཁྱབ་ཡིན་ཏེ། གཅིག་དང་དུ་མ་གང་རུང་དུ་གྲུབ་ན། རང་བཞིན་གྱིས་གྲུབ་པ་བུད་དོ། །གཞན་ཡང་དོན་དམ་དབྱིངས་དེ་རང་བཞིན་གྱིས་མ་གྲུབ་སྟེ། ཞེས་ཀྱང་སྟེ་གྲུབ་ན་ལྟོས་མེད་ཚུགས་ཐུབ་ཏུ་གྲུབ་དགོས་པ་ལས། དེ་ལྟར་མ་གྲུབ་པའི་ཕྱིར་ཞེས་རྟེན་འབྲེལ་གྱི་རིགས་པ་འཕེན་ན་ཡང་རྟགས་ཕྱི་མ་ལ་ལན་འདེབས་རྒྱུ་ཡིན་ནོ། །དེས་ན་ཆོས་གང་ལ་སྐྱེ་བ་དང་བཅས་སྤྲོས་པ་དང་བཅས་པ་ཞིག་ཡིན་ན་སྐྱེ་བ་དང་སྤྲོས་པ་བཀག་པས་ཆོས་དེ་རང་ཡང་ཁེགས་པར་འགྱུར་བ་ཡིན་ནའང༌། སྐྱེ་བ་མེད་ཅིང་སྤྲོས་པ་མེད་པའི་ཆོས་ཉིད་སྐྱེ་བ་དང༌། སྤྲོས་
པ་བཀག་པས་ཆོས་ཉིད་མི་ཁེགས་དེ་མཚན་ཉིད་བཀག་ནས་མཚན་ཉིད་དེ་གང་ལ་ལྡན་པའི་མཚན་གཞི་དེ་ཡང་ཁེགས་པར་འགྱུར་བ་ཡིན་ཏེ། ལུས་གཏན་ནས་མེད་ཅེས་བཀག་པ་ན་ལུས་ལྡན་གྱི་སྐྱེས་བུ་ཡང་ཁེགས་པར་འགྱུར་བ་ཡིན་ཞིང་དེ་ཁེགས་ཤིང་བཀག་པ་ན་མི་དང་དུད་འགྲོ་ལ་སོགས་པ་ཡང་ཁེགས་པར་འགྱུར་བ་ཡིན་ཡང་ནམ་མཁའ་མི་ཁེགས་ལ། དེ་ལུས་ལྡན་མ་ཡིན་ཞིང་སྐྱེ་བ་བཀག་པས་སྐྱེ་ལྡན་གྱི་དངོས་པོ་མྱུ་གུ་སོགས་ཁེགས་པར་འགྱུར་གྱི་ནམ་ཡང་སྐྱེ་བ་མེད་པའི་གནས་ལུགས་དོན་དམ་དབྱིངས་ནི་དགག་པར་མི་ནུས་སོ། །འདིའི་རིགས་འདྲེས་གཅིག་དུ་བྲལ་སོགས་ཐམས་ཅད་ལ་སྦྱར་བར་བྱའོ། །ཡང་རྟག་པ་ནི་ཡོད་པ་ཞིག་ཡིན་ལ། སྤྲོས་པ་ལ་ནི་མེད་པ་དང་ཀུན་ཁྱབ་པ་ནི་ཁྱབ་བྱ་ཁྱབ་བྱེད་སོགས་སུ་འགྱུར་བས་སྤྲོས་བྲལ་དུ་འགལ་ལོ་སྙམ་ན་མ་ཡིན་ཏེ། གོང་དུ་བསྟན་པ་ལྟར་སྤྲོས་བྲལ་ཡིན་པ་ལ་རྟག་པ་དང༌། ཀུན་ཁྱབ་ཤིན་ཏུ་འཐད་ཀྱི་[སྤྲོས་བྲལ་]དེ་མ་ཡིན་པ་ལ་[རྟག་ཁྱབ་]དེ་གཉིས་ཤིན་ཏུ་མི་འཐད་དོ། །ཟུང་འཇུག་གི་འཐད་པ་ནི་[ཀུན་རྫོབ་ཀྱི་]སྟོང་པ་དང་[དོན་དམ་གྱི་]མི་སྟོང་པ་གཉིས་ཟུང་དུ་འཇུག་པ་ནི་འདི་སྐབས་ཀྱི་ཟུང་འཇུག་གི་དོན་ཡིན་ལ་དེ་ཡང་བློ་ངོར་ཟུང་འཇུག་ཏུ་བཞག་པ་ཡིན་གྱི་གནས་ལུགས་ལ་འཇུག་རྒྱུའི་ཟུང་འཇུག་མེད་ན་དེ་ཆོས་གཅིག་གི་སྟེང་དུ་སྦྱོར་བ་ག་ལ་འཐད། དེས་ན་དོན་དམ་དབྱིངས་དེ་ལ་སྟོང་པ་དང་མི་སྟོང་པ་གཉིས་པོ་དེའི་ངོ་བོ་གཉིས་ཆོས་སྤངས་པའི་རྣམ་པར་དབྱེར་
མེད་པ་གཞི་ཡིན་པ་ལ་བླཽ་ངོར་ཟུང་འཇུག་ཅེས་གཞི་གཅིག་གི་སྟེང་དུ་ཆོས་མི་འདྲ་བ་གཉིས་འདུས་པ་ལྟ་བུའི་རྣམ་བཞག་བྱས་སོ། །དེ་ན་དོན་དམ་དབྱིངས་དེ་ཀུན་རྫོབ་ཀྱིས་སྟོང་པ་ཡིན་ལ། དོན་དམ་ཡེ་ཤེས་ཀྱིས་མི་སྟོང་པས་མི་སྟོང་པ་ཡང་ཡིན། ཡང་ན་ཀུན་རྫོབ་ཀྱིས་སྟོང་པས་ན་མི་སྟོང་པ་མ་ཡིན་ལ་དོན་དམ་གྱིས་མི་སྟོང་པས་ན་སྟོང་པ་ཡང་མ་ཡིན་ནོ། །རིགས་དང་ཁམས་སུ་བསྟན་ཚུལ་ནི། རྣལ་འབྱོར་གྱི་བློ་ལ་སྣང་ཚུལ་དང་བསྟུན་ནས། དབྱིངས་དེ་སངས་རྒྱས་ཀྱི་རིགས་དང་རྒྱུའི་ཁམས་སུ་ཡང་རྣམ་པར་བཞག་གོ །དེ་ཡང་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོང་བ་ཆོས་ཉིད་ཀྱི་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཞེས་ཁྱད་པར་གསུམ་ལྡན་གྱི་རིགས་བྱང་སར་གསུངས་པ་དང༌། རྒྱུད་བླར་དཔེ་དགུས་སྙིང་པོ་བསྟན་པའི་སྐབས་ཀྱི་མྱུ་གུ་སོགས་འབྲས་ཕྱུང་གི་དཔེ་དང་བུད་མེད་ངན་མའི་ལྟོ་ན་མི་བདག་འཁོར་ལོས་སྒྱུར་རྒྱལ་གྱི་དཔེས་བསྟན་པ་རྣམས་ཀྱང་སྒྲུབ་པ་པོའི་བློས་རྟོགས་ཚུལ་དང་མཐུན་པར་གསུངས་པ་ཡིན་ནོ། རིགས་ཁྱད་པར་གསུམ་ལྡན་ལ་ཆོས་ཉིད་ཀྱི་ཐོབ་པ་ནི་སེམས་ཅན་རེ་རེ་ལ་སྙིང་པོ་རེ་རེས་ཁྱབ་པ་ལྟར་སྣང་བ་སྟེ་སེམས་ཅན་ཡིན་ཕྱིན་[ཆོས་ཉིད་བདེ་གཤེགས་སྙིང་པོ་གསལ་རིག་རྒྱུན་ཆད་མེད་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་འཕྲོད་ན་]དེའི་སེམས་ཅན་རང་བཞིན་གྱིས་འོད་གསལ་བ་སངས་རྒྱས་ཀྱི་རིགས་སུ་གསར་དུ་སྐྲུན་པར་མ་ཡིན་པར་རང་བཞིན་གྱིས་གནས་པར་མཐོང་བ་དང༌། དེ་ཡང་ཆུ་བོ་རྒྱུན་མི་འཆད་
པར་འབབ་པ་ལྟར་ཐོག་མ་མེད་པའི་དུས་ན་རྒྱུན་མི་འཆད་པར་ལྡན་པ་ལྟར་སྣང་བ་དང་སྐྱེ་མཆེད་དྲུག་གི་སྟེང་ན་གསལ་རིག་གི་ཤེས་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་ཤིན་ཏུ་འདྲ་བ་ཆ་ཕྲ་བ་ཙམ་ཞིག་གནས་པར་མཐོང་བ་དང༌། དེ་ཡང་ལམ་སྒོམ་པའི་སྟོབས་ཀྱིས་རིམ་པས་འཕེལ་ཏེ། རྫོགས་པའི་སངས་རྒྱས་སུ་འགྱུར་བ་སོགས་རྣལ་འབྱོར་ཅན་གྱི་བློ་ལ་སྣང་ཚུལ་ཙམ་ཡིན་གྱི་དེ་དག་གནས་ཚུལ་དོན་དམ་པའི་དབང་དུ་བྱས་པ་མ་ཡིན་ནོ། །རྣལ་འབྱོར་ཅན་གྱི་བློའི་སྣང་ཚུལ་དེ་ལ་ཡང་སོ་སོའི་སྐྱེ་བོ་དང་འཕགས་པའི་མཐོང་ཚུལ་གཉིས་པོ་ཡོད་དེ་ཡང་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་རྣམས་ནི་སྙིང་པོའི་དོན་ལ་ལ་ཕར་རྒྱབ་ཀྱི་དངོས་པོ་ལྟར་གནས་ཚུལ་གཏན་ནས་མི་རིག་པ་ཡིན་ལ། མོས་སྤྱོད་ཀྱི་གནས་སྐབས་དང་ཏིང་ངེ་འཛིན་གྱི་ལུས་ཐོབ་པ་ནས་བཟུང་རྣམ་འཕྲུལ་མཐའ་ཡས་པ་ལ་དབང་འབྱོར་བའི་ཕྱིར་རང་གིས་ཉམས་མྱོང་ལས་རྗེས་སུ་དཔག་སྟེ་ཆོས་ཉིད་ལ་གསལ་སྣང་ཅུང་ཟད་འཇུག་པ་ཡོད་ཀྱང་མངོན་སུམ་དུ་རྟོགས་པ་མ་ཡིན་ལ། འཕགས་པ་སློབ་པ་རྣམས་ཀྱིས་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ཀྱང་འཁྲུལ་ཚུལ་དང་གནས་ཚུལ་འདྲེས་མའི་ཚུལ་གྱིས་འཇུག་པ་ཡིན་ནོ། །རིགས་ཁྱད་པར་གསུམ་ལྡན་དུ་བསྟན་པ་ནི་གནས་ཚུལ་གྱི་དབང་དུ་བྱས་པ་མ་ཡིན་པའི་རྒྱུ་མཚན། ཅི་ཞེ་ན། དོན་དམ་དབྱིངས་འདི་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བ་སྟེ་དུས་གསུམ་ཀ་ལ་གཅིག་ཆར་ཁྱབ་པ་ཡིན་ཀྱང༌། ཆོས་དབྱིངས་རང་ངོས་ནས་དུས་གསུམ་དང་མི་འབྲེལ་ཞིང་དེས་མ་རིག་
པའི་ཕྱིར་དུས་ལས་གྲོལ་བ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན་དོན་དམ་དབྱིངས་རྒྱུན་ཞེས་བྱ་བ་འདིར་མི་འདོད་དེ། རྒྱུན་ནི་འཁྲུལ་ངོ་ཙམ་དུ་ཟད་པའི་ཕྱིར་གནས་ལུགས་སུ་མེད་ལ་དོན་དམ་དབྱིངས་ནི་ཡེ་ཤེས་མ་འཁྲུལ་བའི་ངོ་བོར་ཡོད་པའི་ཕྱིར་རྒྱུན་ནི་སྐད་ཅིག་མ་མང་པོའི་ཕྲེང་བ་ཙམ་ཡིན་པའི་ཕྱིར་ཆ་ཅན་ཡིན་ལ། ཆོས་དབྱིངས་ཀྱང་རྒྱུན་གྱི་ཚུལ་དུ་ཡོད་ན་སྐད་ཅིག་མ་དང་པོའི་ཆོས་དབྱིངས་དང་གཉིས་པའི་ཆོས་དབྱིངས་སོགས་དུས་སྐད་ཅིག་མ་སོ་སོ་དང་འབྲེལ་བའི་ཆོས་དབྱིངས་ཡང་སོ་སོར་ཡོད་པར་འདོད་དགོས་ལ། དེ་ཡང་འདོད་ན་དོན་དམ་དབྱིངས་དེ་མི་བདེན་པར་ཐལ་ཏེ་འཁྲུལ་པ་ཡིན་པའི་ཕྱིར་རོ། །དཔེར་ན་གོ་ས་ཐ་དད་ན་གནས་པའི་རྡུལ་བཞིན་ནོ། །གཞན་ཡང་སེམས་ཀྱི་སྟེང་ན་སངས་རྒྱས་ཀྱི་རིགས་ས་བོན་གྱི་ཚུལ་དུ་ཡོད་པ་དེ་ལམ་གྱིས་འཕེལ་བར་འགྱུར་བ་ཡང་གནས་ལུགས་སམ་རང་བཞིན་མ་ཡིན་ལ། ཅི་སྟེ་དེ་ཡིན་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་རྒྱུ་རྐྱེན་ལ་ལྟོས་པར་སོང་བས་གློ་བུར་བ་ཡིན་པར་ཐལ་བའི་སྐྱོན་འཇུག་གོ །དེས་ན་དོན་དམ་དབྱིངས་དེས་ཤེས་བྱ་ཀུན་ཁྱབ་པ་དང༌། ཤེས་བྱ་ཀུན་གྱི་གཞིའམ་རྟེན་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་ཁམས་དང༌། དེ་སངས་རྒྱས་ཀྱི་ཡེ་ཤེསདང༌། རྣམ་པ་ཀུན་ཏུ་འདྲ་བས་ན་སངས་རྒྱས་ཀྱི་རིགས་ཞེས་ཀྱང་བཞག་གོ ཁམས་ཀྱི་དོན་ནི་ཁྱབ་པ་སྟེ་གསེར་རྡོ་ལ་གསེར་ཁམས་ཀྱིས་ཁྱབ་པ་ལྟར་དོན་དམ་དབྱིངས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པས་ན་ཁམས་ཞེས་
འཇོག་ཅིང་རིགས་ཀྱི་དོན་ནི་འདྲ་བའམ་ཡང་ན་འདྲ་བ་ཐལ་ཆེ་བས་མི་འདྲ་བ་གཏན་མེད་པ་གཅིག་ཏུ་གྱུར་པའོ། །དོན་དམ་པའི་སངས་རྒྱས་ཀྱི་ཤེས་བྱ་ཀུན་ལ་ཁྱབ་པ་ཡིན་མོད་ཀྱང་སངས་རྒྱས་ཀྱི་ཆ་ཤས་རེ་རེས་སེམས་ཅན་རེ་རེ་ལ་ཁྱབ་པ་མ་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་ཏུ་འདུས་པའི་གནས་ལུགས་ཡོངས་སུ་རྫོགས་པ་དེས་སེམས་ཅན་རེ་རེ་ཇི་བཞིན་གཅིག་ཆར་ཁྱབ་པ་ཡིན་ནོ། །དེ་ཡང་སངས་རྒྱས་ཀྱི་ལྷའི་རྣ་བས་རྣ་བ་ལ་ཁྱབ་པ་དང༌། ལྷའི་མིག་གི་མངོན་ཤེས་ཀྱིས་མིག་ལ་ཁྱབ་པ་སོགས་དང༌། ཡང་ན་སངས་རྒྱས་འོད་སྲུང་གིས་ལྷས་བྱིན་ལ་ཁྱབ་པ་དང༌། གསེར་ཐུབ་ཀྱིས་མཆོད་སྦྱིན་ལ་ཁྱབ་པ་སོགས་ཉི་ཚེ་བའི་ཁྱབ་ཚུལ་གཏན་ནས་མ་ཡིན་ནོ། །འོ་ན་དོན་དམ་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ན་སེམས་ཅན་གྱིས་མི་མཐོང་བ་ཅི་སྙམ་ན། སེམས་ཅན་རྣམས་ཀྱི་ཤེས་རྒྱུད་སྒྲིབ་པས་བསྒྲིབས་པའི་ཕྱིར་མ་མཐོང་བ་ཡིན་ནོ། །འོ་ན་ད་ལྟ་ཆོས་དབྱིངས་ལ་སྒྲིབ་པས་བསྒྲིབས་པར་ཤེས་པར་འཆད་པ་ཇི་ལྟ་བུ་ཞེ་ན། དེ་ནི་དཔེར་ན་ཉི་མའི་དཀྱིལ་འཁོར་སྤྲིན་གྱིས་ནམ་ཡང་སྒྲིབ་པ་མེད་མོད་ཀྱང༌། ས་གཞི་སྤྲིན་གྱིས་སྒྲིབ་པ་ན་ཉི་མ་སྤྲིན་གྱིས་བསྒྲིབས་ཞེས་སྨྲ་བ་ལྟར་འགྲོ་བའི་ཤེས་རྒྱུད་སྒྲིབ་པས་བསྒྲིབས་ཏེ་ཆོས་ཉིད་མ་མཐོང་བ་ན་ཆོས་ཉིད་སྒྲིབ་པས་བསྒྲིབས་པ་ལྟར་སྣང་བ་ཞིག་བྱུང་བའི་སྣང་ཚུལ་དེ་དང་བསྟུན་ནས་ཆོས་ཉིད་སྒྲིབ་པས་བསྒྲིབས་ཞེས་བཞག་
གོ །དེ་ཡང་ཉི་མའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲིའི་ཐད་ཀྱི་ནམ་མཁའ་རྒྱུ་བ་ཡིན་ན་སྤྲིན་རྣམས་ནི་རྫོགས་ལྡན་གྱི་དུས་སྤྲིན་རྣམས་ས་གཞི་ལས་དཔག་ཚད་བཞི་ཙམ་འཕགས་པའི་ནམ་མཁའ་ཡོད་པ་དང༌། གསུམ་ལྡན་གྱི་དུས་གསུམ་དང་གཉིས་ལྡན་གྱི་དུས་གཉིས་དང་རྩོད་ལྡན་གྱི་དུས་གཅིག་ཙམ་གྱི་ནམ་མཁའ་ལ་འགྲོ་བར་བཤད་པས་ན། སྤྲིན་རྣམས་ཉི་མའི་དཀྱིལ་འཁོར་ལ་ཐག་ཤིན་ཏུ་རིང་བས་སྒྲིབ་པར་མི་ནུས་ཤིང༌། སྐྱེ་བོ་རྣམས་ཀྱི་མཐོང་བའི་མིག་ལམ་སྤྲིན་གྱི་ཁེབས་པས་ན། ཉི་མ་སྒྲིབ་ཅེས་ཐ་སྙད་བཞག་པ་ལྟར་གནས་ལུགས་ཀྱི་སངས་རྒྱས་གཅིག་ལས་མེད་པའི་ཕྱིར་དྲི་མས་སྒྲིབ་པ་དང་མ་བསྒྲིབས་པ་གཉིས་མེད་པ་ལས། ཆོས་དབྱིངས་ནི་དྲི་བྲལ་ཁོ་ན་ཡིན་ན། སེམས་ཅན་གྱི་ཤེས་རྒྱུད་དྲི་མས་བསྒྲིབས་པ་ན་ཆོས་དབྱིངས་ཀྱང་དྲི་མས་བསྒྲིབས་པར་ཤེས་པ་དང༌། སྐྱེས་བུའི་ཤེས་རྒྱུད་དྲི་མ་དང་བྲལ་ནས་སྐྱེ་བོ་དེ་ལ་ཆོས་ཉིད་དེ་མངོན་དུ་གྱུར་པའི་ཚེ། དྲི་བྲལ་གྱི་ཆོས་ཉིད་ཅེས་སྣང་ངོར་དང་བསྟུན་ནས་ཐ་སྙད་རྣམ་པར་བཞག་པ་ཡིན་ནོ། །གཞན་ཡང་བདེ་གཤེགས་སྙིང་པོ་ནི་ཤེས་བྱ་ལ་མི་སྲིད་པས་གཏན་ནས་མེད་ཅེས་སྨྲ་བ་དང༌། ཡང་འགའ་ཞིག་སྤྲོས་བྲལ་མེད་དགག་ལ། བདེ་གཤེགས་སྙིང་པོའི་མིང་གིས་བསྟན་པར་འདོད་པ་དང༌། ལ་ལ་དག་སྙིང་པོ་བདེན་མེད་དུ་འདོད་པ་སོགས་ནི་ཆེས་རྣམ་པར་འཁྲུལ་ཏེ། ཅི་ཆོས་ཉིད་ནམ་ཡང་འགྱུར་བ་མེད་པ་རྟག་པ་བརྟན་པ་ཐེར་ཟུག་པ་སྙིང་
པོར་གྱུར་པ་ཞིག་མེད་ན། ཆོས་གང་གི་ཡང་ཆོས་ཉིད་མེད་པར་གྱུར་པ་ཡིན་ཏེ། མེད་དགག་ཙམ་དང་བདེན་མེད་ཙམ་ཞིག་ནི་ཆོས་ཉིད་དུ་མི་འགྱུར་ཏེ། སྲོག་ཏུ་གྱུར་པའི་སྙིང་པོའམ་སྲ་བརྟན་གྱི་དོན་མ་ཚང་བའི་ཕྱིར། ཆོས་ཉིད་ནི་གཏན་ནས་མེད་པར་འདོད་ན་ཆོས་ཅན་ཡང་མེད་པར་འགྱུར་གྱིས། དེ་ཡང་མེད་ན་ཚ་ཞིང་སྲེག་པ་མེའི་མཚན་ཉིད་འཛིན་པ་མེད་པ་དང༌། གཤེར་བའི་མཚན་ཉིད་འཛིན་པ་ཆུ་ལ་སོགས་པ་མེད་པར་འགྱུར་ཞིང༌། དེ་ཡང་མེད་ན་ཤེས་བྱ་དང་རིག་བྱ་དང་རྟོགས་བྱ་དང་མཐོང་བྱ་ལ་སོགས་པ་མེད་པར་འགྱུར་རོ། །དེ་ཡང་མེད་པར་འདོད་ན་ཐལ་རང་རྣམས་[ལས་འབྲས་ཀྱི་རྟེན་དུ་]ཀུན་རྫོབ་ཇི་ལྟར་སྣང་བ་ཙམ་ལ་བསྐུར་པ་མི་འདེབས་ཟེར་བ་དང་ནང་འགལ་བར་འགྱུར་བས་ཚིག་དེ་ཡང་གཞན་བསླུ་བའི་ཚིག་ཙམ་དུ་ཟད་དོ། །དེ་ལྟར་མ་ཡིན་གྱི་ཤེས་བྱ་རིག་བྱ་མཐོང་བྱ་མེད་ཀྱང་སྣང་ཙམ་དུ་ཡོད་ཟེར་ན་ཤེས་རིག་རྟོགས་མཐོང་མེད་པར་འགལ་ཏེ། སྣང་ཙམ་གྱི་དུས་ན་ཤེས་པ་དང་རིག་པ་དང་རྟོགས་པ་དང་མཐོང་བ་བྱུང་བའི་ཕྱིར་རོ། །གཞན་ཡང་བརྟགས་ཅིང་དཔྱད་པའི་ཚེ་ན་ཡོད་པ་ཞེས་བྱ་བའི་ཆོས་རྡུལ་ཙམ་ཡང་མ་གྲུབ་པའི་ཕྱིར་དོན་དམ་པར་ཆོས་ཉིད་མེད་ལ་མ་བརྟགས་མ་དཔྱད་པས་ཚེ་སྣང་བ་ཙམ་དུ་ཆོས་ཉིད་ཡོད་ཅེས་ཟེར་ན། ཆོས་ཉིད་དེའང་འཇིག་རྟེན་པའི་སྐྱེ་བོ་ཕལ་བ་རྣམས་ལ་སྣང་བར་ཐལ། ཆོས་ཉིད་དེ་མ་བརྟགས་མ་དཔྱད་པའི་སྣང་ངོ་ཙམ་དུ་ཡོད་པའི་ཕྱིར་རོ། །ཆོས་དབྱིངས་དེ་བདེན་
པར་གྲུབ་པ་ཞིག་ཡིན་ན་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་སྣང་བར་འགྱུར་ལ། བདེན་པར་མེད་ཅིང་བརྫུན་པའི་ཆོས་ཞིག་ཡིན་ན་ནི་མ་རིག་པའི་བསླད་པ་ཅན་གྱི་སྐྱེ་བོ་ཕལ་པ་རྣམས་ལ་སྣང་བ་ཞིག་དགོས་པ་ལས། ཆོས་དབྱིངས་དེ་བདེན་པར་ཡང་མེད་ཅིང་སྐྱེ་བོ་རྣམས་ལ་སྣང་ཡང་མི་སྣང་ན་ཡོད་པའི་ཐ་སྙད་ཙམ་ཡང་མི་འཐད་པས་མེད་པར་ཁས་བླངས་པར་སོང་བས་གོང་གི་གནོད་བྱེད་རྣམས་འཇུག་གོ །ཡང་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པའི་ཕྱིར་ཆོས་ཉིད་བདེན་པར་ནི་མེད་ལ། བདེན་མེད་ཀྱི་ཆོས་ཉིད་ཞིག་ཡོད་ཟེར་ན་དོན་དམ་ཆོས་ཉིད་དེ་ནི་ཆོས་ཅན་ཡིན་པར་ཐལ་བར་འགྱུར་ཏེ། དེ་བསླུ་ཆོས་ཀུན་རྫཽབ་ཡིན་པའི་ཕྱིར་ཏེ། བདེན་མེད་ཡིན་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་འཇིག་རྟེན་སྣང་ངོར་ཆོས་ཉིད་འདི་མེད་ཅིང་ཡེ་ཤེས་ཀྱི་སྣང་ངོར་སྣང་ཞིང་བདེན་པའི་ཕྱིར། སྤྱིར་བདེན་པ་གཉིས་ལ་བདེན་ལུགས་གཉིས་དང་སྣང་ལུགས་གཉིས་ལ་སོགས་པ་གསུངས་པ་ལྟར། ཀུན་རྫོབ་བདེན་པ་ནི་ཀུན་རྫོབ་ཁོ་ནར་ཡོད་ཀྱི་དོན་དམ་དུ་ཡོད་མེད་ཀྱི་ཁྱད་གཞིར་མི་རུང་བ་དང༌། ཆོས་ཉིད་དོན་དམ་ནི་ཡེ་ཤེས་ཀྱི་སྣང་ངོར་སྣང་ཞིང་དོན་དམ་དུ་ཡོད་པ་ཡིན་གྱི་ཀུན་རྫོབ་ཏུ་ཡོད་མེད་ཀྱི་ཁྱབ་གཞིར་མི་རུང་ངོ༌། །གཞན་ཡང་མདོ་སྡེ་མང་པོ་ལས། ཀུན་གཞི་ཡེ་ཤེས་གསུངས་པ་དེ་ཅི་ཡིན་སྙམ་ན། དེ་ནི་དོན་དམ་དབྱིངས་ཉིད་ཡིན་དེ་ཀུན་གཞི་ཡེ་ཤེས་ཀྱི་དོན་ཚང་བའི་ཕྱིར། དེ་ཡང་དོན་དམ་དབྱིངས་ཏེ་ཀུན་གཞི་ཡིན་ཏེ་འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར་ཡེ་ཤེས་ཡིན་ཏེ་དོན་དམ་པ་
བདེན་པ་ཡིན་པའི་ཕྱིར། དེས་ན་དབྱིངས་ཉིད་ཀུན་གཞི་ཡེ་ཤེས་སུ་སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་སོ། །རྒྱན་སྟུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །ཞེས་སོགས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ལྡན་པར་ཡང༌། །ཞེས་ཀུན་གཞི་རྣམ་ཤེས་སྙིང་པོར་གསུངས་པའི་དགོངས་གཞི་ཅི་ལྟ་བུ་ཞེ་ན། འདི་ཡང་སྐྱེས་བུ་ཞིག་གིས་སོར་མོའི་རྩཻ་མོ་གཏད་དེ་ཡ་གི་ན་ཟླ་བའོ་ཞེས་མཚོན་པར་བྱས་པ་ན་སོར་མོའི་རྩེ་མོ་ཟླ་བ་ཡིན་པར་བཟུང་ན་ཆེས་འཁྲུལ་པར་འགྱུར་བ་དང༌། གོས་དམར་པོ་གྱོན་པའི་མི་ཞིག་ལ་བརྡའ་སྦྱར་ཏེ་མི་དམར་པོ་དེ་འདིར་ཤོག་ཅེས་མི་དེ་གོས་དམར་པོས་མཚོན་པར་བྱས་པས་ན། ཕྱིའི་གོས་དམར་པོ་དེ་མི་ཡིན་པར་བཟུང་ན་ཆེས་འཁྲུལ་བ་ལྟར་ཀུན་གཞི་རྣམ་ཤེས་ཡང་བདེ་གཤེགས་སྙིང་པོ་དང་རྣམ་པ་མཚུངས་པ་ཙམ་དུ་ཡོད་པའི་ཕྱིར། རྣམ་ཤེས་ནི་ཕྱིའི་ཤུན་པ་གོས་དམར་དང་མཚུངས་པ་དང༌། ཡེ་ཤེས་ནི་ནང་གི་སྐྱེས་བུ་དང་མཚུངས་པའི་ཕྱིར། ཀུན་གཞི་རྣམ་ཤེས་ལ་ཡེ་ཤེས་སུ་བཟུང་ན་ཆེས་འཁྲུལ་བར་འགྱུར་བས་བློ་གྲོས་ཞན་པ་རྣམས་ཀྱི་འདིའི་དོན་མི་ཤེས་ཞེས་མདོ་ནས་གསུངས་སོ། །འོ་ན་དོན་དམ་དབྱིངས་དེ་འཁོར་འདས་ཀུན་གྱི་གཞི་ཡིན་ན། མྱ་ངན་ལས་འདས་པའི་གཞི་ཡིན་ཚུལ་ཅི་ལྟ་བུ་ཞེ་ན། ཆོས་དབྱིངས་རང་གི་ངོ་བོ་དོན་དམ་པའི་མྱ་ངན་ལས་འདས་པ་ཡིན་ཞིང༌། དེ་ལ་དམིགས་ཏེ་ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་ཞི་བ་མྱ་ངན་ལས་འདས་པ་
ཐོབ་པར་འགྱུར་བ་ཡིན་པས་ན། མྱ་ངན་ལས་འདས་པའི་གཞི་ཡིན་ཚུལ་དེ་ལྟར་ཡིན་ནོ། །འཁོར་བའི་གཞི་ཡིན་ཚུལ་ནི་དོན་དམ་དབྱིངས་ཏེ་འཁོར་བའི་རྒྱུ་དངོས་མ་ཡིན་ཡང་དཔེར་ན་གསེར་ཡོད་ན་གཡའ་ཡང་འབྱུང་བ་དང༌། སྐྱེས་བུའི་ལུས་ཀྱིས་དངོས་སུ་བསྐྱེད་པ་མ་ཡིན་ཡང་ལུས་ཡོད་པའི་རྟེན་འབྲེལ་ལས་ལུས་དེའི་གྲིབ་མ་འབྱུང་བ་ལྟར་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་ཡང་དབྱིངས་དེ་ཡོད་པའི་མཐུ་ལས་ཤར་རོ། །དེ་ཡང་ས་བོན་ཡོངས་སུ་གྱུར་པ་ལས་མྱུ་གུ་དང་དེ་ལས་སྟོན་ཐོག་གི་བར་དུ་ཡང་འབྱུང་བའི་ཚུལ་གྱི་ས་བོན་ཡོངས་སུ་གྱུར་པ་ལས་འབྲས་བུ་བསྐྱེད་ཚུལ་གཅིག་དང༌། དེ་ཡོངས་སུ་གྱུར་ནས་འབྲས་བུར་འགྱུར་བ་མ་ཡིན་ཡང༌། ས་གཞི་ལས་སྡོང་བུ་སྐྱེས་པ་ལྟ་བུ་གཞི་དེ་ལ་དངོས་སུ་བརྟེན་ནས་སྐྱེ་བའི་རྒྱུར་འཇོག་ཚུལ་གཉིས་ཡོད་པ་ལས་དོན་དམ་དབྱིངས་ཏེ་འཁོར་བའི་རྒྱུའི་འཇོག་ཚུལ་གཉིས་ཀར་མ་ཡིན་པས་རྒྱུ་དངོས་མ་ཡིན་ཀྱང་ཅི་སྟེ་དོན་དམ་དབྱིངས་ཏེ་མེད་ན་ནི་དྲི་མ་འཁོར་བའི་ཆོས་ཀྱང་འབྱུང་མི་སྲིད་ལ། དེ་ཡོད་པ་ལ་བརྟེན་ནས་དེ་ཡང་འབྱུང་དུ་རུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་ན་དཔེར་ན་ནམ་མཁས་རླུང་གི་དཀྱིལ་འཁོར་སོགས་དངོས་སུ་བསྐྱེད་པ་མ་ཡིན་ཡང་ནམ་མཁའ་ལ་བརྟེན་ནས་རླུང་གི་དཀྱིལ་འཁོར་སོགས་ཆགས་པའི་ནམ་མཁའ་ལ་རླུང་གི་དཀྱིལ་འཁོར་བརྟེན་ཞེས་འཇོག་པ་ལྟར་དོན་དམ་དབྱིངས་ཏེ་འཁོར་བའི་གཞིར་གྱུར་པ་ཞེས་བྱ་བའི་རྣམ་བཞག་བྱས་སོ། །དེར་མ་ཟད་གློ་བུར་མྱ་ངན་ལས་འདས་ཏེ་གསར་ཐོབ་ཀྱི་འབྲས་བུ་
རྣམས་ཀྱང་ཆོས་ཉིད་ལ་དམིགས་ཏེ་ལམ་བསྒོམ་པའི་མཐུ་ལས་བྱུང་བའི་ཕྱིར་གློ་བུར་མྱ་ངན་ལས་འདས་པ་དེའི་ཡང་གཞི་དང་རྒྱུ་ཞེས་པ་མཁས་པ་རྣམས་ལ་གྲགས་སོ། །ངེས་པར་ན་དོན་དམ་དབྱིངས་དེ་འཁོར་འདས་གཉིས་ཀྱི་རྟེན་ལ་སོགས་པ་ཡིན་རྒྱུ་མེད་ཀྱང་རྣལ་འབྱོར་ཅན་ཀྱི་བླཽོ་ངོར་དང་བསྟུན་ནས་རྟེན་དང་གཞི་དང་རྒྱུ་དང་རིགས་ཞེས་རྣམ་པར་བཞག་པའི་རྣལ་འབྱོར་ཅན་གྱྀ་བླཽ་ལ་སྣང་ཚུལ་ཙམ་ཡིན་ནོ། །འོ་ན་དེ་རྣམས་གནས་ཚུལ་མ་ཡིན་ན་བཀའ་བསྟན་བཅོས་རྣམས་ལས་གནས་ཚུལ་དང་མི་མཐུན་པའི་རྣལ་འབྱོར་ཅན་གྱི་བློའི་སྣང་ཚུལ་ལ་དེ་མང་དུ་གསུངས་པ་ལ་དགོས་པ་ཅི་ཞེ་ན། དེའི་དོན་དམ་དབྱིངས་ཏེ་རེས་འགའ་གནས་ཚུལ་འབའ་ཞིག་གིས་སྒོ་ནས་བཤད་རེས་འགའ་རྣལ་འབྱོར་ཅན་གྱི་བློའི་སྣང་ཚུལ་ཙམ་གྱིས་སྒོ་ནས་བཤད་པས་དོན་དམ་དབྱིངས་དེའི་གནས་ཚུལ་ཤེས་པ་ལ་ཤིན་ཏུ་ཕན་པའི་དགོས་པ་ཡོད་པས་ན་གསུངས་སོ། །ཡང་རིགས་སད་མ་སད་ཀྱི་རྣམ་བཞག་མང་དུ་གསུངས་པའི་ཕྱིར་དེའི་སད་རྒྱུའི་རིགས་ཏེ་རང་བཞིན་གྱི་རིགས་ཉིད་ཡིན་ནམ་ཅི་ལྟ་བུ་ཞེ་ན། དོན་གྱི་གནས་ལུགས་ལ་རང་བཞིན་གྱི་རིགས་ལ་བག་ཆགས་ཀྱིས་སད་མ་སད་མེད་དེ་རྟག་ཏུ་དགེ་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་པར་གནས་པ་ཡིན་ལ། དེ་ཡོད་པའི་རྒྱུ་མཚན་གྱི་དེ་ལ་དམིགས་ཏེ་དགེ་བའི་ལས་མང་དུ་སྒྲུབ་པ་ལས་དེ་སྟོབས་དང་ལྡན་པའི་མཐུས་རྒྱས་འགྱུར་གྱི་རིགས་སྐྱེ་བར་འགྱུར་རོ། །དེ་ནམ་སྐྱེས་པ་ན་རང་བཞིན་གྱི་རིགས་དེ་ཡང་སད་ཅེས་པའི་རྣམ་བཞག་བྱས་པ་ཡིན་ལ་རིགས་འཕེལ་བའི་རྣམ་བཞག་གསུངས་པ་ཡང་རྒྱས་འགྱུར་རིགས་ཏེ་རིམ་པས་འཕེལ་པས་ན། རང་བཞིན་གནས་རིགས་དེ་ཉིད་ཀྱི་གནས་ཚུལ་
མཐོང་བ་རྒྱ་ཆེ་ཆེར་སོང་བའི་ཆ་དེ་ཡང་འཕེལ་ཞེས་ཐ་སྙད་བཏགས་པ་ཡིན་གྱི་དོན་ལ་ནི་རང་རེས་མཐོང་ཚུལ་རྒྱ་ཆེ་ཆེར་སོང་བ་ཙམ་མ་གཏོགས་མཐོང་བྱ་གནས་ཚུལ་ལ་འཕེལ་འགྲིབ་གཏན་ནས་མེད་དེ། དཔེར་ན་ཁང་པའི་བུ་ག་ཆུང་ངུ་ཞིག་ནས་བལྟས་པས་ནམ་མཁའ་རྒྱ་ཆུང་ངུ་ཞིག་ལས་མེད་པ་ལྟར་སྣང་བ་ལས་བུག་པ་དེ་ཆེ་ཆེར་སོང་བ་ན་ནམ་མཁའ་ཡང་རྒྱ་ཆེ་ཆེར་སྣང་སྟེ་མཐར་རྩིགས་པ་སོགས་སྒྲིབ་གཡོག་གཏན་ནས་མེད་པ་ན་ནམ་མཁའ་ནི་ཤིན་ཏུ་རྒྱ་ཆེ་བར་མཐོང་བ་བཞིན་ནོ། །ཡང་ཐོབ་བྱའི་ཡུལ་དུ་གཏན་མེད་དུ་འདོད་པ་ནི་ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་ལྟར་སྟོན་པ་སངས་རྒྱས་ཉིད་དུ་ཅི་སྲིད་མྱ་ངན་ལས་མ་འདའ་བར་སེམས་ཅན་གྱི་དོན་ཅི་ཙམ་མཛད་པ་དེ་ཡིན་གྱི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་བཞུགས་པ་ན། དེ་སེམས་ཅན་གྱི་དོན་སྤྱོད་པ་ལ་སོགས་པ་མེད་པར་འགོག་པ་ཙམ་ལ་གནས་པ་ཡིན་ཟེར་ཏེ། འགོག་པ་དེ་ནི་བློའི་བཏགས་ཆ་མ་གཏོགས་མེད་པའི་ཕྱིར་རོ། །མཐར་ཐུག་ཐོབ་བྱའི་འབྲས་བུ་མེད་པར་འདོད་པ་ཡིན་ལ་དེ་དང་མཚུངས་པར་ཐེག་ཆེན་པ་འགའ་ཞིག །[རྫོགས་ཆེན་པས་]ཀྱང་ལམ་གོམས་གོམས་པ་ན་དབྱིངས་དང་རིག་པ་དབྱེར་མེད་དུ་གྱུར་ཏེ་རིག་པ་ཡང་དབྱིངས་སྟོང་པ་ཉིད་ལ་ཐིམ་སྟེ་སྤྲོས་བྲལ་ནམ་མཁའ་ལྟ་བུ་ཞིག་མཐར་ཐུག་གི་འབྲས་བུར་འདོད་དོ། །དེ་གཉིས་ཀ་ཐོབ་བྱའི་ཡུལ་མེད་པར་འདོད་མོད། དེ་ལྟར་ན་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་
བསགས་པ་སོགས་ངལ་བ་ལ་འབྲས་བུ་མེད་པར་ཐལ་བར་འགྱུར་ཏེ་ཐོབ་བྱའི་ཡུལ་མེད་པའི་ཕྱིར། ཅི་སྟེ་ཐོབ་བྱའི་ཡུལ་གཏན་མེད་རང་མ་ཡིན་མོད་དངོས་མེད་[མེད་དགག་ཙམ་]ཞིག་ཐོབ་པོ་ཞེ་ན་ཐོབ་བྱ་དངོས་མེད་ཡིན་ན་ཐོབ་ཡུལ་མེད་པ་དང་ཚུལ་མི་མཚུངས་ན་ཡང་དངོས་མེད་ཐོབ་པ་ལ་དགོས་པ་ཅི་ཞིག་ཡོད་དེ་ལམ་ལ་འབད་པ་འབྲས་བུ་མེད་པར་འགྱུར་རོ། །ཡང་ཐོབ་བྱ་གཏན་མེད་ཡང་མ་ཡིན་ལ་དངོས་མེད་ཡང་མ་ཡིན་པས་སྐྱོན་དེ་དག་མི་འཇུག་ལ་འོན་ཀྱང་ལམ་སྒོམ་པ་ལས་འབྲས་བུ་གསར་དུ་སྐྱེ་བའི་ཕྱིར་ཞེ་ན། གསར་སྐྱེས་དེ་ནི་རྒྱུ་རེ་རེ་ལས་བྱུང་བའི་འདུས་བྱས་ཡིན་པའི་ཕྱིར། ནམ་ཞིག་ན་བཟློག་པར་འགྱུར་བའམ་སྐྱེན་མ་ཚང་བའི་ཚེ་རྒྱུན་ཆད་པར་འགྱུར་རོ། །བཟློག་ཅིང་རྒྱུན་ཆད་པར་ཡང་མི་འགྱུར་དེ་སྔར་སེམས་ཅན་གྱི་རང་བཞིན་འོད་གསལ་དེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རིགས་ཆ་ཕྲ་བ་ཙམ་བྱས་པ་དེ་ལམ་བསྒོམ་པ་ལས་ཤིན་ཏུ་རྒྱས་པར་སོང་བས་རིགས་འདྲ་གསར་སྐྱེ་ཡིན་པའི་ཕྱིར་སྙམ་ན་འཁོར་བའི་གནས་སྐབས་ཀྱི་རང་བཞིན་འོད་གསལ་གྱི་སེམས་ལ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཉུང་ངུ་ཞིག་ལས་མེད་པ་ལ་འབྲས་བུ་སངས་རྒྱས་ཐོབ་པའི་ཚེ་ཡོན་ཏན་མང་པོ་ཞིག་ཟད་མི་ཤེས་པ་ཡིན་པའི་ཕྱིར། རྒྱུའི་སྐབས་ཀྱི་དེ་དང་ཆེ་ཆུང་མཉམ་པ་ཞིག་འབྲས་བུའི་སྐབས་སུ་ཡང་དེ་ཙམ་ཡིན་ན་གསར་སྐྱེས་མ་ཡིན་ཀྱང༌། རྒྱུའི་སྐབས་ལས་
ལྷག་པའི་ཆ་གང་ཡིན་པ་དེ་རྣམས་རིགས་འདྲ་གསར་སྐྱེས་ཅིའི་ཕྱིར་མ་ཡིན་ཏེ་ངེས་པར་ཡིན་ན་དེ་ལྟ་ན་བཟློག་པ་དང་རྒྱུན་ཆད་པའི་སྐྱོན་འཇུག་གོ །འཁོར་བའི་གནས་སྐབས་ཀྱི་ལས་དང་ཉོན་མོངས་དང་སྡུག་བསྔལ་ལ་སོགས་པའི་སྐྱོན་རྣམས་དང༌། ལམ་གྱི་ཡོན་ཏན་ཡེ་ཤེས་ལ་སོགས་པ་ཐམས་ཅད་སངས་རྒྱས་ཀྱི་ཡོན་ཏན་དུ་གནས་གྱུར་ཡང་མི་མཉམ་སྟེ་སངས་རྒྱས་ཀྱི་ཡོན་ཏན་ལ་ནི་མཐའ་གཏན་ནས་མེད་པ་ཡིན་ལ། འཁོར་བའི་སྐྱོན་དང་ལམ་གྱི་ཡོན་ཏན་ལ་ནི་རང་གི་མཐའ་མ་རྟོགས་པ་ཙམ་དུ་ཟད་ཀྱི་མཐའ་དང་ཚད་གཏན་ནས་མེད་པ་མ་ཡིན་པས་སོ། །དེས་ན་གདོད་མའི་གནས་ལུགས་ཉིད་ལ་འབྲས་བུར་བཏགས་སོ། །སྙིང་པོ་ལ་སྐུར་བ་བཏབས་པའི་ཉེས་དམིགས་དང་གུས་པར་བྱས་པའི་ཕན་ཡོན་རྣམས་ནི་གོ་སླའོ། །ཞེས་སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་ གསུམ་པའི་རྣམ་པར་བཤད་ཟིན་ཏོ། །༈ རབ་བྱེད་བཞི་པ་ནི་རྣམ་ཤེས་ཚོགས་བརྒྱད ་གཏན་ལ་འབེབས་པ་ལས། ཀུན་རྫོབ་བདེན་པའི་གཙོ་བོ་ཡང་འདི་ཁོ་ན་ཡིན་ཏེ་རིགས་སྤྱི་ལ་སོགས་པ་རྣམས་ནི་དངོས་མེད་ཡིན་པས་རྫས་སུ་མ་གྲུབ་པར་མ་ཟད་རགས་པ་དང་རྒྱུན་ལ་སོགས་པ་རྣམས་ཀྱང་རྫས་སུ་མ་གྲུབ་ལ། [ཞི་ལྷག་གི་ཡོན་ཏན་དང་མི་ལྡན་པའི་]འཇིག་རྟེན་པའི་ཡང་དག་ཀུན་རྫོབ་ལ་རགས་པ་བཤིགས་པའི་རྡུལ་ཕྲན་ཙམ་
ཞིག་རྫས་སུ་གྲུབ་པར་འདོད་ཀྱང་[དེ་དང་ལྡན་པའི་]རྣལ་འབྱོར་པའི་ཡང་དག་ཀུན་རྫོབ་ལ་དེ་ཡང་རྫས་སུ་མེད་དེ་རྣམ་ཤེས་ཚོགས་བརྒྱད་ཙམ་ཞིག་རྫས་སུ་གྲུབ་པ་ཡིན་ལ་སེམས་བྱུང་རྣམས་ནི་ཤེས་པ་རང་དབང་ཅན་དུ་འཇུག་པ་མ་ཡིན་པས་རྣམ་ཤེས་བརྒྱད་ཀྱི་རྗེས་འབྲང་ཙམ་ཡིན་ནོ། །འཁོར་བར་འཇུག་པའི་གཞི་ཡང་འདི་ཉིད་ཡིན་ལ། ལམ་བསྒོམས་ཏེ་སྤང་པར་བྱ་བར་ཡང་འདི་ཉིད་ཡིན་པས་རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་ནི་རྣམ་པར་ཤེས་པ་ཙམ་ཞིག་གོ །འདི་འཆད་པ་ལ་མདོར་བསྟན་རྒྱས་བཤད་དོན་བསྡུས་གསུམ་ལས། དང་པོ་ནི། སློབ་དཔོན་དབྱིག་གཉེན་གྱིས་སུམ་ཅུ་པའི་རབ་ཏུ་བྱེད་པར་གསུངས་པ་ནི། གནས་ཚུལ་ལ་མེད་ཀྱང་[སེམས་ཅན་རྣམས་ཀྱིས་ངམ་ངམ་ཤུགས་ཀྱི་]ཕུང་པོ་ལྔ་ལ་ང་[བརྟེན་ནས་འོ་ཆུ་འདྲེས་པ་ལྟར་]བདག་ཏུ་འཛིན་པ་ནི་གང་ཟག་གི་བདག་ཡིན་ཞིང་འདིས་ནི་ཐར་བ་ཐོབ་པ་ལ་གེགས་བྱེད་པ་ཡིན་ནོ། །ཆོས་བདག་ནི་དངོས་པོར་འཛིན་པ་ཡིན་ལ། དེ་ཡང་གང་ཟག་གི་བདག་ཏུ་འཛིན་པའི་རྒྱུ་བྱེད་དོ། །དེ་ལྟ་བུའི་བདག་གཉིས་པོ་དེ་ནི་དོན་ལ་མེད་བཞིན་དུ་སྒྲོ་བཏགས་པ་ཡིན་ལ། དེ་ལ་བརྟེན་ནས་འཁྲུལ་བའི་སྣང་བ་སྣ་ཚོགས་པ་ཤར་བ་གང་ཡིན་པ་རྣམས་ཀྱི་སྒྲོ་བཏགས་པའི་གཞི་རྣམ་པར་ཤེས་པར་འགྱུར་བ་སྟེ། རྣམ་ཤེས་ཙམ་ཞིག་ཡིན་ནོ། །གྱུར་པ་དེ་ཡང་ཞེས་པ་ནི་ཆོས་དབྱིངས་ནམ་དུ་ཡང་འགྱུར་བ་མེད་པའི་རྟག་པ་[ལྟ་བུ་]དང་མུ་སྟེགས་འདོད་པ་ལྟར་གྱི་བདག་རྟག་པ་
ལྟ་བུ་མ་ཡིན་གྱི་རྣམ་པར་ཤེས་པ་དེ་ཡང་སྐད་ཅིག་སྐད་ཅིག་གི་མི་རྟག་པས་ན་འགྱུར་བ་ཞེས་སྨོས་པ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ་རྣམ་པར་སྨིན་པའི་རྣམ་ཤེས་ཀུན་གཞི་དང་ཀུན་གཞི་ལ་དམིགས་ནས་ངར་སེམས་པ། ཉོན་ཡིད་དང་ཡུལ་སྣ་ཚོགས་པ་རྣམ་པར་རིག་པ་འཇུག་པའི་རྣམ་ཤེས་དྲུག་པོ་རྣམས་སོ།གཉིས་པ་རྒྱས་བཤད་ལ། ཤེས་པ་གསུམ་གྱི་ངོ་བོ་ངོས་བཟུང་བ་དང༌། དེ་ཉིདཀྱི་ལུང་འགོད་པ་དང་ཀུན་གཞི་དང་ཉོན་ཡིད་ལུང་རིགས་ཀྱིས་བསྒྲུབས་པ་དང༌། གཞན་འཕྲོས་དོན་སྣ་ཚོགས་པ་བཤད་པའོ། །དང་པོ་ནི། བག་ཆགས་རྣམ་པ་སྣ་ཚོགས་པ་འདུས་པའི་[རང་བཞིན་འཇུག་ཤེས་དྲུག་གི་ཕྱོགས་དང་གཏན་ནས་མ་འདྲེས་པའི་ཡུལ་མེད་ཀྱི་]ཤེས་པ་གསལ་རིག་ཙམ་ཞིག་ཡིན་ལ། དེ་ཡང་འཁོར་བ་ཐོག་མ་མེད་པའི་དུས་ནས་བག་ཆགས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་དང་ལྡན་པ་ཞིག་ཡིན་ཏེ། དཔེར་ན་མིག་གི་གཟུགས་མཐོང་བ་ལ་སོགས་པ་བྱ་བྱེད་ཕྲ་མོ་རེ་རེས་ཀྱང༌། བག་ཆགས་འཇོག་པར་བྱེད་པ་ཡིན་ཞིང་དེ་ལྟར་དུ་བཞག་པའི་བག་ཆགས་ཐམས་ཅད་རྣམ་ཤེས་གསལ་རིག་ཙམ་དང་ངོ་བོ་དབྱེ་བ་མེད་པར་གནས་པ་ཡིན་ནོ། །ཉོན་ཡིད་ནི་བདག་ཏུ་སྣང་བའི་ཤེས་པ་[རྟོག་བྲལ་]ཙམ་ཞིག་ཡིན་ལ་བདག་ཏུ་འཛིན་པ་ལ་སོགས་པ་རྣམས་ནི་རྟོག་བཅས་ཡིན་པས་འཇིགས་ཚོགས་ལ་ལྟ་བར་འགྱུར་རོ། །དེས་ན་ཉོན་ཡིད་ནི་བདག་ཏུ་སྣང་བ་ཙམ་གྱི་ཤེས་པ་རྟོག་མེད་གཅིག་ལ་འཇོག་པ་ཡིན་ནོ། །འཇུག་ཤེས་དྲུག་ནི་
སྣ་ཚོགས་པའི་ཡུལ་གྱི་སྣང་བ་ཅན་ཏེ། མིག་གི་རྣམ་པར་ཤེས་པ་ནི་ཡུལ་གཟུགས་ཀྱི་སྣང་བ་ཅན་དང༌། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡུལ་ཆོས་ཀྱི་སྣང་བ་ཅན་གྱི་བར་ཡིན་ལ། འཇུག་ཤེས་དྲུག་པོ་དེ་རྣམས་ཀྱང་ཡུལ་དྲུག་པོ་རིག་ཙམ་གྱི་ཤེས་པ་རྟོག་མེད་ཀྱི་ཆ་ལ་འཇོག་པ་ཡིན་གྱི་རྗེས་སུ་རྟོག་པ་སྣ་ཚོགས་པས་དཔྱད་པ་ལ་སོགས་པ་རྣམས་ནི་འཁོར་སེམས་བྱུང་དུ་གྱུར་པ་ཡིན་ནོ། །ཤེས་པ་གསུམ་པོ་དེ་རྣམས་གཅིག་དང་ཐ་དད་ཇི་ལྟར་ཡིན་པའི་ཚུལ་ནི་ཀུན་གཞི་དང་རྣམ་ཤེས་བདུན་པོ་དེ་རྣམས་སྤྱིར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་མོད་ཀྱང༌། མཚན་ཉིད་ཐ་དད་པའི་ཕྱིར། རེ་ཞིག་ཐ་དད་པ་ཡིན་ནོ་ཞེས་དཔེ་དང་བཅས་ནས་འཆད་པ་ནི་དཔེ་ཇི་ལྟར་ན། ཆུ་བོ་གངྒཱ་ལྟ་བུ་ཡང་ཕྱོགས་ཞིག་ནས་ཐོལ་སྐྱེས་སུ་བྱུང་བ་མ་ཡིན་གྱི་ཆུ་བྲན་དུ་མ་ཞིག་འདུས་པར་གྱུར་པ་ལས། ཆུ་བོ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ཡིན་ཞིང༌། དེ་ལ་རླུང་གི་སྟོབས་ཀྱི་རྦ་རླབས་འཁྲུགས་པར་གྱུར་པ་ན། རླབས་དང་ཆུ་བོ་གཉིས་རླན་ཞིང་གཤེར་བར་མཚུངས་པའི་ཕྱིར། ངོ་བོ་ནི་[གངྒཱ་དང་ཆུ་བྲན་གྱི་]དབྱེ་བ་ཤིན་ཏུ་དཀའ་ལ། མཚན་ཉིད་ནི་ཐ་དད་པ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ཆུ་བོ་ཆེན་པོ་དང་འདྲ་བ་ཡིན་ཏེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱི་ས་ཀུན་འདུས་པ་ཡིན་ལ། དེ་ལྟ་བུའི་ཀུན་གཞི་དེ་ལ་རྣམ་སྨིན་གྱི་ཆ་དང་[རང་འབྲས་ཕྱི་མ་བསྐྱེད་ནུས་ཀྱི་]ས་བོན་གྱི་ཆ་གཉིས་ཡོད་པ་ལས་
རྣམ་སྨིན་གྱི་ཆ་[ཞེས་པ། སྔ་མའི་ལས་ཀྱི་རྣམ་སྨིན་དེའི་སྟེང་དུ་སྨིན་ཟིན་ལ་མི་བྱེད་ཀྱི། དེའི་སྟེང་དུ་ཡང་ཡང་བསགས་པའི་བག་ཆགས་ཀྱི་ནུས་པ་སླར་སྨིན་པར་འགྱུར་བ་ལ་བྱེད་པས་དེ་འདྲའི་ནུས་པ་]གང་ཡིན་པ་དེ་རྣམས་ས་བོན་གྱི་ཆར་འདུས་པ་ཡིན་ཏེ། ས་བོན་སྨིན་པར་གྱུར་པའི་ཆ་ནས་རྣམ་སྨིན་དང་མ་སྨིན་པ་ས་བོན་ཉིད་ཀྱི་སྐབས་ལ་དེའི་ཆ་ཞེས་བཞག་གོ །དེ་ཡང་མིའི་ཚེ་གང་གཅིག་གི་གནས་ལུས་ལོངས་སྤྱོད་ཀྱི་སྣང་བ་སྣ་ཚོགས་པ་ཤར་བར་གྱུར་པའི་ཆ་དེ་ནི། ཚེ་རབས་སྔ་མ་རྣམས་སུ་སྣང་བ་འདི་འཆར་བར་འགྱུར་བའི་རྒྱུ་བག་ཆགས་ཀྱི་ས་བོན་སྨིན་པར་གྱུར་པ་ཡིན་པས་ན། རྣམ་སྨིན་གྱི་ཆ་ཡིན་ལ། ལྷ་ལྟ་བུའི་སྣང་བ་འཆར་བར་འགྱུར་བའི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་ཀྱང་ཅི་སྲིད་དེ་དང་དེའི་སྣང་བ་མ་ཤར་བ་དེ་སྲིད་དུ་རྣམ་པར་སྨིན་པ་མ་ཡིན་པས་ས་བོན་གྱི་ཆ་ཞེས་བརྗོད་དོ། །དེས་ན་རྣམ་པར་སྨིན་པ་མ་ཡིན་པའི་ད་ལྟའི་བག་ཆགས་གསར་དུ་བཞག་པ་ཀུན་གཞི་ལ་མ་འདྲེས་པ་རྣམས་དང༌། སྔར་གྱི་བག་ཆགས་འབྲས་བུ་མ་སྨིན་པ་རྣམས་ནི། [རྟེན་གཞིའི་ཆ་ལ་]ས་བོན་དང༌། སྔར་གྱི་བག་ཆགས་སྔཽན་དུས་ཡུན་རིང་པོ་ཞིག་ནས་བསགས་ཏེ་ཀུན་གཞི་ལ་འདྲེས་པའི་རྒྱུན་ད་ལྟ་རྣམ་སྨིན་བྱིན་པ་རྣམས་ནི་[བརྟེན་པ་པོའི་ཆ་ལ་]རྣམ་སྨིན་གྱི་ཆ་[ཟེར་བ་]ཡིན་ལ་དེ་གཉིས་པོ་ཡང་རྫས་ཀྱི་རྣམ་པར་དབྱེ་བ་ནི་མེད་དེ། ཆུ་བོ་དང་སྔར་འདྲེས་པའི་ཆུ་བྲན་རྣམས་ལ་རྫས་ཀྱི་དབྱེ་བ་མེད་པ་བཞིན་ནོ། །དེ་ལ་ཀུན་གཞི་ནི་མཚན་ཉིད་གསུམ་དང་ལྡན་པ་ཡིན་ཏེ། ཀུན་གཞི་རང་
གི་ངོ་བོ་ཤིན་ཏུ་གསལ་ཞིང་རིག་པའི་ཤེས་པ་ཡིན་མོད་ཀྱང་དེ་ནི་ཡུལ་[ཁམས་གསུམ་པོ་]གང་ལ་ཡང་རྒྱ་ཆད་ཕྱོགས་སུ་མ་ལྷུང་བ་ཡིན་པའི་ཕྱིར། གཟུགས་སྒྲ་སོགས་ཡུལ་གྱི་རྣམ་པ་རྣམས་ནི་དེ་ལ་མི་གསལ་བ་ཡིན་ནོ། །དམིགས་པ་ནི་ཆོས་ཀུན་ལ་དམིགས་པ་ཡིན་ཞིང་དེའི་བྱེད་ལས་ནི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་གསལ་བར་སྟོན་པ་དེ་སྣང་བའི་མཐུ་ཅན་ཡིན་ཏེ། སྣང་བ་དེ་རྣམས་ནང་གི་བག་ཆགས་ཀྱི་མཐུ་ལས་བྱུང་བ་ཡིན་ལ། ཀུན་གཞི་བག་ཆགས་[སམ་ས་བོན་ཐམས་ཅད་ཀྱི་རྟེན་བྱེད་པས་]རྣམ་པ་ཐམས་ཅད་པ་ཡིན་ནོ། །དེ་ལྟ་བུའི་བག་ཆགས་རྣམ་པ་ཐམས་ཅད་པ་འདུས་པ་ཤེས་པའི་ངོ་བོ་ཡངས་ཤིང་རྒྱ་ཆེ་བ་མཐའ་ཡས་པ་འཆར་བར་འགྱུར་བའི་མཐུ་ཅན་ཀུན་གཞི་དེ་ནི་སེམས་ཅན་ཀུན་ལ་མཚུངས་པར་ཡོད་པ་ཡིན་ལ། ཞིབ་མོར་ན་འཕགས་པའི་ལམ་མ་ཐོབ་པའི་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་མཚུངས་པར་ཡོད་པ་ཡིན་ཀྱང༌། འཕགས་ལམ་ཐོབ་ཕན་ཆད་ནས་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་ཀུན་གཞི་ཡོད་ཀྱང་སོ་སོ་སྐྱེ་བོའི་ཀུན་གཞི་དང་ཆེས་མི་འདྲ་བ་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་བདུན་པོ་རྣམས་ནི་ཆུ་བོའི་རླབས་དང་འདྲ་བ་ཡིན་ཏེ། རླབས་རྣམས་ཆུ་བོའི་རྣམ་འགྱུར་ཙམ་ཡིན་པ་བཞིན་དུ་ཀུན་གཞི་རྣས་ཤེས་གསལ་ཞིང་རིག་པ་ཙམ་དེའི་རྣམ་འགྱུར་འཇུག་ཤེས་བདུན་པོ་དེ་དག་རྣམས་ཀྱང་གསལ་ཞིང་རིག་པའི་ཚུལ་ཙམ་དུ་ཀུན་གཞི་དང་མཚུངས་པ་ཡིན་ཀྱང༌། སེམས་ཀུན་གཞི་རྣམ་པར་ཤེས་པའི་
མཚན་ཉིད་འཇུག་ཤེས་བདུན་པོ་དེ་རྣམས་ལ་མེད་དེ། ཀུན་གཞི་ནི་[བརྟན་པའི་རྣམ་ཤེས་ཡིན་པས་]རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས་ཡུལ་གྱི་རྣམ་པ་མི་གསལ་བ་དང་བག་ཆགས་གསར་རྙིང་ཐམས་ཅད་འཛིན་པར་བྱེད་པ་དང༌། སྣོད་བཅུད་མ་ལུས་པ་གསལ་བར་སྣང་བའི་མཐུ་ཅན་ཡིན་ལ། འཇུག་ཤེས་རྣམས་ནི་ཤེས་པ་ཕྱོགས་ལྷུང་ཅན་ཡིན་པས་རང་རང་གི་ཡུལ་གྱི་རྣམ་པ་གསལ་བར་རིག་པ་དང་བག་ཆགས་བསྒོ་བའི་གཞིར་མི་རུང་པ་དང༌། སྣོད་བཅུད་གསལ་བར་སྣང་བའི་མཐུ་ཅན་མ་ཡིན་པ་སོགས། མཚན་ཉིད་ཤིན་ཏུ་ཐ་དད་པ་ཡིན་ཏེ། དཔེར་ན་ཆུ་རླབས་དང་ཆུ་བོ་གཉིས་རླན་ཞིང་གཤེར་བའི་ཆུར་མཚུངས་པས་ངོ་བོ་གཅིག་པ་ཡིན་མོད་ཀྱང༌། ཆུ་བོ་ནི་གཏིང་ཟབ་པ་དང༌། སྲོག་ཆགས་དང་རིན་པོ་ཆེ་སོགས་གནས་པའི་གཞི་དང༌། དངོས་པོ་ཡང་འཁྱེར་བར་བྱེད་པའི་མཐུ་ཅན་ཡིན་ལ། ཆུ་རླབས་ནི་མཚན་ཉིད་དེ་དག་མེད་པ་བཞིན་ནོ། །གཉིས་པ་ལུང་འགོད་པ་ལ། ཀུན་གཞི་བཤད་པ། ཉོན་ཡིད་བཤད་པ། ཚོགས་དྲུག་བཤད་པ་དེ་དག་གི་རྒྱུ་དང་འབྲས་བུ་ཁྱད་པར་བཤད་པ་དང་བཞི་ཡོད་པ་ལས། སྤྱིར་སེམས་ཡིད་རྣམ་པར་ཤེས་པ་གསུམ། མངོན་པ་མཛོད་ལ་སོགས་པར་དོན་གཅིག་མིང་གི་རྣམ་གྲངས་སུ་འཇོག་པ་དང༌། ཐེག་པ་ཆེན་པོའི་སྐབས་འགའ་ཞིག་དུའང༌། རྣམ་གྲངས་སུ་བཤད་པ་ཡོད་མོད་ཀྱང་[རང་ལུགས་སུ་]གཙོ་བོ[འི་དབང་དུ་བྱས་ཏེ་]དེ་གསུམ་ཐ་དད་པར་འཇོག་སྟེ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བྱ་སྟེ། སེམས་ཀྱི་སྐད་དོད་ཙིཏྟ་ཞེས་པ་ཡིན་
ལ་དེ་ནི་བསགས་པའི་དོན་ཡིན་ཏེ། ཙིཏྟ་བསོགས་པ་ལའོ་ཞེས་པའི་བྱིངས་ལས་གྲུབ་པ་ཡིན་ལ། ཀུན་གཞི་ནི་བག་ཆགས་ཀུན་བསགས་པའི་ངོ་བོ་[རྟེན་གཞི་བྱེད་པ་]ཡིན་པས། དེ་ལ་བསགས་པའི་དོན་ཚང་བ་ཡིན་ལ་ཡིད་ཀྱི་སྐད་དོད་མ་ན་ཞེས་པ་ཡིན་ཞིང༌། དེ་ནི་ང་རྒྱལ་གྱི་དོན་ཡིན་པ་ལས་ཉོན་ཡིད་ནི་ཀུན་གཞི་ལ་དམིགས་ནས་[ཐོག་མེད་ནས་གོམས་པའི་ཤུགས་ཀྱིས་རྟག་ཏུ་ངའོ་སྙམ་པའི་]ངར་སེམས་པའི་མཚན་ཉིད་ཅན་ཡིན་པས། ཡིད་ནི་ཉོན་ཡིད་ལ་འཇོག་པ་དང༌། རྣམ་ཤེས་ཀྱི་སྐད་དོད་བི་ཛྙཱ་ན་ཞེས་པ་ཡིན་ལ། བི་ནི་དོན་དུ་མར་འཇུག་པ་ཡིན་ཏེ། རྣམ་པ་དང་ལྷག་པ་དང་བྲལ་བ་དང་ལོག་པ་དང༌། འཕགས་པ་སོགས་ལ་འཇུག་པ་ལས། དཔེར་ན་བ་ཤྱཱེ་ཞེས་པ་མཐོང་བའི་སྐད་དོད་ཡིན་པ་ལ། བི་བསྣན་པས་བི་པ་ཤྱཱེ་ལྷག་མཐོང་ཞེས་པ་དང༌། དེ་བཞིན་དུ་བི་ར་ག་ཏ་ཞེས་པ་འདོད་ཆགས་བྲལ་བ་དང༌། བི་ན་ཡ་ཀཱ་ལོག་པར་འདྲེན་པ་ཡིན་ལ། འདི་ཡང་ཛྙཱ་ན་ཤེས་པ་ཡིན་ལ། བི་བསྣན་པས་རྣམ་པར་ཤེས་པའམ་རབ་ཏུ་ཤེས་པ་སྟེ། རྣམ་ཤེས་ཚོགས་དྲུག་པོ་རྣམས་ཀྱིས་ནི་རང་རང་གི་ཡུལ་དྲུག་པོ་[སོ་སོར་]རབ་ཏུ་ཤེས་པའམ་རྣམ་པར་ཤེས་པས་ན་དེར་བཞག་གོ །དེ་ལ་དང་པོ་ཀུན་གཞི་རྣམ་ཤེས་ནི་རྣམ་སྨིན་[གྱི་ཆ་དང་]ས་བོན་[གྱི་ཆ་]ཐམས་ཅད་པ་ཡིན་ལ། དེ་ཡང་ས་བོན་ནི་རྟག་ཏུ་རྣམ་པ་ཐམས་ཅད་པ་ཡིན་ཡང༌། རྣམ་སྨིན་གྱི་ཆ་ནི་ས་བོན་སྨིན་མ་སྨིན་གྱི་ཁྱད་པར་ལས། རྣམ་སྨིན་རྣམ་པ་ཐམས་ཅད་པ་རང་མིན་ནོ། །ཀུན་
གཞི་དེ་ནི་སུམ་ཅུ་པའི་འགྲེལ་པ་བློ་བརྟན་གྱིས་མཛད་པར། ལེན་པའི་རྣམ་རིག་དང་གནས་ཀྱི་རྣམ་རིག་ཅེས་གཉིས་ལས་མ་བཤད་ཀྱང༌། གཞུང་གི་དགོངས་པ་ནི་ལེན་པ་དག་ཅེས་གཉིས་ཚིག་སྨོས་པས། ཐེག་བསྡུས་ལས་གསུངས་པ་ལྟར། ནང་གི་ལེན་པ་[ཀུན་གཞི་]དང༌། གནས་ཀྱི་ལེན་པ་[ཉོན་ཡིད་]དང་གནས་ཀྱི་རྣམ་རིག་སྟེ་གསུམ་དུ་འཇོག་གོ །རྣམ་པར་རིག་པ་ནི་ཤེས་པ་རང་གི་ངོ་བོ་ཤིན་ཏུ་གསལ་བ་ཡིན་ལ། འོན་ཀྱང་ཡུལ་གྱི་རྣམ་པ་མི་གསལ་བས་ན་མ་རིག་པའོ། །གྲོགས་ཀྱི་ཁྱད་པར་ནི་སེམས་བྱུང་རྣམས་ཀྱི་ནང་གི་ཀུན་འགྲོ་ལྔ་པོ་ཡིན་ཞིང་དེ་རྣམས་ལ་ཀུན་འགྲོ་ཞེས་པའི་དོན་ནི་ཁམས་གསུམ་པོ་རིས་སུ་མ་ཆད་པར་ཀུན་ལ་འགྲོ་བ་དང༌། [ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་]དགེ་མི་དགེ་ལུང་མ་བསྟན་པ་གསུམ་པོ་ཐམས་ཅད་གང་རུང་དང་མཚུངས་པར་ལྡན་པའི་རྣམ་ཤེས་དེ་སྐྱེས་པའི་ཚེ་དེའི་འཁོར་དུ་འབྱུང་བས་ན་དེ་སྐད་ཅེས་བྱའོ། །ཡུལ་ངེས་ལྔ་འདིའི་འཁོར་དུ་མི་འབྱུང་སྟེ། ལྔ་པོ་དེ་རྣམས་ནི་ཡུལ་སོ་སོར་ངེས་པར་ཡིན་ལ། ཀུན་གཞི་ནི་ཡུལ་གྱི་ཕྱོགས་སུ་མ་ལྷུང་པར་ཡུལ་ཐམས་ཅད་ལ་དམིགས་པ་ཡིན་པས་སོ། །དད་སོགས་དགེ་བ་བཅུ་གཅིག་པོ་རྣམས་ནི་དེའི་འཁོར་དུ་མི་འབྱུང་སྟེ། ཀུན་གཞི་ལུང་མ་བསྟན་ཡིན་པས་དགེ་བ་དང་མཚུངས་པར་མི་ལྡན་པས་སོ། །རྩ་ཉོན་དྲུག་དང་ཉེ་བའི་ཉོན་མོངས་པ་ཡང་ཀུན་གཞིའི་འཁོར་དུ་མི་འབྱུང་སྟེ། ཀུན་གཞི་ལུང་མ་བསྟན་ཁོ་ན་ཡིན་གྱི་མི་དགེ་བ་དང་མཚུངས་
པར་མི་ལྡན་པས་སོ། །དེས་ན་དུས་རྟག་ཏུ་ཀུན་གཞིའི་འཁོར་དུ་བྱུང་བ་ནི། རེག་པ་དང༌། ཡིད་ལ་བྱེད་པ་དང༌། རིག་པ་སྟེ། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་སྟེ། ཀུན་འགྲོ་ལྔ་པོ་སྟེ། དེ་རྣམས་ལྡན་ནོ། །དེ་ལ་རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཤེས་པར་འགྱུར་བའི་ཆ་ཞིག་ལ་འཇོག་པ་ཡིན་ཀྱང་འདི་ནི་དེ་ལྟ་བུ་རགས་པ་མ་ཡིན་མོད་ཀྱི་ཀུན་གཞི་ནི་ཡུལ་དང་འཕྲད་པའི་ཚེ། ཤེས་པ་དེ་རང་ལ་འགྱུར་བའི་ཆ་ཕྲ་བ་ཙམ་ཞིག་འབྱུང་བ་སྟེ་དེའི་འཁོར་དུ་གྱུར་པའི་རེག་པར་འཇོག་པ་ཡིན་ལ། ཚོར་བ་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་ལ་བརྟེན་ནས། བདེ་སྡུག་བཏང་སྙོམས་ཀྱི་མྱོང་ཆ་བྱུང་བ་ཞིག་ལ་འཇོག་ཀྱང༌། འདི་ནི་རགས་པ་དེ་ལྟ་བུ་མ་ཡིན་གྱི་ཀུན་གཞི་ནི་ཡུལ་དང་ཕྲད་པའི་ཤེས་པར་འགྱུར་བའི་ཆ་དེ་ལ་བརྟེན་ནས་མྱོང་བའི་ཆ་ཕྲ་མོ་ཞིག་འབྱུང་བ་ནི་ཚོར་བ་དང༌། ཡིད་ལ་བྱེད་པ་ནི་ཡུལ་གྱི་རྣམ་པ་ལ་གཏོད་པར་བྱེད་པ་དང༌། སྔར་འདི་ལྟ་བུ་ཞིག་མཐོང་ངོ་སྙམ་འདས་པ་ཡིད་ལ་བྱེད་པ་དང༌། མ་འོངས་པའི་ཡུལ་ཡིད་ལ་བྱེད་པ་ལ་སོགས་པ་དུས་གསུམ་ཆར་དུ་འཇུག་པ་ཡིན་ལ། ཀུན་གཞིའི་འཁོར་དུ་གྱུར་པའི་ཡིད་བྱེད་ནི། ཀུན་གཞི་རང་ཉིད་ཡུལ་གྱི་སྣང་ལྡན་ཙམ་དུ་ཡིད་ལ་བྱེད་པའོ། །འདུ་ཤེས་ནི་ཤེས་པ་ཉིད་ཡུལ་དང་འཕྲད་པའི་རྗེས་སུ་དེ་ལ་འདི་དང་ཞེས་མཚན་མར་འཛིན་པ་རགས་པ་མེད་ཀྱང་ཡིན་སྙམ་དུ་འཛིན་པའོ། །སེམས་པ་ནི་
འདི་དང་འདི་ལྟ་བུ་བྱའོ། །སྙམ་སེམས་པ་ཡིན་ཀྱང་རགས་པ་དེ་ལྟ་བུ་མ་ཡིན་གྱི་བྱ་སྙམ་དུ་འཛིན་པའི་སེམས་པའོ། །ལྔ་པོ་དེ་རྣམས་བྱ་རྫོགས་ཀྱི་སྐད་ཅིག་མ་རེ་རེའི་ནང་དུ་གཅིག་ཆར་དུ་འབྱུང་བའམ་རིམ་ཅན་གང་རུང་དུ་འབྱུང་བའི་ཚུལ་གྱིས་ཚང་བ་རེ་ངེས་པར་འབྱུང་ལ། དེ་ལ་ཚོར་བ་ནི་[ཀུན་གཞི་ལུང་མ་བསྟན་ལ་བདེ་སྡུག་མེད་པས་]ཚོར་བ་བཏང་སྙོམས་[ཁོ་ན་]ཡིན་ཞེས་སྤྱིར་བཤད་ནས་ཀུན་གཞི་རྣམ་ཤེས་ནི་དགེ་བ་དང་མི་དགེ་བ་གཉིས་མ་ཡིན་གྱི་ལུང་མ་བསྟན་ཁོ་ན་ཡིན་ལ། དེ་ལ་ཡང་སྒྲིབ་ལུང་མ་བསྟན་དང༌། མ་སྒྲིབ་ལུང་མ་བསྟན་གཉིས་ཡོད་པ་ལས། འདི་ནི་མ་སྒྲིབ་ལུང་མ་བསྟན་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་ཡང་སྒྲིབ་ལུང་མ་བསྟན་གྱིས་ནི་ཐར་པ་ཐམས་ཅད་མཁྱེན་པ་གཉིས་ཆར་ཐོབ་པ་ལ་སྒྲིབ་པར་བྱེད་པ་ཡིན་ལ། མ་སྒྲིབ་ལུང་མ་བསྟན་གྱིས་ནི་ཐར་བ་ཐོབ་པ་ལ་མི་སྒྲིབ་ཀྱང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་པར་བྱེད་པ་ཡིན་པའམ། ཡང་ན་[རང་གི་ངོས་ནས]་མི་དགེ་བས་[སེམས་རྒྱུད་]རྙོག་པར་བྱེད་པ་ནི་སྒྲིབ་ལུང་མ་བསྟན་དང༌། དེ་ཉིད་ཀྱིས་རྙོག་པར་མ་བྱས་པ་ནི་མ་སྒྲིབ་ལུང་མ་བསྟན་དུ་འཇོག་གོ །རེག་པ་ལ་སོགས་པའི་འཁོར་ཀུན་འགྲོ་རྣམས་ཀྱང་དེ་བཞིན་དུ་མ་སྒྲིབ་ལུང་མ་བསྟན་ཡིན་ནོ། །ཀུན་གཞི་རྣམ་ཤེས་[བག་ཆགས་གྲངས་མེད་པ་]དེ་ནི་དུས་འཁོར་བ་ཇི་སྲིད་དུས་རྒྱུན་མི་འཆད་པར་འབབ་པ་ཆུ་བོ་བཞིན་ནོ། །ཀུན་གཞི་བཟློག་པའི་མཚམས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ན་ཟློག་པར་བཤད་པ་ཡིན་ཞིང༌། དེ་ཡང་ཐེག་ཆེན་དགྲ་བཅོམ་པ་
སངས་རྒྱས་ཐོབ་པའི་ཚེ་ཀུན་གཞིའི་ངོ་བོ་སྤངས་ཤིང་དེའི་རིགས་རྒྱུན་ཙམ་ཞིག་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པ་ཡིན་ནོ། །དམན་པའི་དགྲ་བཅོམ་གཉིས་དང༌། ཐེག་ཆེན་གྱི་འཕགས་ལམ་ཐོབ་པའི་ཚེ་ཀུན་གཞི་ཡོངས་སུ་རྫོགས་པ་ཟློག་པ་མ་ཡིན་ཡང༌། ཀུན་གཞི་འདིའི་མཚན་ཉིད་མཐའ་དག་མ་ཚང་བར་བྱས་པ་ཡིན་ཏེ། སྤྱིར་ཀུན་གཞི་ཉིད་བག་ཆགས་ཀུན་དང་ལྡན་པ་ཡིན་ལ། དེའི་ཚེ་ཁམས་གསུམ་འཁོར་བའི་ས་བོན་དང་བག་ཆགས་ཐམས་ཅད་སྤངས་པས་ན་མཚན་ཉིད་དང་མི་ལྡན་པར་སོང་བས་སོ། །གཉིས་པ་ཉོན་ཡིད་ནི་ཀུན་གཞི་དེ་[རྣམ་སྨིན་གྱི་ཆ་ཁོ་ན་]ལ་གནས་པ་ནི། བདག་རྐྱེན་ཀུན་གཞི་དེ་ཡིན་ལ། རྒྱུ་ཀུན་གཞི་དེ་ལས་[སྐྱེས་པའམ་]རབ་ཏུ་བྱུང་བའི་ཤེས་པ་ཡིན་པས་ན། རྒྱུའི་རྐྱེན་ཡང་ཀུན་གཞི་ཉིད་ཡིན་ཞིང་ཀུན་གཞི་དེ་ལ་དམིགས་ནས་[རྟག་ཏུ་ངའོ་སྙམ་པའི་]ངར་སྣང་བའི་[ཡིད་བརྟན་པའི་]ཤེས་པ་ཞིག་ལ་ཉོན་ཡིད་ཅེས་བྱ་བས། དམིགས་རྐྱེན་ཡང་ཀུན་གཞི་ཁོ་ནའོ། །དེ་ཡང་ཞིབ་མོར་ན་ཀུན་གཞི་ལས་སྐྱེས་པའི་ཤེས་པ་ཞིག་གིས་ཀུན་གཞི་ཉིད་ལ་དམིགས་པ་ན། མཚན་མོའི་དུས་སུ་ཐོ་ཡོར་ལ་མིར་སྣང་བ་ལྟར་དོན་ཡང་ང་བདག་མེད་ཀྱང༌། ང་བདག་ཏུ་སྣང་བའི་ཤེས་པ་ཞིག་ཉོན་ཡིད་དུ་འཇོག་པ་ཡིན་ཞིང༌། དེ་ནི་རྟོག་མེད་འཁྲུལ་བཅས་ཀྱི་ཤེས་པ་ཡིན་པས། ང་བདག་ཏུ་འཛིན་པ་ནི་མེད་ལ། དེའི་མཐུ་ལས་བདག་ཏུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ཉོན་ཡིད་
དེ་ནི་དགེ་བ་དང་མི་དགེ་བ་གཉིས་མ་ཡིན་གྱི་ལུང་དུ་མ་བསྟན་པ་དང༌། དེའི་ནང་ནས་ཀྱང་[རབ་ཏུ་མ་ཞི་བའི་]སྒྲིབ་ལུང་དུ་མ་བསྟན་པ་ཡིན་ནོ། །གྲོགས་ཀྱི་ཁྱད་པར་ནི་ཐུན་མོང་མ་ཡིན་པ་བཞི་དང༌། ཐུན་མོང་བ་ལྔ་སྟེ་དགུ་དང་ལྷན་ཅིག་སྤྱོད་པ་ཡིན་པ་ལས། དང་པོ་བཞི་ནི། བདག་ཏུ་ལྟ་བ་དང༌། བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་བ་དང༌། བདག་ཏུ་འདུ་ཤེས་པ་སྟེ། ཉོན་མོངས་བཞི་པོ་དེ་དང་རྟག་ཏུ་འགྲོགས་པ་ཡིན་ལ། དེ་དག་གི་གོ་རིམ་ཀྱང་ཐོག་མར་བདག་ཏུ་རྨོངས་པ་འབྱུང་བ་ཡིན་ཏེ། ང་བདག་མེད་པ་ལ་མེད་པར་མ་རིག་པའི་གཏི་མུག་གི་རྒྱུ་བྱས་ནས། བདག་ཏུ་ལྟ་བ་ལ་སོགས་པ་སྐྱེ་བ་ཡིན་པས་དེ་ཉིད་ཐོག་མར་འབྱུང་བ་ཡིན་ལ། འདི་ནི་ཉོན་མོངས་པ་གཏི་མུག་གི་རྣམ་པར་རྟོག་པའོ། །བདག་ཏུ་ལྟ་བ་ནི་ང་བདག་ཏུ་རློམ་ཞིང་འཛིན་པ་ཡིན་པས་ལྟ་བ་ངན་པའི་ཉོན་མོངས་ཡིན་ལ། བདག་ཏུ་ང་རྒྱལ་བ་ནི་བདག་ཏུ་སྣང་བའི་དུས་ཏེ། བདག་ཉིད་དཔངས་མཐོ་བའམ་གཟིང་མཐོ་ཙམ་གྱི་རྣམ་པ་ཅན་ཡིན་གྱི་བདག་རིགས་དང་ཐོས་པ་ལ་སོགས་པའི་སྒོ་ནས་བཟང་ངོ་སྙམ་པའི་ང་རྒྱལ་རགས་པ་དེ་དག་མེད་ཀྱང་དཔངས་མཐོ་བ་ཙམ་འཛིན་སྟངས་སུ་བྱེད་པའི་ཕྱིར་ཉོན་མོངས་པ་ང་རྒྱལ་ལོ། །བདག་ཏུ་འདུ་ཤེས་པ་ནི་སྡེབ་སྦྱོར་གྱི་དབང་གིས་འདུ་ཤེས་ཞེས་སྨྲས་ཀྱང༌། དོན་བདག་ལ་ཆགས་པ་ཡིན་ལ། དེ་ཡང་སྲེད་ཞེན་དྲག་པོ་དེ་མ་ཡིན་ཀྱང༌། བདག་སྤོང་བར་མི་འདོད་པ་དང༌། བདག་ཡིད་དུ་འོང་བར་སེམས་པ་ནི། ཆགས་པའི་རྣམ་པར་རྟོག་པའོ། །རེག་པ་ལ་སོགས་
པ་ཀུན་འགྲོ་ལྔ་པོ་རྣམས་ཀྱང༌། ཉོན་ཡིད་ཀྱི་འཁོར་དུ་སྤྱོད་པ་ཡིན་པས་ན་འཁོར་དགུ་དང་ལྡན་པ་ཡིན་ཞིང་བྱ་བ་རྫོགས་པའི་དུས་རེ་རེ་ལ་དགུ་བོ་གཅིག་ཆར་འབྱུང་བའམ། རིམ་ཅན་དུ་འབྱུང་བའི་ཚུལ་གྱིས་ཚང་བར་བྱུང་བ་ནི་གོང་དུ་ཀུན་གཞིའི་སྐབས་དང་འདྲའོ། །ཉོན་ཡིད་སྒྲིབ་ལུང་མ་བསྟན་པ་བཞིན་དུ་འཁོར་དགུ་བོ་རྣམས་ཀྱང་དེ་ཁོ་ན་ཡིན་ལ། སའི་ཁྱད་པར་ཡང་[སློབ་དཔོན་དབྱིག་གཉེན་གྱིས་]གང་དུ་སྐྱེས་པ་དེ་ཡི་འོ་ཞེས་གསུངས་པ་ལྟར་ཁམས་གསུམ་ས་དགུ་པོ་གང་དུ་སྐྱེས་པ་དེའི་ས་དེ་དང་དེས་བསྡུས་པ་ཡིན་ཏེ། དཔེར་ན་ཀུན་གཞིའི་རྣམ་ཤེས་ནི་ས་དགུ་པོ་ཕྱོགས་ལྷུང་དང་བྲལ་བ་ཡིན་པས། འདོད་པའི་ཁམས་ཀྱི་རྟེན་ཅན་གྱི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཀུན་གཞི་དེ་འདོད་ཁམས་ཀྱི་སས་བསྡུས་པ་མ་ཡིན་པར་འཇོག་པ་ཡིན་ཀྱང༌། འདིར་ནི་[སུམ་ཅུ་པར་གང་དུ་སྐྱེས་པ་དེ་ཡིའོ། །ཞེས་པ་ལྟར་]འདོད་ཁམས་སུ་སྐྱེས་པའི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་ཡིད་དང་དེའི་འཁོར་དགུ་པོ་རྣམས་འདོད་ཁམས་ཀྱི་སས་བསྡུས་པ་ལ་སོགས་པ་གཞན་ལ་ཡང་རིགས་འདྲེས་སོ། །ས་མཚམས་ནི། ཉན་རང་དགྲ་བཅོམ་པ་དང༌། འཕགས་ལམ་གྱི་ཡེ་ཤེས་ཐོབ་པ་དེའི་ཚེ། ཉོན་ཡིད་ཅེས་རགས་བཤད་དུ་འཇོག་ལ། ཞིབ་མོར་ནི་སྤྱིར་ས་བོན་སྤང་ལ། མངོན་འགྱུར་མ་སྤངས་པའི་མུ་དང༌། མངོན་འགྱུར་བ་སྤངས་པ་ལ་ས་བོན་མ་སྤངས་པའི་མུ་དང༌། གཉིས་ཀ་སྤངས་པའི་མུ་དང༌། གཉིས་ཀ་མ་སྤངས་པའི་མུ་དང༌། བཞི་ཡོད་པ་ལས་
དང་པོ་ནི། བསྐལ་པ་གྲངས་མེད་པ་མང་པོ་ལམ་བྱང་བར་བྱས་པ་མ་ཡིན་པར་ཚེ་གསུམ་ལ་སོགས་པ་དུས་ཡུན་ཐུང་ངུར་ལམ་གོམས་པར་བྱས་ཏེ། དགྲ་བཅོམ་གྱི་འབྲས་བུ་བདག་འཛིན་གྱིས་ས་བོན་སྤངས་ཀྱང༌། མངོན་གྱུར་པ་མ་སྤངས་པར་སྤངས་ལྡན་གྱི་ཚུལ་གྱིས་གནས་པ་ཡོད་དེ། སྔོན་སྟོན་པ་སངས་རྒྱས་ལ་གླང་ཆེན་རྦད་པའི་དུས་སུ་དགྲ་བཅོམ་པ་མང་པོ་ཞིག་སྐྲག་སྟེ་བྲོས་པ་ལ་སོགས་པ་འབྱུང་བ་ཡང་དེ་དག་དགྲ་བཅོམ་པ་ཡིན་པས་བདག་འཛིན་གྱི་ས་བོན་སྤངས་ཀྱང༌། སྔོན་གྱི་གོམས་པའི་མཐུས་བདག་ཏུ་སྣང་བ་ཙམ་ཞིག་ཡོད་པས་ཡིན་ནོ། །གཉིས་པ་ནི། འཇིག་རྟེན་པའི་ལམ་གྱིས་རེ་ཞིག་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལ་སོགས་པ་མངོན་གྱུར་པ་སྤངས་ཀྱང་ས་བོན་སྤོང་མི་ནུས་པ་ལྟ་བུའོ། །གསུམ་པ་བཞི་པ་གཉིས་རྟོགས་པར་སླ་ལ། ཐེག་ཆེན་གྱི་ས་བརྒྱད་པ་ཐོབ་པ་དེ་སྲིད་དུ་ཉོན་ཡིད་ཀྱི་རིགས་རྒྱུན་ཙམ་ཡོད་ཀྱང་དེ་ཐོབ་པ་ན་དེ་རྩ་བ་ནས་སྤངས་པ་ཡིན་ཞིང༌། དམན་པའི་དགྲ་བཅོམ་གཉིས་ཐོབ་པ་ན་ཡང་ཉོན་ཡིད་མཚན་ཉིད་པ་དེ་མེད་པ་ཡིན་ནོ། །དེ་བཞིན་དུ་འགོག་པའི་སྙོམས་འཇུག་ན་གནས་པ་ན་ཡང་ཉོན་ཡིད་མེད་དེ། འགོག་སྙོམས་ནི་དམན་པའི་དགྲ་བཅོམ་པ་གཉིས་དང༌། ཐེག་ཆེན་འཕགས་ལམ་ཐོབ་པ་ན་སྙོམས་འཇུག་དེ་ཐོབ་པ་ཡིན་ལ། དེ་རྣམས་མ་ཡིན་ཀྱང་ཕྱིར་མི་འོང་གི་ནང་ཚན་འགོག་པ་ལུས་ཀྱྀ་མངོན་དུ་བྱས་པ་ཞེས་བྱ་བ་ཞིག་གི་ས་ཡང་ཐོབ་པ་ཡིན་ནོ། །
དེ་ཡང་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་ཟིན་པ་ཞིག་གིས་སྲིད་རྩེའི་ཉོན་མོངས་མ་སྤངས་ཀྱང་སྲིད་རྩེའི་སེམས་མངོན་དུ་བྱས་ཏེ། ཞི་བ་ཡིད་ལ་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་གཟུགས་སྒྲ་ལ་སོགས་པའི་སྣང་བ་འགོག་པར་བྱེད་པའི་ཏིང་ངེ་འཛིན་གོམས་པར་བྱེད་པ་ན། འགོག་སྙོམས་ཐོབ་པར་གྱུར་པ་ཡིན། བྱང་སེམས་འཕགས་པ་རྣམས་ནི་རྣམ་འཕྲུལ་མཐའ་ཡས་པའི་ཕྱིར། མཐའ་གཅིག་ཏུ་མཚན་ཉིད་བཞག་དཀའ་ཡང༌། རེ་ཞིག་འགོག་པའི་སྙོམས་འཇུག་ལ་ནམ་གནས་པ་དེའི་ཚེ། ཉོན་ཡིད་མེད་ཅེས་རྣམ་བཞག་བྱེད་པ་ཡིན་ཞིང༌། ཕྱིར་མི་འོང་གི་ནང་ཚན་དང༌། དམན་པའི་དགྲ་བཅོམ་པ་གཉིས་པོ་དེ་འགོག་སྙོམས་ལ་གནས་པ་དེའི་ཚེ་མཐའ་གཅིག་ཏུ་ཉོན་མོངས་པ་ཅན་གྱི་ཡིད་མེད་དེ། ཐེག་པ་ཆེ་ཆུང་གི་འཇིག་རྟེན་ལས་འདས་པའི་ལམ་ན་ཡང་ཉོན་ཡིད་མཚན་ཉིད་པ་མེད་པ་ནི་སྔར་བཤད་ཟིན་པ་ལྟར་རོ། །གསུམ་པ་འཇུག་ཤེས་དྲུག་བཤད་པ་ནི། ངོ་བོའི་ཁྱད་པར་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་དྲུག་པོ་རྣམས་ལ་དམིགས་པའི་ཤེས་པ་གང་ཡིན་པ་དེ་ཉིད་དོ། །རྣམ་པའི་ཁྱད་པར་ནི་མི་དགེ་བ་དང་དགེ་བ་དང༌། དེ་གཉིས་ཀ་མ་ཡིན་པ་བཏང་སྙོམས་ཏེ། གསུམ་ཆར་གྱི་རྣམ་པར་སྐྱེ་བ་ཡོད་ལ། གྲོགས་ཀྱི་ཁྱད་པར་ནི་ཀུན་འགྲོ་ལྔ་དང༌། བྱེ་བྲག་ངེས་པ་སྟེ་ཡུལ་ངེས་ལྔ་དང་དད་སོགས་དགེ་བ་བཅུ་གཅིག་དང༌། རྩ་ཉོན་དྲུག་དང༌། ཉེ་
བའི་ཉོན་མོངས་པ་ཉི་ཤུ་དང༌། གཞན་འགྱུར་བཞི་སོགས་སེམས་བྱུང་དེ་རྣམས་དུས་གཅིག་ལ་མཐའ་དག་འཁོར་དུ་འབྱུང་བ་མ་ཡིན་ཀྱང༌། འཇུག་ཤེས་དྲུག་གི་འཁོར་དུ་སེམས་བྱུང་ཐམས་ཅད་སོ་སོར་འབྱུང་དུ་རུང་བ་ཙམ་ནི་ཡིན་ལ། དེ་ཡང་དཔེར་ན་མིག་ཤེས་དགེ་བར་སྐྱེས་པའི་ཚེ་ཀུན་འགྲོ་ལྔ་སོགས་འཁོར་ཐུན་མོང་བ་རྣམས་འབྱུང་ལ་གཞན་དད་སོགས་དགེ་བ་བཅུ་གཅིག་པོ་སོགས་དགེ་བའི་སེམས་བྱུང་རྣམས་འབྱུང་གི་རྩ་ཉོན་དྲུག་སོགས་མི་དགེ་བ་རྣམས་མི་འབྱུང་བ་དང༌། མིག་ཤེས་མི་དགེ་བར་སྐྱེས་པའི་ཚེ་དེའི་འཁོར་དུ་དགེ་བའི་སེམས་བྱུང་རྣམས་མི་འབྱུང་ངོ༌། །འཇུག་ཤེས་དྲུག་པོ་དེ་རྣམས་ནི་ཚོར་བ་བདེ་བ་དང༌། སྡུག་བསྔལ་དང་བཏང་སྙོམས་ གསུམ་ཆར་དུ་མཚུངས་པར་ལྡན་པ་ཡིན་ནོ། །རྣམ་ཤེས་ཚོགས་བརྒྱད ་པོ་རྣམས་དུས་གཅིག་ཆར་སྐྱེ་བ་ཡིན་ནམ། འོན་ཏེ་རིམ་ཅན་དུ་སྐྱེ་བ་ཡིན་ནམ་སྙམ་ན། དེ་གཉིས་ཆར་ཡོད་དེ་ལྔ་རྣམས་ཞེས་དབང་ཤེས་ལྔ་ལས་དངོས་སུ་མ་སྨོས་ཀྱང༌། དེ་ལ་ཡིད་ཀྱི་རྣམ་ཤེས་དང་ཉོན་ཡིད་གཉིས་ཀྱང་ཡིན་པས་ན། རྩ་བའི་རྣམ་ཤེས་ཀུན་གཞི་ལས་ཇི་ལྟ་བའི་རྐྱེན་ཉེ་བར་དམིགས་པ་སྟེ། ཉོན་ཡིད་ཀྱི་རྐྱེན་ཉེ་བར་དམིགས་པ་ན། ཉོན་མོངས་པ་ཅན་གྱི་ཡིད་ཡང་སྐྱེ་བས་ན། དུས་གཅིག་ཏུ་ཀུན་གཞི་དང་ཉོན་ཡིད་ལྷན་ཅིག་ཏུ་སྐྱེ་བ་ཡོད་ལ། དེ་བཞིན་དུ་དེ་གཉིས་ཀྱི་སྟེང་དུ་ཡིད་ཀྱི་རྣམ་ཤེས་ཀྱི་རྐྱེན་ཉེ་བར་དམིགས་པ་ན་དེ་ཡང་སྐྱེ་བས་ གསུམ་ལྷན་ཅིག་ཏུ་འཇུག་པ་སོགས་བརྒྱད ་ཀར་
ལྷན་ཅིག་ཏུ་སྐྱེ་བའི་བར་ཡང་ཡོད་ལ་དེ་དང་དེའི་རྐྱེན་ཉེ་བར་མ་དམིགས་པ་ན་རེ་རེ་ཙམ་ལས་མི་སྐྱེ་བ་ཡང་ཡོད་དེ་དཔེར་ན་རྒྱ་མཚོ་ལྟ་བུ་ཞིག་ལ་རླུང་ལ་སོགས་པའི་རྐྱེན་ཆུང་ངུ་ཞིག་བྱུང་ནས་ཆུ་རླབས་ཀྱི་རིམ་པ་གཅིག་ཙམ་འབྱུང་བ་དང༌། རྐྱེན་ཆེན་པོ་ཉེ་བར་དམིགས་པ་ན་ཆུ་རླབས་ཀྱི་རིམ་པ་བརྒྱད་ལ་སོགས་པ་མཐའ་མེད་ཀྱི་བར་ལྷན་ཅིག་ཏུ་བྱུང་བ་བཞིན་ནོ། །དབང་ཤེས་ལྔ་པོ་རྣམས་ནི་ཉིན་ཞག་ཕྲུག་རེ་རེའི་ནང་དུ་ཡང༌། ཡུད་ཙམ་རེ་ཡང་ཡང་རྒྱུན་ཆད་དེ་མེད་པར་འགྱུར་ཞིང༌། རྩ་བ་ནས་ལོག་པ་ནི་དགྲ་བཅོམ་ཐོབ་པ་ན་ཡང་མེད་པ་སོགས་མཐའ་གཅིག་ཏུ་མ་ངེས་པས་ས་མཚམས་ངེས་གསལ་མ་གསུངས་ལ། ཡིད་ཀྱི་རྣམ་ཤེས་ཀྱི་ས་མཚམས་ནི་དུས་རྟག་ཏུ་བྱུང་ངོ་ཞེས་སྤྱིར་བཤད་ནས། བྱེ་བྲག་ཏུ་འདུ་ཤེས་མེད་པའི་སེམས་ཅན་གྱི་གནས་སྐབས་ན་ཡང་དེ་མེད་ལ། [མི་ཁོམས་པའི་གནས་སུའང་བཤད།]འདུ་ཤེས་མེད་པ་ནི་སེམས་ཅན་འབྲས་བུ་ཆེ་བའི་ནང་ཚན་ལས་ཕྱེ་བ་གྲོང་ལས་དགོན་པའི་ཚུལ་ཞིག་ན་གནས་པ་ཡིན་ལ། དེ་ནི་དང་པོ་སྐྱེས་ཙམ་ན་ཡིད་ཀྱི་ཤེས་པ་ཡོད་ཀྱང༌། དེ་ནས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ན་ཡིད་ཀྱི་ཤེས་པ་ཡོངས་སུ་འགག་པར་འགྱུར་བ་ཡིན་ནོ། །དེ་ལ་ཡང་དུས་མ་ཡིན་པའི་འཆི་བ་ནི་ཡོད་མོད་ཀྱི་ཚེ་ཚད་ནི་བསྐལ་པ་ཆེན་པོ་ལྔ་བརྒྱར་གནས་པ་ཡིན་ལ། དེ་སྲིད་དུ་ཡིད་ཤེས་འགག་ཅིང༌། དེ་ནས་ཚེ་ཚད་ཡོངས་སུ་རྫོགས་པ་ན་སྙོམས་འཇུག་དེ་ལས་ལངས་ཏེ་ཡིད་ཤེས་སྐྱེ་བར་འགྱུར་པ་
ཡིན་ཞིང༌། དེ་ནས་འཕོས་པ་རྣམས་ཕལ་ཆེར་འདོད་ཁམས་སུ་སྐྱེས་པས། དེ་ནས་བར་སྲིད་ཀྱི་སྣང་བ་ལ་སོགས་པ་འཆར་བར་འགྱུར་རོ། །སྙོམས་འཇུག་རྣམ་གཉིས་ནི་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་གཉིས་ཡིན་ལ། དེ་ཉིད་ཀྱི་གནས་སྐབས་ན་ཡང་ཡིད་ཤེས་མེད་དོ། །དེ་ལ་འདུ་ཤེས་མེད་པའི་སེམས་ཅན་དང༌། དེའི་སྙོམས་འཇུག་གི་ཁྱད་པར་ཅི་ཞེ་ན། འདུ་ཤེས་མེད་པའི་སེམས་ཅན་ནི་འབྲས་བུ་སྐྱེ་བའི་སྙོམས་འཇུག་ཡིན་ལ། འདུ་ཤེས་མེད་པའི་སྙོམས་འཇུག་ནི་རྒྱུའི་སྙོམས་འཇུག་སྟེ། མིའི་རྟེན་ལ་འདུ་ཤེས་མེད་པའི་སྙོམས་འཇུག་ཐོབ་པ་ལྟ་བུའོ། །སེམས་མེད་གཉིད་དང་ཞེས་པ་ནི། སེམས་མེད་དང་གཉིད་ཅེས་སོ་སོར་འདྲེན་པ་མ་ཡིན་གྱི་སེམས་མེད་པ་གཉིད་འཐུག་པོའི་གནས་སྐབས་ན་ཡང་དེ་མེད་ཅེས་པའོ། །ནད་དང་གདོན་ལ་སོགས་པའི་རྐྱེན་གྱིས་བརྒྱལ་བར་གྱུར་པ་ན་ཡང་ཡིད་ཀྱི་ཤེས་པ་མེད་དོ། །ལྔ་པོ་དེ་རྣམས་མ་གཏོགས་པའི་[ཡིད་ཤེས་]དུས་རྟག་ཏུ་ཡོད་པར་གཞུང་གི་དངོས་བསྟན་ལ་གསུངས་པ་ཡིན་ཀྱང༌། ལྔ་པོ་དེ་མཚོན་བྱེད་ཙམ་དུ་བསྟན་པ་ཡིན་གྱི་གནས་སྐབས་གཞན་དང་གཞན་དུ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་འགག་པ་ཉིད་ཡོད་དོ། །བཞི་པ་རྒྱུ་འབྲས་ཀྱི་རིམ་པ་བསྟན་པ་ལ། ཚེ་འདིར་རྒྱུ་འབྲས་ཀྱི་རིམ་པ་ཇི་ལྟར་འབྱུང་བའི་ཚུལ་དང༌། ཚེ་འཕོས་ནས་ཇི་ལྟར་འབྱུང་བའི་ཚུལ་བཤད་པ་གཉིས་ལས། དང་པོ་ནི། དངོས་སུ་རྣམ་ཤེས་ཚོགས་དྲུག་ལས་མ་
གསུངས་ཀྱང༌། ཤུགས་ལ་ཉོན་ཡིད་ཡང་འཕངས་པས་འཇུག་ཤེས་བདུན་དང༌། ས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་པར་ཤེས་པ་གཉིས། ཕན་ཚུན་རྒྱུ་འབྲས་སུ་འགྲོ་བར་འགྱུར་བ་དེས་ན་དེ་དང་དེའི་རྣམ་རྟོག་སྐྱེའོ། །དེ་ཡང་དཔེར་ན་སྐད་ཅིག་དང་པོ་ལ་གཟུགས་མཐོང་སྟེ་མིག་གི་རྣམ་པར་ཤེས་པ་སྐྱེས་པ་ན། རང་དུས་དེར་ཀུན་གཞི་ལ་གཟུགས་ཀྱི་བག་ཆགས་གསར་དུ་འཇོག་པར་འགྱུར་ཞིང༌། དེས་དངོས་སུ་རྣམ་སྨིན་ད་ལྟ་འབྱིན་པར་མི་ནུས་ཀྱང༌། གཟུགས་མཐོང་བའི་ཤེས་པ་དེས་བག་ཆགས་རྙིང་བ་ས་བོན་གྱི་ཚུལ་གྱི་ཡོད་པ་གསོས་བཏབ་པ་རྒྱུ་བྱས་ཏེ། དེའི་སྐད་ཅིག་གཉིས་པ་ལ་འབྲས་བུ་གཟུགས་མཐོང་བའི་མིག་གི་རྣམ་པར་ཤེས་པ་སྐྱེ། སྐད་ཅིག་དེ་ཀར་དེས་རྒྱུ་བྱས་ཏེ་ཀུན་གཞི་ལ་འབྲས་བུ་གཟུགས་ཀྱི་ས་བོན་གསར་དུ་འདེབས་ཤིང༌། གཟུགས་ཀྱི་བག་ཆགས་རྙིང་པ་གསོས་བཏབ་པ་རྒྱུ་བྱས་ཏེ་སྐད་ཅིག་གཉིས་པར་འབྲས་བུ་གཟུགས་མཐོང་བའི་མིག་ཤེས་སྐྱེ་བ་སོགས་ཕན་ཚུན་རྒྱུ་འབྲས་སུ་འགྲོ་ཚུལ་དེ་ལྟར་ཡིན་ནོ། །གཉིས་པ་ནི་ལས་ཀྱི་བག་ཆགས་ནི་སེམས་ཅན་རང་རང་སོ་སོའི་བདེ་སྡུག་ལ་སོགས་པ་འབྱུང་བའི་རྒྱུ་དང༌། འཛིན་གཉིས་ཞེས་པ་ནི་བཟུང་བར་འཛིན་པ་དང༌། འཛིན་པར་འཛིན་པ་གཉིས་ཡིན་ལ། དེ་ཡང་དབང་ཤེས་འཁོར་དང་བཅས་པས་བཞག་པ་ནི་བཟུང་བར་འཛིན་པ་དང༌། ཡིད་ཤེས་འཁོར་དང་བཅས་པས་བཞག་པ་ནི་འཛིན་པར་འཛིན་པའི་བག་ཆགས་སོ། །དེས་
གཉིས་ནི་རིམ་པ་བཞིན་དུ་སེམས་ཅན་རྣམས་ཀྱི་གནས་སུ་ལུས་ལོངས་སྤྱོད་ཀྱི་སྣང་བ་འཆར་བར་འགྱུར་བའི་རྒྱུ་དང་སེམས་དང་སེམས་ལས་བྱུང་བའི་སྣང་བ་འཆར་བའི་རྒྱུ་བྱེད་དོ། །དེ་ཡང་དཔེར་ན་མི་ལྟ་བུ་ཞིག་གིས་ཚེ་གང་གི་སྣང་བ་འདི་དག་འབྲས་བུ་ཡིན་ལ། འདིའི་རྒྱུ་ནི་ཚེ་རབས་སྔ་མ་ཞིག་ཏུ་ལས་ཀྱིས་བག་ཆགས་བཞག་པའི་མཐུ་ལས་འབྱུང་བ་ཡིན་ཞིང༌། དེ་ཡང་ལས་ཀྱིས་ཇི་ལྟར་འཕངས་པ་ད་ལྷའི་སྣང་བ་འདི་འགགས་ཤིང་ཟད་པར་གྱུར་པ་ན། ཚེ་འདིར་བཞག་པའི་བག་ཆགས་ཀྱི་ས་བོན་ནམ་ཚེ་རབས་སྔ་མ་གཞན་དག་ཏུ་ལས་ཀྱི་བག་ཆགས་བཞག་པའི་ས་བོན་ཡོངས་སུ་སྨིན་པར་གྱུར་ཏེ། ལྷ་ལྟ་བུར་སྐྱེ་བ་བླངས་ཏེ་གནས་[དབང་རྟེན་དང༌།] དོན་[དབང་པོ་དང༌།]ལུས་[ཡུལ་ལྔའི་སྣོད་བཅུད་དུ་སྣང་བ་]སོགས་ཀྱི་སྣང་བ་འཆར་བ་སོགས་རྒྱུན་མི་འཆད་པར་འབྱུང་བ་ཡིན་ནོ། །གསུམ་པ་ཀུན་གཞི་དང་ཉོན་ཡིད་[ཡོད་དགོས་པར་]ལུང་རིགས་ཀྱིས་བསྒྲུབ་པ་ལ། ཀུན་གཞི་ལུང་རིགས་ཀྱིས་སྒྲུབ་པ་དང༌། ཉོན་ཡིད་དེས་སྒྲུབ་པ་གཉིས་ལས། དང་པོ་ལ་ལུང་གིས་སྒྲུབ་པ་དང༌། རིགས་པས་སྒྲུབ་པ་གཉིས་ལས་དང་པོ་ནི། ཆོས་མངོན་པའི་མདོའི་ཤོ་ལོ་ཀ་གཉིས་ཏེ། དེ་ཡང་ཐེག་པ་ཆེན་པོའི་སྡེ་སྣོད་ གསུམ་ཤོ་ལོ་ཀ་སྟོང་ཕྲག་བརྒྱད ་བརྒྱ་ཡོད་པ་ལས། དམ་པའི་ཆོས་ལ་དགྲ་ལན་གསུམ་བྱུང་བ་དེའི་དུས་སུ། གླེགས་བམ་དེ་དག་མང་དུ་ཟག་པ་ལས་ཁྱད་པར་སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས་གཙུག་ལག་ཁང་མེ་ལ་བསྲེགས་པའི་ཚེ་ཐེག་པ་ཆེན་པོའི་ཆོས་མངོན་པ་ཕལ་ཆེར་ཚིག་ཅིང་
ལྷག་མ་ཤོ་ལོ་ཀ་སྟོང་ཕྲག་བཞི་ཙམ་ལུས་པ་ཞིག་ཡོད་པ་ཕྱིས་ཐོགས་མེད་སྐུ་མཆེད་ཀྱིས་དུས་སུ་ཡོད་པས། འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་སུ་ལུང་འདྲེན་པར་མཛད་པ་ཡིན་ལ། ལུང་དོན་ནི་ཀུན་གཞི་རྣམ་ཤེས་ཉིད་དུས་འདི་ཙམ་ནས་བྱུང་ཞེས་པ་དུས་ཀྱི་ཐོག་མ་ངོས་བཟུང་རྒྱུ་མེད་པར་ཐོག་མ་མེད་པའི་དུས་ནས་བྱུང་བ་ཡིན་ལ། དེ་ཉིད་དབྱིངས་ཡང་ཡིན་ཏེ། དབྱིངས་ཀྱི་དོན་གཉིས་ཡོད་པ་ལས། གཅིག་ནི་ཀུན་ལ་ཁྱབ་ཅིང་མི་གསལ་བ་ཞིག་ཡིན་ནོ། །ཀུན་གཞི་རང་གི་ངོ་བོ་ཡངས་ཤིང་རྒྱ་ཆེ་བ་ཡིན་ལ། བག་ཆགས་ཀྱི་ཚུལ་གནས་པ་ན་མི་གསལ་བ་ཡང་ཡིན་ནོ། ཡང་ན་དབྱིངས་ནི་རྒྱུའི་དོན་ཡིན་པས། ཀུན་གཞི་ལ་འཁོར་འདས་ཐམས་ཅད་འབྱུང་བར་འགྱུར་བའི་ནུས་པ་ས་བོན་གྱི་ཚུལ་དུ་ཡོད་པ་ཡིན་ཞིང༌། དེ་ལས་དེ་འབྱུང་བས་ན་རྒྱུའི་དོན་ནོ། །ཆོས་རྣམས་ཀུན་གྱི་གནས་སམ། ཤེས་བྱ་ཀུན་གྱི་གནས་ཡང་ཡིན་ཏེ། འདི་ལ་འགའ་ཞིག་ཏུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་[ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བའི་]ཟག་པ་དང་བཅས་པ་རྣམས་ཀྱི་གནས་ཞེས་[དེ་དྲུག་དང་མ་འབྲེལ་བ་] ཟག་པ་མེད་པའི་ཆོས་ཀྱི་གནས་མ་ཡིན་པར་བཤད་མོད་ཀྱང་རང་ལུགས་ལ་ཟག་མེད་ལམ་གྱིས་བདེན་པ་རྣམས་ཀྱི་གནས་ཡིན་པས་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ལ། དེ་ལྟ་མ་ཡིན་ན་མྱ་ངན་འདས་པ་ཐོབ་པར་འགྱུར་ཞེས་གསུངས་པ་འབྲེལ་མེད་དུ་འགྱུར་རོ། །ཀུན་གཞི་འདི་ཡོད་པའི་མཐུ་ལས་
རིགས་དྲུག་གི་འགྲོ་བ་རྣམས་ཀྱི་སྐྱེ་བ་བླངས་དེ་དེ་དང་དེའི་གནས་དོན་ལུས་གསུམ་གྱི་སྣང་བ་འགག་མེད་དུ་འཆར་བར་འགྱུར་བ་ཡིན་ཏེ། ཀུན་གཞི་ལ་དེ་དག་གི་བག་ཆགས་ཡོད་པ་ཡོངས་སུ་སྨིན་པའི་མཐུ་ལས་སོ། །དེར་མ་ཟད་ཀུན་གཞི་འདི་ལ་ཟག་མེད་ཀྱི་དགེ་བའི་བག་ཆགས་ཁྱད་པར་ཅན་ས་བོན་གྱིས་ཡོངས་སུ་བཞག་ཅིང༌། དེ་ཡོངས་སུ་སྨིན་པའི་མཐུ་ལས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའང་ཡིན་ནོ། །ཀུན་གཞི་ནི་འདུས་བྱས་ཀྱི་ཆོས་ཀུན་གྱི་ས་བོན་ཐམས་ཅད་ཡོངས་སུ་འཛིན་པས་ན་ཀུན་གཞི་ས་བོན་གྱི་ཆ་མཉམ་པ་ཡིན་ཞིང༌། རྣམ་པར་ཤེས་པར་ཀུན་གཞི་སྟེ། ཞེས་པའམ། ཡང་འགའ་ཞིག་ལས་རྣམ་པར་སྨིན་པ་ཀུན་གཞི་ཞེས་གསུངས་པའང་ཡོད་དེ། ཇི་ལྟར་ན་ཡང་ས་བོན་ཡོངས་སུ་སྨིན་པར་གྱུར་པའི་རྣམ་ཤེས་གང་ཡིན་པ་དེ་ལ་ནི་ཀུན་གཞི་རྣམ་སྨིན་གྱི་ཆ་ཡིན་ཞེས་འཇོག་པས། ས་བོན་དང་རྣམ་སྨིན་གྱི་ཆ་སོ་སོར་གསུངས་པ་ཡིན་ལ། དེ་ནས་དེ་གཉིས་ཀྱི་དབྱེ་བ་སོ་སོར་མ་མཛད་པར་གཅིག་ཏུ་སྡོམས་པ་ལ་དེ་བས་ཀུན་གཞི་རྣམ་ཤེས་ཏེ་ཞེས་སྤྱིར་ཀུན་གཞི་ཙམ་དུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཀུན་གཞི་དེ་ནི་དམ་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ངས་བཤད་དོ། །ཞེས་བྱང་ཆུབ་སེམས་དཔའི་གདུལ་བྱ་རྣམས་ལ་གཙོ་བོར་གསུངས་པ་ཡིན་ལ། ཉན་ཐོས་རྣམས་ལ་གཙོ་བོར་མི་གསུངས་པའི་རྒྱུ་མཚན་ནི། རང་ཉིད་གྲོལ་བ་ཁོ་ན་དོན་དུ་གཉེར་གྱི་སེམས་ཅན་གྱི་དོན་གཙོ་བོར་མི་སྤྱོད་ལ། དེའི་རྒྱུ་མཚན་གྱིས་ཤེས་བྱ་མཐའ་དག་ཡོངས་སུ་
ཤེས་དགོས་པའང་མ་ཡིན་ཞིང༌། རང་ཉིད་གྲོལ་བ་ཙམ་ཐོབ་པ་ལ་འདི་ངེས་པར་ཤེས་དགོས་པའང་མ་ཡིན་པས་མ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་དགོས་པའི་རྒྱུ་མཚན་ནི། །བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་དགོས་པ་ཡིན་ལ། དེ་ལ་ཤེས་བྱ་ཐམས་ཅད་ཤེས་དགོས་པ་ཡིན་པས། ཤེས་བྱ་ཐམས་ཅད་ལ་བསླབ་པར་བྱེད་དགོས་ཏེ། རྒྱལ་སྲས་རྣམས་ཀྱི་མི་སློབ་པའི། །དངོས་དེ་གང་ན་ཡོད་མ་ཡིན། །ཞེས་གསུངས་པར་ལྟར་རོ། །དེས་ན་དགོངས་འགྲེལ་ལས་གསུངས་པའི་ལུང་དོན་ནི་ཀུན་གཞི་དེ་ཉིད་ལ་མིང་གི་རྣམ་གྲངས་གཞན་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། དེའི་དོན་ཡང༌། དང་པོར་ལུས་ལེན་པར་བྱེད་པ་པོ་དང༌། བར་དུ་ལུས་སེམས་མི་འབྲལ་བར་བྱེད་པ་པོ་དང༌། མཐར་ལུས་འདོར་བར་བྱེད་པ་པོ་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ནི་སོ་སོའི་སྐྱེ་བོ་[རང་བཞིན་པ]འི་ཤེས་རབ་ཀྱིས་རྟོགས་པར་དཀའ་བས་ན་ཟབ་ཅིང་[ཉན་རང་ཐམས་ཅད་ཀྱིས་རྟོགས་དཀའ་བ་]ཕྲ་བ་དང༌། ས་བོན་[རིགས་འདྲ་ཙམ་ཚང་བ་ལ་]ཐམས་ཅད་པ་ཡིན་པ་དང༌། ནམ་དུ་ཡང་ཆད་པ་མེད་པར་ཆུ་བོའི་རྒྱུན་བཞིན་འབབ་པའོ། །ཀུན་གཞི་དེ་ནི་ཐོག་མ་མེད་པའི་དུས་ནས་ཡོད་པ་དང༌། ལུས་འདོར་ལེན་གནས་གསུམ་གྱི་བྱེད་པ་པོར་གྱུར་པ་སོགས་བློ་གྲོས་ཤིན་ཏུ་བླུན་པོའི་བྱིས་པ་འགའ་ཞིག་ལ། གང་ཟག་གི་བདག་ཏུ་འཁྲུལ་བ་སྐྱེ་
སྲིད་པས། དེ་ལྟར་མི་རུང་བར་དགོངས་ནས། ཐེག་པ་ཆེན་པོའི་སྐལ་བ་དང་མི་ལྡན་ཞིང་ཉན་ཐོས་སུ་རིགས་ངེས་པ་རྣམས་ལ་འདི་མ་བསྟན་ཏོ། །དེ་ཡང་ཉན་ཐོས་ཀྱི་གདུལ་བྱ་ལ་སོགས་པ་རྣམས་ལ་ནི་གང་ཟག་གི་བདག་མེད་པའི་ཆོས་ཁོ་ན་སྟོན་དགོས་ཀྱི་འདི་ལྟ་བུ་བསྟན་ན་དེ་ལ་འཁྲུལ་གཞི་བྱས་ཏེ། གང་ཟག་གི་བདག་འཛིན་སྐྱེ་སྲིད་པས་སོ། །ཀུན་གཞི་དང་འཇུག་ཤེས་བདུན་པོ་རྣམས་ཕན་ཚུན་རྒྱུ་འབྲས་སུ་གྱུར་པ་ལ་བརྟེན་ནས་འཛིན་པ་གཉིས་ཀྱིས་བག་ཆགས་བཞག་པས། འཁོར་བར་འཇུག་པར་གྱུར་པ་གོང་དུ་བསྟན་པ་དེ་ཉིད་ཀྱི་རྒྱབ་བརྟེན་ནི་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཞེས་སོགས་ཏེ། འདིའི་སྐབས་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་ནི། ཀུན་གཞི་རྣམ་ཤེས་ལ་དེའི་མིང་གིས་བསྟན་པ་ཡིན་ཏེ། དཔེར་ན་མི་ཞིག་གིས་གོས་ཀྱི་ཐོ་ཡུག་དངོས་པོ་གཞན་ཞིག་ལ་བཏང་པར་གྱུར་པ་ན། མི་དེས་ཐོ་བཏང་ཞེས་འཇོག་པ་ལྟར། ཀུན་གཞི་བདེ་གཤེགས་སྙིང་པོ་མི་དང་མཚུངས་པ་ལས། ཀུན་གཞི་རྣམ་ཤེས་ཕྱིའི་གོས་ཤུན་དང་མཚུངས་པ་ཡིན་ཞིང༌། དངོས་སུ་ཀུན་གཞི་དང་འཇུག་ཤེས་བདུན་ལྷན་ཅིག་འཇུག་པ་ན། བདེ་གཤེགས་སྙིང་པོ་ལ་ཡང་ཞུགས་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་ཀུན་གཞི་རྣམ་ཤེས་ལ་འཇུག་པའི་རྣམ་པར་ཤེས་པ་བདུན་དང་ལྡན་པར་ཕན་ཚུན་གཅིག་གིས་གཅིག་རྒྱུ་འབྲས་སུ་གྱུར་པའི་ཚུལ་གྱིས་བཟུང་བར་འཛིན་པ་དང༌། འཛིན་པར་འཛིན་པ་གཉིས་ཀྱི་བག་ཆགས་ཡོངས་སུ་བཞག་སྟེ་འཁོར་བར་རྒྱུན་དུ་འཇུག་པར་འགྱུར་བ་ཡིན་
ཞིང༌། ཡོངས་སུ་ཤེས་པ་སྟེ་དེ་དག་ཐམས་ཅད་བདེན་པར་མ་གྲུབ་པར་ཤེས་ཏེ། རིང་དུ་གོམས་པར་བྱས་པ་ནི་ནམ་ཞིག་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་དེའི་ཚེ་བཟློག་པར་འགྱུར་བ་ཡིན་ནོ། །ལས་ཀྱི་བག་ཆགས་ལོགས་སུ་མ་སྨོས་ན། སྒོ་ལྔའི་རྣམ་པར་ཤེས་པ་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་གིས་ཚོགས་རྣམས་ཀྱིས་ཀུན་གཞི་ལ་བག་ཆགས་བཞག་པའི་མཐུ་ལས། འགྲོ་བ་གང་དང་གང་གི་གནས་དོན་ལུས་གསུམ་གྱི་སྣང་བ་འཆར་བར་འགྱུར་བ་དང༌། ཡིད་ཀྱི་རྣམ་ཤེས་འཁོར་དང་བཅས་པས་བཞག་པའི་བག་ཆགས་ཀྱི་མཐུ་ལས་ནང་སེམས་ཀྱི་སྣང་བ་འཆར་བར་འགྱུར་བ་སྐབས་འདིར་བཟུང་བ་ལ་ཡང་འཛིན་པ་ཞེས་གསུངས་པའི་དོན་ལ་ཕྱི་བཟུང་བ་གྲུབ་པ་མེད་ཅིང༌། ནང་འཛིན་པའི་ཤེས་པ་ཉིད་བག་ཆགས་ཀྱིས་དབང་གི་ཡུལ་དང་ཡུལ་ཅན་ནམ། བཟུང་བ་དང་འཛིན་པར་སྣང་བ་ཡིན་ནོ། །མདོ་ལས་གསུངས་པའི་ལུང་དོན་ནི། སེམས་ཀུན་གཞི་རྣམ་པར་ཤེས་པར་རང་གི་རང་བཞིན་ནི་[ཤེལ་སྒོང་དག་པ་ལྟར་]རྣམ་ཤེས་དག་པ་ཙམ་ཡིན་པས། ཤིན་ཏུ་དྭངས་པ་ཡིན་ལ་འོན་ཀྱང་བག་ཆགས་སྣ་ཚོགས་པ[འི་ཚོན་གྱི]ས་རྙོག་པར་བྱེད་པ་ནི་ཉོན་ཡིད་གཙོ་བོར་གྱུར་པ་རྣམ་ཤེས་བདུན་པོ་རྣམས་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ཚོགས་དྲུག་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དུས་རྟག་ཏུ་བག་ཆགས་འདེབས་པར་བྱེད་པ་ཡིན་ཞིང༌། ཉོན་ཡིད་གཙོ་བོར་གྱུར་པའི་འཇུག་ཤེས་རྣམས་ལས་བྱུང་བའི་བག་ཆགས་ནི་རྙོག་པ་
དྲི་མ་བཞིན་དུ་ལྟོས་ཤིག་སྟེ་ལྟ་དགོས་པ་ཡིན་ལ། སེམས་ཀུན་གཞི་ནི་ཤེས་རིག་དག་པ་བ་ཡིན་པས། རས་ཡུག་དཀར་པོ་དྲི་མ་མེད་པ་དང་འདྲ་ཡང་བག་ཆགས་ཀྱི་ཚོགས་རྣམས་ཀྱིས་ནི་མི་མཛེས་པས་སོ། །ལུས་ལ་ཀུན་ཏུ་ཁྱབ་པའི་ཤེས་པ་ནི་ཀུན་གཞི་རྣམ་ཤེས་ཡིན་ཏེ་མིག་དང་རྣ་བ་དང་སྣ་དང་ལྕེའི་རྣམ་ཤེས་རྣམས་ནི་རང་རང་གི་དབང་པོ་ལ་གནས་པ་ཡིན་ལ། ལུས་ཀྱི་རྣམ་ཤེས་ཡང་ལུས་ཀུན་ལ་མ་ཁྱབ་སྟེ། ལུས་ཀྱི་ཆ་ཤས་གང་ལ་རེག་པར་མ་བྱས་ན་ལུས་ཀྱི་རྣམ་ཤེས་མི་སྐྱེ་བས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་པས་རགས་པའི་རྟེན་གང་ཡང་མེད་པ་དེའི་ཕྱིར། དྲུག་པོ་འདས་མ་ཐག་པའི་ཤེས་པ་གང་ཡིན་པ་དེ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་དུ་བསྟན་པ་ཡིན་ལ། གནས་མ་བུའི་སྡེ་བ་ནི་ཡིད་ཤེས་ཀྱི་རྟེན་རགས་པ་[སྙིང་] ཁས་ལེན་པར་ཡིན་ནོ། །ཀུན་གཞི་ནི་ལུས་ཀུན་ལ་ཁྱབ་པོ་ཞེས་དཔེ་དང་བཅས་ཏེ་འཆད་པ་ནི། དཔེ་ཇི་ལྟར་ན་ཟླ་བ་འཁོར་སྐར་མའི་ཚོགས་དང་བཅས་པ་[ལྷན་ཅིག་ཏུ་]ནམ་མཁའ་ལ་གནས་པ་ལྟར་ཟླ་བ་དང་འདྲ་བའི་ཀུན་གཞི་སྐར་མ་དང་འདྲ་བའི་འཇུག་ཤེས་འཁོར་སེམས་བྱུང་དང་བཅས་ཏེ་ནམ་མཁའ་དང་འདྲ་བའི་ལས་ལ་གནས་ཞེས་པས་སོ། །ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདི་དག་ཀྱང་དོན་དུ་མ་གྲུབ་སྟེ། ཀུན་གཞིའི་བག་ཆགས་ཀྱི་སྣང་བ་ཙམ་ཡིན་ལ། མདོ་སྡེ་བས་འདོད་པ་ལྟར་གྱི་དཔེར་ན་མིག་ཤེས་ཀྱི་རྣམ་པ་གཏོད་བྱེད་ནི་གཟུགས་སྔོན་པོ་ལ་གཏད་པ་ནི་མིག་ཤེས་ཉིད་སྔོན་པོའི་རྣམ་
པར་ཤར་པ་དངོས་སུ་ནི་རྣམ་པ་གཏོད་བྱེད་ཀྱི་གཟུགས་དེ་ཡང་ཕྱི་དོན་དུ་གྲུབ་པར་ནི་འདོད་དོ། །དེས་ན་དེ་ལྟ་བུའི་གཟུགས་སྒྲ་ལ་སོགས་པ་དེ་དག་ཀྱང་སེམས་ཀྱི་སྣང་བ་ལ་ཤར་བ་ཙམ་མ་གཏོགས་དོན་དུ་མ་གྲུབ་ལ། ཅི་སྟེ་དོན་དུ་གྲུབ་ན་ཡང་ཀུན་གཞིའི་རྒྱུ་ལས་བྱུང་ཞིང་དེའི་འབྲས་བུ་ཡིན་ནོ། །ཞེས་དཔེ་དང་བཅས་བསྟན་པ་ནི་དཔེ་ཅི་ལྟར་ན་འོ་མ་ལས་དེའི་ཡོན་ཏན་ཞོ་དང༌། དེ་ལས་དར་བ་དང་མར་ལ་སོགས་པ་འབྱུང་བ་ལྟར་ཀུན་གཞི་ལ་གཟུགས་སྒྲ་སོགས་ཀྱི་བག་ཆགས་ཤིན་ཏུ་བརྟན་པར་གྱུར་པ་ལས་ཀུན་གཞི་ཉིད་གཟུགས་ལ་སོགས་པའི་རྣམ་པར་སྣང་ཞིང་གནས་པ་ཡིན། འདི་སྐབས་ཀྱི་ཡོན་ཏན་ཞེས་པ་ནི་དཔེར་ན་ས་བོན་གྱི་རིགས་རྒྱུན་གནས་ཡོངས་སུ་གྱུར་ཏེ། མྱུ་གུར་འགྱུར་བ་ན་ས་བོན་གྱི་ཡོན་ཏན་ལ་སོགས་པ་དང་འོ་མ་ཡོངས་སུ་གྱུར་བ་ལས་ཞོར་གྱུར་པ་ན་འོ་མའི་ཡོན་ཏན་ཡིན་ནོ། །དེ་ཡང་དེ་དང་དེའི་རིགས་རྒྱུན་ཡོངས་སུ་འགྱུར་བ་ལས་འབྲས་བུར་གྱུར་པ་ནས་འབྲས་བུ་དེ་རྒྱུའི་ཡོན་ཏན་དུ་འཇོག་པ་ཡིན་གྱི་དཔེར་ན་མྱུ་གུ་འདས་པ་ལས་ད་ལྟར་བའི་མྱུ་གུ་འབྱུང་བས་[ན་ནིང་གི་]མྱུ་གུ་འདས་པ་དེ་[ད་ལོའི་]མྱུ་གུ་ད་ལྟ་བའི་རྒྱུ་ཡིན་ཀྱང་རིགས་རྒྱུན་དེ་དང་དེར་འགྲོ་བ་མེད་པའི་ཕྱིར། མྱུ་གུ་ད་ལྟ་བ་འདས་པའི་མྱུ་གུའི་ཡོན་ཏན་ཡིན་ཞེས་མི་བྱའོ། །དེས་ན་ཀུན་གཞི་ལ་སོགས་པ་གཟུགས་སྒྲ་སོགས་ཀྱི་བག་ཆགས་ས་བོན་གྱི་ཚུལ་དུ་གནས་པ་དེ་སྨིན་པར་གྱུར་པ་ན་གཟུགས་སྒྲ་སོགས་ཀྱི་
སྣང་བ་འཆར་བར་འགྱུར་བས་གཟུགས་སྒྲ་ལ་སོགས་པ་འདི་རྣམས་ཀུན་གཞིའི་ཡོན་ཏན་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྡེ་དེ་རྣམས་མ་ཟད་མདོ་སྡེ་གཞན་ལས་ཀྱང་[ཀུན་གཞི་ཡོད་པར་]རྒྱས་པར་བསྟན་པ་ཡིན་ཞིང༌། ཐེག་པ་ཆུང་ངུའི་མདོ་སྡེ་འགའ་ཞིག་ལས་[ཀྱང་ཀུན་གཞི་]བསྟན་ཏེ། ཉན་ཐོས་སྡེ་བ་བཅོ་བརྒྱད་པོ་ཀུན་ལ་གྲགས་པའི་མདོ་སྡེ་གཅིག་ལས་འཕྲོས་པ་བརྒྱའི་བར་སྔོན་ཡོད་ཀྱང་ཕྱིས་གཅིག་ལས་འཕྲོས་པ་བཅུའི་བར་ཙམ་ཡོད་པ་ལས་དེའི་བཞི་ཚན་གྱི་སྐབས་ལས། སྐྱེས་བུ་ཀུན་གཞི་ལ་དགའ་བ། ཀུན་གཞི་ལ་ཀུན་ཏུ་དགའ་བ། མངོན་པར་དགའ་བ། ཡང་དག་པར་དགའ་བ། དེ་སྤངས་པའི་ཕྱིར་ཆོས་བསྟན་ན་རྣ་བ་གཏོད་ཅིང་སེམས་འཇོག་ལ། ཆོས་སྒྲུབ་སྟེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་ཡང་འབྱུང་ངོ༌། །ཞེས་ཀུན་གཞིའི་མིང་གིས་བསྟན་པ་ཡིན་ཀྱང༌། ཉན་ཐོས་སྡེ་བ་རྣམས་ནི་ཀུན་གཞི་མི་འདོད་པས་མདོ་སྡེ་དེའི་དགོངས་པ་ཡང་སྐྱོགས་ནས་འཆད་དོ། །བྱེ་བྲག་ཏུ་སྨྲས་པའི་བཙུན་པ་དབྱངས་སྒྲོགས་ནི་ཕུང་པོ་ལྔའི་རྒྱུན་ཙམ་ལ་དེར་འདོད་པ་དང༌། བཙུན་པ་དབྱིགས་བཤེས་ནི་འཇིགས་ཚོགས་ལ་ལྟ་བ་ལ་འདོད། མདོ་སྡེ་པའི་བཙུན་པ་མིའུ་གུང་ནི་ཚོར་བའི་ཕུང་པོ་ལ་འདོད། དགེ་འདུན་ཕལ་ཆེན་པའི་སྡེ་བ་རྣམས་ཀྱི་ལུང་ལས་ཀུན་གཞི་ལས་རྩ་བའི་རྣམ་པར་ཤེས་པ་ཞེས་གསུངས་སོ། །དེ་ཡང་ཀུན་གཞི་ཉིད་རྣམ་པར་ཤེས་པ་ཐམས་ཅད་
ཀྱི་རྩ་བར་གྱུར་པའི་ཕྱིར། དེ་སྐད་ཅེས་འཇོག་པ་ཡང་དོན་དང་ལྡན་པའོ། །ས་སྟོན་སྡེ་བའི་ལུང་ལས་ནི་ཀུན་གཞི་ལ་འཁོར་བ་ཇི་སྲིད་པའི་ཕུང་པོ་ཞེས་གསུངས་ཏེ། ཇི་སྲིད་མ་རྒྱས་བར་དུ་དེ་ཡོད་པས་ན། དེའི་མིང་གིས་བསྟན་པ་ཡིན་ལ། མང་བཀུར་བའི་སྡེ་བ་དང༌། གོས་དམར་པོ་སྡེ་བའི་ལུང་ལས་ནི་རྣམ་པར་སྨིན་པའི་ཤེས་པ་ཞེས་བསྟན་པ་ཡིན་ནོ། །གནས་བརྟན་སྡེ་བའི་ལུང་ལས་ནི་ཀུན་གཞི་ལ་སྲིད་པའི་ཡན་ལག་གི་མིང་གིས་གསུངས་པ་ཡིན་ལ། དེ་ཡང་རྩ་བ་དང་ཡན་ལག་གཉིས་ཀྱི་ཟླས་ཕྱེ་བའི་ཡན་ལག་ལྟ་བུ་ནི་མ་ཡིན་གྱི་སྐབས་འགའ་ཞིག་ཏུ་ཡན་ལག་དང་ལུས་དང༌། རང་བཞིན་རྣམས་དོན་གཅིག་ཏུ་འཇོག་པ་ཡང་ཡོད་དོ། །བྷ་ཝ་ཨཾ་ག་ཞེས་པ་སྲིད་པའི་ཡན་ལག་དང༌། ལུས་དང༌། རང་བཞིན་ལ་སོགས་པ་རྣམས་ཀྱི་སྐད་དོད་དེ་ཁོ་ན་འཇུག་པ་ཡོད་པས་སོ། །དེས་ན་ཀུན་གཞི་ནི་སྲིད་པའི་ལུས་སམ། རང་བཞིན་ནམ་གནས་ཡིན་ཞེས་པའི་དོན་དེ་ལྟར་ཀུན་གཞི་ཡོད་པའི་ལུང་ཐེག་པ་ཆེ་ཆུང་གི་མདོ་སྡེ་མང་པོ་ན་ཡོད་པས། དེ་ཡོད་པར་སངས་རྒྱས་ཀྱི་བཀའི་ལུང་གིས་གྲུབ་པའི་ཆོག་མོད་ཀྱང༌། [རྗེ་སོགས་]འགའ་ཞིག་གིས་སངས་རྒྱས་ཀྱི་ལུང་ལས་ཀྱང་ཀླུ་སྒྲུབ་ཀྱི་ལུང་དབང་བཙན་པར་བྱེད་པ་དག་ཡོད་པས། དེ་དག་གི་ངོར་བྱང་ཆུབ་[འཕགས་པ་ཀླུའི་ཀྱང་]སེམས་འགྲེལ་གྱི་ལུང་གིས་སྒྲུབ་པ་ནི། དེ་བཞིན་ཀུན་གཞི་རྣམ་པར་ཤེས་པ་ཡང་རང་གི་ངོ་བོ་བདེ་སྟོང་ཡིན་པས།
བརྫུན་པ་ཡིན་པ་ཡང་འགྲོ་བ་ཀུན་ལ་བདེན་པ་ལྟ་བུར་ནི་སྣང་ཞིང་ཁམས་གསུམ་པོ་དེར། འགྲོ་བ་དང་འོང་བའི་བྱ་བས་རྣམ་པར་གཡོ་ཞིང་དུས་རྟག་ཏུ་སྲིད་པ་གསུམ་པོ་ལེན་པ་སྟེ་འཁོར་བར་འཁོར་རོ། །གཉིས་པ་རིགས་པས་སྒྲུབ་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། ཀུན་གཞི་རྣམ་ཤེས་ཡང་དག་ཀུན་རྫོབ་ཏུ་ཡོད་དེ། ཡང་དག་ཀུན་རྫོབ་ཏུ་བག་ཆགས་ཀྱི་གནས་ཡོད་པའི་ཕྱིར་ཞེས་པ་འདི་རྩ་བའི་རིགས་པ་ཡིན་ལ། དེ་ལ་ཁྱབ་པ་ཡོད་དེ། བག་ཆགས་འཇོག་པ་ལས་གཞན་པའི་ཀུན་གཞི་མེད་ཅིང༌། བག་ཆགས་འཇོག་པ་ཡོད་ན་ཀུན་གཞི་དེ་ཉིད་ཡོད་པར་གྲུབ་སྟེ། མིང་ཙམ་ལ་ནི་མཁས་པ་རྣམས་རྩོད་པས་ཅི་ཞིག་བྱ།གཉིས་པ་རྒྱས་པར་བཤད་པ་ལ། དམ་བཅའ་བ་དང་[རིགས་པ་]དངོས་བསྟན་པ་གཉིས་ལས། དང་པོ་ནི། བག་ཆགས་འཇོག་པའི་གནས་ཡོད་པར་གྲུབ་པས། ཀུན་གཞི་འདི་ཡོད་པར་གྲུབ་པ་ཡིན་ལ། ཀུན་གཞི་ལས་གཞན་པའི་བག་ཆགས་འཇོག་པའི་གནས་ཡོད་པར་འདོད་པ་ལ་ནི་འཐད་པའི་གནས་ཅུང་ཟད་ཙམ་མེད་དོ། །ཀུན་གཞི་མེད་པར་འདོད་པ་ལ། རིགས་པའི་གནོད་བྱེད་དུ་མ་ཡོད་ལ། ཀུན་གཞི་ཡོད་པ་ལ་རིགས་པས་སྒྲུབ་བྱེད་དཔག་ཏུ་མེད་པ་ཡོད་པས། དེ་རྣམས་བསྟན་པར་བྱའོ། །གཉིས་པ་ནི། སོ་སོའི་སྐྱེ་བོ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འབྱུང་བར་མི་སྲིད་པར་ཐལ། ས་བོན་གྱི་གནས་ཀུན་གཞི་མེད་པའི་ཕྱིར། ཇི་སྟེ་ས་བོན་གྱི་གནས་མེད་པར་ཆགས་སོགས་
འབྱུང་ན། འོ་ན་དགྲ་བཅོམ་པའི་རྒྱུད་ལ་ཆགས་སོགས་ཉོན་མོངས་པ་སྐྱེ་བར་ཐལ། དགྲ་བཅོམ་པའི་རྒྱུད་ལ་ཆགས་སོགས་སྐྱེ་བའི་ས་བོན་གྱི་གནས་མེད་པ་ནི་གང་ཞིག །དེ་མེད་ཀྱང་ཆགས་སོགས་སྐྱེ་བར་འགྱུར་བའི་ཕྱིར། གཞན་ཡང་ས་བོན་འཇོག་པའི་གཞི་ཞིག་ཡོད་ན། ཤེས་པ་ཡིན་ཕྱིན་ཀུན་གཞི་ལས་འོས་མེད་དེ། ཉོན་ཡིད་ནི་ཀུན་གཞི་ལ་དམིགས་ནས་ངར་སྣང་བ་ཙམ་ཡིན་པའི་ཕྱིར་ཀུན་གཞི་མེད་ན་ཉོན་ཡིད་ཀྱང་མེད་པར་འགྱུར་བའི་ཕྱིར་དང༌། ཚོགས་དྲུག་གི་རྣམ་ཤེས་རྣམས་ནི་ཤིན་ཏུ་མི་བརྟན་པ་ཡང་ཡང་རྒྱུན་ཆད་པར་འགྱུར་བའི་ཕྱིར། བག་ཆགས་བསྒོ་བའི་གཞིར་མི་རུང་ལ། དེ་རྣམས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ནི་དེ་བས་ཀྱང་མི་རུང་བའི་ཕྱིར་རོ། །ཇི་སྟེ་[གང་ཟག་ཙམ་གྱི་]བེམས་པོར་ཤེས་པའི་ས་བོན་འདེབས་པར་འདོད་ན་ཧ་ཅང་ཐལ་བ་ཉིད་དུ་འགྱུར་ལ། དེ་འདྲ་ཤེས་བྱ་ལ་མི་སྲིད་ལ་ཅི་སྟེ་སྲིད་ན་ཡང་ཁྱཽད་ཀྱི་ལུགས་ལ་གཟུགས་མེད་ཁམས་ན་བག་ཆགས་བསྒོ་བའི་རྟེན་མི་སྲིད་པར་ཐལ། དབང་པོ་གཟུགས་བཅས་ནི་གཟུགས་མེད་ཀྱི་གནས་སུ་མེད་པར་ཁྱོད་འདོད་པ་གང་ཞིག ཚོགས་དྲུག་པོ་རྣམས་ནི་བག་ཆགས་བསྒོ་བའི་གཞིར་མི་རུང་བ་གོང་དུ་བཀག་གྲུབ་ཟིན་ཏོ། །ཀུན་གཞི་མེད་ན་མངལ་སྐྱེས་ཀྱི་མངལ་དུ་ཉིང་མཚམས་སྦྱོར་བ་མི་འཐད་པར་བསྟན་པ་ནི། རྣམ་ཤེས་ཕ་མའི་ཁུ་ཁྲག་གཉིས་ཀྱི་ནང་དུ་ཡོངས་སུ་ཞུགས་ཏེ་ཟླ་བ་གཅིག་གི་བར་དུ་མེར་མེར་པོའི་གནས་སྐབས་
ཡིན་པས་རྩ་མ་ཆགས་ཤིང་དབང་པོ་རྣམས་ཀྱང་མ་གྲུབ་པས་དབང་ཤེས་ལྔ་ནི་མེད་ལ་ཀུན་གཞི་ནི་ཁྱེད་རྣམས་མི་འདོད་པས་དེ་ལ་བརྟེན་པའི་ཉོན་ཡིད་ཀྱང་མེད་པར་གྱུར་པ་དེ་དུས་ཤེས་པ་ཞིག་ཡོད་ཕྱིནཡིད་ཤེས་ལས་འོས་མེད་པ་ལས། དེ་དུས་ཀྱི་ཤེས་པ་དེ་ཡིད་ཤེས་མ་ཡིན་ཏེ། ཡིད་ཤེས་ཀྱི་མཚན་ཉིད་དང་མི་ལྡན་པ་གང་ཞིག་ཡིད་ཤེས་ཀྱི་རྒྱུ་རྐྱེན་ནི་མ་ཚང་བའི་ཕྱིར། དང་པོ་གྲུབ་སྟེ་ཡིད་ཤེས་ནི་འདས་པ་དང་མ་འོངས་པ་དང་ད་ལྟ་བ་སྟེ་དུས་གསུམ་དང༌། [བརྟགས་བརྟགས་མིན་]འགོག་པ་གཉིས་དང་ནམ་མཁའ་རྣམས་དམིགས་པ་ཞིག་ཡིན་པ་ལས་མེར་མེར་པོའི་དུས་ཀྱིས་ཤེས་པས་ནི་དེ་རྣམས་ལ་དམིགས་པར་མི་ནུས་པའི་ཕྱིར། ཡིད་ཤེས་ཀྱི་མཚན་ཉིད་ཀྱང་མ་ཚང་ལ། གཉིས་པ་གྲུབ་སྟེ་དུས་དེར་ཡིད་ཀྱི་ཤེས་པ་སྐྱེ་བ་རྒྱུ་རྐྱེན་ཡང་མ་ཚང་སྟེ། ཀུན་གཞི་ཡོད་ན་དེའི་རྒྱུའི་རྐྱེན་བྱས་ཏེ་ཡིད་ཤེས་སྐྱེ་བ་འཐད་ཀྱང་ཁྱེད་ཀུན་གཞི་མི་འདོད་པའི་ཕྱིར་རྒྱུའི་རྐྱེན་མ་ཚང་ལ། དེ་མེད་པས་ཉོན་ཡིད་ཀྱང་མེད་པའི་ཕྱིར་བདག་རྐྱེན་ཡང་མ་ཚང་ངོ༌། །དེ་བྱེ་སྨྲ་བ་ལ་སོགས་པ་རྣམས། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་པ་ལྟར་མངལ་དུ་ཉིང་མཚམས་སྦྱོར་བའི་དུས་ཀྱི་ཤེས་པ་ཡང་ཡིད་ཤེས་ལ་འདོད་དོ། །བརྒྱལ་བ་ལ་སོགས་པའི་གནས་སྐབས་སུ་ཤེས་པ་མེད་པར་ཐལ་བར་འགྱུར་བ་ནི་ནད་དང་གདོན་ལ་སོགས་པའི་རྐྱེན་གྱིས་
དྲན་མེད་དུ་བརྒྱལ་བར་འགྱུར་བ་དང༌། འགོག་པའི་སྙོམས་འཇུག་དང་འདུ་ཤེས་མེད་པའི་སྙོམས་འཇུག་སྟེ། སྙོམས་འཇུག་གཉིས་དང༌། གཉིད་འཐུག་པོའི་གནས་སྐབས་སུ་ཤེས་པ་ཡོད་དམ་མེད། ཡོད་ན་ཀུན་གཞི་ཉིད་ཡོད་པར་གྲུབ་པ་ཡིན་ཏེ། གནས་སྐབས་དེར་སྒོ་ལྔའི་རྣམ་ཤེས་ནི་མེད་དེ་མཐོང་བ་དང་ཐོས་པ་ལ་སོགས་པ་མེད་པར་མངོན་སུམ་དུ་གྲུབ་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ཤེས་པ་ཡང་མེད་དེ། རྣམ་པར་རྟོག་པའི་འགྱུ་བ་གང་ཡང་མེད་པའི་ཕྱིར། དེས་ན་ཀུན་གཞི་ལས་གཞན་མ་དམིགས་སོ། །ཅི་སྟེ་གནས་སྐབས་དེ་རྣམས་སུ་ཤེས་པ་མེད་ན་ནི་ཆེས་ཤིན་ཏུ་མི་འཐད་དེ། ཐོག་མར་གཉིད་འཐུག་པོ་དང་བརྒྱལ་བ་གཉིས་ལ་ཤེས་པ་ཡོད་པར་མངོན་སུམ་དུ་གྲུབ་པ་ཡིན་ཏེ། སླར་དེ་ལས་སད་པར་འགྱུར་བ་དང༌། ལུས་ཀྱི་དྲོད་དང་རྔུལ་བ་ལ་སོགས་པ་འབྱུང་བ་མངོན་སུམ་དུ་མཐོང་བས། ཤེས་པ་མེད་པར་འདོད་པ་ན་མངོན་སུམ་གྱི་སྤྱོད་ཡུལ་དང་འགལ་བ་ཡིན་ལ། དེར་མ་ཟད་རོའི་ལུས་བཅད་ན་སྡིག་པ་མི་འགྱུར་བ་ལྟར་གཉིད་དང་བརྒྱལ་བའི་གནས་སྐབས་ཀྱི་གང་ཟག་དེའི་ལུས་ཡོངས་སུ་བཅད་ན་ཡང༌། གཅོད་པ་པོ་ལ་སྡིག་པ་མི་འབྱུང་བར་ཐལ་ཏེ། དེ་ལ་ཤེས་པ་མེད་པའི་ཕྱིར། དེ་གཉིས་ལས་གཞན་སྙོམས་འཇུག་གཉིས་ལའང་ཤེས་པ་ཡོད་དེ། སླར་དེ་ལས་སད་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཕྱོགས་སྔ་མ་ན་རེ་གནས་སྐབས་དེ་རྣམས་སུ་ཤེས་པ་མེད་ཀྱང༌། སྲོག་ཡོད་པའི་ཕྱིར་ལུས་བཅད་ཀྱང་སྡིག་པ་མི་འབྱུང་བ་ལ་
སོགས་ཇི་སྐད་བཤད་པའི་སྐྱོན་རྣམས་མེད་པའི་ཕྱིར་ཟེར་ན། སྲོག་ཅེས་[ཕུང་པོའི་རིགས་མཐུན་རྒྱུན་གནས་པའི་ཆ་]བྱ་བ་ཡང་ལུས་སེམས་གཉིས་ལས་གཞན་པའི་དངོས་པོ་རྫས་སུ་གྲུབ་པ་ཞིག་མེད་པའི་ཕྱིར་སེམས་དང་ལུས་ཀྱི་སྦྱོར་འཕྲོད་ཀྱི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཡིན་ཞིང༌། དེས་ན་ལུས་དང་སྦྱོར་འཕྲོད་ཀྱི་སེམས་དེ་ཡང༌། དབང་ཤེས་ལྔ་པོ་ནི་ཆ་ཤས་ཉི་ཚེ་བ་ཙམ་ཡིན་ཡང་རྒྱུན་ཆད་པར་འགྱུར་བ་ཡིན་ལ། དེས་ན་དབང་ཤེས་དེ་རྣམ་ཤེས་རྒྱུན་ཆད་པའི་གནས་སྐབས་སུ་ལུས་སེམས་ཀྱི་སྦྱོར་འཕྲོད་ཡང་རྒྱུན་ཆད་པར་འགྱུར་བའི་ཕྱིར། སྲོག་ཀྱང་ཆད་པར་འགྱུར་བས་ན། ལུས་སེམས་སྦྱོར་འཕྲོད་ཀྱི་སེམས་ནི་དབང་ཤེས་ལྔ་གཏན་ནས་མ་ཡིན་ནོ། །དེའི་སེམས་ནི་ཡིད་ཤེས་ཀྱང་མ་ཡིན་ཏེ་དེ་ནི་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་པས། གཟུགས་ཅན་ལ་བརྟེན་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་སེམས་མེད་ཀྱང་གནས་སྐབས་དཔེར་མཚོན་ན་དགེ་སློང་དགྲ་བཅོམ་ཞིག་གི་ཞག་བདུན་དུ་འགོག་སྙོམས་ལ་སྙོམས་པར་ཞུགས་ཏེ། དེ་ལ་སླར་སད་པའི་སེམས་དེ་ནི་ཀུན་གཞི་མེད་ན་ཉེར་ལེན་གྱི་རྒྱུ་མེད་པར་འགྱུར་བས་རྒྱུ་མེད་དུ་ཐལ་བར་འགྱུར་རོ། །དེ་ལ་ཕྱོགས་སྔ་མ་ན་རེ་དེ་ལྟར་མི་འགྱུར་ཏེ། འགོག་པ་ལ་དང་པོར་འཇུག་པའི་དུས་ཀྱི་ཤེས་པ་དེ་ཞག་བདུན་འདས་ན་ཕྱིས་སད་པར་འགྱུར་བའི་ཤེས་པ་དེའི་ཉེར་ལེན་གྱི་རྒྱུ་ཡིན་ནོ་སྙམ་ན་དེ་མ་ཡིན་ཏེ། དང་པོར་འཇུག་པར་འགྱུར་བའི་དུས་ཀྱི་ཤེས་པ་དེ་འགག་
ཟིན་ཞིང༌། བར་དུ་དུས་གཞན་ཞག་པོ་བདུན་ཙམ་གྱིས་ཆོད་པའི་ཕྱིར་རོ། །དེ་ལ་ཕྱོགས་སྔ་མ་ན་རེ་སྐྱོན་མེད་དེ། དཔེར་ན་མྱུ་གུ་སྐད་ཅིག་མ་དང་པོ་འགག་ཟིན་ནས། སྐད་ཅིག་མ་གཉིས་པ་སྐྱེ་བ་ལ་སྐྱོན་མེད་པ་ལྟར། འགོག་པ་ལ་འཇུག་པའི་དུས་ཀྱི་ཤེས་པ་དེ་འགག་ཟིན་ཀྱང༌། དེ་ལས་སླར་ལྡང་བའི་དུས་ཀྱི་ཤེས་པ་དེ་སྐྱེ་བར་མི་འགལ་ཏེ། མྱུ་གུ་སྐད་ཅིག་མ་དང་པོ་[དང༌། འགོག་སྙོམས་སུ་]དང་པོར་འཇུག་པའི་དུས་ཀྱི་ཤེས་པ་གཉིས་འགག་ཟིན་པར་ཡང་མཚུངས། དེ་ལས་སྐྱེ་བར་ཡང་མཚུངས་པའི་ཕྱིར་སྙམ་ན་དེ་ནི་ཆེས་ཤིན་ཏུ་མི་མཚུངས་ཏེ། ཡུན་རིང་པོས་ཆོད་པའི་ཕྱིར་རོ། །དེ་ཡང་དཔེར་ན་མེ་དང་བུད་ཤིང་གཉིས་ཀྱི་བར་དུ་དངོས་པོ་གཞན་དང་དུས་གཞན་གྱིས་བར་མ་ཆོད་ན། མེ་དེས་བུད་ཤིང་བ་སྲེག་པར་འགྱུར་བ་དང༌། དུས་བར་མ་ཆད་པར་གནས་པ་ནི་ཐོས་པ་ལ་སོགས་པ་རྣམས་བརྗེད་པར་མི་འགྱུར་བ་མངོན་སུམ་དུ་མཐོང་བ་བཞིན་ནོ། །གཞན་ཡང་བརྒྱལ་བ་དང་གཉིད་འཐུག་པོ་ལ་སོགས་པའི་འདི་རྣམས་ལུས་ཀྱི་འབྱུང་བ་བཞིའི་སྟོབས་ལས་སེམས་འགག་པར་འགྱུར་བ་ཡིན་ན། སླར་ཡང་སྐྱེ་བ་ན་ཡང་འབྱུང་བའི་གཞན་དབང་ལས་སྐྱེ་བར་ཐལ་བར་འགྱུར་ལ། དེ་ལྟར་ན་ནི་སེམས་ཀྱི་དངོས་པོ་འབྱུང་བའི་བྱེད་པ་ཅན་དུ་འགྱུར་བས། མུ་སྟེགས་རྒྱང་འཕན་པའི་ལུགས་དང་མཚུངས་པར་འགྱུར་རོ། །དེའི་ཕྱིར་སྙོམས་འཇུག་གཉིས་ཀྱི་སྐབས་སེམས་མེད་པར་གསུངས་པ་ནི།
དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་པས། ཤེས་པ་གཏན་ནས་མེད་པའང་མིན་ཏེ། དེ་དུས་ཀྱི་ཤེས་པ་ནི་ཀུན་གཞི་ཡིན་ལ། དེའི་ཕྱིར་སེམས་མེད་ཅེས་གསུངས་པ་ནི་སེམས་ཀྱི་རྣམ་འགྱུར་ཞིག་ཡིན་ནོ། །དེས་ན་གནས་སྐབས་བཞི་པོ་དེར་སེམས་ཡོད་པར་ནི་གྲུབ་ལ། དེ་དུས་ཀྱི་སེམས་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་དུ་མ་འདས་ཏེ། གནས་སྐབས་དེ་རྣམས་སུ་རྣམ་ཤེས་ཚོགས་དྲུག་པོ་འགགས་ཤིང་མེད་པའི་ཕྱིར་འགའ་ཞིག་ལ་ཉོན་ཡིད་ཡོད་སྲིད་ཀྱང༌། ཉོན་ཡིད་ནི་ཤེས་པར་རང་དབང་ཅན་མ་ཡིན་ཏེ། ཀུན་གཞི་ལ་བརྟེན་པ་ཡིན་པའི་ཕྱིར། ཉོན་ཡིད་ནི་ཡོད་ན་ཀུན་གཞི་ཡང་ཡོད་པར་འགྱུར་རོ། །ཀུན་གཞི་མེད་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་རྒྱུ་འབྲས་མི་འཐད་པར་ཐལ་བ་ལ་དང་པོར་ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་མི་འཐད་པར་ཐལ་བ་ནི། ཀུན་གཞི་འདི་མེད་ན་རྒྱུ་སྡིག་པ་བྱས་པ་ལས་འབྲས་བུ་སྡུག་བསྔལ་མྱོང་བར་མི་འགྱུར་ཏེ། སྡིག་པའི་ལས་དེ་ནི་བྱས་མ་ཐག་ཏུ་འགག་པའི་ཕྱིར་དང༌། ལས་དེའི་བག་ཆགས་ཀྱི་ས་བོན་འཇོག་པའི་གནས་ཀུན་གཞི་མེད་པའི་ཕྱིར་རོ། །དེ་ཡང་དཔེར་ན་སྐྱེས་བུ་ཞིག་གིས་སྲོག་ཆགས་ཞིག་གསོད་པར་བྱེད་པ་ན། སྲོག་ཆགས་འདི་གསོད་པར་བྱ། དེ་ལ་མཚོན་བསྣུན་པར་བྱ་སྙམ་པའི་སེམས་པ་དེ་སྲོག་གཅོད་ཀྱི་ལས་དངོས་ཡིན་ལ་དེས་ཀུན་ནས་བསླངས་པའི་ལུས་ངག་གི་རྣམ་འགྱུར་ནི་ལས་དངོས་མིན་མོད་ཀྱང༌། དེ་
རྣམས་སྐྱེས་མ་ཐག་ཏུ་འགག་པར་འགྱུར་བ་ཡིན་ཞིང༌། དེ་འགག་པ་ན་ཀུན་གཞི་ལ་ལས་ཀྱི་བག་ཆགས་འཇོག་པ་ནི་ཁྱེད་རྣམས་མི་འདོད་ལ། དེ་ལས་སྐྱེ་བ་འཕོས་ཏེ་དམྱལ་བར་སྐྱེས་ན་དེའི་ཉེར་ལེན་གྱི་རྒྱུ་གཏན་ནས་མེད་པའམ། ཡང་ན་དུས་ཡུན་རིང་པོར་ཆོད་ཅིང་སྡིག་པའི་ལས་འགག་ཟིན་པ་དེ་ཉེར་ལེན་གྱི་རྒྱུར་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་རྣམ་བྱང་གི་རྒྱུ་འབྲས་མི་རུང་བར་བསྟན་པ་ནི། འདོད་པའི་རྟེན་ཅན་གྱི་བསམ་གཏན་གྱི་ཏིང་ངེ་འཛིན་ཡུན་རིང་དུ་གོམས་པར་བྱས་ཏེ། བསམ་གཏན་དང་པོའི་ཏིང་ངེ་འཛིན་སྒྲུབ་པ་ན། ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་ཚེ། སྐད་ཅིག་མ་དང་པོ་ལ་འདོད་པའི་སེམས་ཡིན་པ་སྐད་ཅིག་མ་གཉིས་པ་ལ་བསམ་གཏན་གྱི་སེམས་སུ་གྱུར་པ་ཡིན་ཞིང༌། དེ་ཡང་འདོད་པའི་སེམས་ཀྱི་ཉེར་ལེན་གྱི་རྒྱུ་བྱས་ནས་བསམ་གཏན་གྱི་སེམས་དངོས་སུ་སྐྱེ་བ་ནི་མེད་དེ་ཉེར་ལེན་གྱི་རིགས་འདྲ་བ་ཞིག་དགོས་པ་ལ། འདོད་པ་དང་བསམ་གཏན་གཉིས་རྒྱུ་འབྲས་རིགས་འདྲ་མ་ཡིན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་མེད་ན། བསམ་གཏན་གྱི་བག་ཆགས་འཇོག་པའི་ས་བོན་གྱི་གནས་ཀུན་གཞི་མེད་པས། འདོད་པའི་རྟེན་ལས་བསམ་གཏན་སྐྱེ་མི་སྲིད་པར་འགྱུར་རོ། །དེས་ན་རང་ལུགས་ནི་ཚེ་རབས་སྔ་མ་གཞན་དང་གཞན་དག་ཏུ་བསམ་གཏན་གྱི་བག་ཆགས་བསགས་པས་ས་བོན་གྱི་ཚུལ་གྱི་ཀུན་གཞིའི་སྟེང་ན་ཡོད་པ་དེ། འདོད་པའི་རྟེན་ཅན་གྱི་ཞི་གནས་ལྷག་མཐོང་
གི་ཏིང་ངེ་འཛིན་སྒོམས་པ་ན་དེས་སྔར་གྱི་བག་ཆགས་དེ་ཡོངས་སུ་སད་དེ། དེའི་མཐུ་ལས་བསམ་གཏན་གྱི་སེམས་སྐྱེ་བར་འགྱུར་བ་ཡིན་ནོ། ཁྱད་པར་དུ་ཡང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱིས་བསམ་གཏན་བཞིར་སྐྱེ་བ་རྣམས་ལ་ནི། ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པའི་རིམ་པ་འདི་ངེས་པར་དགོས་ཏེ། སེམས་གསལ་གཅིག་སྐྱེས་འབྲས་བུ་གང༌། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་གསུངས་པ་ནི། མ་བུ་གཉིས་ཆུས་ཁྱེར་བ་ན་མ་ནི་བུ་ལ་བྱམས་པའི་སེམས་ཤུགས་དྲག་པོ་དང་ལྡན་ཞིང༌། བུ་ཡང་མ་ལ་བྱམས་པའི་སེམས་དང་ལྡན་བཞིན་པས་དེ་གཉིས་ཚེའི་དུས་བྱས་པ་ན། ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ལྟ་བུ་ནི། དེ་གཉིས་ཚེ་རབས་སྔ་མར་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་ཕྱིས་ཉམས་པས། ཀུན་གཞིའི་སྟེང་དུ་བསམ་གཏན་གྱི་བག་ཆགས་ཆེས་ཤིན་ཏུ་འཐུག་པར་གྱུར་པ་སྟེ། ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་བསྒོམས་པ་ལ་མ་ལྟོས་པར་བྱམས་པའི་སེམས་གཅིག་པོ་དེ། སྔར་གྱི་ས་བོན་ཡོངས་སུ་སྨིན་པར་འགྱུར་ཏེ། ཚངས་པར་སྐྱེས་པ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ཚུལ་ཡང་དེ་དང་འདྲ་བ་ཡིན་ཏེ། ཚེ་རབས་གཞན་དང་གཞན་དུ་སྟོང་པ་ཉིད་ཀྱིས་ཐོས་པ་སོགས་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བའི་ས་བོན་ཀུན་གཞིའི་སྟེང་ན་ཡོད་པ་དེ། སྦྱོར་ལམ་ཆོས་མཆོག་ཆེན་པོ་དེས་ལམ་བསྒོམས་པ་སོགས་དང༌། དགེ་རྩ་ཁྱད་པར་ཅན་བསགས་པའི་རྐྱེན་གྱིས་ས་བོན་
ཡོངས་སུ་སྨིན་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན་གྱི། འཇིག་རྟེན་པའི་སེམས་ཅན་ལས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དངོས་སུ་སྐྱེ་བ་མི་སྲིད་པས། ཀུན་གཞི་མེད་ན་དེའི་སྐྱེ་ཚུལ་ཡང་མི་འཐད་པའི་ཕྱིར་རོ། །རིགས་པ་དེ་རྣམས་ལས་འཕྲོས་པའི་འཕྲོས་དོན་ནི། ཀུན་གཞི་འདོད་པ་མུ་སྟེགས་ཀྱི་གཙོ་བོ་སོགས་འདོད་པར་མཚུངས་པ་ཐལ་བ་སྤངས་པ་དང༌། ས་བོན་ཀུན་ལྡན་ཡིན་ན་འབྲས་བུ་ཡང་ཅིག་ཆར་སྣང་བ་ཐལ་བ་ལས་སྤོང་བ་གཉིས་ལས། དང་པོ་ནི་རེད་མདའ་བ་སོགས་འགའ་ཞིག་[གིས་] ལས། ཀུན་གཞི་རྣམ་ཤེས་ཀྱིས་བག་ཆགས་ལས་སྣང་བ་ཐམས་ཅད་འབྱུང་བར་འདོད་པ་བཞིན་མུ་སྟེགས་བྱེད་འགའ་ཞིག་གིས་ཡང་ཚངས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པར་འདོད་པས་ཀུན་གཞི་རྣམ་ཤེས་ནི་ཚངས་པ་དང་མཚུངས་པའམ། གྲངས་ཅན་པ་འདོད་པའི་གཙོ་བོ་ལ་སོགས་པ་རྣམས་དང་མཚུངས་ཞེས་སྨྲས་པར་བྱེད་པ་ཡིན་ལ། དེ་ཡང་ཀུན་གཞི་དང་དེ་རྣམས་ཕྱོགས་འདྲ་ཙམ་མཚུངས་པ་ནི་ཡིན་ཏེ། གཙོ་བོ་དང་དབང་ཕྱུག་དང༌། བྱེད་པ་པོ་རྣམས་ཀུན་གཞི་འདི་ལ་བརྟེན་ནས་བཏགས་པར་ལང་ཀར་གཤེགས་པ་ལས་གསུངས་པའི་ཕྱིར་ཏེ། ཕུང་པོའི་རྒྱུན་དང་གང་ཟག་དང༌། དེ་བཞིན་རྐྱེན་དང་སྡུག་བསྔལ་དང༌། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཀུན་གཞི་དང་དེ་རྣམས་ཀུན་ཏུ་མཚུངས་པ་ཡང་མ་ཡིན་ཏེ།
གྲངས་ཅན་པ་རྣམས་འདོད་པའི་གཙོ་བོ་ནི་བེམ་པོའི་དངོས་པོ་ཞིག་རྟག་པར་འདོད་པ་ཡིན་ལ། འདི་ནི་ཤེས་པ་མི་རྟག་པ་ཡིན་པ་དང༌། བྱེད་པ་པོ་དབང་ཕྱུག་འདོད་པ་རྣམས་ཀྱིས་ལུས་སེམས་གཉིས་ཚོགས་ཀྱི་སྐྱེས་བུ་ཞིག་རྟག་པར་འདོད་པ་ཡིན་ལ། འདིར་ནི་བེམ་རིག་གཉིས་ཚོགས་མ་ཡིན་པར། རིག་པ་མི་རྟག་པའི་མཚན་ཉིད་ཅན་ཡིན་པ་དང༌། བྱེད་པ་པོས་ནི་རང་གི་འདོད་པས་འཇིག་རྟེན་འདི་དག་སྤྲུལ་ཞེས་སྨྲས་ལ། [འདིར་ནི་]ཀུན་གཞིའི་བག་ཆགས་ཀྱི་མཐུ་ལས་སྣ་ཚོགས་པར་སྣང་བ་ཡིན་གྱི་ཀུན་གཞི་རང་གིས་འདོད་པས་སྤྲུལ་པ་མ་ཡིན་ཏེ། ཀུན་གཞི་ལ་འདོད་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཀུན་གཞི་དང་དེ་རྣམས་མི་འདྲ་བའི་ཁྱད་པར་ཆེས་ཆེ་བ་ཡིན་ནོ། །གཉིས་པ་ནི། སློབ་དཔོན་ཟླ་བས། ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་འབྱུང༌། །ཞེས་པ་ལ་སོགས་པ་ཐོག་མར་ཕྱོགས་སྔ་མ་བཀོད་དེ། ས་བོན་ཀུན་ལྡན་གྱི་ཀུན་གཞི་རིགས་པ་དུ་མས་བཀག་པ་ཡིན་ལ། དེ་ལ་འབྲས་བུ་རིགས་དྲུག་གི་སྣང་བ་ལ་སོགས་པ་དུས་གཅིག་ཆར་དུ་ཐམས་ཅད་འཆར་བར་ཐལ། རྒྱུ་ཀུན་གཞི་དེ་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ཞེས་འགོག་པར་བྱེད་པ་ཡིན་ཏེ། ས་བོན་ཐམས་ཅད་པ་ཞེས་པ་ནི། [རང་རྒྱུད་དུ་]ས་བོན་རིགས་འདྲ་ཙམ་ཚང་བ་ལ་འཇོག་པ་ཡིན་གྱི་གཞན་དུ་ལྷ་སྦྱིན་གྱི་རྒྱུད་ལ་མཆོད་སྦྱིན་དམྱལ་བར་སྐྱེ་འགྱུར་གྱི་བག་ཆགས་ཀྱི་ས་བོན་ཡང་ཡོད་
པར་ཐལ་བར་འགྱུར་རོ། །དེས་ན་རིགས་འདྲ་ས་བོན་ཐམས་ཅད་པ་ཞེས་པ་ཡང༌། མཚན་གཞིའི་ས་བོན་ཙམ་ཚང་བས་ཆོག་པ་ཡིན་གྱི་མཚན་ཉིད་ཀྱི་ས་བོན་[ཐམས་ཅད་སོ་སོར་]ཚང་དགོས་པ་མ་ཡིན་ཏེ། དཔེར་ན་ཀུན་གཞི་ལས་བུམ་པའི་ས་བོན་ཡོད་པའི་མཐུ་ལས་བུམ་པའི་སྣང་བ་འཆར་བ་[དེ་ཙམ་]ཡིན་ཞིང༌། དེ་ཡང་མཐར་འཇིག་པར་འགྱུར་བ་དང་སྐྱེ་བ་དང༌། ཆེ་ཆུང་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་རྣམས་ནི་[བུམ་པ་སྣང་འོངས་]རྐྱེན་གྱི་རིམ་པས་འབྱུང་བ་ཡིན་གྱི་དེ་དག་ལས་བག་ཆགས་དང་ས་བོན་ལོགས་སུ་ཡོད་མི་དགོས་ཏེ། བུམ་པའི་སྣང་བ་བྱུང་ཕྱིན་དེ་རྣམས་ཀྱི་[སྐྱེ་འཇིག་སོགས་]ཤུགས་ལྡན་ལ་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཀུན་གཞི་རྣམ་ཤེས་ལ་རྒྱུ་བག་ཆགས་ཐམས་ཅད་ཡོད་ཀྱང༌། འབྲས་བུ་སྣང་བ་ཐམས་ཅད་གཅིག་ཆར་འཆར་བ་མི་སྲིད་དེ། ས་བོན་ཐམས་ཅད་ཡོད་པ་ཙམ་གྱིས་སྣང་བ་དེ་མི་སྐྱེད་དེ། རྐྱེན་གྱིས་རིམ་པས་སྣང་བ་འཆར་བའི་ཕྱིར་རོ། །དེ་ལ་འགའ་ཞིག་རྐྱེན་དེ་ཡང་རྟག་ཏུ་གནས་དགོས་པ་ཡིན་ཏེ། དེ་བག་ཆགས་ཀྱི་མཐུ་ལས་བྱུང་བ་གང་ཞིག་བག་ཆགས་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། སྙམ་ན་བག་ཆགས་ཀྱི་མཐུ་ལས་རྐྱེན་འབྱུང་སྲིད་ཀྱང༌། རྐྱེན་ཐམས་ཅད་[དུས་རྟག་ཏུ་རང་ལ་གནས་པར་]འབྱུང་བའང་མ་ངེས་སོ། །རྐྱེན་དེ་ལ་ཡང༌། རྐྱེན་གཞན་[ཡིད་བྱེད་སྔ་མ་]གཉིས་པ་ཡོད་མོད་ཀྱིས། རྒྱུ་ས་བོན་ཁོ་ན་ཡོད་པས། འབྲས་བུ་སྣང་བ་གསལ་བར་འགྱུར་བ་ཡང་མ་ཡིན་ཏེ། རང་ཉིད་ལས་སྐྱེས་པའི་[བལྟ་འདོད་ཀྱི་]ཡིད་བྱེད་སྔ་མ་དེས་
གསལ་བར་འགྱུར་བ་ཡིན་ནོ། །རྐྱེན་ལ་སོགས་པ་རྒྱུ་ནི་བག་ཆགས་ཀྱི་རང་བཞིན་ཀུན་གཞི་རྣམ་ཤེས་རང་ལས་བྱུང་བ་ཡོད་མོད་ཀྱང༌། རྐྱེན་ནི་དུས་རྟག་ཏུ་རང་ལ་གནས་པ་མ་ཡིན་ཏེ། དཔེར་ན་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཀྱི་མཐུ་ལས་བྱུང་མོད་ཀྱང༌། ཆོས་དེ་རྣམས་དང་སེམས་གཉིས་གཅིག་པ་མ་ཡིན་ཏེ། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ལ་སོགས་པ་བེམ་པོར་གྱུར་པའི་ཆོས་རྣམས་ལ་མེད་པའི་ཕྱིར་རོ། །སེམས་དང་ཕྱི་ནང་གི་ཆོས་རྣམས་ཐ་དད་པ་ཡང་མ་ཡིན་ཏེ། ཕྱི་ནང་གི་ཆོས་འདི་རྣམས་སེམས་ལས་གཞན་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་དོ། །རིགས་པས་དཔྱད་པ་འདི་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་དཔྱོད་པ་ཡིན་ན་ནི། ངེད་ཀྱང་ཀུན་གཞི་རྣམ་ཤེས་འཁོར་དང་བཅས་པ་བདེན་མེད་དུ་གཏན་ལ་འབེབ་པའི་ཕྱིར་འགོག་ལ། ཀུན་རྫོབ་ཏུ་རྒྱུ་རྐྱེན་ཙམ་གྱི་ཚུལ་ལ་རིགས་པས་དཔྱད་ནས་དེ་རྣམས་འགོག་པར་བྱེད་པ་ཡིན་ན་ནི། ལྷག་བརྗོད་སུན་འབྱིན་ལྟར་སྣང་ཙམ་ཡིན་ནོ། །དེ་ཡང་དཔེར་ན་སྐྱ་རེངས་དང་པོ་ཤར་བའི་དུས་སུ་ཡང་སྣང་བ་ཐམས་ཅད་འཆར་བར་འགྱུར་བའི་ས་བོན་ཡོད་མོད་ཀྱི་ཡུལ་སྐྱ་རེངས་ལ་བལྟ་འདོད་ཀྱི་ཡིད་བྱེད་སྐྱེས་པས། རྐྱེན་བྱས་ཏེ་སྐྱ་རེངས་ཀྱི་གཟུགས་ཀྱི་རྣམ་པར་མིག་ཤེས་ཤར་བ་ཡིན་ལ་དེ་ཤར་བས་ན་སྣང་བ་གཞན་འཆར་བའི་བག་ཆགས་སད་མ་ནུས་པ་ཡིན་ཞིང༌། དེའི་འོག་ཏུ་
ཡུལ་སྒྲ་ལ་ཡིད་གཏད་པ་ན་སྔ་མ་གཟུགས་ཀྱི་སྣང་བ་གསལ་བར་འཆར་བར་འགྱུར་བའི་ནུས་པ་ཉམས་ནས་ཕྱི་མ་སྒྲའི་སྣང་བ་འཆར་བའི་བག་ཆགས་སད་དེ་དེའི་སྣང་བ་འཆར་བར་འགྱུར་རོ། ཁྱོད་ཀྱི་རིགས་པ་[འདི་ས་བོན་ཐམས་ཅད་པ་]འདི་ལ་ཁྱབ་མཚུངས་འདི་ཡང་འགྲིགས་ཏེ། དཔེར་ན་ཕྱིའི་སྣོད་གཅིག་གི་ནང་དུ་དངོས་པོ་མི་འདྲ་བ་དུ་མ་བཅུག་པ་ན་དངོས་པོ་གཅིག་བྱུང་བ་ན་ཐམས་ཅད་བྱུང་བར་ཐལ། དངོས་པོ་མི་འདྲ་བ་དུ་མ་དེ་རྣམས་སྣོད་གཅིག་ལ་བརྟེན་ནས་གནས་པའི་ཕྱིར། ཞེས་པ་དང་གཅིག་ཚིག་ན་ཐམས་ཅད་ཚིག་པར་ཐལ་ཏེ་རྒྱུ་མཚན་དེའི་ཕྱིར་རོ། །དེ་རྣམས་མཐའ་གཞན་འགོག་པའི་ཚུལ་གྱི་ཀུན་གཞི་མེད་པ་ལ་གནོད་བྱེད་བསྟན་པའི་ཀུན་གཞི་ཡོད་པར་གྲུབ་པ་ཡིན་ནོ། །དེས་ན་ཀུན་གཞི་ཡོད་པར་སྒྲུབ་པ་ནི་ཀུན་གཞི་རྣམ་ཤེས་ཡོད་དེ་ཆགས་སོགས་ཉོན་མོངས་པ་འདི་དག་ལ་དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་ལས་གཞན་པའི་མེད་ན་མི་འབྱུང་བའི་རྒྱུ་ཞིག་འདུས་པ་གང་ཞིག་དེ་ཀུན་གཞི་ལས་མ་འདས་པའི་ཕྱིར། དེ་ཡང་དཔེར་ན་མིག་གི་དབང་པོ་དང་ཡུལ་གཟུགས་ལས་ཆགས་སོགས་སྐྱེ་བ་མངོན་སུམ་དུ་མཐོང་བ་དེ་ལ་ཡང་སྐབས་འགའ་ཞིག་ཏུ་ཡུལ་དབང་རྣམ་ཤེས་གསུམ་ཚོགས་ཀྱང་ཆགས་སོགས་ཉོན་མོངས་མི་སྐྱེ་བར་མཐོང་བས་དེ་གསུམ་ཁོ་ནས་མི་ཆོག་པས་རྒྱུ་ཞིག་ཡོད་པར་གྲུབ་པ་དེ་ནི་ཀུན་གཞི་ལས་གཞན་དུ་མ་དམིགས་ལ། རེས་འགའ་དེ་གསུམ་ཚོགས་པས་ཉོན་
མོངས་སྐྱེ་བར་མཐོང་བའི་ཕྱིར་ཀུན་གཞི་ཡང་དེ་གསུམ་དང་ལྷན་ཅིག་ཏུ་སྤྱོད་པར་གྲུབ་བོ། །དེ་ལ་ཕྱོགས་སྔ་མ་ན་རེ། ཆགས་སོགས་ཉོན་མོངས་སྐྱེ་བ་ནི་ཡུལ་གྱི་མཐུ་ཁོ་ན་ལས་བྱུང་ངོ་ཞེ་ན། འོ་ན་སྐྱེས་བུ་ཞིག་ལ་ཞེ་སྡང་སྐྱེ་བའི་ཡུལ་དགྲ་ཞིག་ཡོད་པ་དེ་གང་ཟག་ཅི་འདྲ་ཞིག་གིས་མཐོང་ཡང་ཞེ་སྡང་ཁོ་ན་སྐྱེ་བར་ཐལ་བར་འགྱུར་ཏེ་ཡུལ་ཁོ་ནའི་མཐུ་ལས་སོ། །དེ་ཡང་དགྲ་བཅོམ་པས་རྒྱུད་ལ་ཡང་ཞེ་སྡང་སྐྱེ་བར་ཡོད་པར་ཐལ་བར་འགྱུར་ཏེ། དེ་ལ་མཚོན་བསྣུན་པར་བྱེད་པའི་དགྲ་ལ་སོགས་པ་བྱུང་སྲིད་པ་གང་ཞིག་ཡུལ་ཁོ་ནའི་མཐུ་ལས་ཞེ་སྡང་སྐྱེ་བའི་ཕྱིར། དེས་ན་དགྲ་བཅོམ་པའི་རྒྱུད་ལ་ཉོན་མོངས་སྐྱེ་བ་གཏན་ནས་མི་སྲིད་དེ་ཉོན་མོངས་པའི་ས་བོན་ཐམས་ཅད་སྤངས་པའི་ཕྱིར་རོ། །དེའི་ཡུལ་ཁོ་ནའི་མཐུ་ལས་མི་སྐྱེ་མོད་ཀྱང༌། ཡིད་ལ་བྱེད་པའི་ཁྱད་པར་གྱི་སྐྱེ་བར་འགྱུར་རོ་སྙམ་ན། འོ་ན་སྐྱེས་བུ་ཞིག་གིས་གནོད་བྱེད་ཀྱི་དགྲ་ལ་འཁོན་དུ་འཛིན་པའི་སེམས་ཀྱིས་ཡུལ་ཡིད་ལ་བྱས་པས་དེ་ལས་ཞེ་སྡང་ལན་གཅིག་སྐྱེ་ན་རྟག་ཏུ་དེ་ལ་ཞེ་སྡང་སྐྱེ་བར་ཐལ་བར་འགྱུར་རོ། །བག་ཆགས་རྣམ་པར་སྨིན་པར་གྲུབ་པ་ཡིན་ཏེ། དཔེར་ན་ཉི་མ་སོར་གང་ཙམ་འཆུགས་པའི་རིང་ལ་[རིམ་གྱིས་] ཐོས་པ་ཉུང་ངུ་ཞིག་ལན་གྲངས་རེ་རེ་ཡིད་ལ་བྱས་ཤིང་སྐྱོར་བ་ཟླ་བ་གཅིག་ཙམ་གྱི་བར་དུ་[ཡུན་རིང་]བྱས་ན་ཉིན་རེ་བཞིན་ཡིད་ལ་བྱེད་པ་བྱས་པས་མཐུས་བག་ཆགས་ཤིན་ཏུ་སྨིན་པར་གྱུར་པས་ཐོས་པ་བྱང་བར་འབྱུང་བ་དང་[དེ་ཉིད་
བསྡོམས་ཏེ་]དུས་ཉིན་གཅིག་ཉི་གྲིབ་སོར་སུམ་ཅུ་ཙམ་འཆུགས་པའི་རིང་[དུས་ཐུང་ངུ་]ལ་ཐོས་པ་ལན་མང་དུ་བྱས་ཤིང་ཡིད་ལ་སྐྱེས་པ་དེ་སྔ་མ་ལ་ལྟོས་ནས་ཅུང་ཟད་མི་བྱང་བ་དང་སྔ་མ་ནི་ཕྱི་མ་ལས་ཆེས་བྱང་བར་འགྱུར་བ་མངོན་སུམ་དུ་མཐོང་བས་སོ། །དེས་ན་བག་ཆགས་རྣམ་པར་སྨིན་པ་གྲུབ་པ་ན་བག་ཆགས་འཇོག་པའི་གནས་ཀུན་གཞི་ཡོད་པར་གྲུབ་བོ། །དེ་བཞིན་དུ་གང་ཡང་རུང་བ་ཞིག་ལ་འདི་ལྟ་བུ་ཡིན་སྙམ་པའི་ངེས་ཤེས་ལན་གཅིག་སྐྱེས་པ་ཡང༌། སླར་ཡུན་རིང་པོའི་བར་དུ་ངེས་ཤེས་ཡང་ཡང་དྲངས་ན། ཕྱིས་དེ་ལ་མཐུན་པའི་རྐྱེན་གཞན་གྱིས་ཡང་ཡང་གསོས་འདེབས་པ་མེད་ཀྱང༌། གལ་ཏེ་དེ་ལ་མི་མཐུན་པའི་རྐྱེན་གྱིས་གེགས་བྱེད་པ་མེད་ན། དུས་ཅི་ཙམ་ཡུན་རིང་ལོན་པར་གྱུར་ན། སྔར་གྱི་ངེས་ཤེས་དེ་ཆེས་ལྷག་པར་བརྟན་པར་འགྱུར་བ་མངོན་སུམ་དུ་མཐོང་བས་ཀྱང་བག་ཆགས་རྣམ་པར་སྨིན་པ་གྲུབ་པ་ཡིན་ལ། ངེས་པའི་ཤེས་པ་རྐྱེན་འཕྲལ་དུ་ཡུན་རིང་མ་ལོན་པ་དེ་ནི་མི་མཐུན་པའི་རྐྱེན་མེད་ཀྱང་ཡལ་འགྲོ་བར་མཐོང་བས་སོ། །བག་ཆགས་རྙིང་པ་དང་གསར་པ་ཇི་ལྟར་འཇོག་པའི་ཚུལ་ནི། སྔོན་འཕགས་ཡུལ་དུ་རྣལ་འབྱོར་དུ་སྤྱོད་པ་བའི་སློབ་དཔོན་འགའ་ཞིག་བག་ཆགས་རྙིང་བ་ཁོ་ན་གསོ་བར་འདོད་པ་དང༌། འགའ་ཞིག་གསར་བ་ཁོ་ན་གསོ་བར་འདོད་པ་སོགས་བྱུང་ཀྱང༌། རང་ལུགས་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ལ། ཀུན་གཞི་ལ་ཡོད་པའི་བག་ཆགས་རྙིང་པ་དང་གསར་བ་
གཉིས་ཀ་གསོ་བར་བཞེད་པ་ཡིན་ནོ། །བག་ཆགས་གསར་རྙིང་གི་ཁྱད་པར་སྔོན་ཐོག་མ་མེད་པའི་དུས་ན་ཀུན་གཞི་ལ་ཡོད་པའི་བག་ཆགས་ཏེ། བག་ཆགས་རྙིང་པ་ཞེས་འཇོག་པ་ཡིན་ལ། དེ་ལྟ་བུའི་བག་ཆགས་དེ་ལ་ཡང་རྒྱུ་མེད་པ་ནི་མ་ཡིན་ཏེ། བག་ཆགས་འཇོག་བྱེད་ཀྱི་རྒྱུ་ཞིག་ནི་སྤྱིར་ཡོད་ལ། འོན་ཀྱང་དེའི་དུས་ཀྱི་མཚམས་ལ་སོགས་པ་ཇི་ལྟར་ཡིན་པ་ནི་རྒྱལ་བའི་མཁྱེན་པ་ཁོ་ནའི་ཡུལ་མ་གཏོགས་རྣལ་འབྱོར་ཅན་གཞན་སུའི་ཡང་སྤྱོད་ཡུལ་མ་ཡིན་པས་དུས་ཆེས་ཤིན་ཏུ་ཡུན་རིང་བ་ནས་བྱུང་བས་རྙིང་པ་ཞེས་བཞག་གོ །དེས་ན་ཀུན་གཞིའི་སྟེང་དུ་བག་ཆགས་ལ། [རྣམ་སྨིན]སྤྱད་ཟིན་པའི་བག་ཆགས་དང་སྤྱད་མ་ཟིན་པའི་བག་ཆགས་གཉིས་ལས། སྤྱད་ཟིན་པའི་བག་ཆགས་ནི་རྐྱེན་གྱིས་ཡོངས་སུ་སད་དེ་འབྲས་བུ་སྨིན་ཟིན་པ་རྣམས་ཡིན་ལ། དེ་ནི་ཕྱིས་འབྲས་བུ་སྨིན་འགྱུར་གྱི་བག་ཆགས་སུ་མེད་ཀྱང༌། དེ་ལྷག་རོའི་ཚུལ་གྱི་ཀུན་གཞི་ལ་གནས་པ་ཡིན་ནོ། །སྤྱད་མ་ཟིན་པའི་བག་ཆགས་ནི་ད་ལྟ་ཡོངས་སུ་མ་སྨིན་པ་ས་བོན་གྱི་ཚུལ་གྱིས་གནས་པའོ། །བག་ཆགས་གསར་བ་ནི་བཞག་ནས་བསྐལ་པ་གྲངས་མེད་མང་པོ་སོང་བར་ཡང་ཡོད་ལ། དེའི་དུས་ཀྱི་མཐའ་ནི་སངས་རྒྱས་མ་ཡིན་པའི་གཞན་རྣལ་འབྱོར་ཅན་རྣམས་ཀྱང་རྟོགས་པར་མི་ནུས་སོ། །ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པའི་རྒྱུ་འབྲས་ཀྱི་རིམ་པ་དུས་མཉམ་པ་ཡིན་ནམ།
གཞན་སྔ་ཕྱི་ཅན་ཡིན་སྙམ་ན་དེ་ནི་དུས་མཉམ་པ་ཡིན་ཏེ། དཔེར་ན་སེམས་ལ་ཞེ་སྡང་དྲག་པོ་རྣམ་པ་[ཤིན་ཏུ་གསལ་བ་]གཅིག་སྐྱེས་པ་ན། སྐད་ཅིག་དེ་ཀར་ཞེ་སྡང་དེས་འབྲས་བུ་ཀུན་གཞིའི་སྟེང་དུ་[རྟེན་བརྟེན་པའི་རྒྱུ་འབྲས་སུ་]བག་ཆགས་བསྒོས་ནས། བག་ཆགས་དེ་[རང་འབྲས་ཕྱི་མ་བསྐྱེད་] ནུས་པའི་ཚུལ་གྱིས་ཀུན་གཞི་ལ་སྐད་ཅིག་གཉིས་པ་ཚུན་ཆད་དུ་གནས་པ་ཡིན་ནོ། །སྐད་ཅིག་མ་དང་པོ་ལ་སེམས་ལ་ཞེ་སྡང་དྲག་པོ་ཡོད་པའི་དུས་དེར་སེམས་ཀུན་གཞི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་རྣམས་ཀྱང་ཞེ་སྡང་དེའི་རྣམ་པར་འཆར་བ་སྟེ། དེའི་མདངས་ཀྱིས་ཡོངས་སུ་གོས་པར་གྱུར་པ་ཡིན་ལ། དེའི་རྗེས་ཐོག་སྐད་ཅིག་གཉིས་པ་ཚུན་ཆད་དུ་ཞེ་སྡང་གི་རྣམ་པ་ནུབ་པ་ན་སེམས་ཀྱང་དེའི་རྣམ་པར་འཆར་བར་མ་ངེས་ལ་དེའི་ཕྱིར་དེ་དང་དེའི་རྣམ་པ་གསལ་བའི་དུས་སྐད་ཅིག་མ་དང་པོར་དེར་བག་ཆགས་མི་འཇོག་པར་ཞེ་སྡང་གི་རྣམ་པ་ནུབ་པའི་དུས་སྐད་ཅིག་མ་གཉིས་པར། བག་ཆགས་འཇོག་པ་ནི་ངོ་མཚར་བ་སྟེ་ཆེས་མི་འཐད་པའོ། །དེས་ན་ཆོས་ཀྱི་གྲགས་པས། རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་འབྲས་བུའི་སྔ་ལོགས་སུ་རྒྱུ་འབྱུང་བར་བཤད་པ་མ་ཡིན་ནམ་སྙམ་ན། དངོས་པོའི་ངོ་བོ་བསྐྱེད་པའི་བྱེད་པ་ལ་[ས་མྱུག་ལྟ་བུའི་]རྒྱུ་འབྲས་སྔ་ཕྱི་རིམ་པ་ཅན་ཤིན་ཏུ་ཡིན་ལ། [འདིར་ནི་]དཔེར་ན་བུམ་པ་ཆུང་ངུ་ཞེས་འཇོག་པ་ནི། བུམ་པ་ཆེན་པོ་ལ་ལྟོས་
ནས་ཆུང་ངུ་རྣམ་པར་འཇོག་པ་ཡིན་པས། ཁྱད་པར་དེ་ལྟ་བུ་བསྐྱེད་པའི་རྒྱུ་འབྲས་དང༌། རྟེན་བརྟེན་པའི་རྒྱུ་འབྲས་ལ་ནི་[སྔ་ཕྱི་]དེའི་ངེས་པ་མེད་ཅིང༌། ཀུན་གཞི་ལ་བག་ཆགས་འཇོག་ཚུལ་གྱི་རྒྱུ་འབྲས་དེ་ནི་རྟེན་བརྟེན་པའི་རྒྱུ་འབྲས་[དུས་མཉམ་]ཡིན་པས་སོ། །གཞན་ཡང་རྒྱུའི་འཇོག་མཚམས་འོག་ཏུ་འཆད་པར་འགྱུར་བ་ལྟར། དྲུག་ལ་སོགས་པ་རྣམ་པ་དུ་མ་འབྱུང་བར་སངས་རྒྱས་ཀྱིས་གསུངས་པའི་ཕྱིར། རྒྱུ་ཡིན་ན་འབྲས་བུའི་སྔ་ལོགས་སུ་འབྱུང་བ་མ་ངེས་སོ། །དེས་ན་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་གཞུང་དང་རྒྱུ་འབྲས་ཀྱི་འཇོག་ཚུལ་འདི་དང་ཀུན་གཞི་ཡོད་པར་འདོད་པ་འདི་གཉིས་མི་འགལ་ཏེ། དེའི་གཞུང་ལས་དུས་གཅིག་ཆར་དུ་ཀུན་གཞི་ལས་འཇུག་ཤེས་རིགས་མི་མཐུན་པ་དུ་མ་སྐྱེས་ཡང་ཤིན་ཏུ་གསལ་བའི་སེམས་གཟུགས་ལ་ལྷག་པར་ཆགས་པ་གཅིག་གིས་སྒྲ་ལ་ངེས་པ་རྙེད་པའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པར་བྱས་པའི་ཕྱིར་རོ། །དེས་ན་འཇུག་ཤེས་དྲུག་གཅིག་ཆར་འབྱུང་བ་ཡང་ཀུན་གཞི་ལས་བྱུང་གི་དེ་ལས་གཞན་པའི་རྒྱུ་ལས་འབྱུང་བ་མིན་ནོ། །གཞན་ཡང་ངོ་བོ་བསྐྱེད་པའི་རྒྱུ་རྣམས་ཐམས་ཅད་འབྲས་བུའི་སྔ་རོལ་དུ་ཡོད་པ་ཡིན་ཏེ། རྒྱུ་འབྲས་དུས་མཉམ་པ་ལ་ནི་འབྲས་བུའི་སྔ་རོལ་ཏུ་རྒྱུ་མེད་པས། རྒྱུ་དེ་འབྲས་བུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་དང༌། ཕྱིས་ཀྱང་རྒྱུ་དེས་འབྲས་བུ་ལ་ཉེ་བར་མི་སྦྱོར་བའི་ཕྱིར་ཞེས་པ་ཡང༌། ངོ་བོ་
བསྐྱེད་པར་བྱེད་པའི་རྒྱུ་འབྲས་ཀྱི་དབང་དུ་མཛད་དོ། །གཉིས་པ་ཉོན་ཡིད་ལུང་རིགས་ཀྱིས་སྒྲུབ་པ་ལ། རིགས་པ་དང་ལུང་གཉིས་ལས། དང་པོ་ནི། གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་མེད་པར་གྱུར་ན་འཇིག་ལྟ་དང་མཚུངས་ལྡན་གྱི་དགེ་བ་ཟག་བཅས་མི་སྲིད་པར་ཐལ་ལོ། །དེའི་རྒྱུ་མཚན་ཡང་ཉོན་ཡིད་ཀྱི་འཁོར་དུ་གྱུར་པའི་འཇིག་ལྟ་དེ་སྒྲིབ་ལུང་མ་བསྟན་ཡིན་པས། དགེ་བ་ཟག་བཅས་དང་མཚུངས་པར་ལྡན་པ་ཡིན་ལ། ཚོགས་དྲུག་གི་འཁོར་དུ་གྱུར་པའི་འཇིག་ལྟ་ནི། དགེ་བ་ཟག་བཅས་དང་མཚུངས་པར་ལྡན་པ་མིན་ནོ། །ཉོན་ཡིད་མེད་ན་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་སྙོམས་གཉིས་ལའང་ཁྱད་པར་མེད་པར་ཐལ་ཏེ། དེ་གཉིས་ཀྱི་ཁྱད་པར་འབྱེད་བྱེད་ལ། འགོག་སྙོམས་ནི་རྣམ་ཤེས་བདུན་འགོག་པ་ཞིག་ཡིན་ལ། འདུ་ཤེས་མེད་པའི་སྙོམས་འཇུག་ནི་ཉོན་ཡིད་དང་ལྡན་ཞིང་ཚོགས་དྲུག་སྤངས་པ་ཙམ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་འདུ་ཤེས་མེད་པའི་སེམས་ཅན་དུ་འཕགས་པ་རྣམས་མི་སྐྱེ་བར་བཤད་པ་ཡང་ཉོན་ཡིད་ཡོད་པའི་རྒྱུ་མཚན་གྱིས་སོ། །གཞན་ཡང་ཉོན་ཡིད་མེད་ན་བདག་འཛིན་རྒྱུད་བརྟན་པོར་འཇུག་པ་ཡང་མི་འཐད་པ་ཐལ་བར་འགྱུར་རོ། །དེའི་རྒྱུ་མཚན་ཡང་ཚོགས་དྲུག་གི་འཁོར་དུ་འབྱུང་བའི་འཇིག་ལྟ་ནི་ཡང་ཡང་རྒྱུན་ཆད་པར་འགྱུར་བའི་ཕྱིར་དང༌། ཉོན་ཡིད་ཀྱི་འཁོར་དུ་འཇིག་ལྟ་ནི་ཇི་སྲིད་འཕགས་ལམ་མ་ཐོབ་ཀྱི་བར་དུ་རྒྱུན་མི་འཆད་པའོ། །གཉིས་པ་ལུང་གིས་
སྒྲུབ་པ་ནི་མདོ་ཕྲན་ཚེགས་ལས། ཉོན་མོངས་པ་ཅན་གྱི་ཡིད་ནི་དུས་རྟག་ཏུ་ཉོན་མོངས་གཞན་དང་ལྷན་ཅིག་ཏུ་དུས་དང་པོར་བྱུང་ཞིང༌། སྐྱེ་བ་དང་མཐར་འགག་པར་འགྱུར་བ་ཡང་ཡིན་ལ། ཇི་སྲིད་ཉོན་ཡིད་དང་ལྷན་ཅིག་ཏུ་འཇུག་པའི་ཉེ་བའི་ཉོན་མོངས་པ་རྣམས་གཉེན་པོས་མ་སྤངས་པ་དེ་དེ་སྲིད་དུ་སེམས་[སྔར་]མ་གྲོལ་[ད་ལྟ་]མི་གྲོལ་[མ་འོངས་པ་]གྲོལ་བར་མི་འགྱུར་བ་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང་བཤད་པ། ཡང་དག་གནས་ལུགས་ཀྱི་དོན་ལ་འཇུག་པའི་གེགས་སུ་དུས་རྟག་ཏུ་གྱུར་པ་ནི་གཉེན་པོས་མ་སྤངས་པའི་དུས་རྣམ་པ་ཀུན་ཏུ་འབྱུང་བ་གང་ཡིན་པ་དེ་ལ་ནི་མ་འདྲེས་པའི་མ་རིག་པ་ལ་འདོད་དོ། །[རྩ་ཉོན་གཞན་དང་]མ་འདྲེས་པའི་མ་རིག་པ་ནི་ཐེག་པ་ཆེ་ཆུང་གི་མདོ་སྡེ་མང་པོར་གསུངས་པའི་ཕྱིར། ཉན་ཐོས་སྡེ་པ་རྣམས་ཀྱང་དེའི་ཐ་སྙད་ནི་འདོད་ལ། དེ་ཡང་ཡིད་ཤེས་ཀྱི་འཁོར་དུ་གྱུར་པའི་འཇིག་ལྟ་དང་མཚུངས་ལྡན་གྱི་མ་རིག་པ་ལ་འདོད་མོད། [ཡིད་ཀྱི་]དེ་ནི་དེ་[མ་འདྲེས་པ་]མ་ཡིན་ཏེ། དེ་ལ་དེའི་མཚན་ཉིད་དུ་རྟག་ཏུ་འཇུག་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དེས་ན་འདིར་རྟེན་མ་འདྲེས་པ་ཉོན་ཡིད་ལ་བརྟེན་[པ་ཡིན་]གྱི་ཚོགས་དྲུག་ལ་མི་བརྟེན་པ་དང༌། ངོ་བོ་མ་འདྲེས་པ་ལུང་མ་བསྟན་ཡིན་གྱི་དགེ་མི་དགེ་བའི་ངོ་བོར་མ་སྐྱེས་པ་ཞིག་དགོས་པས། ཉོན་ཡིད་ཀྱི་འཁོར་དུ་གྱུར་པའི་འཇིག་ལྟ་དང་མཚུངས་ལྡན་གྱི་མ་རིག་པ་ནི་དེ་འདྲ་ཡིན་ནོ། །དེ་ལྟར་ན་ཀུན་གཞི་ཡོད་པར་ལུང་རིགས་དུ་མས་
བསྒྲུབས་ཤིང༌། ཉོན་ཡིད་ཀྱང་ལུང་རིགས་ཀྱིས་ཡོད་པར་གྲུབ་ལ། ཚོགས་དྲུག་པོ་རྣམས་ནི་མངོན་སུམ་དུ་གྲུབ་པས། རྣམ་ཤེས་ཚོགས་བརྒྱད་པོ་ཡོད་པར་འདོད་དོ། །གཞན་ཡང་དེ་རྣམས་ལས་འཕྲོས་པའི་དོན་ལ། སྤྱི་ལྡོག་ནས་བག་ཆགས་དང་ནུས་པ་དང་གནས་ངན་ལེན་ཞེས་པ་རྣམས་མིང་གི་རྣམ་གྲངས་ཉིད་ཡིན་ཀྱང༌། དེ་ཡིན་ན་དེ་ཡིན་པའི་ཁྱབ་པ་མ་ངེས་ཏེ། གནས་ངན་ལེན་ནི་སྐྱོན་གྱི་ཆ་ནས་གཙོ་བོ་བཞག་ལ། གཞན་དེ་གཉིས་ལ་ནི་སྐྱོན་ཡོན་གཉིས་ཀར་གྱི་ཆ་ནས་འཇོག་པས་སོ། །གཞན་ས་བོན་དྲུག་ཏུ་གསུངས་ཏེ། ནང་གི་ས་བོན་ཕྱིའི་ས་བོན་གསལ་བའི་ས་བོན་མི་གསལ་བའི་ས་བོན། ཀུན་རྫོབ་ཀྱི་ས་བོན་དོན་དམ་གྱི་ས་བོན་དང་དྲུག་ལས། ནང་དང་མི་གསལ་བའི་ས་བོན་ནི་དོན་དམ་གྱི་ས་བོན་དང༌། འདི་སྐབས་ཀྱི་དོན་དམ་ནི་[མེའི་རང་བཞིན་ཚ་བ་ལྟ་བུ་]ཀུན་རྫོབ་ཀྱི་གནས་ཐབས་ལ་དེའི་མིང་གིས་བསྟན་པ་ཡིན་ལ། བག་ཆགས་ལ་སོགས་པ་དེ་འདྲ་རགས་པ་ནི་ནང་དང་མི་གསལ་བའི་ས་བོན་ཡིན་ཞིང༌། རྒྱུའི་ས་བོན་དང་སྐྱེད་བྱེད་ཅེས་བརྗོད་པ་དེ་རྣམས་ཀྱང་མིང་གི་རྣམ་གྲངས་སོ། །མངོན་པར་བརྗོད་པའི་བག་ཆགས་སམ་འཕྲོས་པའི་བག་ཆགས་ཞེས་གསུངས་པ་ནི། ཡིད་རྟོགས་བཅས་ཡུལ་སྣ་ཚོགས་ལ་འཕྲོས་པའི་རྣམ་རྟོག་གི་ས་བོན་ཡིན། དེ་ཡང་ད་ལྟ་ཡིད་ཡུལ་སྣ་ཚོགས་ལ་འཕྲོ་བའི་རྣམ་རྟོག་གི་བག་ཆགས་ཀུན་གཞི་ལ་བཞག་པས། དེའི་མཐུ་ལས་ཕྱིས་ཀྱང་ཡིད་རྟོག་ཡུལ་ལ་འཕྲོ་བའི་རྟོག་པ་
སྣ་ཚོགས་འཆར་བར་འགྱུར་བས་སོ། །དེ་ཉིད་ལ་མངོན་པར་བརྗོད་པའི་བག་ཆགས་ཞེས་འཇོག་པའི་རྒྱུ་མཚན་ནི། ཡིད་ཀྱི་མངོན་པར་བརྗོད་པ་རྣམ་རྟོག་ཡིན་ལ། དེའི་བག་ཆགས་ཡིན་པས་ན་དེར་བཞག་གོ །འཇིག་ལྟའི་བག་ཆགས་སམ་བདག་ལྟའི་བག་ཆགས་ཞེས་གསུངས་པ་ནི། བདག་ཏུ་འཛིན་པའི་རྣམ་རྟོག་གིས་བགོས་པས་ཀུན་གཞི་ལ་དེའི་ས་བོན་འཇོག་པ་ཡིན་ཞིང༌། དེའི་མཐུ་ལས་ཕྱིའི་བདག་འཛིན་གྱི་སྣང་བ་བསྐྱེད་པར་བྱེད་པ་དེ་ཡིན་ནོ། །ལས་སམ་སྲིད་པའི་ཡན་ལག་གི་བག་ཆགས་ཞེས་གསུངས་པ་ནི། ད་ལྟ་ལུས་ངག་ཡིད་གསུམ་གྱིས་ལས་དགེ་སྡིག་སྣ་ཚོགས་པ་བྱས་ཤིང༌། ལས་དེའི་བག་ཆགས་ཀུན་གཞི་ལ་བཞག་པས། ཕྱིས་མ་འོངས་པ་ན་རང་ཉིད་སྐྱེ་བ་དང་འཆི་བ་དང་འབྱོར་བ་དང༌། རྒུད་པ་དང༌། བདེ་སྡུག་ལ་སོགས་པའི་སྣང་བ་འཆར་བར་འགྱུར་བའི་ས་བོན་ནོ། །ཉོན་མོངས་པ་དང་དགེ་བ་ལ་སོགས་པ་སྣ་ཚོགས་པའི་བག་ཆགས་འཇོག་ཚུལ་ཡང་དེ་རྣམསཀྱི་རིགས་འགྲེས་ཤེས་པར་ནུས་སོ། །ཡང་ན་བག་ཆགས་ཐམས་ཅད་མདོར་བསྡུ་ན། ཀུན་ནས་ཉོན་མོངས་འཁོར་བའི་ས་བོན་དང༌། རྣམ་བྱང་ལམ་གྱི་ས་བོན་གཉིས་སུ་འདུས་ལ། འཛིན་པ་གཉིས་ཀྱི་བག་ཆགས་ཞེས་བཤད་པ་ལའང་གཟུང་བ་དང་འཛིན་པ་གཉིས་ཀྱི་ས་བོན་ཡིན་ནོ། །ཡང་ན་བག་ཆགས་ཐམས་ཅད་ནི་རྒྱུ་མཐུན་གྱི་བག་ཆགས་དང་རྣམ་སྨིན་གྱི་བག་ཆགས་གཉིས་སུ་འདུས་ལ། རྒྱུ་མཐུན་ནི་བག་ཆགས་འགའ་ཞིག་འཇོག་བྱེད་དང་རིགས་འདྲ་བསྐྱེད་པའི་ནུས་པ་སྟེ། དགེ་ལས་དགེ་བ་དང༌།
མི་དགེ་ལས་མི་དགེ་བ་དང༌། ལུང་མ་བསྟན་ལས་ལུང་མ་བསྟན་བསྐྱེད་པ་ལྟ་བུ་སྟེ། དཔེར་ན་ཚེ་འདིར་ཚུལ་ཁྲིམས་བསྲུངས་བས་དེའི་བག་ཆགས་ཀུན་གཞི་ལ་བཞག །དེའི་མཐུ་ལས་སྐྱེ་བ་ཕྱི་མ་ལ་བསྲུང་སེམས་ཀྱི་དགེ་བ་སྐྱེ་བ་ལྟ་བུའོ། །རྣམ་སྨིན་ནི་བག་ཆགས་གང་གིས་འཇོག་བྱེད་དང་རིགས་མི་མཐུན་བསྐྱེད་པ་སྟེ། དགེ་བའི་བག་ཆགས་བཞག་པའི་མཐུ་ལས་འབྲས་བུ་ལུང་མ་བསྟན་སྐྱེ་བ་ལྟ་བུ་སྟེ། དཔེར་ན་ཚེ་འདིར་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་བག་ཆགས་ཀྱི་ས་བོན་ལས། ཕྱི་མ་ལ་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་ལྟ་བུ་སྟེ། ལུས་དེ་ནི་ལུང་མ་བསྟན་ཡིན་པས་སོ། །གཞན་ཡང་ལུང་མ་བསྟན་དང་ཉོན་ཡིད་དང་མཚུངས་ལྡན་དང་ཟག་པ་མེད་པའི་དགེ་བ་རྣམས་རྒྱུ་མཐུན་ཁོ་ནར་འདོད་ཀྱི་རྣམ་སྨིན་ནི་མ་ཡིན་ཏེ། དེ་དག་གི་རྣམ་སྨིན་འཕེན་མི་ནུས་པའི་ཕྱིར་རོ། །ཕྱི་མ་ཟག་མེད་ཀྱི་དགེ་བ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་[ཐབས་མཁས་ཀྱིས་] དབང་བསྒྱུར་བ་ནི་མ་གཏོགས་[རྣམ་སྨིན་འཕེན་མི་ནུས་]སོ། །གཞན་ཡང་ཀུན་གཞི་འཁོར་དང་བཅས་པ་དེ་ཉིད་རྣམ་གྲངས་གཞན་གྱི་སྒོ་ནས་འཆད་པ་ལ། སྤྱིར་ཀུན་གཞི་འཁོར་བ་ཇི་སྲིད་དུ་འཇུག་པའི་ཤེས་པ་ཡིན་ལ། འཁོར་བ་ལ་རགས་པ་དང་ཕྲ་བ་གཉིས་ཡོད་པ་ལས། དང་པོ་ནི། ཁམས་གསུམ་[གྱི་མིང་གཟུགས་ཀྱི་ཉེར་ཕུང་]འཁོར་བ་ཀུན་ནས་ཉོན་མོངས་པས་བསྡུས་པ་ཉིད་ཡིན་ཞིང༌། དེ་ནི་ཐེག་དམན་གྱི་དགྲ་བཅོམ་གཉིས་དང། ཐེག་ཆེན་གྱི་འཕགས་ལམ་ནམ་ཐོབ་པ་དེའི་ཚེ་འཁོར་བ་དེ་སྤངས་
པ་ཡིན་པས། སྤྱིར་ཀུན་གཞི་བག་ཆགས་ཀུན་དང་ལྡན་[པ་ཡིན་]གྱི་[འཁོར་བ་སྤངས་པ་]དེའི་ཚེ་ཁམས་གསུམ་འཁོར་བའི་བག་ཆགས་དང་མི་ལྡན་པས། ཀུན་གཞིའི་མཚན་ཉིད་གནས་ཡོངས་སུ་གྱུར་པ་ཡིན་གྱི་ངོ་བོ་གནས་ཡོངས་སུ་གྱུར་པ་མ་ཡིན་ལ། འཁོར་བ་ཕྲ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ཀྱི་ལས་དང༌། ཡིད་ཀྱི་རང་བཞིན་གྱི་ལུས་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལ་སོགས་པ་རྣམ་བྱང་གིས་བསྡུས་པའི་འཁོར་བ་ཕྲ་མོ་དེ་ཡང་སྤངས་ཏེ་སངས་རྒྱས་པ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པའི་ཕྱིར། ཀུན་གཞིའི་ངོ་བོ་ཡང་གནས་གྱུར་པ་ཡིན་པས་འཁོར་བ་ཇི་སྲིད་པ་འཇུག་ཚུལ་དེ་ལྟར་ཤེས་དགོས་པ་ཡིན་ལ། ཀུན་གཞིའི་སྟེང་དུ་ཀུན་ནས་ཉོན་མོངས་པའི་བག་ཆགས་བཞག་པ་ལས་འཁོར་བ་འབྱུང་བ་དང༌། རྣམ་བྱང་གིས་ས་བོན་བཞག་པ་ལས་མྱང་འདས་ཐོབ་པར་འགྱུར་བའི་ཕྱིར། འཁོར་འདས་གཉིས་ཀར་གྱི་གཞིར་གྱུར་པ་ཡིན་ལ། དེའི་ངོ་བོ་ནི་ཁ་ཕྱིར་བལྟ་བའི་ཤེས་པ་མ་ཡིན་པས། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་གསལ་ཞིང་རིག་པ་གང་ཟག་དེའི་རང་གི་གནས་དོན་ལུས་གསུམ་ཐམས་ཅད་ལ་ཁྱབ་པའི་དངོས་པོ་ཞིག་གོ །དེ་ཡང་སྤྱིར་ཀུན་གཞི་ཙམ་གྱིས་སེམས་ཅན་གྱི་གནས་ལུས་ལོངས་སྤྱོད་ཐམས་ཅད་དེ་ལས་བྱུང་ཞིང་དེའི་སྣང་བ་ཙམ་ཡིན་པས་ན། དེས་དེ་རྣམས་ལ་ཁྱབ་ཅེས་འཇོག་པ་ཡིན་ལ། ཞིབ་མོར་སྐྱེས་བུ་ལྷ་
སྦྱིན་ལ་སྣང་བའི་གནས་དོན་ལུས་གསུམ་གྱི་སྣང་བ་ལ། ལྷ་སྦྱིན་གྱི་ཀུན་གཞིས་ཁྱབ་པ་ཡིན་ལ། མཆོད་སྦྱིན་གྱིས་གནས་དོན་ལུས་གསུམ་གྱི་སྣང་བ་ལ། ལྷ་སྦྱིན་གྱི་ཀུན་གཞིས་ཁྱབ་པ་མ་ཡིན་ཏེ། དེའི་བག་ཆགས་ཀྱི་མཐུ་ལས་དེ་རྣམས་སྣང་བ་མ་ཡིན་པའི་ཕྱིར་རོ། །ཀུན་གཞིའི་རྒྱུ་ནི་བག་ཆགས་གསར་རྙིང་ཀུན་འདུས་པ་ཡིན་ལ། དེ་ཡང་བག་ཆགས་འདེབས་པར་བྱེད་པ་པོ་ནི་འཇུག་ཤེས་བདུན་ཡིན་པས། དེ་རྣམས་ཀྱིས་བཏབ་པའི་བག་ཆགས་ཀྱིས་ཀུན་གཞི་བསྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཀུན་གཞི་གསར་དུ་འགྲུབ་པའི་རྒྱུའི་རྣམ་བཞག་འཇོག་མོད་ཀྱང༌། རིགས་དྲུག་སོ་སོ་ལ་ལྟོས་པའི་ཀུན་གཞིའི་རྒྱུ་ནི་དེ་ལྟར་མིན་ནོ། །ཀུན་གཞིའི་འབྲས་བུ་ནི་གནས་དང་དོན་དང་ལུས་སུ་སྣང་བ་རྣམས་ཡིན་ལ། ཀུན་གཞིའི་བྱེད་ལས་ནི་འཇུག་ཤེས་བདུན་གྱིས་འཕྲལ་དུ་བཏབ་པའི་ས་བོན་རྣམས་བསྒོ་བའི་གཞི་བྱས་ཏེ་འཛིན་པ་ཡིན་ལ། ས་བོན་གསར་པ་དང་རྙིང་པ་བཏབ་ཟིན་པ་རྣམས་ནི་ཆུད་མི་ཟ་བའི་ཚུལ་གྱིས་འཛིན་པ་ཡིན་ནོ། །ཀུན་གཞི་ལྡན་པ་ནི་དེའི་རྣམ་འགྱུར་གྱི་ཚུལ་དུ་འཇུག་པའི་རྣམ་པར་ཤེས་པ་བདུན་དང༌། དེ་དག་གི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་དང༌། གཞན་གནས་[དབང་རྟེན་དང་]དོན་[ཡུལ་ལྔ་དང་]ལུས་[མིག་དབང་སོགས་]གསུམ་གྱི་སྣང་བ་སྣ་ཚོགས་པ་རྣམས་ཀུན་གཞི་ལས་ཡོངས་སུ་སྤྲུལ་ཞིང༌། དེའི་མཐུ་ལས་སྣང་བ་ཙམ་ཡིན་པའི་ཕྱིར། རང་
བཞིན་ཀུན་གཞི་ལ་དེ་རྣམས་རྣམ་འགྱུར་ཚུལ་གྱི་ལྡན་པ་ཡིན་ནོ། །ཀུན་གཞིའི་དམིགས་པ་ནི་ཀུན་གཞི་རང་ཉིད་དང༌། འབྲས་བུ་གོང་དུ་བསྟན་པ་དེ་ཀུན་ལ། རྣམ་པ་མི་གསལ་བའི་ཚུལ་གྱྀས་དམིགས་པ་ཡིན་ནོ། །རྣམ་པར་འཇུག་པ་ནི་ཀུན་གཞི་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ནུས་པ་འམ་ས་བོན་གྱི་ཚུལ་གྱི་གནས་པ་ཡིན་ནོ། །དབྱེ་བའི་འཇུག་པ་ལ་གོང་དུ་བསྟན་པ་ལྟར་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་སུ་འདོད་དོ། །གཞན་ཡང་ཀུན་གཞི་ནི་འཇུག་པའི་རྣམ་པར་ཤེས་པ་ཀུན་གྱི་ཐུན་མོང་གི་བདག་པོའི་རྒྱུ་དང་བདག་པོའི་རྐྱེན་ཡང་ཡིན་ལ། ཐུན་མོང་མ་ཡིན་པར་རང་རང་སོ་སོའི་བདག་པོའི་རྒྱུ་ནི་ཐེག་ཆེན་གྱི་སྐབས་འདིར་དབང་པོ་ལྔ་རྡུལ་ཕྲ་རབ་ཀྱི་རང་བཞིན་ཅན་མི་འདོད་པས། མིག་གི་དབང་པོར་སྣང་བའི་རྣམ་རིག་ནས་ལུས་ཀྱི་དབང་པོར་སྣང་བའི་རྣམ་རིག་བག་ཆགས་རྣམས་ཡིན་ལ། ཡེ་ཤེས་ནི་ཉོན་མོངས་པ་ཅན་གྱི་ཡིད་བདག་པོའི་རྐྱེན་དུ་འདོད་དོ། །དེ་རྣམས་ཀྱི་དམིགས་པ་ཡང་གཟུགས་སྣང་བའི་རྣམ་རིག་ནས་རེག་བྱར་སྣང་བའི་རྣམ་རིག་གི་བར་གྱི་ཡུལ་ལྔ་པོ་རྣམས་ནི། དབང་ཤེས་ལྔའི་དམིགས་པའི་རྐྱེན་དང༌། ཡིད་ཤེས་ཀྱི་དམིགས་རྐྱེན་ནི་འདས་པ་དང་མ་འོངས་པ་རྣམས་དངོས་པོ་མེད་པའི་ཕྱིར། དངོས་སུ་དམིགས་སུ་མེད་པས་ན། དུས་གསུམ་དུ་སྣང་བའི་རྣམ་རིག་དང་ཆོས་ཀྱི་སྐྱེ་མཆེད་པར་སྣང་བའི་རྣམ་རིག་རྣམས་ཡིན་ལ། ཉོན་ཡིད་ཀྱི་བདག་རྐྱེན་ནི་ཀུན་གཞི་རྣམ་ཤེས་སོ། །
དེ་རྣམས་ཀྱི་དེ་མ་ཐག་རྐྱེན་ནི་རང་རང་གི་ཡུལ་དེ་རྣམས་ལ་མངོན་དུ་ཕྱོགས་ཤིང་གཏོད་པར་བྱེད་པའི་ཡིད་བྱེད་ཡིན་ཏེ། གཞན་རྣམས་ནི་རྟོགས་པར་སླ་ལ། ཉོན་ཡིད་ཀྱི་དེ་མ་ཐག་རྐྱེན་ཡུལ་ཀུན་གཞི་ལ་གཏོད་པར་བྱེད་པའི་ཡིད་བྱེད་ཉོན་ཡིད་ཀྱི་འཁོར་དུ་བྱུང་བ་དེའོ། །ཆོས་མངོན་པ་ཕལ་ཆེ་བ་རྣམ་པར་ཤེས་པ་རང་རང་གི་རིགས་འདྲ་སྐད་ཅིག་དང་པོ་འདས་མ་ཐག་པ་གང་ཡིན་པ་དེ་སྐད་ཅིག་མ་གཉིས་པའི་དེ་མ་ཐག་རྐྱེན་དུ་འདོད་པ་མང་ཡང༌། རང་ལུགས་ནི་སྤྱིར་ཤེས་པ་ཐམས་ཅད་ལ་རང་རང་གི་སྐད་ཅིག་མ་དང་པོ་འདས་མ་ཐག་པའི་དེ་མ་ཐག་རྐྱེན་བྱེད་པར་ཡང་མ་ངེས་ལ། འགའ་ཞིག་ལ་བྱེད་པའང་ཡོད་པས། དེ་ལྟར་ན་དེ་ནི་ཤེས་པ་སྐད་ཅིག་གཉིས་པའི་རྒྱུ་རྐྱེན་དུ་འགྱུར་རོ། །དེ་ཡང་དཔེར་ན་ཇ་སྦྱོར་གཅིག་ཙམ་གྱི་ཡུན་ཚོད་དུ་མེ་ཏོག་སྔོན་པོ་ཞིག་ལ་མིག་གཏད་དེ། སྔོན་པོ་འཛིན་པའི་མིག་ཤེས་ཁོ་ན་ལ་གནས་པ་ན། ཕལ་གྱིས་བལྟས་ན་ཤེས་པ་གཞན་གྱི་བར་མ་ཆོད་པས་རྒྱུན་མ་ཆོད་པར་བྱུང་བ་ལས་གཅིག་ཏུ་འཁྲུལ་ཏེ་སྔོ་སྣང་དབང་ཤེས་གཅིག་སྐྱེའོ་སྙམ་དུ་འབྱུང་ཡང༌། དེ་ལྟར་མ་ཡིན་ཏེ་དེ་ལ་ཡང་སྔོ་སྣང་དབང་ཤེས་སྐད་ཅིག་མ་མང་པོ་ཡོད་པ་ཡིན་ཞིང༌། དེ་ལ་ཡང་སྐད་ཅིག་མ་དང་པོ་ལས་གཉིས་པ་སྐྱེ་བ་དང༌། གཉིས་པ་ལས་གསུམ་པ་སྐྱེ་བ་ལ་སོགས་པ་ཡང་ཡོད་སྲིད་ཀྱང༌། ཕལ་ཆེར་ནི་ཀུན་གཞི་རྣམ་ཤེས་ལས་སྔོ་སྣང་དབང་ཤེས་སྐད་ཅིག་མ་གཅིག་སྐྱེས་དེ་འགག་པར་གྱུར། ཡང་ཀུན་གཞི་ལས་
སྔོ་སྣང་དབང་ཤེས་གཅིག་སྐྱེ་བ་སོགས་ཀུན་གཞི་རང་ལས་སྐྱ་རེ་བ་ཉག་རེ་སྐྱེ་བ་མང་དུ་ཡོད་པས་མཐའ་གཅིག་ཏུ་ཤེས་པ་སྐད་ཅིག་མ་དང་པོ་འདས་མ་ཐག་པ་དེ་སྐད་ཅིག་མ་གཉིས་པའི་དེ་མ་ཐག་རྐྱེན་དུ་འདོད་པ་རྣམས་ལ་ནི། དེ་མ་ཐག་རྐྱེན་མ་ཚང་བའི་སྐྱོན་དུ་འགྱུར་རོ། །གཉིས་པ་དེ་རྣམས་ཀྱི་རྒྱུ་འབྲས་ཀྱི་ཁྱད་པར་བསྟན་པ་ནི། རྗེ་བཙུན་བྱམས་མགོན་གྱིས་དབུས་མཐར་གསུངས་པའི་དོན་ནི། སྤྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་པ་ནི། ཉན་ཐོས་རྣམས་ཀྱི་འདོད་པ་ལ་ཤེས་པ་གང་རྟོག་པ་[རྩིང་པ་]དང་བཅས་པ་དཔྱོད་པ་[ཞིབ་པ་]དང་བཅས་པ་དེ་ནི་ཡང་དག་མིན་རྟོག་ཡིན་ཏེ། དཔེར་ན་འདོད་ཁམས་ཀྱི་ཤེས་པ་ནི་རྟོག་དཔྱོད་ཀྱི་རང་བཞིན་ཅན་ཡིན་པ་དང༌། བསམ་གཏན་དང་པོའི་ཉེར་ལྡོག་དང་དངོས་གཞི་ཙམ་པོ་ཡང་དེ་དང་འདྲ་བ། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ནི་རྟོག་པ་སྤངས་ཀྱང་དཔྱོད་པ་དང་བཅས་པ་ཡིན་པས། དེ་མན་ཆད་ཀྱི་ཤེས་པ་རྣམས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་དུ་ཆུག་མོད། བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་རྒྱུ་སྙོམས་འཇུག་དང་འབྲས་བུ་སྐྱེ་བའི་བསམ་གཏན་གཟུགས་མེད་གང་ཡིན་ཡང་རུང༌། རྟོག་མེད་དཔྱོད་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མ་ཡིན་ནོ་སྙམ་ན། དེ་ལྟར་མ་ཡིན་གྱི་སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་གྱི་བསྡུས་པ་ཐམས་ཅད་ཡང་དག་པ་མ་ཡིན་པས་ཀུན་ཏུ་རྟོག་པ་ཡིན་ཞེས་བསྟན་
པ་ཡིན་ལ། འོ་ན་སེམས་དང་སེམས་ལས་བྱུང་བའི་ཁྱད་པར་ཅི་ལྟ་བུ་ཞེ་ན། ཡུལ་དོན་གྱི་ངོ་བོ་ཙམ་ཤེས་པ་ཉིད་རྣམ་ཤེས་དང༌། ཡུལ་གྱི་ཁྱད་པར་ཡོངས་སུ་ཤེས་པ་ནི་རྣམ་ཤེས་དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཡིན་ནོ། །དེ་ཡང་དཔེར་ན་མིག་དང་གཟུགས་འདུས་པ་ལ་བརྟེན་ནས་མིག་ཤེས་སྐྱེས་པའི་ཚེ། མིག་གི་རྣམ་ཤེས་དེས་ནི་གཟུགས་དེའི་ངོ་བོ་སྣང་ཙམ་གཅིག་རིག་པ་ཡིན་ལ། གཟུགས་ལེགས་ཉེས་དང་ཆེ་ཆུང་སོགས་ཀྱི་ཁྱད་པར་ནི། མིག་ཤེས་དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཀྱིས་ཤེས་པའོ། །གཞན་ཡང་རྣམ་ཤེས་ཚོགས་བརྒྱད་ལས་ཀུན་གཞི་གཅིག་པུ་ནི་རྐྱེན་གྱི་རྣམ་པར་ཤེས་པ་ཡིན་པ་དང་གཉིས་པ་འཇུག་ཤེས་བདུན་པོ་རྣམས་ནི་ཉེ་བར་སྤྱོད་པ་ཅན་གྱི་ཤེས་པ་ཡིན་ནོ། །དེ་ཡང་འཇུག་ཤེས་བདུན་པོ་དེ་རྣམས་ལ་ཉེར་སྤྱོད་རེ་རེ་ཡོད་པ་ཡིན་ཏེ། འཇུག་ཤེས་དྲུག་པོ་རྣམས་ཀྱི་ཉེར་སྤྱོད་ནི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཡིན་ཏེ། དེ་རྣམས་ཚོགས་དྲུག་གིས་ཉམས་སུ་མྱོང་ཞིང་ལོངས་སྤྱོད་པའི་ཕྱིར་རོ། །ཉོན་ཡིད་ཀྱི་ཉེར་སྤྱོད་ཀྱང་ཀུན་གཞི་ལ་དམིགས་ནས་བདག་ཏུ་སྣང་ཙམ་ཞིག་ཉམས་སུ་མྱོང་བས་ན་འཇུག་ཤེས་བདུན་པོ་དེ་རྣམས་ནི་ཡུལ་ཉེ་བར་སྤྱོད་པ་ཅན་ཡིན་ནོ། །ལོངས་སྤྱོད་དང་ནི་ཞེས་པ་ནི་ཚོར་ཕུང་སྟེ། དཔེར་ན་མིག་ཤེས་རྟེན་དང་བཅས་པས་སྔོན་པོ་མཐོང་བས་ན་མིག་ཤེས་ཀྱི་སྔོན་པོ་སྣང་བ་ཉམས་སུ་མྱོང་ཞིང་ལོངས་སྤྱོད་པ་ནི་ཚོར་བའོ། །
དེའི་རྗེས་སུ་འདི་ནི་ལེགས་སོ་ཉེས་སོ་སྙམ་པ་ཡུལ་གྱི་ཁྱད་པར་དཔྱོད་པ་ནི་འདུ་ཤེས་སོ། །དེ་ནས་ཡུལ་སྔོན་པོ་དེ་ལ་ལེགས་སོ་སྙམ་པའི་འདུ་ཤེས་ཀྱི་ཉེ་བར་དྲངས་ཏེ་ཞེན་ཅིང་ཆགས་པ་དང༌། ཉེས་སོ་སྙམ་པའི་འདུ་ཤེས་ཀྱི་ཉེ་བར་དྲངས་ཏེ། སྤོངས་ཤིང་སྡང་བར་བྱེད་པ་རྣམས་འདུ་བྱེད་དེ། དེས་ནི་ལས་གསོག་པར་ནུས་པ་ཡིན་ལ། དེ་ལ་འཇུག་བྱེད་ཅེས་པས་བསྟན་པ་ཡིན་ཞིང༌། དེ་ལྟར་ཚོར་བ་འདུ་ཤེས་འདུ་བྱེད་དེ་རྣམས་སེམས་ལས་བྱུང་བ་ཡིན་ནོ། །འཁོར་བ་འབྱུང་ལྡོག་གི་ཚུལ་དངོས་མདོ་སྡེ་རྒྱན་དུ་གསུངས་པ་ནི་རང་གི་ཁམས་ཀུན་གཞི་རྣམ་པར་ཤེས་པ་ལ་དོན་ལ་མེད་བཞིན་དུ་བག་ཆགས་ཀྱི་མཐུ་ལས། གཟུང་འཛིན་གཉིས་སུ་སྣང་བ་འབྱུང་ཞིང༌། དེ་ལས་མ་རིག་པ་དང༌། ཉོན་མོངས་གཞན་འདོད་ཆགས་དང་ཞེ་སྡང་སོགས་དང་ལྷན་ཅིག་ཏུ་འཇུག་པའི་རྣམ་རྟོག་རབ་ཏུ་འབྱུང་ལ། དེ་ལས་བསགས་པས་དེའི་མཐུ་ལས་ཁམས་གསུམ་འཁོར་བར་སྐྱེ་བར་འགྱུར་བ་ཡིན་ནོ། །མ་རིག་ཉོན་མོངས་ལྷན་ཅིག་ཏུ་ཞེས། ཉོན་མོངས་གཞན་ལས་མ་རིག་པ་ལོགས་སུ་བཀར་བའི་རྒྱུ་མཚན་ཅི་ཞེ་ན། མ་རིག་པ་ནི་བྱ་བ་བྱེད་པ་ལ་ཉོན་མོངས་གཞན་ལས་ལྷག་པར་བསྔགས་པ་ཞིག་ཡོད་པས་ན་ལོགས་སུ་སྨོས་པ་ཡིན་ལ། དེ་ཡང་མ་རིག་པ་ནི་གཟུང་འཛིན་གཉིས་སུ་སྣང་བ་དེ་བདེན་པར་མེད་པ་ལ་མེད་པར་མ་རིག་པ་དང༌། གཟུང་འཛིན་གཉིས་སྣང་མེད་པ་ལ་ཡོད་པར་འཁྲུལ་བའི་ཤེས་པ་ཞིག་ཡིན་ལ། དེའི་མཐུ་ལས་འགའ་ཞིག་
ལ་ཆགས་པ་དང༌། འགའ་ཞིག་ལ་སྡང་བ་ལ་སོགས་པ་ཉོན་མོངས་པ་གཞན་རྣམས་ཀྱང་སྐྱེ་བར་འགྱུར་བས་སོ། །རྫས་གཉིས་རྣམ་པར་སྤངས་པ་ཡིན་ཞེས་པ་ནི་གཟུང་འཛིན་གཉིས་སུ་སྣང་བ་ཡང་ད་ལྟ་སེམས་འཁྲུལ་བའི་དབང་གིས་གཟུང་བ་ཞེས་བྱ་ཕྱི་རོལ་ནས་འཛིན་པ་ལས་རྫས་ཐ་དད་པའི་ཚུལ་གྱིས་གྲུབ་པ་དང་འཛིན་པ་ཡང་གཟུང་བ་ལས་རྫས་ཐ་དད་པའི་ཚུལ་གྱིས་ནང་ན་ཡོད་པ་ལྟར་སྣང་བ་ཡིན་ཡང༌། དོན་ལ་ནི་རྣལ་འབྱོར་པ་ཡང་དག་ཀུན་རྫོབ་ལ་རྣམ་ཤེས་དག་པ་བ་གསལ་རིག་ཙམ་ཞིག་ཡོད་པ་ཡིན་ལ། དེ་ཉིད་ཁོ་ན་ཡུལ་གཟུང་བའི་རྣམ་པར་ཡང་སྣང༌། ཡུལ་ཅན་འཛིན་པའི་རྣམ་པར་ཡང་སྣང་བ་ཡིན་གྱི། རྫས་ཐ་དད་པ་མེད་དེ་ཤེས་པ་གཅིག་གཉིས་སུ་སྣང་བས་སོ། །འཁོར་བ་ལྡོག་པའི་ཚུལ་ནི་ཐོག་མར་དམིགས་པའི་ཁྱད་པར་ཐོབ་པ་ལ་བརྟེན་ནས། ཞི་གནས་དང་ལྷག་མཐོང་གོམས་པར་བྱས་པས། གཟུང་འཛིན་གཉིས་སུ་སྣང་བ་མེད་པར་རང་གི་དབྱིངས་གནས་ཚུལ་ལ་ཞུགས་པར་གྱུར་པ་ཡིན་ཏེ། དེ་ཡང་ཞིབ་ཏུ་བཤད་ན་དམིགས་པའི་ཁྱད་པར་ནི་རྣམ་པ་བཞི་ཡིན་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ཆོས་དང་ནང་དང་ནི། །ཕྱི་དང་གཉིས་ནི་ཡོད་པར་འདོད། །ཅེས་གསུངས་པ་ལྟར། ཆོས་ཇི་འདྲ་ཞིག་ཉམས་སུ་ལེན་ན། ཡང་སངས་རྒྱས་ཀྱི་ལུང་དམ་པའི་ཆོས་ཀྱི་གསུང་རབ་ཞིག་ལ་དམིགས་ནས་བསྒོམ་དགོས་པ་ཡིན་ཏེ། དཔེར་
ན་འཆི་བ་མི་རྟག་པ་དང༌། ཆོས་ཀྱི་བདག་མེད་ཅི་རིགས་པ་ཙམ་ཞིག་ཕྱི་ནང་གཉིས་ཀ་ཐུན་མོང་དུ་ཡོད་ཀྱང༌། ཕྱི་བའི་དེ་བསྒོམ་པའི་ཐར་བ་ཐོབ་པའི་རྒྱུར་མི་འགྲོ་ཞིང༌། ནང་བའི་དེ་བསྒོམས་པས་ཐར་བའི་རྒྱུར་འགྲོ་བའི་རྒྱུ་མཚན་ཡང༌། སངས་རྒྱས་ཀྱི་ལུང་ལ་དམིགས་མ་དམིགས་ཀྱི་ཁྱད་པར་ཡིན་ལ། དེའི་རྒྱུ་མཚན་ཡང་གསུང་རབ་ནི་ཆོས་སྐུའི་རྒྱུ་མཐུན་པ་ཡིན་པས་སངས་རྒྱས་ཀྱི་ཐུགས་ཆོས་ཀྱི་སྐུའི་སྤར་ལྟ་བུ་ཡིན་ལ། དེ་ལ་དམིགས་ཏེ་སྒོམ་པ་ན། སྤར་དེ་རང་རྒྱུད་ལ་ཐེབས་པའི་ཚུལ་གྱིས་ཡིན་པས་ན། སངས་རྒྱས་ཀྱི་རྒྱུར་འགྲོ་བའི་རྒྱུ་མཚན་དེ་ལྟར་ཡིན་ནོ། །ནང་གི་དམིགས་པ་ནི་ནང་འཛིན་པའི་སེམས་དང༌། ཕྱིའི་དམིགས་པ་ནི་གཟུང་བའི་ཡུལ་དང༌། གཉིས་ཀའི་དམིགས་པ་ནི་དེ་གཉིས་ཀ་ལ་ཁྱབ་པ་སྤྲོས་བྲལ་གྱི་ཡེ་ཤེས་སོ། །ཕྱི་ནང་གཉིས་པོ་དེ་ལམ་བསྒོམ་པའི་དམིགས་པར་འགྱུར་བའི་ཚུལ་ནི། དཔེར་ན་བུད་མེད་གཟུགས་མཛེས་པར་གྱུར་པ་ཞིག་སྣང་བར་གྱུར་པ་ན། དེ་ཉིད་ཡིད་དུ་འོང་བར་འཛིན་པའི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རྣམ་རྟོག་སྐྱེས་པ་ན། དེ་ལ་སྲེད་པའི་འདོད་ཆགས་དྲག་པོ་སྐྱེ་བར་འགྱུར་བ་ཡིན་ལ། ཡུལ་དེ་ཉིད་མི་གཙང་བ་དང༌། མི་རྟག་པར་ཤེས་པ་ལ་སོགས་པ་ཚུལ་བཞིན་ཡིད་བྱེད་སྐྱེས་པ་ན། མི་སྡུག་པའི་རང་བཞིན་སྐྱེ་བ་ཡིན་པས། ཡུལ་དེ་ལ་མ་སྐྱེ་བའི་དམིགས་པ་ཡང་སོང་བ་ཡིན། དེས་
ན་ཡུལ་རང་ངོས་ནས་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་སྐྱེ་བའི་དམིགས་པ་གཅིག་ཏུ་མ་ངེས་ཀྱང༌། དམིགས་ཡུལ་གཅིག་པུ་དེ་ཀ་ཚུལ་བཞིན་དུ་ཡིད་ལ་བྱས་པ་དང༌། མ་བྱས་པའི་ཁྱད་པར་ལས་དེ་དང་དེ་སྐྱེ་བ་ཡིན་ནོ། །དེ་ལྟ་བུའི་དམིགས་པའི་ཁྱད་པར་དེ་ཐོབ་པ་ལ་བརྟེན་ནས། རང་རྒྱུད་ལྤགས་པ་གྱོང་པོ་དང་འདྲ་བའི་འདི་འདུལ་བར་བྱེད་པ་ཞི་གནས་ཀྱི་ཏིང་ངེ་འཛིན་དང༌། ཡ་ཡོ་དང་འཁྱག་འཁྱོག་མེད་པར་བྱས་ཏེ། མདའ་དྲངས་པོར་བསྲངས་པ་དང་མཚུངས་པར་རང་རྒྱུད་རྟག་ཆད་ཀྱི་མདའ་ཡ་ཡོ་བསྲངས་ཏེ་དབུ་མའི་ལམ་དུ་དྲངས་པོར་བྱེད་པ། ལྷག་མཐོང་གི་ཏིང་ངེ་འཛིན་སྒོམ་པར་བྱེད་པ་ཡིན་ནོ། །དེ་ཡང་ཞི་གནས་ཐུན་མོང་ཡིན་པས་བདག་མེད་ཀྱི་དོན་དང་ལྡན་པའི་ཞི་གནས་དང་ལྷག་མཐོང་ཐུན་མོང་མ་ཡིན་པའི་སེམས་རྩེ་གཅིག་གནས་པ་དང་ལྡན་པའི་ལྷག་མཐོང་ལ་བརྟེན་ནས། རིམ་པ་བཞིན་དུ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཐོབ་པ་ཡིན་ནོ། །དེ་ཡང་སེམས་ཀུན་གཞི་རྣམ་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བ་ལ་བརྟེན་ནས་ཆགས་སོགས་ཉོན་མོངས་དང་ལས་ལ་སོགས་པ་སྐྱེས་ནས་འཁོར་བར་འཇུག་པ་དང༌། སེམས་གཟུང་འཛིན་གཉིས་སུ་སྣང་བ་ལ་བརྟེན་ནས་དད་སོགས་ལམ་གྱི་རིམ་པ་ཡང་འཆར་བར་འགྱུར་བ་ཡིན་པས། ལམ་རྣམས་ནི་གཟུང་འཛིན་གཉིས་སྣང་ལས་བྱུང་བས། གཟུང་འཛིན་གཉིས་འཇོམས་པར་
བྱེད་པ་ཡིན་ཏེ། སྡིག་པ་དང་ཤིང་སྲིན་གྱི་དཔེས་བསྟན་པ་བཞིན་ནོ། །ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་བདེན་པ་མེད་པ་ལྟར། དགེ་ཆོས་ལམ་གྱི་ཆོས་རྣམས་ཀྱང་བདེན་པར་མེད་པ་ཡིན་ལ། སེམས་ནི་རྣམ་པ་སྣ་ཚོགས་པའི་སྣང་བ་ཅན་ཡིན་ལ་དེ་ཡང་རྣམ་པ་སྣ་ཚོགས་པ་ཅན་དུ་འཇུག་གོ །དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལམ་གྱིས་བསྡུས་པའི་ཆོས་དེ་རྣམས་ནི་ཀུན་རྫོབ་རྒྱུ་རྐྱེན་ཙམ་ཚོགས་པའི་སྣང་བ་ཡོད་པ་ཡིན་ཡང༌། རང་བཞིན་བདེན་དངོས་སུ་ནི་ཡོད་པ་ནི་མ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། གཟུང་འཛིན་གཉིས་སྣང་དང་ཉོན་མོངས་པའི་རྣམ་རྟོག་ལས་ལས་དང་སྡུག་བསྔལ་འབྱུང་ཞིང་ལས་དང་སྡུག་བསྔལ་གྱི་སྣང་བས་ཀྱང་ཀུན་གཞིའི་སྟེང་དུ་བག་ཆགས་བཞག་སྟེ་ཕྱིས་ལུས་དང་སྡུག་བསྔལ་གྱི་སྣང་བ་འཆར་བའི་རྒྱུ་བྱེད་པ་སོགས་རྒྱུན་མི་འཆད་པར་འབྱུང་ངོ༌། །དགེ་བའི་ཆོས་རྣམ་པར་རྟོག་པ་ཐོས་བསམ་སྒོམ་གསུམ་གྱི་རིམ་པས་ཚོགས་སྦྱོར་གཉིས་བགྲོད་ཅིང༌། དེ་ལས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ཡིན་ཞིང་དེས་ནི་གཟུང་འཛིན་གཉིས་སྣང་གི་ས་བོན་བཅོམ་སྟེ། ཁམས་གསུམ་འཁོར་བར་བསྡུ་བའི་མ་རིག་པ་དང་ལས་དང༌། ཉོན་མོངས་པ་རྣམས་བཟློག་པར་འགྱུར་བ་ཡིན་ལ། དེ་ནས་ས་བཅུ་པོ་རིམ་གྱི་བགྲོད་པ་ལ་བརྟེན་ནས། རྣམ་བྱང་གིས་བསྡུས་པའི་སྡུག་ཀུན་ཕྲ་མོ་ཡང་ཡོངས་སུ་སྤངས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་
ནོ། །དེའི་རྗེས་སུ་ཞོར་བྱུང་གི་ཚུལ་གྱི་ཐེག་དམན་ལམ་གྱིས་འཁོར་བ་བཟློག་ཚུལ་ནི། དམན་པའི་ལམ་བསྒོམས་པས་གཟུང་འཛིན་གཉིས་སྣང་གི་ས་བོན་སྲབ་པར་བྱས་ཏེ། མ་རིག་པ་བཟློག་པ་ཡིན་ལ། དེ་སྤངས་པའི་མཐུས་ལས་དང་སྡུག་བསྔལ་བྱ་བྱེད་དང་བྲལ་བ་ཙམ་ནི་ཡིན་ལ། ཚེ་གསུམ་དང་བསྐལ་པ་བརྒྱ་ལ་སོགས་པའི་དུས་ཡུན་ཐུང་ངུར་ལམ་ལ་ཁྱད་པར་བྱས་པ་ཙམ་ཡིན་པས། དེ་དག་གི་སྣང་བ་གཏན་ནས་འགག་པ་ཡང་མ་ཡིན་ནོ། །འཁོར་བ་འཇུག་པ་དང་བཟློག་པའི་ཚུལ་ནི། ད་ལྟར་ཤེས་པར་བྱ་དགོས་པ་ཡིན་ལ། རྣམ་ཤེས་ཚོགས་བརྒྱད་བསྟན་པ་འདིས་ནི། ངེས་འབྱུང་མཐར་ཐུག་པ་སྐྱེ་བའི་སྒོ་ཡང་འབྱེད་པ་ཡིན་ཏེ། དེ་ཡང་ཚེ་འདིའི་སྡུག་བསྔལ་གྱིས་ཡིད་འབྱུང་བ་ཙམ་ནི་ངེས་འབྱུང་ཡང་མ་ཡིན་དེར་མ་ཟད་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཡིད་འབྱུང་བ་ཡང་ངེས་འབྱུང་གི་ཆ་ཤས་ཙམ་ཡིན་ལ། འཁོར་བ་མཐའ་དག་ལ་བློ་ལོག་པ་ནི་ཐེག་པ་ཆུང་ངུ་དང་ཐུན་མོང་གི་ངེས་འབྱུང་ཡིན་ཞིང༌། དེའི་སྟེང་དུ་ཁམས་གསུམ་འཁོར་བ་འདིའི་རང་བཞིན་གདོད་མ་ནས་ཡོད་མ་མྱོང་བའི་སྤྲོས་བྲལ་ཡིན་པ་ལ། ཀུན་རྫོབ་རྒྱུ་རྐྱེན་གྱི་སྣང་བ་ཙམ་གྱི་འཁོར་བ་འདི་ལས་ངེས་པར་འབྱུང་བར་འདོད་པ་ནི་ཐེག་ཆེན་གྱི་ངེས་འབྱུང་མཐར་ཐུག་དང༌། ཚོགས་བརྒྱད་ཀྱི་རྣམ་པར་ཤེས་པ་འདི་རྣམས་སྐད་ཅིག་མི་རྟག་ཅིང་མི་
བདེན་པར་ཤེས་པ་གང་ཟག་གི་བདག་མེད་ཀྱི་སྒོ་ཡང་འགྱུར་ཞིང་ཀུན་གཞི་དང་འཇུག་ཤེས་བདུན་ཕན་ཚུན་རྒྱུ་འབྲས་སུ་གྱུར་པའི་རྐྱེན་གྱིས་སྣ་ཚོགས་པའི་སྣང་བ་འདི་འབྱུང་བར་ཤེས་པ་ན། འདི་རྣམ་ཤེས་རྟེན་འབྲེལ་གྱི་སྣང་བ་ཙམ་དུ་ཡོངས་སུ་ཤེས་པར་འགྱུར་བས་ཆོས་ཀྱི་བདག་མེད་ཀྱི་སྒོ་ཡང་ཡིན་ནོ། །ཞེས་རྣམ་ཤེས་ཚོགས་བརྒྱད་སྒྲུབ་པ་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་བཞི་པའི་རྣམ་པར་བཤད་ཟིན་ཏོ། རབ་བྱེད་ལྔ་པ་ནི། ཐོག་མར་མཚན་ཉིད་གང་ལ་འཇུག་པའི་གཞི་ཆོས་ལྔ་བསྟན་པ་དང༌། དེ་ལས་འཇུག་པའི་མཚན་ཉིད་གསུམ་བཤད་པ་དང༌། གཞན་དབང་ལས་འཕྲོས་པའི་རྟེན་འབྲེལ་བཤད་པ་དང༌། དེ་ལས་འཕྲོས་པ་རྒྱུ་རྐྱེན་གྱི་རྣམ་བཞག་བསྟན་པ་དང་བཞི་ལས།དང་པོ་ལ་ཆོས་ལྔའི་ངོ་བོ་ངོས་བཟུང་བ་ནི། རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཤེས་པ་དང་ལྔ་པོ་འདི་ལ་ཆོས་ལྔ་ཞེས་ཐེག་ཆེན་གྱི་མདོ་མང་པོ་དང་ཁྱད་པར་ལང་གཤེགས་དང༌། རྒྱུན་སྟུག་པོ་བཀོད་པའི་མདོ་ལས་རྒྱས་པར་གསུངས་པ་ལས་རྒྱུ་མཚན་ནི་སྒྲ་དང་ཡིད་ཀྱི་གཡོ་བ་རྣམ་རྟོག་གི་བརྗོད་པའི་གནས་སམ་ཡུལ་གྱི་སྤྱི་ནི་རྒྱུ་མཚན་ཡིན་ལ། དེ་ཡང་དཔེར་ན་བུམ་པའོ་སྙམ་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་བཟུང་བྱ་བློ་ལ་ཤར་བའི་སྤྱི་དེའོ། །མིང་གི་ངོ་བོ་ནི་རྒྱུ་མཚན་དེ་ལ་བརྟགས་པའི་བླ་དྭགས་དང་ཚིག་སྤྱི་སྣང་བ་ནི་མིང་དུ་བརྗོད་དེ་དཔེར་ན་བུམ་པ་འཛིན་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་བཟུང་བྱ་དེ་
ལ་བུམ་པ་ཞེས་པའི་མིང་འདོགས་ཤིང༌། དེ་ཡང་རྣ་བར་ཚོར་བ་དེ་མ་ཡིན་པར་དེའི་སྒྲ་སྤྱི་བློ་ལ་སྣང་བའོ། །རྣམ་རྟོག་གི་ངོ་བོ་ནི་གཙོ་བོ་སེམས་དང་འཁོར་སེམས་ལས་བྱུང་བ་རྣམས་སོ། །དེ་བཞིན་ཉིད་ནི་ངག་གི་བརྗོད་པ་དང་ཡིད་ཀྱི་རྟོག་པའི་ཡུལ་ལས་འདས་པའི་ཆོས་ཉིད་དེ་བཞིན་ཉིད་དོ། །དེ་ནི་འཕགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནས་སྤྱོད་ཡུལ་ལོ། །ཡང་དག་པའི་ཤེས་པ་ལམ་གྱི་ཡེ་ཤེས་ལ་མཉམ་བཞག་འཇིག་རྟེན་ལས་འདས་པ་དང་རྗེས་ཐོབ་[ལ་གཉིས་སྣང་ཡོད་པས་]འཇིག་རྟེན་ལས་འདས་མ་འདས་འདྲེན་པའི་མཚན་ཉིད་ཅན་ནོ། །གཉིས་པ་དབྱེ་བ་ལ་རྒྱུ་མཚན་གྱི་དབྱེ་བ་ནི། དེ་ལ་རང་བཞིན་གྱི་རྒྱུ་མཚན་དང་གཟུགས་བརྙན་གྱི་རྒྱུ་མཚན་གཉིས་ལས། དང་པོ་ནི། བག་ཆགས་སྣང་བརྙན་སྣ་ཚོགས་པའི་མཚན་མ་འཁོར་བ་[གོམས་པས་]ལྷན་སྐྱེས་ཀྱི་བློ་ལ་སྣང་བ་རྣམས་ཡིན་ལ། དེ་ལ་ཡང་རྟོགས་པས་བསྐྱེད་པའི་མཚན་མ་དང་གྲགས་པས་བསྐྱེད་པའི་མཚན་མ་གཉིས་ལས།དང་པོ་ནི། སྔར་སྔོན་པོ་མཐོང་བའི་བག་ཆགས་ཀུན་གཞི་ལ་བཞག་ཅིང་དེ་སད་པའི་མཐུ་ལས་ཚེ་འདིར་ཡང་སྔོན་པོ་མངོན་སུམ་དུ་སྣང་བ་ལྟ་བུ་ཡིན་ལ། གཉིས་པ་ནི་སྐྱེ་བ་སྔ་མ་རྣམས་སུ་མིང་དོན་འབྲེལ་བར་འཛིན་པའི་བག་ཆགས་ཀྱི་མཐུ་ལས་ཚེ་འདིར་ཡང་ཡུལ་སོ་སོའི་དབང་གིས་མིང་མི་འདྲ་བ་སྲིད་ཀྱང་སྔོ་ལྡིང་བའི་དངོས་པོ་ཞིག་མཐོང་བ་ན་སྔོན་པོ་
ཞེས་བརྡའ་སྦྱོར་འདོད་ཀྱི་བློ་རང་ཤུགས་ཀྱིས་སྐྱེ་བ་ལྟ་བུ་ཡིན་ལ། དེ་ལ་གྲགས་པས་བསྐྱེད་པའི་མཚན་མ་ཟེར་བའི་རྒྱུ་མཚན་ནི། སྔོན་པོ་ཞེས་པའི་མིང་དང་སྔཽ་ལྡིང་བའི་སྔོན་པོ་གཉིས་ཕན་ཚུན་ངོ་བོ་གཅིག་པ་ཡང་མ་ཡིན་ལ། འབྲེལ་བ་ཡོད་པ་ཡང་མ་ཡིན་མོད། འཇིག་རྟེན་གྱི་རྟོགས་པས་བརྟགས་པའི་གྲགས་པ་ལ་དེ་ལྟར་དུ་བཞག་གོ །གཉིས་པ་གཟུགས་བརྙན་གྱི་རྒྱུ་མཚན་ནི། གྲུབ་མཐའ་ལོག་པས་བརྟགས་པའི་བདག་ཏུ་འཛིན་པ་ལ་སོགས་པ་ཡིན་ལ། དེ་ཡང་དུད་འགྲོ་ལ་སོགས་པའི་འགྲོ་བ་བླུན་ཞིང་གཏི་མུག་པ་རྣམས་དང༌། མིར་གྱུར་པ་ཡིན་ཡང་གྲུབ་མཐའ་ངན་པས་བློ་ཁ་མ་བསྒྱུར་པ་རྣམས་ལ་ཀུན་བཏགས་ཀྱི་བདག་ལ་སོགས་པའི་སྣང་བ་བློ་ལ་མི་འཆར་བར་ཕལ་ཆེ་བ་འདོད་ཅིང༌། དབུ་མ་འཇུག་པར་ཡང༌། གང་དག་སྐལ་མང་དུད་འགྲོ་སྐྱལ་གྱུར་བ། །དེས་ཀྱང་མ་སྐྱེས་བདག་འདི་མ་ཤེས་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་ནས། །ཞེས་པ་ལ་སོགས་པ་གསུངས་མོད། འོན་ཀྱང་དེ་ལྟ་བུ་མ་ངེས་ཏེ། ཚེ་རབས་སྔ་མ་རྣམས་གྲུབ་མཐའ་ངན་པས་བཏགས་པས་བག་ཆགས་ཀུན་གཞི་ལ་བཞག་པ་དེ་ཡོངས་སུ་སད་པའི་མཐུ་ལས། ཚེ་འདིར་གྲུབ་མཐའ་ལ་འཇུག་མ་མྱོང་ཡང༌། གྲུབ་མཐའ་ངན་པས་བཏགས་པའི་ཀུན་བཏགས་ཀྱི་སྣང་བ་ངེས་པར་འཆར་བས་སོ། །དེ་ཡང་དཔེར་ན་ཉོན་མོངས་པ་རྣམས་ཀྱི་ནང་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང༌། ལྟ་བ་མཆོག་འཛིན་
དང༌། ལོག་པར་ལྟ་བ་རྣམས་ནི་མཐའ་གཅིག་ཏུ་ཀུན་བཏགས་ཀྱི་ཉོན་མོངས་ཁོ་ནར་ངེས་ལ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་གཞན་རྣམས་ལ་ནི། ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཉོན་མོངས་གཉིས་ཆར་གྱི་ཆ་ཡོད་པ་ཡིན། འོན་ཀྱང་དེ་གཉིས་རྫས་ཐ་དད་པ་མེད་པའི་ཕྱིར། སོ་སོའི་སྐྱེ་བོའི་ཤེས་རིག་གི་དེ་གཉིས་ཀྱི་དབྱེ་བ་བྱེད་པ་ནི་མི་ནུས་སོ། །ཡང་ན་རྒྱུ་མཚན་དེ་ལ་དབྱེ་ན། རྟོགས་པ་དང་མ་རྟོགས་པ་དང༌། གསལ་བ་དང་མི་གསལ་བའི་དབྱེ་བ་དང༌། མཚན་བཅས་དང་མཚན་མེད་ཀྱི་རྒྱུ་མཚན་གཉིས་སུ་དབྱེ་བ་ཡིན་པ་ལས། རྟོགས་པ་ནི་ཤེས་པ་རང་གི་ཡུལ་རྟོགས་པ་ལ་བྱ་སྟེ། དཔེར་ན་གཟུགས་འཛིན་མིག་ཤེས་ཀྱི་ཐག་ཉེ་བ་ན་ཡོད་པའི་གཟུགས་གསལ་བར་རྟོགས་པ་ལྟ་བུ་ཡིན་ལ། གཉིས་པ་ལ། གཟུགས་འཛིན་མིག་ཤེས་ཀྱི་ཐག་རིང་བ་ཡོད་པའི་གཟུགས་མི་རྟོགས་པ་ཡིན་ལ། གསལ་བ་ནི་གཟུགས་ལ་སོགས་པ་རྣམ་པ་གསལ་བ་དང༌། ནམ་མཁའི་རྣམ་པ་ལ་སོགས་པ་མི་གསལ་བའི་དབྱེ་བ་ལས། རྟོགས་པ་དང་གསལ་བ་གཉིས་མཚན་བཅས་ཀྱི་རྒྱུ་མཚན་དང༌། མ་རྟོགས་པ་དང་མི་གསལ་བ་གཉིས་མཚན་མེད་ཀྱི་རྒྱུ་མཚན་དུ་བརྗོད་དོ། །ཡང་རྒྱུ་མཚན་ལ། ཆོས་ལྔའི་དབྱེ་བ་རྣམ་པ་ལྔ་ཡོད་དེ། རྒྱུ་མཚན་གྱི་རྒྱུ་མཚན་ནི་བུམ་པའོ་སྙམ་དུ་འཛིན་པའི་འཛིན་སྟངས་ཀྱི་ཡུལ་གྱི་སྤྱི་དེར་འཛིན་པའི་འཛིན་སྟངས་ཀྱི་བཟུང་བྱའི་ཡུལ་གྱི་སྤྱི་ལྟ་བུའོ། །མིང་གི་རྒྱུ་མཚན་ནི། བུམ་པ་ཞེས་པའི་སྒྲ་སྤྱི་འཛིན་
པའི་འཛིན་སྟངས་ཀྱི་གཟུང་བྱ་བློ་ལ་ཤར་བའི་སྤྱི་དེའོ། །རྣམ་རྟོག་གི་རྒྱུ་མཚན་ནི་སེམས་དང་སེམས་བྱུང་གི་སྤྱི་ལྟ་བུའོ། །དེ་བཞིན་ཉིད་ཀྱི་རྒྱུ་མཚན་ནི་རྟོག་པའི་དེ་བཞིན་ཉིད་དུ་རྟོགས་པའི་བཏགས་ཆ་གང་ཡིན་པ་དེའོ། །ཡང་དག་པའི་ཤེས་པའི་རྒྱུ་མཚན་ནི་ལམ་དུ་འཛིན་པའི་འཛིན་སྟངས་ཀྱི་སྤྱི་དེ་ཡིན་ནོ། །མིང་གི་དབྱེ་བ་ནི་བསྡུ་བར་བཞི་བཅུ་ཙམ་གསུངས་ཀྱང་འདིར་དྲུག་ཏུ་འདུས་པ་ཡིན་ཏེ། དངོས་པོའི་མིང་དུ་བུམ་པ་ཞེས་པའི་སྒྲ་སྤྱི་སྣང་བ་ལྟ་བུ་དང༌། དེ་བཞིན་དུ་འབྲེལ་བའི་མིང་ནི་བུམ་པ་འདི་ནི་ཆེའོ། །བུམ་པ་འདི་ནི་ཆུང་ངོ་སྙམ་པའི་སྒྲ་སྤྱི་སྣང་བ་ལྟ་བུའོ། །འདུས་པའི་མིང་ནི་གསེར་བུམ་དང༌། དངུལ་བུམ་དང༌། ཟངས་བུམ་འདི་རྣམས་ནི་བུམ་པའོ། །ཞེས་མང་པོ་གཅིག་ཏུ་སྣང་བའི་སྒྲ་སྤྱི་ལྟ་བུའོ། །ཐ་དད་པའི་མིང་ནི་གསེར་བུམ་དང་དངུལ་བུམ་དང༌། ཟངས་བུམ་འདི་རྣམས་ཀྱི་མིང་ནི་ཐ་དད་དེ་སོ་སོར་སྣང་བའི་སྒྲ་སྤྱི་ལྟ་བུའོ། །གྲགས་པའི་མིང་དང་མ་གྲགས་པའི་མིང་ནི་ཡུལ་དུས་དེ་དང་དེར་གྲགས་པ་དང་མ་གྲགས་པ་སྟེ། དཔེར་ན་ཧསྟི་ཞེས་པའི་སྒྲ་ལག་ལྡན་ཏེ། གླང་པོ་ཆེ་ལ་གྲགས་པ་ཡིན་ལ། ལག་པ་དང་ལྡན་ཡང་བ་གླང་ལ་དེའི་མིང་མ་གྲགས་པ་ལྟ་བུའོ། །རྣམ་རྟོག་གི་དབྱེ་བ་ལ་མཐའ་ཡས་པ་ཡོད་དེ། དེ་ཡང་མཚན་མ་དང་བཅས་པའི་རྣམ་རྟོག་དང༌། མཚན་མ་མེད་པའི་རྣམ་རྟོག་གཉིས་ལས། གཙོ་བོར་འདོད་ཁམས་ཀྱི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་དང༌། བསམ་གཏན་
དང་པོ་ཚུན་ཆད་ཀྱི་དེ་རྣམས་ཡིན་ལ། གཉིས་པ་ནས་སྲིད་རྩེའི་བར་དང༌། བརྒྱལ་བ་དང་གཉིད་ལོགས་པའི་གནས་སྐབས་ཀྱི་སེམས་དང་སེམས་བྱུང་བ་རྣམས་ཡིན་ལ། དེ་རྣམས་ལ་མཚན་མ་གཏན་ནས་མེད་པ་ནི་མ་ཡིན་གྱི། དམན་པ་ལ་དགག་པའི་སྒྲ་སྦྱར་བ་ཡིན་ནོ། །ཡང་ན་ཉོན་མོངས་ཅན་གྱི་རྣམ་རྟོག་དང་ཉོན་མོངས་ཅན་མ་ཡིན་པའི་རྣམ་རྟོག་གཉིས་ལས། དང་པོ་ནི། འདོད་ཁམས་ཀྱི་རྣམ་རྟོག་མི་དགེ་བ་རྣམས་དང༌། གཉིས་པ་ནི་དགེ་བ་ཟག་བཅས་དང༌། ལུང་མ་བསྟན་དང༌། ཟག་མེད་ཀྱི་བསྡུས་པའི་རྣམ་རྟོག་རྣམས་སོ། །ཡང་ན་ཡུལ་ལ་འཇུག་པའི་རྣམ་རྟོག་དང༌། འཚོལ་བ་པོའི་རྣམ་རྟོག་དང༌། སོ་སོར་རྟོག་པའི་རྣམ་རྟོག་དང་གསུམ་ལས། དང་པོ་ནི། དབང་ཤེས་ལྔ་པོ་འཁོར་དང་བཅས་པ་རྣམས་ནི་རང་རང་གི་ཡུལ་ལ་འཇུག་པར་བྱེད་པས་ཡིན་ལ། གཉིས་པ་ནི། ཉོན་ཡིད་དང་ཡིད་ཤེས་སེམས་པ་འདུ་བྱེད་རྣམས་ཡིན་ནོ། །གསུམ་པ་ནི། འདུ་ཤེས་དང་སེམས་བྱུང་གི་གཞན་ཡང་རུང་སྟེ། ཡུལ་སོ་སོར་འབྱེད་པའི་རྣམ་རྟོག་རྣམས་སོ། །གསུམ་པ་ཡོད་མེད་ཀྱི་དབྱེ་བ་ནི། རྣམ་རྟོག་དང་ཡང་དག་པའི་ཤེས་པ་གཉིས་ནི་རྫས་སུ་ཡོད་པ་སྟེ། མིང་དང་བརྟགས་ཡོད་ཁོ་ན་ཡིན་ལ། རྒྱུ་མཚན་ཕལ་ཆེ་བ་བརྟགས་ཡོད་ཡིན་ཡང་རྒྱུ་མཚན་ནང་ཚན་འཛིན་པའི་ཆ་རྣམས་ནི་རྫས་ཡོད་དུ་སྐྱེས་སོ། །དེ་བཞིན་ཉིད་ནི་རྫས་སུ་ཡོད་པ་དང་བརྟགས་པས་ཡོད་པ་
གཉིས་ཆར་མ་ཡིན་ཏེ། དོན་དམ་དུ་ཡོད་པའོ། །ཕྱི་མ་དེ་བཞིན་ཉིད་དང་ཡང་དག་པའི་ཤེས་པ་གཉིས་ནི་དེ་བཞིན་ཉིད་དོན་དམ་བདེན་པ་དངོས་དང༌། ཡང་དག་པའི་ཤེས་པ་ནི་མཐུན་པའི་དོན་དམ་ཙམ་དུ་འཇོག་སྟེ། གཞན་རྒྱུ་མིང་རྣམ་རྟོག་དང་གསུམ་ནི་ཀུན་རྫོབ་ཉིད་དུ་ཡོད་པར་གྲུབ་བོ།བཞི་པ་གཅིག་དང་ཐ་དད་ཀྱི་དབྱེ་བ་ནི། མིང་དང་རྒྱུ་མཚན་གཉིས་གཅིག་དང་ཐ་དད་གང་ཡང་མིན་པས། དེ་ཉིད་གཞན་དུ་བརྗོད་དུ་མེད་པ་ཡིན་ཞིང༌། དེ་བཞིན་ཉིད་དང་ཆོས་བཞི་པོ་དེ་ཡང་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ལ། དེའི་ཚུལ་འོག་བདེན་གཉིས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །རྣམ་རྟོག་གི་སྤྱོད་ཡུལ་གྱི་མཚན་ཉིད་རྒྱུ་མཚན་ཡིན་ཏེ། རྒྱུ་མཚན་ནི་རྣམ་རྟོག་གི་ཡུལ་ཡིན་ལ། རྣམ་རྟོག་ནི་ཡུལ་དེ་ལ་སྤྱོད་པ་པོ་ཡིན་ནོ། །མིང་ནི་ཐ་སྙད་བརྗོད་པ་བྱུང་བའི་གཞིའམ་གནས་ཀྱི་མཚན་ཉིད་ཅན་ནོ། །རྒྱུ་མཚན་ཡུལ་དུ་བྱེད་པའི་མཚན་ཉིད་ཅན་ནི་རྣམ་རྟོག་གོ །ཕྱི་མ་དེ་བཞིན་ཉིད་ནི་ཡང་དག་པའི་ཤེས་པ་གཉིས་ཡུལ་ཡུལ་ཅན་གྱི་མཚན་ཉིད་ཅན་ཡིན་ཏེ། ཡང་དག་པའི་ཤེས་པའི་སྤྱོད་ཡུལ་ནི་དེ་བཞིན་ཉིད་དང༌། དེ་བཞིན་ཉིད་ཡུལ་དུ་བྱེད་པའི་ཡུལ་ཅན་ནི་ཡང་དག་པའི་ཤེས་པའི་མཚན་ཉིད་དོ། །འདི་སྐབས་ཀྱི་མཚན་ཉིད་ཅེས་པ་ཡང་ད་ལྟ་སྤྱི་ལ་གྲགས་པའི་མ་ཁྱབ་པ་དང༌། ཁྱབ་ཆེས་པ་དང༌། མི་སྲིད་པའི་སྐྱོན་གསུམ་དང་བྲལ་བའི་ངོ་བོ་ལ་སྒྲོ་འདོགས་གཅོད་པའི་མཚན་ཉིད་མ་ཡིན་གྱི། ཁྱད་གཞི་དེའི་སྟེང་དུ་ཁྱད་
ཆོས་དེ་ལྡན་པ་ཙམ་ལ་མཚན་ཉིད་ཅེས་བཞག་གོ །ཆོས་ལྔ་པོ་དེ་མཚན་ཉིད་གསུམ་གྱིས་ཇི་ལྟར་བསྡུས་པའི་ཚུལ་ནི་འཛིན་ཆ་མི་ཐེ་བའི་རྒྱུ་མཚན་ཕལ་ཆེ་བ་རྣམས་དང༌། མིང་ནི་ཀུན་བཏགས་ཡིན་ལ། རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་གཉིས་གཞན་དབང་གི་མཚན་ཉིད་ཅན་དང༌། དེ་བཞིན་ཉིད་ནི་འགྱུར་བ་མེད་པའི་ཡོངས་གྲུབ་བོ། །བདེན་པ་བཞི་ལ་དཔྱད་པ་ནི། སྤྱིར་བདེན་པ་བཞི་ལ་རྣམ་པར་བཞག་པའི་བདེན་བཞི་དང༌། རྣམ་པར་མ་བཞག་པའི་བདེན་བཞི་གཉིས་ལས། དང་པོ་ནི། ཐེག་པ་ཀུན་ལ་གྲགས་པ་སྟེ་དེ་ནི་སྒྲ་དང་རྟོག་པས་ཐ་སྙད་རྣམ་པར་བཞག་ཏུ་ཡོད་པས་ན་དེ་སྐད་ཅེས་བྱ་ལ་གཉིས་པ་ནི་སྒྲ་རྟོག་གི་ཐ་སྙད་བཞག་ཏུ་མེད་པ་དོན་དམ་ཆོས་ཉིད་བདེན་བཞིའི་རྣམ་པར་སྣང་བ་དེའོ། །དེས་ན་རྒྱུ་མཚན་ལ་རྣམ་པར་བཞག་པའི་བདེན་པ་བཞི་ཆར་གྱི་ཆ་ཡོད་པ་ཡིན་ལ། མིང་ནི་སྡུག་བསྔལ་བདེན་པ་ཁོ་ནས་བསྡུས་པས་མིང་ཡིན་ན་སྡུག་བསྔལ་བདེན་པ་ཡིན་པས་ཁྱབ་ཀྱང༌། སྡུག་བདེན་ཡིན་ན་མིང་ཡིན་པས་ནི་མ་ཁྱབ་བོ། །འགོག་བདེན་མ་གཏོགས་པའི་བདེན་པ་གཞན་གསུམ་ཆར་གྱི་འཛིན་ཆ་རྣམས་རྣམ་རྟོག་ལ་ཡོད་པས་དེ་ཡང་བདེན་པ་གཞན་གསུམ་པོ་དེའི་རྫས་ལ་རྟོག་པས་ཁྱབ་ཀྱང་སྤྱིར་བདེན་པ་གསུམ་ལ་རྟོག་པས་མ་ཁྱབ་སྟེ་དེ་གསུམ་གྱི་གཟུང་བའི་ཆ་རྣམས་རྟོག་པ་མ་ཡིན་པས་སོ། །རྣམ་པར་མ་བཞག་པའི་བདེན་བཞི་ཆོས་ཉིད་བདེན་བཞིའི་རྣམ་པར་སྣང་བའི་
འགོག་བདེན་དེ་ནི་དེ་བཞིན་ཉིད་ཀྱིས་བསྡུས་སོ། །རྣམ་པར་བཞག་མ་བཞག་གི་བདེན་བཞི་ཀུན་ལ་ཡང་དག་པའི་ཤེས་པས་དམིགས་པ་ཡིན་ཏེ། དེས་ཆོས་ཉིད་བདེན་པའི་རྣམ་པ་ཅན་དེ་ལ་རྟོག་བྱ་དང་ཐོབ་བྱར་དམིགས་པ་ཡིན་ལ། རྣམ་པར་བཞག་པའི་བདེན་པ་བཞིའི་མི་རྟག་སྡུག་བསྔལ་སྟོང་པ་དང་བདག་མེད་དེ་སྡུག་བདེན་གྱི་རྣམ་པ་བཞི་དང༌། རྒྱུ་ཀུན་འབྱུང་རྐྱེན་རབ་སྐྱེ་སྟེ་ཀུན་འབྱུང་གི་རྣམ་པ་དང༌། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་སྟེ་འགོག་བདེན་གྱི་རྣམ་པ་བཞི་དང༌། ལམ་སྒྲུབ་པ་རིག་པ་ངེས་འབྱིན་སྟེ་ལམ་བདེན་གྱི་རྣམ་པ་བཞི་སྟེ་བཅུ་དྲུག་པོ་ཐམས་ཅད་ལ་དམིགས་པ་ཡིན་ནོ། །ལྔ་པ་བདེན་གཉིས་ལ་དཔྱད་པ་ནི། ཆོས་ལྔ་ལས་མིང་རྒྱུ་གཉིས་བཟུང་བ་དང་རྣམ་རྟོག་དང་ཡང་དག་པའི་ཤེས་པ་གཉིས་འཛིན་པ་དང༌། དེ་བཞིན་ཉིད་དོན་དམ་ཡིན་ཏེ། དང་པོ་གཉིས་ཀུན་རྫོབ་ཙམ་དུ་ཡོད་པ་དང༌། གསུམ་པ་རྣམ་རྟོག་ནི་ཀུན་རྫོབ་བདེན་པར་ཡོད་པ་དང༌། ཕྱི་མ་དེ་བཞིན་ཉིད་དང་ཡང་དག་པའི་ཤེས་པ་གཉིས་པོ་གོ་རིམ་བཞིན་དུ་དོན་དམ་དངོས་དང༌། རྣམ་གྲངས་པའི་དོན་དམ་བདེན་པར་འདོད་དོ། །དྲུག་པ་སྐབས་སུ་བབས་པའི་ཆོས་སྒྲ་བཤད་པ་ནི། འདི་སྐབས་ཀྱི་ཆོས་ཞེས་པ་དོན་ཆོས་གོ་བར་བྱེད་པའི་གཞི་ལ་ཟེར་བ་ཡིན་ལ། དེ་བཞིན་དུ་དངོས་པོ་ལྔ་ཞེས་ཀྱང་བྱ་སྟེ་དངོས་པོའི་དོན་ཡོད་པ་ཙམ་མོ། །མཚན་ཉིད་མཚན་གཞི་གཉིས་ལས། མཚན་གཞིའི་ཆོས་དང་རྟེན་བརྟེན་པ་གཉིས་ལས། རྟེན་གྱི་ཤེས་བྱ་ཀུན་ཡང་ལྔ་པོ་འདིར་འདུས་པ་ཡིན་པས་ཆོས་ལྔ་ཐ་སྙད་རྒྱལ་བ་ཉིད་ཀྱིས་
བཏགས་སོ། །གཉིས་པ་མཚན་ཉིད་གསུམ་བཤད་པ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུས་གསུམ་ལས། དང་པོ་ནི། སྤྱིར་མཚན་གཞིའི་ཆོས་བུམ་པ་ལྟ་བུ་གང་ཡང་རུང་བ་གཅིག་ལ་ཀུན་བཏགས་ཀྱི་བུམ་པ་དང༌། གཞན་དབང་གི་བུམ་པ་དང༌། ཡོངས་གྲུབ་ཀྱི་བུམ་པ་སྟེ་མཚན་ཉིད་གསུམ་འཇུག་པ་ཡིན་ལ། ནང་སེལ་བུམ་པའི་ཀུན་བཏགས་ལ་ཡང་མཚན་ཉིད་གསུམ་འཇུག་པ་ཡོད་སྲིད་ཀྱང༌། ཐུག་མེད་དུ་འགྲོ་བའི་རྣམ་བཞག་དེ་ལྟར་མི་བྱ་ལ། འཕགས་པ་བརྒྱ་སྟོང་པ་ལ་སོགས་པར་ཀུན་བཏགས་པའི་གཟུགས་དང༌། རྣམ་པར་རྟོག་པའི་གཟུགས་དང་ཆོས་ཉིད་ཀྱི་གཟུགས་སོ་ཞེས་གཟུགས་ཀྱི་དབྱེ་བ་ཡིན་པ་ལྟར་བཤད་པ་ཡོད་ཀྱང༌། དེ་ནི་དེ་ལྟར་མ་ཡིན་ཏེ། གཟུགས་ཀྱི་སྟེང་དུ་མཚན་ཉིད་གསུམ་པོ་དེ་འཇུག་པའི་དོན་ཙམ་ཡིན་ནོ། །དེ་ལ་ཀུན་བཏགས་ཀྱི་ངོ་བོ་ནི་ཡིད་ཀྱི་བརྗོད་པ་བློ་རྣམ་རྟོག་གིས་བཏགས་པའི་བཏགས་ཆ་ཀུན་བཏགས་ཡིན་ཞིང༌། འདི་སྐབས་ཀྱི་བརྗོད་པ་ཡང་དག་གི་བརྗོད་པས་བཏགས་པའི་བཏགས་ཆ་ཡང་ཀུན་བཏགས་ཡིན་མོད་ཀྱང༌། དེ་ཡང་འདིའི་ནང་དུ་འདུས་པས་ཡིད་ཀྱིས་བརྗོད་པ་གཙོ་ཆེ་བ་ཡིན་ནོ། །གཞན་དབང་ནི་རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་རྣམ་པར་རིག་པ་ཙམ་ཡིན་ལ། དེ་ཡང་རང་གི་ཞེས་པ་ནི་རྣམ་པར་རིག་པའི་ཤེས་པ་དེ་དང་སྐྱེས་པའི་ཞེས་པ་རང་གི་རྒྱུ་རྐྱེན་མཐུན་པའམ་རུང་བ་ལས་འབྱུང་བའི་དོན་ཡིན་ནོ། །ཡོངས་གྲུབ་ནི་གནས་ལུགས་དོན་དམ་པར་གྲུབ་པའི་དེ་བཞིན་ཉིད་
དོ། །དེ་ཡང་བུམ་པའོ་ཞེས་པའི་སྒྲོ་བཏགས་པའི་བཏགས་ཆ་གང་ཡིན་པ་དེ་ཀུན་བཏགས་ཡིན་ན། ཀུན་ཏུ་འདོགས་བྱེད་ཇི་ལྟ་བུ་ཞེ་ན། ཡིད་ཀྱི་ཤེས་པ་འཁོར་སེམས་བྱུང་དང་བཅས་པའི་རྣམ་རྟོག་རྣམས་ཀྱིས་འདོགས་པར་བྱེད་པ་ཡིན་ནོ། །གཞན་དབང་ལ་གཞན་ནི་ཀུན་གཞིའི་སྟེང་དུ་བཞག་པའི་སྣ་ཚོགས་པའི་བག་ཆགས་རྣམས་ཡིན་ལ། བག་ཆགས་དེའི་དབང་ལས་ཀུན་གཞི་རྣམ་པར་ཤེས་པ་རྣམ་རིག་དང་བཅས་པ་སྣང་བར་འགྱུར་བ་ཡིན་ནོ། །དེ་ལ་རྣམ་ཤེས་གསལ་རིག་ཙམ་ཞིག་བག་ཆགས་ཀྱིས་དབང་དུ་མ་གྱུར་ན། རྣམ་པ་རིག་པ་སྣ་ཚོགས་པར་མི་འགྱུར་བར་རང་ཚུགས་སུ་གནས་པ་ཡིན་པ་ལས། བག་ཆགས་ཀྱིས་གཞན་དབང་དུ་གྱུར་པ་རྣམ་པར་རིག་པ་སྣ་ཚོགས་སུ་གྱུར་པ་ཡིན་ནོ། །གདོད་མའི་དོན་དམ་ཆོས་ཉིད་ཡོངས་གྲུབ་ཁོ་ན་ཡིན་ཞིང་དེ་ཡང་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ཆོས་ཅན་སོ་སོ་དང་འབྲེལ་བའི་ཚུལ་གྱི་དབྱེ་བ་མང་པར་འགྱུར་བ་ཡིན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་དང་ཚོར་བའི་དེ་བཞིན་ཉིད་ཅེས་པ་ལ་སོགས་པ་གསུངས་པ་རྣམས་སོ། །གཉིས་པ་རྒྱས་བཤད་ལ་དོན་ཚན་བཞི་ལས། དང་པོ་མཚན་ཉིད་གསུམ་གྱྀ་ངོ་བོ་ལུང་གིས་སྒྲུབ་པ་ལ་ཡང༌། ལུང་རིམ་པ་གསུམ་ཙམ་ཡོད་པ་ལས། དང་པོ་རྗེ་བཙུན་བྱམས་པའི་ལུང་གིས་བཤད་པ་ནི། ཇི་ལྟར་ཡིད་ཀྱི་བརྗོད་པས་སྒྲོ་བཏགས་པའི་བཏགས་ཆ་ལ་དོན་དུ་འདུ་ཤེས་པའི་རྒྱུ་མཚན་ནི་ཀུན་བཏགས་ཡིན་ལ། དེ་ཡང་དཔེར་ན་རྣམ་རྟོག་གི་བློ་ལ་བུམ་པར་སྒྲོ་བཏགས་པའི་བཏགས་ཆ་ཝ་ལེ་བ་དེ་ལ། དོན་ལྟོ་
ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་ནུས་པར་འཛིན་པའི་སྤྱི་ལྟ་བུ་ཡིན་ལ།[བཏགས་ཆ་]འདི་ནི་བརྟགས་པ[འི་སྣང་བ་]ལོག་[པར་ཤེས་] པའོ། །དེ་ཡང་བག་ཆགས་དང་ཞེས་པ་ནི་བུམ་པར་སྒྲོ་བཏགས་ཆ་ལ་བུམ་པའོ་སྙམ་དུ་འཛིན་པའི་བག་ཆགས་ཀུན་གཞི་ལ་བཞག་པ་དེ་དང་ཕྱི་རོལ་དོན་གྱི་ཆར་སྣང་བར་གྱུར་པའི་བག་ཆགས་ཀུན་གཞི་སྟེང་དུ་ཡོད་པ་དེ། རྒྱུ་ཀུན་བཏགས་ཀྱིས་བཞག་པ་དང༌། དེ་ལ་འབྲས་བུ་ཀུན་བཏགས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་ཀུན་བཏགས་ཀྱི་མིང་གིས་བསྟན་པ་ཡིན་ཡང༌། བག་ཆགས་[སྣང་བ་]དེ་ཤེས་པའི་རྫས་ཡིན་པས་གཞན་དབང་མཚན་ཉིད་པ་ཡིན་ལ། ཕྱི་རོལ་[འབྲེལ་མེད་]རྒྱང་ཆད་དུ་སྣང་བར་འགྱུར་བའི་བག་ཆགས་དེ་ཡོངས་སུ་སད་པའི་མཐུ་ལས་སོ་སོའི་སྐྱེ་བོ་རྣམས་ལ་གཟུགས་སྒྲ་དྲི་རོ་ལ་སོགས་པའི་ཡུལ་གྱི་སྣང་བ་ཇི་ཙམ་ཤར་བ་དེ། ཕྱི་རོལ་རྒྱང་ཆད་ཀྱི་ཚུལ་གྱི་སྣང་བ་ཅན་ནི་ཀུན་བཏགས་པ་དེ་སྣང་ལོག་ཀུན་བཏགས་སོ། །གཞན་ཡང་ཀུན་བཏགས་ལ་བུམ་པ་ཞེས་པའི་མིང་དང༌། དོན་ལྟོ་ལྡིར་བ་གཉིས་གཅིག་ཏུ་བཏགས་པའི་བཏགས་ཆ་གང་ཡིན་པ་དང༌། དོན་ལྟོ་ལྡིར་བ་དང་མིང་བུམ་པ་གཉིས་གཅིག་ཏུ་སྣང་བའི་སྣང་ཆ་གང་ཡིན་པ། དེ་ཡང་ཀུན་ཏུ་བཏགས་པའི་མཚན་ཉིད་དོ། །དེ་ཡང་དཔེར་ན། བུམ་པ་ཞེས་པའི་མིང་ལ་བརྗོད་པའི་ཚེ་དོན་ལྟོ་ལྡིར་བ་དང་གཅིག་ཡིན་པ་བློ་ལ་སྣང་བ་དང༌། དོན་ལྟོ་ལྡིར་བ་མཐོང་བ་ན་འདི་ནི་བུམ་པའོ་སྙམ་པའི་དེ་གཉིས་གཅིག་པར་འཛིན་པའི་རྣམ་རྟོག་བློ་ལ་འཆར་བ་ཡང་མིང་དོན་
གཉིས་གོ་གཅིག་པ་ནི་མ་ཡིན་ཏེ། དེ་ལྟ་ན་མེ་ཞེས་བརྗོད་པ་ན་ཚ་ཞིང་བསྲེགས་པའི་དངོས་པོ་དེ་དང་གཅིག་ཡིན་པས་ཁ་ཚིག་པར་ཐལ་བ་དང༌། དོན་ཚ་ཞིང་བསྲེགས་པའི་དངོས་པོ་དེ་ལ་མེ་ཞེས་པའི་མིང་འདི་ཡུལ་དུས་ཐམས་ཅད་དུ་འཇུག་དགོས་པ་ལས། འགའ་ཞིག་ཏུ་ཨགྣི་ལ་སོགས་བཏགས་པ་ཡང་ཡོད་པས་སོ། །དེས་ན་མིང་ལ་དོན་དུ་འཛིན་པའི་འཛིན་སྟངས་ཀྱི་བཟུང་བྱ་དང་དེ་བཞིན་དུ་དོན་ལ་མིང་དུ་འཛིན་པ་དང་མིང་ལ་དོན་དུ་འཛིན་པ་དང༌། མིང་ཁོ་ནར་འཛིན་པ་དང༌། དོན་ཁོ་ནར་འཛིན་པ་དང༌། བརྡའ་ལ་བྱང་བའི་རྣམ་རྟོག་དང༌། བརྡའ་ལ་མ་བྱང་བའི་རྣམ་རྟོག་ལ་སོགས་པ་ཐེག་བསྡུས་ལས་གསུངས་སོ། །གཞན་དབང་གིས་གནས་དོན་ལུས་གསུམ་དུ་སྣང་བའི་རྣམ་རྟོག་ནི་བཟུང་བའི་མཚན་ཉིད་དོ། །ཡིད་དང་འཛིན་དང་རྣམ་པར་རྟོག་པ་གསུམ་ནི་འཛིན་པའི་མཚན་ཉིད་ཅན་གསུམ་སྟེ། དེ་ལྟར་དྲུག་པོ་རྣམས་ནི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། གཞན་གྱི་དབང་གིས་མཚན་ཉིད་ཅན་ནོ། །ཡོངས་གྲུབ་ནི་མཚན་ཉིད་གསུམ་སྟེ། ཡོད་པ་དང་མེད་པ་མཉམ་པ་ཉིད་དང༌། མ་ཞི་བ་དང་ཞི་བ་མཉམ་པ་ཉིད་དང༌། རྣམ་པ་མི་རྟོག་པ་སྟེ་གསུམ་མོ། །དང་པོ་ནི། དེ་ཡང་ཚིག་དང་པོའི་མེད་པ་དང་ཞེས་པ་དང༌། ཚིག་གཉིས་པའི་ཡོད་པ་དང་ཞེས་པ་གཉིས་སྦྱོར་རྒྱུ་ཡིན་ཞིང༌། ཚིག་དང་པོའི་ཡོད་པ་ཉིད་ཅེས་པ་དང༌། ཚིག་གཉིས་པའི་མེད་པ་ཞེས་
པ་གཉིས་སྦྱོར་རྒྱུ་ཡིན་ཞིང་དེ་ལྟར་སྦྱར་ནས་ཡོད་པ་དང་མེད་པ་མཉམ་པ་ཉིད་དུ་གྲུབ་པ་ཡིན་ལ། དེ་ཡང་ཚིག་དང་པོའི་དང་ཞེས་པ་སྡུད་ཚིག་དང༌། ཚིག་གཉིས་པའི་དང་ཞེས་པ་འབྱེད་པའི་ཚིག་ཡིན་ལ། དེ་ཡང་ཡོངས་གྲུབ་ཆོས་ཉིད་དེ་བཞིན་ཉིད་དང༌། ཀུན་རྫོབ་གཟུང་འཛིན་གཉིས་མེད་པ་དང་ཡོངས་གྲུབ་རང་གི་ངོ་བོ་ཡོད་པ་གཉིས་མཉམ་པ་ཉིད་ཡིན་ཏེ། གཟུང་འཛིན་མེད་པ་ཕྱོགས་གཅིག་དང༌། ཡོངས་གྲུབ་རང་གི་ངོ་བོ་ཡོད་པ་ཕྱོགས་གཅིག་ཏུ་གནས་པ་མ་ཡིན་ཏེ། ཡོངས་གྲུབ་རང་གི་ངོ་བོ་ཡོད་པ་ཉིད་གང་ཡིན་པ་དེ། གཟུང་འཛིན་གཉིས་མེད་པ་ཡིན་ལ། གཟུང་འཛིན་གཉིས་མེད་པའི་གཞི་གང་ཡིན་པ་དེ། ཡོངས་གྲུབ་རང་གི་ངོ་བོ་དེ་ཡོད་པ་ཡིན་པས། དེ་གཉིས་མཉམ་པ་ཉིད་དུ་གྱུར་པའོ། །གཉིས་པ་ནི། ཡོངས་གྲུབ་དེ་སེམས་ཅན་རྣམས་ལ་མ་ཞི་བར་བཞུགས་པ་དང༌། སངས་རྒྱས་པའི་སྐྱེས་བུ་ལ་ཞི་བར་མངོན་དུ་གྱུར་པ་ཡིན་པས། སྒྲིབ་པས་ཞི་མ་ཞི་ནི་ཡོངས་གྲུབ་རང་ངོས་ནས་འཇོག་པ་མ་ཡིན་གྱི་སྐྱེས་བུ་ལྡོག་ཆས་ཕྱེ་བ་ཙམ་ཡིན་པས། ཡོངས་གྲུབ་རང་གི་ངོ་བོ་ནི་རྟག་ཏུ་སྒྲིབ་གཉིས་ཞི་བའི་མཚན་ཉིད་ཅན་ཡིན་པས་ཕྱིར་མ་ཞི་བ་དང་ཞི་བ་མཉམ་པ་ཉིད་དུ་གྱུར་པའོ། །གསུམ་པ་ནི། ཡོངས་གྲུབ་རང་གི་ངོ་བོ་རྣམ་པར་རྟོག་པ་མ་ཡིན་ལ། རྣམ་རྟོག་གི་སྤྱོད་ཡུལ་ཀྱང་མ་ཡིན་པས། རྣམ་པར་མི་རྟོག་པ་སྟེ། དེ་རྣམས་ནི་ཡོངས་གྲུབ་ཡིན་པའི་མཚན་
ཉིད་དོ། །གཞན་ཡང་དབུས་མཐར་གསུངས་པ་ནི། ཀུན་བཏགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་སྟེ། མཚན་ཉིད་གསུམ་པོའི་མིང་གསལ་བར་བསྟན་པ་ཡིན་ལ། དེ་ལ་ཀུན་བཏགས་ནི་ཕྱི་རོལ་དོན་དུ་སྣང་བ་ལྟ་བུ་སྟེ། སྣང་བ་ལོག་པ་དང༌། གཞན་དབང་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང༌། ཡོངས་གྲུབ་ནི་གཟུང་བ་འཛིན་པ་གཉིས་མེད་པས་ཁྱད་པར་དུ་བྱ་བའི་དེ་བཞིན་ཉིད་དོ། །དོན་དེ་རྣམས་ཀྱི་ཕྱིར་མཚན་ཉིད་གསུམ་དུ་བཤད་པ་ཡིན་ནོ། །གཞན་ཡང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་ཀུན་བཏགས་ནི་དོན་དམ་བདེན་པ་ལྟ་ཞོག་ཀུན་རྫོབ་བདེན་པར་ཡང་མེད་པས་ན། བདེན་པ་གཉིས་ཀྱི་གནས་སྐབས་སུ་རྟག་ཏུ་མེད་པ་དང༌། གཞན་དབང་ནི་ཀུན་རྫོབ་བདེན་པ་ཡོད་ཀྱང་དོན་དམ་བདེན་པར་མེད་པར་གནས་ལུགས་དེ་ཁོ་ན་ཉིད་མ་ཡིན་པ་དང་ཡོངས་གྲུབ་ནི་རང་གི་ངོ་བོ་ཡོད་པ་དང༌། དེ་ལ་གཟུང་འཛིན་གཉིས་མེད་པ་དེ་ནི་གནས་ལུགས་དེ་ཁོ་ན་ཉིད་དོ། །དེ་རྣམས་ནི་ངོ་བོ་ཉིད་གསུམ་དུ་འདོད་པ་ཡིན་ནོ། །ལུང་རིམ་པ་གཉིས་པ་ནི། ནཱ་གརྫུ་ན་སྟེ་བོད་སྐད་དུ་ཀླུ་སྒྲུབ་སྟེ་དེས་མཛད་པའི་ས་ལུ་ལྗང་བའི་མདོ་འགྲེལ་ལས་གསུངས་པ་ནི། ཕྱི་རོལ་གྱི་དོན་དང༌། དེའི་ལས་དང་བྱ་བའི་རྒྱུ་མཚན་དེ་ནི་ཀུན་བཏགས་པའི་བདག་ཉིད་དོ། །ཞེས་ཀུན་བཏགས་གསལ་བར་གསུངས་པ་དང༌། འདི་རྒྱུ་ཞེས་པའི་རྒྱུ་མཚན་གྱི་དོན་ནོ། །དེ་གཉིས་ཀའི་
སྐད་དོད་ལ་ཧེ་རུ་ཞེས་པའོ། །དེ་བཞིན་དུ་གཞན་དབང་ནི་ནང་ཀུན་གཞི་རྣམ་པར་ཤེས་པ་དང༌། དེ་ལས་བྱུང་བའི་སྒོ་ལྔའི་རྣམ་ཤེས་དང༌། ཡིད་གཉིས་ཀྱང་ཤུགས་ལ་འཕངས་པ་ཡིན་ནོ། །ཡོངས་གྲུབ་ནི་རྣམ་པར་རྟོག་པའི་བརྟགས་བྱ་མ་ཡིན་པའི་ཕྱིར་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་ཡོངས་སུ་གྲུབ་པར་འདོད་པ་ཡིན་ནོ། །ཞེས་ཀླུ་སྒྲུབ་ཀྱི་གསུང་མཚན་ཉིད་གསུམ་གྱི་ངོས་འཛིན་བྱམས་པའི་གཞུང་དང་མཐུན་པར་མཛད་དོ། །ལུང་རིམ་པ་གསུམ་པ་ནི། སློབ་དཔོན་དབྱིག་གཉེན་གྱིས་སུམ་ཅུ་པའི་རབ་ཏུ་བྱེད་པར་གསུངས་པ་ནི། ཡུལ་ཅན་རྣམ་པར་རྟོག་པའི་གང་དང་གང་གིས་ཡུལ་དངོས་པོ་གང་དང་གང་དོན་ལ་མེད་བཞིན་དུ། རྣམ་པར་རྟོག་པས་བཏགས་པ་ནི་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་ལ། དེ་ནི་ཀུན་རྫོབ་བདེན་པར་ཡང་མེད་དོ། །གཞན་གྱི་དབང་གི་ངོ་བོ་ནི་ཡང་དག་པ་མ་ཡིན་པའི་རྟོག་པ་སྟེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཤེས་པའོ། །ཡོངས་གྲུབ་ནི་གཞན་དབང་དེ་ལ་སྔ་མ་ཀུན་བཏགས་རྟག་ཏུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་དངོས་བསྟན་ལྟར་ན་སེམས་ཙམ་པ་རྣམས་ཀྱི་དོན་དུ་གསུངས་པས། གནས་སྐབས་ཀུན་རྫོབ་ཀྱི་དབང་དུ་མཛད་པའང་ཡིན་ལ། ཡང་ན་གཞན་དབང་ལ་ཀུན་བཏགས་མེད་པར་ནམ་གྱུར་པ་དེའི་ཚེ་གཞན་དབང་ཉིད་ཀྱང་མེད་པར་གྱུར་པས་ཤུལ་དུ་ཡོངས་གྲུབ་ཁོ་ན་ལུས་པ་ཡིན་ནོ། །གཉིས་པ་དབྱེ་བ་ལས། དངོས་དང༌།
འཕྲོས་དོན་གཉིས། དེ་ལ་ཡང་དབྱེ་བ་དངོས་དང༌། གཞན་དུ་ཁ་འཕང་བ་གཉིས་ལས། དང་པོ་ལ་ཀུན་བཏགས་ཀྱི་དབྱེ་བ་ནི་རྣམ་པ་གསུམ་སྟེ། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་དང༌། རྣམ་གྲངས་པའི་དང༌། ལྟོས་པའི་ཀུན་བཏགས་དང་གསུམ་ལས། དང་པོ་ནི། གང་ཟག་གི་བདག་ཏུ་འཛིན་པའི་འཛིན་སྟངས་ཀྱི་བཟུང་བྱ་ལ་སོགས་པ་ཡིན་ཞིང༌། དེའི་རྒྱུ་མཚན་ཡང་དག་གང་ཟག་གི་བདག་ཤེས་བྱ་ལ་མི་སྲིད་པས་དེར་འཛིན་པའི་འཛིན་སྟངས་ཀྱི་བཟུང་བྱ་ཡང་མཚན་ཉིད་ཡོངས་སུ་ཆད་པ་ཡིན་ནོ། །གཉིས་པ་ནི་གཟུང་འཛིན་གཉིས་སུ་སྣང་བ་ལྟ་བུ་ཡིན་པ་དང༌། གསུམ་པ་ནི། ཤར་ལ་ལྟོས་ནས་ནུབ་ཏུ་བཏགས་པའི་བཏགས་ཆ་ལ་སོགས་པ་རྣམས་སོ། །ཡང་ན་འདོགས་གཞི་ཀུན་ཏུ་རྟོག་པའི་རྒྱུ་མཚན་སྤྱི་དང༌། འདོགས་བྱེད་རྣམ་པར་རྟོག་པའི་དབྱེ་བར་ཡང་འདོད་དོ། །ཡང་ན་ངོ་བོ་ཉིད་ཀྱི་ཀུན་བཏགས་དང༌། ཁྱད་པར་གྱི་ཀུན་བཏགས་གཉིས་ལས། དང་པོ་ནི་བུམ་པར་སྒྲོ་བཏགས་པའི་བཏགས་ཆ་ལྟ་བུ་ཡིན་ལ། གཉིས་པ་ནི། ཁྱད་གཞི་བུམ་པའི་སྟེང་དུ་ཁྱད་པར་གྱི་ཆོས་ཆེ་ཆུང་དང་བཟང་ངན་ལ་སོགས་པའི་རྟོག་པའི་བརྟགས་ཆ་རྣམས་སོ། །དེ་གཉིས་པོ་ནི་འདོགས་བྱེད་རྟོག་པའི་དབྱེ་བ་བསམ་གྱིས་མི་ཁྱབ་པས་དབྱེ་བ་ལ་མཐའ་ཡས་པར་འགྱུར་རོ། །གཞན་དབང་ལ་དབྱེ་ན་རྣམ་པ་གཉིས་སྟེ། ས་བོན་གྱི་གཞན་དབང་
དང༌། ཀུན་བྱང་གི་ངོ་བོར་མ་གྲུབ་པའི་གཞན་དབང་གཉིས་ལས། དང་པོ་ནི། ཀུན་ནས་ཉོན་མོངས་པ་ཡིན་ལ། གཉིས་པ་ནི་ཤེས་རིག་དག་པ་བ་བག་ཆགས་ཀྱིས་ཁ་མ་བསྒྱུར་བས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གཉིས་ཀའི་ངོ་བོར་མ་གྲུབ་པའོ། །འདི་དང་ས་བོན་གཞན་དབང་གཉིས་ངོ་བོ་དབྱེ་བ་ནི་མེད་དོ། །དཔེར་ན་ཆུ་དྭངས་པ་ནམ་མཁའི་ཁ་དོག་དཀར་པོའི་མཐུས་ཁ་དོག་དཀར་པོ་སྣང་བ་ན། དེའི་དཀར་པོ་དང་ཆུ་ལ་དབྱེ་བ་མེད་པ་བཞིན་ནོ། །ཡང་གཞན་དབང་དེ་ལ་མ་དག་འཇིག་རྟེན་པའི་གཞན་དབང༌། དག་པ་འཇིག་རྟེན་པའི་གཞན་དབང་གཉིས་ལས་དང་པོ་ནི། བག་ཆགས་ཀྱི་དབང་གིས་ཁམས་གསུམ་གྱི་སེམས་དང་སེམས་བདེན་དངོས་སུ་སྣང་བ་རྣམས་ཡིན་ལ། གཉིས་པ་ནི། འཕགས་པ་རྣམས་ཀྱི་རྗེས་ཐོབ་ལ་བདེན་མེད་སྒྱུ་མ་ལྟ་བུའི་ཚུལ་གྱིས་སྣང་བ་རྣམས་སོ། །ལང་ཀར་གཤེགས་པའི་མདོ་ལས། ཀུན་བཏགས་རྣམ་པ་བཅུ་ཡིན་ཏེ། །གཞན་གྱི་དབང་ནི་རྣམ་པ་དྲུག །ཅེས་གཞན་དབང་གི་དབྱེ་བ་རྣམ་པ་དྲུག་ཏུ་མཛད་པ་ཡིན། དེ་ཡང་མིག་ཤེས་དང༌། དེའི་ཡུལ་གཟུགས་དང༌། དེ་ཉིད་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་དང༌། དེ་དག་ཉེ་བར་བརྟེན་པའི་ཉོན་ཡིད་དང་ཀུན་གཞི་དེ་དབྱེ་སྒོ་དང་པོ་དང༌། དེའི་རིགས་འདྲེས་གཞན་རྣམས་ལ་ཡང་སྦྱར་ཏེ། ཀུན་གཞི་དང་ཉོན་ཡིད་ལ་ཚོགས་དྲུག་གིས་ཆ་དྲུག་ཏུ་ཕྱེ་བར་བྱའོ། །ཡོངས་སུ་གྲུབ་པའི་དབྱེ་བ་ནི། འཕགས་པ་ཐོགས་མེད་
ཀྱིས་དངོས་བརྟགས་མ་ཕྱེ་བར་དག་པ་ཡོངས་གྲུབ་དེ་ནི་རྣམ་པ་བཞི་སྟེ། རང་བཞིན་ཡོངས་གྲུབ་དང༌། དྲྀ་མེད་ཡོངས་གྲུབ་དང༌། ལམ་ཡོངས་གྲུབ་དང༌། དམིགས་པ་ཡོངས་གྲུབ་དང་བཞིའོ། །དང་པོ་ནི། རང་བཞིན་དག་པའི་ཆའོ། །གཉིས་པ་ནི། གློ་བུར་གྱི་དྲི་མ་ཡང་རྣམ་པར་དག་པ་ན་དག་པ་གཉིས་ལྡན་གྱི་ཡོངས་གྲུབ་བོ། །གསུམ་པ་ནི། ལམ་གྱི་ཡེ་ཤེས་རྣམས་སོ། །བཞི་པ་ནི། སངས་རྒྱས་ཀྱི་གསུང་རབ་ལམ་བསྒོམ་པའི་དམིགས་ཡུལ་དུ་གྱུར་པ་དེའོ། །ཡང་རྗེ་བཙུན་བྱམས་མགོན་གྱིས་དབུས་མཐར་འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སུ་གསུངས་པ་ཡིན་ནོ། །རང་བཞིན་ཡོངས་གྲུབ་དང་དྲི་མེད་ཡོངས་གྲུབ་གཉིས་ནི་སྐྱེས་བུ་ལྡོག་ཆས་དབྱེ་བ་ཙམ་ཡིན་གྱི་ངོ་བོ་དབྱེ་བ་ནི་མེད་ལ། དེ་ཡང་དག་པ་གཉིས་ལྡན་གྱི་ཡོངས་གྲུབ་དེ་སེམས་ཅན་ལ་རང་བཞིན་རྣམ་དག་ཁོ་ནར་སོང་གི་སྐྱེས་བུ་དེས་སྒྲིབ་གཉིས་མ་སྤངས་པས་གློ་བུར་རྣམ་དག་མ་སོང་བ་ཡིན་ལ། སངས་རྒྱས་པའི་སྐྱེས་བུ་དེ་ལ་མངོན་དུ་གྱུར་པས་དག་པ་གཉིས་ལྡན་དུ་གྱུར་པ་ཡིན་ནོ། །ཡོངས་གྲུབ་ལ་བཞིར་ཕྱེ་བའི་ཕྱི་མ་ལམ་ཡོངས་གྲུབ་དང་དམིགས་པ་ཡོངས་གྲུབ་གཉིས་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་རྗེས་མཐུན་པ་དང༌། གཞན་དབང་མཚན་ཉིད་པ་ཡིན་ལ་འོན་ཀྱང་གཞན་དབང་དེ་སྤོངས་པའི་གཉེན་པོར་འགྱུར་བ་ནི་ཡིན་ཏེ་འཁྲུལ་བས་འཁྲུལ་བ་སེལ་བའི་ཚུལ་ཡིན་ནོ། །གཉིས་པ་མཚན་ཉིད་གཅིག་
དང་ཐ་དད་ཀྱི་ཚུལ་ལ་དཔྱད་པ་ནི། སྤྱིར་ཀུན་བཏགས་དང་གཞན་དབང་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ་ཀུན་བཏགས་སྣང་ཆ་དང་གཞན་དབང་སྣང་བ་ཡིན་པས། སྣང་ཆ་ལས་གཞན་པའི་སྣང་བ་མེད་ཅིང༌། སྣང་བ་ལས་གཞན་པའི་སྣང་ཆའང་མེད་པའི། དེ་གཉིས་ཐ་དད་པ་ཡང་མ་ཡིན་ལ། གཟུང་འཛིན་གཉིས་སྣང་ཀུན་བཏགས་ཀྱི་ཆ་དང་བྲལ་བའི་གཞན་དབང་རྣམ་ཤེས་དག་པ་ཙམ་ཞིག་ཀྱང་ཡོད་པས་དེ་གཉིས་གཅིག་པ་ཡང་མ་ཡིན་ནོ། །ཀུན་བཏགས་དང་ཡོངས་གྲུབ་ཀྱང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ། ཀུན་བཏགས་ནི་བདེན་པ་གཉིས་ཆར་གྱི་སྐབས་སུ་མེད་ལ། ཡོངས་གྲུབ་ནི་དོན་དམ་པར་ཡོད་ལ། རྒྱུ་མཚན་དེའི་ཕྱིར་དེ་གཉིས་གཅིག་དང༌། ཐ་དད་གང་ཡང་མ་ཡིན་ཏེ། ད་ལྟར་བའི་མེ་དང་འདས་པའི་བུད་ཤིང་གཉིས་གཅིག་དང་ཐ་དད་གང་དུ་ཡང་མིན་པར་རྟོག་གེ་བར་གྲགས་པ་བཞིན་ནོ། །གཞན་དབང་དང་ཡོངས་གྲུབ་གཉིས་ཀྱང་དེ་ཉིད་དང་གཉིས་སུ་བརྗོད་པ་མེད་པ་ཡིན་ཏེ། གཞན་དབང་དག་པ་གསལ་རིག་ཙམ་དེ་ལ་ཡོངས་གྲུབ་ཆོས་ཉིད་རང་རིག་པའི་ཡེ་ཤེས་དཔེ་ཏིལ་ལ་ཏིལ་མར་རམ་བུ་རམ་ཤིང་ལ་བུ་རམ་མམ། དངོས་པོ་ལ་ནམ་མཁས་ཁྱབ་པ་ལྟར། དབྱེར་མེད་པའི་ཚུལ་གྱིས་ཁྱབ་པས་ན་ཐ་དད་པ་ཡང་མ་ཡིན་ལ། ལམ་བསྒོམ་པ་ན་ཀུན་བཏགས་ཀྱིས་ཁ་མ་བསྒྱུར་པའི་གཞན་དབང་དག་པ་བ་དེ་ཡང་ཡོངས་སུ་སྤངས་ཏེ། ཡོངས་
གྲུབ་ཁོ་ན་མངོན་དུ་གྱུར་པའི་ཕྱིར། དེ་གཉིས་གཅིག་པ་ཡང་མ་ཡིན་ནོ། །དེ་རྣམས་ནི་རྣམ་གྲངས་པའི་དོན་ཙམ་ཡིན་གྱི། གཙོ་བོའི་དོན་ནི་ཀུན་བཏགས་གཞན་དབང་གཉིས་གཅིག་ཏུ་སྡོམ་པ་དེ་དང༌། ཡོངས་གྲུབ་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ། ཀུན་བཏགས་ནི་སྒྲོ་བཏགས་པའི་བཏགས་ཆ་ཡིན་ལ། གཞན་དབང་ནི་དེ་ལྟར་དུ་སྒྲོ་འདོགས་པའི་འདོགས་ཡུལ་ཉིད་ཡིན་ཞིང༌། ཡོངས་སུ་གྲུབ་པ་ནི་གཞན་གཉིས་པོ་དེ་དང༌། དེའི་ཆོས་ཉིད་ཡིན་པས་ན། ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་དུ་བཤད་པ་དང༌། ཀུན་བཏགས་གཞན་དབང་གཉིས་ནི་དོན་དམ་པར་མེད་ཅིང༌། ཡོངས་གྲུབ་ནི་དོན་དམ་པར་ཡོད་པས་ན། དེ་གཉིས་དང་ཡོངས་གྲུབ་གཅིག་ཀྱང་མ་ཡིན་ལ་ཐ་དད་ཀྱང་མ་ཡིན་ནོ། །དེ་ཡང་འདི་ལྟ་བུའི་རིགས་ནི་ཕྱོགས་གཅིག་ནས་ཐ་དད་མ་ཡིན་པས་ངེས་ཤེས་རྙེད་པས། ཐ་དད་དུ་འཇོགས་མ་བཏུབ་པ་དང༌། གཅིག་ཤོས་ནས་ལྟོས་ན་གཅིག་པ་མ་ཡིན་པའི་ངེས་ཤེས་རྙེད་པ་ལ་བརྟེན་ནས་གཅིག་ཡིན་པར་འཇོག་མ་བཏུབ་པ་ལས་གཅིག་ཀྱང་མིན་ཐ་དད་ཀྱང་མིན་ཞེས་བརྗོད་པ་ཡིན་གྱི་རྒྱུ་མཚན་མེད་པར་དེ་ལྟར་སྨྲས་པར་མི་བྱ་སྟེ། གཅིག་དང་ཐ་དད་བརྗོད་མིན་པ། དགོས་པ་མེད་པར་མི་རིགས་སོ། །ཞེས་གསུངས་པ་ལྟར་རོ། །མཚན་ཉིད་གསུམ་པོ་དེ་གཉིས་སུ་བསྡུ་བ་ནི། དོན་དམ་དཔྱོད་བྱེད་དང་འབྲེལ་བའི་རིགས་པས་རྣམ་པར་དཔྱད་པ་ནི། གཞན་དབང་གང་ཡིན་པ་རྣམས་ཀུན་བཏགས་
སུ་འདུས་པའི་ཕྱིར། ཀུན་བཏགས་པའི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་དང་གཉིས་སུ་འགྱུར་བ་ཡིན་ལ། དེའི་རྒྱུ་མཚན་ཡང་གཞན་དབང་གི་སྣང་ཆ་ཀུན་བཏགས་ཡིན་ཞིང༌། དེ་ཡང་འཁྲུལ་བའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། སྣང་བ་དེ་འཆར་བའི་གཞི་སེམས་ཀུན་གཞི་རྣམ་པར་ཤེས་པ་ཡང་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །འཁྲུལ་བའི་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་དང༌། དེའི་ཆོས་ཉིད་[མེའི་ཚ་བ་ལྟར་]དུ་གཞན་དབང་ས་བོན་ཐམས་ཅད་པ་དེ་སོང་བ་ཡིན་ཞིང༌། འཁྲུལ་བའི་སྣང་བ་དེ་ཡང་གཞན་དབང་ས་བོན་ཐམས་ཅད་པ་དེའི་ཆོས་ཅན་གྱི་ཚུལ་གྱིས་གནས་པ་ཡིན་ནོ། །དེ་ཡང་དཔེར་ན། བུམ་པར་སྣང་བའི་སྣང་ཆ་དེ་ལ་སྣང་བ་དེ་འཆར་བར་འགྱུར་བའི་ས་བོན་དེ་དེའི་ཆོས་ཉིད་དུ་སོང་བ་ཡིན་པ་སོགས་ཤེས་བྱ་ཐམས་ཅད་ལ་དེས་རིགས་བསྒྲེ་བར་བྱའོ། །འདི་སྐབས་ཀྱི་ཆོས་ཉིད་ཡང་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་ཏེ། ཀུན་རྫོབ་རང་རང་གི་གནས་ལུགས་ལ་ཆོས་ཉིད་ཀྱི་མིང་གིས་བསྟན་པ་ཡིན་པས་སོ། །བག་ཆགས་ཀྱིས་ཁ་མ་བསྒྱུར་བའི་གཞན་དབང་དག་པས་དེ་གཅིག་པུ་ལ་ཀུན་བཏགས་གཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་ཕྱིར། སྤྲོས་པ་དང་བྲལ་བ་ཙམ་ཡིན་ལ། ངེས་པར་ན་ཤེས་རིག་དག་པ་བ་དེ་ཡང་ནང་འཛིན་པའི་ཤེས་པ་ཡིན་མོད། གཟུང་འཛིན་གཉིས་སུ་སྣང་བ་མེད་པའི་ཕྱིར་རོ། །གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཞེས་བསྟན་
པ་ཡིན་ནོ། །དབྱེ་བའི་རྣམ་གྲངས་གཞན་དུ་ཁ་འཕང་བ་ནི། ཡོངས་གྲུབ་ཀྱི་དབྱེ་བ་ཡོངས་གྲུབ་དགུ་དང༌། སྟོང་ཉིད་བཅུ་དྲུག་རྣམས་ནི་འོག་བདེན་གཉིས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །སྐབས་འདིར་ཡོངས་གྲུབ་ལ་རང་བཞིན་ཡོངས་གྲུབ་དང༌། རྣམ་དག་ཡོངས་གྲུབ་གཉིས་ལས། དང་པོ་ནི། འགོག་བདེན་དོན་དམ་པའི་བདེན་པ་ཡིན་ལ། གཉིས་པ་ནི་འདིར་དག་པར་བྱེད་པའི་ཐབས་ལ་དག་པའི་མིང་གི་བསྟན་པས། ལམ་གྱི་བདེན་པ་རྣམས་ཡིན་ཞིང༌། འདི་ནི་ཡོངས་གྲུབ་དག་པ་དང༌། གཞན་དབང་མཚན་ཉིད་པ་ཡིན་ནོ། །དེ་ཡང་སེམས་ཙམ་རྣམ་རྫུན་པ་རྣམས་ཀུན་བཏགས་ཀྱིས་ཁ་མ་བསྒྱུར་བའི་གཞན་དབང་དག་པ་བ་དེ་ལ་ཡོངས་གྲུབ་ཏུ་མིང་བཏགས་ཏེ་གྲོལ་བ་ཐོབ་པའི་ཚེ་ཡང་ཡོད་པར་འདོད་མོད། འདི་ནི་གཞན་དབང་ལ་ཡོངས་གྲུབ་ཀྱི་མིང་གིས་བཏགས་པ་ཙམ་དུ་ཟད་པས་ཡོངས་གྲུབ་དངོས་ཡིན་པ་དང༌། གྲོལ་བ་ཐོབ་པའི་ཚེ་ཡང་ཡོད་པར་འདོད་པ་ནི་མི་འཐད་དེ། སྤྱིར་ཀུན་བཏགས་སྤངས་པའི་གཞན་དབང་ཙམ་གནས་པ་མི་སྲིད་དེ། རེ་ཞིག་གཞན་དབང་གི་སྣང་ཆ་མ་བྲལ་བ་དེ་སྲིད་དུ་གཞན་དབང་ཡོད་ལ་གཞན་དབང་གི་སྣང་ཆ་ཀུན་བཏགས་དེ་ཞིག་ན་གཞན་དབང་དེ་ཡང་འཇིག་པ་ཡིན་ཏེ། དཔེར་ན་ཤེལ་གྱི་སྔོན་པོ་ལ་དམིགས་ཏེ་རྡོ་རྒྱབ་པ་ན་ཤེལ་དེ་ཡང་འཇིག་པར་འགྱུར་ཞིང་ཤེལ་ལ་དམིགས་ཏེ་རྒྱབ་པ་ན་སྔོན་པོར་སྣང་བ་དེ་འཇིག་པར་འགྱུར་བ་བཞིན་ནོ། །དེས་ན་གཞན་དབང་གིས་སྣང་ཆ་ཀུན་བཏགས་སྤངས་པ་ན་གཞན་དབང་ཡང་
མེད་པར་འགྱུར་ལ། གཞན་དབང་སྤངས་པ་ན་དེའི་སྣང་ཆ་ཀུན་བཏགས་ཀྱང་སྤངས་པར་འགྱུར་ཏེ། དེའི་ཚེ་ཆོས་ཉིད་ཡོངས་གྲུབ་འབའ་ཞིག་ལུས་པར་ཟད་དོ། །དོན་ལ་སྣང་ཆ་ལས་གཞན་པའི་སྣང་བ་མེད་པས་གཞན་དབང་རང་གི་ངོ་བོ་ལ་ཚུགས་ཐུབ་དང་བྲལ་བ་ཡིན་ནོ། །འོ་ན་སྣང་ཆ་ཀུན་བཏགས་དང་བྲལ་བའི་ཤུལ་ལམ་དེའི་རང་བཞིན་དུ་གཞན་དབང་མེད་ན་དེ་ལ་རང་བཞིན་གཏན་ནས་མེད་པ་ཞིག་ཡིན་ནམ་འོན་ཏེ་གཞན་ཞིག་ཡོད་སྙམ་ན་དེའི་རང་བཞིན་གྱི་ཚུལ་དུ་[དབྱིངས་ཡེ་ཟུང་འཇུག་]ཡོངས་གྲུབ་གནས་པ་ཡིན་ཞིང་ཀུན་རྫོབ་ཀྱི་རྣམ་པ་གང་ཡིན་པ་ཐམས་ཅད་ཀུན་བཏགས་ཞེས་བརྗོད་དོ། །མཚན་ཉིད་གཉིས་སུ་བསྡུས་པའི་རྒྱབ་བརྟེན་པའི་མདོ་སྡེ་ལང་གཤེགས་ལས་གསུངས་པ་གང་ཀུན་བཏགས་པའི་དངོས་པོ་འདི་རྣམས་གཞན་གྱི་དབང་ཡང་དེ་ཁོ་ན་ཡིན་ལ། ཀུན་བཏགས་སྣ་ཚོགས་པའི་སྣང་བ་ཅན་དེ་ནི་གཞན་གྱི་དབང་ཞེས་རྟོགས་པར་བྱའོ། །འཕྲོས་དོན་གྱི་དབྱེ་བ་ནི། རྗེ་བཙུན་བྱམས་མགོན་གྱི་མདོ་སྡེ་རྒྱན་དུ་རྣམ་གཡེངས་ཀྱི་རྣམ་རྟོག་བཅུ་གསུངས་པ་ནི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་པར་ཞེན་པའི་རྟོག་པ་བཅུ་ཡང་དག་པར་སྤངས་བར་བྱའོ། །བཅུ་པོ་གང་ཞེ་ན། དང་པོ་མེད་པར་རྟོགས་པ་ནི། གཞན་དབང་རྣམ་རིག་ཙམ་ཀུན་རྫོབ་བདེན་པར་མེད་པར་རྟོག་པ་དང༌། ཞོར་བྱུང་དུ་ཀུན་བཏགས་ཀུན་རྫོབ་ཙམ་དུ་མེད་པར་རྟོག་པའང་ཡིན་པ་དང༌། གཉིས་
པ་ཡོད་པར་རྟོག་པ་ནི། གཞན་དབང་ཀུན་རྫོབ་བདེན་པར་ཡོད་པར་རྟོག་པ་དང༌། དེའི་ཞོར་བྱུང་ལས་གཞན་དབང་དོན་དམ་དུ་མེད་པར་རྟོག་པའང་ཡིན་ནོ། །གསུམ་པ་སྒྲོ་འདོགས་པའི་རྟོག་པ་ནི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་སུ་ཡོད་པར་འཛིན་པའི་རྟོག་པ་དང༌། བཞི་པ་སྐུར་འདེབས་ཀྱི་རྟོག་པ་ནི་ཡོངས་གྲུབ་སྟོང་ཉིད་དོན་དམ་དུ་མེད་པར་འཛིན་པ་དང༌། ལྔ་པ་གཅིག་ཏུ་འཛིན་པའི་རྟོག་པ་ནི། གཟུགས་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་དང༌། དོན་དམ་སྟོང་ཉིད་གཅིག་པར་འཛིན་པའི་རྣམ་རྟོག་སྟེ། འདི་ནི་ད་ལྟའི་སྣང་བ་རང་འགའ་མ་འདི་ཆོས་སྐུ་དང་སྟོང་ཉིད་དུ་ངོ་སྤྲད་པ་རྣམས་ལ་འབྱུང་ཉེའོ། །དྲུག་པ་དུ་མར་འཛིན་པའི་རྣམ་རྟོག་ནི། གཟུགས་སོགས་ཆོས་ཅན་ཀུན་རྫོབ་པ་རྣམས་དང༌། དེ་དག་གི་ཆོས་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་ཐ་དད་པར་འཛིན་པའི་རྣམ་རྟོག་གོ །བདུན་པ་རང་གི་ངོ་བོ་ཉིད་དུ་འཛིན་པའི་རྣམ་རྟོག་ནི། དཔེར་ན་ཁྱད་གཞི་བུམ་པ་ལྟ་བུའི་དངོས་པོ་གང་ཡང་རུང་བར་རྟོག་པའི་རྣམ་རྟོག་ཡིན་ལ། བརྒྱད་པ་ཁྱད་པར་དུ་རྟོག་པ་ནི་ཁྱད་གཞི་བུམ་པ་ལྟ་བུའི་ཁྱད་པར་གྱི་ཆོས་སྐྱེ་བ་དང༌། གནས་པ་དང་འགག་པ་ལ་སོགས་པར་རྟོགས་པའོ། །དགུ་པ་ནི་མིང་ལ་དོན་དུ་རྟོག་པ་དང༌། བཅུ་པ་ནི་དོན་ལ་མིང་དུ་རྟོག་པའོ། །དེ་ལྟར་བཅུ་པོ་དེ་རྣམས་ནི་རྣམ་གཡེངས་ཀྱི་རྣམ་པར་རྟོག་པ་ཡིན་ཞིང༌། དེ་ནི་ཀུན་ཏུ་འདོགས་བྱེད་ཀྱི་རྣམ་རྟོག་ཡིན་ལ། དེས་སྒྲོ་བཏགས་པའི་བཏགས་ཆ་ནི་ཀུན་བཏགས་དངོས་སོ། །རྩ་བའི་རྣམ་པར་རྟོགས་པ་ནི། ཀུན་གཞི་རྣམ་
པར་ཤེས་པ་ཡིན་ལ། དེ་ནི་རྣམ་རྟོག་ཐམས་ཅད་ཀྱི་གཞིའམ་རྟེན་ནམ་རྩ་བ་ཡིན་པའི་ཕྱིར་དེར་བཞག་པའོ། །མཚན་མའི་རྣམ་པར་རྟོག་པ་ནི་བཟུང་བྱ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་སུ་འཛིན་པའི་རྣམ་རྟོག་ཡིན་ལ། དེས་བཏགས་པའི་བཏགས་ཆ་ནི་ཀུན་བཏགས་དང༌། མཚན་སྣང་གི་རྣམ་རྟོག་ནི་འཛིན་བྱེད་དབང་པོ་རྟེན་དང་བཅས་པའི་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་དབང་པོ་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པའི་བར་དུ་འཛིན་པའི་རྣམ་རྟོག་ཡིན་ལ། དེས་བཏགས་པའི་བཏགས་ཆ་ནི་ཀུན་བཏགས་དང༌། མཚན་མར་འགྱུར་བའི་རྣམ་རྟོག་ནི་ཕན་པ་དང་གནོད་པ་དང༌། རྒས་པ་དང༌། སྐྱེ་བ་དང༌། འཆི་བ་དང༌། ན་བ་དང༌། བདེ་བའི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བ་དང༌། ཚོར་བ་ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་ལ་སོགས་པ་མཚན་མར་གྱུར་པའི་ཆ་གང་དང་གང་ཡིན་པ་དེ་དང་དེར་འཛིན་པའི་རྣམ་རྟོག་ཡིན་ལ། དེས་བཏགས་པའི་བཏགས་ཆ་ནི་ཀུན་བཏགས་དང༌། མཚན་མ་སྣང་བའི་རྣམ་རྟོག་དང༌། མཚན་མ་འགྱུར་བའི་རྣམ་རྟོག་དེ་གཉིས་སྡོམ་པ་ནི། མཚན་མར་སྣང་བར་གྱུར་པའི་རྣམ་རྟོག་ཡིན་ལ། དེས་བཏགས་པའི་བཏགས་ཆ་ནི་ཀུན་བཏགས་སོ། །ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་ནི་དམ་པའི་ཆོས་མ་ཡིན་པ་ཐོས་པ་ལ་བརྟེན་ནས་བྱུང་བ་སྟེ། དེ་ཡང་ཚེ་འདིར་ཐོས་པའི་ཚེ་རབས་གཞན་དུ་ཐོས་པའི་བག་ཆགས་ཚེ་འདིར་ཡོངས་སུ་སད་པ་ཡིན་ཡང་རུང་སྟེ། རྟག་
གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་དང༌། ལུས་མི་གཙང་བ་ལ་གཙང་བར་འཛིན་པའི་རྣམ་རྟོག་ལ་སོགས་པ་ཡིན་ཞིང༌། དེས་བཏགས་པའི་བཏགས་ཆ་ནི་ཀུན་བཏགས་དང༌། ཚུལ་བཞིན་གྱི་རྣམ་རྟོག་ནི་བཅོམ་ལྡན་འདས་ཀྱི་ལེགས་པར་གསུངས་པའི་ཆོས་དེ་ཐོས་པ་ལ་བརྟེན་ནས་འབྱུང་བ་སྟེ། འདུས་བྱས་མི་རྟག་པ་དང༌། ཟག་བཅས་སྡུག་བསྔལ་དང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་འཛིན་པ་ལ་སོགས་པའི་རྣམ་རྟོག་ཡིན་ལ། དེས་བཏགས་པའི་བཏགས་ཆ་ནི་ཀུན་བཏགས་དང༌། དེ་གཉིས་སྡོམ་པ་ནི་གཞན་གྱི་བསྟན་པ་ལས་བྱུང་བའི་རྣམ་པར་རྟོག་པའོ། །མངོན་པར་ཞེན་པའི་རྣམ་རྟོག་ནི། ལྟ་ངན་དྲུག་ཅུ་རྩ་གཉིས་དང་མཚུངས་པར་ལྡན་པ་ལ་སོགས་པ་མུ་སྟེགས་ཀྱི་ལྟ་བ་ངན་པ་རྣམས་ཀྱི་རྣམ་རྟོག་ཡིན་ལ། དེ་ལ་ལྟ་བ་འཐིབ་པོ་ཞེས་བསྟན་པ་ནི། དཔེར་ན་ནགས་ཚལ་ཆེས་ཤིན་ཏུ་འཐུག་པོ་དག་གི་ཁྲོད་དུ་སྐྱེས་བུ་ཞིག་འཁྱམས་པར་གྱུར་པ་ན། མགོ་འཁོར་བར་འགྱུར་ཏེ་རང་འདོད་པའི་ས་ཕྱོགས་དེར་ཞག་མང་པོ་ཟླ་བའི་བར་དུ་འགྲོ་མི་ནུས་པ་ལྟར། ལྟ་བ་ངན་པ་རྣམས་ཀྱིས་ཀྱང་ཡང་དག་པའི་གནས་ལུགས་མཐོང་བ་ལ་ཤིན་ཏུ་གེགས་བྱས་པས་ན་འཐིབ་པ་ཞེས་སྨྲས་སོ། །ལྟ་བ་ངན་པའི་རྣམ་རྟོག་དེ་དག་གིས་བཏགས་པའི་བཏགས་ཆ་གང་ཡིན་པ་དེ་ནི་ཀུན་བཏགས་ཡིན་ཞིང༌། སྤྱིར་བཅུ་པོ་དེ་སོགས་འདོགས་བྱེད་རྟོགས་པའི་དབྱེ་བ་མཐའ་ཡས་པའི་རྒྱུ་མཚན་གྱིས། དེས་བཏགས་པའི་ཀུན་བཏགས་ཀྱི་དབྱེ་བ་ཡང་མཐའ་ཡས་པར་འགྱུར་
བ་ཡིན་ནོ། །གཞན་དབང་གི་དབྱེ་བ་རྣམ་རིག་བཅུ་གཅིག་ནི་སྤྱིར་འཇིག་རྟེན་མ་བརྟགས་མ་དཔྱད་པའི་སྣང་ངོ་དང་བསྟུན་ནས་གཟུགས་སོགས་ཕྱི་རོལ་གྱི་དོན་ཁས་ལེན་པའི་རྣམ་བཞག་བྱེད་པ་ཡོད་མོད་ཀྱང༌། དབུ་མ་པ་རང་ལུགས་ཀྱི་ཡང་དག་ཀུན་རྫོབ་ལ་ཕྱི་རོལ་ཀྱྀ་དོན་ནམ་ཡང་མེད་ཀྱི་རྣམ་ཤེས་ཙམ་ཞིག་གཟུགས་སྒྲ་སོགས་ཀྱི་ཕྱི་རོལ་དོན་གྱི་རྣམ་པར་སྣང་བ་ཡིན་ནོ། །དེས་ན་རྡུལ་ཕྲན་འདུས་པའི་ལུས་ནི་མེད་ལ། ལུས་ཀྱི་དབང་པོར་སྣང་བའི་རྣམ་རིག་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེའི་དབང་པོར་སྣང་བའི་རྣམ་རིག་ནི། ལུས་ཅན་གྱི་རྣམ་རིག་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཟ་བ་པོའི་རྣམ་རིག་དང༌། ཡིད་ཤེས་ལ་ཟ་བ་པོར་འཇོག་པ་ཡང༌། ལོངས་སྤྱོད་པ་པོའི་ཟ་མཁན་གྱི་དོན་ཡིན་ནོ། །ཉེ་བར་སྤྱད་པར་བྱ་བའི་རྣམ་རིག་ནི། གཟུགས་སྒྲ་དྲྀ་རོ་རེག་བྱ་ཆོས་ཁམས་རྣམས་སུ་སྣང་བའི་རྣམ་རིག་དང༌། དེ་ལ་ཉེ་བར་ལོངས་སྤྱོད་པའི་རྣམ་རིག་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཇུག་ཤེས་དྲུག་པོ་རྣམས་སོ། །དེ་རྣམས་ནི་རྟེན་དབང་པོའི་ཁམས་དྲུག་བརྟེན་པའི་རྣམ་པར་ཤེས་པའི་ཁམས་དྲུག་གོ །དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ། ཁམས་བཅོ་བརྒྱད་ཐམས་ཅད་བསྡུས་པ་ཡིན་ལ། དེའི་ནང་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱང་འདུས་སོ། །དེ་ལྟར་ན་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་ཐམས་ཅད་སེམས་རྣམ་པར་རིག་པ་ཙམ་ཞིག་དེ་དང་དེར་སྣང་བ་ཡིན་གྱི་སེམས་ལས་ལོགས་སུ་གྱུར་པའི་ཆོས་གང་ཡང་མེད་
ཅེས་པ་ཞིག་འགྲུབ་བོ། །སྤྱིར་དེ་རྣམས་ཀྱང་མངོན་པར་བརྗོད་པའི་བག་ཆགས་ལས་བྱུང་བ་ཡིན་མོད་ཀྱང༌། མངོན་པར་བརྗོད་པའི་བག་ཆགས་ཁོ་ནའི་མཐུ་ལས་བྱུང་བ་ནི་འདི་རྣམས་ཏེ། ལོ་དང་ཟླ་བ་ལ་སོགས་པ་དུས་སུ་སྣང་བའི་རྣམ་རིག་དང༌། གཅིག་བཅུ་བརྒྱ་སྟོང་སོགས་གྲངས་སུ་སྣང་བའི་རྣམ་རིག་དང༌། གྲོང་དང་གྲོང་ཁྱེར་དང་ནགས་ཚལ་དང་རི་ལ་སོགས་པ་ཡུལ་གྱི་སྣང་བའི་རྣམ་རིག་དང༌། ཐ་སྙད་མིང་ཚིག་ཡི་གེ་གསུམ་དུ་སྣང་བའི་རྣམ་རིག །རྣམས་མངོན་པར་བརྗོད་པའི་བག་ཆགས་ཁོ་ནས་ལས་བྱུང་བ་ཡིན་ཞིང༌། རང་གི་ལུས་ངག་ཡིད་གསུམ་ལ་དམིགས་ནས་བདག་ཏུ་སྣང་བ་དང༌། གཞན་གྱི་ལུས་ངག་ཡིད་གསུམ་ལ་དམིགས་ནས་གཞན་དུ་སྣང་བ་སྟེ། བདག་དང་གཞན་དུ་སྣང་བའི་རྣམ་རིག་ནི་བདག་ཏུ་ལྟ་བའི་བག་ཆགས་ལས་བྱུང་ཞིང༌། མཐོ་རིས་སུ་སྣང་བ་དཔེར་ན་ལྷར་སྐྱེས་པ་ན་རང་གི་ལུས་ངག་ཡིད་གསུམ་ལྷའི་འགྲོ་བར་སྣང་བ་ལྟ་བུ་དང༌། ངན་འགྲོའི་སྣང་བ་ནི། དམྱལ་བར་སྐྱེས་པའི་ཚེ་རང་གི་ལུས་ངག་ཡིད་གསུམ་དམྱལ་བའི་འགྲོ་བ་སྣང་བ་ལྟ་བུ་དང༌། འཆི་འཕོ་བ་དང་སྐྱེ་བའི་སྣང་བ་ནི་སོ་སོའི་སྐྱེ་བོ་རྣམས་ལ་རགས་པའི་རྫས་ཀྱི་ལུས་ཞིག་ཡོངས་སུ་དོར་ནས། གསར་དུ་ལེན་པར་སྣང་ཡང་དོན་ལ་རྣམ་པར་ཤེས་པ་ཉིད་སྐྱེ་བ་དང་འཆི་བའི་རྣམ་པར་སྣང་བ་ཡིན་ནོ། །དེ་གཉིས་ནི་སྲིད་པའི་ཡན་ལག་གི་བག་ཆགས་སམ་ས་བོན་ལས་བྱུང་བ་ཡིན་ལ། དེའི་ཕྱིར་ཆོས་
ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་ནོ། །དོན་ལ་རྣམ་རིག་ཙམ་ནི་ཤེས་པ་ལ་དངོས་སུ་སྣང་ཞིང༌། མྱོང་བ་ལ་ཡང་མངོན་སུམ་དུ་གྲུབ་པ་ཡིན་ལ། ཀུན་བཏགས་ནི་བཏགས་ཆ་ཙམ་ཡིན་པའི་ཕྱིར། །དངོས་སུ་སྣང་བ་དང་མྱོང་བ་ནི་མེད་ལ། འཁྲུལ་ངོར་སྣང་བ་དང་མྱོང་བར་རློམ་པ་ཙམ་ནི་ཡོད་དོ། །དེས་ན་རྣམ་རིག་ཙམ་ཞིག་ནི་དོན་དམ་དུ་མེད་ཀྱང༌། ཀུན་རྫོབ་བདེན་པའི་གནས་ཚུལ་ཞུགས་པ་ཡིན་ནོ། །མཚན་ཉིད་གསུམ་པོ་ཡོད་མེད་ཀྱི་དབྱེ་བ་དཔེ་དང་བཅས་ནས་སྟོན་པ་ནི། དཔེ་ནི་ཇི་ལྟར་ན། ཤིན་ཏུ་དྭངས་པའི་ཆུ་མཚོར་ཉི་ཟླ་དང་རྒྱུ་སྐར་སོགས་གཟུགས་བརྙན་རྣམ་པ་མང་པོར་ཤར་བར་གྱུར་པ་ན། གཟུགས་བརྙན་དེ་དང༌། ཤིན་ཏུ་དྭངས་པའི་ཆུ་གཉིས་ལ་ངོ་བོའི་སྒོ་ནས་དབྱེ་བ་མེད་མོད་ཀྱི། འཇིག་རྟེན་ཉིད་ཀྱི་ཐ་སྙད་ལ་ཡང༌། ཆུ་ནི་ཡོད་པའི་སྣང་བ་དང༌། དེ་ལ་ཤར་བའི་གཟུགས་བརྙན་རྣམས་ནི་མེད་པའི་སྣང་བར་འདོད་པ་བཞིན། གཟུགས་བརྙན་དང་མཚུངས་པའི་ཀུན་བཏགས་ནི་ཡང་དག་ཀུན་རྫོབ་བྱ་བ་བྱེད་ནུས་ཀྱི་ངོ་བོར་ཡང་མེད་ཅིང༌། ཆུ་དང་མཚུངས་པའི་རྣམ་པར་ཤེས་པ་ཙམ་ནི་ཡང་དག་པ་ཀུན་རྫོབ་ཀྱི་ངོ་བོར་ཡོད་པ་ཡིན་ལ། དེ་དག་ཀྱང་ཀུན་རྫོབ་བདེན་པའི་དབང་དུ་བྱས་པ་ཡིན་གྱི། ངེས་དོན་དོན་དམ་པར་ནི་དེ་གཉིས་གང་ཡང་མེད་ལ། དེ་དང་དེ་མེད་པའི་ཤུལ་ན་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ནི་རྟག་ཏུ་ཡོད་ཅིང༌། བདེན་པར་གྲུབ་པ་ཡིན་ནོ། །སྤྱིར་བྱམས་ཆོས་བར་བ་
གསུམ་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན་ཞེས་གསུངས་པ་ལྟར། ཀུན་བཏགས་དང་གཞན་དབང་གཉིས་མེད་པ་དང༌། ཡོངས་གྲུབ་ཆོས་ཉིད་དེ་བཞིན་ཉིད་ཡོད་པར་གསུངས་པ་ལྟ་བུ། གནས་ལུགས་མཐར་ཐུག་གི་ཡོངས་གྲུབ་ཀྱི་ངོས་འཛིན་ཚུལ་མང་དུ་གསུངས་ཤིང༌། དགོངས་དོན་མཐར་ཐུག་ཡང་དེ་བཞིན་ཡིན་མོད་ཀྱང༌། གནས་སྐབས་འགའ་ཞིག་ཏུ་རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་དང༌། འཇིག་རྟེན་པའི་དོན་དམ་བདེན་པ་གཏན་ལ་འབེབས་པའི་ཕྱིར་དུ་དགག་གཞི་གཞན་དབང་གི་སྟེང་དུ་དགག་བྱ་ཀུན་བཏགས་བཀག་པའི་རྣམ་ཤེས་དག་པ་ཙམ་ཞིག་ལ། ཡོངས་གྲུབ་ཀྱི་མིང་དུ་བཏགས་པ་ཡང་མང་དུ་ཡོད་མོད་ཀྱི། དེ་དོན་དམ་མཐར་ཐུག་ཏུ་བཟུང་ན་སེམས་ཙམ་གྱྀ་གྲུབ་མཐའ་ལས་མ་འདས་སོ། །དེ་ཡང་ཁྱབ་བྱེད་ཆོས་ཉིད་ཡོངས་གྲུབ་ཁྱབ་བྱ་གཞན་དབང་ལ་དངོས་སུ་ཁྱབ་པ་ཡིན་ཞིང༌། དེའི་སྟོབས་ལས་ཀུན་བཏགས་རྣམས་གཞན་དབང་གི་སྣང་ཆ་ཡིན་པའི་ཕྱིར། ཀུན་བཏགས་ལ་ཡང་ཁྱབ་ཅེས་བཞག་པ་ཡིན་གྱི་ངེས་པར་ན་དེས་ཀུན་བཏགས་ལ་མ་ཁྱབ་སྟེ། ཀུན་བཏགས་བདེན་པ་གཉིས་ཀྱི་གནས་སྐབས་ནམ་ཡང་མེད་པ་ལ་ཁྱབ་རྒྱུ་མེད་པའི་ཕྱིར་རོ། །དེ་ཡང་དཔེར་ན་ཆུ་ལ་གཟུགས་བརྙན་ཤར་བར་གྱུར་བ་ན་ནམ་མཁའི་གཟུགས་ཅན་ཀུན་ལ་ཁྱབ་ཅིང་རྒྱུའི་གོ་འབྱེད་པའི་ཕྱིར། ཆུ་ལ་ནི་ནམ་མཁས་ཁྱབ་ལ། དེ་ལ་ཤར་བའི་གཟུགས་བརྙན་ནི་མེད་པ་
གསལ་སྣང་ཙམ་ཡིན་པའི་ཕྱིར། ནམ་མཁས་མ་ཁྱབ་པ་བཞིན་ནོ། །མཚན་ཉིད་གསུམ་པོ་དེ་མཚན་གཞི་ལ་ཇི་ལྟར་འཇུག་ཚུལ་གྱི་དཔེར་བརྗོད་ནི། དཔེར་ན་མིག་ཤེས་ལ་སྣང་བའམ་ཡིད་ཤེས་ལ་སྣང་བ་ཇི་ལྟར་ཡིན་ཡང་རུང༌། བུམ་པར་སྣང་བའི་དུས་ན་བུམ་པ་མ་ཡིན་པ་རྣམ་པར་བསལ་བས་བུམ་པ་ཡིན་པའི་ཆ་དེ་ཀུན་བཏགས་ཉིད་ཡིན་ལ། དེ་རྣམ་པར་འབྱེད་པའི་ཤེས་པ་གསལ་རིག་ཙམ་དེ་གཞན་དབང་དང༌། ཀུན་བཏགས་དེ་དང་གཞན་དབང་དེ་མེད་པའི་ཤུལ་གྱི་ཡེ་ཤེས་ནི་ཡོངས་སུ་གྲུབ་པར་འདོད་པ་ཡིན་ནོ། །ཉོན་མོངས་པས་ཆགས་སྡང་ལྟ་བུ་ལ་དཔེར་མཚོན་ན། སེམས་ལ་འདོད་ཆགས་སམ་ཞེ་སྡང་དྲག་པོ་ཞིག་སྐྱེས་པ་ན་ཆགས་སྡང་གི་སྣང་ཆ་དུང་ངེ་བ་དེ་ཀུན་བཏགས་དང༌། དེའི་རིག་པ་གསལ་རིག་གི་ཆ་དེ་ནི་གཞན་དབང་དང༌། ཐམས་ཅད་ལ་རོ་མཉམ་དུ་ཁྱབ་པའི་སྤྲོས་བྲལ་གྱི་ཡེ་ཤེས་ནི་ཡོངས་གྲུབ་བོ། །འདིར་རོ་མཉམ་ཞེས་སྨོས་པ་ནི། དཔེར་ན་ཞེ་སྡང་གི་རྣམ་ཤེས་གསལ་རིག་གི་ཆ་དེ་དང༌། འདོད་ཆགས་ཀྱི་རྣམ་ཤེས་གསལ་རིག་གི་ཆ་དེ་གཉིས་རྣམ་པ་ཤིན་ཏུ་འདྲ་བ་ཡིན་ཡང༌། ངོ་བོ་ཐ་དད་པ་ཡིན་པས། ཕན་ཚུན་དུ་གཅིག་གིས་གཅིག་ལ་མ་ཁྱབ་པ་ཡིན་ལ། དེ་དང་དེའི་[གནས་ལུགས་དབྱིངས་དང་ཡེ་ཤེས་གསལ་སྟོང་ཟུང་འཇུག་ཆེན་པོའི་]ཡོངས་གྲུབ་ལ་ནི་ངོ་བོ་དབྱེ་བ་མེད་པ་སྟེ། རོ་མཉམ་དུ་གྱུར་པས་སོ། །ལམ་ལ་མཚན་ཉིད་གསུམ་ཇི་ལྟར་འཇུག་པའི་ཚུལ་ནི། དཔེར་ན་སྟོང་པ་ཉིད་
བསྒོམ་པའི་དུས་སུ་སྒོམ་ཆ་ལམ་གྱི་ཤེས་པ་དེ་ཉིད་གཞན་དབང་དང་འདི་སྟོང་པ་ཉིད་ཀྱི་ལམ་ཡིན་སྙམ་པ་ལ་སོགས་པའི་ལམ་དེ་ཉིད་ལ་རྟོག་པས་བརྟགས་པའི་ཆ་ནི་ལམ་གྱི་ཀུན་བཏགས་དང༌། ལམ་དེས་གང་ལ་དམིགས་པའི་ཡུལ་གྱི་ཆོས་ཉིད་ནི་[འོད་གསལ་བའི་སྤྲོས་བྲལ་]ཡོངས་གྲུབ་བོ། །འབྲས་བུ་ཆོས་སྐུ་ལ་མཚན་ཉིད་གསུམ་ཇི་ལྟར་འཇུག་པའི་ཚུལ་ནི་དཔེར་ན་སོ་སོའི་སྐྱེ་བོའི་བློ་ལ་ཆོས་སྐུ་ནི་སྤྲོས་པ་དང་བྲལ་ཞིང་རང་རིག་པའི་ཡེ་ཤེས་སོ་སྙམ་པའི་རྟོག་པའི་འཛིན་སྟངས་ཀྱི་གཟུངས་ཆ་རྟོག་པའི་ཡུལ་གྱི་སྣང་བའི་ཆོས་སྐུ་ཀུན་བཏགས་ཀྱི་ཆོས་སྐུ་དང༌། ཆོས་སྐུ་དེའི་རྣམ་པར་འཛིན་པའི་སེམས་ནི་གཞན་དབང་གི་ཆོས་སྐུ་དང༌། གནས་ལུགས་དངོས་ནི་ཡོངས་གྲུབ་ཀྱི་ཆོས་སྐུ་དང༌། འདིའི་རིགས་འགྲེས་ཤེས་བྱ་ཐམས་ཅད་ལ་སྦྱར་བར་བྱའོ། །འོན་ཀྱང་ཚིག་ལ་འཆོལ་བའི་ཐོབ་པ་ཐུག་མེད་དུ་སྨྲ་བ་ལྟར་ཧ་ཅང་ཐལ་བའི་རྣམ་བཞག་སྤངས་པར་བྱ་སྟེ། དཔེར་ན་བུམ་པའི་ཀུན་བཏགས་ཀྱི་ཀུན་བཏགས་དང༌། དེའི་གཞན་དབང་དེའི་ཡོངས་གྲུབ་ཞེས་སོགས་ཐུག་མེད་དུ་སྦྱར་བར་མི་བྱ་བར་སྤྱིར་མཚན་གཞིའི་ཆོས་ཀུན་ལ་མཚན་ཉིད་གསུམ་པོ་འདི་སྦྱར་བར་བྱའོ། །མཚན་ཉིད་གསུམ་པོ་དེ་རྣམས་སྟོང་པ་ཉིད་གསུམ་དུ་རྣམ་པར་བཞག་པ་ནི། རྗེ་བཙུན་བྱམས་མགོན་གྱིས་མདོ་སྡེ་རྒྱན་དུ་གསུང་བ་ནི་ཀུན་བཏགས་ཀྱི་ཆོས་ནི་མེད་པའི་སྟོང་པ་ཉིད་ཅེས་བྱ་སྟེ། དེ་ཡང་སྟོང་གཞི་ཀུན་བཏགས་ཀྱི་ཆོས་གཞན་
ཞིག་གིས་སྟོང་པའམ། མེད་པ་ནི་མ་ཡིན་གྱི་ཀུན་བཏགས[རང་]ཉིད་བདེན་པ་གཉིས་ཆར་གྱི་སྐབས་སུ་མེད་ཅིང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་ཕྱིར་མེད་པའི་སྟོང་པ་ཉིད་དང༌། གཞན་དབང་ནི་དོན་དམ་པར་མེད་ཀྱང་ཀུན་རྫོབ་བདེན་པའི་ངོ་བོར་ཡོད་པས་ན་ཡོད་པའི་སྟོང་པ་ཉིད་དང༌། ཡོངས་གྲུབ་ནི་རང་གི་ངོ་བོར་རང་བཞིན་གྱིས་ཡོད་ཅིང༌། དེ་ལ་ཀུན་བཏགས་གཞན་དབང་གཉིས་ཀྱིས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་ཉིད་དོ། །དེ་ཡང་དབུ་མ་ངོ་བོ་ཉིད་མེད་པ་སྨྲ་བའི་ལུགས་ལ། དངོས་ཉིད་ངོ་བོ་གཉིས་ནི་འཛིན་པར་འགྱུར་ཞེས་མྱུ་གུ་ལྟར་དུ་གང་རུང་བ་ཞིག་ལ་ཀུན་རྫོབ་བདེན་པའི་ངོ་བོ་ཞིག་དང༌། དོན་དམ་བདེན་པ་སྟོང་པ་ཉིད་ཀྱི་ངོ་བོ་འཛིན་ཚུལ་གཅིག་གསུངས་པ་ཡིན་ལ། དེ་ལྟར་ན་ཆོས་ཡིན་ན་སྟོང་པ་ཉིད་ཡིན་པའི་ཁྱབ་པ་ཡང་མ་ངེས་དེ། ཆོས་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ་པར་ངེས་པར་ཐལ་བས་སོ། །ལུགས་འདི་ལ་ཆོས་ཡིན་ན་སྟོང་པ་ཉིད་ཡིན་པའི་ཁྱབ་པ་ངེས་པར་ཡོད་པས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་ཡང་ལུགས་འདི་ལ་ཤིན་ཏུ་འགྲིགས་སོ། །སྟོང་པ་ཉིད་གསུམ་གྱི་རྣམ་བཞག་ནི། ཤེར་ཕྱིན་ལྔ་བརྒྱ་པ་ལས། རབ་འབྱོར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གཟུགས་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དེ་ལྟར་དངོས་པོ་ཡོད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས་སེམས་རྩེ་གཅིག་ཏུ་གནས་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། བྱང་ཆུབ་
སེམས་དཔའ་དེ་ལྟར་གཟུགས་ལ་སྟོང་པ་ཉིད་ཀྱི་གཟུགས་ལ་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །ཞེས་གསུངས་སོ། །མདོ་སྡེ་རྣམས་ལས་ཡོད་ཅེས་གསུངས་པ་དང་མེད་ཅེས་གསུངས་པའི་དགོངས་དོན་ཇི་ལྟར་ཡིན་ཚུལ། འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ནི། དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཇི་ལྟར་སྣང་བ་དེ་ལྟར་དུ་དོན་ལ་མེད་པའི་ཕྱིར་མེད་ཅེས་བརྗོད་པ་ཡིན་ལ། གང་གི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་བློ་འཁྲུལ་བའི་སྣང་ངོར་དེ་ལྟར་དུ་སྣང་བར་གྱུར་པ་དེའི་ཕྱིར་ཡོད་ཅེས་བརྗོད་པར་འདོད་དོ། །གཞན་ཡང་དངོས་མེད་རྣམས་ནི་ངོ་བོ་ཉིད་མེད་པ་ཡིན་པ་རྟོགས་པ་སླ་ཡང༌། དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་པའི་ཚུལ་ཇི་ལྟ་བུ་ཡིན་སྙམ་ན། མ་འོངས་པའི་དངོས་པོ་རྣམས་ནི་ད་ལྟ་མ་སྐྱེས་པའི་ཕྱིར་དངོས་པོ་རང་དབང་མེད་པ་དང༌། འདས་པའི་དངོས་པོ་རྣམས་ནི་འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ། སྔར་གྱི་དུས་སྐབས་དེ་དང་དེར་ཡོད་པའི་སྐབས་ཞིག་བྱུང་ཀྱང་ད་ལྟ་ཞིག་ནས་མེད་པས་དངོས་པོ་བདག་ཉིད་དུ་མེད་པའི་ཕྱིར་དང༌། ད་ལྟར་བའི་དངོས་པོ་རྣམས་ནི་སྐད་ཅིག་སྐད་ཅིག་གིས་མི་རྟག་ཅིང༌། སྡོད་པའི་གོ་སྐབས་ཅུང་ཟད་ཀྱང་མེད་པས་རང་གི་དངོས་པོ་ལ་ནམ་ཡང་མི་གནས་པའི་ཕྱིར་དང༌། དངོས་པོ་རྣམས་བློས་ཇི་ལྟར་བཟུང་བ་ལྟར་དོན་ལ་མེད་པའི་ཕྱིར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བཞེད་པ་ཡིན་ནོ། །རང་བཞིན་གསུམ་ལས་འཕྲོས་
པས་རྟེན་འབྲེལ་བཤད་པ་ལ། མཚམས་སྦྱར་བའི་ཚུལ་གྱི་མདོར་བསྟན་པ་དང༌། རྟེན་འབྲེལ་གྱི་རབ་དབྱེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་མཚན་ཉིད་གསུམ་ལས་རྟེན་འབྲེལ་ཡིན་པ་ནི་གང༌། རྟེན་འབྲེལ་མ་ཡིན་པ་ནི་གང་ཞེ་ན། ཀུན་བཏགས་དང༌། གཞན་དབང་གཉིས་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་བརྗོད་པའི་ཤུགས་ལ། ཡོངས་གྲུབ་རྟེན་འབྲེལ་མ་ཡིན་པར་བསྟན་པ་ཡིན་ལ། དེ་ལྟ་ན་ཡོངས་གྲུབ་རྟེན་འབྲེལ་ཡིན་པ་ལྟར་བཤད་པ་དེ་རྣམས་ཀྱི་དོན་ཇི་ལྟར་འབྲེལ་ཞེ་ན། ཡོངས་གྲུབ་ཀུན་རྫོབ་ཀྱི་རྟེན་འབྲེལ་དངོས་མ་ཡིན་ཀྱང༌། དོན་དམ་པའི་རྟེན་འབྲེལ་ཡིན་པ་ལ་དགོངས་པ་དང་ཡང་རྣམ་པ་གཅིག་ཏུ་ན། དེ་ནི་རྣལ་འབྱོར་ཅན་གྱི་བློ་ངོའི་དབང་དུ་བྱས་ཏེ། རྣལ་འབྱོར་ཅན་གྱི་དང་པོ་ཡང་ཡོངས་གྲུབ་དེ་བཞིན་ཉིད་མ་རྟོགས་པ་ལ། ལམ་བསྒོམས་ཏེ་དེ་ཉིད་རྟོགས་པར་གྱུར་པ་དེའི་ཚེ་ཡོངས་གྲུབ་དེ་སྔར་མེད་གསར་དུ་སྐྱེས་པ་ལྟར་སྣང་བས་ན། དེའི་སྣང་ངོར་རྒྱུ་དང་རྐྱེན་གྱི་མངོན་པར་འདུས་བྱས་པ་ལྟར་སྣང་བ་ལ་དགོངས་སོ། །རྟེན་འབྲེལ་དེ་ནི་རྣམ་པ་གཉིས་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱིས་དབང་དུ་བྱས་པ་དང༌། རྣམ་པར་བཞག་བྱ་འཇོག་བྱེད་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རྟེན་འབྲེལ་གཉིས་ལས། དང་པོ་ནི། གཞན་དབང་དང་གཉིས་པ་ནི་ཀུན་བཏགས་ཉིད་ཡིན་ལ། དེ་ཡང་གཙོ་བོར་འཇོག་པ་ཡིན་གྱི། གཞན་དབང་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང༌། ཀུན་
བཏགས་ལ་བཞག་བྱ་འཇོག་བྱེད་ཀྱི་ཁྱབ་པར་ནི་མ་ངེས་སོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལ་ཡང༌། གནས་སྐབས་པ་དང་ཡང་དག་པའི་རྟེན་འབྲེལ་གཉིས་ལས། དང་པོ་ལ་ཡང་ཕྱི་སྣོད་འཇིག་རྟེན་གྱི་དབང་དུ་བྱས་པ་ནི། དཔེར་ན་ས་བོན་དང༌། ཞིང་ས་དང༌། ཆུ་ལུད་དྲོད་གཤེར་དང༌། ནམ་ཟླ་དུས་མཚུངས་པ་སྟེ། སྐྱེད་བྱེད་རྒྱུ་དེ་རྣམས་ལས། བསྐྱེད་བྱ་མྱུ་གུ་དང༌། སྙི་མ་དང༌། འབྲས་བུ་རྣམས་སྐྱེ་བར་འགྱུར་བ་ལྟ་བུའོ། །ནང་བཅུད་ཀྱི་སེམས་ཅན་ལྟ་བུ་ལ་མཚོན་ན། གང་ཡང་རུང་བའི་ལས་བསགས་ཤིང༌། ལས་དེ་སེམས་ལ་བག་ཆགས་ཀྱི་ཚུལ་གྱིས་བཞགབག་ཆགས་དེ་ཕྱི་རོལ་ཀྱི་རྐྱེན་གྱིས་ཉེ་བར་སད་པ་ལས། རང་གི་ལུས་ངག་ཡིད་གསུམ་གྱི་སྣང་བ་འཆར་བ་ལྟ་བུའོ། །ནང་ཤེས་པ་ལ་དཔེར་མཚོན་ན་སྐྱེད་བྱེད་རྐྱེན་བཞི་ལས་བསྐྱེད་བྱ་དབང་ཤེས་སོགས་ཤེས་པ་རྣམས་སྐྱེད་པར་བྱེད་པ་ལྟ་བུ། རྣམ་པར་བཞག་བྱ་འཇོག་བྱེད་ལ་ཡང༌། བསྐྱེད་བྱ་སྐྱེད་བྱེད་ལས་ལྟོས་པའི་བཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་དང༌། དེ་ལ་མ་ལྟོས་པའི་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་གཉིས་ལས། དང་པོ་ནི། དཔེར་ན་ས་བོན་དུ་སྣང་བའི་ཤེས་པ་ལས། མྱུ་གུར་སྣང་བའི་ཤེས་པ་སྐྱེ་བ་ནི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དངོས་ཡིན་ལ། དེ་ལ་བརྟེན་ནས་ས་བོན་དུ་སྣང་བ་འདི་ནི། མྱུ་གུའི་རྒྱུའོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་བཟུང་ཆ་དེ་ལས། མྱུ་གུར་སྣང་བ་དེ་ལ་འབྲས་བུའོ་སྙམ་དུ་འཛིན་
པའི་འཛིན་སྟངས་ཀྱི་བཟུང་ཆ་འཆར་བ་ལྟ་བུའོ། །སྤྱིར་ན་ས་བོན་དུ་སྣང་ཙམ་ཞིག་ཤེས་པའི་རྫས་ཡིན་ཞིང༌། སྣང་བའང་ཡིན་ལ་དེ་ཉིད་ཕྱི་རོལ་རྒྱང་ཆད་དུ་སྣང་བ་དང༌། དེ་ཉིད་ལ་རྒྱུ་འབྲས་སུ་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་ཆ་སོགས་ནི་བཏགས་ཡོད་དེ་སྣང་ཆ་ཡིན་ནོ། །གཉིས་པ་ནི། ཆུང་ངུ་ལ་ལྟོས་ནས་ཆེན་པོར་བཞག་པ་དང༌། མཐའ་ལ་བརྟེན་ནས་དབུས་གཞག་པ་ལྟ་བུ་སྟེ། དཔེར་ན་དངོས་པོ་གཉིས་ཡ་འཁྱར་བ་ཐ་དད་དུ་གནས་ན། གཅིག་ལ་གཅིག་ལྟོས་ཀྱི་ཆེ་ཆུང་གི་བློར་མི་འཆར་ཡང༌། དངོས་པོ་གཉིས་ཟླ་དང་བཅས་པ་ན་དེ་འཆར་སྟེ། དཔེར་ན་རི་རབ་ལྷུན་པོ་ལ་ལྟོས་ནས་རིའི་རྒྱལ་པོ་གངས་ཅན་ཆུང་ངུར་འཇོག་པ་ལྟ་བུ་སྟེ། རི་རབ་ལྷུན་པོར་ཆེན་པོར་འཛིན་པའི་རྣམ་པར་རྟོག་པ་ལས། གངས་ཅན་ཆུང་ངུའོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པ་སྐྱེ་བ་ཡིན་ཞིང༌། དེ་ཡང་སྔ་མ་འཇོག་བྱེད་ཕྱི་མ་གཞག་བྱའོ། །གཉིས་པ་ཡང་དག་པའི་རྟེན་འབྲེལ་ནི། ཀུན་གཞི་རྣམ་ཤེས་བག་ཆགས་ཀུན་དང་ལྡན་པ་དེའོ། །གཉིས་པ་རྟེན་འབྲེལ་གྱི་རབ་དབྱེ་དངོས་བཤད་པ་ལ། རྟེན་འབྲེལ་གྱི་སྒྲ་དོན་དང༌། རྟེན་འབྲེལ་གྱི་རབ་དབྱེ་དང༌། རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་བཤད་པ་དང་གསུམ་ལས།དང་པོ་ནི། རྟེན་འབྲེལ་གྱི་སྐད་དོད་ལ། པྲ་ཏི་ཏྱ་སི་ཨུཏ་པཱ་ད་དང༌། ཞེས་པ་ཡོད་པ་ལས། པྲ་ཏི་ཏྱ་ནི་མིང་པོ་ཚོགས་པའམ་འདུས་པའི་དོན་ཡིན་ཞིང༌། ཨུཏ་པཱ་ད་ནི་བསྐྱེད་
པ་སྟེ། འབྱུང་བའི་དོན་ཡིན་ལ། སཾ་ནི་ཉེར་སྒྱུར་ཏེ་ཡང་དག་པར་བྱུང་བའམ། ངེས་པར་བྱུང་བའི་དོན་ནོ། །དེ་ཡང་དངོས་པོ་གང་རྒྱུ་གཅིག་ལས་འབྲས་བུ་སྣ་ཚོགས་སྐྱེ་བ་ཡང་མི་སྲིད་ཅིང༌། རྒྱུ་སྣ་ཚོགས་པ་ལས། འབྲས་བུ་གཅིག་ཁོ་ན་སྐྱེ་བ་ཡང་མི་སྲིད་པས། རྒྱུ་རྐྱེན་སྣ་ཚོགས་པས་ཕྲད་ཅིང་འཚོགས་པ་ལས་འབྲས་བུ་སྣ་ཚོགས་པས་བསྐྱེད་ཅིང་བྱུང་བས་ན། རྟེན་འབྲེལ་ཞེས་བྱ་ཞིང༌། དཔེར་ན་ས་བོན་ཁ་དོག་དང༌། དབྱིབས་དང༌། རོ་དང༌། ནུས་པ་སོགས་སྣ་ཚོགས་པའི་དངོས་པོ་དང༌། ཆུ་ལུད་དྲོད་གཤེར་སོགས་རྐྱེན་སྣ་ཚོགས་པ་དང་བཅས་པ་ཡང༌། འབྲས་བུ་མྱུ་གུ་ཡང་ཁ་དོག་དང༌། རོ་དང་ནུས་པ་སོགས་སྣ་ཚོགས་པའི་དངོས་པོ་འབྱུང་བ་ལྟ་བུའོ། །དེ་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་དབང་དུ་བྱས་ལ་གཞག་བྱ་འཇོག་བྱེད་ལ་ཡང༌། རྒྱུ་བྱས་པ་ཡིན་པའི་རྟགས་ལས། འབྲས་བུ་མི་རྟག་པ་ཡིན་པའི་རྗེས་དཔག་སྐྱེ་བ་ལྟ་བུའོ། །ཡང་ན་པྲ་ཏི་ཏྱ་ནི་དང་པོ་སྟེ་སྔ་མ་ཡིན་ལ། ཨུཏ་པཱ་ད་སྐྱེས་པ་ཡིན་ཡང་དེ་ཕྱི་མ་དང་འབྲེལ་བའི་ཚེ། འབྲེལ་བ་ཡང་འཇུག་པ་སྟེ། དཔེར་ན་སཾ་བནྡྷ་ཞེས་པ་ལྟ་བུའོ། །དེ་ལྟར་ན་ཕྱི་མ་འབྲས་བུ་སྟེ། སྔ་མ་རྒྱུ་ལས་བརྟེན་ནས་བྱུང་ཞིང་སྔ་ཕྱི་གཉིས་པོ་དེ་འབྲེལ་བར་བྱུང་བས་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །རྟེན་འབྲེལ་གྱི་སྒྲ་བཤད་ཕྱི་མ་འདི་ནི། བསྐྱེད་པའི་འབྲས་བུ་བྱ་བ་དང༌། རྒྱུ་བྱེད་པའི་དབང་དུ་བྱས་པ་ཁོ་ན་ཡིན་གྱི། བཞག་བྱ་འཇོག་བྱེད་
ལ་ནི་དེར་མ་ངེས་སོ། །གཉིས་པ་རྟེན་འབྲེལ་གྱི་རབ་དབྱེ་བཤད་པ་ལ། གསུམ་དུ་དབྱེ་བ་དང་བརྒྱད ་དུ་དབྱེ་བ་དང༌། ཡན་ལག་བཅུ་གཉིས་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་དང་གསུམ་ལས་དེ་གསུམ་པོ་ཡང་རིམ་པ་བཞིན་དུ་གདུལ་བྱ་རིགས་ཅན་གསུམ་ལ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང༌། གསུངས་པ་ལྟར་དེ་དག་གིས་གཙོ་བོར་དེ་དང་དེ་རྟོགས་པ་ཡང་ཡིན་ཏེ། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ནི། ཕྱི་ནང་གི་ཆོས་ཀུན་ཀུན་གཞི་རྣམ་པར་ཤེས་པ་ལས་སྤྲུལ་ཞིང༌། དེའི་མཐུ་ལས་སྣང་བ་ལ་དེར་འཇོག་པ་ཡིན་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། བཅོམ་ལྡན་འདས་ཀྱིས་བསྒོ་སྐལ་དུ་བསྟན་གྱིས། རིགས་ཅན་གཞན་གཉིས་ལ་བསྟན་པ་མེད་ཅིང༌། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཉག་གཅིག་གིས་རྟོགས་པ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱིས་ནི་ཕྱོགས་ཙམ་ཡང་རིགས་པ་མ་ཡིན་ནོ། །གཉིས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གཉིས་ཆར་ལ་བཅོམ་ལྡན་འདས་ཀྱིས་བསྟན་ཅིང་བསྟན་པ་ལྟར་གཉིས་ཆར་གྱི་སྒོམ་པ་ཡིན་
ཡང་རང་སངས་རྒྱས་རྣམས་ཀྱིས་ནི་ལུགས་འབྱུང་དང༌། ལུགས་བཟློག་གི་རྟེན་འབྲེལ་རྣམས་རྒྱས་པར་རྟོག་པ་ཡིན་ལ། ཉན་ཐོས་རྣམས་ཀྱིས་ནི་རང་རྒྱལ་ལྟར་རྟེན་འབྲེལ་རང་བྱན་ཆུད་པའི་སྒོ་ནས་ཤིན་ཏུ་རྟོག་པ་ནི་མ་ཡིན་ནོ། །གསུམ་པ་ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་ནི། ཉན་ཐོས་རྣམས་ཀྱིས་གཙོ་བོར་སྒོམ་ཞིང་རྟོག་པའོ། །ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཞེས་པའི་དོན་ནི། རྣམ་པར་འབྱེད་པ་ཞེས་བྱ་བ། སྐབས་འདིར་འཕེལ་བ་དང་རྒྱས་པའི་དོན་ཡིན་པས། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་སྣང་བ་སྣ་ཚོགས་པ་རྣམས་དང༌། སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམས་ཀྱིས། ཀུན་གཞི་ལ་བག་ཆགས་བཞག་ཅིང༌། ཀུན་གཞི་ཉིད་འཕེལ་ཞིང་རྒྱས་པར་བྱེད་པ་ཡིན་ལ། ཡང་ཀུན་གཞི་བག་ཆགས་ཀྱི་མཐུ་ལས། སྣང་བ་དང་རྣམ་རྟོག་སྣ་ཚོགས་པ་འཕེལ་བ་དང་རྒྱས་པར་བྱེད་པས་དེ་གཉིས་ཕན་ཚུན་རྒྱུ་འབྲས་དོན་མཐུན་ཡིན་པས་ན་ངོ་བོ་ཉིད་ཅེས་བྱའོ། །སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཡང༌། རྣམ་པར་འབྱེད་པའི་དོན་ནི་གོང་དུ་བཤད་པ་ལྟར། འཕེལ་བ་དང་རྒྱས་པའི་དོན་ཡིན་ལ། སྡུག་པ་ནི་ཡིད་དུ་འོང་བ་དང༌། མི་སྡུག་པ་ནི་ཡིད་དུ་མི་འོང་བ་ཡིན་ཞིང༌། དེ་ལ་ཡང་རྣམ་པ་གཉིས་སྟེ། ཀུན་ནས་ཉོན་མོངས་ཀྱི་དབང་དུ་བྱས་པ་དང༌། རྣམ་བྱང་གི་དབང་དུ་བྱས་པ་གཉིས་
ལས། དང་པོ་ནི། མ་རིག་པ་དང་མཚུངས་ལྡན་གྱི་དགེ་བ་ཟག་བཅས་ཀྱིས་མཐུ་ལས། མཐོ་རིས་སུ་སྐྱེ་བ་ནི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་དང༌། མ་རིག་པ་དང་མཚུངས་པར་ལྡན་པའི་ལས་མི་དགེ་བའི་མཐུ་ལས། ངན་སོང་གསུམ་དུ་སྐྱེ་བ་ནི། མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཞེས་བྱའོ། །གཉིས་པ་ནི། མ་རིག་པ་དང་མཚུངས་ལྡན་གྱི་ལས་དགེ་སྡུག་གི་མཐུ་ལས། རིགས་དྲུག་གི་སྐྱེ་བ་ནི་མི་སྡུག་པ་རྣམ་པར་འབྱེད་པ་དང༌། དགེ་བ་ཟག་མེད་ཀྱི་མཐུ་ལས་ཐར་བར་ཐོབ་པ་ནི། སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཞེས་བྱའོ། །ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་ཞེས་པ་ཡང༌། རྣམ་ཤེས་ཚོགས་དྲུག་སྐྱེ་འགག་བྱེད་པའི་ཚུལ་ཡིན་ལ་དེ་ཡང་ཉེ་བར་སྤྱོད་པ་པོ་ཚོར་བ་དང༌། ཉེ་བར་དཔྱོད་པ་རེག་པ་ཡིན་ཞིང༌། དེ་ལྟ་བུ་དངོས་པོ་གང་ལ་ལྡན་པ་ལ། ཉེ་བར་སྤྱོད་པ་ཞེས་བྱའོ། །དེ་ཡང་དཔེར་ན། ཡུལ་གཟུགས་ཡིད་དུ་འོང་བ་ནི་དམིགས་པའི་རྐྱེན་དང༌། མིག་གི་དབང་བོ་ནི་བདག་པོའི་རྐྱེན་དང༌། མིག་གི་རྣམ་ཤེས་སྐད་ཅིག་མ་དང་པོའི་རྒྱུ་རྐྱེན་དང༌། ཡུལ་ལ་ཕྱོགས་པར་འདོད་པའི་ཡིད་བྱེད་ནི། དེ་མ་ཐག་རྐྱེན་ཏེ་རྐྱེན་བཞི་ཚངས་པའི་སྟོབས་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ལ། མིག་གི་རྣམ་ཤེས་དེས་ཡུལ་གཟུགས་ཡོངས་སུ་དཔྱོད་པ་ནི་རེག་པ་དང༌། ཡུལ་གྱི་རྣམ་པ་ཡིད་དུ་འོང་བ་དེ་རྣམ་པར་ཤེས་པས་མྱོང་བ་ནི། ཚོར་བ་བདེ་བ་སྟེ། འདོད་ཆགས་སྐྱེ་བའི་སྒོ་དང༌།
ཡུལ་ཡིད་དུ་འོང་བ་དེ་དང་འབྲལ་བར་མི་འདོད་པར་སེམས་པ་སྟེ། དེ་ལྟར་རྐྱེན་བཞི་ལས་མིག་གི་རྣམ་ཤེས་སྐྱེས་པའི་ཚེ། དེའི་འཁོར་དུ་བྱུང་བའི་སེམས་བྱུང་རེག་པ་དང༌། ཚོར་བ་དང་སེམས་པ་རྣམས་ཀྱིས་གཙོ་བོ་སེམས་ཉིད་རྙོགས་ཤིང་མ་དག་པར་བྱེད་པ་ཡིན་ནོ། །དེ་ཡུལ་ཡིད་དུ་མི་འོང་བ་ལ་བརྟེན་ནས་ཞེ་སྡང་སྐྱེ་བའི་སྒོ་དང༌། ཡུལ་བར་མ་ལ་བརྟེན་ནས་གཏི་མུག་སྐྱེ་བའི་སྒོ་རྣམས་ཀྱང་རིགས་འགྲེས་ཏེ་ཤེས་པར་བྱའོ། །སྤྱིར་ནི་རྣམ་ཤེས་སྐད་ཅིག་མ་དང་པོ་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་སྐད་ཅིག་མ་དང་པོ་རྣམས་ལས་རྣམ་ཤེས་སྐད་ཅིག་མ་གཉིས་པ་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་སྐད་ཅིག་མ་གཉིས་པ་རྣམས་སྐྱེ་བ་ཡིན་ལ། སྐྱེ་ཚུལ་ནི། རྣམ་ཤེས་སྐད་ཅིག་མ་དང་པོས་རྣམ་ཤེས་སྐད་ཅིག་མ་གཉིས་པའི་ཉེར་ལེན་གྱི་རྒྱུ་བྱས་སྐད་ཅིག་མ་དང་པོའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཀྱི་རྣམ་ཤེས་སྐད་ཅིག་མ་གཉིས་པའི་ལྷན་ཅིག་བྱེད་པའི་རྐྱེན་བྱེད་པ་ཡིན་ཞིང༌། སྐད་ཅིག་དང་པོའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས། རྣམ་ཤེས་སྐད་ཅིག་གཉིས་པའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ཀྱི་ཉེར་ལེན་གྱི་རྒྱུ་དང༌། རྣམ་ཤེས་སྐད་ཅིག་མ་སྔ་མའི་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ་སྐྱེ་བ་ཡིན་ནོ། །ཚུལ་དེ་ལྟ་བུའི་སྒོ་ནས་ཕྱི་ནང་གི་ཆོས་ཐམས་ཅད་སྐད་ཅིག་སྐད་ཅིག་གི་སྐྱེ་འགག་བྱེད་པ་ལ་ནི། ཕྲ་བའི་མི་རྟག་པ་ཞེས་བྱའོ། །དེ་ལྟར་ན་རྣམ་ཤེས་ཚོགས་དྲུག་ཡུལ་ཡིད་དུ་འོང་བ་དང༌། མི་
འོང་བ་དང༌། བར་མ་གསུམ་ལ་བརྟེན་ནས། ཆགས་སྡང་རྨོངས་གསུམ་གྱི་ཉོན་མོངས་པ་སྐྱེ་སྟེ། ཚོགས་དྲུག་གི་རྣམ་ཤེས་རྣམས་རྙོགས་པར་བྱེད་པ་ཞིག་ཡོད་པ་ལ། ཉན་རང་རྣམས་ཀྱིས་དེ་དག་ལ་བརྟེན་ནས་སྐྱེ་བའི་ཉོན་མོངས་པ་རྣམས་སྡོམ་པར་བྱེད་པ་ཡིན་ལ། དེ་ཡང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་རྣམས་ཀྱི་སྒོ་ནས་སྡོམ་པར་བྱེད་པ་ཡིན་པ་ལས། གཙོ་བོ་ནི་གང་ཟག་གི་བདག་མེད་པ་ཉིད་སྒོམ་པའི་ཚུལ་གྱིས་སྡོམ་པར་བྱེད། དེ་ཡང་དགྲ་བཅོམ་པ་ཐོབ་པ་ན། ཚོག་དྲུག་སོ་སོའི་སྟེང་དུ་བདག་མེད་པར་མངོན་སུམ་དུ་རྟོགས་ཏེ། ཚོགས་དྲུག་པོ་ཟག་མེད་དུ་གྱུར་པ་ཡིན་ལ་ཉོན་ཡིད་དང་ཀུན་གཞི་ཟག་མེད་དུ་གྱུར་པ་མ་ཡིན་ཀྱང༌། ཉོན་ཡིད་དང་ཀུན་གཞིའི་མཚན་ཉིད་ཉམས་ཤིང༌། དེ་དག་གི་བྱ་བ་མི་བྱེད་དེ་སྔར་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས། ཀུན་གཞི་ལ་དམིགས་ནས་བདག་ཏུ་སྣང་བ་དང༌། ཚོགས་དྲུག་ལ་དམིགས་ནས་བདག་གི་ཆ་ཤས་སམ་ཡན་ལག་ཏུ་སྣང་བ་ཞིག་ཡོད་ལ། དེ་ལ་བརྟེན་ནས་བདག་འཛིན་དང་ཉོན་མོངས་མངོན་གྱུར་པ་སྐྱེ་བ་ཞིག་ཡོད་པ་ལས། ཚོགས་དྲུག་ཟག་མེད་དུ་གྱུར་པ་ན། བདག་ཏུ་སྣང་བ་ཙམ་མ་གཏོགས་དེས་ཡང་སྲིད་པ་འཕེན་བྱེད་ཀྱི་ཉོན་མོངས་པ་དང༌། ལས་གསར་བ་གསོག་མི་ནུས་པས་ཉོན་ཡིད་ཀྱི་དངོས་པོ་བདག་ཏུ་སྣང་ཙམ་ཞིག་མ་ལོག་ཀྱང༌། དེའི་བྱ་བྱེད་དང་
བྲལ་བའི་ཕྱིར་དཔེར་ན་རིག་པ་བརྗོད་པའི་པཎྜི་ཏ་བཞིན་ནོ། །ཀུན་གཞི་རྣམ་ཤེས་ཀྱང༌། ཁམས་གསུམ་འཁོར་བའི་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་ཉིད་མཐའ་དག་ཚང་བ་མ་ཡིན་ཏེ། དཔེར་ན་སྔར་ཁམས་ཀྱི་རྒྱལ་ཕྲན་ཞིག་ཡིན་པ་ལས། ཕྱིས་རྒྱལ་སྲིད་ཕྱེད་ཤོར་བས། ཁམས་ཀྱི་རྒྱལ་ཕྲན་གྱི་མཚན་ཉིད་མ་ཚང་བ་བཞིན་ནོ། །གཉིས་པ་རྟེན་འབྲེལ་ལ་བརྒྱད་དུ་དབྱེ་བ་ལས། ཐོག་མར་རྣམ་པར་ཤེས་པ་འབྱུང་བའི་རྟེན་འབྲེལ་ནི། བཤད་མ་ཐག་པའི་ཉེར་སྤྱོད་ཅན་གྱི་རྟེན་འབྲེལ་ཉིད་ཡིན་ལ་འཆི་འཕོ་བ་དང༌། སྐྱེ་བའི་རྟེན་འབྲེལ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་སོགས་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ། སྡུག་པ་དང་མི་སྡུག་པའི་རྣམ་པར་འབྱེད་པའི་རྟེན་འབྲེལ་རྣམས་ཡིན་ཞིང༌། ཕྱིའི་རྟེན་འབྲེལ་ནི་ལོ་ཏོག་ལ་སོགས་པ་སྟེ། ས་བོན་དང་ཞིང་ས་ཕུན་སུམ་ཚོགས་པ་དང༌། རྐྱེན་ཆུ་ལུད་དྲོད་གཤེར་ཀྱིས་ཡོངས་སུ་སྨིན་པར་བྱས་པ་ལས་མྱུ་གུ་དང༌། དེ་ལས་སྡོང་བུ་དང༌། དེ་ལས་སྦུ་གུ། དེ་ལས་རྙེ་མ་དང༌། དེ་ནས་འབྲས་བུའི་བར་དུ་རིམ་པས་སྐྱེ་ཞིང༌། སླར་ཡང་འབྲས་བུ་དེ་ཉིད་ས་བོན་དུ་བྱས་ཏེ། རིམ་པས་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུར་བ་སྟེ། དེ་ལྟར་རྒྱུན་མི་ཆད་པའི་ཚུལ་གྱི་འབྱུང་བས་སོ། །ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རབ་ཏུ་དབྱེ་བ་ནི་རྟེན་འབྲེལ་གྱིས་སྐྱེ་བ་དང༌། གནས་པ་དང༌། འཇིག་པར་སྣང་བའི་རྟེན་འབྲེལ་
ཏེ། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཆགས་འཇིག་གི་སྣང་བ་འཆར་བ་ནི། འཇིག་རྟེན་གྱི་ཁམས་དེ་ན་གནས་པའི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་མཐུ་ལས་སྣང་བ་དང༌། བྱེ་བྲག་ཏུ་འཛམ་བུ་གླིང་བ་རྣམས་ལ། སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས། བཅུ་པའི་བར་དུ་འགྲུབ་པ་དང༌། བཅུ་པ་ནས་བརྒྱ་ཁྲིའི་བར་འཕེལ་བ་སོགས་གནས་སྐབས་དེ་དག་ཏུ། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ལ་ཡང་བཟང་ངན་འཕེལ་འགྲིབ་ཀྱི་འགྱུར་བ་སྣ་ཚོགས་སུ་སྣང་ཡང༌། སེམས་ཅན་དེ་རྣམས་ཀྱི་ལས་ཀྱི་མཐུ་ལས་བྱུང་བ་ཡིན་པས་ན་རྟེན་འབྲེལ་ཞེས་བྱའོ། །ཟས་ཀྱི་འཚོ་བས་རྣམ་པར་དབྱེ་བས་རྟེན་འབྲེལ་ནི། ཟས་བཞིས་འཚོ་བ་སྟེ། དེ་ཡང་མངོན་པ་མཛོད་ལས། ཁམས་ཀྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །ཞེས་གསུངས་པ་ལྟར། ཁམས་ཀྱི་ཟས་དང༌། རེག་པའི་ཟས་དང༌། སེམས་པའི་ཟས་དང༌། རྣམ་པར་ཤེས་པའི་ཟས་ཏེ་བཞི་པོ་དེ་རྣམས་འཚོ་བའི་དོན་ཡང༌། འཁོར་བའི་སེམས་ཅན་རྣམས། ཟས་ཕྱི་མ་གསུམ་པོ་དེ་རྣམས། སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་རིམ་པས། སྐྱེ་བའི་ཚུལ་གྱིས་འཁོར་བའི་གནས་འདིར་རྒྱུན་མི་འཆད་པར་འབྱུང་བ་ན་ཟས་ཀྱི་འཚོ་བའི་རྟེན་འབྲེལ་ཞེས་བྱའོ། །
འདོད་པ་དང་མི་འདོད་པ་འགྲོ་བའི་རབ་ཏུ་དབྱེ་བའི་རྟེན་འབྲེལ་ནི། ལས་དགེ་བའི་མཐུ་ལས། འདོད་པ་བདེ་འགྲོའི་གནས་སུ་འགྲོ་བ་དང༌། ལས་མི་དགེ་བའི་མཐུ་ལས། མི་འདོད་པ་ངན་འགྲོའི་གནས་སུ་འགྲོ་བ་སྟེ། སྔར་བཤད་པའི་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་ཉིད་དོ། །རྣམ་པར་དག་པས་རབ་ཏུ་དབྱེ་བའི་རྟེན་འབྲེལ་ནི། ལམ་ལྔ་ལ་བརྟེན་ནས་ཐར་བའི་གོ་འཕང་ཐོབ་པ་སྟེ། དེ་ཡང་ཚུལ་ཁྲིམས་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་གྱི་བསླབ་པ་གསུམ་ལས་ཚོགས་ལམ་སྐྱེ་བ་དང༌། ཚོགས་ལམ་པའི་རྒྱུད་ཀྱི་བསླབ་པ་གསུམ་ལས། སྦྱོར་ལམ་པའི་ཡེ་ཤེས་སྐྱེ་བ་དང༌། དེའི་རྒྱུད་ཀྱི་བསླབ་པ་གསུམ་ལས་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བ་དང༌། དེ་ལས་སྒོམ་ལམ་གྱི་ཡེ་ཤེས་སྐྱེ་བ་སྟེ། དེ་དག་ནི་རྣམ་པར་དག་བྱེད་ཀྱི་ཐབས་ཡིན་ཞིང༌། དེ་ལ་རྣམ་པར་དག་པའི་ངོ་བོ་མི་སློབ་པའི་ལམ་མངོན་དུ་གྱུར་པ་ཡིན་ནོ། །མཐུ་སྟོབས་ཀྱི་རབ་ཏུ་དབྱེ་བའི་རྟེན་འབྲེལ་ནི། མངོན་པར་ཤེས་པ་དྲུག་སྐྱེ་བ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་མངོན་ཤེས་དྲུག་ནི། མཐུ་སྟོབས་ཀྱི་རབ་དབྱེ་མཚན་ཉིད་པ་ཡིན་ལ། ཚོགས་སྦྱོར་བ་རྣམས་ཀྱི་མངོན་ཤེས་ལྔ་ནི། མཐུ་སྟོབས་ཀྱི་རབ་དབྱེ་རྗེས་མཐུན་པ་དང༌། ཕྱི་རོལ་བ་རྣམས་ཀྱི་འཇིག་རྟེན་པའི་ལམ་ལ་བརྟེན་ནས། མངོན་ཤེས་རྫུ་འཕྲུལ་སོགས་ཐོབ་པ་ནི། མཐུ་སྟོབས་ཀྱི་རབ་དབྱེ་དངོས་དང་རྗེས་
མཐུན་གང་ཡང་མིན་ནོ། །མཐུ་སྟོབས་ཀྱི་རབ་དབྱེ་མངོན་པར་ཤེས་པ་དྲུག་ནི། མདོ་སྡེ་རྒྱན་ལས། སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེའི་གནས་དང་ངེས་འབྱུང་མངོན་གསུམ་གང༌། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྟེན་འབྲེལ་གྱི་རབ་དབྱེ་བརྒྱད་པོ་འདི་རྣམས་ནི་འབྲེལ་བ་ཅན་གྱི་རྟེན་འབྲེལ་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་དབང་དུ་བྱས་པའི་རྟེན་འབྲེལ་ཡིན་ལ། སྤྱིར་ནི་གཞག་བྱ་འཇོག་བྱེད་ལ་ཡང༌། བློ་ངོར་འབྲེལ་བའི་དབང་དུ་བྱས་ན་ནི། འབྲེལ་བ་ཅན་གྱི་རྟེན་འབྲེལ་དུ་འཇོག་ཀྱང༌། དངོས་པོའི་འབྲེལ་བ་ཉིད་གཙོ་ཆེ་བར་བྱ་སྟེ། བསྐྱེད་པའི་རྒྱུ་འབྲས་ལ། འབྲེལ་བ་ཅན་གྱི་རྟེན་འབྲེལ་དུ་བཤད་པའོ། །དེ་ལྟར་བརྒྱད་པོ་དེ་རྣམས་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དྲུག་དང༌། རྣམ་པར་བྱང་བའི་རྟེན་འབྲེལ་གཉིས་ཡིན་ལ། དྲུག་པོ་ཡང༌། ནང་བཅུད་ཀྱི་སེམས་ཅན་ལ་བརྟེན་པ་བཞི་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བརྟེན་པ་གཉིས་ལས། དང་པོ་བཞི་ནི། རྣམ་ཤེས་འབྱུང་བ་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། ཟས་བཞིས་འཚོ་བ་དང༌། འདོད་པ་དང༌། མི་འདོད་པར་འགྲོ་བའི་རབ་ཏུ་དབྱེ་བའི་རྟེན་འབྲེལ་རྣམས་ཡིན་ལ། སྣོད་ཀྱི་རྟེན་འབྲེལ་དང༌། ཕྱིའི་རབ་ཏུ་བྱེད་པའི་རྟེན་འབྲེལ་གཉིས་ནི། ཕྱི་སྣོད་ཀྱི་འཇིག་
རྟེན་ལ་བརྟེན་པའི་རྟེན་འབྲེལ་དང༌། རྣམ་དག་རབ་དབྱེའི་རྟེན་འབྲེལ་དང༌། མཐུ་སྟོབས་རབ་དབྱེའི་གཉིས་ནི། རྣམ་པར་བྱང་བའི་རྟེན་འབྲེལ་ལོ། །གསུམ་པ་ཡན་ལག་བཅུ་གཉིས་བྱེ་བྲག་ཏུ་བཤད་པ་ལ། རྣམ་པ་བཞིའི་སྒོ་ནས་དབྱེ་བ་བཤད་པ་དང༌། འབྲེལ་བ་ཅན་གྱི་ཡན་ལག་བཅུ་གཉིས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་ལུས་ཅན་སེམས་ཅན་རྣམས་འཆི་འཕོ་བ་དང་གང་དུ་སྐྱེ་བར་འགྱུར་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱིས་རིམ་པས་ཡིན་ལ། དེ་ལ་ཡང་སྐད་ཅིག་མའི་ཡན་ལག་བཅུ་གཉིས་དང༌། འབྲེལ་བ་ཅན་གྱི་ཡན་ལག་བཅུ་གཉིས་དང༌། གནས་སྐབས་པའི་ཡན་ལག་བཅུ་གཉིས་དང༌། རྒྱུན་ཆགས་པའི་ཡན་ལག་བཅུ་གཉིས་ཏེ། བཞིར་དབྱེ་བའམ། ཡང་ན་གནས་སྐབས་པ་དང་རྒྱུན་ཆགས་པའི་རྟེན་འབྲེལ་གཉིས་རྣམ་གྲངས་སུ་བྱས་ཏེ། གསུམ་དུའང་དབྱེ་བར་འདོད་དོ། །གནས་སྐབས་པའི་རྟེན་འབྲེལ་དེ་ལ་ཡང་འདོད་པའི་ཁམས་ཀྱི་སྐྱེ་བ་གཉིས་ལ། རྟེན་འབྲེལ་བཅུ་གཉིས་ཚར་གཅིག་རྫོགས་པའི་ཚུལ་དང༌། འདོད་ཁམས་ཀྱི་སྐྱེ་བ་གསུམ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་རེ་རྫོགས་པའི་ཚུལ་གཉིས་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཏེ། དང་པོ་ནི། མ་རིག་པ་དང་འདུ་བྱེད་གཉིས་འཕེན་པའི་ཡན་ལག་དང༌། རྣམ་ཤེས་ནས་ཚོར་བའི་བར་ལྔ་ནི་འཕང་བའི་ཡན་ལག་དང༌། སྲེད་པ་དང་ལེན་པ་དང་སྲིད་པ་གསུམ་ནི་འགྲུབ་པའི་ཡན་ལག་
དང༌། སྐྱེ་བ་དང་རྒ་ཤི་གཉིས་ནི་གྲུབ་པའི་ཡན་ལག་སྟེ། འཕེན་གྲུབ་ཡན་ལག་བཞི་དང་ལྡན་པ། རྒྱུ་འབྲས་ཀྱི་རིམ་པ་ཚར་གཅིག་པོ་འདི་ནི། སྐྱེ་བ་གཉིས་ཁོ་ན་ལ་རྫོགས་པ་ཡིན་གྱི། གཞན་སྐྱེ་བ་གསུམ་ལ་རྫོགས་ཚུལ་སོགས་དང་བསྲེ་བར་ནི་མི་བྱའོ། །རྟེན་འབྲེལ་གྱི་རྣམ་བཞག་འདི་ལྟར་གསུངས་པའི་དགོས་པ་ཡང༌། ཀུན་གཞི་ལ་ལས་ཀྱི་ས་བོན་འདེབས་པ་དང༌། བཏབ་པ་ལྟར་གསོ་བ་རྟོགས་པའི་ཕྱིར་ཡིན་ཏེ། འཕེན་བྱེད་ཀྱི་ཡན་ལག་གཉིས་དང༌། འགྲུབ་པའི་ཡན་ལག་གཉིས་ནི་ས་བོན་འདེབས་པ་རྟོགས་པར་བྱེད་པ་ཡིན་ལ། འཕང་བའི་ཡན་ལག་ལྔ་དང༌། གྲུབ་པའི་ཡན་ལག་གསུམ་ནི་ས་བོན་གསོ་བ་རྟོགས་པར་བྱེད་པ་ཡིན། དེ་ལ་རྒྱ་བོད་གཉིས་ཆར་དུ་ཚེ་གསུམ་ལ་རྫོགས་པའི་རྒྱུ་འབྲས་ཚར་གཉིས་ནི་རིམ་པའི་འབྱུང་བའི་རྟེན་འབྲེལ་གྱི་རྣམ་བཞག་དེ་དང༌། འཕེན་གྲུབ་བཞི་ལྡན་གྱི་རྟེན་འབྲེལ་ཚེ་གཉིས་ལ་རྫོགས་པར་འགྱུར་བ་སྟེ། ཕན་ཚུན་བསྲེ་སྟེ། ཚེ་དང་པོའི་སྐབས་ཀྱི་མ་རིག་པ་དང༌། འདུ་བྱེད་གཉིས་འཕེན་པའི་ཡན་ལག་དང༌། ཚེ་བར་བས་ཤས་ཆེར་བསྡུས་པ་རྣམ་ཤེས་སོགས་ལྔ་ནི་འཕངས་པའི་ཡན་ལག་དང༌། ཚེ་བར་བའི་གནས་སྐབས་སུ་འབྱུང་བ་སྲེད་ལེན་དང༌། ཚེ་བར་བའི་ཆ་དང༌། ཚེ་གསུམ་པའི་ཉིང་འཚམས་སྦྱོར་ཁ་མའི་བར་དུ་འབྱུང་བ་སྲིད་པའི་ཡན་ལག་རྣམས་འགྲུབ་བྱེད་ཀྱི་ཡན་ལག་དང༌། ཚེ་གསུམ་པ་ལས་འབྱུང་བའི་སྐྱེ་བ་དང༌། རྒ་ཤིའི་ཡན་ལག་ནི་
གྲུབ་པའི་ཡན་ལག་ཡིན་ཞེས་སྨྲ་བ་ནི། གཉིས་བསྲེས་པའི་གཉིས་མིན་དུ་གྱུར་པས་མི་འཐད་ལ། དེའི་རྒྱུ་མཚན་ཡང༌། མིང་གཟུགས་ལ་སོགས་པ་བཞི་པོ་དེ་རྣམས་འཕངས་པའི་ཡན་ལག་མ་ཡིན་ཏེ། གྲུབ་པའི་ཡན་ལག་ཡིན་པའི་ཕྱིར། གྲུབ་པའི་ཡན་ལག་ཡིན་ཏེ། དེ་དག་ས་བོན་ཙམ་མ་ཡིན་པར་མངོན་པར་གྱུར་པ་ཡིན་པའི་ཕྱིར། དེ་ལ་མངོན་གྱུར་ཡིན་ཡང༌། འཕངས་པའི་ཡན་ལག་མ་ཡིན་པའི་སྐྱོན་མེད་དོ་ཞེས་ཟེར་ན། འཕངས་པའི་ཡན་ལག་གི་མཚན་ཉིད་མ་ཚང་ཡང༌། འཕངས་པའི་ཡན་ལག་ཡིན་ཞེས་སྨྲ་ན་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང་མ་རིག་པ་དང་འདུ་བྱེད་གཉིས་འཕེན་བྱེད་ཡིན་ཞིང༌། དེས་མིང་གཟུགས་ལ་སོགས་པ་བཞི་པོ་དེ་ཡང་མངོན་གྱུར་དུ་བསྐྱེད། རྒ་ཤིའི་ཡན་ལག་ཀྱང་བསྐྱེད་པར་སོང་བས། མ་རིག་པས་ཀུན་ནས་བསླངས་པའི་ལས་གཅིག་གིས། རྣམ་སྨིན་གཉིས་བསྐྱེད་ནུས་པར་ཐལ་བར་འགྱུར་རོ། །དེ་ནི་རྣམ་པ་ཀུན་ཏུ་མི་རུང་སྟེ། མཛོད་ལས། ལས་ནི་ཤུན་བཅས་འབྲས་བུ་བཞིན། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཞེས་དཔེ་དང་བཅས་ཏེ་གསུངས་པའི་ཕྱིར་རོ། །རྟེན་འབྲེལ་གྱི་ཚུལ་གཉིས་པ་ཚེ་གསུམ་ལ་ཡན་ལག་བཅུ་གཉིས་ཕྲུག་གཅིག་རྫོགས་པར་འགྱུར་བ་རྒྱུ་འབྲས་ཚར་གཉིས་གསུངས་པ་དེ་ནི་འཕེན་འགྲིབ་ཀྱི་དབྱེ་བ་མེད་པར་བསྲེས་པ་ཡིན་ཏེ། དེ་ཡང་མ་རིག་པ་དང་འདུ་བྱེད་གཉིས་རྒྱུ་དང༌། དེ་ལས་རྣམ་ཤེས་ནས་ཚོར་བའི་བར་ཡན་ལག་ལྔ་འབྱུང་བ་ནི། རྒྱུ་
འབྲས་ཀྱི་རིམ་པ་ཚར་གཅིག་པ་དང༌། ཡང་རྒྱུ་སྲེད་པ་དང་ལེན་པ་གཉིས་ལས་འབྲས་བུ་སྲིད་པ་དང༌། སྐྱེ་བ་དང་རྒ་ཤི་རྣམས་འབྱུང་བ་ནི་རྒྱུ་འབྲས་ཀྱི་རིམ་པ་ཚར་གཅིག་སྟེ། འདི་ལ་ནི་རྒྱུ་འབྲས་ཀྱི་རིམ་པ་ཚར་གཉིས་སུ་གསུངས་སོ། །དེ་ལྟར་གསུངས་པའི་དགོས་པ་ཡང་སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ་ལས་རྨོངས་པ་དང༌། ཕྱི་མའི་མཐའ་ལས་རྨོངས་པ་དང༌། ད་ལྟར་གྱི་མཐའ་ལས་རྨོངས་པ་རྣམས་བཟློག་པའི་ཕྱིར། རྟེན་འབྲེལ་གྱི་རྣམ་བཞག་འདི་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་སོ། །རྨོངས་པ་རྣམ་པ་ གསུམ་བཟློག་པའི་ཚུལ་ཡང༌། མཛོད་ལས། སྔཽན་དང་ཕྱི་མཐའ་གཉིས་གཉིས་དང༌། །བར་དུ་བརྒྱད ་ཡོངས་རྫོགས་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། །མ་རིག་པ་དང་འདུ་བྱེད་གཉིས་ནི་སྔོན་གྱི་མཐའ་དང༌། རྣམ་ཤེས་ནས་སྲིད་པའི་བར་བརྒྱད་ནི་བར་གྱི་མཐའ་དང༌། སྐྱེ་བ་དང་རྒ་ཤི་གཉིས་ནི་ཕྱི་མའི་མཐའོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཚེ་གཅིག་ལ་རྫོགས་པར་འགྱུར་བ་ཡང་ཡོད་པ་ཡིན་ཏེ། དེ་ཡང་ཡན་ལག་བཅུ་གཉིས་པོ་རྣམས་གོ་རིམ་མ་འཁྲུགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་རྫོགས་པ་ཞིག་དགོས་པ་ཡིན་གྱི། གཞན་འགའ་ཞིག་གི་འདོད་པ་ལྟར་མ་རིག་པའི་རྗེས་སུ་སྲེད་ལེན་དེ་ནས་འདུ་བྱེད་དང༌། དེ་ནས་སྲིད་པ་དང༌། དེ་ནས་རྣམ་ཤེས་དང༌། དེ་ནས་ཚོར་བ་སོགས་འབྱུང་བར་འདོད་པ་ནི། གོ་རིམ་དཀྲུགས་པའི་ཕྱིར་ན། ཡན་ལག་བཅུ་གཉིས་ཀྱི་རིམ་པ་ཚེ་གཅིག་ལ་
རྫོགས་པར་འགལ་བའི་ཕྱིར་རོ། །དེ་མི་འཐད་དེ། ཡང་མ་རིག་པ་དང་སྲེད་ལེན་གཉིས་དང༌། འདུ་བྱེད་སྲིད་པ་སྟེ། དེ་རྣམས་ངོ་བོ་གཅིག་གམ་མི་གཅིག་མི་གཅིག་ན་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་འབྱུང་བ་ཡིན་གྱི། མ་རིག་པ་ལས་སྲེད་པ་འབྱུང་བ་ལུང་དང་འགལ་བའི་ཕྱིར་དང༌། དེ་བཞིན་དུ་ལེན་པའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་པ་ཡིན་གྱི། ལེན་པ་ལས་འདུ་བྱེད་བྱུང་བ་ལུང་དང་འགལ་བ་དང༌། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ཞེས་གསུངས་པ་ཡིན་གྱི། འདུ་བྱེད་ལས་སྲིད་པ་འབྱུང་བ་ལུང་གི་གནོད་པའི་ཕྱིར་རོ། །ངོ་བོ་གཅིག་ན་ནི། མ་རིག་པ་དང༌། སྲེད་ལེན་གསུམ་ཡན་ལག་གཅིག་ཏུ་ཐལ་བ་དང༌། འདུ་བྱེད་དང་སྲིད་པ་གཉིས་ཡན་ལག་གཅིག་ཏུ་ཐལ་བས་ཡན་ལག་བཅུ་གཉིས་ཀྱི་གྲངས་མ་ཚང་བའི་སྐྱོན་འཇུག་གོ །ཚེ་གཅིག་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྫོགས་པར་འགྱུར་བ་ནི། མཐོང་ཆོས་མྱོང་འགྱུར་གྱིས་དབང་དུ་བྱས་པ་སྟེ། དཔེར་ན་སྐྱེས་པ་ཞིག་གིས་བུད་མེད་ཀྱི་སྐྱེ་བ་ཐོབ་འདོད་ཀྱི་བསམ་པ་དྲག་པོའི་ལས་ཞིག་བྱས་ནས་ལས་དེ་རྣམ་ཤེས་ལ་དེར་སྐྱེ་བའི་ས་བོན་ཡོངས་སུ་བཞག་ལ། དེའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའི་ཡན་ལག་གི་ས་བོན་རྣམས་ཀྱང་རིམ་གྱིས་ཡོངས་སུ་བཞག་པ་ལས། དུས་ནམ་ཞིག་གི་ཚེ། དེས་བསྙེན་བཀུར་ལ་སྲེད་པ་དང༌། དེའི་ཀུན་ནས་བསླངས་བའི་བསྙེན་བཀུར་བསྒྲུབ་འདོད་ཀྱི་ལེན་པ་པས་དགྲ་བཅོམ་པའི་དགེ་
འདུན་ལྟ་བུ་ཞིག་ལ་འདི་དག་ནི་བུད་མེད་ཀྱི་ཚོགས་པའོ། །ངག་རྩུབ་མོས་སྐུར་པ་བཏབ་པའི་ལས་བྱས་པ་ལས་བུད་མེད་དུ་སྐྱེ་འགྱུར་གྱི་ལས་སྔར་བཞག་པ་དེ་ཉིད་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། མཐོང་བའི་ཆོས་ཉིད་དེ་ལས། མཚན་ཡོངས་སུ་འགྱུར་ཏེ། བུད་མེད་དུ་འགྱུར་བཞིན་པ་ནི་སྐྱེ་བ་དང༌། དེར་གྱུར་ཟིན་པ་ནི་རྒ་ཤྀ་ཡན་ལག་སྟེ། ཚེ་གཅིག་པུ་དེ་ཉིད་ལ་རྫོགས་པ་ལྟ་བུའོ། །སྐད་ཅིག་པའི་རྟེན་འབྲེལ་ནི། བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ། ཡན་ལག་བཅུ་གཉིས་རྫོགས་པར་ཚངས་པ་ནི། སྐད་ཅིག་པའི་རྟེན་འབྲེལ་ཡིན་ལ། དེ་ཡང་ཡན་ལག་བཅུ་གཉིས་པོ་ཚང་བ་ཙམ་གྱི་ཆོག་པ་མ་ཡིན་གྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་ཡན་ལག་བཅུ་གཉིས་པོ། རྣམས་རྐྱེན་དང་རྐྱེན་ཅན་དུ་འགྱུར་བ་ཞིག་དགོས་པ་བཞིན་ནོ། །དེ་ཡང་དཔེར་ན། བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་རྫོགས་པར་ཚང་པའི་ཚུལ་ནི། དཔེར་ན་སྲོག་གཅོད་ལྟ་བུ་བྱ་བ་རྫོགས་པའི་ཡུན་ཚོད་ལ་ཚང་བར་འགྱུར་བ་ཡིན་ཏེ། མ་རིག་པས་ཀུན་ནས་བསླངས་བའི་ཞེ་སྡང་གི་བསམ་པས། སེམས་ཅན་ཞིག་གསོད་པར་བྱེད་པའི་དུས་ཀྱི་ཉོན་མོངས་པ་དེ་རྣམས་ནི་མ་རིག་པའི་ཡན་ལག་གསོད་པའི་བྱ་བ་ནི་འདུ་བྱེད་ཀྱི་ཡན་ལག་དེས་རང་སེམས་ངན་པར་བཏང་ནས་དམྱལ་བ་ལྟ་བུ་ཞིག་ཏུ་སྐྱེ་འགྱུར་གྱི་བག་ཆགས་རྣམ་ཤེས་
ལ་བགོས་པ་ནི། རྣམ་ཤེས་ཀྱི་ཡན་ལག་དེའི་ཚེ་རང་རྒྱུད་ཀྱི་ཕུང་པོ་ལྔ་དང་སྐྱཻ་མཆེད་དྲུག་ལས་ངན་པ་དེས་རྣམ་པར་གོས་པའི་ཆ་ནི་ཡན་ལག་དེ་དང་དེའོ། །དེའི་དུས་སུ་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་ཡུལ་ཡོངས་སུ་གཅོད་པ་ནི་རེག་པའི་ཡན་ལག །དེའི་སྐབས་སུ་བསད་བྱ་དེ་གསོད་པར་མྱོང་བ་ནི་ཚོར་བའི་ཡན་ལག །དེའི་དུས་སུ་གསོད་པའི་བྱ་བ་དེ་ལ་མངོན་པར་སྲེད་པ་ནི་སྲེད་པའི་ཡན་ལག །སྲེད་པའི་བྱ་བ་དེ་སྒྲུབ་པར་འདོད་པ་ནི་ལེན་པའི་ཡན་ལག །དེས་སྐྱེ་བ་ཕྱི་མའི་ཡང་སྲིད་ཀྱི་བག་ཆགས་གསོས་བཏབ་པ་ནི་སྲིད་པའི་ཡན་ལག་དེའི་དུས་ཀྱི་ཕུང་པོ་ཡོངས་སུ་འགྱུར་བའི་ཆ་ནི་སྐྱེ་བ་དང་རྒ་ཤིའོ། །འབྲེལ་བ་ཅན་གྱི་རྟེན་འབྲེལ་ལ་ཡང༌། སྐད་ཅིག་པའི་རྟེན་འབྲེལ་དེ་འདྲའི་རྒྱུན་དུ་བཞེད་པ་ཡང་ཡོད་པ་ཡིན་ཏེ། དཔེར་ན་སྐད་ཅིག་མ་དང་པོ་ལ་ཡན་ལག་བཅུ་གཉིས་ཚང་བ་དང༌། དེའི་ཡང་སྐད་ཅིག་མ་གཉིས་པ་ལ་ཡང་ཡན་ལག་བཅུ་གཉིས་ཚང་བ་སོགས་ཡོད་པ་ལས། སྐད་ཅིག་མ་དང་པོའི་དུས་ཀྱི་མ་རིག་པས། སྐད་ཅིག་མ་གཉིས་པའི་མ་རིག་པའི་ཉེར་ལེན་གྱི་རྒྱུ་བྱས། སྐད་ཅིག་མ་དང་པོའི་ཡན་ལག་གཞན་རྣམས་ཀྱིས། སྐད་ཅིག་མ་གཉིས་
པའི་མ་རིག་པའི་ལྷན་ཅིག་བྱེད་པའི་རྐྱེན་བྱེད་པ་དང༌། དེ་བཞིན་དུ་སྐད་ཅིག་མ་དང་པོའི་རྣམ་པར་ཤེས་པས། སྐད་ཅིག་མ་གཉིས་པའི་རྣམ་པར་ཤེས་པའི་ཉེར་ལེན་གྱི་རྒྱུ་བྱེད་ཅིང༌། སྐད་ཅིག་མ་དང་པོའི་ཡན་ལག་གཞན་གྱིས། སྐད་ཅིག་མ་གཉིས་པའི་རྣམ་ཤེས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་པ་སོགས། རེ་རེ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །ཡང་ན་ཡན་ལག་བཅུ་གཉིས་པོ་རེ་རེ་སྐད་ཅིག་མ་བཅུ་གཉིས་ལ། རིམ་གྱིས་མཐུད་པ་ལྟ་བུར་བཤད་ཀྱང་རུང་བར་མངོན་ཏེ། སྐད་ཅིག་མ་དང་པོའི་མ་རིག་པ་ལས་སྐད་ཅིག་མ་གཉིས་པའི་འདུ་བྱེད་སྐྱེ་བ་དང༌། སྐད་ཅིག་མ་གཉིས་པའི་འདུ་བྱེད་ལས། སྐད་ཅིག་མ་གསུམ་པའི་རྣམ་ཤེས་སྐྱེ་བ་སོགས་རིམ་པས་འབྱུང་བ་ཡིན་ནོ། །གཉིས་པ་འབྲེལ་བ་ཅན་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྒྱས་པར་བཤད་པ་ལ། ཐོག་མར་ཡན་ལག་བཅུ་གཉིས་སོ་སོའི་ངོའི་འཛིན་སྤྱི་དོན་གྱི་ཚུལ་དུ་བཤད་པ་ནི། མ་རིག་པའི་ངོ་བོ་ཁྱད་ཆོས་གསུམ་དང་ལྡན་པ་སྟེ། ཤེས་པ་གང་ཞིག་རང་གི་ཡུལ་ལ་དམིགས་པ་དང༌། ཡུལ་དེའི་རྣམ་པ་ཤིན་ཏུ་མི་གསལ་བ་དང༌། དེ་ཉིད་སེམས་རྒྱུད་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྐྱེ་བའི་སྒཽར་གྱུར་པ་སྟེ། ཁྱོད་ཆོས་གསུམ་དང་ལྡན་ནོ། །དེ་ཡང་མ་རིག་པའི་སྐད་དོད་ལ། ཨ་བི་ཏྱ་ཞེས་པ་ཡོད་པ་ལས། བི་ཏྱ་རིག་པ་དང༌། ཨ་ཡིག་ནི་དགག་པའི་དོན་སྟེ། དེ་ཡང་སྤྱིར་རིག་པའི་དགག་སྒྲ་ཙམ་ཞིག །རིག་པ་དང་བྲལ་བ་དང༌། རིག་པ་ཆུང་བ་དང༌། རིག་པ་ངན་པ་དང༌། རིག་པ་ལས་གཞན་དུ་འགྱུར་བ་དང༌། རིག་པ་མེད་ཙམ་དང༌། རིག་པ་མ་ཡིན་ཙམ་སྟེ། རྣམ་གྲངས་བདུན་ཙམ་ཞིག་ལ་འཇུག་པར་གསུངས་ཀྱང༌།
འདིར་ནི་རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པ་ཞིག་ལ་མ་རིག་པར་འཇོག་པ་ཡིན་ཏེ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན་ཞེས་གསུངས་པ་ལྟར་རོ། །སྤྱིར་དེ་ལྟ་བུའི་མ་རིག་པ་དེ་ཡང༌། ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ལས། ཕྱི་མ་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པ་ཤེས་བྱའི་སྒྲིབ་པ་ཡིན་ལ། དང་པོ་ནི་འཁོར་བའི་རྒྱུར་གྱུར་ཅིང་ཐར་བ་ཐོབ་པ་ལ་སྒྲིབ་པར་བྱེད་པ་ཉོན་མོངས་པའི་སྒྲིབ་པའོ། ཁ་ཅིག་[སྤྱི་]དངོས་པོ་ལ་བདེན་པར་འཛིན་པ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པར་འདོད་ལ། དེ་ནི་མི་འཐད་དེ། དེ་ལྟར་བུམ་པ་བདེན་པར་འཛིན་པ་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་པ་བཞིན་དུ་བུམ་པ་བུམ་པར་འཛིན་པར་ཡང་དེར་ཐལ་བ་དང༌། དེ་ལྟར་འདོད་ན་མཚན་མ་ཡིད་བྱེད་ཐམས་ཅད་[བདེན་འཛིན་ཡིན་པས་]ཉོན་མོངས་པ་ཅན་གྱི་མ་རིག་པར་ཁས་ལེན་དགོས་པས་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འདི་ལ། རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་བདག་ཏུ་རྨོངས་པ་དེ་ཉིད་ཡིན་ལ། དེ་ནི་ཁ་ནང་ལྟ་བའི་ཤེས་པ་ཡིན་པའི་ཕྱིར། དེས་ན་ཉོན་མོངས་པ་དང༌། ལས་དངོས་སུ་བསྐྱེད་པར་མི་བྱེད་ལ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་ན་བདག་ཏུ་རྨོངས་པ་ཞིག་ཡོད་པ་དེ་ལས་ཉོན་མོངས་པ་ཆགས་སྡང་རྨོངས་པ་གསུམ་སྐྱེ་བ་དང༌། མི་དགེ་བའི་ལས་བསོགས་པ་འབྱུང་བ་ཡིན་
ཞིང༌། དགེ་བ་ཟག་བཅས་རྣམས་བདག་ཏུ་རྨོངས་པ་དེས། དེའི་དུས་ཀྱི་ཀུན་སློང་བྱས་ཏེ་བསོག་པ་མ་ཡིན་ལ། དེ་ལས་ཆགས་སྡང་རྨོངས་གསུམ་གྱི་ཉོན་མོངས་པ་གཞན་སྐྱེས་ནས་དེས་ཀུན་ནས་བསླངས་ཏེ་བསགས་པ་ཡང་མ་ཡིན་ཏེ། དགེ་བ་རྣམས་ནི་མཐའ་གཅིག་ཏུ་འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་སྟེ། མེད་པ་གསུམ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་བདག་ལ་རྨོངས་པ་དེའི་གྲོགས་སུ་བདག་ལ་ཆགས་པ་ཞིག་ཡོད་པ་ཡིན་ལ། དེའི་མཐུ་ལས་བདག་ལེགས་སུ་འདོད་པ་ཞིག་སྐྱེ་བ་ཡིན་ཞིང༌། དེ་ཙམ་ཞིག་ནི་མི་དགེ་བ་ཡང་མ་ཡིན་ལ། བདག་ལེགས་པར་འདོད་པས་བསམ་པས་ཀུན་ནས་བསླངས་ཏེ། རང་ཉིད་ཚེ་རབས་གཞན་དང་གཞན་དག་ཏུ་བདེ་ཞིང་སྐྱིད་པར་འདོད་པས། དགེ་བའི་རྩ་བ་རྣམ་པ་གསུམ་སྐྱེད་དེ། དེས་ཀུན་ནས་བསླངས་ཏེ། ཚུལ་ཁྲིམས་བསྲུང་བ་སོགས་དགེ་བའི་འདུ་བྱེད་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ལས་དེ་ལྟ་བུ་ནི་དེ་དུས་ཀྱི་ཀུན་སློང་རྩ་བ་གསུམ་གྱི་ཀུན་ནས་སློང་བ་ཡིན་ཡང༌། རྒྱུ་དུས་ཀྱི་ཀུན་སློང་མ་རིག་པས་བྱས་པའོ། །དེས་བྱིན་གྱིས་རླབས་པའི་ཕྱིར་ལས་དེ་ལ། མ་རིག་པ་དང་མཚུངས་པར་ལྡན་པའི་ལས་དང༌། དེས་ཀུན་ནས་སློང་པའི་བདག་བདེ་ལེགས་སུ་འདོད་པ་དང༌། རྩ་བ་གསུམ་པོ་ཡང་མ་རིག་པའི་ཡན་ལག་ཅེས་བྱའོ། །འགའ་ཞིག་མ་རིག་པ་ངོས་འཛིན་འཇིག་ཚོགས་ལ་ལྟ་བར་མཛད་པ་ནི། རྣམ་པ་
གསལ་བའི་ཕྱོགས་ནི་སྨོས་པ་ཙམ་ཡིན་གྱི། དེ་ཉིད་མ་རིག་པའི་མཚན་གཞིར་ངོས་འཛིན་ན་ནི། བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་བཅུའི་རྣམ་བཞག་གསུངས་པ་གྲངས་མ་ཚངས་བར་འགྱུར་ཏེ། འཇིག་ལྟ་དང་མ་རིག་པ་གཉིས་གཅིག་ཡིན་པའི་ཕྱིར་དང༌། དེ་བཞིན་དུ་རྩ་བའི་ཉོན་མོངས་པ་དྲུག་གི་གྲངས་ཀྱང་མ་ཚང་བ་ཐལ་བའི་སྐྱོན་འཇུག་གོ །དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་དེ་ཉིད། མ་རིག་པ་དང་རྗེས་སུ་འབྲེལ་ཞིང༌། དེ་རྣམ་པ་ཤིན་ཏུ་གསལ་བའི་ཕྱིར་རྣམ་པ་གསལ་ཕྱོགས་ནས་སྨོས་པའོ། །ཡན་ལག་གཉིས་པ་འདུ་བྱེད་ནི་བསོད་ནམས་ཀྱི་ལས་དང༌། བསོད་ནམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་དང་གསུམ་ཡིན་ཞིང༌། དང་པོ་ནི་འདོད་ཁམས་ཀྱི་ལས་དགེ་བ་རྣམས་དང༌།གཉིས་པ་ནི། འདོད་པའི་ཁམས་ཀྱི་ལས་མི་དགེ་བ་རྣམས་དང༌། གསུམ་པ་ནི། ཁམས་གོང་མ་གཉིས་འགྲུབ་བྱེད་ཀྱི་ལས་སོ། །དེ་ལ་མི་གཡོ་བར་འཇོག་པའི་རྒྱུ་མཚན་ཡང༌། ལས་ཀྱི་རྣམ་པར་སྨིན་པ་གཞན་དུ་གཡོ་བ་མེད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ཡང་ལས་དེ་ཉིད་མཉམ་གཞག་གི་ཏིང་ངེ་འཛིན་ཡིན་ཞིང༌། དེས་ཁམས་གོང་མ་གཉིས་སུ་འཕངས་པ་ན། སྲིད་པ་བར་མ་སོགས་སུ་རྐྱེན་གྱི་སྟོབས་ཀྱིས་འགྲོ་བ་རིགས་མཐུན་པ་དང༌། རིགས་མི་མཐུན་སོགས་སུ་སྐྱེ་བ་ལེན་པར་མི་འགྱུར་བར་འཕངས་པ་བཞིན་དུ་གདོན་མི་ཟ་བར་དེ་ཉིད་དུ་སྐྱེ་བ་ལེན་པ་ཡིན་ལ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱིས་འཕངས་པ་ལ་ནི། བར་མ་དོར་རྐྱེན་གྱིས་ཡོངས་སུ་བསྒྱུར་ཏེ། རིགས་མཐུན་དང་
རིགས་མི་མཐུན་གྱིས་འགྲོ་བ་གཞན་དང་གཞན་དག་ཏུ་སྐྱེ་བ་ལེན་པ་ཡོད་པ་ཡིན་ནོ། །གསུམ་པ་རྣམ་ཤེས་ཀྱི་ཡན་ལག་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ། ལས་ཀྱི་བག་ཆགས་ཡོངས་སུ་བཞག་པས། རྣམ་ཤེས་དེ་ཉིད་ཡོངས་སུ་འགྱུར་བའི་ཆ་ཡིན་ལ། དེ་ལ་ཡང་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་བུའི་དུས་ཀྱི་རྣམ་ཤེས་གཉིས་སུ་ཡོད་དོ། །ཡན་ལག་བཞི་པ་མིང་གཟུགས་ནི་མིང་ཞེས་པ། མིང་བཞིའི་ཕུང་པོ་ཡིན་ལ། དེ་ཡང་ཚོར་བ་སོགས་ཕུང་པོ་ཕྱི་མ་བཞིའོ། །དེ་རྣམས་མིང་བཞིའི་ཕུང་པོར་འཇོག་པའི་རྒྱུ་མཚན་ཡང་གཟུགས་ཕུང་ནི་དབང་ཤེས་ལྔའི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པས་ན། མིང་ལ་བརྟེན་ནས་རྟོགས་མི་དགོས་ལ། ཕུང་པོ་ཕྱི་མ་བཞི་ནི། གཞན་གྱི་རྒྱུད་ལ་ཡོད་པས། མིང་ལ་བརྟཻན་ནས་རྟོགས་དགོས་པ་ཡིན་ཏེ། དཔེར་ན་གང་ཟག་ཞིག་གིས་རྒྱུད་ལ་ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི་རྣམ་པ་གང་ཤར་བ་དེ། གཞན་གྱིས་མངོན་སུམ་དུ་མི་རྟོགས་པར། ཚོར་བ་བདེ་སྡུག་བཏང་སྙོམས་འདི་ལྟ་བུ་ཞིག་བྱུང་ཞེས་པའི་ངག་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར་རོ། །དེ་ལྟར་མིང་གཟུགས་ཀྱི་ཡན་ལག་འདི་ཉིད་མངོན་གྱུར་དུ་བྱུང་བ་ནི། ཀུན་གཞི་རྣམ་ཤེས་ཉིད་མངལ་དུ་ཉིང་མཚམས་སྦྱོར་ཏེ་ཕ་མའི་ཁུ་ཁྲག་གཉིས་ཀྱི་དབུས་སུ་ཞུགས་པ་ཁུ་ཁྲག་གཉིས་འདུས་ཀྱི་ཚོགས་པ་སྟེ། དབང་པོ་དྲུག་ཚང་བ་མ་ཡིན་ཡང༌། གཟུགས་སྒྲ་དྲི་རོ་རེག་བྱ་འདུས་པའི་ངོ་བོ་འབྱུང་བ་ལས་གྱུར་པའི་
འབྲས་གཟུགས་ཡིན་པས་ན། དེ་ནི་གཟུགས་ཀྱི་ཕུང་བོ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་གསུམ་ནི་ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་གྱུར་པའི་ཀུན་འགྲོ་ལྔའི་ནང་ཚན་དེ་ཉིད་ཡིན་ལ། རྣམ་ཤེས་ཀྱི་ཕུང་པོ་ནི་ཀུན་གཞི་རྣམ་ཤེས་ཉིད་དོ། །མིང་གཟུགས་ཀྱི་གནས་སྐབས་འདི་དག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མེད་དོ། །ཡིད་ཤེས་འབྱུང་བ་ལ། སྔོན་དུ་ཡིད་ཀྱི་དབང་པོ་དགོས་ཤིང༌། དེའི་སྔོན་དུ་དབང་ཤེས་ལྔ་སྐྱེ་བ་སྔོན་དུ་འགྲོ་དགོས་ཏེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པ་ལྟར་ཡིན་པ་ལ་སྐྱེ་མཆེད་དྲུག་མ་དོད་པར་དབང་ཤེས་ལྔ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ལྟར་ནུར་ནུར་པོ་དང༌། མེར་མེར་པོ་དང༌། གོར་གོར་པོ་དང༌། འཁྲང་གྱུར་དང༌། རྐང་ལག་རྣམ་པར་འགྱུར་བ་སྟེ། མངལ་གྱི་གནས་སྐབས་ལྔ་ནི་མིང་གཟུགས་ཡན་ལག་གོ །ཡན་ལག་ལྔ་པ་སྐྱེ་མཆེད་དྲུག་ནི། དེའི་རྗེས་སུ་དབང་པོ་དྲུག་ཡོངས་སུ་དོད་པ་ཡིན་ནོ། །ཡན་ལག་དྲུག་པ་རེག་པ་ནི། མངལ་ནས་ཕྱིར་བཙས་ཏེ་ཡུལ་དང་དབང་པོ་དང༌། རྣམ་པར་ཤེས་པ་གསུམ་འདུས་པའི་རེག་པ་འབྱུང་བ་ཡིན་ཞིང༌། དེ་ཡང་རེག་པ་ནི། རྣམ་ཤེས་ཡུལ་དང་ཕྲད་པ་ལས་ཡུལ་དེས་ཤེས་པར་འགྱུར་བའི་ཆ་ཞིག་བྱུང་བ་དེའོ། །ཡན་ལག་བདུན་པ་ཚོར་བ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་འབྱུང་བའི་རྗེས་སུ། ཚོར་བ་འབྱུང་བ་ཡིན་ཏེ། དེ་ཡང་དཔེར་ན། མིག་གི་དབང་པོ་
དང༌། ཡུལ་གཟུགས་ཡིད་དུ་འོང་བའི་རྣམ་པ་དང༌། མིག་གི་རྣམ་པར་ཤེས་པ་གསུམ་འདུས་པ་ལས། ཡུལ་ཡིད་འོང་དེ། མིག་གི་རྣམ་པར་ཤེས་པས་ཡོངས་སུ་དཔྱོད་པའི་རེག་པ་འབྱུང་བ་ཡིན་ཞིང་དེའི་རྗེས་སུ་ཡུལ་དེ་ཤེས་པས་ཉམས་སུ་མྱོང་བའི་ཚོར་བ་བདེ་བ་འབྱུང་བ་ཡིན་ནོ། །ཡིད་དུ་མི་འོང་བ་དང༌། བར་མ་ལ་བརྟེན་ནས་སྡུག་བསྔལ་དང༌། བཏང་སྙོམས་ཀྱི་རེག་ཚོར་འབྱུང་ཚུལ་ཡང་ཤེས་པར་བྱ་ཞིང༌། དེ་བཞིན་དུ་དབང་ཤེས་གཞན་རྣམས་ལ་མཚོན་པར་བྱ་སྟེ། དྲུག་པོ་དེ་རྣམས་ལ་བདེ་སྡུག་བཏང་སྙོམས་ གསུམ་གྱི་དབྱེ་བས། ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད ་ཅེས་བྱའོ། །ཡན་ལག་ བརྒྱད་པ་སྲེད་པ་ནི། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ ་ལ་སྲེད་ཅིང་ཞེན་པ་ཡིན་ལ། དེ་ཡང་བདེ་བ་ལ་མི་འབྲལ་བ་སྲེད་པ་དང༌། སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པ་དང་བཏང་སྙོམས་ལ་མི་འབྲལ་བར་འདོད་པའི་སྲེད་པ་སྐྱེ་བ་ཡིན་ཞིང༌། ཡང་ན་སྲེད་པ་ལ་འདོད་པའི་སྲེད་པ་དང༌། སྲིད་པའི་སྲེད་པ་དང༌། འཇིག་པའི་སྲེད་པ་དང་གསུམ་ལས། ཆོས་མངོན་པར་ལས་ནི་དང་པོ་འདོད་ཁམས་ཀྱི་དང༌། གཉིས་པ་ཁམས་གོང་མ་གཉིས་ཀྱི་དང༌། གསུམ་པ་ནི་ཕུང་པོ་འདོར་བར་འདོད་པ་ལ་སྲེད་པ་རྣམས་ཡིན་ཞེས་བཤད་ལ། དཔལ་ཆོས་ཀྱི་གྲགས་པས་ནི། དང་པོ་གཉིས་མཚུངས་པ་ལ། གསུམ་པ་ནི་ཉེར་སྤྱོད་ཡོངས་སུ་བཟུང་བར་སྲེད་པ་ལ་བཤད་པས་འདི་འཐད་ཕྱོགས་སུ་བཟུང་ངོ༌། །འདོད་པའི་ཁམས་ལ་ནི།
གནས་ལུས་ལོངས་སྤྱོད་གསུམ་ཆར་ལ་སྲེད་པ་ཡོད་ཅིང༌། དེ་ལ་བརྟེན་ནས་མི་དགེ་བར་སྐྱེ་བའང་ཡོད་པ་ཡིན་ལ། ཁམས་གོང་མ་གཉིས་ལ་ལོངས་སྤྱོད་ཀྱི་དངོས་པོ་མེད་པས་ལོངས་སྤྱོད་ལ་སྲེད་པ་ནི་མེད་ལ། འོན་ཀྱང་གནས་ལུས་གཉིས་ལ་སྲེད་པ་ཙམ་ཡོད་ཀྱང༌། དེ་ལ་བརྟེན་ནས་མི་དགེ་བ་སྐྱེ་བ་མེད་དོ། །ཡན་ལག་དགུ་པ་ལེན་པ་ནི། དེ་ལྟར་སྲེད་པ་ལ་བརྟེན་ནས། ལེན་པ་འབྱུང་བ་ཡིན་ཏེ། དཔེར་ན་བཟའ་བཏུང་ལོངས་སྤྱོད་སོགས་ཡུལ་ཡིད་འོང་གི་རྣམ་པ་ལ་སྲེད་ཅིང་ཞེན་པར་གྱུར་པས་ན། དེ་ཉིད་ཡང་དང་ཡང་དུ་འབྱུང་བར་འདོད་པ་དང༌། དེ་ཉིད་ཀྱི་ཐབས་བྱ་བ་རྣམ་པ་སྣ་ཚོགས་པས་སྒྲུབ་པར་བྱེད་པའི་ནུས་པ་ཅན་དེ་ལ་ལེན་པ་ཞེས་བྱའོ། །ལེན་པ་དེ་ལ་ཡང༌། འདོད་པའི་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། ལྟ་བའི་ལེན་པ་དང༌། བདག་ཏུ་སྨྲ་བའི་ལེན་པ་དང་བཞིར་གསུངས་སོ། །ཡན་ལག་བཅུ་པ་སྲིད་པ་ནི། ཡང་སྲིད་མངོན་པར་འགྲུབ་པར་བྱ་པའི་ལས་སྟོབས་དང་ལྡན་པས་སོ། །ཡན་ལག་བཅུ་གཅིག་པ་སྐྱེ་བ་ནི། སྐྱེ་བའི་ཡན་ལག་མངོན་འགྱུར་གྱི་དབང་དུ་བྱས་ན། མངལ་དུ་ཉིང་མཚམས་སྦྱོར་བཞིན་པ་ནི་སྐྱེ་བ་ཡིན་ལ། ཉིང་མཚམས་སྦྱར་ཟིན་པ་ནི། རྒ་ཤིའི་ཡན་ལག་ཡིན། ནུར་ནུར་བོ་ལ་སོགས་པའི་གནས་སྐབས་ནས་བཟུང༌། རིམ་པས་སྐད་ཅིག་སྐད་ཅིག་རྒྱུན་འགྱུར་བ་ནི། རྒས་པ་ཡིན་ལ། འདིར་
རྒ་ཤི་ཞེས་ཡན་ལག་གཅིག་ཏུ་སྡོམ་པ་ཡང༌། མ་རྒས་པ་ལ་འཆི་བ་ཡང་ཡོད་པས་ན་དེ་ལྟར་དུ་གསུངས་སོ། །དེ་ལྟར་ན་ཡན་ལག་བཅུ་གཉིས་པོ་དེ་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་པ་མངོན་དུ་མ་གྱུར་པ་དང་ས་བོན་ཡོངས་སུ་སྨིན་པ་ལས།ཡན་ལག་བཅུ་གཉིས་མངོན་དུ་འགྱུར་བ་གཉིས་འབྱུང་བ་ཐམས་ཅད་ལ་ཤེས་པར་བྱའོ། །གཉིས་པ་གཞུང་གི་དོན་ལ། རྒྱལ་ཚབ་བྱམས་པའི་གསུངས་དབུས་མཐའི་གཞུང་བཀོད་དེ་བཤད་པ་དང༌། སློབ་དཔོན་དབྱིག་གཉེན་གྱི་གཞུང་ཚིག་བཀོད་དེ་བཤད་པ་གཉིས་ལས། དང་པོ་ལ་ཡང་དོན་ཚན་གསུམ་ཡོད་པ་ལས། དོན་ཚན་དང་པོ་དབྱེ་བ་བཅུ་གཅིག་གི་སྒོ་ནས་བསྟན་པ་ནི། ལུས་ཅན་སེམས་ཅན་རྣམས་མ་རིག་པས་ཡང་དག་པའི་གནས་ལུགས་ཀྱི་ཡེ་ཤེས་ལ་སྒྲིབ་པའི་ཕྱིར་རྟག་ཏུ་སྡུག་བསྔལ་ཞིང་ཉོན་མོངས་པར་བྱེད་པ་ཡིན་ལ། དེ་ཡང་ཡང་དག་པའི་ཡེ་ཤེས་ནི་བྱང་སེམས་འཕགས་པ་རྣམས་ཀྱི་མཉམ་གཞག་ཡེ་ཤེས་ཉིད་ཡིན་ཞིང༌། དེའི་རྗེས་ཐོབ་དག་པ་བ་རྣམས་ཀྱང༌། དེའི་ཁོངས་སུ་ནི་བསྡུ་ལ། དེ་ལས་གཞན་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་མ་འཁྲུལ་བ་རྣམས་ཀྱང་ཡང་དག་པའི་ཡེ་ཤེས་དེ་ལ་རྗེས་སུ་མཐུན་པར་ཞུགས་པའི་ཕྱིར། ཡང་དག་པའི་ཡེ་ཤེས་རྗེས་མཐུན་པ་ཙམ་དུ་ཤེས་པར་བྱའོ། །འདུ་བྱེད་ཀྱི་ཡན་ལག་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ། བསོད་ནམས་དང་བསོད་ནམས་མ་ཡིན་པ་
དང༌། མི་གཡོ་བའི་འདུ་བྱེད་རྣམས་ཀྱི་རིགས་དྲུག་གི་བག་ཆགས་སམ། ས་བོན་འདེབས་པར་བྱེད་པས་ཀྱང་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དོ། །རྣམ་ཤེས་ཀྱི་ཡན་ལག་ནི། ས་བོན་ཇི་ལྟར་བཏབ་པ་ལྟར། སྐྱེ་གནས་སུ་ཁྲིད་པར་བྱེད་པས་ཀྱང་ཉོན་མོངས་པར་བྱེད་པ་ཡིན་ལ། རྣམ་ཤེས་ལ་རྒྱུའི་རྣམ་ཤེས་དང༌། འབྲས་བུའི་རྣམ་ཤེས་གཉིས་ལས། དང་པོ་ནི། འདུ་བྱེད་ཀྱིས་རྣམ་ཤེས་ལ་ས་བོན་བཏབས་པ་ལས། རྣམ་ཤེས་འགྱུར་བའི་ཆ་དེ་ཡིན་ཞིང༌། དེས་ན་ཚེ་གསུམ་ལ་རྫོགས་པའི་དབང་དུ་བྱས་ན། མངལ་དུ་ཉིང་མཚམས་སྦྱོར་བའི་གོང་ཙམ་ནི། རྒྱུའི་རྣམ་ཤེས་ཀྱི་རྒྱུན་དང༌། དེ་ལས་འབྲས་བུའི་རྣམ་ཤེས་སྐྱེས་ཏེ། ཕ་མའི་ཁུ་ཁྲག་གཉིས་ཀྱི་དབུས་སུ་ཞུགས་ནས། སྐྱེ་གནས་སུ་ཁྲིད་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་ཁྲིད་པར་བྱེད་ཅེས་དངོས་སུ་གསུངས་པ་ནི། འབྲས་བུའི་རྣམ་ཤེས་ཉིད་དངོས་སུ་སྟོན་པ་ཡིན་ལ། དེ་བཞིན་དུ་འདུ་བྱེད་ཀྱི་རྐྱཻན་གྱིས་རྣམ་པར་ཤེས་པ་ཡང༌། རྒྱུའི་རྣམ་ཤེས་ཉིད་ཡིན་ཏེ། འདུ་བྱེད་ཀྱི་ལས་བྱས་མ་ཐག་ཏུ་རྒྱུའི་རྣམ་ཤེས་སྐྱེ་བའི་ཕྱིར་རོ། །རྣམ་ཤེས་ཀྱི་རྐྱེན་གྱིས་མིང་གཟུགས་ཞེས་པ་ཡང་འབྲས་བུའི་རྣམ་ཤེས་ལས། མིང་གཟུགས་ཡན་ལག་འབྱུང་བ་ཡིན་པས་སོ། །དེ་ལྟར་ན་རྒྱུའི་རྣམ་ཤེས་ལས། འབྲས་བུའི་རྣམ་ཤེས་སྐྱེ་བ་དང༌། དེ་ལས་མིང་གཟུགས་སྐྱེ་བའི་ཕྱིར། རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་ཐལ་བར་འགྱུར་བ་མ་ཡིན་ནོ་སྙམ་ན། མ་ཡིན་ཏེ་རྒྱུ་
འབྲས་ཀྱི་རྣམ་ཤེས་གཉིས་ནི་རྣམ་པ་དང༌། བྱ་བ་དང༌། རིགས་རྣམས་མཚུངས་པའི་ཕྱིར། ཡན་ལག་བཅུ་གཅིག་ཏུ་འདུ་བས་སོ། །མིང་གཟུགས་ཀྱི་ཡན་ལག་ནི། རིག་མཐུན་པའི་ལུས་ཀུན་ཏུ་འཛིན་པའི་ཕྱིར། འགྲོ་བ་རྣམས་ཉོན་མོངས་པར་བྱེད་པ་ཡིན་ལ། དེ་ཡང་རིགས་མཐུན་གྱི་ལུས་འཛིན་ཚུལ་ནི། རྣམ་ཤེས་ཁུ་ཁྲག་གཉིས་ཀྱི་དབུས་སུ་ཞུགས་ཟིན་པ་ནི་མིང་གཟུགས་ཡན་ལག་ཐོག་མར་གྲུབ་པ་ཡིན་ལ། དེས་ནི་སེམས་ཅན་དེའི་ཚེ་གང་གི་ལུས་ཡོངས་སུ་བཟུང་བའི་ཐོག་མ་ཡིན་ཞིང༌། དེའི་བར་དུ་འགལ་རྐྱེན་སོགས་ཀྱི་གནོད་པ་མ་བྱུང་ན། ཚེ་གང་དེའི་ལུས་ཐམས་ཅད་དེའི་རིགས་མཐུན་ལས་བྱུང་བས་སོ། །སྐྱེ་མཆེད་དྲུག་གི་ཡན་ལག་ནི། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར། འགྲོ་བ་རྣམས་ཉོན་མོངས་པར་བྱེད་པ་ཡིན་ལ། དེ་ཡང་མངལ་གྱི་གནས་སྐབས་ལྔ་ཡོངས་སུ་རྫོགས་ནས། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་རྣམས་རིམ་གྱིས་ཡོངས་སུ་རྫོགས་པའོ། །རེག་པའི་ཡན་ལག་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས། ཡུལ་ཡིད་འོང་མི་འོང་བར་མ་གསུམ་ཡོངས་སུ་གཅོད་པའི་ཕྱིར་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དོ། །ཚོར་བའི་ཡན་ལག་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལ། ཡུལ་ཡོངས་སུ་གཅོད་པའི་རེག་པ་བྱུང་བའི་རྗེས་སུ། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་ཉེ་བར་ལོངས་སྤྱོད་པའི་
ཕྱིར་འགྲོ་བ་རྣམས་སྡུག་བསྔལ་བར་བྱེད་དོ། །སྲེད་པ་ནི་ཡང་སྲིད་ཕྱི་མ་བསྡུད་པར་བྱེད་པའི་ཕྱིར་འགྲོ་བ་རྣམས་ཉོན་མོངས་པར་བྱེད་ལ། དེ་ཡང་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་སྲེད་ཅིང་ཞེན་པ་དེས་ནི། མ་འོངས་པ་ན་འབྱུང་འགྱུར་གྱི་སྲིད་པ་རྣམས་སྡུད་པར་བྱེད་པས་སོ། །ལེན་པའི་ཡན་ལག་ནི། ཡང་སྲིད་ཕྱི་མ་འགྲུབ་པ་ལ་ཉེ་བར་སྦྱོར་བའི་ཕྱིར། འགྲོ་བ་རྣམས་ཉོན་མོངས་པར་བྱེད་དོ། །སྲིད་པའི་ཡན་ལག་ནི། ལེན་པས་ཡང་སྲིད་ཀྱི་ཕྱི་མ་འགྲུབ་པ་ལ་ཉེ་བར་སྦྱོར་བ་ལྟར། དེའི་རྒྱུ་གྱུར་པའི་ལས་རྣམས་བྱས་པས། ཡང་སྲིད་ཕྱི་མ་ལ་མངོན་དུ་ཕྱོགས་པར་བྱས་པའི་ཕྱིར། འགྲོ་བ་རྣམས་ཉོན་མོངས་པར་བྱེད་དོ། །སྐྱེ་བ་དང་རྒ་ཤིའི་ཡན་ལག་གཉིས་ནི། སྡུག་བསྔལ་ཡིན་པའི་ཕྱིར། འགྲོ་བ་རྣམས་ཉོན་མོངས་པར་བྱེད་དོ། །ཞེས་དེ་གཉིས་སྡོམ་ནས་གསུངས་ཀྱང༌། སྐྱེ་བ་ནི་རྟེན་གྱི་སྡུག་བསྔལ་ཡིན་ཏེ། སྐྱེ་བ་བླངས་པ་ལ་བརྟེན་ནས་སྡུག་བསྔལ་གཞན་ཐམས་ཅད་འབྱུང་བའི་ཕྱིར་རོ། །རྒ་ཤི་དང་སྨྲེ་སྔགས་འདོན་པ་ལ་སོགས་པ། སྡུག་བསྔལ་གྱི་ཕུང་པོ་གཞན་རྣམས་ནི། བརྟེན་པའི་སྡུག་བསྔལ་ཞེས་བྱ་སྟེ། སྐྱེ་བ་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་དབྱེ་བ་བཅུ་གཅིག་པོ་འདི་རྣམས་ཀྱིས་ནི། ཚེ་གསུམ་ལ་རྫོགས་པའི་ཡན་ལག་བཅུ་གཉིས་ཀྱི་རྣམ་བཞག་དེ་བསྟན་པ་ཡིན་ཏེ། དེ་ཡང་དཔེར་བརྗོད་ཙམ་བྱས་ནས། མི་ཞིག་གི་མ་རིག་པ་དང་མཚུངས་ལྡན་དུ་གྱུར་པ། བདག་ལེགས་སུ་འདོད་པའི་བསམ་པས་འདོད་ཆགས་མེད་པ་དང༌།
ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བས་ཀུན་ནས་བསླངས་ཏེ། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས། ཚུལ་བཞིན་དུ་བསྲུང་བའི་ཀུན་གཞི་རྣམ་ཤེས་ལ། མིར་སྐྱེ་འགྱུར་གྱི་བག་ཆགས་ཡོངས་སུ་འཇོག་པར་བྱེད་པ་ཡིན་ཞིང༌། དེ་ལྟར་བཞག་པས། རྣམ་ཤེས་ཉིད་ཡོངས་སུ་འགྱུར་བའི་ཆ་ནི། རྒྱུ་དུས་ཀྱིས་རྣམ་ཤེས་ཡིན་ལ། དེ་ལྟར་མ་རིག་པ་དང༌། འདུ་བྱེད་དང༌། རྣམ་ཤེས་ཀྱི་ཡན་ལག་དེ་རྣམས་ནི་ཚེ་དང་པོ་དང༌། སྔར་གྱི་རྒྱུ་དུས་ཀྱི་རྣམ་ཤེས་དུས་ཡུན་རིང་པོར་ལོན་པ་དང༌། རྐྱེན་གཞན་དང་གཞན་དག་གིས་ཡང་ཡོངས་སུ་སྨིན་པར་བྱས་པ་ལས། མིའི་འགྲོ་བ་དེ་ཉིད་ཀྱི་ཚེ་དང་པོ་ཡོངས་སུ་བཏང་སྟེ། བར་སྲིད་ཀྱི་གནས་སྐབས་ཚུན་ཆད་ནི་རྒྱུ་དུས་ཀྱི་རྣམ་ཤེས་དང༌། དེ་ནས་མངལ་དུ་ཉིང་མཚམས་སྦྱོར་བ་ནས་སྐྱེ་གནས་སུ་ཁྲིད་པར་བྱེད་པས་ན། འབྲས་བུའི་རྣམ་ཤེས་ཡིན་ཏེ། ཕ་མའི་ཁུ་ཁྲག་གཉིས་ཀྱི་དབུས་སུ་རྣམ་པར་ཤེས་པ་ཞུགས་ཟིན་པ་ཚུན་ཆད་ཀྱི་འབྲས་བུའི་རྣམ་ཤེས་རྫོགས་ཏེ། མིང་གཟུགས་ཀྱི་ཡན་ལག་གི་མགོ་ཚུགས་པ་ཡིན་ལ། དེ་ནས་སྐྱེ་མཆེད་དྲུག་མ་དོད་ཚུན་ཆད་ནི། མིང་གཟུགས་ཀྱི་ཡན་ལག་དང༌། དེ་ནས་སྐྱེ་མཆེད་དྲུག་དོད་པའི་འགོ་བརྩམ་པ་ནས་བཟུང་མངལ་ནས་ཕྱིར་བཙས་ཏེ། ཡུལ་རྣམས་གསལ་བར་ལོངས་སྤྱོད་ནུས་ཀྱི་བར། སྐྱེ་མཆེད་དྲུག་གི་ཡན་ལག་དང༌། དེ་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་ཡང་ཡང་བྱུང་བ་ནས་
བཟུང༌། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་རྒྱུ་ལས། བླང་དོར་ཤེས་པ་ཚུན་ཆད་རེག་པའི་ཡན་ལག་དང༌། དེ་ཤེས་པ་ནས་བཟུང་སྟེ་འཁྲིག་པ་སྤྱོད་ནུས་པ་ཚུན་ཆད་ནི་ཚོར་བའི་ཡན་ལག་གོ །དེ་ནས་ཡུལ་བདེ་སྡུག་བཏང་སྙོམས་གསུམ་ལ་ཞེན་ཅིང་སྲེད་པ་སྐྱེ་བ་ནི། སྲེད་པའི་ཡན་ལག་དང༌། དེ་ནས་བྱིས་པ་ཤེད་བྱེ་བར་འགྱུར་ཏེ། ལོངས་སྤྱོད་ཀྱི་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར། བྱ་བ་རྣམ་པ་སྣ་ཚོགས་པ་སྒྲུབ་པར་འདོད་པ་ཙམ་ནི་ལེན་པའི་ཡན་ལག་དང༌། དེ་ནས་རང་གི་རིགས་དང་མཐུན་པའི་བྱ་བ་རྣམ་པ་སྣ་ཚོགས་པ་སྒྲུབ་པར་བྱེད་པ་ནི། སྲིད་པའི་ཡན་ལག་སྟེ། དེ་ལྟར་སྲེད་ལེན་སྲིད་པ་གསུམ་པོ་དེ་དག་གིས་ཀྱང༌། ཡང་སྲིད་ཕྱི་མ་མང་པོ་ཞིག་ཏུ་ཉིང་མཚམས་སྦྱོར་བར་བྱེད་པའི་ས་བོན་འདེབས་པ་ཡིན་ནོ། །དེ་ནས་ཚེ་བར་བ་ཡོངས་སུ་བཏང་སྟེ། ཚེ་གསུམ་པའི་མངལ་དུ་ཉིང་མཚམས་སྦྱོར་ཁ་མ་ཚུན་ཆད་སྔར་གྱི་སྲིད་པའི་ཡན་ལག་གི་རྒྱུན་དང་མངལ་དུ་ཉིང་མཚམས་སྦྱོར་བཞིན་པ་ནི་སྐྱེ་བའི་ཡན་ལག་དང༌། ཉིང་མཚམས་སྦྱར་ཟིན་པ་ནས་བཟུང༌། ཚེ་གསུམ་པ་ཧྲིལ་དེ་རྒ་ཤིའི་ཡན་ལག་གོ །དོན་ཚན་གཉིས་པ་བསྡུ་བ་ལ། ཉོན་མོངས་པ་གསུམ་དུ་བསྡུ་བ་དང༌། གཉིས་སུ་བསྡུ་བ་གཉིས་ལས། དང་པོ་ནི་མ་རིག་པ་དང༌། སྲེད་པ་དང༌། ལེན་པ་གསུམ་ནི་ཉོན་མོངས་པའི་ཀུན་ནས་
ཉོན་མོངས་པ་དང༌། འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ལྷག་མ་བདུན་གྱི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡིན་ཏེ། མཛོད་ལས། ཉོན་མོངས་གསུམ་དང་ལས་གཉིས་སུ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཉོན་མོངས་པ་གཉིས་སུ་བསྡུ་བ་ནི། རྒྱུའི་ཀུན་ནས་ཉོན་མོངས་པ་དང་འབྲས་བུའི་ཀུན་ནས་ཉོན་མོངས་པ་གཉིས་ལས། མ་རིག་པ་དང་འདུ་བྱེད་དང་སྲེད་པ་དང་ལེན་པ་དང༌། སྲིད་པ་སྟེ། ལས་ཉོན་གྱིས་བསྡུས་པ་དེ་རྣམས་ནི། རྒྱུའི་ཀུན་ནས་ཉོན་མོངས་པ་དང་ལྷག་མ་བདུན་པོ་རྣམས་ནི་འབྲས་བུ་ཀུན་ནས་ཉོན་མོངས་པའོ། །དོན་ཚན་གསུམ་པ་ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་དུ་བསྟན་པས། ཚེ་གཉིས་ལ་རྫོགས་ཚུལ་གྱི་རྟེན་འབྲེལ་གྱི་རྣམ་བཞག་ནི། ཕྱིན་ཅི་ལོག་ཏུ་བྱེད་པའི་རྒྱུ་དང༌། འདེབས་པར་བྱེད་པའི་རྒྱུ་དང༌། འཁྲིད་པར་བྱེད་པའི་རྒྱུ་དང༌། ཀུན་ཏུ་འཛིན་པའི་རྒྱུ་དང༌། ཡོངས་སུ་གཅོད་པའི་རྒྱུ་དང༌། ཡོངས་སུ་སྡུད་པའི་རྒྱུ་དང༌། སྐྱེ་བའི་རྒྱུ་དང་བདུན་ནོ། །དང་པོ་ནི། མ་རིག་པའི་ཡན་ལག་དང༌། གཉིས་པ་ནི་འདུ་བྱེད་ཀྱི་ཡན་ལག་དང༌། གསུམ་པ་ནི་རྣམ་ཤེས་ཀྱི་ཡན་ལག་དང༌། བཞི་པ་ནི་མིང་གཟུགས་དང་སྐྱེ་མཆེད་དྲུག་གི་ཡན་ལག་དང༌། ལྔ་པ་ནི་རེག་
པ་དང་ཚོར་བའི་ཡན་ལག་དང༌། དྲུག་པ་ནི་སྲེད་ལེན་སྲིད་པ་གསུམ་གྱི་ཡན་ལག་དང༌། བདུན་པ་ནི་སྐྱེ་བ་དང་རྒ་ཤིའི་ཡན་ལག་གོ །དེ་ལྟར་དུ་འཇོག་པའི་རྒྱུ་མཚན་ཡང་མ་རིག་པ་ནི། ཡང་དག་པའི་གནས་ལུགས་མཐོང་བ་ལ་གེགས་བྱེད་ཅིང༌། ཕྱིན་ཅི་ལོག་སྐྱེད་པར་བྱེད་པ་དང༌། འདུ་བྱེད་ཀྱི་ཡན་ལག་ནི། ཀུན་གཞིའི་སྟེང་དུ་ལས་ཀྱི་བག་ཆགས་འདེབས་པར་བྱེད་པ་དང༌། རྣམ་ཤེས་ནི་སྐྱེ་གནས་སུ་འཁྲིད་པར་བྱེད་པ་དང༌། མིང་གཟུགས་སྐྱེ་མཆེད་དྲུག་གི་ཡན་ལག་གིས་ནི་རིགས་མཐུན་གྱི་ལུས་ཀུན་ཏུ་འཛིན་པར་བྱེད་པ་དང༌། རེག་པ་དང་ཚོར་བའི་ཡན་ལག་གིས་ནི། ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་དང༌། སྲེད་པ་ལེན་པ་དང་སྲིད་པ་གསུམ་གྱིས་ནི། ཡང་སྲིད་ཕྱི་མ་ཡོངས་སུ་སྡུད་པར་བྱེད་པའི་ཕྱིར་དང༌། སྐྱེ་བ་དང་རྒ་ཤིའི་ཡན་ལག་གིས་ནི། སྡུག་བསྔལ་གྱི་སྐྱོ་ཞིང་ངེས་པར་འབྱུང་བའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་ཚུལ་བཞིན་མ་ཡིན་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཐུ་ལས་བྱུང་བའི་ཕྱིར་རོ། །རྒྱུ་བདུན་དུ་བཞག་པ་འདི་ཉིད་ནི་ཚེ་གཉིས་ལ་སྦྱོར་བའི་ཤེས་བྱེད་ཀྱང༌། བློ་བརྟན་གྱིས་མཛད་པའི་འགྲེལ་བཤད་ལས་བཞི་པོ་འདི་དག་ནི་ཚེའི་ས་བོན་ནོ། །ཞེས་གསུངས་པས་ན། མིང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྟེ། བཞི་པོ་དེ་རྣམས་ཚེའི་ས་བོན་ཙམ་དུ་གསུངས་ཀྱང་མངོན་གྱུར་དུ་མ་གསུངས་པའི་ཕྱིར་དང༌། གཞན་ཡང་འགྲེལ་བཤད་དེ་ལས། འདིའི་སྐབས་སུ་འཕེན་པའི་རྟེན་འབྲེལ་
དང༌། འགྲུབ་པའི་རྟེན་འབྲེལ་ཞེས་གསུངས་པས་ཀྱང་གསལ་ལོ། །ཚེ་གཉིས་ལ་རྫོགས་ཚུལ་རྣམ་གསལ་གྱི་དཔེར་བརྗོད་ན། བདག་ལྟ་དང་མཚུངས་ལྡན་དུ་གྱུར་པའི་མ་རིག་པས་རྒྱུ་དུས་ཀྱི་ཀུན་སློང་བྱས། བདག་ལེགས་པོ་འདོད་པའི་བསམ་པ་ལ་བརྟེན་ནས། རྩ་བ་ གསུམ་གྱི་དེ་དུས་ཀྱི་ཀུན་སློང་བྱས་ཏེ། ཡན་ལག་བརྒྱད ་པའི་ཚུལ་ཁྲིམས་བསྲུང་བ་ལྟ་བུའི་འདུ་བྱེད་ཀྱི་ལས་བྱས་ཏེ། ཀུན་གཞི་ལ་མིར་སྐྱེ་འགྱུར་གྱི་ས་བོན་བཏབ་པས་ཤེས་པ་དེ་ཉིད་ཡོངས་སུ་འགྱུར་བའི་ཁྱད་པར་ཐོབ་པ་དང༌། དེའི་རྗེས་སུ་མི་མཐུན་པའི་རྐྱེན་མ་བྱུང་བས། སྔར་གྱི་རྒྱུན་མངོན་པར་འཕེལ་ཏེ། མིར་སྐྱེ་འགྱུར་གྱི་མིང་གཟུགས་ཀྱི་ས་བོན་ནུས་པ་མཐུ་ཅན་དུ་བྱས། སླར་ཡང་རིམ་པས་ས་བོན་སྨིན་པར་གྱུར་པས། སྐྱེ་མཆེད་དྲུག་གི་ས་བོན་ནུས་པ་ཅན་དུ་བྱས་པ་དང༌། སླར་ཡང་མི་མཐུན་པའི་གེགས་རྐྱེན་མེད་པར་སྨིན་པ་གོང་འཕེལ་དུ་སོང་བ་ལས། རེག་པ་དང་ཚོར་བའི་ས་བོན་ཡང་སྔ་ཕྱི་རིམ་པ་དང་བཅས་ཏེ་ནུས་པ་མཐུ་ཅན་དུ་གྱུར་པ་དང༌། དེ་ཡན་ཆད་ནི་འཕེན་པའི་རྟེན་འབྲེལ་ཏེ། མ་རིག་འདུ་བྱེད་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་ཡན་ལག་དང༌། མིང་གཟུགས་སོགས་བཞི་པོ་དེ་རྣམས་ནི། འཕངས་པའི་ཡན་ལག་སྟེ། དེ་རྣམས་ཀྱི་མིའི་སྐྱེ་བ་ཞིག་འཕངས་པས། དུས་ནམ་ཞིག་གི་ཚེ། སྐྱེ་བ་དེ་ལེན་པར་ངེས་ཀྱང༌། སྐྱེ་བ་འདིའི་རྟིང་མ་ལྟ་བུ་དུས་ངེས་ཅན་ཞིག་ལ་འགྲུབ་པར་མ་
ངེས་པ་ལས་སླར་ཡང་མཐོ་རིས་ལ་སྲེད་པའི་བསམ་པ་དྲག་པོ་ཞིག་སྐྱེས་ཏེ། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་བསྲུང་བར་འདོད་པའི་ལེན་པ་དང༌། དེ་ལས་དངོས་སུ་ཚུལ་ཁྲིམས་བསྲུངས་བས། སྔར་གྱི་ས་བོན་ཤིན་ཏུ་སྟོབས་དང་ལྡན་པར་གྱུར་ཏེ། མིར་སྐྱེ་ངེས་ཀྱི་སྲེད་པ་ས་བོན་གྱི་ཚུལ་གྱིས་གྲུབ་པ་ནི་སྲིད་པའི་ཡན་ལག་དང༌། དེ་ཁའི་རྒྱུན་དང་ལྡན་བཞིན་དུ། མིའི་ལུས་རྟེན་ཡོངས་སུ་བཏང་སྟེ། སླར་ཡང་མིར་སྐྱེ་བའི་བར་སྲེད་ཡོངས་སུ་བཟུང་ཞིང་མངལ་དུ་ཉིང་མཚམས་སྦྱོར་ཁ་མའི་བར་ནི་སྲིད་པའི་ཡན་ལག་དང༌། ཉིང་མཚམས་སྦྱོར་བཞིན་པ་ནི་སྐྱེ་བའི་ཡན་ལག་དང༌། སྦྱར་ཟིན་པ་ནས་ཚེ་གཉིས་པ་ཧྲིལ་པོ་རྒ་ཤིའི་སྟེ། མངོན་པར་གྲུབ་པའི་ཡན་ལག་གོ །གཉིས་པ་སློབ་དཔོན་དབྱིག་གཉེན་གྱི་གཞུང་བཀོད་དེ་བཤད་པ་ནི་མཁས་མཆོག་དབྱིག་གཉེན་ཞབས་ཀྱི་རྟེན་འབྲེལ་མདོ་འགྲེལ་ལས། འཕེན་འགྲུབ་བཞི་ལྡན་གྱི་རྟེན་འབྲེལ་ཚེ་གཉིས་ལ་རྫོགས་པར་འགྱུར་བའི་རྣམ་བཞག་དེ་ནང་སེལ་རྣམ་པར་ཕྱེ་སྟེ། དོན་བདུན་དུ་སྟོན་པའི་ནི་འཕེན་པའི་རྟེན་འབྲེལ་ལ་ཡང༌། གང་གིས་འཕེན་པ་དང༌། ཚུལ་ཇི་ལྟར་འཕེན་པ་དང༌། གང་འཕངས་པ་དང༌། གསུམ་དུ་རྣམ་པར་ཕྱེ་བ་དང༌། འཕངས་པ་དེ་འགྲུབ་པར་བྱེད་པའི་འགྲུབ་པའི་རྟེན་འབྲེལ་ལ་ཡང༌། གང་གིས་འགྲུབ་པ་དང༌། ཚུལ་ཇི་ལྟར་འགྲུབ་པ་དང༌། གང་འགྲུབ་པ་དང་གསུམ་དུ་རྣམ་པར་ཕྱེ་བ་ཡིན་ལ། དེའི་སྟེང་དུ་ཉེས་དམིགས་གང་ཡིན་པར་
བསྟན་པ་སྟེ། དོན་བདུན་པོ་དེ་དག་རྣམས་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམས་ཀྱིས་རིམ་པ་བཞིན་དུ་བསྟན་པ་ཡིན་ནོ། །དེ་ཡང་གང་གིས་འཕེན་པ་ནི། མ་རིག་པའི་ཡན་ལག་དང༌། དེས་ཀུན་ནས་བསླངས་པའི་འདུ་བྱེད་ཀྱི་ཡན་ལག་གཉིས་ཀྱིས་ཡིན་ལ། ཚུལ་ཇི་ལྟར་འཕེན་པ་ནི། ཡན་ལག་གཅིག་རྣམ་ཤེས་ཀྱི་ཡན་ལག་ལ་འདུ་བྱེད་ཀྱི་ཡན་ལག་གིས་ལས་ཀྱི་ས་བོན་བཏབ་པའི་ཚུལ་གྱིས་འཕེན་པ་དང༌། གང་འཕངས་པ་ནི་མིང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་སྟེ་བཞི་པོ་དེ་རྣམས་འཕངས་པ་ཡིན་ནོ། །དེ་ལྟར་ཡན་ལག་བདུན་པོ་དེ་རྣམས་ཀྱིས་ཡང་སྲིད་ཕྱི་མ་ཞིག་གིས་ས་བོན་བཏབ་ཅིང་ཡོངས་སུ་འཕངས་པ་ཡིན་ཀྱང༌། ས་བོན་དེ་ཉིད་ནུས་པ་མཐུ་ཅན་དུ་མ་བྱས་པས། ཡང་སྲིད་དེ་མྱུར་དུ་འགྲུབ་པར་མ་ངེས་པ་ལ་སྐྱེ་བ་རྟིང་མ་ལྟ་བུ་དུས་མྱུར་བ་ཞིག་ལ། ཡང་སྲིད་འགྲུབ་ངེས་སུ་བྱེད་པ་ནི་འགྲུབ་པའི་ཡན་ལག་སྟེ། དེ་ཡང་གང་གིས་འགྲུབ་པ་ནི། སྲེད་པ་དང་ལེན་པའི་ཡན་ལག་གཉིས་ཀྱི་ཡིན་པ་དང༌། ཚུལ་ཇི་ལྟར་འགྲུབ་པ་ནི། སྔར་འཕངས་པའི་ཡང་སྲིད་ཀྱི་ས་བོན་དེ་ཉིད་སྲིད་པའི་ཡན་ལག་གཅིག་གིས་ནུས་པ་མཐུ་ཅན་དུ་བྱས་པའི་ཚུལ་གྱིས་དང༌། གང་འགྲུབ་ན། ཡང་སྲིད་ཕྱི་མ་སྐྱེ་བའི་ཡན་ལག་གཅིག་ཉིད་དང༌། དོན་བདུན་པ་ཉེས་དམིགས་གང་ཡིན་པ་ནི། རྒ་ཤིའི་ཡན་ལག་གཅིག་གིས་བསྟན་ཏོ། །དེ་ལྟར་མ་རིག་པ་
ལས་འདུ་བྱེད་སོགས་འབྱུང་བའི་འཐད་པ་ཡང༌། མ་རིག་པའི་ཡན་ལག་གིས་ཡང་སྲིད་མངོན་པར་འདུ་བྱེད་པའི་ལས་ཀྱི་ཀུན་སློང་བྱེད་པ་ཡང་རུང་བ་ཡིན་ཏེ། གང་བདེན་པ་བཞིའི་དོན་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ན། འཇིག་ལྟ་དང་མཚུངས་ལྡན་གྱི་མ་རིག་པས་ལས་བསོགས་པ་མེད་ཀྱང༌། བདེན་པའི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་ཤིང༌། དེའི་དོན་ལ་ཤིན་ཏུ་རྨོངས་པས་བླཽ་ཕྱིན་ཅི་ལོག་ཏུ་གྱུར་བའི་ཕྱིར་རོ། །དེ་ལྟར་མ་རིག་པས་ཀུན་ནས་བསླངས་པའི་ལས་ཀྱིས། སེམས་ཀུན་གཞི་རྣམ་པར་ཤེས་པ་ལ། སྐྱེ་བའི་བག་ཆགས་ཡོངས་སུ་བགོ་བའི་ཕྱིར་རོ། །ཡན་ལག་གསུམ་པོ་དེ་རྣམས་ཀྱིས་ནི། མིང་གཟུགས་དང་སྐྱེ་མཆེད་དྲུག་ལ་སོགས་པའི་ཡན་ལག་བཞི་པོ་རིམ་གྱིས་འཕེན་པ་ཡིན་ལ། འདིར་རིམ་གྱིས་ཞེས་གསུངས་པས། བཞི་པོ་དེ་རྣམས་ལ་ཡང་སྔ་ཕྱི་གོ་རིམ་ཡོད་པར་སྟོན་པའི་ཚིག་གོ །དེ་ཡི་ས་བོན་ཡོངས་བརྟས་ཕྱིར། །ཞེས་པ་ནི། ཡན་ལག་བཞི་པོ་དེ་རྣམས་ཀྱི་ས་བོན་གྱི་མཐུ་ཡོངས་སུ་བརྟས་པ་སྟེ། འཕེལ་བའམ་ནུས་པ་སྟོབས་དང་ལྡན་པའི་དོན་ནོ། །འཕངས་པ་བཞིན་དུ་སྐྱེས་པ་ཡི། །ཞེས་པ་ཡང༌། འཕེན་བྱེད་གང་གིས་ཚུལ་ཇི་ལྟ་བར་ཡན་ལག་བཞི་རིམ་གྱིས་འཕངས་པ་བཞིན་དུ་སྐྱེས་པའི་ཚོར་བའི་ཡན་ལག་ལས། གང་གིས་འགྲུབ་པ་སྲེད་པ་དང༌། དེ་ལས་ལེན་པ་འབྱུང་ཞེས་བསྟན་པ་ཡིན་ལ། འོན་ཀྱང་སྐབས་འདིར། དཀའ་བའི་གནས་འདི་ལྟར་ཡོད་དེ། ཚོར་བའི་ཡན་ལག་ས་བོན་ནུས་
པ་མཐུ་ལྡན་དུ་གྱུར་པ་དེ་ནི། ཚོར་བའི་ས་བོན་ཙམ་ཡིན་ཀྱང༌། མངོན་དུ་མ་གྱུར་པའི་ཕྱིར། ཚོར་བ་དངོས་མིན་ལ། དེ་ལ་སྲེད་པ་སྐྱེ་བ་ནི་མེད་པས་ཇི་ལྟར་ཞེ་ན། དེ་ནི་ཚོར་བའི་ཡན་ལག་ནུས་པ་མཐུ་ཅན་དུ་གྱུར་པ་དེས། རྟེན་འབྲེལ་གྱི་ཕྲུག་གཞན་རྒ་ཤིའི་ཡན་ལག་གིས་བསྡུས་པའི་ཚོར་བའི་ས་བོན་ཤིན་ཏུ་སྨིན་པ། ཚོར་བ་མངོན་གྱུར་དུ་གྲུབ་ལ་ཉེ་བ་གཅིག་ཡོད་པ་དེ་ཡོངས་སུ་སད་དེ་ཚོར་བ་མངོན་གྱུར་བར་གྱུར་ནས། དེ་ལས་སྲེད་པ་སྐྱེ་བ་ཡིན་ནོ། །ཡང་ན་ཚོར་བའི་ས་བོན་ཤིན་ཏུ་སྟོབས་དང་ལྡན་པ་དེ་ལས་ཀྱང༌། སྲེད་པ་དངོས་སུ་སྐྱེ་ནུས། ཞེས་རྣམ་གྲངས་ཙམ་དུ་བཤད་པའོ། །དེ་ལྟར་སྲེད་པ་ལས་ལེན་པའི་ཡན་ལག་བྱུང་བ་ཡིན་ཞིང༌། ལེན་པ་དེས་སྔར་སེམས་ལ་བག་ཆགས་ཡོངས་སུ་བགོས་པ་དེ་ཉིད་ཤིན་ཏུ་སྟོབས་དང་ལྡན་པར་གྱུར་ཏེ། ཡང་སྲིད་འགྲུབ་པ་ལ་མངོན་དུ་ཕྱོགས་པར་གྱུར་པ་ནི་སྲིད་པའི་ཡན་ལག་གོ །ཡང་སྐབས་འདིར་ལེན་པ་ཁོ་ནས་ལས་ཀྱི་བག་ཆགས་བགོས་པ་སྟོབས་ལྡན་དུ་བྱེད་པ་ཡིན་ནམ། འོན་ཏེ་ལེན་པ་ལས། ལས་གསར་པ་ཞིག་སྐྱེས་ཏེ་བྱེད་པ་ཡིན་ཞེ་ན། དེ་ནི་ལེན་པ་ལས་ལས་གསར་བ་ཞིག་ཡོངས་སུ་བསྐྱེད་པར་བྱེད་པ་ཡིན་ལ། དེ་ལས་ལུས་ངག་གི་ལས་སྐྱེ་བ་ཡང་ཡོད་
མི་སྐྱེ་བ་ཡང་ཡོད་པ་ཡིན་ཀྱང༌། གནོད་སེམས་ལྟ་བུ་སེམས་པ་ཡིད་ཀྱི་ལས་ཞིག་ངེས་པར་སྐྱེ་བ་ཡོད་པས། དེས་སྔར་གྱི་བག་ཆགས་སྟོབས་ལྡན་དུ་བྱེད་པ་ཡིན་ཞིང༌། དེ་ནས་ལས་དེ་འགག་ནས་ཀྱང་སེམས་ལ་ས་བོན་གྱི་ཚུལ་གྱི་གནས་པ། ས་བོན་གསར་བ་དང༌། སྔར་གྱི་ལས་ཀྱི་བག་ཆགས་ས་བོན་རྙིང་བར་གནས་པ་དེ། སྲིད་པའི་ཡན་ལག་གི་གནས་སྐབས་ཐམས་ཅད་དུ། ས་བོན་གསར་པ་དེས་སྟོབས་དང་ལྡན་པའི་ཚུལ་གྱིས་ཡང་སྲིད་མངོན་པར་འགྲུབ་པར་བྱེད་པ་ཡིན་ནོ། །གྲུབ་པ་སྐྱེ་ཡིན་ཞེས་པ་ན། དེ་ལྟར་འགྲུབ་བྱེད་ཀྱིས་ཡན་ལག་དེ་རྣམས་ལ་བརྟེན་ནས། སྐྱེ་གནས་སུ་ཉིང་མཚམས་སྦྱོར་བཞིན་པ། ཡང་སྲིད་མངོན་པར་གྲུབ་པ་ནི་སྐྱེ་བའི་ཡན་ལག་ཡིན་ལ། ཉིང་མཚམས་སྦྱར་ཟིན་པ་ནས་བཟུང་རྒ་ཤྀའི་ཡན་ལག་ཡིན་པས། རྒས་པ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་སོགས་ཉེས་དམིགས་སྣ་ཚོགས་པ་དང་བཅས་པའོ། །དེ་ལྟར་ན་བདེན་པའི་དོན་ཇི་བཞིན་མ་ཤེས་པ་ལ་བརྟེན་ནས་འཁོར་བར་འཕེན་བྱེད་ཀྱི་ལས་བསོགས་པ་སོགས་ཡན་ལག་བཅུ་གཉིས་ཀྱི་རིམ་པས་འཁོར་བར་སྐྱེ་བ་ལེན་པ་གང་གིས་ཕྱིར། བདེན་པ་མངོན་སུམ་དུ་མཐོང་བ་རྣམས་ལ་ནི། ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་ཅུང་ཟད་ཀྱང་མེད་དོ། །འདིར་བདེན་པ་མཐོང་བ་ཞེས་པ་ཡང༌། མ་མཐའི་ས་མཚམས་རྒྱུན་དུ་ཞུགས་པ་ནས་འཇོག་པ་ཡིན་ཏེ། ཐེག་ཆེན་གྱི་
མཐོང་ལམ་ནི་ཐོབ་པ་དེའི་ཚེ་ནི། འཕེན་བྱེད་ཀྱི་ལས་གསར་བ་བསོགས་པ་ལྟ་ཞོག །ཁམས་གསུམ་འཁོར་བའི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པས། ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཡིན་ལ། རང་རྒྱལ་དགྲ་བཅོམ་པ་དང༌། ཉན་ཐོས་ལ་ཡང་དགྲ་བཅོམ་དང༌། ཕྱིར་མི་འོང་དང༌། ཕྱིར་འོང་རྣམས་ཀྱིས་ཀྱང༌། འཕེན་བྱེད་ཀྱི་ལས་གསར་པ་མི་བསོག་པ་ལྟ་སྨོས་ཀྱང་ཅི་དགོས། བདེན་པ་མངོན་སུམ་དུ་མཐོང་བ་སློབ་པ་རྒྱུན་ཞུགས་རྣམས་ཀྱི་ནང་ན་ཡང༌། འཁོར་བར་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་འགའ་ཡང་མེད་དོ། །དེ་ཡང་དོན་དམ་བདེན་པ་མཐོང་བ་དེའི་ཚེ་ཀུན་ཏུ་སྦྱོར་བ་རྣམ་པ་གསུམ་སྤངས་པ་ཡིན་ལ། དེ་ཡང་མཛོད་ལས། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཅེས་གསུངས་པ་ལྟར་འཇིགས་ཚོགས་ལ་ལྟ་བས་ནི། ཐར་པའི་ལམ་དུ་འགྲོ་མི་འདོད་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ནི། འགྲོ་བར་འདོད་ཀྱང་ལམ་ནོར་དུ་གོལ་བ་དང༌། བདེན་པ་དང་དཀོན་མཆོག་གསུམ་ལ་ཡིད་གཉིས་ཟ་བའི་ཐེ་ཚོམ་གྱིས་ནི་ཐར་བའི་ལམ་ལ་ཐེ་ཚོམ་དང་བཅས་པར་འགྱུར་ཏེ། ལམ་ལས་ཟློག་པར་བྱེད་པ་ཡིན་པ་ལས། བདེན་པ་མཐོང་བ་དེའི་ཚེ་མཐོང་སྤངས་ཀུན་ཏུ་སྦྱོར་བ་གསུམ་པོ་དེ་ཡོངས་སུ་སྤངས་པ་ཡིན་ནོ། །མངོན་པ་འོག་མ་ལས། རྒྱུན་དུ་ཞུགས་པས་བསམ་
གཏན་དང་པོའི་ཏིང་ངེ་འཛིན་ལྟ་བུ་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་སྒོམ་པ་ལ་བརྟེན་ནས། ཕྱིར་མི་འོང་ཐོབ་པར་འགྱུར་ཞིང༌། དེ་ལྟར་ཐོབ་པ་དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེས་བཤད་པ་ནི་མི་འཐད་དེ། དེ་ལྟར་ན་བདེན་པའི་དོན་མཐོང་ཡང༌། འཕེན་བྱེད་ཀྱི་ལས་གསར་བ་བསོག་པ་ཡོད་པར་ཐལ་བར་འགྱུར་ཏེ། ཚངས་པའི་འཇིག་རྟེན་དུ་སྐྱེས་འགྱུར་གྱི་ལས། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཞི་རགས་ཀྱི་རྣམ་པ་ཅན་དེས་འཕེན་བྱེད་བྱས་ནས། རྒྱུན་དུ་ཞུགས་པ་དེ་ཡང་སྐྱེ་བ་ཕྱི་མ་ལ་ཚངས་པའི་འཇིག་རྟེན་དུ་འཕངས་པའི་ཕྱིར་རོ། །དེ་ལྟར་ན་རྒྱུན་དུ་ཞུགས་པས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་ལ་བརྟེན་ནས། གཟུགས་ཁམས་སུ་སྐྱེ་བ་ཡེ་མི་སྲིད་དམ་སྙམ་ན། དེ་ལྟར་སྐྱེ་བ་ཡང་ཡོད་སྲིད་དེ། དེ་ནི་རྒྱུན་དུ་ཞུགས་པ་དེ་ལ་གཟུགས་ཁམས་སུ་སྐྱེ་བའི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་ཞིག་རྐྱེན་འཇིག་རྟེན་པའི་ལམ་དེས་འགྲུབ་བྱེད་ཀྱི་རྒྱུ་བྱས་ནས་གནས་དེར་སྐྱེ་བ་བླངས་པ་ཡིན་གྱི། དེས་འཕེན་བྱེད་དུ་བྱས་པ་ནི་མ་ཡིན་ནོ། །སྤྱིར་ཡང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་ལ་བརྟེན་ནས། ཕྱིར་འོང་དང་ཕྱིར་མི་འོང་ཐོབ་པ་ཡང་མི་འཐད་དེ། ལམ་དེས་ནི་ཉོན་མོངས་པ་མངོན་འགྱུར་བ་ཙམ་འགོག་ནུས་ཀྱི། ས་བོན་རྩ་བ་ནས་སྤོངས་མི་ནུས་པའི་ཕྱིར་རོ། །དེས་ན་འདོད་ཉོན་དྲུག་པ་སྤངས་པའི་ཕྱིར་འོང་དང༌། དགུ་པ་སྤངས་པའི་ཕྱིར་མི་འོང་གཉིས་ཐོབ་པ་ལ་བདེན་པའི་རྣམ་པ་ཅན་
འཇིག་རྟེན་ལས་འདས་པའི་ལམ་གྱིས། ཉོན་མོངས་པ་དེ་དང་དེའི་ས་བོན་རྩ་བ་ནས་སྤངས་པ་ཞིག་དགོས་པ་ཡིན་ནོ། །གང་སྲེད་པ་དང་བྲལ་བ་ལ་ནི་སྐྱེ་བ་འབྱུང་བ་མེད་དོ། །རྒྱུན་ཞུགས་དང་ཕྱིར་འོང་གིས་སྲེད་པ་མ་སྤངས་ལ། ཕྱིར་མི་འོང་གིས་འདོད་པའི་སྲེད་པ་ཡོངས་སུ་སྤངས་ཀྱང༌། ཁམས་གོང་མ་གཉིས་ཀྱི་སྲེད་པ་མ་སྤངས་ཤིང༌། དགྲ་བཅོམ་པས་ནི་ཁམས་གསུམ་གྱི་སྲེད་པ་ཐམས་ཅད་ཡོངས་སུ་སྤངས་པས་ན། ལས་ཉོན་གྱི་དབང་གིས་སྐྱེ་བ་འབྱུང་བ་མེད་ཅེས་བསྟན་པའོ། །དེས་ན་སྐྱེ་བ་ལེན་པའི་རྒྱུ་ནི་སྲེད་པ་ཡིན་ཏེ། དེ་ཉིད་ཀུན་འབྱུང་བདེན་པའི་གཙོ་བོར་ཡང་གསུངས་པའི་ཕྱིར་དང༌། དེས་བླངས་པའི་སྐྱེ་བ་སྡུག་བསྔལ་གྱི་བདེན་པ་གཙོ་བོར་གསུངས་པ་ཡིན་ཞིང༌། སྡུག་ཀུན་སྤོངས་པའི་གཉེན་པོའི་གཙོ་བོར་གྱུར་པ་འཕགས་པའི་ལམ་ཡན་ལག་བརྒྱད་དང༌། འགོག་བདེན་ནི་ཐར་བ་ཡིན་པར་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་ཏེ། སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །དེ་ནི་དེའི་ཀུན་འབྱུང་རྒྱ་ཆེ་སྟེ། །དེ་འགོག་པ་ཡི་ཐར་པ་ལགས་ཏེ་ལམ། །དེ་ཐོབ་འཕགས་ལམ་ཡན་ལག་བརྒྱད་ཅེས་བྱ། །ཞེས་གསུངས་པ་ལྟར་རོ། །རྟེན་འབྲེལ་གྱི་དོན་བསྡུ་བ་ནི། དེ་ལ་རྒྱུ་དང་རྐྱེན་གྱི་རྣམ་པར་བཞག་པ་མདོར་བསྡུས་ཙམ་དུ་ཤེས་ན། རྟེན་འབྲེལ་གྱི་དོན་ལ་ངེས་པ་རྙེད་པར་འགྱུར་བ་ཡིན་ཏེ་རྒྱུ་མཚན་ཅིའི་ཕྱིར་སྙམ་ན། དངོས་པོ་རྣམས་ཀྱི་སྐྱེ་འགག་
བྱེད་པ་ནི། བྱེད་པ་པོའི་བློའི་རྣམ་པར་རྟོག་པའི་གཡོ་བས་བྱས་པ་མ་ཡིན་པ་དང༌། རྟག་ཅིང་བརྟན་པ་ལ། རྒྱུ་རྐྱེན་གྱི་སྐྱེ་འགག་མི་རུང་བས། མི་རྟག་པའི་ཆོས་རྣམས་སྐྱེ་ཞིང་འགག་པའི་རང་བཞིན་ཅན་ཡིན་པ་དང༌། དངོས་པོ་རྣམས་ནི་ས་བོན་མཐུ་དང་ལྡན་པ་སྟེ། རང་རང་གི་འབྲས་བུ་སྐྱེད་དུ་རུང་བའི་རྒྱུ་ལས་སྐྱེ་བ་སྟེ། དེ་ལྟར་མཚན་ཉིད་གསུམ་དང་ལྡན་པའི་ཚུལ་གྱིས་དངོས་པོ་རྣམས་སྐྱེ་འགགས་བྱེད་པའི་ཕྱིར་རོ། །གསུམ་པ་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་བསྟན་པ་ལ། བདག་མེད་པའི་དེ་ཁོ་ན་ཉིད་དང༌། ནང་གི་དེ་ཁོ་ན་ཉིད་དང་རང་བཞིན་མེད་པའི་དེ་ཁོ་ན་ཉིད་གསུམ་ལས། དང་པོ་ནི། སྤྱིར་སྣང་ཞིང་སྲིད་པས་བསྡུས་པའི་འཁོར་བ་དང༌། ཀུན་རྫོབ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པའི་རྟེན་ཅིང་འབྲེལ་བར་བྱུང་བ་ཙམ་ཡིན་ལ། དེ་ཡང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པ་ཡིན་པ་ལས། དང་པོ་མི་རྟག་པ་ནི། དངོས་པོ་རྣམས་སྐད་ཅིག་གིས་སྐྱེ་འགག་བྱེད་པ་ཕྲ་བའི་མི་རྟག་པ་ཡིན་ལ། དེ་ཡང་སྐྱེས་ཟིན་པའི་རྗེས་སུ་འཇིག་པ་མ་ཡིན་གྱི། སྐྱེ་བཞིན་པ་དེ་ཉིད་འཇིག་བཞིན་པ་ཡིན་པའི་ཕྱིར། བར་དུ་གནས་པའི་གོ་སྐབས་ཅུང་ཟད་ཀྱང་མེད་པས་ནི། སྐྱེ་བཞིན་པ་དང་འཇིག་བཞིན་པ་མུ་སྦྱོར་བ་ཡིན་ནོ། །སྡུག་བསྔལ་བ་ནི་མི་རྟག་པ་ཡིན་པས་རྒྱུ་མཚན་གྱི་སྡུག་བསྔལ་ཅན་དུ་གྲུབ་སྟེ། སྐད་ཅིག་ཙམ་ཡང་གནས་པའི་རང་དབང་མེད་པའི་ཕྱིར་རོ། །ཕྱི་ནང་གི་དངོས་པོ་གང་ལ་
ཡང་རང་རང་གི་རྒྱུ་རྐྱེན་མི་རྟག་པའི་རང་བཞིན་ཅན་སྣ་ཚོགས་པ་དུ་མ་ལས། འབྲས་བུ་ཡང་མི་རྟག་པའི་རང་བཞིན་ཅན་སྣ་ཚོགས་པ་འབྱུང་བ་ཙམ་ཡིན་གྱི། བདག་དང་བྱེད་པ་པོ་ནི་ནམ་ཡང་མེད་པས་ན། སྟོང་པ་ཡིན་པ་དང༌། བདག་མེད་པ་ནི་ཆོས་འདི་རྣམས་བྱེད་པ་པོ་བདེན་པར་གྲུབ་པའི་སྐྱེས་བུ་ཞིག་གི་བློའི་འདོད་པས་བྱས་པ་མ་ཡིན་པ་དང༌། རྡུལ་མིན་སྙིང་སྟོབས་གསུམ་ཆ་མཉམ་པར་གྱུར་པའི་གཙོ་བོ་རྟག་པ་ལྟ་བུས་བྱས་པ་མ་ཡིན་པ་དང༌། མུ་སྟེགས་ཅན་འགའ་ཞིག་སྨྲ་བ་ལྟར་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བ་སོགས་དུས་འཇིག་རྟེན་ཐམས་ཅད་ཀྱི་རྒྱུར་སྨྲ་བར་འདོད་པ་ལྟར་གྱི་རྒྱུ་ལས་བྱུང་བ་མ་ཡིན་པ་དང༌། ཡང་འགའ་ཞིག་ནི། དབྱངས་དང་ཡི་གེའི་སོགས་ལ་འཇིག་རྟེན་ཐམས་ཅད་སྐྱེད་པར་སྨྲ་བ་སོགས་མི་མཐུན་པའི་རྒྱུ་རྣམ་པ་སྣ་ཚོགས་པ་ལས་འབྲས་བུ་སྐྱེ་བ་སྤངས་པའི་ཕྱིར། རྒྱལ་བས་རྒྱུ་རྐྱེན་དང་འབྲས་བུའི་དབྱེ་བ་རྣམ་པ་དུ་མ་དང༌། རྟེན་འབྲེལ་གྱི་རྣམ་པར་དབྱེ་བ་མང་པོ་དག་རབ་ཏུ་གསུངས་པ་ཡིན་ནོ། །གཉིས་པ་ནང་གི་དེ་ཁོ་ན་ཉིད་ལ། དོན་ཚན་རྣམ་གྲགས་ལྔ་ཡོད་པ་ལས། དང་པོ་ནི། དེ་ལྟར་རྟེན་འབྲེལ་གྱི་རྣམ་བཞག་དེ་རྣམས་ལ་ཡང༌། བྱེད་པ་པོའི་བློའི་བྱས་པ་མ་ཡིན་པ་དང༌། གཙོ་བོ་རྟག་པ་སོགས་ལས་བྱུང་བ་མ་ཡིན་པ་དང་དུས་སོགས་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར། རྒྱུ་རྐྱེན་རྣམ་པ་སྣ་
ཚོགས་པ་གསོག་གསོབ་སྙིང་པོ་མེད་པའི་རང་བཞིན་ཅན་དེ་ལས་ཕྱི་ནང་གི་དངོས་པོ་སྣ་ཚོགས་པ་གསོག་གསོབ་སྙིང་པོ་མེད་པ་ཚུགས་ཐུབ་པར་གནས་པའི་གོ་སྐབས་ཅུང་ཟད་ཀྱང་མེད་པའི་ཟོམ་ཟོམ་ཙམ་འདི་བྱུང་བ་ཡིན་པའི་ཕྱིར། དེ་རྣམས་ལ་བདག་མེད་པར་ནི་བདེན་ན་ཡང་ནང་ཤེས་པའི་རྟེན་འབྲེལ་རྣམས་ནང་ཤེས་པའི་རྟེན་འབྲེལ་དུ་བདེན་པ་དང༌། ཕྱི་རོལ་ཀྱི་དངོས་པོའི་རྟེན་འབྲེལ་འདི་རྣམས་དེ་ཉིད་དུ་བདེན་ནོ་སྙམ་ན། དེ་ལྟར་མ་ཡིན་ཏེ། དེ་ཡང་རྟེན་ཅིང་འབྲེལ་བར་བྱུང་བའི་ཆོས་ཐམས་ཅད་ནི་བཅོས་མ་ཡིན་པའི་ཕྱིར་དང༌། གློ་བུར་བ་ཡིན་པའི་ཕྱིར། བདེན་དངོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །[རྟགས་དང་པོ་གྲུབ་སྟེ་]བཅོམ་མ་ཡིན་པའི་རྒྱུ་མཚན་ཡང༌། དཔེར་ན་བུམ་པ་ལྟ་བུ་ཞིག་ཡང་རྒྱུ་སྣ་ཚོགས་པ་འཇིམ་པའི་དངོས་པོ་རྡུལ་ཕྲན་འདུས་པའི་ཕུང་པོ་དང༌། ཆུ་དང་སྲད་བུ་དང༌། འཁོར་ལོ་སོགས་སྣ་ཚོགས་པའི་རྒྱུ་དང་སྐྱེས་བུའི་ལག་པས་རྩོལ་བས་འདུ་བྱེད་པ་སོགས་བྱེད་པ་པོའི་རྐྱེན་སྣ་ཚོགས་པ་ལས་སྒྲུབ་པ་ཡིན་ལ། རང་གི་ངོ་བོ་ཡང་ཁ་གཡེལ་བ། མཆུ་འཆིང་བ། ལྟོ་ལྡྀར་བ་སོགས་དབྱིབས་ཀྱི་བཀོད་པ་དང༌། ཁ་དོག་གི་ཁྱད་པར་སོགས་དངོས་པོ་སྣ་ཚོགས་པའི་རང་བཞིན་ཅན་ཡིན་པ་དང༌། དེའི་བྱེད་ལས་ཆུ་ལེན་པ་ལྟ་བུ་དེ་ཁོ་ནའི་རང་དབང་ཅན་དུ་ལེན་ནུས་པ་མ་ཡིན་གྱི། སྐྱེས་བུའི་ལག་པའི་རྩོལ་བ་སོགས་སྣ་ཚོགས་པའི་རྐྱེན་དང་བཅས་ཏེ་བྱེད་ལས་
དེ་བཞིན་བྱེད་པ་སོགས་ངོ་བོ་དང་བྱེད་ལས་ཀྱི་ཁྱད་པར་དེ་ལྟ་བུ་ཞིག་ལ་བུམ་པའོ། །ཞེས་བློས་སྒྲོ་བཏགས་པ་ཙམ་གྱི། དངོས་པོ་དེ་རྣམས་ཀྱི་སྟེང་ན། བུམ་པ་ཞེས་བྱ་བའི་ཆོས་ལོག་པ་ཞིག་ཡང་མེད་པའི་ཕྱིར་དང༌། བུམ་པ་དེ་ཉིད་བཅག་པར་གྱུར་པ་ན་འཇིམ་པའི་དངོས་པོ་དེ་ཡོད་ཀྱང༌། དེ་ལ་བུམ་པའི་བློ་མི་འཇུག་པའི་ཕྱྀར། དེ་ལྟར་ན་དངོས་པོ་འདི་རྣམས་བློ་རྟོག་པའི་བཅོས་མ་ཙམ་ཡིན་པའི་ཕྱིར་རོ། །[རྟགས་གཉིས་པ་]གློ་བུར་བ་ཡིན་པའི་རྒྱུ་མཚན་ཡང༌། གདོད་མ་ནས་གྲུབ་པ་ཚུགས་ཐུབ་ཏུ་གནས་པའི་སྲ་བ་བརྟན་པ་ཞིག་མ་ཡིན་གྱི་རྒྱུ་རྐྱེན་ལས་གསར་དུ་བྱུང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཕྱི་རོལ་དོན་དུ་སྣང་བ་ནི། སྣང་བ་ལྟར་དོན་དུ་མ་གྲུབ་པའི་ཕྱིར། ནང་ཤེས་པ་ཉིད་ཕྱི་རོལ་དོན་གྱི་རྣམ་པར་སྣང་བ་ཡིན་ནོ། །དེ་ཡང་དཔེར་ན་རྒྱུ་མེ་ལས་འབྲས་བུ་དུ་བ་འབྱུང་བར་སྣང་བ་ཡང་ཕྱི་དོན་དུ་གྲུབ་པའི་མེའི་རྡུལ་རྫས་ལ། ཕྱི་རོལ་ཏུ་གྲུབ་པའི་དུ་བའི་རྡུལ་རྫས་སྐྱེ་བར་སྣང་བ་ནི། སྣང་བ་ལྟར་དོན་དུ་གྲུབ་པ་མ་ཡིན་ཏེ། ངེས་པར་ནི་འབྲས་བུ་དུ་བའི་རྣམ་རིག་སྟེ། རྒྱུ་མེར་ཤེས་པའི་སྣང་བ་ལས་དེ་དངོས་སུ་སྐྱེ་བ་ཡིན་པའི་ཕྱིར་རོ། །དོན་ཚན་གཉིས་པ་ལས་ཉོན་སྡུག་བསྔལ་གསུམ་སྐྱེ་བའི་ཚུལ་ནི། ཉོན་མོངས་པའི་སེམས་ལས། ལུས་ངག་གི་ལས་དང་དེ་ལས་ཕྱི་རོལ་དོན་གྱི་སྐྱེ་བ་འབྱུང་བ་མ་ཡིན་གྱི། དེ་ཡང་ངེས་པར་ན་ནང་གི་ཤེས་པ་གཅིག་ཉིད་ཉོན་
མོངས་པའི་རྣམ་པར་སྣང་བ་ལས་ལས་ཀྱི་རྣམ་རིག་བསྐྱེད་པ་དང༌། དེ་ལས་སྐྱེ་བའི་རྣམ་རིག་འབྱུང་བ་ཡིན་ནོ། །དོན་ཚན་གསུམ་པ་ནི། ཕྱི་རོལ་ཀྱི་དོན་ངེས་པར་ཡོད་པ་ཡིན་ཏེ། རགས་པའི་དངོས་པོ་འདི་རྣམས་ཕྲ་མོ་རྡུལ་ཕྲན་སོགས་འདུས་པ་ལས་གྲུབ་པར་མངོན་སུམ་དུ་མཐོང་བའི་ཕྱིར་སྙམ་ན། དེ་ཡང་རྡུལ་ཕྲ་རབ་དུ་མ་འདུས་པའི་སྣང་བ་ལས། ལྕགས་རྡུལ་དུ་སྣང་བའི་རྣམ་རིག་སྐྱེ་བ་དང༌། དེ་དུ་མ་འདུས་པའི་རྣམ་རིག་ལས་ཆུ་རྡུལ་དུ་སྣང་བའི་རྣམ་རིག་དང༌། དེ་དུ་མ་འདུས་པའི་རྣམ་རིག་ལས་རི་བོང་གི་རྡུལ་དུ་སྣང་བའི་རྣམ་རིག་དང༌། དེ་བཞིན་དུ་ད་ལྟ་དངོས་སུ་མིག་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་རྡུལ་ཕྲན་འདུས་པའི་རྣམ་རིག་ལས། རགས་པའི་སྣང་བ་འདི་རྣམས་སྐྱེ་བ་ཡིན་ནོ། །དེ་ཡང་ཉི་ཟེར་གྱི་རྡུལ་ཚུན་ཆད་སོ་སོ་སྐྱེ་བོ་རྣམས་ཀྱི་དབང་ཤེས་ཀྱི་སྤྱོད་ཡུལ་དུ་སྣང་བའི་ཕྱིར། དེར་སྣང་བའི་རྣམ་རིག་ལས་རགས་སྣང་སྐྱེ་བ་བདེན་ཡང༌། དེ་ལྟར་དབང་ཤེས་ཀྱི་སྤྱོད་ཡུལ་དུ་མ་གྱུར་བའི་གླང་རྡུལ་མན་ཆད་སེམས་ཅན་ཐ་མལ་བ་རྣམས་ལ་སྣང་བ་མེད་ན། དེ་ལས་རགས་སྣང་སྐྱེ་བ་ཇི་ལྟར་ཞེ་ན། སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་ཀྱི་དབང་ཤེས་ལ་དེ་རྣམས་དངོས་སུ་མི་སྣང་ཡང༌། དེ་ལས་རྣམ་རིག་ཕྱི་མ་ཕྱི་མ་སྐྱེ་བ་ནི་མི་འགལ་ཏེ། རང་གིས་མངོན་སུམ་དུ་མ་མཐོང་ཀྱང༌། སྤྱི་དེ་རྣམས་རྣམ་རིག་ཡིན་པའི་ཕྱིར་ཏེ། ལྷའི་མིག་དང་ལྡན་པའི་མིག་ཤེས་ལ་དེ་དང་དེ་སྣང་
བའི་ཕྱིར། དཔེར་ན། ལྷ་གནས་སུམ་ཅུ་རྩ་གསུམ་པོ་མི་ཐ་མལ་པའི་དབང་ཤེས་ལ་མི་སྣང་ཡང༌། རྫུ་འཕྲུལ་ཐོབ་པའི་མི་དག་གི་དབང་ཤེས་ལ་དེ་སྣང་བས་ན། སྤྱིར་དེ་རྣམས་རྣམ་རིག་ཙམ་དུ་འཇོག་དགོས་པ་བཞིན་དང༌། གཞན་ཡང་ལྷ་སྦྱིན་ལ་རྨི་བའི་རྨི་ལམ་གྱི་སྣང་བ་རྣམ་པ་སྣ་ཚོགས་པ་སྟེ། མཆོད་སྦྱིན་ལ་གསལ་བར་སྣང་བ་མ་ཡིན་ཡང༌། སྤྱིར་ན་མཆོད་སྦྱིན་ལ་ཡང་དེ་རྨི་ལམ་ཙམ་དུ་འཇོག་དགོས་པ་བཞིན་ནོ། །དེ་ལྟར་ན་རྣམ་རིག་ཐམས་ཅད་རང་གི་ངོ་བོ་གསལ་བ་འབའ་ཞིག་ཡིན་ཡང༌། གང་ཟག་སྒོས་ཐད་ལ་ལྟོས་ན་གསལ་བའི་རྣམ་རིག་དང་མི་གསལ་བའི་རྣམ་རིག་ཅེས་གཉིས་སུ་དབྱེ་བར་བྱའོ། །དོན་ཚན་བཞི་པ་ནི། ཕྱི་རོལ་གྱི་དོན་ནི་ངེས་པར་ཡོད་དགོས་ཏེ། དཔེར་ན་མིག་གི་རྣམ་ཤེས་རྐྱེན་བཞིའི་སྟོབས་ལས་སྐྱེ་དགོས་པ་ཡིན་པ་ལས། དམིགས་རྐྱེན་ཡུལ་གཟུགས་དང༌། བདག་རྐྱེན་མིག་གི་དབང་པོ་གཉིས་ཕྱི་རོལ་གྱྀ་དོན་ཡིན་པའི་ཕྱིར་རོ་སྙམ་ན། དེ་གཉིས་ཀྱང་ཕྱི་དོན་དུ་སྣང་ཡང༌། དེར་གྲུབ་པ་ནི་མ་ཡིན་ཏེ། དེ་ཡང་ཤེས་པ་གཅིག་ཉིད་མིག་གི་དབང་པོར་སྣང་བའི་རྣམ་རིག་དང༌། དམིགས་རྐྱེན་གཟུགས་ཀྱི་རྣམ་པར་སྣང་བའི་རྣམ་རིག་དང༌། དེ་མ་ཐག་རྐྱེན་ཡུལ་ལ་ཕྱོགས་པར་འདོད་པའི་ཡིད་ཀྱི་གཡོ་བ་གསུམ་དུ་སྣང་བ་ལས། མིག་གི་རྣམ་པར་ཤེས་པ་འཆར་བ་སོགས་འབྱུང་བ་ཡིན་ནོ། །དོན་ཚན་ལྔ་པ་བཏགས་པའི་རྣམ་རིག་
སྐྱེ་ཚུལ་ནི། སྤྱི་དུས་ནི་བློས་བཏགས་པ་ཙམ་མ་གཏོགས་རྫས་སུ་མེད་པ་ཡིན་ཏེ། ཆོས་གང་དང་གང་གི་རྣམ་འགྱུར་གྱི་བྱེ་བྲག་སོ་སོ་ལ་འདས་མ་འོངས་ད་ལྟར་སོགས་སུ་སྒྲོ་བཏགས་པའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་གང་དང་གང་སྐྱེ་བའི་རྣམ་པར་རིག་པ་ཙམ་ལས་སྐྱེ་བའི་རྣམ་རིག་འབྱུང་བ་དང༌། དེ་ལས་གནས་པའི་རྣམ་རིག་འབྱུང་བ་དང༌། དེ་ལས་འགག་པའི་རྣམ་རིག་འབྱུང་བ་དང༌། དེ་ལས་འགགས་ཟིན་པར་སྣང་བའི་རྣམ་རིག་འབྱུང་བ་སྟེ། ཤེས་པ་གཅིག་ཉིད་དུས་གསུམ་གྱི་རྣམ་པར་སྣང་ཡང༌། དེ་བདེན་པའི་དངོས་པོར་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་འགའ་ཞིག་འདི་ལྟར་སེམས་པར་འགྱུར་ཏེ། གོང་དུ་ཀུན་གཞི་རྣམ་པར་ཤེས་པའི་མཐུ་ལས། ཕྱི་ནང་གི་ཆོས་ཐམས་ཅད་སྐྱེ་ཞེས་བཞག་པ་དང༌། ཡང་འདིར་དངོས་པོ་རྣམས་རྒྱུའི་རྣམ་རིག་ལས། འབྲས་བུ་རྣམ་རིག་སྐྱེ་བར་བཤད་པ་གཉིས་འགལ་བ་མ་ཡིན་ནམ་སྙམ་ན། མ་ཡིན་ཏེ་དཔེར་ན། རང་གི་མདུན་དུ་མེ་དཔུང་ཞིག་དམིགས་པར་གྱུར་པའི་མེར་སྣང་བའི་རྣམ་རིག་དེ་ལས། དུ་བར་སྣང་བའི་རྣམ་རིག་སྐྱེས་པ་དེ་ཀ་ཀུན་གཞི་རྣམ་པར་ཤེས་པའི་མཐུ་ལས་བྱུང་བ་ཡིན་ཏེ། ཀུན་གཞི་རྣམ་ཤེས་ལ་དུ་བར་སྣང་བའི་བག་ཆགས་མཐའ་ཡས་པ་ཞིག་ཡོད་པ་ཡིན་པ་ལས། བག་ཆགས་གཅིག་གསོས་ཐེབས་ཏེ། དེ་ལས་དུ་བའི་སྣང་བ་བྱུང་བ་ཡིན་ལ། དུ་བའི་སྣང་བ་དེས་ཀྱང༌། སླར་ཡང་ཀུན་གཞིའི་སྟེང་དུ་དུ་བའི་བག་ཆགས་གསར་བ་འདེབས་ཤིང་ཡང་དུ་བའི་
བག་ཆགས་རྙིང་པ་སྨིན་དུ་ཉེ་བ་ཞིག་གསོས་བཏབ་སྟེ། དུ་བའི་རྣམ་རིག་གམ། རྣམ་རིག་གཞན་དང་གཞན་དག་སྐྱེས་པ་སོགས་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཀུན་གཞིའི་སྟེང་གི་ས་བོན་ཡོངས་སུ་གསོ་བས་ཀྱང་རྣམ་པར་རིག་པ་འཆར་བར་བྱེད་པ་ཡིན་ལ། རྣམ་རིག་ཤར་བས་ཀྱང༌། ས་བོན་གསར་བ་འདེབས་པ་དང༌། རྙིང་པ་གསོ་བ་སོགས་ཕན་ཚུན་གཅིག་གིས་གཅིག་ལ་ཕན་བཏགས་ཏེ། ས་བོན་གསོ་བ་དང་རྣམ་པར་རིག་པ་གཉིས་རྒྱུན་མི་འཆད་པ་བྱུང་བ་ཡིན་ཏེ། ཇི་སྲིད་སྣང་བ་དང་རྣམ་པར་རྟོག་པ་དབྱིངས་སུ་མ་ནུབ་པ་དེ་སྲིད་དུ། དེ་དང་དེའི་སྣང་བ་འཆར་ཞིང༌། སྣང་བ་དེས་ས་བོན་འདེབས་ཤིང་གསོ་བ་དང༌། ས་བོན་གསོས་པ་ལས་སྣང་བ་འཆར་བ་སོགས་རྒྱུན་མི་འཆད་པར་འབྱུང་བ་ཡིན་ལ། འདི་དག་ནི་ཀུན་རྫོབ་བདེན་པའི་གནས་ཐབས་མཐར་ཐུག་པ་ཡིན་ནོ། །དེས་ན་ཀུན་རྫོབ་བདེན་པའི་གནས་ཐབས་ཤེས་ཤིང་རྟོགས་པས་ཀྱང༌། ཉོན་མོངས་རགས་པ་ཕལ་ཆེར་ཟློག་པའི་རྒྱུ་བྱེད་པ་ཡིན་ཏེ། ཉོན་མོངས་པ་དང་རྣམ་རྟོག་ཕལ་ཆེར་བ་འདི་རྣམས་ནི་ཀུན་རྫོབ་བདེན་པའི་གནས་ཐབས་ཙམ་ཡང་མ་ཡིན་པར། དེ་ལ་ཕྱིན་ཅི་ལོག་ཏུ་འཁྲུལ་བའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཁོ་ན་ལས་ཤས་ཆེར་བྱུང་བ་ཡིན་པའི་ཕྱིར་རོ། །གསུམ་པ་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ནི། རྣམ་པར་རིག་པ་ཙམ་ཏེ། གདོད་མ་ནས་ཡོད་མ་མྱོང་ཡང༌། སྣང་ཙམ་ཞིག་མི་འགག་པ་ཡང་ཡིན་ཏེ། དཔེར་ན་རྨི་ལམ་གྱི་
ཤེས་པ་བཞིན་ནོ། །དེ་ཡང་དཔེར་ན། རྨི་ལམ་གྱི་དུས་སུ་རི་ར་བ་ཁང་ཁྱིམ་སོགས་སྣང་བ་སྣ་ཚོགས་པ་ཤར་ཡང་སྣང་བ་དེ་རྣམས་ནི་ཡོད་མ་མྱོང་བ་ཡིན་ལ། གཉིད་ཀྱིས་མྱོང་བའི་ཤེས་པ་ཙམ་ཞིག་གནས་སྐབས་དེ་རྫས་སུ་ཡོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྣང་བ་རྣམ་པ་སྣ་ཚོགས་པ་ཤར་ཡང༌། སྣང་བ་དེ་རྣམས་ནི་གདོད་མ་ནས་ཡོད་མ་མྱོང་བ་ཡིན་ལ། སྣང་བ་དེ་རྣམ་འཆར་བའི་གཞིར་གྱུར་པ་རྣམ་པར་ཤེས་པ་ཙམ་ཞིག་གྀ་རྫས་སུ་ཡོད་པ་ཡིན་ནོ། །དེ་ཡང་ཇི་སྲིད་དུ་རྨི་ལམ་གྱི་སྣང་བའི་འཁྲུལ་བ་འབྱུང་བའི་རྒྱུ་མ་ཟད་པ་དེ་སྲིད་དུ་རྨི་ལམ་གྱི་སྣང་བ་ཡང་འགག་མེད་དུ་འཆར་བ་ཡིན་ལ། དེའི་རྒྱུ་ཤེས་པ་གཉིད་ཀྱིས་མྱོས་པ་སངས་ཏེ་ཟད་པ་ན། སྣང་བ་དེ་ཡང་མི་འཆར་བ་བཞིན་དུ་ཇི་སྲིད་རྣམ་པ་སྣ་ཚོགས་པ་འཆར་བའི་རྒྱུ་མ་ཟད་པ་དེ་སྲིད་དུ། དེ་དང་དེའི་སྣང་བ་ཡང་འགག་མེད་དུ་འཆར་བ་ཡིན་ནོ། །རྣམ་པར་ཤེས་པ་ལ་སྣ་ཚོགས་སུ་ཤར་བའི་ཆ་དེ་མི་བདེན་པ་བཞིན་དུ་སྣང་བ་དེ་རྣམས་སྣང་མཁན་གྱི་ཤེས་པ་དེ་ཡང་མེད་ཅིང་མི་བདེན་པ་ཡིན་ཏེ། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པའི་གནས་ཚུལ་དེ་ནི། དཔེར་ན་རྨི་ལམ་གྱི་མེ་གདོད་མ་ནས་ཡོད་མ་མྱོང་བ་ཡིན་ཡང༌། དེས་བུད་ཤིང་ཚིག་པར་སྣང་བ་བཞིན་དུ། ཡོད་མེད་རྟག་ཆད་ཀུན་ལས་འདས་པ་ཡིན་ཏེ། རྒྱུ་རྐྱེན་རྟེན་འབྲེལ་གྱི་རྣམ་པ་སྣ་ཚོགས་པ་སྣང་ཙམ་དུ་ཤར་བས་ན་མེད་པ་ལས་
འདས་ཤིང༌། དེ་ནི་རང་བཞིན་དུ་མ་གྲུབ་པས་ན་ཡོད་པ་ལས་ཡང་ན་འདས་པ་ཡིན་ནོ། །དེ་བཞིན་དུ་རྒྱུ་རྐྱེན་གྱི་རྟེན་འབྲེལ་གྱི་སྣང་བ་རྣམ་པ་སྔ་མ་སྔ་མ་འགག་ཅིང༌། ཕྱི་མ་ཕྱི་མ་སྐྱེ་བ་མི་རྟག་པའི་རང་བཞིན་ཅན་ཡིན་པས་ན། རྟག་པའི་མཐའ་ལས་ཡང་འདས་ཤིང༌། རྒྱུ་རྐྱེན་ལས་སྣང་བ་ཙམ་གྱིས་འཆར་སྒོ་འགག་མེད་དུ་འབྱུང་བའི་ཕྱིར། ཆད་པའི་མཐའ་ལས་འདས་པ་ཡང་ཡིན་ནོ། །རྣམ་པར་རིག་པ་ཙམ་དེ་ཡང༌། རང་བཞིན་གྱིས་མ་གྲུབ་པར་བསྟན་པའི་དེ་ཁོ་ན་ཉིད་དེ་ནི་དོན་དམ་བདེན་པ་དངོས་མ་ཡིན་ཡང༌། དེ་ལ་འཇུག་པའི་ཚུལ་ཙམ་གྱིས་ཀུན་རྫོབ་བདེན་པའི་རིམ་པ་གཅིག་ཏུ་འདོད་པ་ཡིན་ནོ། །དེ་ཡང་རྣམ་པར་རིག་པ་རང་བཞིན་གྱིས་མ་གྲུབ་པ་ཙམ་དེ་ནི། ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པའི་ཕྱིར་དང༌། མཚན་གཞི་ཀུན་རྫོབ་ལ། མཚན་ཉིད་རང་བཞིན་མེད་ཙམ་དེ་ཞུགས་པའི་ཕྱིར། རྣམ་པར་རིག་པ་དང་དེ་རང་བཞིན་དུ་མ་གྲུབ་པ་གཉིས་ངོ་བོ་གཅིག་པའོ། །འདི་ལྟ་བུ་ཡང་དོན་དམ་པའི་བདེན་པ་ལ་འཇུག་པའི་ཚུལ་ནི། ཡུལ་རང་བཞིན་མ་གྲུབ་ཙམ་དེ་དངོས་མེད་སེལ་ངོ་ཙམ་ཡིན་པའི་ཕྱིར། དོན་དམ་པའི་བདེན་པ་ལ་འཇུག་པའི་བྱ་བྱེད་མི་ནུས་ཀྱང༌། དེ་མངོན་གསུམ་དུ་རྟོགས་པའི་ཤེས་རབ་དེས་དོན་དམ་བདེན་པ་ལ་འཇུག་པར་བྱེད་པ་ཡིན་ནོ། །རྣམ་རིག་རང་བཞིན་གྱིས་མ་གྲུབ་པ་དེ་ནི་ཀུན་རྫོབ་བདེན་པ་ཡང་ཡིན་ལ། ཀུན་རྫོབ་སྤོང་བར་བྱེད་པའི་གཉེན་པོ་ཡང་ཡིན་
ཏེ། དཔེར་ན་ལྷ་སྦྱིན་རང་གིས་རང་ཉིད་ཀྱི་སྲོག་བཅད་ན། ལྷ་སྦྱིན་ཡང་དེ་ཡིན་ལ། ལྷ་སྦྱིན་གྱི་སྲོག་གཅོད་པ་པོ་ཡང་དེ་ཡིན་པ་བཞིན་ནོ། །དེ་ལྟར་ན་རྟེན་འབྲེལ་འདི་རྣམས་ལ་ཡང་གོང་དུ་བསྟན་པ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་སྣ་ཚོགས་སུ་ཤར་བ་ཞིག་ཀུན་རྫོབ་བདེན་པའི་རིམ་པ་དང་པོར་བཞག་པ་དང༌། དེ་ལ་བདག་མེད་པ་དང༌། མི་རྟག་པ་ཡིན་པ་དང༌། སྡུག་བསྔལ་བ་ཡིན་པ་དང༌། དོན་གཞན་གྱིས་བྱེད་པ་པོས་སྟོང་པ་ནི་ཀུན་རྫོབ་བདེན་པའི་རིམ་པ་གཉིས་པར་བཞག་པ་དང༌། རྟེན་འབྲེལ་གྱི་སྣང་བ་དེ་རྣམས་ཀྱང་ཕྱི་རོལ་དོན་དུ་སྣང་བ་ལྟར་མ་གྲུབ་པ་དེ་བཀག་པ་སྟེ། རྣམ་པར་རིག་པ་ཙམ་དུ་སྟོན་པ་ནི། ཀུན་རྫོབ་བདེན་པའི་རིམ་པ་གསུམ་པ་དང༌། རྣམ་པར་རིག་པ་ཙམ་དེ་ཡང་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་ནི། ཀུན་རྫོབ་བདེན་པའི་རིམ་པ་བཞི་བར་བཞག་པ་ཡིན་ནོ། །དེས་ན་མངོན་པ་ཀུན་བཏུས་ལས་རྟེན་འབྲེལ་འདི་དག་ཟབ་བའི་ཚུལ་ཡང༌། བདག་ལས་མ་ཡིན། གཞན་ལས་མ་ཡིན། གཉིས་ཀ་ལས་མ་ཡིན། རྒྱུ་མེད་ལས་མ་ཡིན། བདག་གི་རང་བཞིན་དུ་མ་གྲུབ། གཞན་གྱིས་རང་བཞིན་དུ་མ་གྲུབ། གཉིས་ཀའི་རང་བཞིན་དུ་མ་གྲུབ་བོ། །ཞེས་གསུངས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱུང་བ་དེ་ཡང་མ་རིག་པའི་བདག་ཉིད་གཅིག་པུ་ལས་བྱུང་བ་ཡང་མ་ཡིན་ཏེ། རྒྱུ་གཅིག་ཁོ་ནས་འབྲས་བུ་བསྐྱེད་མི་ནུས་པའི་ཕྱིར་དང༌། གཞན་གྱི་དངོས་པོ་ལས་བྱུང་བ་ཡང་མ་ཡིན་ཏེ། རང་རྒྱུ་ལ་ལྟོས་པའི་ཕྱིར་དང་གཉིས་ཀ་ལས་ཀྱང་མ་ཡིན་ཏེ།
བདག་གཞན་རེ་རེ་བ་ཁེགས་པའི་ཕྱིར་དང༌། རྒྱུ་མེད་ལས་མ་ཡིན་ཏེ། འབྲས་བུ་སྐྱེ་བ་རྒྱུ་ལ་ངེས་པར་ལྟོས་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་ཐོགས་མེད་སྐུ་མཆེད་ཀྱི་རྟེན་འབྲེལ་གྱི་རྣམ་བཞག་འདི་ལྟ་བུ་གསུངས་པ་བཞིན་དུ་འགའ་ཞིག་མགོན་པོ་ཀླུ་གྲུབ་ཞབས་ཀྱི་རྟེན་འབྲེལ་གྱི་རྣམ་བཞག་ནི། མཐའ་བྲལ་སྐྱེ་མེད་བསྟན་པའི་ཕྱིར་དབུ་མ་པའི་ལུགས་ཡིན་ལ། ཐོགས་མེད་སྐུ་མཆེད་ཀྱིས་ནི་གཞན་སྐྱེ་ཁས་བླངས་པའི་ཕྱིར། སེམས་ཙམ་པའི་ལུགས་ཀྱི་རྟེན་འབྲེལ་གྱི་རྣམ་བཞག་གོ་ཞེས། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་ལྟར་སྨྲ་བ་ནི། གོང་མངོན་པ་ཀུན་བཏུས་ཀྱི་ལུང་བཤད་མ་ཐག་པ་དེས་མི་འཐད་པར་རྟོགས་ནུས་ལ། སྤྱིར་ན་གཞན་ལས་སྐྱེས་པ་ཀུན་རྫོབ་ཙམ་དུ་གཞན་སྐྱེར་སྣང་བ་[ཙམ་]ཡིན་ལ། གཞན་ལས་མི་སྐྱེ་ཞེས་བཀག་པ་ནི། བདེན་གྲུབ་ཀྱི་གཞན་སྐྱེ་བཀག་པ་ཡིན་པས་སོ། །ཡང་འགའ་ཞིག་སྟོང་ཉིད་དང་རྟེན་འབྲེལ་ཡིན་ཁྱབ་མཉམ་དུ་བྱེད་ཅིང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པའི་ལུང་གི་དགོངས་པ་ཡིན་རློམ་དུ་བྱེད་པ་ནི། སྟོང་ཉིད་ཅེས་ཀུན་རྫོབ་རང་བཞིན་གྱི་མ་གྲུབ་ཙམ་དེ་ལ་ངོས་འཛིན་པས། སྟོང་ཉིད་དེ་ཙམ་ཞིག་རྟེན་འབྲེལ་ཡིན་པ་ལ་འགལ་བ་མེད་ཀྱང༌། དོན་དམ་མཐར་ཐུག་གི་སྟོང་ཉིད་རྟེན་འབྲེལ་ཡིན་པར་འདོད་པ་
ནི། ཆེས་མི་འཐད་དེ། དེས་ན་དོན་དམ་པའི་བདེན་པ་[གདོད་མ་རང་བྱུང་གི་]རང་བཞིན་འོད་གསལ་གྱི་ཡེ་ཤེས་ལ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་མཚན་ཡང་རང་བཞིན་འོད་གསལ་དེ་ལ་ནི། རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང༌། རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་དང་བྲལ་བའི་ཕྱིར། དེ་ཡང་རང་བཞིན་འོད་གསལ་བ་དེ་ནི། རང་གི་ངོ་བོ་རྒྱུ་གང་གིས་ཀྱང་སྐྱེད་པ་མ་ཡིན་པའི་རང་བཞིན་ལྷུན་གྲུབ་ཏུ་གདོད་མའི་ཡེ་ཤེས་ཡིན་པ་དང༌། དེའི་འབྲས་བུ་གཞན་དང་གཞན་དག་སྐྱེད་པའི་རྒྱུའི་བྱ་བ་ཡང་མི་སྐྱེད་པའི་ཕྱིར། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལས་འདས་པ་དང༌། རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་ལས་ཡང་འདས་པ་ཡིན་ཏེ། གཞག་བྱ་འཇོག་བྱེད་ནི། སྒྲ་དང་རྟོག་པས་བཏགས་པས་ན་དེའི་ཡུལ་ཡིན་ལ། རང་བཞིན་འོད་གསལ་ནི། སྒྲ་རྟོག་གིས་ཡུལ་ལས་འདས་པའི་ཕྱིར། དེ་ཡང་རང་བཞིན་འོད་གསལ་དེ་ལ། རྣམ་པར་རྟོག་པས་དེའི་མཚན་ཉིད་ཅི་འདྲ་ཞིག་བཞག་ཀྱང་རང་བཞིན་འོད་གསལ་དེའི་མཚན་ཉིད་ལ་དངོས་སུ་མི་རེག་པ་ཡིན་ཏེ། དཔེར་ན་རི་བོ་པོ་ཏ་ལ་མངོན་སུམ་དུ་མཐོང་མྱོང་བའི་སྐྱེས་བུ་ཞིག་གིས། སླར་ཐག་རིང་པོ་ཞིག་ཏུ་དེའི་རྣམ་པ་སེམས་ལ་ཤར་བ་ན། དེ་རི་བོ་པོ་ཏ་ལ་དངོས་མིན་ཀྱང་སྔར་མངོན་སུམ་མཐོང་བའི་ཕྱིར། དེས་རི་བོ་པོ་ཏ་ལའི་མཚན་ཉིད་བརྒྱུད་ནས་མཚོན་ནུས་པ་ཡིན་ལ། སྔར་པོ་ཏ་ལ་མ་མཐོང་བ་ཞིག་
གིས་པོ་ཏ་ལ་འདི་དང་འདི་ལྟ་བུའོ། །ཞེས་རྣམ་པར་རྟོགས་པས་ཇི་ལྟར་བརྟགས་ཀྱང་པོ་ཏ་ལ་དངོས་བརྒྱུད་གང་གིས་སྒོ་ནས་ཀྱང་མཚོན་མི་ནུས་པ་ལྟར། རང་བཞིན་འོད་གསལ་ཡང༌། སྒྲ་རྟོག་གི་ཇི་ཙམ་དུ་བརྟགས་ཏེ་རྣམ་པར་བཞག་ཀྱང༌། དེའི་མཚན་ཉིད་ཇི་ལྟ་བ་བཞིན་དངོས་བརྒྱུད་གང་གིས་སྒོ་ནས་ཀྱང་མཚོན་མི་ནུས་སོ། །དེ་ལྟར་ན་ལྟོས་འཇོག་གི་རྟེན་འབྲེལ་འདི་རྣམས་སྤྱི་མཚན་ཡིན་པས་བརྗོད་བྱེད་སྒྲའི་དངོས་ཀྱིས་བརྗོད་བྱ་ཡིན་པས་རང་མཚན་གྱི་དངོས་པོ་རྣམས་ལ་ཡང་མི་ལྡན་ན། རང་བཞིན་འོད་གསལ་དེའི་ཡུལ་ལས་འདས་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་ལྟར་ན་དོན་དམ་རྟེན་འབྲེལ་མ་ཡིན་ན་རྟེན་འབྲེལ་བསྒོམ་པ་ལ་བརྟེན་ནས་དོན་དམ་དེ་རྟོགས་པ་འགལ་ཞེ་ན། དེ་ཡང་མི་འགལ་ཏེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡིན་པའི་ཕྱིར། གང་ཟག་གི་བདག་མེད་པར་ཡང་རྟོག་པར་འགྱུར་བ་ཡིན་ཏེ། གང་རྟེན་འབྲེལ་ཡིན་པ་དེ་ནི། རྒྱུ་རྐྱེན་གྱི་མངོན་པར་སྐྱེ་ཞིང་འཇིག་པའི་རང་བཞིན་ཅན་ཡིན་པས་ན་མི་རྟག་པ་ཡིན་པ་དང༌། རྒྱུ་རྐྱེན་དེ་རྣམས་ཀྱང་སྣ་ཚོགས་པ་དུ་མའི་རང་བཞིན་ཅན་ཡིན་པ་དང༌། དེས་སྐྱེད་པའི་འབྲས་བུ་ཡང༌། སྣ་ཚོགས་པ་ཡིན་པའི་ཕྱིར་དུ་མ་ཡིན་པ་དང༌། དེ་ལྟར་བསྐྱེད་པ་ཡང་རང་དབང་ཅན་མ་ཡིན་གྱི། རྒྱུ་རྐྱེན་གྱི་གཞན་དབང་ལས་བྱུང་བ་ཡིན་པའི་ཕྱིར། གང་ཟག་གི་བདག་གི་མཚན་ཉིད་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པ་དེ་ལས་བཟློག་པ།
མི་རྟག་དུ་མ་གཞན་དབང་ཅན་ཡིན་པར་རྟོགས་ནུས་པའི་ཕྱིར། གང་ཟག་གི་བདག་མེད་པའི་ཚུལ་ལ་འཇུག་པ་ཡིན་ནོ། །ཡང་རྟེན་འབྲེལ་དེ་རྣམས་ཕྱི་རོལ་དོན་དུ་སྣང་བ་ལྟར་མ་གྲུབ་སྟེ། རྣམ་པར་རིག་པ་ཙམ་ཡིན་པའི་ཕྱིར་ཞེས། སྣང་བ་ཐམས་ཅད་སེམས་ཙམ་དུ་བསྟན་པ་དེ་ནི། ཆོས་བདག་མེད་པའི་ཚུལ་ལ་ཅུང་ཟད་དེར་ཞུགས་པ་ཡིན་ལ། རྣམ་པར་རིག་པ་ཙམ་དེ་ཡང༌། རང་བཞིན་གྱིས་མ་གྲུབ་པར་བསྟན་པས་ན། ཆོས་ཀྱི་བདག་མེད་ལ་རབ་ཏུ་འཇུག་པ་ཡིན་ནོ། །དེས་ན་སེམས་ཅན་རྣམས་ཕུང་པོའི་རྒྱུན་ལ་བརྟེན་ནས། གང་ཟག་བདག་ཏུ་འཁྲུལ་བ་སྐྱེས་པ་ཡིན་ཞིང༌། ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་ཀྱི་བདག་གཟུང་འཛིན་གཉིས་སུ་འཁྲུལ་བ་སྐྱེས་པ་ཡིན་ཏེ། དེ་ཡང་ཕུང་པོ་ལྔའི་རྒྱུན་ཙམ་ཞིག་སེམས་ཅན་ཐ་མལ་པ་རྣམས་ལ་ལམ་གྱི་གཉེན་པོའི་མ་བཅོམ་པ་དེ་སྲིད་དུ་རྒྱུན་མི་འཆད་པར་འབྱུང་བ་ཡིན་ཏེ། དཔེར་ན་མངལ་དུ་ཉིང་མཚམས་སྦྱོར་བ་ནས་དབུགས་ཡོངས་སུ་བཟུང་སྟེ། ཚེ་ཡོངས་སུ་འགག་པའི་བར་དུ། རགས་པའི་ཕུང་པོའི་རྒྱུན་དང༌། དེ་ནས་སླར་བར་དོ་སོགས་ཀྱི་གནས་སྐབས་སུ་ཕྲ་བའི་ཕུང་པོའི་རྒྱུན་ལེན་པར་བྱེད་པ་དང་དེས་སླར་སྐྱེ་གནས་ཡོངས་སུ་བཟུང་བ་ནི། རགས་པའི་ཕུང་པོའི་རྒྱུན་འཛིན་པ་སོགས་རྒྱུན་མི་འཆད་པར་འབྱུང་བ་ཡིན་པས། ཕུང་པོའི་རྒྱུན་དེ་ལ་བརྟེན་ནས་བདག་ཏུ་སྒྲོ་འདོགས་པ་ཡིན་ནོ། །ཆོས་ཀྱི་བདག་གཟུང་འཛིན་གྱི་ཆོས་རྣམས་ནི། ཀུན་གཞི་རྣམ་ཤེས་ས་བོན་ཀུན་དང་
ལྡན་པ་བག་ཆགས་ཀྱི་མཐུ་ལས་ཕྱི་གཟུང་བ་ཡུལ་གྱི་སྣང་བ་སྣ་ཚོགས་པ་དང༌། ནང་འཛིན་པ་སེམས་དང་སེམས་ལས་བྱུང་བ་ཤེས་པ་སྣ་ཚོགས་པ་སྐྱེ་བ་ཡིན་ནོ། །དེ་ལྟར་གོང་དུ་བསྟན་པ་རྟེན་འབྲེལ་དེ་དག་ནི་ཀུན་རྫོབ་ཀྱི་རྟེན་འབྲེལ་ཡིན་ལ་དེ་དང་དེའི་རྣམ་རིག་ཙམ་ནི་རང་གི་ངོ་བོ་ཀུན་རྫཽབ་ཡིན་ཡང༌། བདག་མེད་དོན་དམ་པ་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར། རྣམ་གྲངས་ཀྱི་དོན་དམ་ཙམ་ཡིན་ལ། དེ་རྣམས་ཀྱི་ཆོས་དབྱིངས་དེ་དང་དེའི་སྣང་བརྙན་ཅན་ནི། དོན་དམ་ཁོ་ནའི་རྟེན་འབྲེལ་ལོ། །དེ་འདྲ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དོན་དམ་པའི་རྟེན་འབྲེལ་དེ་ནི་རྒྱུ་གང་ལས་ཀྱང་མ་བྱུང་ཞིང༌། རྐྱེན་གང་ལ་ཡང་མ་ལྟོས། ངོ་བོ་གཞན་དུ་ཡང་འགྱུར་བ་མེད་པ་སྒྲ་རྟོག་གི་ཡུལ་ཐམས་ཅད་ལས་འདས་པ། སྤྲོས་པ་དང་བྲལ་བ་སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་སྟོང་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །རྟེན་འབྲེལ་ནི་རང་རང་གི་རྒྱུ་ལས་བྱུང་བ་དང༌། སྣ་ཚོགས་པའི་རྐྱེན་ལ་ལྟོས་པ་དང༌། རང་གི་ངོ་བོ་གཞན་དང་གཞན་དུ་འཕོ་ཞིང་འགྱུར་བ་དང༌། སྤྲོས་པ་དང་བཅས་པ་དང༌། སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང་འཇིག་པའི་མི་རྟག་པ་ཡིན་པའི་ཕྱིར་རོ། །དེས་ན་དོན་དམ་པའི་དབྱིངས་འགྱུར་མེད་ཡིན་པ་དང༌། རྟག་པ་ཡིན་པར་གསུངས་པ་ནི། སྔ་མ་རགས་པའི་མི་རྟག་པ་དང༌། ཕྱི་མ་ཕྲ་བའི་མི་རྟག་པ་ལས་ལོག་པ་ལ་དགོངས་སོ། །དོན་དམ་པའི་རྟེན་འབྲེལ་ནི། མཚན་བརྗོད་ལས། ཡན་ལག་བཅུ་
གཉིས་སྲིད་རྩ་སྟོན། །དག་པ་རྣམ་པ་བཅུ་གཉིས་འཆང༌། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་གསུངས་པའི་དོན་ཡང༌། རང་བཞིན་འོད་གསལ་དེ་ནི། སྤྱིར་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། རྣམ་པའི་གྲངས་བཟུང་བར་མི་ནུས་ཀྱང༌། རྣམ་པའི་འཇོག་ཆ་ཙམ་གྱི་དབང་དུ་མཛད་ནས། སྲིད་པའི་རྩ་བ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་སྟོན་པ་དེ། དེའི་རྣམ་པར་འཆར་བ་དང༌། བདེན་པའི་དོན་རྣམ་པ་བཅུ་གཉིས་ཀྱི་རྣམ་པར་འཆར་བ་སོགས། རྒྱུད་སྡེ་རྣམས་ལས་རྒྱས་པར་གསུངས་སོ། །བཞི་པ་རྟེན་འབྲེལ་ལས་འཕྲོས་པས་རྒྱུ་རྐྱེན་གྱི་རྣམ་པར་བཞག་པ་ལས།དེ་དངོས་དང༌། ལྟོས་གྲུབ་ཀྱི་དོན་ལ་དཔྱད་པ་གཉིས་ལས། དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་བཅོམ་ལྡན་འདས་ཀྱི་རྒྱུ་དྲུག་དང༌། རྐྱེན་བཞི་དང༌། འབྲས་བུ་ལྔ་སྟེ་རྒྱུ་རྐྱེན་འབྲས་བུ་རྣམ་པ་བཅོ་ལྔ་མདོ་སྡེ་རྣམས་སུ་ཡང་ནས་ཡང་དུ་གསུངས་པ་ཡིན་ལ། དེ་ལ་རྒྱུ་དྲུག་ནི་བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། སྐལ་མཉམ་མཚུངས་པར་ལྡན་པ་དང༌། ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་པ་ཡིན་ལ། དེ་ཡང་རྒྱུའི་དབྱེ་བ་རྣམ་པ་དྲུག་ཏུ་གསུངས་པ་ནི། དེ་ལས་མང་མི་དགོས་ཤིང༌། ཉུང་ན་མི་འདུ་བའི་ཕུང་གསུམ་སེལ་བའི་གྲངས་དེ་ལྟ་བུ་མ་ཡིན་གྱི། རྒྱུ་དྲུག་པོ་རྣམས་ཀྱང་ངེས་པར་ན་[དང་པོ་]བྱེད་རྒྱུར་འདུ་བ་ཡིན་ཡང༌། དྲུག་ཏུ་ཕྱེ་བ་དེ་དག་རེ་རེ་ལ་བརྟེན་ནས་གོ་བ་[གཏིང་ཚིགས་པའི་]ཁྱད་པར་ཅན་སྐྱེ་བ་སོགས་
ཀྱི་དགོས་པ་ཡོད་པས་ན། དེ་ལྟར་གསུངས་པ་ཡིན་ནོ། །རྐྱེན་བཞི་ནི། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །འདི་ལ་རྒྱུ་རྐྱེན་གཉིས་པོ་མིང་གི་རྣམ་གྲངས་སུ་འཇོག་པ་དང༌། འབྲས་བུའི་ངོ་བོ་བསྐྱེད་པར་བྱེད་པ་རྒྱུ་དང༌། ཁྱད་པར་བསྐྱེད་པར་བྱེད་པ་རྐྱེན་ཞེས་བཤད་པ་སོགས། དོན་མི་འདྲ་བར་བསྟན་པ་ཡང་ཡོད་དོ། །འབྲས་བུ་ལྔ་ནི་རྒྱུ་མཐུན་པའི་འབྲས་བུ་དང༌། རྣམ་སྨིན་གྱི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། དྲི་མ་དང་བྲལ་བའི་འབྲས་བུ་དང༌། བདག་པོའི་འབྲས་བུ་དང་ལྔའོ། །གཉིས་པ་རྒྱས་པར་བཤད་པ་ལ། རྒྱུ་བཤད་པ། རྐྱེན་བཤད་པ། འབྲས་བུ་བཤད་པ་དང་གསུམ་ལས། དང་པོ་ནི། བྱེད་རྒྱུ་དང༌། ངོ་བོ་ཉིད་ཀྱི་རྒྱུ་གཉིས་མིང་གི་རྣམ་གྲངས་སུ་འཇོག་པ་ཡིན་ཏེ། འབྲས་བུ་གང་སྐྱེད་པར་བྱེད་པའི་རྒྱུ་དེ་ནི་རྒྱུ་ཡིན་ངེས་པ་ཡིན་པས་ན། ངོ་བོ་ཉིད་ཀྱི་རྒྱུ་ཞེས་འཇོག་པ་དང༌། ལྷན་ཅིག་འབྱུང་བའི་རྒྱུ་ནི། གྲོགས་ཀྱི་རྒྱུ་ཞེས་བྱ་སྟེ། དང་པོ་རྒྱུ་གཅིག་ལས་བྱུང་ཞིང༌། བར་དུ་ཡང་མི་འབྲལ་བར་ཕན་ཚུན་ཕན་འདོགས་པའི་ཚུལ་གྱིས་གནས་པས་ན་དེ་སྐད་ཅེས་བྱ་སྟེ། དཔེར་ན། སྤུན་གཉིས་དང་པོར་རྒྱུ་ཕ་མ་གཅིག་གིས་བསྐྱེད་ཅིང་བར་དུ་ཕན་ཚུན་མི་འབྲལ་བར་ཕན་འདོགས་པར་གནས་པ་ལྟ་བུའོ། །མཐུན་པར་རྟོགས་པའི་རྒྱུ་དང༌། མཚུངས་ལྡན་གྱི་རྒྱུ་གཉིས་མིང་གི་རྣམ་གྲངས་
ཡིན་ཏེ། འོག་ཏུ་འཆད་པར་འགྱུར་བ་ལྟར། རྒྱུ་ལ་སོགས་པ་རྣམ་པ་བཞིའི་སྒོ་ནས་མཚུངས་པའམ། མཐུན་པར་གྱུར་པས་ན་དེ་སྐད་ཅེས་བཞག་པ་དང༌། རྒྱས་པའི་རྒྱུ་དང་སྐལ་མཉམ་གྱི་རྒྱུ་གཉིས་ཀྱང་མིང་གི་རྣམ་གྲངས་ཙམ་ཡིན་ཏེ། དེ་ཡང་རྒྱས་པའི་དོན་ནི། ཆེན་པོར་འཕེལ་བའམ། པདྨ་ཁ་ཕྱེ་བ་ལ་རྒྱས་པའི་ཐ་སྙད་འཇོག་པ་ལྟར། སྦས་པ་མངོན་དུ་གྱུར་པ་ལ་ཡང་འཇོག་པ་ཡིན་ལ་སྐལ་མཉམ་ནི་འདྲ་བའི་དོན་ནོ། །ཀུན་འགྲོའི་རྒྱུ་དང༌། བར་ཆོད་ཀྱི་རྒྱུ་གཉིས་མིང་གི་རྣམ་གྲངས་ཙམ་ཡིན་ཏེ། ཀུན་ཏུ་འགྲོ་བའི་དོན་ནི་ཁམས་གསུམ་པོ་ཐམས་ཅད་དུ་འགྲོ་བའི་དོན་དང༌། བར་དུ་གཅོད་པ་ཞེས་པ་ཡང་གང་ཟག་དེ་རྣམ་པར་གྲོལ་བ་ཐོབ་པ་ལ་གེགས་བྱེད་ཅིང༌། བར་དུ་གཅོད་པར་བྱེད་པ་དང༌། རྣམ་སྨིན་གྱི་རྒྱུ་དང༌། ཡོངས་འཛིན་གྱི་རྒྱུ་གཉིས་མིང་གི་རྣམ་གྲངས་ཙམ་ཡིན་ཏེ། རྣམ་སྨིན་ཞེས་པ་ནི། རྣམ་སྨིན་གྱི་ལུས་ཡིན་ལ། དེ་བསྐྱེད་པར་བྱེད་པའི་རྒྱུ་ལ་དེའི་རྒྱུ་ཞེས་བཤད་པ་དང༌། རྣམ་སྨིན་གྱི་ལུས་དེ་ཡོངས་སུ་འཛིན་པར་བྱེད་པས་ན། ཡོངས་འཛིན་རྒྱུ་ཞེས་བཤད་དོ། །དེ་ལྟར་མིང་དོན་ཙམ་བཤད་ནས། ཐོག་མར་མཚུངས་ལྡན་གྱི་རྒྱུ་ནི། གཙོ་བོ་སེམས་དང༌། འཁོར་སེམས་བྱུང་གཉིས་བསྐྱེད་བྱེད་ཀྱི་རྒྱུ་མཚུངས་པ་དང༌། དམིགས་པའི་ཡུལ་མཚུངས་པ་དང༌། ཡུལ་དེ་རྒྱུ་མཚུངས་པ་དང༌། རྣམ་པར་འཛིན་སྟངས་གཅིག་པའམ། མཚུངས་པར་གྱུར་པ་ཡིན་པས་ན། མཚུངས་ལྡན་གྱི་རྒྱུ་ཞེས་བྱའོ། །
དཔེར་ན། མིག་གི་རྣམ་པར་ཤེས་པའི་ཉེར་ལེན་གྱི་རྒྱུ་ཀུན་གཞིའི་བག་ཆགས་སད་པའི་མཐུ་ལས་བྱུང་བའམ། རྣམ་ཤེས་རིགས་འདྲ་སྐད་ཅིག་མ་དང་པོ་ལས་བྱུང་བ་བཞིན་དུ། དེའི་འཁོར་དུ་གྱུར་པའི་སེམས་བྱུང་ཚོར་བ་ལྟ་བུ་ཞིག་ཡང་རྒྱུ་དེ་ལས་བྱུང་བ་དང༌། མིག་གི་རྣམ་ཤེས་ཀྱི་དམིགས་རྐྱེན་གཟུགས་ལ་དམིགས་པ་ལྟར། སེམས་བྱུང་ཚོར་བས་ཡང་དེ་ལ་དམིགས་པ་ནས་དང༌། མིག་གི་རྣམ་ཤེས་སྤྱོད་ཡུལ་གང་ཟག་དེའི་རྒྱུད་ཀྱིས་བསྡུས་པ་ལྟར། སེམས་བྱུང་ཚོར་བ་ཡང་དེས་བསྡུས་པ་དང༌། མིག་གི་རྣམ་ཤེས་གཟུགས་ཀྱི་རྣམ་པ་ཡང་འཛིན་པའི་འཛིན་སྟངས་ཅན་ཡིན་པ་བཞིན་དུ། སེམས་བྱུང་ཚོར་བ་ཡང་གཟུགས་འཛིན་པའི་འཛིན་སྟངས་ཅན་ཡིན་པས་ན། སེམས་དང་སེམས་ལས་བྱུང་བ་གཉིས་མཚུངས་པ་རྣམ་པ་བཞིའི་སྒོ་ནས་མཚུངས་པ་ཡིན་ནོ། །དེ་ཡང་རྒྱུ་དང་དམིགས་པ་དང༌། ཡུལ་གསུམ་གཅིག་ཡིན་ལ། [སེམས་དང་སེམས་བྱུང་གཉིས་ཀྱི་] རྣམ་པར་འཛིན་སྟངས་མཚུངས་ཀྱང༌། དེ་གཉིས་གཅིག་རང་མ་ཡིན་ཏེ། དཔེར་ན་མིག་ཤེས་ཀྱིས་སྔོན་པོའི་རྣམ་པ་བཟུང་བའི་འཛིན་སྟངས་དང༌། དེའི་འཁོར་སེམས་བྱུང་གིས་སྔོན་པོ་བཟུང་བའི་འཛིན་སྟངས་གཉིས། སྔོན་པོར་སྣང་བ་ཙམ་དུ་མཚུངས་ཀྱང༌། དེ་གཉིས་གཅིག་པ་མ་ཡིན་པར་བཞིན་ནོ། །འདི་ལྷན་ཅིག་བྱུང་བའི་རྒྱུར་འདུས་པ་ཡིན་ཡང༌། དགོས་པའི་དབང་གི་ལོགས་སུ་ཕྱེ་བ་ཡིན་ཏེ། མཚུངས་ལྡན་གྱི་རྒྱུ་ཡིན་ན། ལྷན་
ཅིག་བྱུང་བའི་རྒྱུ་ཡིན་པས་ཁྱབ་ཀྱང༌། ལྷན་ཅིག་བྱུང་བའི་རྒྱུ་ཡིན་ན། དེ་ཡིན་པས་མ་ཁྱབ་པས་ན། ལྷན་ཅིག་བྱུང་བའི་རྒྱུ་བྱེ་བྲག་པ་ཞིག་ཡོད་པ་དེ་གསལ་བར་སྟོན་པའི་ཕྱིར་ཡིན་ནོ། །དེ་ཡང་ལྷན་ཅིག་བྱུང་བའི་རྒྱུ་འདི་ལ། ཕྱི་དང་ནང་དང་གཉིས་ཀ་དང་གསུམ་ལས། [ཕྱི་མ་]གཉིས་ཀའི་དཔེ་ནི་མཚན་གཞི་ལ་བརྟེན་ནས། མཚན་ཉིད་རྣམ་པར་བཞག་པ་ལྟ་བུ་མཚན་ཉིད་ལ་བརྟེན་ནས། མཚན་གཞི་རྣམ་པར་བཞག་པ་ལྟ་བུ། ཕན་ཚུན་རྒྱུ་དང་འབྲས་བུར་གྱུར་པ་སྟེ། འདི་ནི་བཏགས་པའི་རྒྱུ་འབྲས་ཡིན་པས། རྒྱུ་འབྲས་རྗེས་མཐུན་པ་ཙམ་མོ། །ནང་གི་ལྷན་ཅིག་བྱུང་བའི་རྒྱུ་འབྲས་ནི། སེམས་དང་སེམས་ལས་བྱུང་བའི་ཕན་ཚུན་རྒྱུ་འབྲས་སུ་གྱུར་པ་ལྟ་བུ་སྟེ། དེ་ཡང་གཙོ་སེམས་མིག་གི་རྣམ་པར་ཤེས་པའི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་པོ་ངེས་པར་འབྱུང་བ་ཡིན་ལ། སེམས་བྱུང་གཞན་རྣམས་ནི་ཅི་རིགས་པ་འབྱུང་བ་ཡིན་ཏེ། གཙོ་བོའི་སེམས་དགེ་བའི་ངོ་བོར་སྐྱེས་པའི་ཚེ། དེའི་འཁོར་དུ་དགེ་བའི་སེམས་བྱུང་ཅི་རིགས་པ་འབྱུང་བ་དང༌། དེ་མི་དགེ་བའི་ངོ་བོར་སྐྱེས་པའི་ཚེ་དེའི་འཁོར་དུ་མི་དགེ་བའི་སེམས་བྱུང་ཅི་རིགས་པ་འབྱུང་བ་དང༌། དེར་ལུང་མ་བསྟན་གྱི་ངོ་བོར་སྐྱེས་པའི་ཚེ། དེའི་འཁོར་དུ་ལུང་མ་བསྟན་གྱི་སེམས་བྱུང་ཅི་རིགས་འབྱུང་བ་ཡིན་ལ། དེ་ཡང་སེམས་སེམས་བྱུང་དེ་གཉིས་གོང་དུ་བསྟན་པ་ལྟར། རྒྱུ་ཡང་གཅིག་ལས་སྐྱེས་པ་ཡིན་པ་དང༌། གནས་པ་ཡང་སོ་སོར་
བྲལ་བ་མ་ཡིན་པར། ལྷན་ཅིག་ཏུ་གནས་པ་ཡིན་པས་ན། ལྷན་ཅིག་བྱུང་བ་ཞེས་བྱའོ། །གཉིས་པ་ཕྱིའི་ལྷན་ཅིག་བྱུང་བའི་རྒྱུ་འབྲས་ནི། ས་ཆུ་མེ་རླུང་སོགས་འབྱུང་བ་བཞི་དང༌། སོགས་པའི་སྒྲས་[གཟུགས་སོགས་]འབྱུང་བ་ལས་གྱུར་པ་རྣམས་བཞིན་ནོ། །དེ་ཡང་འབྱུང་བ་བཞིའི་རྡུལ་རྣམས་ནི་གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཀྱང་ངོ༌། །ཞེས་གསུངས་པ་ལྟར་འབྱུང་བ་བཞི་པོ་རེ་རེ་བཞིན་རྡུལ་གཅིག་ཡོད་པའི་དེར། གཞན་གསུམ་ཀྱང་ཡོད་པ་ཡིན་ལ། དེ་ཡང་ས་རྡུལ་སྐད་ཅིག་མ་དང་པོ་ལས། ཆུ་མེ་རླུང་གསུམ་གྱི་རྡུལ་སྐད་ཅིག་མ་གཉིས་པ་འབྱུང་བ་ཡིན་ཞིང༌། དེ་ཡང་སྐྱེད་བྱེད་ཀྱི་རྒྱུ་གཅིག་ལས་བྱུང་ཞིང༌། ཚོགས་པ་ཡང་གཅིག་ཏུ་གནས་པ་ན། ལྷན་ཅིག་འབྱུང་བ་ཞེས་བྱའོ། །དེ་བཞིན་དུ་ཆུ་རྡུལ་སྐད་ཅིག་མ་དང་པོ་སྟེ། གཞན་གསུམ་གྱི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པས་སོགས་རེ་རེ་བཞིན་སྦྱར་བར་བྱའོ། །འོན་ཀྱང་དེ་དག་ནི་དངོས་འབྲས་དངོས་རྒྱུ་ནུས་པ་ཐོགས་མེད་ཡིན་པས། དུས་མཉམ་དུ་འབྱུང་བར་སྣང་བའང་ཡིན་ལ། སྔ་ཕྱིའི་རིམ་པ་མེད་པ་འང་མ་ཡིན་ཏེ། དེ་ཡང་ས་རྡུལ་སྐད་ཅིག་མ་དང་པོ་འགགས་བཞིན་པ་ལས་ཆུ་རྡུལ་སྐད་ཅིག་མ་གཉིས་པ་སྐྱེ་བཞིན་པ་ཡིན་པས་དུས་མཉམ་པའང་ཡིན་ལ། དེ་གཉིས་ལ་སྔ་ཕྱི་ཅུང་ཟད་ཀྱང་ཡོད་པ་ཡིན་ཏེ། འགག་བཞིན་པ་དང༌། སྐྱེ་བཞིན་པ་གཉིས་རིམ་པ་སྔ་ཕྱི་ཡོད་པས་སོ། །འབྱུང་འགྱུར་ལ་ལྷན་
ཅིག་བྱུང་བའི་རྒྱུར་དཔེར་བརྗོད་པ་ནི། བུ་རམ་གྱི་གཟུགས་ལྟ་བུ་སྟེ། དེ་ཡང་སྤྱི་རྡུལ་ཕྲན་གཅིག་ཡང་རྡུལ་རྫས་བརྒྱད་དང་ལྡན་པར་བཤད་པ་ཡིན་ཏེ། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། ཅེས་གསུངས་པ་ལྟར་ས་དང་ཆུ་དང་མེ་དང་རླུང་དང་གཟུགས་དང་དྲི་དང་རོ་དང་རེག་བྱ་སྟེ། རྫས་བརྒྱད་དང་ལྡན་པ་ཡིན་ལ། བྱེ་བྲག་སྨྲ་བ་རྣམས་སྒྲ་ལ་རྒྱུན་མེད་པར་འདོད་པ་ཡིན་ཡང་སྒྲ་ལ་རྒྱུན་ནི་ཡོད་པ་ཡིན་ཏེ། སྒྲ་ཐག་རིང་པོར་འཇུག་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོའི་སྐབས་འདིར་རྡུལ་ཕྲན་ཡང་རྡུལ་རྫས་དགུ་དང་ལྡན་པར་དོན་གྱི་ཁས་ལེན་པ་ཡིན་ནོ། །དེ་ལྟར་ན་བུ་རམ་གྱི་གོང་བུ་གཟུགས་དང་དེའི་རོ་མངར་བ་གཉིས་དང་པོ་བུར་ཤིང་གི་རྒྱུ་ལས་ལྷན་ཅིག་འབྱུང་ཞིང༌། ཚོགས་པ་ཡང་གཅིག་ཏུ་གནས་པ་ཡིན་ཏེ། དེའི་རོ་གཟུགས་གཉིས་རྣམ་པར་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེས་ན་དེ་གཉིས་གྲུབ་པ་[སྐྱེ་བ་]དང་བདེ་བ་[གནས་པའམ་འཇིགས་པ་]གཅིག་ཏུ་གྱུར་པ་ཞེས་བྱ་ཡིན་ཡང༌། གྲུབ་བདེ་རྫས་ཐ་དད་པ་ཡིན་ཏེ། དེས་ན་བུར་རོ་སྐད་ཅིག་མ་དང་པོ། བུར་གཟུགས་སྐད་ཅིག་མ་གཉིས་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པ་དང༌། བུར་གཟུགས་སྐད་ཅིག་མ་དང་པོ་བུར་རོ་སྐད་ཅིག་མ་གཉིས་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པ་སོགས་སྦྱར་རོ། །དེ་ཡང་བུར་རོ་སྐད་ཅིག་མ་དང་པོ་འགག་བཞིན་པ་ལས། བུར་གཟུགས་སྐད་ཅིག་མ་གཉིས་པ་སྐྱེ་བཞིན་པ་དངོས་རྒྱུ་དངོས་འབྲས་ནུས་པ་ཐོགས་
མེད་ཡིན་པས་དུས་མཉམ་དུ་བྱུང་བ་སྣང་བ་ཡིན་ནོ། །ཀུན་འགྲོའི་རྒྱུ་ནི། ཉོན་མོངས་ལས་ཉོན་མོངས་བསྐྱེད་པར་བྱེད་པ་སྟེ། རྒྱུ་འདོད་ཆགས་ལས། འབྲས་བུ་ཞེ་སྡང་སྐྱེ་བ་ལྟ་བུའོ། །ཉོན་མོངས་པའི་ནང་ཚན་དུ་གྱུར་པ་ལ། རིགས་དང་ས་བ་ལ་སོགས་པ་ནི་མ་ངེས་པ་ཡིན་ཏེ། དཔེར་ན་རྒྱུ་ཉོན་མོངས་ཞེ་སྡང་ལས། འབྲས་བུ་རིགས་མཐུན་པ་ཞེ་སྡང་ཁོ་ན་བསྐྱེད་དགོས་པ་མ་ཡིན་གྱི། ཞེ་སྡང་ལས་ང་རྒྱལ་སྐྱེ་བ་ལྟ་བུ་ཡང་ཀུན་འགྲོའི་རྒྱུར་འགྲོ་བས་ན་རིགས་མ་ངེས་པ་དང༌། ས་ཡང་འདོད་ཁམས་ཀྱི་ཉོན་མོངས་པ་ལས་འདོད་ཁམས་ཀྱིས་ཉོན་མོངས་པ་ཁོ་ན་སྐྱེ་དགོས་པ་མ་ཡིན་གྱི། རྒྱུ་འདོད་ཁམས་ཀྱི་ཉོན་མོངས་ཀྱིས་འབྲས་བུ་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་བསྐྱེད་པ་ཡང༌། ཀུན་འགྲོའི་རྒྱུ་ཡིན་པས་སམ་ངེས་པ་ཡང་ཡིན་ནོ། །ཀུན་འགྲོའི་རྒྱུ་འདི་ཡང༌། སྐལ་མཉམ་གྱི་རྒྱུའི་ཁོངས་སུ་ཕལ་ཆེར་འདུ་བ་ཡིན་ལ། མི་འདུ་བ་དག་ཀྱང་ཡོད་པ་ནི་ཡིན་ཏེ། རྒྱུ་ཉོན་མོངས་པ་ལས་འབྲས་བུ་ཉོན་མོངས་པ་སྐྱེད་པར་བྱེད་པ་ཡང་རིགས་དང་ས་མ་ངེས་པ་རྣམས་ནི་དེར་མི་འདུའོ། །ཀུན་འགྲོ་ཡིན་པར་གྱུར་པའི་སྐལ་མཉམ་གྱི་རྒྱུ་ཡིན་ན། ཀུན་འགྲོའི་རྒྱུ་ཡིན་པས་ཁྱབ་ཀྱང༌། ཀུན་འགྲོའི་རྒྱུ་ཡིན་ན། སྐལ་མཉམ་གྱི་རྒྱུ་ཡིན་པས་ནི་མ་ཁྱབ་སྟེ། དཔེར་ན་འདོད་ཁམས་ཀྱི་འདོད་ཆགས་སྐྱེས་པ་དེའི་ཚེ་རྒྱུ་འདོད་ཁམས་ཀྱི་འདོད་ཆགས་ཏེ། འབྲས་བུ་འདོད་ཆགས་དེ་ལས་སྐལ་
ཀུན་གཉིས་ཆར་གྱི་རྒྱུའི་བྱ་བ་བྱས་པ་སོགས་ལ་ཡང་རྒྱུ་དེ་ལས་འབྲས་བུ་ཞེ་སྡང་ལྟ་བུ་སྐྱེས་པ་དེའི་ཚེ། རྒྱུ་འདོད་ཆགས་ཏེ་འབྲས་བུ་ཞེ་སྡང་ལ་ཀུན་འགྲོས་རྒྱུའི་བྱ་བ་བྱས་པར་སོང་གིའི་སྐལ་མཉམ་གྱི་རྒྱུའི་བྱ་བ་མ་བྱས་སོ། །སྐལ་མཉམ་གྱི་རྒྱུ་འདི་ནི་མཐུན་པའི་རྒྱུ་ཡིན་ཏེ། རྒྱུ་དགེ་བ་ལས་འབྲས་བུ་སྐྱེ་བ་དགེ་བ་དང༌། སོགས་པའི་སྒྲས་མི་དགེ་བ་ལས་མི་དགེ་བ་སྐྱེ་བ་དང༌། ལུང་མ་བསྟན་ལས་ལུང་མ་བསྟན་སྐྱེ་བ་ལྟ་བུའོ། །དེ་ཡང་ས་མཚུངས་པ་དང༌། སོགས་པའི་སྒྲས་ངོ་བོ་མཚུངས་པའང་དགོས་པ་ཡིན་ཏེ། དཔེར་ན་འདོད་ཁམས་ཀྱི་ཉོན་མོངས་པ་འདོད་ཆགས་ལས། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་བསྐྱེད་པ་ལྟ་བུ་མ་ཡིན་པར། དེ་ལ་འདོད་པའི་ཁམས་ཀྱི་ཉོན་མོངས་བསྐྱེད་དགོས་པས་ན། ས་མཚུངས་པ་དང༌། ཉོན་མོངས་པ་དག་ཡང་རིགས་མི་འདྲ་བ་མ་ཡིན་གྱི། རྒྱུ་འདོད་ཆགས་ལས་འབྲས་བུ་འདོད་ཆགས་བསྐྱེད་པ་ལྟ་བུ་རིགས་འདྲ་དགོས་པ་ཡིན་ནོ། །རྣམ་སྨིན་གྱི་རྒྱུ་ནི། [མི་མཐུན་པའི་]རྒྱུ་དགེ་བ་ཟག་བཅས་དང་མི་དགེ་བ་ལས་འབྲས་བུ་ལུང་མ་བསྟན་བསྐྱེད་པར་འགྱུར་བའོ། །དེ་ཡང་དཔེར་ན། རྣམ་སྨིན་གྱི་རྒྱུ་མི་དགེ་བ་ལས་དེའི་འབྲས་བུ་དམྱལ་བའི་ཕུང་པོ་གྲུབ་པ་ལྟ་བུ་སྟེ། དམྱལ་བའི་སྡུག་བསྔལ་སྣ་ཚོགས་མྱོང་བ་ནི་མི་དགེ་བ་ལས་འཕངས་ཀྱང་དེའི་ལུས་རྟེན་ཕུང་པོ་ཙམ་ནི་མཐའ་གཅིག་ཏུ་ལུང་མ་བསྟན་ཁོ་ན་ཡིན་ལ། དེ་བཞིན་དུ་རྒྱུ་དགེ་བ་ཟག་བཅས་ཀྱིས་ལྷར་འཕངས་ཀྱང༌། ལྷའི་རྣམ་སྨིན་གྱི་ཕུང་པོ་དགེ་བ་མ་
ཡིན་ཏེ། ལུང་མ་བསྟན་ཁོ་ནའོ། །སྤྱིར་རྒྱུ་ཐམས་ཅད་བྱེད་རྒྱུར་འདུས་པ་ཡིན་ལ། བྱེད་རྒྱུ་ནུས་མེད་འདོད་པ་རྣམས་ལ་ཡང༌། འདོད་ལུགས་མི་འདྲ་བ་གཉིས་སྟེ། ཁ་ཅིག་ནི་རང་ལས་གཞན་པའི་ཤེས་བྱ་ལ་སྲིད་ཚད་ཀྱི་ཆོས་ཐམས་ཅད་བྱེད་རྒྱུ་ནུས་མེད་དུ་འདོད་དོ། །ཡང་གཞན་དག་ནི་རང་ལས་གཞན་པའི་འདུས་བྱས་སུ་གྱུར་པ་རང་ལ་གནོད་པ་མི་བྱེད་པ་དེ་ནི་བྱེད་རྒྱུ་ནུས་མེད་དུ་འདོད། དེ་ལྟར་མི་འཐད་དེ། སྤྱིར་བྱེད་རྒྱུ་ནུས་མེད་འདོད་པ་ནི་མི་འཐད་ཅིང་བྱེ་བྲག་ཏུ་ཡང་ལུགས་ཕྱི་མ་དེ་ནི་ངེས་པར་མི་འཐད་དེ། གནོད་པ་བྱེད་པ་ཡང་བྱེད་རྒྱུར་བཤད་པའི་སྐབས་ཡོད་པའི་ཕྱིར་རོ། །དེའི་ཕྱིར་བྱེད་རྒྱུ་ནུས་མེད་ནི་འཐད་པ་མ་ཡིན་པས་འབྲས་བུ་ལ་བྱེད་པར་བཅས་པ་ནི་བྱེད་པའི་རྒྱུ་ཡིན་ནོ། །དེ་ཡང་འབྲས་བུ་སྔར་མེད་འབྱུང་བར་བྱེད་པའི་རྒྱུ་དང༌། ཟས་ཟོས་པས་ལུས་འཚོ་བར་བྱེད་པ་དང༌། ཆུ་སྣོད་ཀྱིས་རྟེན་པར་བྱེད་པ་ལྟ་བུ་བརྟེན་པའི་བྱེད་རྒྱུ་དང༌། སྔར་ཡོད་པའི་རིགས་རྒྱུན་གནས་པར་བྱེད་པ་དང༌། ན་ཚོད་གཞོན་ནུ་ལས་དར་བབས་སུ་འགྱུར་བར་བྱེད་པ་ལྟ་བུ་དང༌། སྔར་ལྡན་པ་འབྲལ་བར་བྱེད་པ་དང༌། གསེར་ལས་ལྷ་དང༌། མིའི་གཟུགས་བརྙན་བཟོ་བར་བྱེད་པ་དང༌། སྐྱེ་འགག་གནས་གསུམ་ཙམ་ཡིན་པའི་གཏན་ཚིག་ཅན་གྱིས། འདུས་བྱས་སུ་སྒྲུབ་པར་བྱེད་པ་དང༌། ལམ་སྒོམ་པས་འབྲས་བུ་ཐོབ་པར་བྱེད་པ་དང༌། ཡུལ་
དུས་གཞན་དུ་འཕེན་པར་བྱེད་པ་དང༌། འཕྲལ་དུ་འགྲུབ་པར་བྱེད་པ་དང༌། བར་དུ་གཅོད་པར་བྱེད་པ་དང༌། དངོས་པོ་གང་རུང་ཞིག་རྒས་ཤིང་རྙིང་པར་བྱེད་པ་དང༌། སྔར་ཡོད་འཇིག་པར་བྱེད་པ་དང༌། དུ་བ་ཡོད་པའི་རྟགས་ཀྱིས་མེ་ཡོད་པ་ངེས་པར་བྱེད་པ་དང༌། དུ་བ་མེད་པའི་རྟགས་ཀྱིས་མེ་ཡོད་པར་མ་ངེས་པར་བྱེད་པ་ལ་སོགས་པ་སྟེ། མངོན་པ་ཀུན་ལས་བཏུས་པར་བྱེད་རྒྱུའི་དབྱེ་བ་ཉི་ཤུ་གསུངས་སོ། །མདོར་ན་རྒྱུ་ཐམས་ཅད་བྱེད་རྒྱུར་འདུས་པ་ཡིན་ཀྱང༌། སྐྱེས་བུའི་རྩོལ་བའི་བྱེད་པས། འབྲས་བུ་སྐྱེད་པར་བྱེད་པའི་བྱེད་རྒྱུ་སྔར་ལས་ལོགས་སུ་སྨོས་ཤིང༌། རྒྱུ་དེས་བསྐྱེད་པའི་འབྲས་བུ་ལ་སྐྱེས་བུ་བྱེད་འབྲས་ཞེས་བྱའོ། །གཉིས་པ་རྐྱེན་བཞི་བཤད་པ་ནི། ཕྱི་ནང་གི་དངོས་པོ་ཀུན་གྱི་རྒྱུའི་རྐྱེན་གྱི་གཙོ་བོ་ནི། ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་ལ། དེ་ཡང་ཀུན་གཞི་ས་བོན་གྱི་ཆའོ། །རྒྱུའི་རྐྱེན་གྱི་རྣམ་གྲངས་སུ་ནི། ལྷན་ཅིག་བྱུང་བའི་རྒྱུ་དང༌། སྐལ་མཉམ་དང༌། མཚུངས་པར་ལྡན་དང༌། ཀུན་འགྲོ་དང༌། རྣམ་སྨིན་གྱི་རྒྱུ་སྟེ། རྒྱུ་ལྔ་པོ་དེ་རྣམས་ཀྱང་འདོད་པ་ཡིན་ལ། །རྒྱུ་ལྔ་པོ་དེ་རྣམས་ཀྱི་ནང་ནས། རྒྱུའི་རྐྱེན་ཡིན་པ་ཡོད་པས་ན། དེར་བཞག་པ་ནི་ཡིན་གྱི་རྒྱུ་ལྔ་པོ་མཐའ་དག་རྒྱུའི་རྐྱེན་དུ་འགྱུར་བ་ནི་མ་ངེས་སོ། །ཉེར་ལེན་གྱི་རྒྱུ་ནི། ངེས་པར་ཐེག་པ་ཆེན་པོའི་སྐབས་འདིར་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་པར་འཐད་དེ། དེ་ཡང་ཀུན་གཞིའི་རྣམ་སྨིན་གྱི་ཆ་ལ་ངོས་འཛིན་ནོ། །ལྷག་མ་ལྷན་ཅིག་བྱུང་བ་སོགས་རྒྱུ་ལྔ་པོ་
རྣམས་ནི། ལྷན་ཅིག་བྱེད་པའི་རྐྱེན་ཡིན་ལ། དམིགས་པའི་རྐྱེན་ནི་མཐོང་བའི་ཡུལ་དང་དམིགས་པའི་ཡུལ་ཡིན་ཏེ། དེ་ཡང་རྟོག་མེད་དབང་ཤེས་ལྔ་པོ་རྣམས་ཀྱིས་ནི། རང་རང་གི་དམིགས་རྐྱེན་གཟུགས་ཀྱི་རྣམ་པ་སོགས་དངོས་སུ་མཐོང་བས་ན། དེ་ཤེས་པ་དེའི་མཐོང་ཡུལ་དུ་འཇོག་པ་ཡིན་ལ། ཤེས་པ་རྟོག་བཅས་རྣམས་ཀྱིས་ནི། དམིགས་པའི་རྟེན་དེ་ལ། གསལ་སྣང་གི་ཚུལ་ལམ། འཛིན་སྟངས་ཀྱི་བཟུང་ཆར་བྱས་པ་ཙམ་ཡིན་ནོ། །བདག་པོའི་ཞེས་བྱ་བའི་རྐྱེན་ནི། དངོས་པོ་དེ་དང་དེའི་རྟེན་ཡིན་ཞིང༌། དེ་ཡང་དཔེར་ན། ཀུན་གཞི་རྣམ་པར་ཤེས་པ་ནི། དངོས་པོ་ཐམས་ཅད་ཀྱི་བདག་པོའི་རྐྱེན་ཡིན་ཞིང༌། དབང་ཤེས་ལྔ་པོ་ལ་ནི། རང་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་ལྔ་ཡིན་ལ། ཤེས་པ་ལས་གཞན་ཕྱི་དོན་དུ་སྣང་བ་རྣམས་ལ་ཡང༌། ཐུན་མོང་གི་བདག་རྐྱེན་ཀུན་གཞི་རྣམ་ཤེས་དང༌། ཐུན་མོང་མ་ཡིན་པའི་བདག་རྐྱེན་དངོས་པོ་རང་རང་གི་རྟེན་དང་གནས་དང༌། གཞིར་གྱུར་པ་སྟེ། དཔེར་ན་སྣོད་ཀྱི་ནང་གི་ཆུ་མི་འཕོ་ཞིང་གནས་པར་བྱེད་པའི་རྟེན་སྣོད་ཡིན་པ་བཞིན་ནོ། །བདག་པོའི་རྐྱེན་ལ་ཡང་མངོན་པ་ཀུན་བཏུས་སུ་དབྱེ་བ་རྣམ་པ་བཞིར་གསུངས་པ་ཡིན་ཏེ། རྟེན་པའི་དབང་དུ་གྱུར་པ་དང༌། གནས་པའི་དབང་དུ་གྱུར་པ་དང༌། འཕེན་པའི་དབང་དུ་གྱུར་པ་དང༌། སྐྱེད་པའི་དབང་དུ་གྱུར་པ་དང་བཞིར་གསུངས་སོ། །དམིགས་རྐྱེན་དང་བདག་པོའི་རྐྱེན་གཉིས་ཀྱང་བྱེད་རྒྱུའི་ནང་དུ་འདུས་པ་ཡིན་ནོ། །དེ་
མ་ཐག་རྐྱེན་ལ་ཡང་འདོད་ལུགས་མི་གཅིག་པ་གསུམ་བྱུང་བ་ལས། དང་པོ་ཆོས་མངོན་པ་རྣམས་ནི་དངོས་པོ་རང་དང་མཚུངས་པ་རྒྱུད་གཅིག་པ་འདས་མ་ཐག་པ་སྟེ། མཚན་ཉིད་གསུམ་དང་ལྡན་པར་འདོད་དོ། །དེ་ཡང་མཚུངས་ཚུལ་ལ་ཡང༌། ཤེས་པ་ཙམ་དུ་མཚུངས་པ་དང༌། ཁམས་དང་ས་མཚུངས་པར་འདོད་པ་སོགས། འདོད་ལུགས་སྣ་ཚོགས་བྱུང་ཡང༌། ཕྱི་ནང་གི་དངོས་པོ་གང་རིགས་འདྲ་མཚུངས་པ་དགོས་ཀྱི་ཁམས་དང་ས་མཚུངས་ཀྱི་ངེས་པ་མི་དགོས་པ་ཞིག་རང་ལུགས་སུ་བཞེད་དོ། །དེ་ཡང་དཔེར་ན། མིག་གི་རྣམ་པར་ཤེས་པ་སྐད་ཅིག་སྔ་ཕྱི་རྣམས་རིག་འདྲ་མིག་ཤེས་སུ་མཚུངས་པ། དེ་ཡང་རྒྱུད་གཅིག་གིས་བསྡུས་པ་ཡིན་ཏེ། ལྷས་བྱིན་གྱིས་མིག་ཤེས་སྐད་ཅིག་མ་སྔ་མ་ལས། མཆོད་སྦྱིན་གྱི་མིག་ཤེས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ལྟ་བུ་མི་འབྱུང་བས། རྣམ་ཤེས་རིགས་འདྲ་གང་ཟག་གཅིག་གི་རྒྱུད་ཀྱིས་བསྡུས་པ་དང་རྒྱུད་གཅིག་ཡང༌། མིག་གིས་རྣམ་ཤེས་འདས་ནས་ཡུན་རིང་པོར་ལོན་པ་མ་ཡིན་པར། སྐད་ཅིག་དང་པོ་འདས་མ་ཐག་པ་དེ་མིག་ཤེས་སྐད་ཅིག་མ་གཉིས་པའི་དེ་མ་ཐག་རྐྱེན་དུ་འདོད་པ་ཡིན་ནོ། །འདི་ལ་ཡང་ཞིབ་མོར་ན། འདས་མ་ཐག་ཙམ་དེ་དངོས་མེད་ཡིན་པས། དངོས་པོ་བསྐྱེད་པའི་རྐྱེན་དུ་མི་རུང་ཡང་འདས་མ་ཐག་པའི་མཚན་ཉིད་དེ་ལྡན་པའི་ཤེས་པ་སྐད་ཅིག་མ་དང་པོ་སྐད་ཅིག་མ་གཉིས་པའི་དེ་མ་ཐག་རྐྱེན་དུ་འདོད་པ་ཡིན་ནོ། །དངོས་པོ་ཐམས་
ཅད་སྐྱེ་བ་ལ། རྐྱེན་བཞི་ངེས་པར་ཚང་བ་ཡིན་ནམ་སྙམ་ན། དེ་ལྟར་ཡང་མ་ཡིན་ཏེ། རྒྱུའི་རྐྱེན་དང༌། བདག་པོའི་རྐྱེན་གྱི་སྟེང་དུ། དེ་མ་ཐག་རྐྱེན་འདི་དང་དམིགས་པའི་རྐྱེན་གཉིས་ཏེ། བཞི་ཆར་ཚང་བའི་སྐྱེ་བ་ནི། ནང་འཛིན་པའི་ཆོས་ཤེས་པ་རྣམས་སྐྱེ་བ་ལ་ཚང་བ་ཡིན་ལ། དེ་ལས་གཞན་ཕྱི་རོལ་བཟུང་ཆ་རྣམས་སྐྱེ་བ་ལ་ནི། བདག་པོའི་རྐྱེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ལས་སྐྱེ་བ་ཡིན་ནོ། །འདི་ལ་ཡང་ངེས་པར་ན། བཟུང་ཆ་རྣམས་ཡུལ་ལ་དམིགས་མི་ནུས་པའི་ཕྱིར། དམིགས་པའི་རྐྱེན་ནི་མེད་ལ། དེ་མ་ཐག་རྐྱེན་ནི་ཡོད་པ་ཡང་ཡིན་ཏེ། རིགས་འདྲ་སྐད་ཅིག་མ་སྔ་མ་འདས་མ་ཐག་པ་སྟེ། སྐད་ཅིག་མ་གཉིས་པའི་དེ་མ་ཐག་པའི་རྐྱེན་འཇོག་ནུས་པས་སོ། །ཡང་དེ་མ་ཐག་རྐྱེན་གྱི་འདོད་ལུགས་གཅིག་ལ། དངོས་པོ་གང་སྐྱེ་བའི་གེགས་མི་བྱེད་པར་གོ་འབྱེད་ཅིང༌། འབྲས་བུ་ལ་ཕན་འདོགས་པར་བྱེད་པའི་ལས་ཅན་དེ་མ་ཐག་རྐྱེན་དུ་འདོད་པ་ཡང་ཡོད་པ་ཡིན་ལ། འདི་ལ་ནི་དངོས་པོ་སྐྱེ་བའི་གོ་འབྱེད་ཅིང་འབྲས་བུ་ལ་ཕན་འདོགས་པའི་བྱེད་ལས་ཅན་ཞེས་འཆད་ན་ནི། རྣམ་གྲངས་ཙམ་དུ་ཁས་བླངས་པའི་བྱ་བ་ཡིན་ལ། གོ་འབྱེད་པ་ཙམ་ཞིག་ནི། དེ་ལྟར་དུ་མི་རུང་སྟེ། དེ་ལ་ནམ་མཁའི་མི་སྒྲིབ་པའོ། །ཞེས་བཤད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །ཡང་དེ་མ་ཐག་རྐྱེན་གྱི་ངོས་འཛིན་[སེམས་སེམས་བྱུང་རྣམས་ཀྱི་སྔ་མ་གང་ཞིག་རང་རང་གི་ཕྱི་ལོགས་ཀྱི་སེམས་
སེམས་བྱུང་སྐྱེད་པ་སྟེ།] ཤེས་པ་ཡུལ་ལ་ཕྱོགས་པར་བྱེད་པ་ཙམ་ཞིག་ལ་འདོད་པ་ཡིན་ཏེ། དེ་མ་ཐག་རྐྱེན་གྱི་གཙོ་བོ་རང་ལུགས་ལ་ཡང་འདི་ལ་ངོས་འཛིན་པར་བྱེད་དགོས་པ་ཡིན་ནོ། །ཤེས་པ་འདས་མ་ཐག་པ་དེ་མ་ཐག་རྐྱེན་དུ་འདོད་པ་དང༌། འགོག་སྙོམས་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་ཀྱི་སྐབས་ན་ཤེས་པ་གཏན་ནས་མེད་པར་འདོད་པ་རྣམས་ལ་ནི་སྙོམས་འཇུག་དེ་ལས་ལངས་པའི་དུས་ཀྱི་ཤེས་པ་དེའི་དེ་མ་ཐག་རྐྱེན་དུས་ཡུན་རིང་པོས་ཆོད་པའི་སྙོམས་འཇུག་ལ་འཇུག་ཁ་མའི་དུས་ཀྱི་ཤེས་པ་འདས་ནས་ཡུན་རིང་ལོན་པ་དེར་འཆད་དགོས་སྨྲ་བ་རྣམས་ལ་ནི་རིགས་པའི་གནོད་བྱེད་མཐའ་ཡས་པ་ཡོད་དེ། གོང་ཀུན་གཞི་རྣམ་ཤེས་ཀྱི་སྐབས་སུ་བཤད་ཟིན་ཏོ། །དེ་མ་ཐག་རྐྱེན་གྱི་ངོས་འཛིན་སྔ་མ་གཉིས་པོ་ལྟར་འཆད་པའི་དབང་དུ་བྱས་ན་གཟུགས་སོགས་ཕྱི་རོལ་ཀྱི་དོན་དུ་སྣང་བ་རྣམས་ལ་ཡང༌། དེ་མ་ཐག་རྐྱེན་ཡོད་པར་འགྱུར་བས་བཤད་མ་ཐག་པ་ལྟར། རྐྱེན་གསུམ་ལས་སྐྱེ་བར་ཁས་ལེན་དགོས་སོ། །འཛིན་ཆ་ཤེས་པ་ཀུན་སྐྱེ་བ་ལ་ཡང༌། རྐྱེན་བཞི་མཐའ་གཅིག་ཏུ་ཚང་བ་ནི་མ་ངེས་སྟེ། ཟླ་བ་གཉིས་སྣང་གི་དབང་ཤེས་དེ་བདག་རྐྱེན་མིག་གི་དབང་པོ་དང༌། རྒྱུའི་རྐྱེན་ཀུན་གཞིའི་བག་ཆགས་ཀྱི་མཐུའམ། ཤེས་པའི་རིགས་འདྲ་སྐད་ཅིག་མ་དང་པོ་ལས་སྐྱེ་བ་དང༌། དེ་མ་ཐག་རྐྱེན་ཡུལ་ལ་ཕྱོགས་པར་འདོད་པའི་ཡིད་བྱེད་དེ། རྐྱེན་གསུམ་ཚང་བ་ཡིན་ཡང༌། དམིགས་པའི་རྐྱེན་མ་ཚང་སྟེ། ཡུལ་ཟླ་
བ་གཉིས་མེད་ལ་དེ་ལྟར་དུ་སྣང་བ་ནི་འཁྲུལ་ཤེས་ཡིན་པའི་ཕྱིར་རོ། །དེས་ན་འཛིན་པ་ཤེས་པ་རྣམས་སྐྱེ་བ་ལ། རྐྱེན་བཞི་མ་ཚང་བ་མང་དུ་ཡོད་ཅིང༌། ཚང་བ་ཡང་སྲིད་པ་ཙམ་གྱི་དབང་དུ་བྱས་ན། རྐྱེན་བཞིའི་རྣམ་བཞག་གསུངས་སོ། །ཤེས་པས་ཤེས་པར་བསྐྱེད་པ་ལ་རྐྱེན་བཞི་ཚང་བ་ཡིན་ཞིང༌། ཤེས་པས་བེམ་སྣང་བསྐྱེད་པ་ལ། རྐྱེན་གཉིས་ཚང་བའི་ཚུལ་གྱི་བསྐྱེད་པ་ཡིན་ཏེ། རྒྱུའི་རྐྱེན་ནི་ཀུན་གཞིའི་བག་ཆགས་དང༌། ལྷན་ཅིག་བྱུང་བའི་རྐྱེན་ནི། དཔེར་ན། འདུ་བྱེད་ཀྱིས་མ་འོངས་པའི་སྐྱེ་བ་འཕངས་པ་ལྟ་བུའོ། །བེམ་པོས་བེམ་པོ་བསྐྱེད་པ་ལ། རྐྱེན་གཉིས་ངེས་པར་ཚང་ཞིང༌། དེ་མ་ཐག་རྐྱེན་རིགས་འདྲ་སྔ་མར་འདོད་པ་རྣམས་ལ་ནི། དེ་ཡང་ཚང་བས། རྐྱེན་གསུམ་ལས་སྐྱེ་བ་ཡིན་ནོ། །གསུམ་པ་འབྲས་བུ་ལྔ་བཤད་པ་ལ། བྲལ་བའི་འབྲས་བུ་ལ་བསྐྱེད་པར་བྱེད་པའི་རྒྱུ་མེད་དོ། །དེ་ཡིན་ན་བསྐྱེད་འབྲས་ཡིན་པས་སོ། །སོ་སོར་བརྟགས་པའི་འགོག་པ་ནི། བྲལ་འབྲས་དངོས་ཡིན་ལ། དེ་ཡང་ཀུན་རྫོབ་ཀྱི་ཆོས་ཡིན་པས་སོ། །གནས་ལུགས་དོན་དམ་པའི་འགོག་བདེན་ནི། བྲལ་བ་དངོས་ཡིན་ལ། འབྲས་བུ་བཏགས་པ་ཡིན་ཏེ། དོན་དམ་དབྱིངས་དེ་ཉིད་ལ་འབྲས་བུ་བཏགས་པ་བ་འཇོག་པའི་ཤེས་བྱེད་ཀྱང་དབྱིངས་དེ་ནི་ངོ་བོ་ཉིད་ཀྱི་སྐུ་དང་རྣམ་པར་དབྱེར་མེད་པའི་ཕྱིར། ངོ་བོ་ཉིད་སྐུ་ལ་འབྲས་བུའི་ཐ་སྙད་འཇུག་པའི་དབང་དུ་མཛད་དོ། །འབྲས་
བུ་དངོས་མ་ཡིན་ཏེ། འདུས་མ་བྱས་ལ་རྒྱུ་འབྲས་དངོས་ཀྱི་རྣམ་བཞག་མི་འཐད་པས་སོ། །བདག་པོའི་འབྲས་བུ་ནི་ཕྱི་རོལ་ཡུལ་གྱིས་བསྡུས་པ་ཡིན་ཏེ། རེ་ཤིག་མ་དཔྱད་པའི་དབང་དུ་བྱས་ཏེ། ཕྱི་དོན་ཁས་ལེན་པའི་གནས་སྐབས་སུ་ནི། སྣོད་ཀྱི་འཇིག་རྟེན་དང༌། ཉེར་སྤྱོད་ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་རྣམས་བདག་འབྲས་ཡིན་ཞིང༌། ཅུང་ཟད་དཔྱད་པའི་དབང་དུ་བྱས་ཏེ། ཕྱི་རོལ་གྱི་དོན་ཁས་མི་ལེན་ཡང༌། གནས་སུ་སྣང་བའི་རྣམ་རིག་དང༌། དོན་དུ་སྣང་བའི་རྣམ་རིག་ལ་སོགས་པ་རྣམས། བདག་པོའི་འབྲས་བུར་འཇོག་གོ །རྣམ་སྨིན་གྱི་འབྲས་བུ་ནི། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། ལུས་ཀྱི་ཆོས་སུ་གཏོགས་པ་རང་ཉིད་ཀྱི་ཉེར་ལེན་གྱི་ཕུང་པོ་ལྔ་དང༌། དེར་སྣང་བའི་རྣམ་རིག་ལ་སོགས་པ་རྣམས་སོ། །བྱེད་འབྲས་ནི། རྒྱུ་བྱེད་རྒྱུའི་སྒོ་ནས་བྱུང་བ་གང་ཡིན་པ་ཐམས་ཅད་དོ། །རྒྱུ་མཐུན་གྱི་འབྲས་བུ་ནི། སྐལ་མཉམ་གྱི་རྒྱུ་ལས་བྱུང་བ་རྣམས་སོ། །དེ་རྣམས་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་བཤད་པ་ཡིན་གྱི། མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །སྤྱིར་དངོས་པོ་རྣམས་སྐྱེད་པར་བྱེད་པའི་རྒྱུ་ཐམས་ཅད་ནི། ངེས་པར་གཉིས་སུ་འདུས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་ཀྱི་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་འཁོར་བའི་བག་ཆགས་ཀུན་ལྡན་དང༌། རྣམ་པར་བྱང་བའི་རྒྱུ་ཟག་པ་མེད་པའི་ས་བོན་གཉིས་སུ་འདུས་པ་ཡིན་ནོ། །ཀུན་ནས་ཉོན་མོངས་ཀྱི་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་འཁོར་བའི་ས་བོན་བག་ཆགས་རྣམ་པ་ཐམས་
ཅད་པ་དེ། ཁམས་གསུམ་འཁོར་བའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུ་བྱེད་པ་ཡིན་ནོ། །གཉིས་པ་ཟག་པ་མེད་པའི་ས་བོན་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་བཞག་པ་ཡིན་ལ། འདི་ལ་ཡང་མངོན་པ་ཀུན་བཏུས་སུ། ཐོས་པ་ལས་བྱུང་བའི་ས་བོན་ནོ། །ཞེས་བཤད་དེའི་ངོ་བོ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་སོགས་དགེ་བའི་ལས་སམ་དཀྱུས་མའི་བག་ཆགས་བཞག་པ་ཙམ་མ་ཡིན་གྱི། འདི་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐོས་པའི་བག་ཆགས་ཀུན་གཞི་ལ་བཞག་པ་ཉིད་ཡིན་ལ། འདིར་ཡང་གཙོ་བོར་ནི་སངས་རྒྱས་ཀྱི་ཐུགས་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ལེགས་པར་གསུངས་པའི་གསུང་རབ་ཉིད་ཡིན་པས་དེ་ཐོས་པར་འགྱུར་ཞིང༌། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་རྣམ་པ་གོ་ཞིང་ཤེས་པར་འགྱུར་བའི་ས་བོན་ཀུན་གཞི་ལ་བཞག་པ་དེ། ཕྱིས་གང་ཟག་དེ་རྣམ་གྲོལ་ཐོབ་པར་འགྱུར་བའི་རྒྱུར་གྱུར་བས་ན། ཟག་པ་མེད་པའི་ས་བོན་ཞེས་བྱའོ། །ཟག་མེད་ཀྱི་ས་བོན་འདི་སེམས་ཅན་ཐམས་ཅད་ལ་ཡོད་པའི་ནི་མ་ངེས་སོ། །ཡང་ན་སྐྱེས་ཐོབ་ཀྱི་རྒྱུ་དང༌། སྦྱོར་བྱུང་གི་རྒྱུ་ཞེས་གཉིས་སུ་འདུས་པ་ཡིན་ཏེ། དང་པོ་ནི། ཀུན་གཞི་རྣམ་སྨིན་གྱི་ཆ་རྣམས་དང༌། གཉིས་པ་ས་བོན་གྱི་ཆའོ། །དེ་ཡང་དཔེར་ན། སྐྱེ་བ་སྔ་མར་ཐོས་པ་བྱས་པའི་ས་བོན་རྣམ་པར་སྨིན་པའི་མཐུ་ལས། ཚེ་འདིར་རང་སྟོབས་ཀྱི་ཤེས་རབ་ཕུན་
སུམ་ཚོགས་པ་ལ་ནི་སྐྱེས་ཐོབ་ཀྱི་ཤེས་རབ་དང༌། ཚེ་འདིར་ཐོས་པ་མང་དུ་བྱས་ཏེ། དེའི་ས་བོན་ཡོངས་སུ་བཞག་ཅིང་གོམས་པ་ལས་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེས་པ་ལ། སྦྱོར་བྱུང་གི་ཤེས་རབ་ཅེས་འཇོག་པ་བཞིན་ནོ། །གཉིས་པ་ལྟོས་གྲུབ་ལ་དཔྱད་པ་ནི། བསྐྱེད་བྱ་འབྲས་བུ་སྐྱེད་བྱེད་ཀྱི་རྒྱུ་ལས་བྱུང་ན། འབྲས་བུ་དེ་རྒྱུ་ལ་ལྟོས་པར་འགྱུར་བས། འབྲས་བུ་རང་གིས་ངོ་བོས་ཡོད་པ་མ་ཡིན་ནོ། །འདི་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་མཛད་པ་སྟེ། ཆོས་གང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་ནི། གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་པ་ཞིག་དགོས་པ་ལ། ཕྱི་ནང་གི་དངོས་པོ་འདི་རྣམས་རང་རང་གི་རྒྱུ་ལ་ལྟོས་པའི་ཕྱིར་ཚུགས་ཐུབ་ཏུ་གྲུབ་པ་མ་ཡིན་ནོ། །རྣམ་པར་བཞག་བྱ་འཇོག་བྱེད་ཀྱང་ཕན་ཚུན་ལྟོས་པའི་རྣམ་བཞག་ཐམས་ཅད་འཇིག་པ་ཡིན་ལ། དེ་ཙམ་ཁོ་ནས་ངོ་བོ་ལྟོས་པར་མི་གྲུབ་པ་ཡིན་ཏེ། དཔེར་ན། གཡས་ཀྱི་རི་དང་གཡོན་གྱི་རི་གཉིས་ངོ་བོ་ཕན་ཚུན་ལྟོས་པ་ཅུང་ཟད་ཀྱང་མེད་པ་ཡིན་ཏེ། གཡས་ཀྱི་རི་ལ་མེ་ཏོག་འབྲས་བུ་སོགས་སྐྱེ་བའི་ཚེ། གཡོན་གྱི་རི་ལ་ཡང་སྐྱཻེ་དགོས་པར་ཐལ་བ་བཞིན་ནོ། །དེ་ལྟར་ན་རི་གཉིས་པོ་དེ་ངོ་བོ་ལྟོས་པ་མ་ཡིན་ཡང་རྣམ་བཞག་ཙམ་ལྟོས་པ་ཡིན་ཏེ། གཡས་ཀྱི་འཇོག་བྱེད་གཡོན་ལ་ལྟོས་པ་དང༌། གཡོན་གྱི༷་འཇོག་བྱེད་གཡས་ལ་ལྟོས་པ་ཡིན་པས། གཡས་ཀྱི་རྣམ་བཞག་གི་ཐ་སྙད་ལ་ལྟོས་པར་སོང་བ་ཡིན་གྱི། དངོས་པོ་ལྟོས་པ་མ་ཡིན་
ཡང་དེའི་ཕྱིར་རྟེན་འབྲེལ་གྱི་གཙོ་བོ་བསྐྱེད་བྱ་སྐྱེད་བྱེད་ཉིད་དུ་ངེས་པར་བརྗོད་དོ། །དེས་ན་རང་སྟོང་པ་རྣམས་བདེན་གྲུབ་བདེན་མེད་ལ་ལྟོས་པ་དང༌། བདེན་མེད་བདེན་གྲུབ་ལ་ལྟོས་པ་ཡིན་ཞེས་སྨྲ་བ་ཡང་བདེན་མེད་ཀྱི་རྣམ་བཞག་གོ་བ་བདེན་གྲུབ་ཀྱི་རྣམ་བཞག་གོ་བ་ལ་ལྟོས་པ་ཡིན་གྱི། དེ་གཉིས་ངོ་བོ་ལྟོས་པ་ནི་མ་ཡིན་ཏེ། བདེན་མེད་དངོས་མེད་ཡིན་པའི་ཕྱིར། ཅི་ཡང་མེད་པ་ལ་ཕན་ཚུན་ལྟོས་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་ན། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་ལྟོས་གྲུབ་རིག་པ་ཉིད་བདེན་འཛིན་འགོག་པའི་རིགས་པ་སྔ་ན་མེད་པར་མཛད་པ་ཡང་མི་འཐད་དེ། དེ་ཙམ་ཞིག་གིས་ནི་རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་གང་ཡིན་རྣམས་བདེན་མེད་དུ་གཏན་ལ་ཕེབས་ནུས་པ་ཡིན་ལ། དེ་ནུས་པས་ན་ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་སྒྲུབ་ཐུབ་པ་ཡིན་ཡང༌། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་གཞན་དབང་གི་དངོས་པོ་བདེན་མེད་དུ་གཏན་ལ་ཕེབས་ནུས་པ་མ་ཡིན་ནོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཡོད་པའང་མེད་པའི་ཟླས་དྲངས་ཤིང་མེད་པའང་ཡོད་པའི་ཟླས་དྲངས་པས། དེའི་ཕྱིར་ཡོད་ཅེས་མི་བརྗོད་ཅིང༌། །མེད་ཅེས་ཀྱང་ནི་བརྗོད་མི་བྱ། །ཞེས་ཆོས་ཐམས་ཅད་ངོ་བོ་གཅིག་ལ་གཅིག་ལྟོས་སུ་གསུངས་པ་མ་ཡིན་ནམ་སྙམ་ན། དེ་ནི་རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་ལ་དགོངས་ནས་གསུངས་པ་ཡིན་ནོ། །
ཞེས་ཆོས་ལྔ་དང༌། རང་བཞིན་གསུམ་དང༌། རྟེན་འབྲེལ་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་ལྔ་པའི་རྣམ་པར་བཤད་ཟིན་ཏོ། ༈ རབ་བྱེད་དྲུག་པ་བདག་མེད་གཉིས་གཏན་ལ་དབབ་པ་ལ། གང་ཟག་གི་བདག་མེད་བཤད་པ་དང༌། ཆོས་ཀྱི་བདག་མེད་བཤད་པ་དང༌། གཉིས་ཀ་དང་འབྲེལ་བའི་དོན་གྱི་རྣམ་གྲངས་བཤད་པ་གསུམ་ལས། དང་པོ་ལ། འཇུག་ཚུལ་གྱི་རིམ་པས་མདོར་བསྟན་པ་དང༌། གང་ཟག་གི་བདག་མེད་པར་སྒྲུབ་པའི་རིག་པ་རྒྱས་པར་བཤད་པ་དང༌། དོན་བསྡུས་པ་དང་གསུམ་ལས་དང་པོ་ནི། མི་གཙང་བ་ལ་གཙང་བར་འཛིན་པ་དང༌། སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང༌། མི་རྟག་པ་ལ་རྟག་པར་འཛིན་པ་དང༌། བདག་མེད་ལ་བདག་ཏུ་འཛིན་པ་དང༌། ཕྱིན་ཅི་ལོག་བཞི་གསུངས་པ་ལས། བདག་མེད་པ་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་ལ་གཞན་དང་པོ་གསུམ་ནི་བདག་འཛིན་གྱི་གྲོགས་ཡིན་པས་ན། ཕྱིན་ཅི་ལོག་ཏུ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཞི་དང་རྩ་བ་ལྟ་བུར་གྱུར་པ་[ནི་བདག་]ཉིད་དོ། །སྤྱིར་བདག་ཅེས་པའི་སྐད་དོད་ལ་ཨདྨ་ཀ་ཞེས་པ་ཡོད་པ་ལས། དེ་སྒྲ་ཡང་བའི་དབང་དུ་བྱས་ནས། གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གནས་པ་ཞིག་ལ་བདག་ཅེས་འཇོག་ཅིང་དེ་ལྟར་ན་ཆོས་བདག་གི་དབང་དུ་བྱས་པ་དང༌། སྒྲ་དོགས་པའི་དབང་དུ་བྱས་ན་ཕུང་པོ་ལ་དམིགས་ནས་ང་བདག་ཏུ་འཛིན་པ་ལ་འཇུག་ཅིང༌། དེ་ལྟར་ན་གང་ཟག་གི་བདག་ནི་དབང་དུ་བྱས་པའོ། །
དེ་ལ་བདག་ཏུ་ལྟ་བ་ཞེས་པ་ནི་འཇིགས་ཚོགས་ལ་ལྟ་བ་ཉིད་ཡིན་ཞིང༌། དེ་འཇིག་ཅིང་མི་རྟག་པའི་རང་བཞིན་ཅན་ཕུང་པོའི་ཚོགས་པ་ལ་དམིགས་ནས་ང་བདག་ཏུ་འཛིན་པ་ཉིད་ཡིན་ཏེ། འདི་ནི་མ་རིག་པ་དང་ཡང་རྗེས་སུ་འགྲེལ་བ་ཉིད་ཡིན་ཏེ། གང་བདེན་བཞི་ལ་རྨོངས་པའི་མ་རིག་པ་ཡོད་པ་དེ་སྲིད་དུ་འདི་ཡང་ཡོད་པ་ཡིན་ཞིང༌། དེ་སྤངས་པ་ན་འདི་ཡང་སྤངས་པ་ཡིན་ནོ། །དེ་ལྟར་ན་མ་རིག་པས་རྒྱུ་བྱས་ནས་འཇིག་ཚོགས་ལ་ལྟ་བ་ཉིད་འབྱུང་བ་ཡིན་ཏེ། ཕུང་པོའི་ཚོགས་པ་ལ་ང་བདག་མེད་པར་ཡོངས་སུ་མ་ཤེས་པའི་སེམས་རྨོངས་པ་བརྟེན་ནས་དེ་ལ་ང་བདག་ཏུ་ཡོད་པར་འཁྲུལ་བའི་འཇིག་ལྟ་སྐྱེ་བ་ཡིན་ནོ། །དེ་ནི་རྣམ་པ་ཤིན་ཏུ་གསལ་བའི་འཛིན་སྟངས་ཅན་ཡིན་པའི་ཕྱིར། མ་རིག་པ་ནི་གང་ཡང་ཆ་མ་ཕྱེ་བའི་རྣམ་པ་མི་གསལ་བ་ཡིན་པས་དེ་གཉིས་རྣམ་པ་དང་འཛིན་སྟངས་འགལ་བའི་ཕྱིར། དེ་ལས་མ་རིག་པ་དངོས་སུ་མི་སྐྱེ་ཡང༌། འཇིགས་ཚོགས་ལ་ལྟ་བ་བློ་ཕྱིན་ཅི་ལོག་གོམས་པའི་ས་བོན་གྱི་མཐུ་ལས་མ་རིག་པ་སྐྱེ་བ་ཡིན་པས་སོ། །དེས་ན་འཇིག་ཚོགས་ལ་ལྟ་བ་ལ་ཁམས་གསུམ་གྱི་དབྱེ་བ་གསུམ་ཡོད་པ་ཡིན་ཞིང་འདོད་ཁམས་ཀྱི་སས་བསྡུས་པའི་འཇིག་ཚོགས་ལ་ལྟ་བ་ནི། མི་དགེ་བ་འབའ་ཞིག་ཡིན་ལ། ཁམས་གོང་མ་གཉིས་ཀྱི་སས་བསྡུས་པ་དེ་ནི་སྒྲིབ་ལ་ལུང་མ་བསྟན་ཡིན་ནོ། །དེ་ལྟར་ཕུང་པོ་ལྔའི་སྟེང་ན་གང་ཟག་གི་བདག་ཅེས་བྱ་བ་ཡེ་ནས་མེད་པའི་ཕྱིར། དེ་ལྟར་དུ་འཛིན་པའི་ཡུལ་མཚན་ཉིད་པ་མི་སྲིད་ཀྱང་བློ་
འཁྲུལ་བས་བདག་ཏུ་འཛིན་པའི་འཛིན་སྟངས་ཀྱི་བཟུང་ཆ་ལ། གང་ཟག་གི་བདག་དང་དེ་འཛིན་པའི་རྟོག་པ་ལ། གང་ཟག་གི་བདག་འཛིན་ཅེས་བཤད་དོ། །དེ་ལྟར་གང་ཟག་གི་བདག་དེ་ནི་སྔ་ཕྱི་ཐམས་ཅད་དུ་འཇིག་པ་མི་སྲིད་པས་དུས་རྟག་ཏུ་གནས་པར་འཛིན་པ་རྟག་པར་ལྟ་བ་དང༌། དེར་མ་ཟད་བདག་ཐོག་མ་མེད་པའི་དུས་ནས་རྟག་ཏུ་གནས་པ་མ་ཡིན་པས། གློ་བུར་དུ་བར་སྐབས་འདིར་ཙམ་ནས་བྱུང་ཞིང་དེ་ནས་ཕྱི་མའི་མཐའ་མུ་མེད་པར་རྟག་པར་གནས་ཞེས་འཛིན་པ་དང༌། དེ་བཞིན་དུ་སྐྱེ་བ་གཉིས་དང༌། གསུམ་དང་ལོ་དང་ཟླ་བ་ཞག་དང༌། མདོར་ན་དུས་རེ་ཤིག་པ་སྐད་ཅིག་མ་གཉིས་པ་ཕན་ཆད་དུ་མི་འཇིག་ཅིང་གནས་པར་འཛིན་པ་ནི། གང་ཟག་གི་བདག་འཛིན་ལ་ལྟོས་པའི་རྟག་ལྟ་དང༌། སྔར་བདེན་པར་གྲུབ་པའི་བདག་ཞིག་ཡོད་པར་བློས་བཟུང་ནས། དེ་ཕྱི་མའི་དུས་གཞན་ཞིག་ཏུ་ཞིག་ཅིང་རྒྱུན་ཆད་པར་འཛིན་པ་ནི། གང་ཟག་གི་བདག་འཛིན་ལ་ལྟོས་པའི་ཆད་པར་ལྟ་བ་ཡིན་ལ། དེ་ལྟར་འཛིན་པ་གཉིས་པོ་དེ་ནི། མཐར་འཛིན་གྱི་ལྟ་བ་ཞེས་བྱ་བ་སྟེ། རྟག་ཆད་གཉིས་སུ་ལྷུང་བར་བྱེད་པ་གཡས་གཡོན་གྱི་གཡང་ས་དང་ཆོས་མཚུངས་པ་ཡིན་ཞིང༌། མཐའ་གཉིས་པོ་དེར་འཛིན་པའི་ཕྱིན་ཅི་ལོག་གི་བློ་ལ་དེ་སྐད་ཅེས་བྱའོ། །དེས་ན་གང་ཞིག་རང་བཞིན་གྱིས་ཡོད་པ། དེ་ནི་མེད་པ་མིན་པས་རྟག །སྔར་བྱུང་ད་ལྟར་མེད་ཅེས་བྱ། དེ་ནི་ཆད་པར་ལྟ་བའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་གང་ཟག་གི་བདག་མེད་ལ་རིམ་གྱིས་འཇུག་
པ་ལ། མི་རྟག་སྡུག་བསྔལ་སྟོང་པ་གསུམ་སྔོན་དུ་སོང་རྗེས་སུ་གདོད་དེ་ལ་འཇུག་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་བདག་མེད་ཐོས་བསམ་ཙམ་གྱིས་གཏན་ལ་འབེབ་པར་བྱེད་པ་དེ་ལ་ནི། གསུམ་པོ་དེ་ལ་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ན། བདག་མེད་པའི་དོན་ལ་ཡང་མཐར་རྒྱ་ཡོངས་སུ་ཆོད་པའི་ངེས་པའི་ཤེས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བ་དཀའ་བ་ཡིན་ཞིང༌། བདག་མེད་པའི་དོན་རྣལ་འབྱོར་པས་སྒོམ་པའི་སྐབས་སུ་མི་རྟག་པ་སོགས་གསུམ་པོ་དེ་ངེས་པར་སྔོན་དུ་འགྲོ་དགོས་པའི་ངེས་པ་ཆེན་པོ་མེད་ཀྱང༌། ཕྱིས་མངོན་སུམ་དུ་རྟོགས་པའི་ཚེ། དེའི་སྦྱོར་བའི་སྐབས་སུ་མི་རྟག་སྡུག་བསྔལ་སྟོང་པ་རྣམས་རྟོགས་པ་ངེས་པར་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །དེས་ན་ཕྱི་ནང་གིས་བསྡུས་པའི་དངོས་པོ་རྣམས་དང་དངོས་པོ་མེད་པའི་ཆོས་འདུས་བྱས་ཐམས་ཅད་དུས་ནམ་ཡང་རྟག་པའི་གོ་སྐབས་མེད་པའི་ཕྱིར། མི་རྟག་པར་ཡིན་པར་གྲུབ་ཅིང༌། མི་རྟག་པ་དེ་ཡང་རགས་པའི་མི་རྟག་པ་ཡོངས་སུ་འགྱུར་བ་ཙམ་མ་ཡིན་གྱི། སྐྱེ་བཞིན་པ་དེ་ཉིད་འགག་བཞིན་པའི་མཚན་ཉིད་ཅན་སྐད་ཅིག་གིས་ཡང་གནས་པའི་རང་དབང་མེད་པ་ཕྲ་བའི་མི་རྟག་པ་ཡིན་ལ། དེ་ལྟར་དུ་གྲུབ་པ་ན་སྡུག་བསྔལ་དུ་ཡང་རྟོགས་པ་ཡིན་ཏེ། གནས་པའི་རང་དབང་མེད་པར་སྐད་ཅིག་སྐད་ཅིག་གིས་འཇིག་དགོས་པའི་ཕྱིར་རོ། །འདི་ནི་སྡུག་བསྔལ་ཕྲ་མོ་འདུ་བྱེད་ཀྱི་སྡུག་བསྔལ་དེ། འདུས་བྱས་རྣམས་སྐྱེས་ཙམ་ཉིད་ནས་སྡུག་བསྔལ་བའི་མཚན་ཉིད་ཅན་
ནོ། །གང་སྡུག་བསྔལ་ཅན་དེ་ནི་བདེ་སྡུག་གི་བྱེད་པ་པོར་མི་རུང་སྟེ། རང་ཉིད་ལ་རང་དབང་མེད་པའི་ཕྱིར་རོ། །དེ་ལྟར་ན་ཆོས་གང་མི་རྟག་པ་ཡིན་པ་དེ་ནི་བདག་དང༌། བྱེད་པ་པོ་ཡིན་པར་འགལ་བ་ཡིན་ནོ། །གཉིས་པ་གང་ཟག་གི་བདག་མེད་པར་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་ལ། དེ་ལ་སྔོན་དུ་འཇུག་པའི་རིགས་པ་དང༌། གང་ཟག་གི་བདག་མེད་པར་སྒྲུབ་པའི་རིགས་པ་དངོས་བཤད་པ་གཉིས་ལས། དང་པོ་ནི་འདུས་བྱས་ཐམས་ཅད་མི་རྟག་པར་སྒྲུབ་པ་དང༌། སྡུག་བསྔལ་དུ་སྒྲུབ་པ་དང༌། བྱེད་པ་པོས་སྟོང་པར་སྒྲུབ་པ་དང༌། གསུམ་ལས། དང་པོ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པའི་ཚུལ་དེ་ལྟར་ཡང༌། རྗེ་བཙུན་བྱམས་པ་མགོན་པོས་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལས། ཚིགས་སུ་བཅད་པའི་ཚུལ་གྱིས་གསུངས་པ་འདི་ལ་སྤྱིར་འདུས་བྱས་ཐམས་ཅད་རྟག་པ་ལས་ལོག་པར་[སྟེ་མི་རྟག་]སྒྲུབ་པ་དང༌། ནང་གི་འདུ་བྱེད་ཐམས་ཅད་རྟག་པ་ལས་ལོག་པར་སྒྲུབ་པ་དང༌། ཕྱིའི་འདུ་བྱེད་ཐམས་ཅད་རྟག་པ་ལས་ལོག་པར་སྒྲུབ་པ་དང་གསུམ་ལས། དང་པོ་ནི། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་སྐད་ཅིག་ལས་རྟག་པར་མི་གནས་ཤིང༌། སྐད་ཅིག་ཙམ་དུ་གནས་པའི་ཐ་སྙད་དག་པ་བའི་གནས་ཐབས་ཡིན་ཞིང་ངེས་པར་ན་སྐད་ཅིག་ཙམ་དུ་ཡང་གནས་པ་མེད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཉན་རང་རྣམས་ཀྱི་མཉམ་གཞག་གི་ཡུལ་དུ་འདུས་བྱས་ཀྱི་ཆོས་ཐམས་ཅད་སྐད་ཅིག་ཙམ་དུ་གནས་པར་
གཟིགས་པ་ཡིན་ཞིང༌། བྱང་སེམས་འཕགས་པའི་མཉམ་གཞག་ཡེ་ཤེས་དེ་སྤྲོས་བྲལ་འབའ་ཞིག་ཡིན་པའི་ཕྱིར། དེ་ལྟར་དུ་མི་གཟིགས་ཀྱང་རྗེས་ཐོབ་ཏུ། འདུས་བྱས་ཀྱི་ཆོས་ཐམས་ཅད་སྐད་ཅིག་ཙམ་དུ་གནས་པར་གཟིགས་པ་ནི་མི་འགལ་ལོ། །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་མི་རྟག་པར་སྒྲུབ་པའི་སྐབས་འདི་དག་ཏུ། དངོས་པོ་རྣམས་སྐད་ཅིག་ལས་ལྷག་པར་མི་གནས་པའི་སྒྲུབ་བྱེད་ཤས་ཆེར་འགོད་པར་མཛད་པ་ཡིན་ལ། དོན་གྱི་[གནས་ཚོད་]སྐད་ཅིག་ཙམ་དུ་ཡང་གནས་པ་མེད་པར་[སྤྲོས་བྲལ་ཆེན་པོར་]སྒྲུབ་པ་ཡིན་ཡང༌། [གནས་མེད་]དེ་ལྟ་བུའི་རྣམ་བཞག་ཤས་ཆེར་མི་གསུངས་པར། སྐད་ཅིག་ལས་ལྷག་པར་མི་གནས་པའི་རིགས་པའི་རྣམ་གྲངས་གཙོ་ཆེར་སྤྲོ་བར་མཛད་པ་ནི། དགོས་པའི་དབང་གི་ཡིན་ནོ། །གཞུང་དོན་ནི། འདུས་བྱས་ཀྱི་ཆོས་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་སྐྱེ་འགག་བྱེད་པ་མེད་ན། རྒྱུ་ལས་འབྲས་བུ་སྐྱེ་བའི་ཚུལ་འདི་མི་རུང་བ་ལས། དེ་ལྟར་སྐྱེ་བའི་ཕྱིར། འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་པར་གྲུབ་བོ། །དེ་ཡང་རྒྱུ་ས་བོན་ལས་འབྲས་བུ་མྱུ་གུ་སྐྱེ་བ་ཡང༌། ས་བོན་གྱི་སྐད་ཅིག་རིམ་པས་འགགས་ནས། མྱུ་གུ་སྐད་ཅིག་རིམ་པས་སྐྱེ་བ་ཡིན་ནོ། །དེ་ལ་ཕྱོགས་སྔ་མ་ན་རེ། རྒྱུ་ལས་འབྲས་བུ་འབྱུང་བ་མི་འགལ་ཡང༌། སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པ་ནི་མ་ཡིན་ཏེ། དངོས་པོ་གཅིག་ཉིད་སྐྱེ་ནས་ཡུན་རིང་དུ་གནས་པའི་ཕྱིར་སྙམ་ན། འདུས་
བྱས་ཀྱི་ཆོས་རྣམས་སྐད་ཅིག་སྔ་མ་སྔ་མའི་རྒྱུ་ལས་ཕྱི་མ་ཕྱི་མའི་འབྲས་བུ་སྐྱེ་བའི་ཕྱིར་ཡང་སྐད་ཅིག་གིས་མི་རྟག་པར་གྲུབ་བོ། །གཞན་ཡང་འདུས་བྱས་རྣམས་སྐད་ཅིག་ལས་ལྷག་པར་གནས་པ་ནི་ནམ་ཡང་མེད་དོ། །དེ་ལྟར་གནས་པར་ཁས་ལེན་པ་ལ། ལུང་དང་ཡིད་ལ་བྱེད་པ་དང༌། རིགས་པ་གསུམ་དང་འགལ་བའི་ཕྱིར། ལུང་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་མི་རྟག་པ་མི་བརྟན་པ་ཡུན་རིང་དུ་མི་གནས་པ་དུས་རེ་ཤིག་པའོ་ཞེས་གསུངས་སོ། །དངོས་པོ་གཅིག་སྐྱེས་ན་སྐད་ཅིག་མ་གཉིས་ཕན་ཆད་གནས་པར་འགྱུར་བའི་སྐབས་སྲིད་པ་ནས། ཡུན་རིང་དུ་གནས་པ་དང༌། དུས་རེ་ཤིག་པ་མ་ཡིན་པར་རྟག་པ་བ་ཡིན་པར་འགྱུར་རོ། །ཡིད་བྱེད་དང་འགལ་བ་ནི། གོང་དུ་སྨོས་པ་ལྟར་ཉན་རང་རྣམས་ཀྱི་མཉམ་གཞག་དང༌། བྱང་སེམས་འཕགས་པའི་རྗེས་ཐོབ་ཏུ་འདུས་བྱས་ཀྱི་ཆོས་རྣམས་སྐད་ཅིག་མ་ལས་ལྷག་པར་མི་གནས་པར་མངོན་སུམ་དུ་ཤེས་པའི་ཕྱིར་རོ། །རིགས་པ་དང་འགལ་བ་ནི་འདུས་བྱས་ཀྱི་ཆོས་ཞིག་སྐྱེས་ནས་ཡུན་རིང་དུ་གནས་པ་དེ་རྒྱུ་མེད་དུ་གནས་པ་ཡིན་ནམ། རྒྱུ་ཞིག་གིས་གནས་པར་བྱས་པ་ཡིན། དང་པོ་ལྟར་ན་ཡང་ན་རྟག་ཏུ་གནས་པ་དང༌། ཡང་ན་ཅུང་ཟད་ཡང་མི་གནས་པར་ཐལ་བར་འགྱུར་ཏེ། རྒྱུ་མེད་ན་གང་ལ་ཡང་མ་ལྟོས་པའི་ཕྱིར་རོ། །ཕྱི་མ་ལྟར་ན། རྒྱུ་དེ་ལ་ཆོས་དེ་གནས་
པར་བྱེད་པའི་ནུས་པ་ལྡན་ནམ་མི་ལྡན། ཕྱི་མ་ལྟར་ན། རྒྱུ་དེ་ནི་གནས་པར་བྱེད་པའི་ནུས་པ་དང་མི་ལྡན་པའི་ཕྱིར། ཆོས་དེ་གནས་བྱེད་ཀྱི་རྒྱུར་མི་རུང་ངོ༌། །དང་པོ་ལྟར་ན། གནས་བྱེད་ཀྱི་རྒྱུ་དེས་འདུས་བྱས་ཀྱི་ཆོས་ཡུན་རིང་དུ་གནས་པར་བྱེད་མི་ནུས་ཏེ། རང་ཉིད་ཀྱང་སྐད་ཅིག་སྐད་ཅིག་གིས་འཇིག་ཅིང་མི་གནས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། དེས་ན་རང་ཉིད་གནས་པའི་རང་དབང་མེད་ན། དེས་དངོས་པོ་གཞན་ཞིག་གནས་པར་བྱེད་ནུས་པ་འགལ་བའི་ཕྱིར་རོ། །ཡང་ཕྱོགས་སྔ་མ་ན་རེ། འདུས་བྱས་ཀྱི་ཆོས་རྣམས་སྐད་ཅིག་སྐད་ཅིག་གིས་འཇིག་པ་མ་ཡིན་ཏེ། ཕྱིས་འཇིག་བྱེད་ཀྱི་རྐྱེན་[ཐོ་བ་སོགས་]གཞན་ཞིག་གིས་འཇིག་རྒྱུ་བྱས་ནས་འཇིག་པ་ཡིན་ནོ་སྙམ་ན། དེ་ལྟར་ཡང་མ་ཡིན་ཏེ། སྐྱེས་ཙམ་ནས་འཇིག་པ་ཡིན་གྱི། འཇིག་བྱེད་ཀྱི་རྒྱུ་ལོག་པ་ནམ་ཡང་མེད་པའི་ཕྱིར་རོ། །གཞན་ཡང་འདུས་བྱས་ཀྱི་ཆོས་རྣམས་ནི་སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པ་ཡིན་ཏེ། བུམ་པ་འགག་བཞིན་པ་དེ་ལ་ཡང་སྐད་ཅིག་སྐད་ཅིག་གིས་སྐྱེ་གནས་འཇིག་གསུམ་མེད་ན། དེ་འདུས་བྱས་མ་ཡིན་པར་འགྱུར་ཏེ། འདུས་བྱས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར། དེས་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་མཚན་ཉིད་བཞི་ངེས་པར་ཚང་བའི་ཕྱིར། དེ་ལ་ཡང་ཕྱོགས་སྔ་མ་ན་རེ། བུམ་པ་སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་ན། དེ་ལྟར་མངོན་སུམ་དུ་སྣང་དུ་རུང་བ་ལས། མི་སྣང་བ་ཅི་ཞེ་ན། དེས་ན་རིགས་འདྲ་བ་
ལ་གཅིག་པར་རྗེས་སུ་འཇུག་པའི་འཁྲུལ་བ་ཞུགས་པའི་ཕྱིར་རོ། །གཞན་ཡང་ཕྱི་ནང་གི་ཆོས་འདི་རྣམས་མཐར་རིམ་པས་ཡོངས་སུ་འགག་པར་མངོན་སུམ་དུ་མཐོང་བའི་ཕྱིར་ཡང་སྐད་ཅིག་མར་གྲུབ་པ་ཡིན་ཏེ། སྐད་ཅིག་མ་གཉིས་པ་ལ་ཡང་མ་འགག་གསུམ་པ་ལ་ཡང་མ་འགག་ན། མཐར་ཡང་འགག་པར་མི་འགྱུར་བའི་ཕྱིར། གཞན་ཡང་ལོ་ཏོག་དང་ན་ཚོད་ལ་སོགས་པ་ཡོངས་སུ་འགྱུར་བར་མཐོང་བས་ཀྱང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། སྐད་ཅིག་སྐད་ཅིག་གིས་འགྱུར་བ་མེད་ན། ཕྱིས་ཡོངས་སུ་འགྱུར་བ་ཡང་མི་དམིགས་པའི་ཕྱིར་རོ། །ནང་གི་ཤེས་པ་སྐད་ཅིག་གིས་མི་རྟག་པ་ཡིན་པར་རང་སྡེ་ཐམས་ཅད་དང་ཕྱི་རོལ་པ་ཡང་འགའ་ཞིག་མ་གཏོགས་ཕལ་ཆེར་འདོད་པ་ཡིན་པས། ཤེས་པ་སྐད་ཅིག་གིས་མི་རྟག་པར་གྲུབ་པས་ན་དེའི་གནས་དབང་ཡུལ་རྣམས་ཀྱང་སྐད་ཅིག་གིས་མི་རྟག་པར་གྲུབ་པ་ཡིན་ཏེ། དབང་ཡུལ་རྣམས་ཤེས་པ་སྐད་ཅིག་མ་དེའི་རྒྱུ་ཡིན་པའི་ཕྱིར། དེས་ན་རྒྱུ་སྐད་ཅིག་མ་ལས་འབྲས་བུ་ཡང་སྐད་ཅིག་མ་འབྱུང་བར་འཐད་ཀྱི། རྒྱུ་སྐད་ཅིག་མ་མིན་པ་ལས་འབྲས་བུ་སྐད་ཅིག་གིས་མི་རྟག་པ་སྐྱེ་བ་མི་འཐད་པའི་ཕྱིར་རོ། གཞན་ཡང་དབང་ཡུལ་རྣམས་ནི་ཤེས་པ་སྐད་ཅིག་མ་དེའི་འབྲས་བུ་ཡིན་པའི་ཕྱིར་དང༌། དབང་ཡུལ་རྣམས་ནི་ཤེས་པ་སྐད་ཅིག་མ་དེས་ཟིན་པའི་ཕྱིར་དང༌། ཤེས་པ་སྐད་ཅིག་མ་དེ་དབང་ཡུལ་རྣམས་ཀྱི་བདག་པོའི་རྐྱེན་ཡིན་པའི་ཕྱིར། སྐད་ཅིག་གི་མི་རྟག་པར་གྲུབ་བོ། །དེའི་རྒྱུ་
མཚན་ཡང་བཞོན་པ་རྟ་ལྟ་བུ་ནི་མི་འགྲོ་བ་ལ། བཞོན་པ་པོ་མི་ཉིད་འགྲོ་བ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་ལམ་བསྒོམ་པ་ལ་བརྟེན་ནས་སེམས་རྒྱུད་དྲི་མས་ཡོངས་སུ་དག་པར་འགྱུར་བའི་ཕྱིར་ཡང་སྐད་ཅིག་ཡིན་པར་གྲུབ་སྟེ། སེམས་ཀྱི་དྲི་མ་སྐད་ཅིག་སྐད་ཅིག་གིས་དག་པ་མ་ཡིན་ན། ཕྱིས་ཡོངས་སུ་དག་པར་མི་འགྱུར་བའི་ཕྱིར་རམ། ཡང་ན་སེམས་ལ་དབང་ཐོབ་པ་རྣམས་ཀྱི་སྣང་བ་གསེར་དུ་སྒོམ་ན་དེར་སྣང་བ་སོགས་སེམས་དག་པའི་རྗེས་སུ་འགྲོ་བའི་ཕྱིར་རོ། །གཞན་ཡང་སྐད་ཅིག་མར་གྲུབ་པ་ཡིན་ཏེ། སེམས་ཅན་སྤྱི་མཐུན་གྱི་སྡིག་པའི་མཐུ་ལས། སྣོད་ཀྱི་འཇིག་རྟེན་ངན་ཅིང་མ་དག་པར་འགྱུར་བ་དང༌། དགེ་བའི་མཐུ་ལས་སྣོད་བཟང་པོར་གྱུར་པ་སོགས་སེམས་ཅན་རྣམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །གཉིས་པ་ནང་གི་འདུ་བྱེད་སྐད་ཅིག་མར་སྒྲུབ་པ་ནི། སྐྱེ་བ་རྣམ་པ་བཅུ་བཞིའི་སྒོ་ནས་སྒྲུབ་པར་བྱེད་པ་ཡིན་ཏེ། མངལ་གྱི་གནས་སྐབས་སུ་དང་པོར་སྐྱེ་བ་དང༌། དེ་ནས་རིམ་པ་ལྟར་ཇེ་བས་ཇེ་ཆེར་སྐྱེ་བ་དང༌། རྒྱས་པར་འགྱུར་བའི་རྒྱུ་རྣམ་བཞྀའི་སྒོ་ནས་སེམས་ཅན་གྱི་ལུས་རྒྱས་པའི་སྐྱེ་བ་དང༌། རྒྱས་པ་རྣམ་པ་བཞི་ནི་ཁ་ཟས་དང་ཚངས་སྤྱོད་དང་ཏིང་ངེ་འཛིན་དང་གཉིད་དེ་རྒྱུ་རྣམ་པ་བཞི་པོ་དེས་རིམ་གྱིས་རྒྱས་པར་འགྱུར་བ་ཡིན་ནོ། །དབང་ཡུལ་རྣམས་ནི་བརྟེན་པ་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་སྐྱེ་བ་དང༌། སེམས་ལ་ཆགས་སྡང་སོགས་ཀྱི་རྐྱེན་གྱི་ལུས་ཀྱི་མདངས་དབྱིབས་འགྱུར་བ་སྐྱེ་བ་དང༌། བྱིས་པ་
ལས་གཞོན་ནུ་དེ་ལས་ལང་ཚོ་དེ་ལས་རྒན་པོ་སོགས་རིམ་གྱིས་ཡོངས་སུ་སྨིན་པར་སྐྱེ་བ་དང༌། དེ་བཞིན་དུ་དམན་པ་ངན་འགྲོར་སྐྱེ་བ་དང༌། ཁྱད་པར་དུ་འཕགས་པ་བདེ་འགྲོར་སྐྱེ་བ་དང༌། འོད་གསལ་བ་འཕྲུལ་དགའ་བ་ཡན་ཆོད་དུ་སྐྱེ་བ་དང༌། འོད་མི་གསལ་བ་དགའ་ལྡན་མན་ཆད་དུ་སྐྱེ་བ་དང༌། འོད་གསལ་མི་གསལ་གྱི་ཁྱད་པར་[འདོད་ཡོན་སྣ་ཚོགས་པའི་]སྤྱོད་ཡུལ་དང་[དེ་ཉིད་]བསམ་པས་མཉམ་པར་འཇུག་པ་[ཙམ་གྱིས་གྲུབ་པ་]ལ་དབང་སྒྱུར་བ་ལ་འོད་གསལ་བ་དང༌། དེས་དེ་ལ་དབང་མི་སྒྱུར་བ་ལ་འོད་མི་གསལ་བ་ཞེས་བྱའོ། །དེའི་དོན་ཡང༌། འཕྲུལ་དགའ་བ་ཡན་ཆད་རྣམས་ཀྱིས་ནི་ཁ་ཟས་དང༌། གནས་ཁང་གོས་སོགས་རང་གི་ཡིད་ལ་ཅི་འདོད་པ་དེ་བསམ་པ་ཙམ་གྱིས་ཉེར་སྤྱད་སྤྱོད་ཡུལ་དུ་འབྱུང་བ་ཡིན་ལ། དགའ་ལྡན་པ་མན་ཆད་དུ་འདོད་པ་བསམ་པ་ཙམ་གྱིས་འདོད་པའི་ཡོན་ཏན་ལ་དངོས་སུ་ལོངས་སྤྱོད་མི་ནུས་པའི་ཕྱིར་རོ། །ཡུལ་གཞན་དུ་འགྲོ་བའི་སྐྱེ་བ་ནི་གནས་ཀྱི་ཡུལ་གཞན་དུ་འགྲོ་བ་ཐག་ཉེ་རིང་དུ་འགྲོ་བ་དང༌། དུས་ཀྱི་ཡུལ་གཞན་དུ་འགྲོ་བ་ནི་སྐྱེ་བ་སྔ་མ་ནས་ཕྱི་མར་འགྲོ་བ་ལྟ་བུའོ། །ས་བོན་དང་བཅས་པའི་སྐྱེ་བ་ནི། དགྲ་བཅོམ་པ་མ་གཏོགས་པའི་འགྲོ་བ་གཞན་རྣམས་ཀྱི་སྐྱེ་བ་དང༌། ས་བོན་མེད་པའི་སྐྱེ་བ་ནི་དགྲ་བཅོམ་པ་སྲིད་པ་ཐ་མ་པའི་སྐྱེ་བ་དང༌། གཟུགས་བརྙན་དུ་སྐྱེ་བ་ནི། རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཀེང་རུས་ཀྱི་སྣང་བ་ལྟ་བུ་སྟེ། བཅུ་བཞི་པོ་དེ་རྣམས་ཀྱང་སྐད་ཅིག་མ་ཡིན་པའི་སྒྲུབ་བྱེད་དུ་རིམ་པས་འཆད་པ་ཡིན་ནོ། །དེ་
ཡང་མངལ་གྱི་ནང་དུ་དང་པོ་སྐྱེ་བ་ཡོངས་སུ་བཟུང་བ་ནི། རྒྱུའི་སྒོ་ནས་སྐད་ཅིག་མར་གྲུབ་པ་ཡིན་ཏེ། སྐད་ཅིག་མ་དང་པོའི་རྒྱུ་ལས་སྐད་ཅིག་མ་གཉིས་པའི་འབྲས་བུ་བསྐྱེད་པ་དང༌། ནུར་ནུར་པོའི་གནས་སྐབས་ལས། མེར་མེར་པོའི་གནས་སྐབས་སྐྱེ་བ་སོགས་རིམ་པས་འབྱུང་བའི་ཕྱིར་རོ། །ཅི་སྟེ་མངལ་དུ་དང་པོར་སྐྱེ་བ་བཟུང་བ་ཉིད་སྐད་ཅིག་མ་མ་ཡིན་ན། དེས་རྒྱུ་བྱས་ནས་ཕྱི་མ་ཕྱི་མ་སྐྱེ་བ་མི་འཐད་པས་སོ། །ཇེ་བས་ཇེ་ཆེར་སྐྱེ་བ་ནི། ཚད་ཀྱི་ཁྱད་པར་གྱིས་སྐད་ཅིག་མར་གྲུབ་པ་ཡིན་ཏེ། སྐྱེ་བུའི་ལུས་ཇེ་བས་ཇེ་ཆེར་འཕེལ་བར་འགྱུར་བ་སྟེ། རྡུལ་ཕྲན་སྐད་ཅིག་མ་རེ་རེ་ནས་རིམ་པས་ཇེ་ཆེར་འཕེལ་བ་མ་ཡིན་ན། མཐར་ལུས་ཀྱི་བོང་ཚད་འཕེལ་བ་མི་སྲིད་པ་ལས། དེ་ལྟར་འཕེལ་བ་མངོན་སུམ་དུ་གྲུབ་པའི་ཕྱིར་སྐད་ཅིག་མར་གྲུབ་བོ། །རྒྱས་འབྱུང་གི་རྒྱུ་རྣམ་པ་བཞིའི་སྐྱེས་བུའི་ལུས་རྒྱས་པ་ཡང་སྐད་ཅིག་མ་རེ་རེ་བཞིན་རྒྱས་པ་མ་ཡིན་ན། ཕྱིས་རྒྱས་པ་མི་སྲིད་པས། རྒྱས་འབྱུང་གི་རྒྱུ་རྣམས་དོན་མེད་དུ་འགྱུར་བ་ལས་དེ་ལྟར་མི་རུང་བའི་ཕྱིར་རོ། །དེས་ན་ཁ་ཟས་ཟོས་པས། ཞག་བདུན་ནས་ལུས་རྒྱས་པར་འགྱུར་ཞེས་བརྗོད་པའི་ཚེ། ཁ་ཟས་ཟོས་མ་ཐག་པའི་སྐད་ཅིག་མ་དེ་ནས་བཟུང༌། ཞག་བདུན་གྱི་བར་དུ་སྐད་ཅིག་གིས་ཁྲིད་པའི་ཚུལ་གྱི་ལུས་རྒྱས་པ་ཡིན་པའི་ཕྱིར་རོ། །དབང་པོ་རྣམས་སྐད་ཅིག་མ་མ་ཡིན་ན་དབང་ཤེས་སྐད་ཅིག་མ་རྣམས་ཀྱི་རྟེན་དུ་མི་སྲིད་པའི་ཕྱིར་རོ། །དེ་ཡང་མིག་ཤེས་སྐད་ཅིག་མ་དང་པོ་དང༌། མིག་དབང་
སྐད་ཅིག་མ་དང་པོ་གཉིས། ཕན་ཚུན་རྟེན་བརྟེན་པར་འཇོག་པ་དང༌། དེ་བཞིན་དུ་སྐད་ཅིག་མ་མཐའ་མེད་ཀྱི་བར་དུ་རྟེན་བརྟེན་པར་འཇོག་དགོས་པ་ཡིན་ལ། དེའི་རྒྱུ་མཚན་དེ་གཉིས་རྒྱུ་འབྲས་སུ་འཇོག་པའི་ཚེ། དངོས་རྒྱུ་ནུས་པ་ཐོགས་མེད་མིག་དབང་སྐད་ཅིག་མ་དང་པོ་ལས། དངོས་འབྲས་ནུས་པ་ཐོགས་མེད་མིག་ཤེས་སྐད་ཅིག་མ་དང་པོ་སྐྱེ་དགོས་པས་བརྟེན་པའི་སྐད་ཅིག་མ་ཡིན་པ་དེའི་ཚེ། རྟེན་སྐད་ཅིག་མ་ཡིན་པར་ཡང་གྲུབ་བོ། །ཆགས་སོགས་ཀྱི་ལུས་འགྱུར་བས་ཀྱང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། སྐད་ཅིག་སྐད་ཅིག་གིས་འགྱུར་བ་མ་ཡིན་པར་དུས་གཅིག་ཁོ་ནར་གནས་ན་འགྱུར་བ་འབྱུང་མི་སྲིད་པ་ལས། ལུས་ཀྱི་མདངས་དབྱིབས་འགྱུར་བ་ཡང་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ལས་འབྱུང་བ་ཡིན་ནོ། །ན་ཚོད་ལ་སོགས་པའི་རིམ་གྱིས་སྨིན་ཏེ། མཐར་འཇིག་ཅིང་འགྱུར་བས་ཀྱང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། དུས་དང་པོ་ནས་སྐད་ཅིག་སྐད་ཅིག་གིས་འཇིག་པ་མ་ཡིན་ན། མཐར་འགྱུར་བ་ཡང་མེད་པའི་ཕྱིར་རོ། །འདིས་ནི་སྐད་ཅིག་ཙམ་དུ་གནས་པ་ཡང་བཀག་པ་ཡིན་ཏེ། སྐད་ཅིག་མ་དང་པོ་སྐད་ཅིག་མ་གཉིས་པར་འགགས་པ་ན། སྐད་ཅིག་དང་པོ་དེ་ཉིད་ཀྱང་དེའི་ཆ་དང་པོ་ནས་མི་འགགས་ན་མཐར་སྐད་ཅིག་མ་རིལ་པོ་འགག་པ་ཡང་མེད་པའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དུ་སྐད་ཅིག་ཆ་མེད་པར་བཤད་པས། སེམས་ཙམ་པ་ཡིན་ཞེས་སྨྲ་བ་ཡང་མི་འཐད་དེ། དང་པོ་མི་འཇིག་མཐར་མི་འགྱུར། །ཞེས་པའི་གཞུང་འདིའི་
སྐད་ཅིག་ཆ་མེད་པར་བཀག་པའི་ཕྱིར། དེ་བཞིན་དུ་དམན་པ་དང་ཁྱད་པར་འཕགས་པར་སྐྱེ་བ་དང་འོད་གསལ་བ་དང༌། འོད་མི་གསལ་བར་སྐྱེ་བས་ཀྱང་སྐད་ཅིག་མར་གྲུབ་སྟེ། དཔེར་ན་ངན་འགྲོའི་ཕུང་པོ་སྐད་ཅིག་མ་ཐ་མ་འགག་པ་དེ། བདེ་འགྲོའི་ཕུང་པོ་སྐད་ཅིག་མ་དང་པོ་གྲུབ་པ་གཉིས་ཀྱི་བར་དུ་སྐད་ཅིག་མ་གཞན་གྱི་དུས་ཆོད་པ་མེད་དོ། །དེ་གཉིས་དངོས་རྒྱུ་དངོས་འབྲས་ནུས་པ་ཐོགས་མེད་དུ་འཇོག་དགོས་པའི་ཕྱིར་རོ། །དེས་ན་ངན་འགྲོའི་ཕུང་པོ་འགག་པའི་སྐད་ཅིག་གྲུབ་པ་ན། དེ་སྔ་ལོགས་ཀྱི་ཕུང་པོ་ཡང་སྐད་ཅིག་མའི་རྒྱུན་ཡིན་པར་གྲུབ་ལ། བདེ་འགྲོའི་ཕུང་པོ་གྲུབ་པའི་སྐད་ཅིག་དང་པོ་ཡོད་པ་ན་དེའི་རྗེས་ཀྱི་ཕུང་པོ་རྣམས་ཀྱང་སྐད་ཅིག་མའི་ཕྲེང་བ་ཡིན་པར་གྲུབ་བོ། །ཡུལ་གཞན་དང་གཞན་དུ་འགྲོ་བའི་ཀྱང་སྐད་ཅིག་མར་གྲུབ་སྟེ། དཔེར་ན། འདོམ་བདུན་ཙམ་གྱི་ཕ་རོལ་ཏུ་འགྲོ་ན། གོམས་པ་གཅིག་གིས་གང་དུ་ཕྱིན་པ་དེར་ཉེ་བར་སོང་བ་དེ་བཞིན་དུ་གཉིས་དང་གསུམ་ལ་ཡང་སྦྱར་བས་འདོམ་བདུན་གྱི་ཕར་འགྲོ་ནུས་པ་ཡིན་གྱི། སྐད་ཅིག་མའི་ཕྲེང་བ་རིམ་པས་རྒྱུད་དེ་གཅིག་ནས་གཅིག་ཏུ་འགྲོ་བ་མེད་ན། དེ་ལྟར་མི་རུང་བའི་ཕྱིར་རོ། །ས་བོན་དང་བཅས་པའི་སྐྱེ་བ་ཡང༌། སྐད་ཅིག་མ་ཡིན་པར་གྲུབ་སྟེ། སྐད་ཅིག་མ་གཅིག་ནས་གཅིག་ཏུ་འགྲོ་བ་ལ་དེ་རུང་གི སྐད་ཅིག་མ་གཅིག་ཁོ་ན་ལ་གནས་པ་ལ་དེ་ལྟར་མི་རུང་བའི་ཕྱིར་དེ་ཡང་འདུ་བྱེད་ཀྱི་ལས་བྱས་པས་ཕུང་པོ་ལ་
ས་བོན་འདེབས་པར་བྱེད་པ་ཡིན་ཞིང༌། དེ་ཡང་འདུ་བྱེད་ཀྱི་ལས་འགག་བཞིན་པས་ན། ཕུང་པོ་ལ་ས་བོན་འདེབས་བཞིན་པ་ཡིན་ལ། ལས་འགག་པ་ནས་ས་བོན་བཏབ་ཟིན་ཅིང༌། དེ་ནས་སྐད་ཅིག་རེ་རེ་བཞིན་ས་བོན་དེ་ཉིད་ཡོངས་སུ་སྨིན་པར་འགྱུར་བ་ཡིན་ནོ། །དེས་ན་ས་བོན་འདེབས་པའི་སྐད་ཅིག་མ་ས་བོན་ཐེབས་པའི་སྐད་ཅིག་མ། ས་བོན་སྨིན་པའི་སྐད་ཅིག་མ་སྟེ། སྐད་ཅིག་མའི་འཕྲེང་བ་དེ་ལྟར་བྱུང་བ་བཞིན། སྐད་ཅིག་མ་དེ་དག་དང་འབྲེལ་བ་ནི་ཕུང་པོའི་སྐད་ཅིག་ཀྱང་དེ་སྙེད་དུ་ཡོད་པའི་ཕྱིར་རོ། །སྐབས་འདིར་ཕུང་པོ་ལ་ས་བོན་འདེབས་ཞེས་གསུངས་པ་ཡང༌། སྤྱིར་རྣམ་ཤེས་ཀྱི་ཕུང་པོ་དང༌། བྱེ་བྲག་ཏུ་ཀུན་གཞི་རྣམ་ཤེས་ལ་འདེབས་པ་ཡིན་ཡང༌། ཉན་ཐོས་སྡེ་བ་རྣམས་ཀྱི་འདོད་པ་དང་བསྟུན་ནས་ཕུང་པོ་ལ་འདེབས་ཞེས་གསུངས་སོ། །ས་བོན་མེད་པའི་སྐྱེ་བ་དགྲ་བཅོམ་པའི་ཐ་མའི་ཕུང་པོ་འགགས་པས་ཀྱང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། ཕུང་པོ་འགགས་པའི་སྐད་ཅིག་མ་ཐ་མ་ཡོད་ཕྱིན། དེའི་སྔ་ལོགས་སུ་གྱུར་པའི་སྐད་ཅིག་མ་སོགས་སྐད་ཅིག་མའི་འཕྲེང་བ་རྒྱུན་མི་འཆད་པར་གྲུབ་པ་ཡིན་ལ། ཅི་སྟེ་སྐད་ཅིག་སྐད་ཅིག་གིས་སྐྱེ་འགག་བྱེད་པ་མེད་ན། ས་བོན་མེད་པའི་ངོ་བོར་སྐྱེ་བ་དགྲ་བཅོམ་པའི་ཕུང་པོ་ཐ་མ་འགགས་པའི་སྐད་ཅིག་ཀྱང་མི་སྲིད་པར་འགྱུར་རོ། །སྐབས་འདིར་ཉན་རང་དགྲ་བཅོམ་པ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། ཕུང་པོའི་རྒྱུན་འགགས་པ་དང༌། ས་བོན་
སྤངས་པར་བཤད་པ་ནི། ཉན་ཐོས་སྡེ་བ་རྣམས་དང་རྩོད་པའི་སྐབས་ཡིན་པའི་ཕྱིར། དེ་རྣམས་ཀྱི་འདོད་པ་རྟགས་སུ་བཀོད་པ་ཡིན་གྱི། ཐེག་ཆེན་རང་ལུགས་ལ་ཁམས་གསུམ་འཁོར་བའི་ཕུང་པོ་རགས་པ་འགགས་པ་ཡིན་ཡང༌། སྤྱིར་ཕུང་པོའི་རྒྱུན་འགགས་པ་མ་ཡིན་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར་དང༌། དེ་གཉིས་ཀྱི་ས་བོན་སྤངས་པ་ཡང་མ་ཡིན་ཏེ། མ་རིག་བག་ཆགས་ཀྱི་ས་དང་མ་བྲལ་བའི་ཕྱིར་རོ། །དེས་ན་རྫོགས་པའི་སངས་རྒྱས་ཐོབ་ཁ་མར་ཕུང་པོ་དང༌། ས་བོན་ཐམས་ཅད་ཡོངས་སུ་འགགས་པའི་སྐད་ཅིག་མ་ཞིག་ནི་ཡོད་པ་ཡིན་ནོ། །གཟུགས་བརྙན་ཙམ་དུ་སྐྱེ་བས་ཀྱང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། དེ་རྣལ་འབྱོར་པ་དེའི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར། འདི་ནི་རྣལ་འབྱོར་པ་སེམས་ལ་དབང་ཐོབ་པ་རྣམས་ཀྱང་སྣང་བ་ཐམས་ཅད་པར་མོས་ནས། ཐམས་ཅད་པ་འབའ་ཞིག་ཏུ་སྣང་བ་དང༌། དེ་རྫུ་འཕྲུལ་གྱི་ཏིང་ངེ་འཛིན་དང་བསྒྲེལ་བ་ན། སྣང་བ་དེ་གཞན་ལ་ཡང་སྟོན་ནུས་པ་འབྱུང་བ་ཡིན་ལ། དེ་ཡང་རེ་འགའ་སྣང་ལ་རེས་འགའ་མི་སྣང་བ་སོགས་འཆར་ནུབ་སྣ་ཚོགས་འབྱུང་བ། རྣལ་འབྱོར་པའི་སེམས་སྐད་ཅིག་མའི་རྗེས་སུ་ཞུགས་པའི་ཕྱིར་སྣང་བ་དེ་རྣམས་ཀྱང་སྐད་ཅིག་སྐད་ཅིག་གིས་འཆར་ནུབ་བྱེད་པ་ཡིན་ནོ། །འདུས་བྱས་ཐམས་ཅད་སྐད་ཅིག་མ་ཞེས་གསུངས་པ་ནི། དངོས་བསྟན་ལ་ནང་བཅུད་སེམས་ཅན་ལ་བརྟེན་པའི་འདུ་བྱེད་རྣམས་སྐད་ཅིག་མ་ཡིན་ཞེས་གཞུང་ཚན་བར་བ་
འདིའི་སྐབས་སུ་འབྱུང་བ་ཡིན་ཡང༌། གོང་འདུས་བྱས་ཐམས་ཅད་སྐད་ཅིག་མར་སྒྲུབ་པའི་སྐབས་དང༌། འོག་ཏུ་འཆད་འགྱུར་གྱི་སྣོད་ལ་བརྟེན་པའི་འདུ་བྱེད་རྣམས་སྐད་ཅིག་མར་སྒྲུབ་པའི་སྐབས་སུ་ཡང་ཤེས་དགོས་པས། འདི་ནི་དབུས་ཀྱི་གསལ་བྱེད་ལྟ་བུ་ཡིན་ནོ། །གསུམ་པ་ཕྱི་སྣོད་ཀྱི་འདུས་བྱས་རྣམས་སྐད་ཅིག་མར་སྒྲུབ་པ་ནི་ས་ཆུ་མེ་རླུང་སྟེ། འབྱུང་བ་བཞི་རྣམས་དང་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཏེ། དོན་དྲུག་པོ་རྣམས་སྐད་ཅིག་མ་ཉིད་དུ་བརྗོད་པར་བྱ་བ་ཡིན་ཏེ། ཆུ་ནི་སོས་ཀའི་དུས་སུ་སྐད་ཅིག་སྐད་ཅིག་གིས་སྐམ་པར་འགྱུར་བ་དང༌། དབྱར་གྱི་དུས་སུ་ཆུ་བོ་རིམ་གྱིས་འཕེལ་བར་མངོན་སུམ་དུ་མཐོང་བའི་ཕྱིར། ཆུ་སྐད་ཅིག་མ་ཡིན་པར་གྲུབ་སྟེ། སྐད་ཅིག་སྐད་ཅིག་གིས་འཕེལ་འགྲིབ་མ་བྱས་ནས། མཐར་སྐམ་པ་དང༌། ཡོངས་སུ་འཕེལ་བར་ཡང་མི་རུང་བའི་ཕྱིར་རོ། །རླུང་ནི་རང་བཞིན་གྱིས་གཡོ་བ་ཡིན་པའི་ཕྱིར། སྐད་ཅིག་མར་གྲུབ་སྟེ། གནས་པའི་སྐབས་མི་སྲིད་པར་གཡོ་ཞིང་འགྲོ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཡང་རླུང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། དེ་ཉིད་ཆུང་ངུ་ལས་ཆེན་པོར་འཕེལ་བ་དང༌། ཆེན་པོ་ལས་ཆུང་ངུར་འགྲིབ་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །མེ་ཡང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། རྒྱུ་བུད་ཤིང་སྟོབས་ཆེ་ཆུང་ལས། འབྲས་བུ་མེ་འབར་བ་ཡང་ཆེ་ཆུང་དུ་མ་མཐོང་བའི་ཕྱིར་རོ། །ས་ཡང་སྐད་ཅིག་མར་གྲུབ་པ་ཡིན་ཏེ། སྐད་ཅིག་མར་གྱུར་པའི་ཆུ་མེ་རླུང་གསུམ་
པོ་དེ་དང་འབྲེལ་བའི་ཕྱིར། དེ་ཡང་འབྲེལ་ཡུལ་དེ་སྐད་ཅིག་མ་ཡིན་པར་གྲུབ་པས་ན། གང་ལ་འབྲེལ་བའི་ཆོས་དེ་ཡང་སྐད་ཅིག་མ་ཡིན་པར་གྲུབ་པ་ལ་དགོངས་སོ། །འདི་ནི་གཞན་རྣམས་ལ་ཡང་རིགས་འགྲེ་དགོས་ཏེ། དཔེར་ན་མེ་སྐད་ཅིག་མ་ཡིན་ཏེ། འབྱུང་བ་གཞན་གསུམ་པོ་དེ་དང་འབྲེལ་བའི་ཕྱིར། ཞེས་འགོད་པ་ལྟ་བུའོ། །གཟུགས་སྐད་ཅིག་མ་ཡིན་པར་གྲུབ་སྟེ། ཡོངས་སུ་འགྱུར་བ་བཞིས་རྣམ་པར་འགྱུར་བ་མཐོང་བའི་ཕྱིར་རོ། །ཡོངས་སུ་འགྱུར་བ་བཞི་ལས། ལས་ཀྱིས་འགྱུར་བ་ནི་ལུས་ཅན་རྣམས་ཀྱི་ལས་དགེ་སྡིག་གི་མཐུ་ལས། སྣོད་ཀྱི་འཇིག་རྟེན་བཟང་ངན་དུ་འགྱུར་བ་ལྟ་བུ་དང༌། གནོད་པས་འགྱུར་བ་ནི། སྐྱེས་བུས་རྩོལ་བའི་ས་བྲུས་ན། སྐྱོ་མོར་འགྲོ་བ་དང༌། དངོས་པོ་གཞན་བསྣན་ན་མཐོན་པོར་འགྱུར་བ་ལྟ་བུ་དང༌། འབྱུང་བས་འགྱུར་བ་ནི། ཆུའི་སྟོབས་ཀྱིས་ས་གཞི་སྐྱོ་མོར་འགྱུར་བ་ལྟ་བུ་དང༌། དུས་ཀྱི་འགྱུར་བ་ནི། དུས་ཡུན་རིང་པོར་ལོན་པ་ན། སྐྱེས་བུས་ལུས་རྒས་ཤིང་རྙིང་པར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་ཁ་དོག་སྟེ། གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱི་སྐད་ཅིག་མ་ཡིན་ཏེ། རྒྱུ་མཚན་གོང་གི་རིགས་པ་དེ་རྣམས་དང་འདྲ་བའི་ཕྱིར། སྒྲ་ཡང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། དཔེར་ན་དབྱུག་གུས་རྔ་ལ་བསྣུན་པའི་ཚེ། དང་པོ་སྒྲ་ཆུང་ངུ་ནས་ཇེ་ཆེར་འགྲོ་ཞིང༌། ཆེན་པོ་ནས་ཇེ་ཆུང་དུ་འགྲོ་བ་མངོན་སུམ་དུ་དམིགས་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སྐད་ཅིག་མ་ཡིན་
པར་གྲུབ་སྟེ། སྣང་མཁན་གྱི་གང་ཟག་དེའི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར། །དེ་ལ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ནི་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་རྣམས་ལ། གསལ་སྣང་གི་ཚུལ་དུ་ཤར་བའི་གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་སྣ་ཚོགས་ཤར་བ་རྣམས་ཡིན་ཞིང༌། གསལ་སྣང་ཐོབ་པ་མ་ཡིན་ཡང༌། འགྲོ་བ་ཐ་མལ་པ་རྣམས་ཀྱི་ཡིད་ངོར་ཤར་བའི་གཟུགས་སོགས་ཀྱི་སྣང་ཆ་ཡང་དེ་ཉིད་དོ། །དྲི་བའི་ཕྱིར་ཞེས་པ་ནི། མར་མེ་སྐད་ཅིག་མ་ཡིན་ནམ་མིན་ཞེས་དྲིས་པ། མར་མེ་སྐད་ཅིག་སྐད་ཅིག་གིས་སྣུམ་ཟད་པ་རྒྱུ་མཚན་དུ་བྱས་ནས། སྐད་ཅིག་མ་ཡིན་ཞེས་སྨྲས་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱང་དེ་དང་མཚུངས་པའི་ཕྱིར་སྐད་ཅིག་མར་གྲུབ་བོ། །ཡང་གཞོན་པ་རྟ་མི་འགྲོ་ལ། ཞོན་པ་པོ་མི་འགྲོ་བ་དེ་འདྲ་སྲིད་དམ་མི་སྲིད་ཅེས་དྲིས་པ་ལ། མི་སྲིད་ཅེས་སྨྲས་ན། དབང་ཡུལ་རྣམས་ཀྱང་སྐད་ཅིག་མ་ཡིན་པར་གྲུབ་སྟེ། ཤེས་པ་སྐད་ཅིག་མའི་རྟེན་ཡིན་པའི་ཕྱིར་རོ། །དེས་མི་རྟག་པར་སྒྲུབ་པའི་རིགས་པ་རྣམས་སོང་ནས་དེའི་འཕྲོས་དོན་འཆད་པ་ལ། དོན་ཚན་ལྔ་ཡོད་པ་ལས། དང་པོ་དངོས་མེད་མི་རྟག་པར་སྒྲུབ་པ་ནི། སྤྱིར་ནམ་མཁའ་ལ་སོགས་པ་འདི་རྣམས་རྟག་པ་ཡིན་པ་དང༌། འདུས་མ་བྱས་ཡིན་པར་ཁས་ལེན་པ་མང་དུ་ཡོད་པ་ཡིན་པ་ལས་ཐེག་པ་ཆེན་པོའི་མདོ་སྡེ་ངེས་དོན་འཆད་པའི་སྐབས་འདིར། དེ་འདུས་བྱས་དང་མི་རྟག་པར་འཆད་དགོས་པ་ཡིན་ནོ། །དེ་ཡང་ཆོས་གང་ཞིག་ཡུལ་དུས་གང་ན་ཡོད་པ་མ་ཡིན་པའི་དངོས་
མེད་ནི་རྟག་པ་ཡིན་ཞེས་མི་འཐད་དེ། མ་ཡིན་ཞེས་དམ་འཆའ་བ་ཡིན་ལ། དེ་ལྟར་ན་དཔལ་ཆོས་ཀྱི་གྲགས་པ་དང༌། ཕྱོགས་ཀྱི་གླང་པོ་ལ་སོགས་པ་རྣམས་ཀྱི་ནམ་མཁའ་དང་རིགས་སྤྱི་སོགས་རྟག་པར་བཤད་པ་མ་ཡིན་ནམ་སྙམ་ན། དེ་ལྟར་བཤད་མོད། དེ་ནི་མི་རྟག་པ་ལས་ལོག་པ་ཙམ་ལ། རྟག་པ་ཞེས་གསུངས་པས་ན་རྟག་པའི་ཐ་སྙད་ཙམ་བཞག་པ་ཡིན་པ་དང༌། ཡང་དེ་རྣམས་ནི་ཅི་ཡང་མེད་པའི་དངོས་མེད་ཙམ་ཡིན་པའི་ཕྱིར། འགྱུར་བའི་དངོས་པོ་ཡིན་པ་རྣམ་པར་བཅད་པའི་ཕྱིར་རྟག་པར་བཤད་པ་དང༌། ཡང་འཇིག་རྟེན་ན་འདི་རྣམས་རྟག་པ་ཡིན་ཞེས་ཀུན་ཏུ་གྲགས་པའི་ཕྱིར་གྲགས་པ་དང་བསྟུན་ནས། རྟག་པ་ཡིན་ཞེས་བཤད་པ་ཡིན་ལ། སྤྱི་ནི་མུ་སྟེགས་བྱེད་རྣམས་དང་རྩོད་པའི་སྐབས་སུ་དེ་རྣམས་ལ་རྟག་ཞེས་ཐ་སྙད་ཙམ་འདོགས་པར་མཛད་པ་ཡིན་གྱི། སྤྱིར་དེ་རྣམས་རྟག་པ་མཚན་ཉིད་པར་བཞེད་པར་མ་ཡིན་ནོ། །ནམ་མཁའ་དང་རིགས་སྤྱི་སོགས་དངོས་མེད་དེ་རྣམས་བརྟགས་ཡོད་ཙམ་ཡིན་པའི་ཕྱིར། བློས་བརྟགས་པ་ཁོ་ནར་ཟད་ཀྱི་རྫས་དངོས་སུ་གྲུབ་པ་ནི་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལ་འདི་རྣམས་ནམ་ཡང་འགྱུར་བ་མེད་པའི་ཕྱིར། རྟག་པ་ཅི་སྟེ་མིན་སྙམ་ན། དེས་ན་དངོས་མེད་འདི་རྣམས་ལ། ཁྱད་གཞི་མ་གྲུབ་པས་འགྱུར་བ་མེད་ཀྱང་འགྱུར་མེད་ནི་མ་ཡིན་ཏེ། ཆོས་གང་རང་གི་ངོ་བོ་ཁྱད་གཞིར་གྲུབ་པ་ཞིག་མི་འགྱུར་ཞིང་རྟག་ན་འགྱུར་
མེད་ཡིན་ཡང༌། འདི་རྣམས་ནི་རང་ཉིད་ཡོད་ནས་འགྱུར་བ་མེད་པ་མ་ཡིན་གྱི་རང་གི་ངོ་བོ་མེད་པས་འགྱུར་རྒྱུ་མེད་པ་ཡིན་པས་སོ། །དེས་ན་ཁྱད་གཞི་གང་ཡང་མེད་པ་ལ། ཁྱད་ཆོས་སྐྱེ་འགག་སོགས་ཡོད་མེད་གང་ཡང་མི་འཐད་དེ། དཔེར་ན་མོ་གཤམ་གྱི་བུ་མེད་ན་དེ་སྐྱེ་བ་དང་འགག་པ་སོགས་མེད་ཀྱང་སྐྱེ་མེད་མ་ཡིན་པ་བཞིན་ནོ། །དོན་ཚན་གཉིས་པ་མེད་པར་དགག་པའི་མཚན་ཉིད་ཅན་གྱི་སྟོང་ཉིད་དོན་དམ་དངོས་མ་ཡིན་པར་བསྟན་པ་ནི། ཡང་འགའ་ཞིག་ཆོས་དབྱིངས་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་ཙམ་ཅི་ཡང་མ་ཡིན་པ་དེ་ཉིད་གནས་ལུགས་ཀྱི་དོན་དམ་ཡིན་ཞེས་སྨྲས་ཏེ། དེ་འདྲ་འདོད་པའི་སྟོང་པ་ཉིད་དམ་སྐྱེ་མེད་ཀྱི་དོན་ཡང༌། དོན་དམ་བདེན་པ་དངོས་མ་ཡིན་ཏེ། བཤད་མ་ཐག་པའི་སྐྱེ་མེད་འདི་དང་མཚུངས་པའི་ཕྱིར། དེས་ན་མོ་གཤམ་གྱི་བུ་བཏགས་ངོ་ཙམ་དུ་ཡང་མེད་པའི་ཕྱིར། མི་སྲིད་པའི་ཆོས་གཞི་གཏན་མེད་ཡིན་ལ། དེ་ལ་ཁྱད་ཆོས་སྐྱེ་བ་མེད་ཀྱང་སྐྱེ་མེད་མིན་པ་དང༌། ནམ་མཁའ་རིགས་སྤྱི་སོགས་དངོས་མེད་རྣམས་རྣམ་པར་རྟོག་པས་བཏགས་པའི་བཏགས་ཆ་ཙམ་ཡིན་པའི་ཕྱིར། ཀུན་རྫོབ་བཏགས་ངོ་ཙམ་དུ་ཡོད་པས་མི་སྲིད་པའི་ཆོས་རང་མིན་ཀྱང༌། རྫས་སུ་ཡོད་པ་ནི་མ་ཡིན་ལ། དེས་ན་ཁྱད་གཞི་རྫས་སུ་མེད་པ་དེ་ལ། ཁྱད་ཆོས་རྫས་ཀྱི་སྐྱེ་བ་མེད་ཀྱང་སྐྱེ་མེད་དུ་མི་འཇོག་པ་དང་དེ་བཞིན་དུ་མེད་པར་དགག་པའི་[སྟོང་རྐྱང་གི་]མཚན་ཉིད་ཅན་གྱི་ཆོས་དབྱིངས་དེ་ལ་ཅི་མེད་ཅིང་མེད་ཡིན་པའི་ཕྱིར། དེ་ལ་སྐྱེ་འགག་མེད་ཀྱང་ཅི་ཡང་མེད་པ་
ལ། སྐྱེ་རྒྱུ་དང་འགག་རྒྱུ་མེད་པས་སྐྱེ་བ་མེད་ཅེས་བཤད་པ་ཡིན་གྱི་སྐྱེ་མེད་ཀྱི་དོན་མ་ཡིན་ནོ། །དེས་ན་ཆོས་གང་ཡོད་ཅིང་གྲུབ་པ་ཞིག་ལ་སྐྱེ་བ་མེད་ན། སྐྱེ་མེད་ཅེས་བརྗོད་པར་བྱ་བ་ཡིན་ལ། ཡེ་ནས་[རང་བྱུང་དུ་]གྲུབ་པ་ལ། རྒྱུ་རྐྱེན་གྱིས་མངོན་པར་སྐྱེ་བ་མེད་ཅིང༌། དེ་མེད་པས་ན་དང་པོར་འབྱུང་བ་ཡང་མ་ཡིན་ཞིང༌། བར་དུ་གནས་པ་དང༌། མཐར་འགག་པ་ཡང་མེད་པ་ཡིན་ནོ། །དོན་ཚན་གསུམ་པ་སྐྱེ་འཇིག་གི་དོན་ལ་དཔྱད་པ་ནི། སྤྱི་སྐྱེ་འཇིག་ཅན་ལ་རྫས་ཡོད་དང༌། བརྟག་ཡོད་གཉིས་སུ་འདོད་པ་ཡིན་ཞིང༌། དེ་ལ་ཡང་དཔེར་ན་བུམ་པ་ལྟ་བུ་ཞིག་རྫས་ཀྱི་སྐྱེ་འཇིག་ཅན་ཡིན་ལ་བུམ་པའི་སྐྱེ་བ་དང༌། འཇིག་པ་སོགས་ནི་དེའི་གནས་སྐབས་ལ་སྒྲོ་བཏགས་པའི་བརྟགས་ཆ་ཡིན་པའི་ཕྱིར་རྫས་ཡོད་མ་ཡིན་ནོ། །གཉིས་པ་ལ་ནི་རྫས་ཡོད་དང་བརྟགས་ཡོད་དང༌། དོན་དམ་ཞེས་བྱ་བ་རྣམ་པ་གསུམ་དུ་ཡོད་པ་ཡིན་ལ། འོན་ཀྱང་ཆོས་གང་དང་པོར་བྱུང་བའི་རྗེས་སུ་གནས་ན་གནས་པ་ཞེས་འཇོག་པ་ཡིན་གྱི་གདོད་མ་ནས་རང་གྲུབ་ཏུ་གནས་པ་ལ་[སྤྲོས་བྲལ་ཡིན་པའི་གནད་ཀྱིས་]གནས་པའི་ཐ་སྙད་མེད་དོ། །སོ་སོར་བརྟགས་འགོག་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་ཀྱང་རྒྱུ་རྐྱེན་གྱིས་མངོན་པར་འདུས་བྱས་པར་གྱུར་ཏེ། འདི་དག་གསར་དུ་སྐྱེས་པའི་ཆོས་ཡིན་པའི་ཕྱིར་རོ། །དེ་ཡང་དཔེར་ན། ཚེས་བཅོ་ལྔའི་ཉིན་ཕྱེད་ཙམ་གྱི་དུས་སུ་འཕགས་ལམ་གྱི་ཡེ་ཤེས་ཐོབ་སྟེ། མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་དེའི་ཚེ། སྡུག་བསྔལ་
མཐོང་སྤངས་ཡོངས་སུ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་པ་ཡིན་ཞིང༌། དེ་ནི་ཉི་མ་སྔ་ཕྱེད་ཡན་ཆད་དུ་མེད་པ་ལ། ཉིན་ཕྱེད་ནས་གསར་དུ་སྐྱེས་པ་ཡིན་པའི་ཕྱིར་རོ། །སོ་སོར་བརྟགས་མིན་གྱི་འགོག་པ་ཡང་རྐྱེན་མ་ཚང་བའི་སྟོབས་ཀྱིས་གསར་དུ་སྐྱེས་པ་ཡིན་ལ། དེ་ལྟར་ན་དང་པོར་སྐྱེས་པ་ལ་མཐར་མི་འགག་པ་མེད་པས་ན། དེ་ནི་སྐྱེ་འཇིག་ཅན་དུ་གྲུབ་པ་ལ། དེ་གྲུབ་པ་ན་འདུས་བྱས་ཡིན་པར་ཡང་གྲུབ་བོ། །འགོག་པ་དེ་གཉིས་དང་པོར་སྐྱེས་པའི་རྒྱུ་མཚན་ལས་རྗེས་སུ་དཔག་ནས། མཐར་འགག་པ་ཡིན་ཞེས་འཇོག་དགོས་པ་ཙམ་དུ་ཟད་པ་ཡང་མ་ཡིན་ཏེ། མཐར་འགག་པའི་རྒྱུ་མཚན་སོ་སོར་བརྟགས་འགོག་སྐད་ཅིག་མ་དང་པོ་དང༌། གཉིས་པ་ནས་བཟུང༌། བསྐལ་པ་སོགས་ལོན་པའི་བར་དུ་ཡོད་པ་ཡིན་ཏེ། གོང་དུ་སྨོས་པ་ལྟར། ཚེས་བཅོ་ལྔའི་ཉིན་ཕྱེད་ཀྱི་དུས་སུ་ཐོབ་པའི་སྡུག་བསྔལ་མཐོང་སྤངས་ཡོངས་སུ་འགག་པའི་སོར་སོར་བརྟགས་འགོག་དེ། སྐད་ཅིག་མ་དང་ཆུ་ཚོད་དང༌། ཞག་དང་ལོ་ཟླ་སོགས་རིམ་པས་ལོན་པ་ལས་བསྐལ་པའི་བར་དུ་འགྲོ་བ་ཡང་འགོག་པ་དེ་ཐོབ་པ་པོའི་རྒྱུད་དང་འབྲེལ་བའི་ཕྱིར། དེས་ན་དུས་ཀྱི་རིམ་པས་འཁྲིད་པས་མཐར་འགོག་པ་དེ་ཉིད་བློ་ངོར་ཡོངས་སུ་འགྱུར་ཞིང་འགག་པ་ཡིན་ནོ། །ཡང་འགོག་པ་དེ་སྔར་མེད་གསར་དུ་བྱུང་བ་ཡིན་ཡང་སྐྱེས་པ་མ་ཡིན་ནོ་སྙམ་ན། དེ་ལྟར་ན་གཟུགས་སོགས་དངོས་པོའི་ཆོས་འདི་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། དཔེར་ན། མྱུ་གུ་ས་བོན་ལས་བྱུང་བ་ཡིན་ཡང་
ས་བོན་ལས་སྐྱེས་པ་མ་ཡིན་པར་ཐལ་བར་འགྱུར་ཏེ། རྒྱུ་མཚན་དེའི་ཕྱིར་རོ། །ཡང་འགོག་པ་དེ་དག་དང་པོར་སྐྱེས་པ་ཡིན་ཡང་མཐར་མི་འཇིག་པ་སྲིད་སྙམ་ན། དེ་ལྟ་ན་དངོས་པོ་རྟག་པ་ཡོད་པར་འགྱུར་ཏེ། དེ་དང་པོར་སྐྱེས་པས་ན་དངོས་པོ་ཡིན་ལ་མཐར་མི་འཇིག་པའི་ཕྱིར། རྟག་པ་ཡིན་པར་འགྱུར་རོ། །དེས་ན་རང་ལུགས་ལ་དངོས་མེད་ཡིན་ཡང༌། གསར་དུ་སྐྱེས་པ་ནི་ཡོད་པ་ཡིན་ལ། དེ་ཡང་རྒྱུའི་བསྐྱེད་པ་ཡིན་པས་ན། རྒྱུ་ཅན་ཉིད་དུ་འགྱུར། དེ་ལྟར་ན་དངོས་པོ་དང་ཁྱད་པར་མེད་པར་འགྱུར་རོ། །སྙམ་ན་ཆོས་ཅན་གང་ལ་ཉེར་ལེན་གྱི་རྒྱུས་བསྐྱེད་པ་དང༌། རྫས་སུ་ཡོད་པ་དང༌། མཚན་གཞིའི་དངོས་པོ་ཡོད་པ་རྣམས་ནི་དངོས་པོ་ཡིན་ལ་ཆོས་ཅན་གང་ཉེར་ལེན་གྱི་རྒྱུས་མ་བསྐྱེད་པ་རྫས་སུ་མེད་པ། མཚན་གཞིར་མེད་པ་ནི་དངོས་མེད་དོ། །དངོས་མེད་དེ་ལྟོས་ངོར་འདུས་བྱས་ཀྱི་མཚན་ཉིད་ཅན་ཡིན་ཏེ། བློ་རྣམ་པར་རྟོག་པས་བཏགས་པ་ཙམ་ཡང་སེལ་ངོར་སྐྱེ་བ་ཡིན་ལ། འོན་ཀྱང་དེ་ལ་རྫས་སུ་སྐྱེ་བ་ནི་མེད་དེ་བརྟགས་ངོར་ཙམ་ཡིན་པའི་ཕྱིར། དེ་བཞིན་དུ་ཀུན་རྫོབ་ཙམ་དུ་སྐྱེ་ཡང༌། ཀུན་རྫོབ་བདེན་པར་འདི་མི་སྐྱེའོ། །དེས་ན་རྫས་སུ་སྐྱེ་འཇིག་ཡོད་པ་ནི། དངོས་པོ་འདུས་བྱས་རྣམས་ཁོ་ན་ལ་ཡིན་ཞིང༌། དངོས་མེད་འདུས་བྱས་རྣམས་ལ་ནི། བློས་བརྟགས་ངོ་ཙམ་གྱིས་སྐྱེ་འཇིག་འགྱུར་བ་ཡོད་པར་གྲུབ་ཀྱང༌། རིགས་པས་རྣམ་པར་དཔྱད་པའི་ངོར་ཡོད་པ་ལྟ་ཞོག །དབང་ཤེས་ལ་
སོགས་པ་མངོན་སུམ་གྱི་སྣང་ངོར་སྐྱེ་འཇིག་འགྱུར་བ་གང་ལས་གྲུབ་སྟེ། མེད་ཅེས་པའོ། །བརྟགས་པ་འཁྲུལ་བའི་ངོར་བྱས་པ་ཡིན་པས་ན། དངོས་མེད་རྣམས་རྒྱུ་དང་བཅས་པར་འདོད་དགོས་པ་ཡིན་ལ། དེ་ལྟ་ན་སྐྱེ་འཇིག་ཡོད་པར་གྲུབ་ཅིང༌། ཅི་སྟེ་སྐྱེ་འཇིག་ཡོད་ཀྱང་འདུས་བྱས་མིན་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། འདུས་བྱས་རང་གི་མཚན་ཉིད་དང་ལྡན་ཡང༌། འདུས་བྱས་མིན་ཞེས་སུ་ཞིག་སྨྲ་སྟེ། དེ་ལྟར་སྨྲ་བ་ནི་ཤིན་ཏུ་འཁྱམས་སོ། །འདུས་བྱས་ཀྱི་ཆོས་རྫས་སུ་མེད་པ་[ནམ་མཁའ་ལྟ་བུ་]སྐྱེ་བ་ལ། ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་པའི་རྒྱུ་མེད་ཀྱང༌། ཉམས་པར་བྱེད་པའི་རྒྱུ་དང་བྱེད་རྒྱུ་གཉིས་ངེས་པར་ཡོད་པ་ཡིན་ཏེ། དཔེར་ན་[བུམ་པ་ལྟ་བུ་]ཐོགས་བཅས་ཀྱི་དངོས་པོ་ཞིག་ཡོད་པར་བསལ་[གཞན་དུ་]བར་བྱེད་པ་དེ། དེའི་རྗེས་སུ་དེ་ཐད་ཀྱི་ནམ་མཁའ་སྐྱེ་བའི་བྱེད་རྒྱུ་ཡིན་ལ། ཡང་དེའི་ཐད་དུ་ཐོགས་བཅས་ཀྱི་དངོས་པོ་ཞིག་འཇོག་པར་བྱེད་པ་ན། དེ་ཐད་ཀྱི་ནམ་མཁའ་ཉམས་པར་བྱེད་པའི་བྱེད་རྒྱུའོ། །དེ་བཞིན་དུ་དངོས་མེདའགའ་ཞིག་ལ་བྲལ་རྒྱུ་ཡང་ཡོད་པ་ཡིན་ཏེ། སོ་སོ་བརྟགས་འགོག་ཐོབ་བྱེད་ཀྱི་ལམ་བསྒོམ་པ་དེ། བརྟག་འགོག་ལ་བྲལ་རྒྱུར་སོང་བ་ཡིན་ཞིང༌། འབྲས་བུའི་ཆོས་[ལམ་གྱི་ཡོན་ཏན་] གཞན་དང་གཞན་དག་གི་བསྐྱེད་རྒྱུར་སོང་བ་ཡང་ཡོད་དོ། །འཇོག་བྱེད་ཀྱི་རྒྱུ་དང་བྱེད་རྒྱུ་ཙམ་ལ་རྫས་ཀྱི་དངོས་པོ་སྐྱེ་བ་མེད་ལ། བརྟགས་པའི་ངོར་ནི་དེས་བསྐྱེད་པས། རི་བོང་གི་རྭ་སོགས་བློས་བཏགས་པའི་དོན་
ཡང་མི་སྲིད་པ་རྣམས་དང་དངོས་མེད་འདི་དག་མི་མཚུངས་སོ། །འདི་རྣམས་རྟག་པ་ཡིན་ཞེས་སྨྲ་བ་རྣམས་ཀྱི་འདོད་པ་ལ། རྫས་སུ་བརྟགས་པ་ཡིན་ནམ་འོན་ཏེ་བརྟགས་པ་རྟག་པ་ཡིན། དང་པོ་ལྟར་ན། འགོག་པ་གཉིས་པོ་འདི་དག་[ཕྱི་རོལ་པ་ལྟར་]རྟག་པའི་དངོས་པོ་ཡིན་པར་འགྱུར་ཏེ། རྫས་སུ་རྟག་པའི་ཕྱིར་འདོད་པར་མི་ནུས་ཏེ། རྟག་དངོས་གཉིས་པོ་དེ་མཚན་ཉིད་ཤིན་ཏུ་འགལ་བའི་ཕྱིར། གཞི་གཅིག་ལ་འདུ་བ་མི་སྲིད་པས་སོ། །གཉིས་པ་ལྟར་ན་བློ་ངོར་སྐྱེ་འཇིག་བྱེད་པ་དངོས་སུ་མཐོང་བ་དང་འགལ་ལོ། །དོན་ཚན་ལྔ་པ་དངོས་དང་དངོས་མེད་གཉིས་ཆར་འདུས་བྱས་སུ་བསྟན་པ་ནི། ཆོས་གང་ཞིག་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་རྫོབ་བདེན་པ་རྣམས་དང༌། རྣམ་པར་རྟོག་པའི་ཡིན་སྙམ་གྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་རྫོབ་ཙམ་པོ་ཐམས་ཅད་འདུས་བྱས་དང༌། གཉིས་མེད་ཡེ་ཤེས་ཁོ་ནའི་རང་རིག་པའི་སྤྱོད་ཡུལ་དུ་གྱུར་པ་རྣམས་འདུས་མ་བྱས་ཡིན་ལ། དེ་ནི་དོན་དམ་པའི་བདེན་པ་ཡང་ཡིན་ཞིང་བློ་ངོའི་ཆོས་ཐམས་ཅད་ལས་ཡོངས་སུ་གྲོལ་བ་སྟེ། དེས་ཡུལ་ལས་ཡོངས་སུ་འདས་པའོ། །ཞེས་བྱ་བ་ནི་འཕྲོས་དོན་གྱི་ཚིགས་སུ་བཅད་པའོ། །གཉིས་པ་འདུ་བྱེད་སྡུག་བསྔལ་དུ་བསྒྲུབ་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དུད་འགྲོ་ཚུན་ཆད་ཀྱིས་ཀྱང་སྡུག་བསྔལ་དུ་རྟོགས་པའི་ཕྱིར། རིགས་པས་སྒྲུབ་མི་དགོས་ལ། འགྱུར་བའི་སྡུག་བསྔལ་[བློ་ཤེས་རབ་ཅན་]རྣམ་པར་དཔྱོད་པ་དང་ལྡན་པའི་སོ་སོ་སྐྱེ་བོས་ཀྱང་སྡུག་བསྔལ་དུ་དངོས་སུ་རྟོགས་ནུས་པའི་ཕྱིར། དེ་ཡང་རིགས་པས་
སྒྲུབ་མི་དགོས་ཤིང༌། སྡུག་བསྔལ་དུ་རིགས་པས་སྒྲུབ་དགོས་པ་ནི་བྱིས་པ་རྣམས་ཀྱི་སྡུག་བསྔལ་ཡིན་པར་མ་ཤེས་པས། བདེ་བར་འཛིན་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །དེ་ཡང་འདུ་བྱེད་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང་འཇིག་པ་མི་རྟག་པའི་རང་བཞིན་ཅན་ནི་ཡིན་པས་གནས་པའི་གོ་སྐབས་ཅུང་ཟད་ཀྱང་མེད་པ་ཡིན་ལ། གནས་པའི་རང་དབང་མེད་པར་མི་འདོད་བཞིན་དུ་འཇིག་པའི་ཕྱིར་སྡུག་བསྔལ་ཉིད་དོ། །དེ་ཡང་ཞིག་པར་མི་འདོད་བཞིན་དུ་རང་དབང་མེད་པར་ཞིག་ན་སྡུག་བསྔལ་ཡིན་པར་ལྟ་ཞོག་ཞིག་པར་འདོད་པ་དང༌། འདོད་མི་འདོད་གཉིས་ཀ་མ་ཡིན་པའི་བར་མ་གཅིག་ཞིག་ན་ཡང་སྡུག་བསྔལ་བ་ནི་ཡིན་ཏེ། འཇིག་པ་དེ་ཡང་རང་དབང་མེད་པར་དབང་མེད་དུ་ཞིག་པའི་ཕྱིར་རོ། །བདེན་བཞིའི་ནང་ནས་སྡུག་བསྔལ་དང་ཀུན་འབྱུང་གཞི་གཅིག་ལ་ལྟོས་ནས་ཀུན་འབྱུང་རྒྱུ་དང་སྡུག་བསྔལ་འབྲས་བུར་འཇོག་པ་ཡིན་ཏེ། དཔེར་ན། ཉོན་མོངས་པ་ཞེ་སྡང་གི་ཀུན་ནས་བསླངས་ཏེ། སེམས་ཅན་གཞན་ཞིག་གིས་སྲོག་གཅོད་པའི་ལས་བྱས་ན། རྒྱུ་ཀུན་འབྱུང་དེ་ལས་འབྲས་བུ་སྡུག་བསྔལ་བདེན་པ་དམྱལ་བའི་ཕུང་པོ་གྲུབ་པ་ལྟ་བུ་ཡིན་ཡང༌། སྤྱིར་ན་སྡུག་ཀུན་གཉིས་པོ་ཕན་ཚུན་རྒྱུ་འབྲས་འགྲོ་བ་ཡོད་པས་རྣམ་པ་ཀུན་ཏུ་ཀུན་འབྱུང་རྒྱུ་དང༌། སྡུག་བསྔལ་འབྲས་བུར་མ་ངེས་སོ། །ལམ་གྱི་བདེན་པ་ཡང་རིགས་པས་རྣམ་པར་དཔྱད་ན་སྡུག་ཀུན་སྤོངས་པའི་གཉེན་པོ་བླ་ན་མེད་པ་ཡིན་ཡང༌། སྡུག་ཀུན་གྱི་རིགས་ཀྱི་ཁོངས་སུ་འདུ་བ་ཡིན་ཏེ། སྐྱེས་བུའི་རྒྱུད་ཀྱི་ལམ་ཡང་སྐྱེས་བུའི་ཉེར་ལེན་གྱི་
ཕུང་པོ་དང་འབྲེལ་བ་དང༌། སྐད་ཅིག་སྐད་ཅིག་གིས་མི་རྟག་པ་གནས་པའི་རང་དབང་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ཐམས་ཅད་རྒྱུ་མི་རྟག་པ་ཡིན་པའི་མཐུ་ལས་བྱུང་བ་ཡིན་ཏེ། དཔལ་དང་འབྱོར་པ་སོགས་ཕུན་སུམ་ཚོགས་པ་སྔར་ཡོད་པ་ཕྱིས་འཇིག་པ་ལྟ་བུ་འདོད་པ་དང༌། བྲལ་བའི་སྡུག་བསྔལ་ཡང་གོང་དུ་བསྟན་པ་ལྟར། དུས་སྐད་ཅིག་སྐད་ཅིག་གིས་ཁྲིད་དེ་མི་རྟག་པ་ལས། མཐའ་དེ་དག་ཞིག་པའི་སྡུག་བསྔལ་འབྱུང་བར་འགྱུར་བ་དང༌། ཡང་མི་སྲུན་པ་དང་ཕྲད་པའི་སྡུག་བསྔལ་འབྱུང་བ་ཡང༌། སྔར་སྡུག་བསྔལ་དང་མི་ལྡན་པ་ལ་དེ་ཡང་དུས་སྐད་ཅིག་སྐད་ཅིག་གིས་ཁྲིད་དེ། མི་བསྲུན་པ་དང་ཇེ་ཉེར་གྱུར་པ་ལས། མི་འདོད་པ་དང་འཕྲད་པའི་སྡུག་བསྔལ་འབྱུང་བ་ཡིན་ནོ། །གཞན་ཡང་དངོས་པོ་རྣམས་རང་རང་གི་གནས་སྐབས་དེ་ལ་མི་གནས་པར། དེ་ལས་གཞན་དང་གཞན་དུ་འགྱུར་ཞིང༌། མཐར་འཇིག་པར་འགྱུར་བ་ཡང་སྡུག་བསྔལ་ཞིང་ཡིད་འབྱུང་བའི་གནས་དེ་དཔེར་ན། རྒྱུ་ས་བོན་ལས་ཆུ་ལུད་དྲོད་གཤེར་སོགས་ཀྱིས་ཡོངས་སུ་བསྐུལ་བ་ལས། ས་བོན་གྱི་གནས་སྐབས་དེ་ལ་མི་གནས་པར་དེ་ཡང་ཡོངས་སུ་ཞིག་སྟེ་མྱུ་གུའི་གནས་སྐབས་འཛིན་པ་དང༌། དེ་ལ་ཡང་མི་གནས་པར་དེ་ཡོངས་སུ་ཞིག་སྟེ། འབྲས་བུའི་གནས་སྐབས་ཡོངས་སུ་འཛིན་པ་དང༌། དེ་ལ་ཡང་རྟག་ཏུ་མི་གནས་པར་མཐར་འཇིག་པར་འགྱུར་བ་ཡིན་ནོ། །གཞན་ཡང་སེམས་རྒྱུད་དྲི་མར་བྱེད་ནུས་
པ་ཡང༌། མི་རྟག་པའི་མཐུ་ལས་བྱུང་བ་ཡིན་ཏེ། སྔར་དྲི་མར་མ་བྱས་པ་ལས་དུས་སྐད་ཅིག་སྐད་ཅིག་གིས་ཡོངས་སུ་ཁྲིད་དེ་སེམས་རྒྱུ་དྲི་མས་གསར་དུ་གོས་པར་བྱེད་པ་དང༌། ཉོན་མོངས་པས་ཀུན་ནས་བསླངས་ཏེ། འདུ་བྱེད་ཀྱིས་སེམས་ལ་བག་ཆགས་ཡོངས་སུ་བགོ་བ་དང༌། བག་ཆགས་དེ་ཡང་སྐད་ཅིག་མ་དང་པོ་བག་ཆགས་བཞག་པ་ཙམ་མ་གཏོགས་བག་ཆགས་སྨིན་པའི་མགོ་མ་བརྩམ་པ་ལས། དེ་ཡང་སྐད་ཅིག་གིས་ཡོངས་སུ་ཞིག་ནས་དེ་ནས་སྐད་ཅིག་རེ་རེ་བཞིན་དུ་བག་ཆགས་སྨིན་པའི་གནས་སྐབས་ཡོངས་སུ་འཛིན་པར་འགྱུར་བ་དང༌། བག་ཆགས་སྨིན་པའི་སྐད་ཅིག་མ་ཡོངས་སུ་ཞིག་སྟེ། དེ་ལས་འབྲས་བུ་མངོན་དུ་འགྱུར་བ་དང༌། དེ་ལ་ཡང་མི་གནས་པར་འབྲས་བུ་དེ་ཡང་མཐར་འཇིགས་པས་སྐྲག་ཅིང་སྡུག་བསྔལ་བར་འགྱུར་བ་ཡིན་ནོ། །དེས་ན་གང་སྡུག་བསྔལ་ཐམས་ཅད་མི་རྟག་པ་ཡིན་པའི་རྒྱུ་མཚན་ལས་བྱུང་བ་ཡིན་ནོ། །གསུམ་པ་བྱེད་པ་པོས་སྟོང་པར་སྒྲུབ་པ་ལ། སྤྱིར་བྱེད་པ་པོ་འདོད་པ་རྣམས་ནི་མི་མཐུན་པའི་རྒྱུ་ལ་རྒྱུར་འཛིན་པ་ཡིན་ཞིང༌། འདི་ནི་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཉོན་མོངས་དང༌། ཉེས་པ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་ལ། གཞན་ཡང་རྟག་པ་ལས་མྱུ་གུ་སྐྱེ་བར་འཛིན་པ་ལྟ་བུ། རྒྱུ་མ་ཡིན་པ་རྒྱུར་འཛིན་པ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཡང༌། བྱེད་པ་པོ་ཁས་ལེན་པ་ལྟ་བུ་ཉེས་པ་ཐམས་ཅད་སྐྱེ་བའི་སྒོར་གྱུར་པ་དེ་ལྟ་བུ་
མ་ཡིན་ནོ། །དེ་ཡང་འཇིག་རྟེན་གྱི་བདེ་སྡུག་ཐམས་ཅད་ལས་དགེ་སྡུག་གི་མཐུ་ལས་བྱུང་བ་ཡང་སྡིག་པ་དང༌། འབྲས་བུ་སྡུག་བསྔལ་མྱོང་བ་དང་ལས་དགེ་བ་བྱེད་པ་དང༌། དེ་ལས་འབྲས་བུ་བདེ་བ་མྱོང་བ་ཡང་བྱེད་པ་པོས་སེམས་ཅན་རྣམས་ལ་སོ་སོར་དང་པོ་ཉིད་ནས་བྱས་པ་ཡིན་པས། སྤྱིར་བཏང་ཙམ་དུ་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་ངེས་པར་ཡིན་ཡང་དམིགས་གསལ་ལ་དེར་མ་ངེས་ཏེ། བྱེད་པ་པོའི་ལྷ་མཉེས་ན། སྡིག་པ་བྱས་པ་ཡང་འབྲས་བུ་བདེ་བ་མྱོང་བར་འགྱུར་བ་དང༌། བྱེད་པ་པོ་མ་མཉེས་ན། དགེ་བ་བྱས་ཀྱང་འབྲས་བུ་སྡུག་བསྔལ་འབྱུང་བར་འགྱུར་བ་སོགས་འདོད་པས། ལས་མ་བྱས་པ་དང་འཕྲད་པ་དང༌། བྱས་པ་ཆུད་ཟ་བ་དང་ལས་འབྲས་སོ་སོར་མ་ངེས་པ་སོགས་རྒྱུ་འབྲས་ཀྱི་སྤངས་བླངས་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་བས། བླངས་དོར་གྱི་གནས་ལ་ཆེས་ཤིན་ཏུ་གཡེལ་བར་གྱུར་པའི་ལྟ་བ་ངན་པའི་སྒོ་མི་ཟད་པ་ཆེན་པོའོ། །དེ་ཡང་ཐུབ་པ་[རལ་པ་]སེར་སྐྱས་ཡོངས་སུ་བསྟན་པ་མུ་སྟེགས་གྲངས་ཅན་པ་རྣམས་ནི་བྱེད་པའི་སྐྱེས་བུ་མི་འདོད་ཀྱང༌། གཙོ་བོའི་མིང་གིས་བསྟན་པ་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པར་གྱུར་པའི་བེམ་པོར་རྟག་པ་ཞིག་འཇིག་རྟེན་ཐམས་ཅད་བྱེད་པ་པོར་འདོད་པ་དང༌། ཡང་འགའ་ཞིག་འབྱུང་བ་དང༌། དུས་དང་ཡི་གེ་སོགས་བྱེད་པ་པོར་འདོད་པ་རྣམས་
ཀྱང༌། བྱེད་པ་པོ་ཁས་ལེན་ཡང་བྱེད་པ་པོའི་སྐྱེས་བུ་ཁས་མི་ལེན་པ་ཡིན་ཡང་གཞན་མུ་སྟེགས་ཕལ་ཆེ་བ་རྣམས་བྱེད་པ་པོའི་སྐྱེས་བུ་དབང་ཕྱུག་ཅེས་བྱ་བ་རྟག་པ་ཡིན་པ། དངོས་པོ་ཐམས་ཅད་ལ་དབང་བསྒྱུར་བ་པོ་ཞིག་གིས་སྣོད་ཀྱི་འཇིག་རྟེན་དང༌། སེམས་ཅན་རྣམས་ཀྱི་བདེ་སྡུག་སོགས་ཐམས་ཅད་དེས་བྱས་པར་འདོད་དོ། །དེ་ལྟར་ན་དེ་ལྟ་བུའི་བྱེད་པ་པོ་དེ་ནི་སྐད་ཅིག་སྐད་ཅིག་གིས་འཇིག་ཅིང་གནས་པའི་རང་དབང་མེད་པས་ན། སྡུག་བསྔལ་ཅན་ཡིན་པའི་ཕྱིར་གོང་དུ་འདོད་པ་ལྟར་གྱི་རྟག་པ་དང་དབང་བསྒྱུར་ཡིན་པ་ལས་ཉམས་ཏེ། མི་རྟག་པ་དང་རང་དབང་མེད་པ་ཡིན་པས་ཁྱེད་མི་འདོད་པ་དེ་ཐོག་ཏུ་བབས་པ་མ་ཡིན་ནམ། དེ་ཡང་དབང་ཕྱུག་སྐད་ཅིག་མ་དང་པོའི་རྒྱུ་བྱས་ཏེ། འབྲས་བུ་དབང་ཕྱུག་སྐད་ཅིག་མ་གཉིས་པ་སྐྱེས་པར་འགྱུར་བ་དེའི་ཚེ། དབང་ཕྱུག་སྐད་ཅིག་མ་དང་པོར་རང་དབང་མེད་པར་ཞིག་པའི་ཕྱྀར་རྟག་པ་མ་ཡིན་ལ་རང་དབང་མེད་པ་ཡང་ཡིན་ནོ། །འོ་ན་ཁྱོད་དག་བྱ་བྱེད་ལས་གསུམ་གྱི་བྱེད་པ་པོ་གཏན་ནས་མི་འདོད་དམ་སྙམ་ན། དེ་ལྟ་བུ་མི་འདོད་པ་ནི་མ་ཡིན་ཏེ། འོན་ཀྱང་དེ་ནི་མི་རྟག་པ་དང༌། རང་གཅིག་པུའི་རང་དབང་ཅན་མ་ཡིན་པར་རྒྱུ་རྐྱེན་གྱི་གྲོགས་གཞན་མང་པོ་དང་བཅས་པའི་བྱེད་པ་པོ་འདོད་པ་ཡིན་ཏེ། དཔེར་ན་བྱེད་པ་པོ་རྫ་མཁན་ལས་སུ་བྱ་བ་བུམ་པ་ལ་རྒྱུ་སྲད་བུ་དང༌། འཁོར་ལོ་དང༌། འཇིམ་པ་ལ་སོགས་པའི་བུམ་པ་སྒྲུབ་པར་བྱེད་པ་ལྟ་བུའི་རྒྱུ་རྐྱེན་སྣ་ཚོགས་པའི་གྲོགས་སུ་གྱུར་པའི་མི་རྟག་
པའི་རང་བཞིན་གྱི་བྱེད་པ་པོ་དེ་ལྟ་བུ་ཁས་ལེན་ནོ། །དེས་ན་མུ་སྟེགས་ཁྱེད་རྣམས་འདོད་པ་ལྟར་གྱི་བྱེད་པ་པོ་རྟག་པ་ཡིན་ལ། དབང་བསྒྱུར་ཡིན་པས། གཅིག་པུ་ཡིན་པ་དེ་ལྟ་བུ་སྤྱིར་ཤེས་བྱ་ལ་མི་སྲིད་ཀྱང༌། ཅི་སྟེ་དེ་འདྲ་སྲིད་པའི་དབང་དུ་བྱས་ནས། དེས་ནི་གང་ཡང་རུང་བའི་དངོས་པོ་གཅིག་ལ་ཡང་བྱ་བ་བྱེད་མི་ནུས་ན། འཇིག་རྟེན་ཐམས་ཅད་ལ་དབང་བསྒྱུར་བའི་བྱ་བ་བྱེད་མི་ནུས་པ་སྨོས་ཅི་དགོས། དེ་ཡང་བྱེད་པ་པོ་རྟག་པ་ཡིན་ན། དེས་བྱས་པའི་ཕྱི་ནང་གི་དངོས་པོ་འདི་རྣམས་རིམ་པས་འབྱུང་བ་འགལ་བ་ཡིན་ཏེ། དཔེར་ན། བྱེད་པ་པོ་རྟག་པ་དེས་བྱས་པའི་སོས་ཀའི་མེ་ཏོག་གི་དུས་དང༌། དབྱར་ཆར་གྱི་དུས་དང་སྟོན་ལ་འབྲས་བུའི་དུས་རྣམས་རིམ་གྱིས་འབྱུང་བ་འགལ་ཏེ། དབང་ཕྱུག་རྟག་ན་དེས་བྱས་པའི་སོས་ཀའི་དུས་ཀྱི་མེ་ཏོག་དེ་ཁོ་ན་ལ་རྟག་ཏུ་གནས་དགོས་པ་དང༌། དེ་རྣམས་དུས་གཅིག་ཆར་དུ་རྒྱུན་དུ་མི་འཆད་པར་འབྱུང་དགོས་པར་ཐལ་བ་ལས། དེ་ལྟ་བུ་མངོན་སུམ་འགལ་བའི་ཕྱིར་རོ། །དེ་ལ་སྐྱོན་མེད་དེ་དབང་ཕྱུག་རྟག་པ་ཡིན་ཡང༌། དེའི་འདོད་པས་རིམ་པར་བསྐྱེད་པ་ཡིན་ཏེ། དཔེར་ན་གོང་དུ་སྨོས་པའི་དུས་སྐབས་དེ་དང་དེར། དངོས་པོ་དེ་དང་དེ་བསྐྱེད་པར་བྱའོ། །སྙམ་པའི་འདོད་པ་ལ་བརྟེན་ནས་རིམ་པས་སྐྱེ་བ་ལྟ་བུའོ་ཟེར་ན། བྱེད་པ་པོ་དེ་གཅིག་པུ་ཡིན་པར་འགལ་བ་ཡིན་ཏེ། བྱེད་པ་པོ་དང༌། དེས་བསྐྱེད་པའི་འདོད་པ་གཉིས་བྱུང་བའི་ཕྱིར་རོ། །དེ་ལ་ཡང་སྐྱོན་མེད་དེ། དབང་ཕྱུག་དང༌། འདོད་པ་གཉིས་ངོ་བོ་ཐ་དད་མ་ཡིན་ཞིང༌། གཅིག་ཡིན་པའི་ཕྱིར་
ཞེ་ན། དེ་ལ་གཅིག་ལུགས་ཇི་ལྟར་ཡིན་དྲི་བར་བྱ་སྟེ། དབང་ཕྱུག་ཡུལ་འདོད་པར་གཅིག་པ་ཡིན་ནམ། འདོད་པ་དེ་གཅིག་ཡུལ་དབང་ཕྱུག་དང་གཅིག་པ་ཡིན། དང་པོ་ལྟར་ན། བྱེད་པ་པོ་དབང་ཕྱུག་དུ་མ་ཡིན་པར་ཐལ་བར་འགྱུར་ཏེ། འདོད་པ་དུ་མར་གྱུར་པ་དང་གཅིག་ཡིན་པའི་ཕྱིར། །གཉིས་པ་ལྟར་ན། འདོད་པ་དེ་ཡང་རྟག་པ་ཡིན་པར་ཐལ་ཏེ། བྱེད་པ་པོ་རྟག་པ་དང་གཅིག་ཡིན་པའི་ཕྱིར། དེ་ཡང་འདོད་ན། དངོས་པོ་སྣ་ཚོགས་པ་རྣམས་རིམ་པས་འབྱུང་བ་འདོད་པས་རིམ་པར་བསྐྱེད་པ་ལ། བརྟེན་ནས་བྱུང་བ་ཡིན་ཟེར་བ་ཉམས་ཏེ། འདོད་པ་རྟག་པ་ཡིན་ན་དེ་ལ་རིམ་པ་ཡང་མེད་ཅིང༌། དེས་བསྐྱེད་པའི་དངོས་པོ་རྣམས་ཀྱང་རིམ་པས་འབྱུང་བ་འགལ་བའི་ཕྱིར་རོ། །ཡང་དབང་ཕྱུག་དང་འདོད་པ་གཉིས་ཐ་དད་ཡིན་ལ་འོན་ཀྱང་རྒྱུ་དབང་ཕྱུག་གི་འབྲས་བུ་འདོད་པ་བསྐྱེད་པ་དང༌། དེས་འཇིག་རྟེན་སྣ་ཚོགས་པ་འདི་དག་བསྐྱེད་པ་ཡིན་པའི་ཕྱིར་ན། ཇི་སྐད་བཤད་པའི་ཉེས་པ་དེ་མི་འཇུག་གོ་སྙམ་ན། དབང་ཕྱུག་མི་རྟག་པར་ཐལ་དེ་རྒྱུ་འབྲས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར། གཞན་ཡང་དངོས་པོ་སྣ་ཚོགས་པ་འདི་རྣམས་བསྐྱེད་པ་ལ་རྒྱུ་དབང་ཕྱུག་དང་དེའི་འདོད་པ་སོགས་གཞན་མང་པོ་ཡང་ཡོད་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དང་མཚུངས་པས། བྱེད་པ་པོ་རྟག་པ་ཁོ་ནས་འཇིག་རྟེན་ཐམས་ཅད་བསྐྱེད་དོ། །ཞེས་སྨྲ་བ་རྣམ་པར་ཉམས་སོ། །ཡང་དབང་ཕྱུག་མི་རྟག་པ་མ་ཡིན་མོད་ཀྱང་རྒྱུ་འབྲས་ཡིན་པ་མི་འགལ་ཏེ། རྟག་པའི་རྒྱུ་འབྲས་ཡིན་པའི་ཕྱིར་ཅེ་ན། དེ་ལྟར་
ན་རྒྱུ་བྱེད་པ་པོ་རྟག་པ་དེས་འབྲས་བུ་འདོད་པ་བསྐྱེད་པ་ཡིན་པས་སོ། །འདོད་པ་རིམ་པས་འབྱུང་བ་འགལ་ཞིང༌། དེ་འགལ་བས་ན་ཕྱི་ནང་གི་དངོས་པོ་འདི་རྣམས་ཀྱང་རིམ་པས་འབྱུང་བ་འགལ་བའི་ཕྱིར་རོ། །དེ་ལ་སྐྱོན་མེད་དེ། བྱེད་པ་པོ་རྟག་པ་ཡིན་ཡང་དེ་དང་འདོད་པ་གཉིས་ལ་འབྲེལ་བ་མེད་ཅིང༌། འདོད་པ་དང་སྣ་ཚོགས་པ་འདི་རྣམས་ལ་ཡང་འབྲེལ་བ་མེད་པའི་ཕྱིར་སྙམ་ན། དེ་ལྟར་འབྲེལ་བ་གཉིས་དང་བྲལ་ན་དབང་ཕྱུག་དེ་ནི་བྱེད་པ་པོ་མ་ཡིན་པར་འགྱུར་ཏེ། གང་ལ་བྱ་བ་དེ་རྣམས་དང་འབྲེལ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་བྱེད་པ་པོའི་བདག་ནི་འཇིག་རྟེན་སྣ་ཚོགས་པ་འདི་དག་བྱེད་པའི་བྱ་བ་ཡོངས་སུ་འདོར་བས་སོ། །དེས་ན་མུ་སྟེགས་བྱེད་རྣམས་བྱེད་པ་པོའི་སྐྱེས་བུ་རྟག་གཅིག་རང་དབང་ཅན་དེ་མཆོག་གི་བདག་ཡིན་ཞིང༌། དེས་བསྐྱེད་པའི་སེམས་ཅན་སོ་སོའི་གང་ཟག་གི་བདག་རྟག་གཅིག་རང་དབང་ཅན་རྣམས་མཆོག་གི་བདག་དེས་དབང་བསྒྱུར་བྱ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །གཞན་ཡང་དབང་ཕྱུག་འདོད་པ་ལ་ལྟོས་དགོས་པ་བྱུང་བས་དེ་ཀ་རང་དབང་ཅན་མ་ཡིན་པར་འགྱུར་ཏེ། འདི་དང་འདི་ལྟ་བུ་ཞིག་བསྐྱེད་པར་བྱའོ། །སྙམ་པའི་འདོད་པ་དེ་རང་དབང་མེད་པ་ལས་འབྱུང་བ་ཡིན་གྱི། རང་དབང་ཡོད་ན་བསྐྱེད་པའི་འདོད་པ་ཡང་མི་དགོས་པའི་ཕྱིར། དེས་ན་འདོད་པ་ཡོད་ཕྱིན་རང་ཉིད་རང་བཞིན་གྱི་སྡུག་བསྔལ་སྤོང་བར་འདོད་པ་དང༌། བདག་ལེན་པ་སྟེ་བདེ་ཞིང་སྐྱིད་པར་འདོད་པ་ཡང་འབྱུང་བའི་ཕྱིར། རང་དབང་ཅན་མ་
ཡིན་པར་འགྱུར་ཏེ། རང་དབང་ཅན་ཡིན་ན། དེ་དང་དེ་ལྷན་དུ་འབྱུང་དགོས་པ་ལས། དེ་ལྟར་མི་འབྱུང་བར་འདོད་པའི་རྩོལ་བ་ལ་ལྟོས་པའི་ཕྱྀར་རོ། །དེས་ན་བྱེད་པ་པོ་དབང་ཕྱུག་ནི་སྐད་ཅིག་གིས་མི་རྟག་པར་དུས་ཀྱི་འཁྲིད་པས་གཞན་དབང་དུ་གྱུར་པ་ཡིན་པས། རང་དབང་ཡོད་པ་མ་ཡིན་ནོ། དེ་ཡང་དཔེར་ན་ཆུའི་ཐིག་པ་དུ་མར་རང་རང་སོ་སོའི་ཐད་ཀྱི་སར་ཡོངས་སུ་སྐམ་པར་གྱུར་ན། ཆུ་དེ་རྣམས་གཅིག་ཏུ་འགྲིལ་བའི་ཆུ་བོའི་རྒྱུན་མི་འབྱུང་བ་བཞིན་དུ་བྱེད་པ་པོ་ཡང་སྐྱེས་བུ་ལུས་སེམས་དུ་མ་ཚོགས་པ་ཡིན་པ་དང༌། དེ་ཡང་སྐད་ཅིག་སྐད་ཅིག་གིས་མི་རྟག་པ་འཇིག་པའི་རང་བཞིན་ཅན་ཡིན་པ་དེ་ལ། གོང་དུ་བསྟན་པ་ལྟར་གྱི། དགག་བྱ་བྱེད་པ་པོའི་བདག་རྟག་གཅིག་རང་དབང་ཅན་གྱི་མཚན་ཉིད་ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་དག་གི་དོན་བསྡུ་བ་ནི། དེ་ཡང་མུ་སྟེགས་བྱེད་རྣམས་ཀྱིས་སེམས་ཅན་རྣམས་ལ་བདེ་སྡུག་སྦྱིན་པ་པོ་རྟག་གཅིག་རང་དབང་ཅན་གྱི་བྱེད་པ་པོ་ནི་མཆོག་གི་བདག་ཡིན་ལ། དེས་བདེ་སྡུག་སྦྱིན་པར་བྱ་བའི་ཡུལ་སེམས་ཅན་སོ་སོ་ལ་རྟག་པ་གཅིག་པུ་རང་དབང་ཅན་གྱི་གང་ཟག་གི་བདག་རེ་རེ་ཡོད་པ་ཡིན་ཞེས་སྨྲ་བར་བྱེད་དོ། །དེ་ལྟར་བྱེད་པ་པོའི་བདག་རང་དབང་ཅན་རྟག་པ་གཅིག་པུ་ཡིན་པ་དེ་ལྟ་བུ་མེད་ལ། །དེ་ལྟར་མེད་པས་དེས་བདེ་སྡུག་གང་ལ་སྦྱིན་པར་བྱ་བའི་ཡུལ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་ཀྱང་མེད་པ་ཡིན་ལ། དེ་ལྟར་མེད་པར་མངོན་སུམ་དུ་རྟོགས་པས་ན། ཁམས་
གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཟློག་པ་ཡིན་ནོ། །གཉིས་པ་གང་ཟག་གི་བདག་མེད་པ་དངོས་བཤད་པ་ལ། གང་ཟག་གི་བདག་མེད་བཤད་དགོས་པའི་རྒྱུ་མཚན་དང༌། དེའི་རིགས་པ་དངོས་བཤད་པ་གཉིས་ལས། དང་པོ་ནི་མུ་སྟེགས་རྣམས་འདོད་པ་ལྟར་གྱི་བྱེད་པ་པོའི་བདག་རྟག་གཅིག་རང་དབང་ཅན་[གྱི་ཀུན་བཏགས་ཀྱི་བདག་]ལ་དེ་ཙམ་དུ་དགག་པ་བྱས་པ་ལ་དགོས་པ་ཅི་ཡོད་སྙམ་ན། འདི་ལ་ནི་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ཏེ། བྱེད་པ་པོ་རྟག་པ་དབང་བསྒྱུར་དེ་འདྲ་ཡུལ་དངོས་གནས་ལ་མེད་ཅིང༌། དེར་འཛིན་པའི་རྣམ་པར་རྟོག་པ་ཡང་ཕྱིན་ཅི་ལོག་གི་བློ་ཡིན་ལ། བྱེད་པ་པོ་དེས་བདེ་སྡུག་སྦྱིན་པར་བྱ་བའི་ཡུལ་གང་ཟག་གི་བདག་རྟག་གཅིག་རང་དབང་ཅན་དེ་ཡང་ཡུལ་དངོས་གནས་ལ་མ་གྲུབ་ཀྱང༌། དེ་ལྟར་འཛིན་པའི་རྣམ་པར་རྟོག་པ་ནི་གང་ཟག་གི་བདག་འཛིན་ཡིན་པས། དེ་ཐོག་མ་ནས་མེད་པར་གཏན་ལ་ཕབ། དེ་རྗེས་སུ་གང་ཟག་གི་བདག་མེད་པའི་དོན་བསྒོམ་པ་ཡོད་ན་སྲིད་པ་ལས་གྲོལ་བ་ཡོད་པ་དང༌། དེ་བསྒོམ་པ་མེད་ན་སྲིད་པ་ལས་གྲོལ་བ་མེད་པས། སྲིད་པ་ལས་གྲོལ་བ་ཡོད་མེད་གང་ཟག་གི་བདག་མེད་སྒོམ་པ་ཡོད་མེད་ལས་རྗེས་སུ་དཔོག་པ་ཡིན་ནོ། །གང་ཟག་གི་བདག་འགོག་པ་དང་དེ་མེད་པའི་དོན་སྒོམ་པ་ལ་ཐར་འདོད་རྣམས་ཀྱིས་འབད་པར་བྱ་དགོས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། [ཐོག་མེད་ནས་གོམ་པའི་ལྷན་སྐྱེས་ཀྱི་]མ་རིག་པ་ལས་འཇིག་ཚོགས་ལ་ལྟ་བའི་བདག་ཏུ་འཛིན་པ་འབྱུང་བ་ཡིན་ཏེ། མ་རིག་པ་ནི་གང་ཡང་མི་ཤེས་པའི་སེམས་
ཤིན་ཏུ་རྨོངས་པ་མི་གསལ་བའི་རང་བཞིན་ཅན་ཡིན་པས། དེས་བདག་ཡོད་པར་མི་འཛིན་ཀྱང༌། བདག་མེད་པར་མ་ཤེས་པའི་རྨོངས་པ་དེ་ལ་བརྟེན་ནས། མ་རིག་པ་དང་བཅས་པའི་སེམས་ཀྱིས་རང་གིས་ཕུང་པོའི་ཚོགས་པ་ལ་ཡོངས་སུ་བརྟགས་པ་ན། དེ་ལ་ང་བདག་ཡོད་པར་འཁྲུལ་ནས་ངའོ་སྙམ་དུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ་འབྱུང་བ་ཡིན་ཏེ། དཔེར་ན་གླང་པོ་ཆེའི་མཚན་ཉིད་ཡོངས་སུ་ཤེས་པའི་གང་ཟག་ཞིག་ལ། སྲོག་ཆགས་གཞན་དང་གཞན་དག་བསྟན་ཏེ་འདི་གླང་པོ་ཆེ་ཡིན་ནོ། །ཞེས་ཇི་ཙམ་སྨྲས་ཀྱང༌། གླང་པོ་ཆེ་ཡིན་སྙམ་པའི་འཁྲུལ་བ་སྐྱེ་མི་སྲིད་པ་ཡིན་ལ། སྔར་གླང་པོ་ཆེ་མ་མཐོང་ཞིང་མ་ཤེས་པ་ཞིག་ལ། གང་ཟག་གཞན་དང་གཞན་དག་གིས་གླང་པོ་ཆེ་མ་ཡིན་པའི་སྲོག་ཆགས་གཞན་ཞིག་བསྟན་ནས་འདི་གླང་པོ་ཆེའོ་ཞེས་བརྗོད་ནས། དེ་གླང་པོ་ཆེ་ཡིན་སྙམ་པའི་འཁྲུལ་ཤེས་སྐྱེ་བ་བཞིན་ནོ། །འཇིག་ཚོགས་ལ་ལྟ་བ་དེ་ལས་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་སྐྱེ་བ་ཡིན་ཏེ། ང་བདག་ཏུ་འཛིན་པའི་དེ་ལ་བརྟེན་ནས། བདག་ལ་ཆགས་པའི་འདོད་ཆགས་དང༌། བདག་ཏུ་འཛིན་པ་ལས་གཞན་དུ་འཛིན་པ་ཡང་འབྱུང་བས་ན། དེ་རྣམས་ལ་ཞེ་སྡང་སྐྱེ་བ་ཡིན་ནོ། །ཤུགས་དྲག་འབྱུང་ཞེས་གསུངས་པའི་རྒྱུ་མཚན་ཡང༌། འཇིག་ཚོགས་ལ་ལྟ་བ་དང་བཅས་པའི་འདོད་ཆགས་དང༌། ཞེ་སྡང་ལ་སོགས་པ་རྣམས་ཀྱིས་ཡང་སྲིད་འཕེན་ནུས་ཀྱི་ལས་ཀུན་ནས་སློང་
ནུས་པ་ཡིན་ལ། བདག་ཏུ་ལྟ་བ་མེད་ན་གཞན་ཉོན་མོངས་ཅི་རིགས་རྒྱུད་ལ་སྐྱེས་ཀྱང༌། ཡང་སྲིད་འཕེན་བྱེད་ཀྱི་ལས་གསོགས་ནུས་པའི་ཉོན་མོངས་ཤུགས་དྲག་ཅན་དེ་སྐྱེ་ནུས་པ་མ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་བདེན་པ་མཐོང་བ་རྣམས་འཕེན་བྱེད་ཀྱི་ལས་གསར་པ་གསོག་པ་མེད་པ[འི་གནད་]ཡང་འདིའོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་འདི་ལ་བརྟེན་ནས་ངར་འཛིན་པ་དང༌། [ཐོག་མའི་]ངའི་གནས་ངའི་ལུས། [མེད་དོ་]ངའི་ལོངས་སྤྱོད་ཞེས་ང་ཡིར་འཛིན་པ་ཡང་འབྱུང་བ་དང༌། གཞན་ཡང་བདག་ཏུ་ལྟ་བ་དེ་ཉིད་སྐྱེས་བུ་དབང་ཕྱུག་ལྟ་བུ་ཞིག་ལ་སྤོས་ནས་བྱེད་པ་པོར་འཛིན་པའི་རྣམ་པར་རྟོག་པ་ཡང་འབྱུང་བ་ཡིན་ནོ། །གང་ཟག་གི་བདག་ཏུ་ལྟ་བ་དེའི་ངོ་བོ་ནི། ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པ་ཡིན་ཞིང༌། ཁྱད་པར་རྟག་པ་ཡིན་ལ། གཅིག་པུ་ཡིན་པ། རང་དབང་ཅན་ཡིན་པར་འཛིན་ཅིང་དེའི་རང་བཞིན་ནི། གཙང་བ་ཡིན་པ། བཟང་བ་ཡིན་པ་མ་འདྲེས་པ་ཡིན་པར་བལྟའོ། ཁྱད་པར་གསུམ་པོ་འོག་ཏུ་འཆད་པར་འགྱུར་ལ་རང་བཞིན་གསུམ་ནི་ངར་འཛིན་གྱི་འཛིན་སྟངས་ལ། བདག་ནི་གཞན་གང་ལས་ཀྱང་གཙང་བར་འཛིན་པ་ཡིན་ལ། དེ་ཡང་ཕྱིན་ཅི་ལོག་གི་བློ་སྟེ། ལུས་ནི་མི་གཙང་བའི་རང་བཞིན་ཤ་ཁྲག་གི་ཕུང་པོ་དང༌། སེམས་ནི་ཉོན་མོངས་པས་གཞན་དབང་དུ་གྱུར་པ་མི་གཙང་བ་ཁོ་ནའོ། །བཟང་པོར་ལྟ་བ་ནི་སེམས་ཅན་
གང་ཅི་ཡང་རུང་བ་རྣམས་ལས་རང་ཉིད་བཟང་ཞིང་ཡིད་དུ་འོང་བར་ལྟ་བ་དང༌། མ་འདྲེས་པའི་བདག་ཅེས་བྱ་བ་ཕྱི་རོལ་གྱི་དངོས་པོ་དང༌། རང་གི་ལུས་སེམས་ཀྱི་ཚོགས་པ་གང་དང་ཡང་མ་འདྲེས་པར་ལྟའོ། །དེ་ལྟར་གང་ཟག་གི་བདག་ཏུ་འཛིན་པ་འགོག་པར་བྱེད་པ་ལ། གང་ཟག་བློ་དམན་དུ་གྱུར་པ་རྣམས་ལ་དང་པོར་གང་ཟག་གི་བདག་མེད་པར་སྒྲུབ་པའི་རིགས་པ་བསྟན་དགོས་པ་ཡིན་ལ། གང་ཟག་བློ་དམན་པ་ནི་ལོག་ལྟ་ཅན་དང་ཐེ་ཚོམ་ཅན་ཏེ། ལོག་ལྟ་ཅན་ནི་གང་ཟག་གི་བདག་མེད་པ་ལ་ཡོད་པར་རྟོག་པ་རྣམས་ཡིན་ལ། དེའི་ངོར་རིགས་པས་ཡོངས་སུ་བཀག་ནས། ལོག་པར་རྟོག་པ་སེལ་ནུས་པ་ཡིན་ནོ། །ཐེ་ཚོམ་ཅན་ནི་གང་ཟག་གི་བདག་ཡོད་དམ་མེད་སྙམ་པའི་ཡིད་གཉིས་ཟ་བ་དག་ཡིན་ལ། དེའི་ངོར་གང་ཟག་གི་བདག་འགོག་པའི་རིགས་པ་བསྟན་པས། གང་ཟག་གི་བདག་མེད་པ་ངེས་པའི་ཤེས་པ་བསྐྱེད་པར་བྱེད་པ་ཡིན་ནོ། །གང་ཟག་བློ་གྲོས་མཆོག་ལ་བདག་མེད་པར་སྒྲུབ་པའི་རིགས་པ་མཐའ་གཅིག་ཏུ་སྟོན་དགོས་པ་མ་ཡིན་ཡང༌། དེ་ལ་ཡང་རིགས་པ་སྔོན་དུ་སོང་ན་ཆེས་ཁྱད་པར་དུ་འཕགས་པ་ནི་ཡིན་ནོ། །དེ་ལ་གང་ཟག་གི་བདག་མེད་པར་སྒྲུབ་པའི་རིགས་པ་འདི་རྣམས་ཆོས་ཉིད་དང་ཡང་རྗེས་སུ་མཐུན་པ་ཡིན་ཏེ། བདག་མེད་པར་སྒྲུབ་པའི་གཏན་ཚིགས་ལ་བརྟེན་ནས་བདག་མེད་པར་ངེས་པའི་རིགས་ཤེས་རྗེས་དཔག་དེ་ཆོས་ཉིད་དངོས་མ་ཡིན་ཡང༌། ཡུལ་ཆོས་ཉིད་ལ་རྗེས་སུ་ཞུགས་
པ་ཙམ་ཡིན་པས་སོ། །དེས་ན་གང་ཟག་གི་བདག་མེད་པའི་སྔོན་འགྲོ་ལ་མི་རྟག་སྡུག་བསྔལ་སྟོང་པ་གསུམ་ཀ་སྔོན་དུ་གཏོང་བ་ནི་རྒྱས་པ་ཡིན་ལ། བྱེད་པ་པོས་སྟོང་པ་གང་ཟག་གི་བདག་མེད་པའི་ནང་དུ་བསྡུས་ནས་ལོགས་སུ་མ་བསྟན་པར་མི་རྟག་སྡུག་བསྔལ་ཙམ་གཏོང་བ་ནི་འབྲིང་པོ་དང༌། མི་རྟག་པ་ཁོ་ན་སྔོན་དུ་གཏོང་བ་ནི་བསྡུས་པ་ཡིན་ཞིང༌། གང་ཟག་གི་བདག་མེད་བཙན་ཐབས་སུ་བཤད་པ་ཡང་ཡོད་མོད་ཀྱི་སྔོན་འགྲོ་དེ་རྣམས་ཐོག་མར་བསྟན་རྗེས་སུ་གང་ཟག་གི་བདག་མེད་པ་བཤད་ན་ཆེས་ལེགས་པ་ཡིན་ནོ། །གཉིས་པ་རིགས་པ་དངོས་བཤད་པ་ལ་རྩ་བའི་གཞུང་འགོད་པ་དང༌། དེའི་དོན་སླར་ཡང་བཤད་པ་གཉིས་ལས། དང་པོ་ལ། མདོའི་ཚིག་འགོད་པ་དང༌། རྗེ་བཙུན་བྱམས་མགོན་གྱི་གཞུང་འགོད་པ་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱི་དཔལ་གྱི་མགུར་ནས་དམ་བཅའ་རྣམ་པ་བཞིའི་ཚུལ་གྱིས་གང་ཟག་གི་བདག་མེད་པ་བསྟན་པ་ཡིན་ཏེ། དེ་ཡང་སེམས་ཅན་རྣམས་ཕུང་པོ་ལྔ་ལ་དམིགས་ནས་བདག་ཏུ་འཛིན་ཞིང་སྒྲོ་འདོགས་པར་བྱེད་ཀྱང་ཕུང་པོའི་ཚོགས་པ་རྣམས་ལ་ནི། གང་ཟག་གི་བདག་གཏན་ནས་མེད་པ་ཡིན་ཞེས་དམ་བཅའ་དང་པོ་དང༌། ཕུང་པོ་རྣམས་ཀྱང་གང་ཟག་གི་བདག་ལ་ཡོད་པ་མ་ཡིན་ཏེ། དེ་ཡང་གང་ཟག་གི་བདག་ཚུགས་ཐུབ་པ་ཞིག་ལ། ཕུང་པོ་རྣམས་གྲོགས་སམ་འཁོར་གྱི་ཚུལ་གྱིས་ཡོངས་སུ་བསྐོར་ནས་ཡོད་པ་ཡང་མ་ཡིན་
ཞེས་དམ་བཅའ་གཉིས་པ་དང༌། གང་ཟག་གི་བདག་རྣམ་པར་རྟོག་པས་ཇི་ལྟར་བཟུང་བ་བཞིན་དུ་མེད་ལ། ཕུང་པོ་རྣམས་ཀྱང་རྟོག་པས་ཇི་ལྟར་བཟུང་བ་ལྟར་མེད་ཅེས་དམ་བཅའ་གསུམ་པ་དང༌། དེ་ལྟར་ན་བདག་ཕུང་གཉིས་གཏན་ནས་མེད་པ་ཡིན་ནམ་སྙམ་ན། དོན་དམ་བདེན་པ་དང་རྫས་སུ་མེད་ཀྱང་བདག་ཕུང་དེ་དག་བརྟགས་པ་ཙམ་དུ་མེད་པའང་མ་ཡིན་ནོ། །ཞེས་དམ་བཅའ་བཞི་པ་མཛད་པ་ཡིན་ཞིང༌། དང་པོ་གསུམ་ནི་སྒྲོ་འདོགས་ཀྱི་མཐའ་དང་ཕྱི་མ་ནི་སྐུར་འདེབས་ཀྱི་མཐའ་སེལ་བའི་ཚུལ་གྱིས་གསུངས་པ་ཡིན་ནོ། །གཉིས་པ་ནི་རྗེ་བཙུན་བྱམས་མགོན་གྱིས་མདོ་སྡེ་རྒྱན་དུ་ཚིགས་སུ་བཅད་པས་བདག་དང་བྱེད་པ་པོ་འགོག་པ་ཡང་འདི་ལྟར་གསུངས་པ། ལུས་ཅན་རྣམས་བཟུང་བྱ་ཉེར་ལེན་གྱི་ཕུང་པོ་ལ་བརྟེན་ནས། ང་བདག་ཏུ་འཛིན་པའི་འཛིན་སྟངས་ཀྱིས་བཟུང་ཆར་གྱུར་པའི་གང་ཟག་གི་བདག་ཡོད་ན། དེ་གང་ཟག་གི་བདག་ཏུ་ལྟ་བའི་ཤེས་པ་ཡིན་ནམ། གང་ཟག་ཏུ་སྒྲོ་འདོགས་པའི་གཞི་ཕུང་པོ་ཡིན་ནམ། དེ་གཉིས་ཀ་ལས་གཞན་པ་ཞིག་ཡིན། དང་པོ་ལྟར་ན། བདག་ཏུ་ལྟ་བའི་ཤེས་པ་ཉིད་གང་ཟག་གི་བདག་མ་ཡིན་དེ་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར། དེ་ཡང་བདག་ནི་རྟག་པ་ཡིན་ལ་འདི་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །[བརྟགས་པ་གཉིས་པ་ལྟར་ན་]ངན་པར་གནས་པ་ཉེར་ལེན་གྱི་ཕུང་པོ་ལྔ་ཡང༌། གང་ཟག་གི་བདག་མ་ཡིན་ཏེ། དེ་ནི་གང་ཟག་གི་བདག་དང་མཚན་ཉིད་མི་འདྲ་བའི་ཕྱིར། དེ་ཡང་
བདག་ནི་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པར་འདོད་ལ། ཕུང་པོ་མི་རྟག་དུ་མ་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟར་ཡོད་ན་སྣང་དུ་རུང་བ་ལ་མི་དམིགས་པའི་ཕྱིར་རོ། །དེས་ན་བཟུང་བྱ་གང་ཟག་གི་བདག་དངོས་གནས་ལ་མེད་ཀྱང༌། དེ་ལྟར་ཡོད་པར་འཛིན་པ་དེ་ནི་ནོར་བ་སྐྱེས་པ་ཡིན་ནོ། །དེས་ན་གང་ཟག་གི་བདག་མེད་པར་ཡོངས་སུ་རྟོགས་པས་ཐར་བ་ཐོབ་པ་ཡང༌། ནོར་བ་དེ་ཟད་པ་ཙམ་ལ་འཇོག་པ་ཡིན་གྱི་དེ་ལས་གཞན་གང་ཟག་རྫས་ཡོད་བདེན་གྲུབ་ཞིག་གིས་ལམ་རྫས་ཡོད་བདེན་གྲུབ་ཞིག་སྒོམ་པ་ལ་བརྟེན་ནས་གང་ཟག་གི་བདག་རྫས་ཡོད་བདེན་གྲུབ་ཞིག་སྤངས་ཏེ། ཐར་བ་ཐོབ་རྒྱུ་ཡོད་པ་ནི་མ་ཡིན་ནོ། །དེས་ན་ནོར་ཙམ་ཞེས་གསུངས་པས། གང་ཟག་གི་བདག་ནི་འཁྲུལ་བའི་གཞི་ཅན་ལོག་པའི་སྣང་བ་ཡིན་ལ་དེ་ཟད་པ་ཙམ་ལ་ཐར་བ་ཐོབ་པར་གསུངས་པ་ཡིན་ནོ། །དེའི་ཕྱིར་གཞུང་འདིར་ཡང༌། དེ་ཕྱིར་ནོར་བ་ཟད་ཙམ་ཐར་བ་ཡིན། །ཞེས་བཅོས་ན་གོ་བདེ་བ་ཡིན་ནོ། །གཞན་ཡང་སོ་སོའི་སྐྱེ་བོ་རྣམས་ནི་འཁྲུལ་བ་དང་མ་འཁྲུལ་བ་འདྲ་འདྲེས་ཙམ་དུ་བརྟེན་པ་ཡང་མ་ཡིན་པར་འཁྲུལ་བ་འབའ་ཞིག་ལ་བརྟེན་པས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་བ་ཙམ་ལ་བརྟེན་པའི་སྐྱེ་བོ་ཞེས་སྨོས་པར་མཛད་པ་ཡིན་ལ། དེ་རྣམས་ཀྱི་ཉེར་ལེན་གྱི་ཕུང་པོ་ལྔ་ནི་སྡུག་བསྔལ་རྒྱུན་ཆགས་པ་ཡིན་ཏེ།
དེ་ནི་སྡུག་བསྔལ་གྱི་ཞིང་ས་ཅན་ཡིན་པས། དངོས་པོ་གང་དང་ཕྲད་ཀྱང་སྡུག་བསྔལ་འབའ་ཞིག་ཏུ་འགྱུར་བ་དང༌། དེ་ནི་འཁོར་བ་ཐོག་མ་མེད་པ་ནས་ནམ་དུ་ཡང་ཆད་པ་མེད་པར་རྒྱུན་ཆགས་པའི་ཚུལ་གྱིས་བྱུང་བས་ན། ཕུང་པོ་ལྔའི་རྒྱུན་ལ། སྡུག་བསྔལ་རང་བཞིན་རྒྱུན་ཆགས་ཞེས་གསུངས་པ་ཡིན་ཞིང་དེ་ཙམ་ལས་ང་དང་བདག་ཡོད་པ་མ་ཡིན་ནོ། །འཁྲུལ་བ་ཙམ་ལ་བརྟེན་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་ན། སྡུག་བསྔལ་གྱི་རང་བཞིན་ཅན་ཕུང་པོ་རྒྱུན་ཙམ་ཞིག་ཏུ་རྟོགས་པར་མི་འགྱུར་བ་ཅི་སྙམ་ན། བྱིས་པ་རྣམས་ཀྱིས་གང་ཟག་གི་བདག་མེད་པ་མི་རྟོགས་པའི་རྒྱུ་རྣམ་པ་གཉིས་ཡོད་པ་ཡིན་ཏེ། དེ་རྟོགས་པར་འགྱུར་བ་རྒྱུའི་ས་བོན་མེད་པ་དང་དེ་རྟོགས་པ་ལ་སྒྲིབ་བྱེད་ཀྱི་ཕྱིན་ཅི་ལོག་གི་བློ་གོམས་པའི་མཐུ་ལས་སོ། །དང་པོ་ནི་གང་ཟག་གི་བདག་མེད་པའི་དོན་སྔར་མངོན་གསུམ་དུ་རྟོགས་མྱོང་བའམ། དེ་ལྟར་མ་ཡིན་ཀྱང་བདག་མེད་པ་ལ་ངེས་པའི་ཤེས་པ་གསལ་སྣང་གི་ཚུལ་གྱི་སྐྱེས་པ་ཞིག་ཡིན་ན། བག་ཆགས་དེའི་མཐུ་ལས་གང་ཟག་གི་བདག་མེད་པར་རྟོགས་པ་འབྱུང་བ་ཡིན་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི། རྒྱུ་དེ་དག་མེད་པས་སོ། །གཉིས་པ་ནི། འཁོར་བ་ཐོག་མ་མེད་པ་ནས་གང་ཟག་གི་བདག་ཏུ་འཛིན་པ་རྣམ་པར་རྟོག་པ་གོམས་པ་རྒྱུན་ཆགས་པའི་བག་ཆགས་སྟོབས་དང་ལྡན་པ་ཤིན་ཏུ་བརྟན་པ་ཡོད་པ་སྟེ། རྒྱུ་རྣམ་པ་གཉིས་ཡོད་པ་དེས། གང་ཟག་གི་བདག་མེད་པར་རིགས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་
ཀྱི་ཀྱང༌། འདུ་བྱེད་སྡུག་བསྔལ་དུ་རིག་པ་ཉིད་ཡིན་ལ། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་ཙམ་དུ་རིག་པ་ཡིན་གྱི། འདུ་བྱེད་སྡུག་བསྔལ་དུ་རིག་པ་ནི་མ་ཡིན་ནོ། །བྱིས་པ་རྣམས་ཀྱི་ཕུང་པོ་ལྔའི་རྒྱུན་འདི་ཉིད་ཀྱིས་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་བསྐྱེད་པར་འགྱུར་བ་ཡིན་ཏེ། སྐྱེ་བ་སྔ་མར་ཕུང་པོ་ལྔའི་རྒྱུན་གྱིས་སྡིག་པའི་ལས་ཞིག་བྱས་ན། དེའི་འབྲས་བུ་གནས་སྐབས་ཕྱི་མ་ཞིག་ཏུ་སྡུག་བསྔལ་མྱོང་བར་འགྱུར་བ་སོགས་ཡོད་ཀྱང༌། ཕུང་པོའི་རྒྱུན་དེ་དག་ལས་གཞན་པའི་ལས་བྱེད་པ་པོའི་གང་ཟག་དང༌། སྡུག་བསྔལ་མྱོང་བ་པོའི་གང་ཟག་རྫས་གྲུབ་ཏུ་ཡོད་པ་ནི་མ་ཡིན་ཏེ། དཔེར་ན་ཆུ་བོའི་རྒྱུན་ཞིག་དཀར་པོ་དང་འགྲོགས་པ་ལ། ཆུ་ཁ་དོག་དཀར་པོར་འགྱུར་བ་དང་དམར་པོ་འགྲོག་ནས་དམར་པོར་འགྱུར་བ་ཡིན་ཡང༌། དཀར་དམར་དེ་དག་གི་དབུས་ན་ཆུ་བོའི་རྒྱུན་ཙམ་ལས་གཞན་དཀར་དམར་དུ་བྱེད་པའི་དངོས་པོ་ལོག་པ་ཞིག་མེད་པ་བཞིན་ནོ། །དེས་ན་རེ་ཤིག་མ་བརྟགས་མ་དཔྱད་པའི་དབང་དུ་བྱས་ནས། ཕུང་པོ་ལྔ་པོ་འདི་ཉིད་ཀྱི་རྒྱུན་ལ་ཆོས་ཀྱི་རང་བཞིན་ཞེས་སྨོས་པར་མཛད་ནས་དེ་ཉིད་ཡོད་པར་འཇོག་པ་ཡིན་ནོ། །དེ་ཉིད་ལ་ཆོས་ཀྱི་རང་བཞིན་ཞེས་འཇོག་པའི་རྒྱུ་མཚན་ཡང༌། ཆོས་ཞེས་པ་སྒྲ་དོན་བཅུ་ལ་འཇུག་ཀྱང༌། འདིར་དངོས་པོ་ལ་ཆོས་ཀྱི་སྒྲ་འཇུག་པའི་དབང་དུ་མཛད་དེ། ཕུང་པོ་ལྔ་པོའི་རྒྱུན་འདི་ཙམ་ཞིག་ཡོད་པ་ཡིན་གྱི། དེ་ལས་ང་བདག་
སོགས་ཡོད་པ་མ་ཡིན་ཞེས། དེ་ཡན་གྱིས་གང་ཟག་གི་བདག་མེད་པར་བསྟན་པ་ཡིན་ལ། བརྟགས་ཤིང་དཔྱད་པའི་ཚེ་ན། ཆོས་ཕུང་པོ་ལྔའི་རང་བཞིན་ཡང་ཡོད་པ་མ་ཡིན་ཞེས། ཆོས་ཀྱི་བདག་མེད་པ་ཡང་བསྟན་པ་ཡིན་ནོ། །དེའི་ཞོར་བྱུང་དུ་བྱེད་པ་པོའི་བདག་འགོག་པ་ནི། རྒྱུ་རྐྱེན་རྣམ་པ་སྣ་ཚོགས་པ་ལ་བརྟེན་ནས། ཕྱི་ནང་གི་དངོས་པོ་འདི་རྣམས་རབ་ཏུ་སྐྱེ་ཞིང༌། རྒྱུན་རིམ་པས་འཇུག་པ་མངོན་སུམ་དུ་མཐོང་ན། སྐྱེ་བོ་འགའ་ཞིག་གིས་ཇི་ལྟར་ན། བྱེད་པ་པོའི་སྐྱེས་བུ་དབང་ཕྱུག་ལྟ་བུ་གཞན་ཞིག་གིས་བྱས་སོ་ཞེས་འཛིན་པ་ནི། ཆེས་ཤིན་ཏུ་འཁྲུལ་ལོ། །རྒྱུ་མཚན་གང་གི་ཕྱིར་ཞེ་ན། འཇིག་རྟེན་ན་དངོས་པོ་རྣམས་ཀྱི་རྒྱུ་རྐྱེན་སོ་སོར་མངོན་སུམ་དུ་མཐོང་ཞིང་གྲུབ་པའི་ཡོད་པ་འདི་མི་མཐོང་བར་མེད་པའི་བྱེད་པ་པོའི་སྐྱེས་བུ་ཡོད་པར་མཐོང་བ་འདི་འདྲ་བ་ནི་གང་ཞིག་ཡིན་ཞེས་བཞད་གད་ཀྱི་ཚུལ་གྱིས་སུན་འབྱིན་པར་མཛད་པ་ཡིན་ལ། དེ་ཡང་འཇིག་རྟེན་ན་མུན་ནག་གི་རྣམ་པས་ནི་གཟུགས་སོགས་དངོས་པོ་གསལ་བར་མི་མཐོང་བའི་གེགས་བྱེད་པ་ཡིན་གྱི་མེད་པའི་དངོས་པོ་མཐོང་བའི་རྒྱུ་བྱེད་པ་ནི་ནམ་ཡང་མེད་ལ། ཁྱེད་ཅག་གིས་མི་ཤེས་པ་མུན་པ་འདིས་ནི། འཇིག་རྟེན་ན་མངོན་སུམ་དུ་དམིགས་པའི་ཉེར་ལེན་གྱི་རྒྱུ་ས་བོན་ལྷན་ཅིག་བྱེད་པའི་རྐྱེན་ཆུ་ལུད་དྲོད་གཤེར་བ་ནམ་ཟླ་དུས་མཚུངས་པ་སོགས་ཀྱི་རྒྱུ་རྐྱེན་ལས་འབྲས་བུ་མྱུ་གུ་ནས་སྟོན་ཐོག་གི་བར་འབྱུང་བ་སོགས་མངོན་སུམ་དུ་ཡོད་པ་འདི་མི་མཐོང་བར་མངོན་སུམ་ལྟ་
ཞོག་རྗེས་སུ་དཔག་པའི་ཚད་མས་ཀྱང་མ་དམིགས་པའི་བྱེད་པ་པོའི་སྐྱེས་བུ་ཡོད་པར་མཐོང་བ་ནི་ཆེས་ཤིན་ཏུ་སྨད་པའོ། །འདི་ནི་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དེ་ཁོ་ན་ཉིད་ཀྱི་ལེའུ་ལས་འབྱུང་བའི་གང་ཟག་གི་བདག་མེད་པར་སྒྲུབ་པའི་རིགས་པ་མདོར་བསྡུས་སུ་བསྟན་པ་སྐབས་འདིར་རྒྱལ་ཚབ་བྱམས་པའི་གཞུང་བཀོད་པའི་ཚན་པ་དང་པོ་ཡིན་ལ། གཞུང་ཚན་གཉིས་པ་བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ་ནས་འབྱུང་བས་གང་ཟག་གི་བདག་མེད་པར་ སྒྲུབ་པའི་རིགས་པ་བཤད་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དམ་བཅའི་ཚུལ་གྱིས་བསྟན་པ་ཡིན་ཏེ། དེ་ཡང་ལུས་ཅན་རྣམས་ཀྱི་ལུས་སེམས་ཀྱི་འཚོགས་པ་འདི་རྣམས་ཕུང་པོ་ལྔར་འདུས་པ་ཡིན་ཏེ། གཟུགས་ནས་རྣམ་ཤེས་ཀྱི་བར་ལྔའོ། །དེ་ཡང་ལུས་ནི་གཟུགས་ཀྱི་ཕུང་པོ་སྟེ། མིག་ལ་སོགས་པ་དབང་པོ་ལྔ་དང༌། གཟུགས་ལ་སོགས་པ་ཡུལ་ལྔའི་རང་བཞིན་ཅན་ཡིན་པ་དང༌། སེམས་ནི་རྣམ་པར་ཤེས་པ་ཚོགས་ བརྒྱད་དང༌། དེ་དག་གི་འཁོར་དུ་འབྱུང་བ་བདེ་སྡུག་བཏང་སྙོམས་གསུམ ་དུ་བྱུང་བའི་ཚོར་བའི་ཕུང་པོ་དང༌། འདི་དང་འདིའོ་སྙམ་དུ་འཛིན་པའི་འདུ་ཤེས་ཅན་འདུ་ཤེས་ཀྱི་ཕུང་པོ་དང༌། འདོད་ཆགས་དང༌། ཞེ་སྡང་གཏི་མུག་ལ་སོགས་པ་སེམས་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་ལྟར་ལུས་སེམས་ཀྱི་ཚོགས་པ་ཆ་ཤས་དུ་མའི་རང་བཞིན་ཅན་ཕུང་པོ་ལྔ་པོ་འདི་ལ་དམིགས་ནས། ང་བདག་ཏུ་འཛིན་
པ་ནི་གང་ཟག་གི་བདག་འཛིན་ཡིན་ལ། དེ་ནི་དོན་དམ་པའི་བདེན་པར་ཡོད་པ་ལྟ་ཞོག་ཀུན་རྫོབ་ཀྱི་དངོས་པོར་ཡང་ཡོད་པ་མ་ཡིན་ནོ། །ཞེས་གང་ཟག་རྫས་སུ་མེད་པར་བསྟན་པས་སྒྲོ་འདོགས་ཀྱི་མཐའ་སེལ་བར་བྱེད་པ་དང༌། འོ་ན་དེ་ལྟ་བུའི་གང་ཟག་གི་བདག་དེ་རི་བོང་གི་རྭ་ལྟར་གཏན་ནས་མེད་པ་ཞིག་ཡིན་ནམ་སྙམ་ན། དོན་དམ་པར་དེ་ལྟར་ཡིན་མོད། ཀུན་རྫོབ་ཙམ་དུ་བློ་རྣམ་པར་རྟོག་པས་བཏགས་པའི་བཏགས་ཡོད་ཙམ་ཞིག་ཡིན་ཞེས་བཤད་པས། སྐུར་འདེབས་ཀྱི་མཐའ་སྤོང་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོའི་གང་ཟག་རྫས་སུ་མེད་ཀྱང་ལས་བྱེད་པ་དང༌། རྣམ་སྨིན་མྱོང་བའི་སྐབས་ཀྱི་ཕུང་པོའི་རྒྱུན་ཙམ་ཞིག་ལ་ང་བདག་ཏུ་བློས་བརྟགས་པ་ཞིག་ཡོད་པ་ཡིན་ལ། དེ་ནི་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡིན་པའི། དེ་ཙམ་ཞིག་ཁས་བླངས་པས་ཀུན་རྫོབ་ལས་འབྲས་ཀྱི་རྣམ་བཞག་ལ་སྐུར་འདེབས་སྤོང་པ་ཡིན་ནོ། །དེས་ན་གང་ཟག་གི་བདག་ཡོད་དམ་མེད་ཅེས་འདྲི་ན། མགོ་གཅིག་ཏུ་ལན་མི་སྨྲ་བར་རྣམ་པར་ཕྱེས་ནས་ལན་གདབ་དགོས་ཏེ། གང་ཟག་གི་བདག་རྫས་སུ་མེད་ལ། བརྟགས་པར་ནི་ཡོད་དོ། །ཞེས་སྨྲ་དགོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། དོན་ཚན་ལྔ་ཡོད་པ་ལས། དང་པོ་གང་ཟག་གི་བདག་རྫས་ཡོད་སྤྱིར་དགག་པ་ནི་ཕྱི་རོལ་མུ་སྟེགས་བྱེད་རྣམས་དང༌། རང་སྡེ་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ན། སྡེ་བ་ལྔ་ཙམ་ཞིག་ཡོད་པས་དེ་རྣམས་ཀྱི་
ངོར་རིགས་པ་འདི་རྣམས་ཀྱིས་བདག་མེད་པར་སྒྲུབ་པ་ཡིན་ནོ། །དེ་ཡང་གང་ཟག་གི་བདག་ཡོད་པ་མ་ཡིན་ཏེ། དེ་ཡོད་པ་ཚད་མ་གང་གིས་ཀྱང་མ་དམིགས་པའི་ཕྱིར། དེ་ཡང་དེ་ནི་མིག་གི་རྣམ་པར་ཤེས་པས་མཐོང་བ་མེད་པ་ནས་བཟུང༌། ལུས་ཀྱི་རྣམ་པར་ཤེས་པས་རེག་པ་མེད་པའི་བར་དབང་ཤེས་ལྔ་པོ་རྟོག་བྲལ་གྱི་ཤེས་པས་ཀྱང་མ་དམིགས་ལ། ཡིད་ཀྱི་རྣམ་པར་ཤེས་པས་གསལ་སྣང་གི་ཚུལ་གྱིས་དམིགས་པ་ཡང་མ་ཡིན་པའི་ཕྱིར་དང༌། ཡིད་རྟོག་བཅས་ཀྱིས་བརྟགས་ཤིང་དཔྱད་པ་ལས། རིགས་ཤེས་རྗེས་དཔག་གིས་འདི་ལྟ་བུའོ། །ཞེས་དམིགས་པ་ཡང་མེད་པའི་ཕྱིར། མངོན་སུམ་དང་རྗེས་དཔག་གང་གིས་ཡང་མ་དམིགས་པའི་ཕྱིར་རོ། །དེ་ལ་ཕྱོགས་སྔ་མ་ན་རེ། གང་ཟག་གི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པས་ཡུལ་གང་ཟག་གི་བདག་དེ་དམིགས་པ་ཡིན་ནོ། །ཟེར་ན། འདི་ལ་ཡང་ཕྱོགས་སྔ་མའི་འདོད་ལུགས་སོ་སོར་ཡོད་པ་ཡིན་ཏེ། སྡེ་བ་ལྔ་པོ་དེ་རྣམས་བཅོམ་ལྡན་འདས་ཀྱིས་མཐོང་བའི་ཆོས་ལ་འདོགས་པར་བྱེད་དོ། །ཞེས་གསུངས་པས། གང་ཟག་གི་བདག་རྫས་ཡོད་མཐོང་བའི་ཆོས་སུ་བཤད་པ་ཡིན་ཞེས་སྨྲ་བར་བྱེད་ལ། ལུང་དེའི་དོན་ནི་དེ་ལྟར་མ་ཡིན་ཏེ་མཐོང་བའི་ཆོས་ནི་ཕུང་པོ་ལྔ་པོ་འདི་ཉིད་ཡིན་ལ་དེ་ཡང་འདས་པའི་ཕུང་པོ་དང༌། མ་འོངས་པའི་ཕུང་པོ་མངོན་སུམ་དུ་མཐོང་བའི་ཡུལ་མ་ཡིན་པའི་ཕྱིར། ད་ལྟ་བའི་ཕུང་པོ་ལྔ་ཚོགས་པ་འདི་
ལ། མཐོང་བའི་ཆོས་ཞེས་གསུངས་པ་ཡིན་གྱི་གང་ཟག་གི་བདག་མཐོང་བའི་ཆོས་སུ་བཤད་པ་མ་ཡིན་པ་དང༌། འདོགས་པ་ཞེས་གསུངས་པས་ཀྱང༌། མཐོང་བའི་ཆོས་ཕུང་པོ་དེ་ལ་བརྟེན་ནས། ང་བདག་ཏུ་སྒྲོ་འདོགས་པར་བཤད་པས། གང་ཟག་རྫས་ཡོད་ཡིན་པར་དེས་བཀག་གོ །ཕྱི་རོལ་བ་རྣམས་ཀྱིས་གང་ཟག་གི་བདག་འཛིན་གྱི་དེ་དམིགས་པའི་ཚུལ་གང་ཟག་གི་བདག་ཅེས་བྱ་བ། ལུས་ཀྱི་ནང་སོགས་གནས་ངེས་པ་ཅན་ཞིག་ཏུ་རྣམ་པ་དང་བཅས་པར་མཐོང་ཞེས་སྨྲ་བ་ནི། གང་ཟག་གི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་ཡུན་རིང་དུ་གོམས་པས་འཁྲུལ་བས་བག་ཆགས་བརྟས་པས། ལོག་སྣང་དེ་ཤར་བ་ཡིན་གྱི་དེ་ནི་ཡུལ་ཅན་ཚད་མ་གང་གིས་ཀྱང་དམིགས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཉན་ཐོས་སྡེ་བ་རྣམས་ཀྱི་ངོར་གང་ཟག་གི་བདག་དེ་ཡོད་པ་མ་ཡིན་ནོ། །དེ་ལྟར་འཛིན་པའི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གི་ཤེས་པ་ཡིན་པའི་ཕྱིར། དེ་ཕྱིན་ཅི་ལོག་གི་ཤེས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བཅོམ་ལྡན་འདས་ཀྱིས་རྩ་བའི་ཉོན་མོངས་པ་དྲུག་དང༌། ཉེ་བའི་ཉོན་མོངས་པ་ཉི་ཤུ་ལ་སོགས་པ་གསུངས་པ་ལས། རྩ་བའི་ཉོན་མོངས་པ་དྲུག་གི་ནང་ཚན་ལྟ་བ་ངན་པ་དེ་ལ་འཇིག་ཚོགས་ལ་ལྟ་བ་དང་ལོག་པར་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་མཆོག་འཛིན་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང༌། ལྔ་གསུངས་པ་ལ། དེའི་དང་པོ་གང་ཟག་གི་བདག་ཏུ་འཛིན་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཁྱབ་པ་ཡང་ངེས་ཏེ། ཀུན་ནས་ཉོན་མོངས་
ཡིན་ན། མཐའ་གཅིག་ཏུ་ཕྱིན་ཅི་ལོག་པར་འདོད་པ་ལ། རང་སྡེ་སངས་རྒྱས་པ་ཐམས་ཅད་མི་མཐུན་པ་མེད་དོ། །མུ་སྟེགས་རྣམས་ཀྱི་ངོར་གང་ཟག་གི་བདག་རྫས་སུ་ཡོད་པ་མ་ཡིན་ཏེ། དེར་འཛིན་པའི་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་ཅེས་འགོད་དགོས་པ་ཡིན་གྱི། ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་ཞེས་བཀོད་ན་དེ་དག་ལ་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ། གང་ཟག་གི་བདག་འཛིན་ཀུན་ནས་ཉོན་མོངས་ཡིན་པར་མི་འདོད་པའི་ཕྱིར་རོ། །དེས་ན་ཕྱིན་ཅི་ལོག་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་ཅེས་པ་འདི་ལ། དེ་དག་གི་ངོར་ཕྱོགས་ཆོས་དང༌། ཁྱབ་པ་གཉིས་ཀ་གྲུབ་སྟེ། ཕྱོགས་ཆོས་ནི་བདག་ཏུ་འཛིན་པ་ལ་བརྟེན་ནས། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སོགས་སྐྱེ་བ་མངོན་སུམ་དུ་གྲུབ་སྟེ། [རྣམ་འགྲེལ་ལས་]བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་བསྐྱེད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་དག་ལ་ཁྱབ་པ་ཡང་ངེས་པ་ཡིན་ཏེ། རྒྱང་འཕེན་པ་དང༌། དཔྱོད་པ་མ་གཏོགས་པའི་གཞན་མུ་སྟེགས་རྣམས། ཆགས་སོགས་ཀྱི་ཉོན་མོངས་འདི་རྣམས་ཕྱིན་ཅི་ལོག་ཡིན་པར་ཀུན་ཏུ་འདོད་པའི་ཕྱིར་རོ། །དོན་ཚན་གཉིས་པ་བདག་ཕུང་གཅིག་དང་ཐ་དད་དུ་བརྟགས་ཏེ་དགག་པ་ནི། བདག་ཏུ་སྒྲོ་འདོགས་པའི་གཞི་ཕུང་པོ་དང་གང་ཟག་གི་བདག་གཉིས་གཅིག་དང་ཐ་དད་
གང་དུ་ཡང་བརྗོད་པར་མི་བྱ་སྟེ། དེ་ལ་ཉེས་པ་གཉིས་འཇུག་པའི་ཕྱིར། དེ་ཡང་གང་ཞེ་ན། ཡང་ན་ཕུང་པོ་བདག་ཡིན་པའི་སྐྱོན་དང༌། ཡང་ན་བདག་རྫས་ཡོད་དུ་ཐལ་བའི་སྐྱོན་འཇུག་པ་ཡིན་ཏེ། བདག་ཕུང་རྫས་གཅིག་ཡིན་ན་བདག་ཕུང་པོ་དང་གཅིག་པ་ཡིན་ནམ། ཕུང་པོ་དང་བདག་གཅིག་པ་ཡིན། དང་པོ་ལྟར་ན་ཕུང་པོ་མི་རྟག་པ་དུ་མ་ཡིན་པ་བཞིན་དུ་བདག་ཀྱང་མི་རྟག་པ་དུ་མའི་རང་བཞིན་ཅན་དུ་ཐལ་བ་དང༌། གཉིས་པ་ལྟར་ན་བདག་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པ་བཞིན་དུ། ཕུང་པོ་ཡང་རྟག་པ་གཅིག་པུ་རང་དབང་ཅན་ཐལ་བའི་སྐྱོན་འཇུག་གོ །བདག་ཕུང་གཉིས་པོ་དེ་རྫས་གཞན་ཡིན་ན། དེ་ལྟར་མི་རུང་སྟེ། གང་ཟག་གི་བདག་རྫས་ཡིན་པའི་ཕྱིར་ཞེས་འགོད་པ་ལས། དེ་ཙམ་ཞིག་ནི་ཕྱོགས་སྔ་མ་ཡང་བདག་རྫས་སུ་ཁས་ལེན་པས་གནོད་མི་ནུས་ཀྱང་རྫས་གཞན་ཡིན་ན། རྣམ་ཤེས་དག་པ་བའི་ཡུལ་དུ་ཡོད་དགོས་པའི་ཕྱིར་ཞེས་རིགས་པའི་འཕྲུལ་དེ་ལྟར་འདོན་དགོས་པ་ཡིན་ནོ། །དེ་ཡང་རྣམ་ཤེས་དག་པ་བ་ཞེས་པ་ནི། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་བའི་དབང་ཤེས་ལ་གསལ་བར་སྣང་བ་དང་ཡིད་མ་འཁྲུལ་བའི་སྣང་བ་ལ་མངོན་སུམ་དུ་ཤར་བ་ལ། རྣམ་ཤེས་དག་པ་པའི་ཡུལ་དུ་འཇོག་པས་བདག་རྫས་སུ་ཡོད་ན། དེ་དག་གི་ཡུལ་དུ་ཡོད་དགོས་པ་ཡིན་ནོ། །འཕྲལ་གྱི་འཁྲུལ་རྒྱུ་རབ་རིབ་ཀྱི་མཐུས་སྐྲ་ཤད་འཛག་པ་སྣང་བ་ལྟ་བུ་ནི། འཁྲུལ་རྒྱུ་དབང་པོ་ལ་ཡོད་པ་དང༌། མྱུར་བསྐོར་ཞེས་པ། འགལ་མེ་མྱུར་དུ་
བསྐོར་བ་ལས། སྒོར་མོར་སྣང་བ་འཁྲུལ་རྒྱུ་ཡུལ་ལ་ཡོད་པ་དང༌། གྲུ་ནང་དུ་བསྡད་པའི་སྐྱེས་བུ་གྲུ་ཐུར་དུ་སོང་བ་ནས། གཡས་གཡོན་གྱི་རི་ལ་སོགས་གྱེན་དུ་རྒྱུག་པ་ལྟ་བུར་སྣང་བ་ནི། འཁྲུལ་རྒྱུ་གནས་ལ་ཡོད་པ་དང༌། མཁྲིས་ནད་ཅན་གྱི་དུང་སེར་པོར་སྣང་བ་ལྟ་བུ་ནི། འཁྲུལ་རྒྱུ་ནང་ལ་ཡོད་པ་དང༌། རྨི་ལམ་གྱི་སྣང་བ་རྣམ་པ་སྣ་ཚོགས་འཆར་བ་ནི། འཁྲུལ་རྒྱུ་ཡིད་ལ་ཡོད་པ་སོགས་ཏེ། འཕྲལ་གྱི་འཁྲུལ་རྒྱུ་དེ་རྣམས་ཀྱིས་མ་བསླད་པ་ལ་རྣམ་ཤེས་དག་པ་བ་ཞེས་བྱའོ། །དོན་ཚན་གསུམ་པ་བརྗོད་དུ་མེད་པའི་གང་ཟག་གི་བདག་འགོག་པ་ནི། གོང་དུ་བསྟན་པ་ལྟར། བདག་དང་ཕུང་པོ་གཅིག་དང་ཐ་དད་དུ་ཁས་བླངས་པ་ལས། གནོད་བྱེད་ཀྱི་རིགས་པ་དེ་རྣམས་ཀྱི་གནོད་པར་མཐོང་ནས་གནས་མ་བུའི་སྡེ་བ་རྣམས། སྤྱིར་གང་ཟག་གིས་བདག་རྫས་སུ་ནི་ཡོད་ལ། ཕུང་པོ་དང་གཅིག་ཏུ་ཡང་མི་བརྗོད་ཅིང་ཐ་དད་དུ་ཡང་མི་བརྗོད་པས་ན་དེ་ཉིད་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས་དགེ་སློང་དག་ལས་བྱེད་པ་པོའི་གང་ཟག་ཡང་ཡོད། ཁུར་འཁུར་བ་པོའི་གང་ཟག་ཡང་ཡོད་དེ། རྟག་པར་ཡང་ང་མི་སྨྲ་ལ་མི་རྟག་པར་ཡང་ང་མི་སྨྲའོ། །ཞེས་ཁུར་འཁུར་བ་པོའི་གང་ཟག་རྫས་ཡོད་དུ་བསྟན་པ་དང༌། རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་གསུངས་པའི་ཕྱིར། ཞེས་ཟེར་རོ། །མདོ་དེའི་དགོངས་པ་ནི་དེ་ལྟར་མ་ཡིན་ཏེ། ཁུར་འཁུར་བ་པོའི་གང་ཟག་ནི། ཕུང་པོ་ལྔའི་གནས་སྐབས་ལ་བརྟགས་པའི་བརྟགས་ཡོད་ཙམ་བསྟན་པ་ཡིན་གྱི་རྫས་སུ་མེད་པ་ནི་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་གསུངས་པར་བསྟན་པ་ཡིན་ཏེ་རྫས་སུ་ཡོད་ན་རྟག་པ་དང་མི་རྟག་
པར་གང་རུང་ཞིག་ཏུ་ཡོད་དགོས་པ་ཡིན་པ་ལས་དེ་གང་རུང་དུ་བརྗོད་དུ་མེད་པ་ལས། རྫས་དངོས་སུ་མེད་པར་བརྟགས་པ་ཙམ་དུ་བསྟན་པ་ཡིན་པའི་ཕྱིར། ལུང་དེའི་མི་འགྲུབ་ཅིང༌། རིགས་པའི་གནོད་བྱེད་ཀྱང་ཡོད་པ་ཡིན་ཏེ། གང་ཟག་རྫས་སུ་ཡོད་ཟེར་བ་དང༌། དེ་ཕུང་པོ་དང་གཅིག་དང་ཐ་དད་གང་རུང་དུ་མེད་ཟེར་བ་གཉིས་ནང་འགལ་ཏེ། རྫས་སུ་ཡོད་ན་གཅིག་དང་ཐ་དད་གང་རུང་དུ་ཡོད་དགོས་པ་ལས། གཅིག་དང་ཐ་དད་གང་རུང་དུ་མེད་ན། རྫས་ཡོད་པར་འགལ་བའི་ཕྱིར་རོ། །དེ་ལ་ཕྱོགས་སྔ་མ་ན་རེ་སྐྱོན་མེད་དེ། དཔེ་ཉེར་འཇལ་བའི་ཚད་མས་གྲུབ་པའི་ཕྱིར། དེ་ཡང་དཔེར་ན། བུད་ཤིང་ལས་མེ་འབར་བའི་སྐབས་བུད་ཤིང་ཐལ་བར་མ་སོང་ཙམ་གྱི་མེ་དང་བུད་ཤིང་དབྱེར་མེད་ལྟ་བུའི་དུས་དེར། མེ་དང་བུད་ཤིང་གཅིག་ཡང་མ་ཡིན་ལ། ཐ་དད་ཡང་མ་ཡིན་པ་བཞིན་དུ་བདག་ཕུང་གཉིས་པོ་ཡང་དེ་བཞིན་ནོ་སྙམ་ན། སྤྱིར་དཔེ་ཉེར་འཇལ་གྱི་ཚད་མ་ཚད་མ་རྣམ་དག་མ་ཡིན་པའི་ཕྱིར་དཔེ་དེས་མི་འགྲུབ་ལ། འོན་ཀྱང་མེ་དང་བུད་ཤིང་གཉིས་ནི། ཐ་དད་ཡིན་པར་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །དེ་ཡང་བུད་ཤིང་ནི་ས་ཁམས་ཀྱི་མཚན་ཉིད་ཅན་ཡིན་པ་དང༌། མེ་ནི་མེ་ཁམས་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར། །མཚན་ཉིད་ཀྱི་སྒོ་ནས་ཀྱང་ཐ་དད་ལ། འཇིག་རྟེན་ན་ཡང་བུད་ཤིང་ལས་མེ་ཐག་རིང་པོར་མཆེད་པར་མངོན་སུམ་མཐོང་བའི་ཕྱིར་དང༌། བསྟན་བཅོས་ལས་ཀྱང་མེ་དང་བུད་ཤིང་གཉིས་དེ་ཉིད་
དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཞེས་ནམ་ཡང་བསྟན་པ་མེད་པའི་སྒོ་ནས་ཀྱང༌། དེ་གཉིས་ཐ་དད་པར་བརྗོད་དུ་ཡོད་པར་གྲུབ་བོ། །དོན་ཚན་བཞི་པ་བདག་བྱེད་པར་ཅན་དུ་འདོད་པ་དགག་པ་ལ། རྣམ་ཤེས་སྐྱེད་པར་འདོད་པ་དགག་པ་དེ་དང་དབང་བསྒྱུར་བར་འདོད་པ་དགག་པ་དང༌། དེ་ཉིད་ལ་བརྟགས་ཏེ་དགག་པ་དང་གསུམ་ལས། དང་པོ་ནི། མིག་གི་གཟུགས་མཐོང་བ་པོ་ནས་ཡིད་ཀྱི་ཆོས་ཤེས་པ་པོའི་བར་དྲུག་དང༌། ལས་བྱེད་པོ་དང༌། རྣམ་སྨིན་མྱོང་བ་པོ་དང༌། བླང་དོར་ཤེས་པ་པོ་དང༌། ལམ་བསྒོམ་པས་གྲོལ་བ་པོ་སྟེ། གང་ཟག་གི་བྱེད་པ་རྣམ་པ་བཅུ་ལ་སོགས་པ་བཤད་པ་ནི། དཔེར་ན་མིག་གིས་གཟུགས་མཐོང་བ་པོ་ཞེས་གསུངས་པས། གཟུགས་མཐོང་བའི་བྱ་བ་བྱེད་མཁན་གྱི་གང་ཟག་རྫས་སུ་ཡོད་དོ་ཞེས་རང་སྡེ་ཉན་ཐོས་སྡེ་བ་དེ་རྣམས་དང་གཞན་ཕྱི་རོལ་པ་རྣམས་དེ་ལྟར་ཁས་ལེན་ནོ། །དེ་ལ་གང་ཟག་གི་བདག་གིས་གཟུགས་ལ་ལྟ་བའི་མིག་གི་རྣམ་ཤེས་སྐྱེད་པའི་བྱ་བ་བྱེད་པ་ན། མིག་གི་རྣམ་ཤེས་གསར་དུ་བསྐྱེད་པའི་བྱ་བ་བྱེད་པ་ཡིན་ནམ། རྒྱུ་རྐྱེན་གཞན་གྱིས་སྔར་བསྐྱེད་ཟིན་པའི་རྣམ་ཤེས་ཞིག་ལ་བྱ་བ་བྱེད་པ་ཡིན། དང་པོ་ལྟར་ན། མིག་གི་རྣམ་ཤེས་ནི་ཉེར་ལེན་གྱི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྐྱེན་ཏེ། རྒྱུ་རྐྱེན་རྣམ་པ་གཉིས་པོ་དེ་ཡོད་པ་ལས་རྣམ་ཤེས་སྐྱེ་༷བར་མཐོང་བའི་ཕྱིར། གང་ཟག་གི་བདག་དེ་རྣམ་ཤེས་སྐྱེ་བའི་རྒྱུ་རྐྱེན་གྱི་བྱ་བ་བྱེད་པ་ལ། དགོས་པ་མ་ཡིན་པའི་ཕྱིར།
དེ་སྐྱེ་བའི་རྒྱུར་འདོད་པ་དོན་མེད་པ་ཡིན་ནོ། །གཉིས་ཡོད་ཅེས་པ་འདི་ལ་ཡུལ་དབང་གཉིས་ལས་རྣམ་ཤེས་སྐྱེ་བའི་ཕྱིར་ཞེས་འགྲེལ་བཤད་གཞན་དུ་བཤད་པ་ནི། རྣམ་ཤེས་སྐྱེ་བའི་རྒྱུ་ཡོངས་སུ་རྫོགས་པ་མ་ཚང་བས་ཅུང་མི་ལེགས་ཤིང༌། རང་ལུགས་གོང་དུ་བསྟན་པ་དེ་ཉིད་དོ། །རྒྱུ་མཚན་དེའི་ཕྱིར་ན་གང་ཟག་གི་བདག་ནི་གཟུགས་ལྟ་བ་པོ་ནས་གྲོལ་བ་པོའི་བར་གྱི་བྱེད་པའི་རྐྱེན་ཡིན་པར་མི་རུང་ངོ༌། །གཉིས་པ་ལྟར་ན། རྒྱུ་རྐྱེན་གྱིས་བསྐྱེད་ཟིན་པའི་མིག་གི་རྣམ་ཤེས་སོགས་ལ། སླར་བསྐྱེད་པའི་བྱ་བ་བྱེད་པ་མི་འཐད་དེ། རྒྱུ་རྐྱེན་གཞན་ལས་སྐྱེས་ཟིན་སླར་ཡང་བསྐྱེད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གཉིས་པ་དབང་བསྒྱུར་བར་འདོད་པ་དགག་པ་ནི། གང་ཟག་གི་བདག་གིས་བདག་པོའི་ཚུལ་གྱིས་དབང་བསྒྱུར་པ་གཅིག་ཉིད་ཡིན་ན་ནི། འདོད་པ་མི་རྟག་པར་མི་རིགས་ཤིང༌། མི་འདོད་པ་འབྱུང་བར་ཡང་མི་བྱེད་པའི་ཕྱིར་རོ། །དེ་ཡང་དཔེར་ན་མིག་གི་རྣམ་ཤེས་ཀྱིས་ཡུལ་གཟུགས་ཡིད་དུ་འོང་བ་ཞིག་མཐཽང་བར་གྱུར་པ་དེ་ལ་གང་ཟག་གི་བདག་གིས་བདག་པོའི་ཚུལ་གྱིས་དབང་བསྒྱུར་བར་བྱེད་ན། དུས་རྟག་ཏུ་གཟུགས་ཡིད་འོང་གི་རྣམ་པ་དེ་ཉིད་མི་འཇིག་པར་རྟག་ཏུ་གནས་པར་བྱེད་པ་ལས། དེ་ལྟར་མི་འགྱུར་བར་ཡུལ་ཡིད་འོང་དེ་ཉིད་ཡོངས་སུ་ཞིག་སྟེ། ཡིད་དུ་མི་འོང་བའི་རྣམ་པ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་ཡང་གང་ཟག་གི་བདག་གིས་ཡུལ་ཡིད་འོང་འདོད་ཅིང༌། ཡིད་དུ་མི་འོང་བ་མི་འདོད་པ་ཞིག་འདུག་པ་ལ་
ཡུལ་ཡིད་འོང་གི་སྐད་ཅིག་ཞིག་ནས། ཡུལ་ཡིད་དུ་མི་འོང་བའི་སྐད་ཅིག་བསྐྱེད་པར་བྱེད་པས་ཀྱང༌། དབང་བསྒྱུར་བར་བྱེད་པ་པོ་མ་ཡིན་པར་གྲུབ་བོ། །གཞན་ཡང་གང་ཟག་གི་བདག་གི་བྱེད་ལས་དང་མཚན་ཉིད་འདི་ལྟ་བུ་དག་ཡིན་ཞེས་མ་བརྗོད་པར་གང་ཟག་གི་བདག་རྫས་སུ་ཡོད་ཅེས་སྨྲ་བར་མི་རིགས་ཏེ། དེ་རྫས་སུ་ཡོད་ན་དེའི་བྱེད་ལས་འདི་ལྟ་བུ་ཞིག་ཡིན། མཚན་ཉིད་འདི་ལྟ་བུ་ཞིག་ཡིན་ཞེས། བྱེད་ལས་དང༌། མཚན་ཉིད་སྒྲུབ་དགོས་པའི་ཕྱིར། རང་སྡེ་གང་ཟག་གི་བདག་རྫས་ཡོད་དུ་སྨྲ་བ་རྣམས་ལ། ཐལ་འགྱུར་དེ་འཕེན་པར་བྱེད་པ་ཡིན་ལ། ཕྱི་རོལ་མུ་སྟེགས་བྱེད་རྣམས་ཀྱི་གང་ཟག་གི་བདག་གི་མཚན་ཉིད་སོ་སོར་ཁས་ལེན་པས། ཐལ་འགྱུར་ཏེ་འཕངས་ཀྱང་དོན་མེད་པར་འགྱུར་རོ། །དེ་ཡང་གྲངས་ཅན་པ་དང་དཔྱོད་པ་བ་ལ་སོགས་པ་རྣམས་གང་ཟག་གི་བདག་ཤེས་པར་འདོད་པ་དང༌། དེ་ཡང་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་དུ་འདོད་པ་དང༌། རིགས་པ་ཅན་ལ་སོགས་འགའ་ཞིག་གང་ཟག་གི་བདག་བེམ་པོར་འདོད་པ་དང༌། གཅེར་བུ་པ་རྣམས་གང་ཟག་གི་བདག་ལུས་ཀྱི་ཚད་དང་མཉམ་པར་ལུས་ཆེ་ན་བདག་ཡང་ཆེ། ལུས་ཆུང་ན་བདག་ཡང་ཆུང་བའི་ཚུལ་གྱིས་གནས་པར་འདོད་པ་དང༌། ལ་ལ་གང་ཟག་གི་བདག་ཕོ་རྟགས་ལིང་གའི་རྣམ་པ་ཅན་དུ་ཡོད་པར་འདོད་པ་དང༌། ཁ་ཅིག་གང་ཟག་གི་བདག་རྡུལ་ཕྲན་གྱི་ཚད་ཙམ་དུ་ཡོད་པར་འདོད་པ་དང༌།
ཐམས་ཅད་ཀྱང་ཐུན་མོང་དུ་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པར་འདོད་ལ། འོན་ཀྱང་གཅེར་བུ་པ་རྣམས་ནི་བདག་ནི་རང་བཞིན་རྟག་པ་དང་རྣམ་འགྱུར་མི་རྟག་པའོ། །ཞེས་ཁས་ལེན་པར་བྱེད་པས་བདག་གི་མཚན་ཉིད་སོ་སོར་ཁས་ལེན་པའི་ཕྱིར་རོ། །གཞན་ཡང་ཉན་ཐོས་སྡེ་བ་ཁྱེད་རྣམས་ལ། གང་ཟག་གི་བདག་རྫས་ཡོད་དུ་ཁས་བླངས་ན། རྫོགས་པའི་བྱང་ཆུབ་རྣམ་པ་གསུམ་གྱིས་གནོད་པར་འགྱུར་ཏེ། ཟབ་པར་བྱང་ཆུབ་པ་དང༌། ཐུན་མོང་མ་ཡིན་པར་བྱང་ཆུབ་པ་དང༌། འཇིག་རྟེན་ལས་འདས་པར་བྱང་ཆུབ་པར་གསུངས་པ་ལས། དང་པོ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བར་བྱང་ཆུབ་པས། ཟབ་པ་བྱང་ཆུབ་པར་འཇོག་པ་ལས་ཅི་སྟེ་གང་ཟག་གི་བདག་རྫས་ཡོད་བདེན་གྲུབ་དེ་འདྲ་བ་ཡོད་ན། བཅོམ་ལྡན་འདས་ཀྱིས་ཀྱང་དེ་རྟོགས་དགོས་པ་ལས། དེ་ལྟར་རྟོགས་ན་དེ་ནི་སྤྲོས་པ་ཅན་ཡིན་པའི་ཕྱིར། ཟབ་པར་བྱང་ཆུབ་པར་འགལ་ལོ། །གཉིས་པ་ནི། གང་ཟག་གི་བདག་རྫས་ཡོད་བདེན་པར་གྲུབ་ན། དེ་ནི་མུ་སྟེགས་བྱེད་རྣམས་ཀྱང་འདོད་པས་གཞན་དང་ཐུན་མོང་པ་ཡིན་པའི་ཕྱིར། ཐུན་མོང་མ་ཡིན་པར་བྱང་ཆུབ་པར་འགལ་ལོ། །གསུམ་པ་ནི། བདག་འཇིག་རྟེན་པ་ཐམས་ཅད་ཀྱིས་ཡོད་པར་འཛིན་པས། འཇིག་རྟེན་ལས་འདས་པར་བྱང་ཆུབ་པར་འགལ་ལོ། །འདིར་རྫོགས་པའི་བྱང་ཆུབ་ཅེས་པ་ཡང༌། ཤེས་བྱའི་རྣམ་པ་ཅན་མ་ལུས་པར་ཡོངས་སུ་རྫོགས་པར་རྟོགས་པའམ་མཁྱེན་པ་ལ་དེ་སྐད་ཅེས་བྱ་བ་ཡིན་ཞིང༌།
དེ་ཡང་དཔེར་ན། བུམ་པ་ལྟ་བུ་ཞིག་གི་ཕྱིའི་དབྱིབས་ཙམ་རྟོགས་ཀྱང་དེའི་ནང་ན་དངོས་པོ་ཅི་ཡོད་དང༌། དེ་བྱེད་པ་པོ་གང་གིས་དུས་ནམ་གྱི་ཚེ་བཅོས་པ་དང༌། དེ་ལ་རྡུལ་ཕྲན་ཅི་ཙམ་ཡོད་པ་དང༌། མཐར་དེ་ཇི་ཙམ་ན་འགག་པ་སོགས་རྣམ་པ་མ་ལུས་པ་མ་རྟོགས་ན། རྫོགས་པར་བྱང་མ་ཆུབ་པ་ཡིན་ལ། སངས་རྒྱས་ཀྱིས་ནི་ཤེས་བྱ་ཐམས་ཅད་ཚུལ་དེ་ལྟ་བུར་རྟོག་པ་ཡིན་ཞིང༌། དེ་ཡང་བརྟགས་པ་ལ་བརྟེན་ནས་རྗེས་དཔག་གི་ཚུལ་གྱིས་རྟོག་པ་མ་ཡིན་གྱི། མངོན་སུམ་དུ་རྟོགས་པས་ན། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །རྫོགས་པའི་བྱང་ཆུབ་གསུམ་ལ་གནོད་ཅེས་པའི་གཞུང་འདིའི་དངོས་བསྟན་ལྟར། གནོད་བྱ་རྫོགས་པའི་བྱང་ཆུབ་གསུམ་ལ། གནོད་བྱེད་གང་ཟག་གི་བདག་གིས་གནོད་ཅེས་པ། སྐབས་ཀྱི་དོན་མ་ཡིན་ཏེ། དེས་དེ་ལ་གནོད་མི་ནུས་པའི་ཕྱིར། དེས་ན་གནོད་བྱ་གང་ཟག་གི་བདག་ལ་གནོད་བྱེད་རྫོགས་པའི་བྱང་ཆུབ་རྣམ་པ་གསུམ་གྱིས་གནོད་ཅེས་འཆད་དགོས་པ་ཡིན་ལ། གཞུང་ཚིག་ལ་དེ་ལྟར་བྱུང་བ་ནི་རྣམ་དབྱེ་གསུམ་པ་བྱེད་པ་པོའི་དོན་ལ། གཉིས་པ་བྱ་བའི་དོན་བརྗོད་པ་ཡིན་པས་སྡེབ་སྦྱོར་གྱི་དབང་ལས་སོ། །གསུམ་པ་དེ་ཉིད་ལ་བརྟགས་ཏེ་དགག་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། ལྟ་བ་པོ་ལ་སོགས་པའི་གང་ཟག་གི་བདག་རྫས་སུ་ཡོད་ན་བྱེད་པ་དང་བཅས་པ་ཞིག་ཡིན་ནམ། བྱེད་པ་མེད་པ་ཞིག་ཡིན། དང་པོ་ལྟར་ན་
རྒྱུ་མེད་རང་བྱུང་ཞིག་ཡིན་ནམ། རྒྱུ་རྐྱེན་ཅན་ཞིག་ཡིན། དང་པོ་རྒྱུ་མེད་རང་བྱུང་གི་བྱེད་པ་ཡིན་ན་དེ་མི་རིགས་ཏེ། འོག་ནས་འཆད་པའི་ཉེས་པ་གསུམ་ཡོད་པའི་ཕྱིར་ལྟ་བ་དང་ཉན་པ་ལ་སོགས་པ་ལ་གང་ཟག་གི་བདག་དེའི་བྱེད་པ་རང་བྱུང་མིན་ནོ། །ཕྱི་མ་ལྟར་ན་གཞན་གྱི་བྱེད་པ་ཅན་ཞིག་ཡིན་ནམ། བདག་གི་བྱེད་པ་ཅན་ཞིག་ཡིན། དང་པོ་ནི་མི་རིགས་ཏེ། གཞན་ཀྱི་རྐྱེན་ཅན་ཡིན་ན། གང་ཟག་གི་བདག་རྐྱེན་ཅན་དུ་འགལ་བའི་ཕྱིར་ཏེ། དཔེར་ན་མིག་གིས་གཟུགས་མཐོང་བ་མིག་གིས་བྱེད་པ་ཅན་ཡིན་ན། གང་ཟག་གི་བདག་གིས་བྱེད་པར་འགལ་ཏེ། མིག་གིས་བྱེད་པ་ཅན་ཡིན་པའི་ཕྱིར། དེ་ལྟ་བུ་ནི་ཕྱོགས་སྔ་མ་ཡང་མི་འདོད་ལ། རྒྱུ་མེད་རང་བྱུང་གི་བྱེད་པ་ཡིན་ན། མི་རིགས་ཏེ། འོག་ནས་འཆད་པར་འགྱུར་བའི་ཉེས་པ་གསུམ་འཇུག་པའི་ཕྱིར། བདག་གི་བྱེད་པ་ཅན་ཡིན་ན། དེ་ཡང་མི་རིགས་ཏེ། བྱེད་པ་གང་ཟག་དེའི་རྐྱེན་ཅན་ཡང་ཡུལ་ལ་ལྟ་བ་ལ་སོགས་པའི་བྱེད་པ་མེད་པ་ཡིན་ཏེ། ཡང་ཞེས་པའི་སྒྲས་འདི་ལ་ཡང་འོག་ནས་འཆད་པའི་ཉེས་པ་གསུམ་འཇུག་པའི་ཕྱིར། གཉིས་པ་བྱེད་པ་མེད་པ་ལྟར་ན་ལྟ་བ་པོ་ལ་སོགས་པ་མ་ཡིན་པར་འགྱུར་ཏེ། ལྟ་བ་ལ་སོགས་པའི་བྱེད་པ་མེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ནི། དང་པོ་བྱེད་པ་རང་བྱུང་དགག་པ་ནི། མིག་གིས་གཟུགས་ལ་ལྟ་བའི་བྱེད་པ་ནས་བཟུང༌། གྲོལ་བའི་བར་གྱི་བྱེད་པ་ནི། རང་བྱུང་ཉིད་ཡིན་ཞེས་སྨྲ་བ་ནི་མི་རུང་ངོ༌། །
དེའི་རྒྱུ་མཚན་ཡང་རང་བྱུང་ནི་རྟག་པ་ཡིན་ལ། རྟག་པའི་ལྟ་བ་ལ་སོགས་པའི་བྱེད་པ་འགལ་བའི་ཕྱིར། བྱེད་པ་རང་བྱུང་དེ་དག་གི་བྱེད་པ་པོ་མ་ཡིན་པའི་ཕྱིར་དང༌། བྱེད་པ་རང་བྱུང་རྟག་པ་དེས་བལྟ་བ་ལ་སོགས་པའི་མི་རྟག་པ་དེ་བྱེད་པར་འགལ་བའི་ཕྱིར་ཏེ། བྱེད་པ་པོ་རྟག་པས་བྱས་པའི་ཆོས་དེ་རྣམས་རྟག་ཏུ་གནས་དགོས་པ་ལས། སྐད་ཅིག་དང་པོ་གཟུགས་ལ་བལྟ་བ་དང༌། སྐད་ཅིག་གཉིས་པར་སྒྲ་ཉན་པ་སོགས་མི་རྟག་པར་མཐོང་བའི་ཕྱིར་དང༌། གཟུགས་ལ་ལྟ་བ་ནས་གྲོལ་བའི་བར་གྱི་བྱེད་པ་རྟག་པ་ཡིན་ན། བཅུ་པོ་དེ་རྣམས་དུས་གཅིག་ཆར་དུ་འཇུག་པར་ཐལ་བ་ལས། རེས་འགའ་བར་མཐོང་བའི་ཕྱིར་རོ། །བདག་གི་བྱེད་པ་ཅན་འདོད་པར་དགག་པ་ནི་བལྟ་བ་ལ་སོགས་པ་དེ་རྣམས་ལ་བདག་གི་རྐྱེན་ཉིད་དུ་འདོད་པ་ནི་མི་རུང་ངོ༌། །དེའི་རྒྱུ་མཚན་བདག་གནས་པ་ཞིག་གིས་བྱེད་དམ། བདག་ཞིག་པ་ཞིག་གིས་བྱེད་དམ། དེ་གཉིས་ལས་ཕུང་གསུམ་པ་ཞིག་གིས་བྱེད། དང་པོ་ལྟར་ན། གང་ཟག་གི་བདག་རྟག་ཏུ་གནས་པ་དེ་གཟུགས་ལ་ལྟ་བའི་བྱེད་པ་མ་ཡིན་ཏེ། དེ་ཡིན་ན་བྱེད་པ་དེ་ནམ་ཡང་མེད་པར་མི་འགྱུར་བ་ལས། གཟུགས་ལ་ལྟ་བའི་སྔ་རོལ་ན། དེའི་བྱེད་པ་ནི་མེད་ལ། གང་ཟག་གི་བདག་ནི་ཡོད་པའི་ཕྱིར་རོ། །དཔེར་ན་གཉིད་དུ་སོང་བའི་སྐབས་སུ་གང་ཟག་གི་བདག་ཡོད་ཀྱང་གཟུགས་ལ་ལྟ་བའི་བྱེད་པ་མེད་ལ། གཉིད་སངས་བ་ན་མིག་གིས་གཟུགས་མཐོང་བའི་ཚེ། དེའི་བྱེད་པ་ཡོད་པ་
བཞིན་ནོ། །བདག་ཞིག་པ་ཡང་ལྟ་བ་པོ་ལ་སོགས་པའི་བྱེད་པར་མི་རུང་སྟེ། ཞིག་བཞིན་པས་བྱ་བ་བྱེད་ནུས་ཀྱང་གང་ཟག་ཞིག་བཞིན་པ་ཞིག་བྱེད་པའི་རྐྱེན་ཡིན་ན་གང་ཟག་གི་བདག་ནི་མི་རྟག་པར་འགྱུར་བ་དང༌། ཞིག་ཟིན་པ་ནི་དངོས་མེད་ཡིན་པའི་ཕྱིར་བྱེད་པར་འགལ་ལོ། །གསུམ་པ་ལྟར་ན། ཞིག་པ་དང་གནས་པ་གཉིས་ཡིན་གྱི་ཕྱོགས་གསུམ་པ་ཡང་བལྟ་བ་ལ་སོགས་པའི་བྱེད་པར་མི་རུང་སྟེ། གཉིས་ཀའི་སྐྱོན་འཇུག་པའི་ཕྱིར། གཉིས་མིན་གྱི་ཕུང་གསུམ་ཡང་མི་རུང་སྟེ། དེ་འདྲ་བ་མེད་པའི་ཕྱིར་རོ། །དོན་ཚན་ལྔ་པ་ལུང་དང་འགལ་བར་བརྗོད་པ་ནི། དེ་ལྟར་ན་གང་ཟག་གི་བདག་རྫས་སུ་ཡོད་པར་འདོད་པའི་རང་སྡེ་དེ་དག་གིས་གཞན་ཡང་མདོ་ལས། དགེ་སླཽང་དག་ཁུར་འཁུར་བའི་གང་ཟག་ཡོད་ལ། ཁུར་བོར་བའི་གང་ཟག་ཀྱང་ཡོད་དོ། །ཞེས་གསུངས་པ་དང༌། གཞན་ཡང་གང་ཟག་བརྒྱད་ཡོད་པར་གསུངས་པའི་ཕྱིར། གང་ཟག་གི་བདག་རྫས་སུ་ཡོད་ཅེས་སྨྲ་བ་ནི་མི་འཐད་དེ་ལུང་གཅིག་ལས་འཕྲོས་པའི་ལྔ་པའི་སྐབས་ལས། བདག་ཏུ་ལྟ་བའི་ཉེས་དམིགས་རྣམ་པ་ལྔ་གསུངས་པས་ཀྱང༌། མདོ་སྡེ་དེ་དག་གི་དགོངས་པ་བདག་རྫས་ཡོད་དུ་བསྟན་པ་མིན་པར་གསལ་བ་དང༌། དེ་དག་གི་དགོངས་གཞི་ནི་ཀུན་ནས་ཉོན་མོངས་པའི་གནས་སྐབས་དང༌། རྣམ་པར་བྱང་བ་པའི་གནས་སྐབས་ཀྱི་མཚམས་སོ་སོར་གཅོད་པའི་བྱེ་བྲག་དང༌། རྒྱུ་དང་འབྲས་བུ་ལ་གསར་དུ་འཇུག་པ་དང༌། ཞུགས་པ་ལ་གནས་པའི་རྒྱུན་གྱི་བྱེ་བྲག་ཀྱང༌། ཕུང་པོ་ལྔའི་གནས་སྐབས་ལ་གང་ཟག་ཏུ་
བརྟགས་པས་བརྗོད་བདེ་བའི་ཚུལ་གྱིས་བསྟན་པ་ཡིན་ནོ། །དེ་ཡང་སྡུག་བསྔལ་ཀུན་འབྱུང་བའི་བདེན་པ་གཉིས་ལ་སྤྱོད་པའི་ཕུང་པོའི་རྒྱུན་གྱི་གནས་སྐབས་ལ་གང་ཟག་ཏུ་བརྟགས་པ་དེ་ནི་ཀུན་ནས་ཉོན་མོངས་པའི་གནས་སྐབས་དང༌། འགོག་ལམ་གཉིས་ལ་གནས་པའི་ཕུང་པོ་ལྔའི་རྒྱུན་ལ་བརྟགས་པའི་གང་ཟག་ནི་རྣམ་པར་བྱང་བའི་གནས་སྐབས་ཞེས། གནས་སྐབས་དེ་གཉིས་སོ་སོར་དཔྱོད་པ་ལ་གང་ཟག་གི་མིང་གིས་བསྟན་ན་བརྗོད་བདེ་ཞིང་རྟོགས་སླ་བ་ལ་དགོངས་པ་ཡིན་ནོ། །དཔེར་ན། འཕགས་པ་ཤཱ་རིའི་བུས་ཆོས་བསྟན་ཞེས་བརྗོད་དགོས་པ་ནི། དོན་ལ་དེའི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟེ། ཕུང་པོ་ལྔ་དང༌། ནང་སེལ་གཟུགས་ཕུང་ལ་ཡང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་སོགས་དུ་མ་ཚོགས་པ་ཞིག་གི་ཆོས་བསྟན་པ་ཡིན་ཡང༌། དེ་ལྟ་བུ་ཞིག་གིས་བསྟན་ཞེས་བརྗོད་དགོས་ན། བརྗོད་མི་བདེ་ཞིང་མི་མཛེས་པར་འགྱུར་བས། གནས་སྐབས་དེ་ལྟ་བུ་ལ་ཤཱ་རིའི་བུ་ཞེས་བྱ་བའི་གང་ཟག་ཏུ་མིང་གིས་བརྟགས་ནས་དེས་ཆོས་བསྟན་ཞེས་བརྗོད་ན། བརྗོད་བདེ་བ་ལ་དགོངས་སོ། །གཞན་ཡང་གང་ཟག་གི་བདག་རྫས་ཡོད་བདེན་གྲུབ་ཏུ་ཁས་ལེན་པ་ལ་ནི། སྐྱོན་རྣམ་པ་གཉིས་ཀྱང་ཡོད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་འབད་མེད་དུ་ཐར་བ་ཐོབ་པར་ཐལ་བ་དང༌། ཡང་ན་ཐར་བ་ཐོབ་མི་སྲིད་
པར་ཐལ་བའི་སྐྱོན་གཉིས་འཇུག་གོ །དང་པོ་ནི། གང་ཟག་གི་བདག་རྫས་ཡོད་དེ་འདྲ་བ་གནས་ལུགས་སུ་གྲུབ་པ་བདེན་ན། སེམས་ཅན་ཐམས་ཅད་གང་ཟག་གི་བདག་ཏུ་འཛིན་པ་ལ་ཤིན་ཏུ་གོམས་པར་བྱས་པ་འབའ་ཞིག་ཡིན་པའི་ཕྱིར། གནས་ལུགས་དེ་ལ་རེག་པས་ཐར་བ་འབད་མེད་དུ་ཐོབ་དགོས་པར་འགྱུར་རོ། །གཉིས་པ་ནི་སེམས་ཅན་རྣམས་གང་ཟག་གི་བདག་ཏུ་འཛིན་པ་དང་ནི་བཅས་ལ། དེ་རྫས་ཡོད་བདེན་གྲུབ་ཡིན་ན། དེར་འཛིན་པ་སྤོང་བའི་སྐབས་མི་སྲིད་པའི་ཕྱིར། སེམས་ཅན་རྣམས་ཐར་བ་ཐོབ་པ་མི་སྲིད་པ་ཐལ་བར་འགྱུར་རོ། །རྒྱལ་ཚབ་བྱམས་པའི་གཞུང་ཚན་གསུམ་པ་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། བདག་ཏུ་ལྟ་བའི་ཚུལ་རྣམ་པ་བཅུ་གསུངས་པ་ནི། གང་ཟག་གི་བདག་གཅིག་པུར་འཛིན་པ་དང༌། དེས་དངོས་པོ་གཞན་དང་གཞན་བསྐྱེད་པར་བྱེད་པའི་རྒྱུར་ལྟ་བ་དང༌། ཡུལ་ལ་ལོངས་སྤྱོད་པའི་ཟབ་པོར་ལྟ་བ་དང༌། བྱེད་པ་པོར་ལྟ་བ་དང༌། ཡུལ་ལ་དབང་བསྒྱུར་བ་པོར་ལྟ་བ་དང༌། བདག་པོའི་དོན་དུ་ལྟ་བ་དང༌། རྟག་པར་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གནས་ཏེ་རྟེན་དུ་ལྟ་བ་དང༌། རྣལ་འབྱོར་ཅན་དུ་ལྟ་བ་དང༌། གྲོལ་བ་དང༌། མ་གྲོལ་བར་ལྟ་བ་སྟེ། བཅུ་པོ་འདི་དག་གང་ཟག་གི་བདག་ཏུ་ལྟ་བ་ཡིན་ལ། དེ་དག་གི་གཉེན་པོར་མཁས་པ་རྣམ་པ་བཅུ་གསུངས་སོ། །དེ་ཡང་དང་པོའི་གཉེན་པོར་ཕུང་པོ་ལ་མཁས་པ་སྟེ། དེ་ནི་དུ་མ་སྣ་ཚོགས་པ་འདུས་པའི་རང་
བཞིན་ཅན་ཡིན་པའི་ཕྱིར་གཅིག་ཏུ་ལྟ་བའི་གཉེན་པོར་འགྱུར་བ་ཡིན་ནོ། ཁམས་ལ་མཁས་པ་ནི་གཉིས་པའི་གཉེན་པོར་འགྱུར་བ་ཡིན་ཏེ། ཁམས་ནི་རྒྱུའི་དོན་ཡིན་པས་ཁམས་བཅོ་ བརྒྱད་ལ་མཁས་པ་ནི་བདག་རྒྱུར་ལྟ་བའི་གཉེན་པོར་འགྱུར་རོ། །སྐྱེ་མཆེད་ལ་མཁས་པ་ནི་གསུམ ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། ཡུལ་ལ་ལོངས་སྤྱོད་པའི་བདག་ཡོད་པ་མ་ཡིན་ཏེ། སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཀྱི་རྟེན་འབྲེལ་ལས། ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །རྟེན་འབྲེལ་ལ་མཁས་པ་ནི་བཞི་པའི་གཉེན་པོར་འགྱུར་བ་ཡིན་ཏེ། བདག་གིས་བྱེད་པ་མ་ཡིན་གྱི། རྒྱུ་རྐྱེན་རྟེན་འབྲེལ་ཙམ་གྱི་སྣང་བ་ལས་བྱུང་བའི་ཕྱིར་རོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་ལྔ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། དངོས་པོ་འདི་རྣམས་ལ་གང་ཟག་གི་བདག་གིས་དབང་བསྒྱུར་བ་མ་ཡིན་ཏེ། མཐུན་པའི་རྒྱུ་འབྲས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །དབང་པོ་ལ་མཁས་པ་ནི་དྲུག་པའི་གཉེན་པོར་འགྱུར་བ་ཡིན་ཏེ། གང་ཟག་ནི་བདག་པོའི་རྐྱེན་མ་ཡིན་གྱི་དབང་པོ་ཉི་ཤུ་རྩ་གཅིག་པོ་རྣམས་ཀྱི་བདག་པོའི་རྟེན་བྱེད་པའི་ཕྱིར་རོ། །དུས་ལ་མཁས་པ་ནི་བདུན་པའི་གཉེན་པོར་འགྱུར་བ་ཡིན་ཏེ། བདག་ནི་རྟག་པ་མ་ཡིན་ཏེ། དུས་ གསུམ་གྱིས་སྐྱེ་འགག་བྱེད་པའི་ཕྱིར་རོ། །བདེན་བཞི་ལ་མཁས་པས་བརྒྱད ་པའི་གཉེན་པོར་བྱེད་པ་ཡིན་ཏེ། གང་ཟག་གི་བདག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གནས་མ་ཡིན་གྱི། བདེན་པ་
དང་པོ་གཉིས་ཀུན་ནས་ཉོན་མོངས་ཀྱི་གནས་དང༌། ཕྱི་མ་གཉིས་རྣམ་པར་བྱང་བའི་གནས་ཡིན་པའི་ཕྱིར་རོ། །ཐེག་པ་ལ་མཁས་པ་ནི་དགུ་པའི་གཉེན་པོར་འགྱུར་བ་དང༌། འདུས་བྱས་དང་འདུས་མ་བྱས་ལ་མཁས་པ་ནི། བཅུ་པའི་གཉེན་པོར་འགྱུར་བ་ཡིན་ནོ། །གཉིས་པ་དེ་ཉིད་སླར་ཡང་རྒྱས་པར་བཤད་པ་ལ། འཇིག་ཚོགས་ལ་ལྟ་བའི་རང་བཞིན་ངོས་བཟུང་བ་དང༌། དེའི་འཛིན་ཡུལ་དགག་པ་གཉིས་ལས། དང་པོ་ལ་བདག་ཏུ་འཛིན་པའི་དམིགས་རྣམ་བཤད་པ་དང༌། བདག་གིར་འཛིན་པའི་དམིགས་རྣམ་བཤད་པ་དང༌། དེའི་ཡུལ་ལ་དཔྱད་པ་དང༌། འཇིག་ལྟ་མ་རིག་པར་བཤད་པ་ལ་དཔྱད་པ་དང་བཞི་ལས། དང་པོ་ནི། བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་འདིའི་གང་ལ་དམིགས་པར་བྱ་བའི་ཡུལ་ནི་རང་རྒྱུད་ཀྱི་བསྡུས་པའི་ཕུང་པོ་ལྔ་པོ་ཉིད་ཡིན་ལ། རྣམ་པ་ཡུལ་དེ་ལ་དམིགས་ནས་ང་བདག་ཏུ་ལྟ་བའི་འཛིན་སྟངས་ཀྱི་གཟུང་ཆ་ཅན་ནོ། །འོ་ན་རང་རྒྱུད་ཀྱི་ཕུང་པོ་ལྔ་ཁོ་ན་ལ་དམིགས་ནས་བདག་ཏུ་འཛིན་གྱི་དེ་ལས་གཞན་པའི་ཡུལ་ལ་བདག་ཏུ་འཛིན་པའི་འདུ་ཤེས་སྐྱེ་བ་མེད་དམ་སྙམ་ན། བདག་འཛིན་གྱི་རྣམ་པར་རྟོག་པ་འདི་ནི་བློ་རྣམ་པར་འཁྲུལ་བ་ཡིན་པའི་ཕྱིར། རྣམ་རྟོག་གཏིང་ཚུགས་མ་ཡིན་པ་གཡོ་བའི་རང་བཞིན་ཅན་ཡིན་པས་ན། གཞན་རྒྱུད་ཀྱིས་བསྡུས་པའི་སེམས་ཅན་དང༌། སེམས་ཅན་གྱི་རྒྱུད་དུ་མ་རྟོགས་པ། བེམ་པོར་གྱུར་པའི་དངོས་པོ་ལ་ཡང་ང་བདག་ཏུ་འཛིན་པའི་འདུ་ཤེས་སྐྱེ་སྲིད་པ་ནི་ཡིན་ནོ། །དེ་ཡང་གང་འཁྲུལ་བ་ཡིན་པ་དེ་
ནི། དེ་མ་ཡིན་པ་ལ་དེར་འཛིན་པའི་རྣམ་པར་རྟོག་པ་ཡིན་པས་མཐའ་གཅིག་ཏུ་མ་ངེས་པར་འཕྲལ་ནས་འཕྲལ་དུ་རྣམ་པར་རྟོག་པའི་འཛིན་སྟངས་འཕོ་བར་འགྱུར་བ་ཡིན་ལ། ཡུལ་དངོས་པོའི་གནས་ལུགས་ལ། དེར་འཛིན་པའི་རྣམ་པར་རྟོག་པ་དེ་ཡང་འཕྲལ་འཕྲལ་དུ་མི་འགྱུར་བར། གཏིང་ཚུགས་པར་གནས་པ་ཡིན་ནོ། །དེའི་ཕྱིར་བདག་འཛིན་གྱི་རྣམ་པར་རྟོག་པ་ནི། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་པོ་གང་རུང་དེ་ལ་དུས་རྟག་ཏུ་བདག་ཏུ་འཛིན་པའི་འདུ་ཤེས་འཇུག་ཅིང༌། གནས་སྐབས་གཞན་དང་གཞན་དུ་རང་གི་གཉེན་དང་ཉེ་དུ་ལྟ་བུ་ལ། གཞན་གྱིས་གནོད་པ་བྱས་པ་ན། འདིས་བདག་ལ་གནོད་པ་བྱས་སོ། །ཞེས་གཉེན་དང་ཉེ་དུ་ལ་བདག་གི་འདུ་ཤེས་སྐྱེ་བ་དང༌། ཡང་རང་གི་ཁང་ཞིང་ལྟ་བུ་ལ་གནོད་པ་བྱས་པ་ན་ནི། འདིས་བདག་ལ་གནོད་པ་བྱས་སོ་སྙམ་ཁང་ཞིང་ལ་བདག་གི་འདུ་ཤེས་འཇུག་པ་ལྟ་བུའོ། །རང་རྒྱུད་ལ་དམིགས་ནས་བདག་གི་འདུ་ཤེས་ལ་འཇུག་པ་ལ་ཡང༌། མཐའ་གཅིག་ཏུ་ངེས་པ་མེད་དེ། རྣམ་ཤེས་ཀྱི་ཕུང་པོ་ལ་བདག་གི་འདུ་ཤེས་རྒྱུན་བརྟན་པོར་འཇུག་པ་ཡིན་པས། རེས་འགའ་རྣམ་ཤེས་གཅིག་པོ་ལ་བདག་གི་འདུ་ཤེས་འཇུག་པ་དང༌། རེས་འགའ་དེ་དང་གཟུགས་ཀྱི་ཕུང་པོ་གཉིས་ཙམ་ལ་བདག་ཏུ་འཛིན་པ་དང༌། རེས་འགའ་དེའི་ཐོག་ཏུ་ཚོར་བའི་ཕུང་པོ་བསྣན་ཏེ་གསུམ་ཆར་ལ་འཛིན་པ་ནས་ཕུང་པོ་ལྔ་ཆར་ལ་བདག་ཏུ་འཛིན་པ་སོགས་ངེས་པ་མེད་པའི་ཚུལ་གྱིས་འཇུག་པ་མངོན་སུམ་དུ་མཐོང་བ་ཡིན་ནོ། །
གཉིས་པ་ནི་བདག་གིར་འཛིན་པ་ཡང་འཇིག་ཅིང་ཚོགས་པའི་ཕུང་པོ་ལྔ་ལ་བལྟ་བ་ཡིན་ཏེ། དེ་ཡང་གཙོ་བོར་རྣམ་པར་ཤེས་པའི་ཕུང་པོ་ལ་བདག་གིར་འཛིན་པའི་འདུ་ཤེས་འཇུག་པ་ཤས་ཆེར་མེད་པ་ཡིན་ལ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ། བདག་གིར་འཛིན་པ་ནམ་ཡང་མེད་ལ། གཞན་རྣམ་པར་ཤེས་པ་རྣམས་ལ་བདག་གིར་འཛིན་པའི་འདུ་ཤེས་སྐྱེ་བ་ནི་ཡོད་དེ། ངའི་མིག་གི་རྣམ་པར་ཤེས་པ་སོགས་འཛིན་པར་མཐོང་བའི་ཕྱིར། ཕུང་པོ་གཞན་བཞི་རང་རྒྱུད་དང་གཞན་རྒྱུད་དུ་གཏོགས་པ་ཐམས་ཅད་ལ་འཇུག་པ་ཡོད་པ་ཡིན་ཏེ། ངའི་བདེ་བ་དང་ངའི་སྡུག་བསྔལ་ཞེས། ཚོར་བ་དང༌། ངའི་འདུ་ཤེས་བཟང༌། ངའི་འདུ་ཤེས་ངན། ཞེས་འདུ་ཤེས་དང༌། ངའི་དད་པ་ངའི་སྙིང་རྗེ་ཞེས་འདུ་བྱེད་དང༌། ངའི་མིག་ངའི་རྣ་བ་ཞེས་གཟུགས་ཀྱི་ཕུང་པོ་རྣམས་ལ་བདག་གི་བར་འཛིན་པ་དང༌། སེམས་ཅན་གཞན་རྒྱུད་དུ་གཏོགས་པ། ངའི་འཁོར་བའི་གྲོགས་ཞེས་འཛིན་པ་དང༌། ངའི་ཟས། ངའི་གོས་ཞེས་ཡོ་བྱད་ཀྱི་དངོས་པོ་སོགས་ལ་འཇུག་མོད། འདི་ཡང་རྣམ་རྟོག་གཏིང་ཚུགས་མ་ཡིན་པའི་ཕྱིར། མཐའ་གཅིག་ཏུ་ངེས་པ་མེད་དོ། །གསུམ་པ་ནི། བདག་ཏུ་འཛིན་པ་དེ་དང༌། བདག་གིར་འཛིན་པ་དེའི་འཛིན་སྟངས་ཀྱི་ཞེན་ཡུལ་[ཐོག་མར་འཛིན་པའི་ངའོ་སྙམ་པའི་]དངོས་པོ་ནི་ཀུན་རྫོབ་ཙམ་དུ་ཡང་མེད་པའི་ཕྱིར་ཤེས་བྱ་ལ་མི་སྲིད་པ་ཡིན་ཏེ། བློ་ལྷན་སྐྱེས་དང་ཀུན་བརྟག་གང་ཡིན་ཡང་འདྲ་སྟེ། རྟག་གཅིག་རང་དབང་ཅན་གྱི་
བདག་དེ་འདྲ་ནམ་དུ་ཡང་མེད་པའི་ཕྱིར་རོ། །འོན་ཀྱང་དེར་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་བཟུང་ཆ་ནི། །དངོས་མེད་དོན་སྤྱི་ཡིན་ནོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར་གང་ཟག་གི་བདག་ཡོད་པར་ལྟ་ཞོག་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པའི་ངོར་ཡང༌། གང་ཟག་གི་བདག་མེད་མོད། [ཡོད་མེད་སོགས་རིགས་པས་] མ་བརྟགས་མ་དཔྱད་པར་འཇིག་རྟེན་གྱི་གྲགས་ངོ་དང་བསྟུན་ནས། གང་ཟག་དང་སྐྱེས་བུ་ཡོད་པར་འདོད་པ་ཡིན་ཞིང་དེ་ཡང་རྫས་ཀྱི་དངོས་པོའི་དོན་དུ་ནམ་ཡང་ཡོད་པ་མ་ཡིན་ལ། དེའི་ཕྱིར་བདེན་པ་གཉིས་སུ་ཡོད་པ་མ་ཡིན་ཀྱང་[ལས་འབྲས་སོགས་ཀྱི་རྟེན་]ཡང་དག་ཀུན་རྫོབ་ཙམ་དུ་བརྟགས་པར་ཡོད་པ་ཉིད་དུ་ཁས་ལེན་པ་ཡིན་ནོ། །དེ་བཞིན་དུ་མཐོང་བ་པོ་དང་སེམས་ཅན་དང་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་སོགས་བྱེད་པའི་སྐྱེས་བུ་བཅུ་གཉིས་པོ་རྣམས་ཀྱང༌། དེ་དང་མཐུན་པར་བརྟགས་ཡོད་ཙམ་ཡིན་གྱི། རྫས་ཀྱི་དངོས་པོ་དང་དོན་དུ་ཡོད་པར་འདོད་པའང་འཁྲུལ་བ་ཡིན་ནོ། །བཞི་པ་ནི་འཇིག་ཚོགས་ལ་ལྟ་བ་མ་རིག་པ་ཉིད་ཡིན་ནམ་ཞེ་ན། མ་རིག་པ་དངོས་མ་ཡིན་ཏེ། མ་རིག་པ་ནི་འཛིན་སྟངས་མི་གསལ་བ་ཡིན་ལ། [བདག་ལྟ་]འདིར་ནི་འཛིན་སྟངས་ཤིན་ཏུ་གསལ་བ་མེད་པ་ལ་ཡོད་པར་འཁྲུལ་བས། ཕྱིན་ཅི་ལོག་པར་རིག་པས། མ་རིག་པ་ཁྱད་པར་ཅན་ཡིན་ཏེ། དཔེར་ན་མི་མ་རུང་པ་ལ་མི་མིན་ཞེས་འཇོག་པ་བཞིན་ནོ། །རྒྱུ་མཚན་དེའི་ཕྱིར་དང་འཇིག་ལྟ་ནི་རྒྱུ་མ་རིག་པ་ལས་བྱུང་
ཞིང་དེས་འབྲས་བུ་མ་རིག་པ་ཡང་བསྐྱེད་པར་བྱ་ལ། རང་གི་ངོ་བོ་གྲོགས་མ་རིག་པ་དུ་མ་དང་རྗེས་སུ་འབྲེལ་བ་ཡིན་པའི་ཕྱིར། དཔལ་ཆོས་ཀྱི་གྲགས་པ་སོགས་བླཽ་གྲོས་ཅན་འགའ་ཞིག་གིས་ཀྱང༌། མ་རིག་པའི་ཐ་སྙད་སྦྱར་བར་མཛད་པ་ཡིན་ནོ། །སྤྱིར་ཉོན་མོངས་པ་གསུམ་དུ་བསྡུ་བའི་དབང་དུ་བྱས་ན་ནི། ལྟ་བ་ལྔ་པོ་ཐམས་ཅད་མ་རིག་པར་བསྡུ་བ་ཡིན་ཡང༌། ཉོན་མོངས་དྲུག་དང་བཅུ་དང་ཉི་ཤུ་སོགས་ཀྱི་དབྱེ་བ་འཆད་པའི་སྐབས་འདིར་འཇིག་ལྟ་དང་མ་རིག་པ་སོ་སོར་འདྲེན་དགོས་པའི་ཕྱིར། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་གྱི་མ་རིག་པ་ལྟ་བུ་ནི་འདི་མ་ཡིན་ལ། ཉོན་མོངས་གསུམ་དུ་བསྡུ་བའི་སྐབས་ཉོན་མོངས་པའི་རིགས་ཐམས་ཅད་དུག་གསུམ་དུ་བསྡུ་བའི་ཚུལ་སྔར་རབ་དབྱེ་གཉིས་པའི་སྐབས་སུ་བཤད་ཟིན་པ་ལྟར་རོ། །གཉིས་པ་དེའི་ཡུལ་དགག་པ་ལ་འཇིག་ལྟའི་ཡུལ་སྤྱིར་དགག་པ་དང༌། འཇིག་ལྟ་ཉི་ཤུའི་ཡུལ་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ལ་རིག་པ་ཚན་པ་བཅུ་གཉིས་ཡོད་པ་ལས། དང་པོ་བདག་ཕུང་གཅིག་དང་ཐ་དད་དུ་བརྟགས་ཏེ་དགག་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལས་གསུངས་པ་གལ་ཏེ་ཕུང་པོ་ལྔ་པོ་གང་ཟག་གི་བདག་ཡིན་ན། ཕུང་པོ་སྐྱེ་འཇིག་ཅན་ཡིན་པ་བཞིན་དུ། བདག་ཀྱང་སྐྱེ་བ་དང་འཇིག་པ་ཅན་མི་རྟག་པའི་རང་བཞིན་དུ་ཐལ་བར་འགྱུར་རོ། །གལ་ཏེ་གང་ཟག་གི་བདག་ཕུང་པོ་རྣམས་ལས་རྫས་གཞན་དུ་གྱུར་པ་ཡིན་ན། དེ་ལ་ཕུང་པོའི་མཚན་
ཉིད་གང་ཡང་མེད་པར་འགྱུར་རོ། །དེ་ཡང་འདོད་མི་ནུས་ཏེ། བདེ་སྡུག་བཏང་སྙོམས་གསུམ་གྱི་ཚོར་བ་བྱུང་བའི་ཚེ། བདག་བདེའོ། །བདག་སྡུག་བསྔལ་ལོ། །སྙམ་དུ་སེམས་པ་ཡང་མི་རིགས་ཏེ། བདག་གི་བདེ་སྡུག་ཏུ་ཚོར་བ་མིན་ཏེ། བདག་དང་ཚོར་བ་གཉིས་མཚན་ཉིད་རྫས་གཞན་ཡིན་པའི་ཕྱིར། དེས་ཕུང་པོ་གཞན་རྣམས་ལའང་རིགས་འདྲེས་སོ། །གཉིས་པ་སྔ་ཕྱི་ལ་བརྟགས་ཏེ་དགག་པ་ནི། སྐྱེས་བུ་ལྷས་བྱིན་ལྷ་ནས་ཚེ་འཕོས་ནས་མིར་སྐྱེས་པ་དེའི་ཚེ། ལྷར་གྱུར་པའི་བདག་དང༌། མིར་གྱུར་པའི་བདག་གཉིས་གཅིག་ཡིན་ནམ། ཐ་དད་ཡིན། གལ་ཏེ་ལྷར་གྱུར་པའི་བདག་དེ་མི་གྱུར་པའི་བདག་དེ་དང་གཅིག་ཡིན་པ་དེ་ལྟར་ན། བདག་དེ་རྟག་པ་ཡིན་པར་འགྱུར་ན་ཡང༌། དེ་གཉིས་གཅིག་ཡིན་པ་མི་སྲིད་པའི་ཕྱིར། དེའི་རྒྱུ་མཚན་ཡང་མིར་གྱུར་པའི་བདག་དེ། ལྷར་གྱུར་པའི་བདག་དེ་ཡིན་ན། མིའི་རྟེན་ལ་ཡང་ལྷའི་གནས་ལུས་ལོངས་སྤྱོད་ཚེ་སོགས་ལ་དབང་བསྒྱུར་དགོས་པ་ལ། དེ་ལྟར་མེད་པའི་ཕྱིར་རོ། །གལ་ཏེ་མིར་གྱུར་པའི་བདག་དེ་ལྟར་གྱུར་བའི་བདག་ལས་གཞན་ཏེ་ཐ་དད་པ་ཡིན་ན། བདག་མི་རྟག་པར་ཐལ་ཏེ། ལྷའི་དུས་ཀྱི་བདག་འགག་སྟེ། མིར་གྱུར་པའི་བདག་སྐྱེས་པའི་ཕྱིར་རོ། །གསུམ་པ་ཉེ་བར་ལེན་པ་པོ་དང༌། ཉེ་བར་བླང་བྱ་གཉིས་ལ་བརྟགས་ཏེ་དགག་པ་ནི། ཉེ་བར་ལེན་པ་པོ་ནི་གང་ཟག་གི་བདག་ཡིན་ལ།
དེས་ཉེ་བར་བླང་བར་བྱ་བ་ནི་ཕུང་པོ་ལྔ་ཡིན་ཏེ། དཔེར་ན། ལྷའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཚོགས་པ་ཞིག་ནས། དེ་ནས་མིར་སྐྱེས་པའི་ཚེ། ཉེ་བར་བླང་བྱ་མིའི་ཕུང་པོ་ལྔ་ཉེ་བར་འཛིན་པ་བཞིན་ནོ། །དེས་ན་ཉེ་བར་ལེན་པ་པོ་བདག་དང་ཉེ་བར་བླང་བྱ་ཕུང་པོ་གཉིས་གཅིག་དང་ཐ་དད་ཇི་ལྟར་ཡིན། གལ་ཏེ་གཅིག་ཡིན་ཞེས་སྨྲ་ན། ཉེ་བར་བླང་བྱ་ཕུང་པོ་ཉིད་ཉེ་བར་ལེན་པ་པོ། གང་ཟག་གི་བདག་མ་ཡིན་ཏེ། གང་ཟག་གི་བདག་ནི་རྟག་གཅིག་རང་དབང་ཅན་ཡིན་ལ། ཉེ་བར་བླང་བྱ་ཕུང་པོ་དེ་དག་དང་པོར་བྱུང་བ་དང༌། མཐར་འཇིག་པ་མི་རྟག་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེས་ན་བདག་རྟག་པ་བཞིན་དུ། ཉེ་བར་བླང་བྱ་ཕུང་པོ་ལྔ་ཡང་རྟག་པ་ཡིན་པར་ཐལ་བའམ། ཡང་ན་ཉེ་བར་བླང་བྱ་ཕུང་པོ་ལྔ་མི་རྟག་དུ་མ་གཞན་དབང་ཅན་ཡིན་པ་ཇི་ལྟ་བར། ཉེ་བར་ལེན་པ་པོ་བདག་ཀྱང་དེ་ལྟར་ཡིན་པར་ཐལ་བར་འགྱུར་རོ། །གཞན་ཡང་བདག་ནི་ཉེ་བར་ལེན་པའི་ཕུང་པོ་ལས། གཞན་སྡེ་ཐ་དད་དུ་འཐད་པ་ཉིད་མ་ཡིན་ལ། གལ་ཏེ་དེ་གཉིས་འབྲེལ་མེད་ཐ་དད་པ་ཡིན་ན་གཟུགས་མཐོང་བའི་ཚེ། བདག་གིས་གཟུགས་མཐོང་ངོ་ཞེས་སྙམ་པ་ཡང་མི་རིགས་ཏེ། གཟུགས་ནི་མིག་གི་རྣམ་ཤེས་ཀྱིས་མཐོང་བ་ཡིན་ལ། མིག་ཤེས་དང་བདག་གཉིས་ལ། འབྲེལ་བ་མེད་ཅིང་ཐ་དད་པ་ཡིན་པའི་ཕྱིར་རོ། །དོན་ཚན་བཞི་པ་ཚོགས་པ་ལ་བརྟགས་ཏེ་དགག་
པ་ནི། དཀོན་བརྩེགས་ཀྱི་མདོའི་ནང་ཚན་འཕགས་པ་ཡབ་སྲས་མཇལ་བའི་མདོ་ལས་བསྟན་པ་ལྟར། ལུས་སེམས་ཀྱི་ཚོགས་པ་ལ། སྐྱེས་བུ་ཞེས་འདོགས་པ་ཡིན་ཞིང༌། ལུས་སེམས་ཀྱི་ཚོགས་པ་ཡང༌། ལུས་ཀྱི་ཤ་དང༌། ལྤགས་པ་དང༌། རུས་པ་ལ་སོགས་པ་རྣམས་ནི། ས་ཁམས་དང༌། ཁྲག་དང༌། ཆུ་སེར་དང༌། རྔུལ་ལ་སོགས་པ་རྣམས་ནི་ཆུ་ཁམས་དང༌། ལུས་ཀྱི་དྲོད་ནི་མེ་ཁམས་དང༌། དབུགས་ལ་སོགས་པའི་གཡོ་བ་ནི་རླུང་ཁམས་དང༌། ལུས་ཀྱི་ཁོང་སྟོང་ལ་སོགས་པ་ནི་ནམ་མཁའ་དང༌། མིང་བཞིའི་ཕུང་པོ་རྣམས་ནི་རྣམ་ཤེས་ཀྱི་ཁམས་ཏེ། ཁམས་དྲུག་འདུས་པའི་ཚོགས་པ་ལ་སྐྱེས་བུ་ཞེས་བརྟགས་པ་ཡིན་གྱི། སྐྱེས་བུ་རྫས་ཡོད་ཞིག་ཡོད་ན། ས་ཁམས་ལ་སོགས་པ་རེ་རེ་བཞིན་སྐྱེས་བུ་ཡིན་ན་ནི་སྐྱེས་བུ་དྲུག་སོགས་དུ་མར་ཐལ་བ་དང༌། ཁམས་དྲུག་ནི་ནང་ནས། ས་ཁམས་ལྟ་བུ་ཞིག་སྐྱཻས་བུ་ཡིན་ལ། གཞན་རྣམས་སྐྱེས་བུ་མ་ཡིན་ན་ནི་དྲུག་པོ་དེ་རྣམས་ལ་གཅིག་སྐྱེས་བུ་ཡིན་གྱི། གཞན་རྣམས་ལ་མ་ཡིན་ནོ། །ཞེས་འདོར་ལེན་བྱུང་བའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །ཡང་སྐྱེས་བུ་ནི་ས་ཁམས་ཡང་མ་ཡིན། ཆུ་ཡང་མ་ཡིན། མེ་མ་ཡིན། རླུང་ཁམས་མ་ཡིན། ནམ་མཁའི་ཁམས་མ་ཡིན། རྣམ་ཤེས་ཀྱང་མ་ཡིན་ཏེ། ཁམས་དྲུག་པོ་ཀུན་མ་ཡིན་ན་ནི། དེ་ལས་གཞན་དུ་སྐྱེས་བུ་རྫས་གྲུབ་གང་ན་ཡང་དམིགས་སུ་མེད་པའི་ཕྱིར་རོ། །དོན་ཚན་
ལྔ་པ་མཚན་མ་བརྟགས་ཏེ་དགག་པ་ནི། དབུ་མ་བཞི་བརྒྱ་པ་ལས། འཕགས་པ་ལྷས་གསུངས་པ་ལྟར། གལ་ཏེ་གང་ཟག་གི་བདག་བུད་མེད་མ་ཡིན་པ་དང༌། སྐྱེས་པ་མ་ཡིན་པ་དང༌། མ་ནིང་མ་ཡིན་པ་དེའི་ཚེ། བདག་ཏུ་འཛིན་པ་ནི་མི་ཤེས་པ་འབའ་ཞིག་གི་མཐུ་ལས། ཁྱོད་རྣམས་བདག་པོའོ་སྙམ་དུ་སེམས་པར་ཟད་དོ། །དེ་དག་གི་དོན་ཞིབ་མོར་བཤད་པ་ལ། ཐོག་མར་ལུས་ཀྱི་མཚན་མ་ལ་བརྟགས་དེ་དགག་པ་ནི། སྐྱེས་པ་གང་ཟག་གི་བདག་མ་ཡིན་ཏེ། བུད་མེད་ཀྱི་གཟུགས་དང་མི་འདྲ་བའི་ཕྱིར། བུད་མེད་བདག་མ་ཡིན་ཏེ། སྐྱེས་པ་དང་གཟུགས་མི་འདྲ་བའི་ཕྱིར། མ་ནིང་བདག་མ་ཡིན་ཏེ། བུད་མེད་དང་གཟུགས་མི་འདྲ་བའི་ཕྱྀར། དེ་ལ་ཁྱབ་པ་མ་ངེས་སོ་ཟེར་ན། དེའི་ཁྱབ་སྒྲུབ་ནི། མཚན་ཉིད་འགལ་བ་ཤིན་ཏུ་ཐ་དད་པ་གསུམ་ལ་བདག་གི་དངོས་པོར་གཅིག་པ་ནི་ཆེས་མི་འཐད་དེ། སྐྱེས་པ་ནི་བུད་མེད་ལ་སེམས་པ་དང༌། སྙིང་སྟོབས་དང་ལྡན་པ་སོགས་ཀྱི་མཚན་ཉིད་ཅན་དང༌། བུད་མེད་ནི་དེ་ལས་ཟློག་པའི་མཚན་ཉིད་ཅན་དང༌། མ་ནིང་ནི་དེ་གཉིས་ཅར་ལས་མཚན་ཉིད་ཐ་དད་པའི་ཕྱིར་རོ། །གཞན་ཡང་བདག་དེ་ཁོ་ན་ཉིད་ཀྱི་གནས་ལུགས་སུ་སྨྲ་ན། མཚན་ཉིད་སྣ་ཚོགས་པ་ཡིན་པར་འགལ་ཏེ། དེ་ཁོ་ན་ཉིད་ནི་ངོ་བོ་གཅིག་པའམ། དེ་ལྟ་མིན་ཡང་རྣམ་པར་ཤིན་ཏུ་མཚུངས་པ་མི་འདྲ་བ་མེད་པ་ཞིག་དགོས་པའི་ཕྱིར་རོ། །སྔ་ཕྱིའི་མཚན་མ་ལ་བརྟགས་ཏེ་དགག་པ་ནི། སྐྱེས་བུ་གཉིས་ཕན་ཚུན་འདོད་
པ་དང་ལྡན་པ་སྟེ། ཕན་ཚུན་མཛའ་བོར་འགྱུར་བ་དང༌། ཡང་སྐྱེས་བུ་དེ་གཉིས་ཆགས་པ་དང་བྲལ་བ་སྟེ། ཕན་ཚུན་མཁོན་པར་འགྱུར་བ་དེའི་ཚེ། འདོད་ལྡན་མཛའ་བའི་གནས་སྐབས་དེ་བདག་ཡིན་ན། ཆགས་བྲལ་འཁོན་པའི་གནས་སྐབས་དེ་བདག་མ་ཡིན་པར་འགྱུར་ཏེ། འདོད་ལྡན་དང་ཆགས་བྲལ་གཉིས་མཚན་ཉིད་ཤིན་ཏུ་ཐ་དད་པའི་ཕྱིར། གཞན་ཡང་ཉོན་མོངས་པས་བཅིངས་པའི་གནས་སྐབས་དེ་གང་ཟག་གི་བདག་ཡིན་ན་ཉོན་མོངས་པ་ལས་གྲོལ་བའི་སྐབས་བདག་མ་ཡིན་པར་འགྱུར་ཏེ། བཅིངས་གྲོལ་གཉིས་པོ་དེ་མཚན་ཉིད་ཤིན་ཏུ་ཐ་དད་པའི་ཕྱིར། ཅི་སྟེ་མཚན་ཉིད་འགལ་ཡང་དངོས་པོ་གཅིག་ཡིན་ཞེས་སྨྲ་ན་ནི། ས་རྡོ་སོགས་ཀྱང་བདག་ཏུ་ཐལ་བར་འགྱུར་ཏེ། མཚན་ཉིད་འགལ་ཡང་དངོས་པོ་གཅིག་པར་འགྱུར་བའི་ཧ་ཅང་ཐལ་བར་འགྱུར་བ་མ་ཡིན་ནམ། ཤིན་ཏུ་ཐ་དད་པའི་དངོས་པོ་རྣམས་གང་ཟག་གི་བདག་གི་དངོས་པོ་གཅིག་ཏུ་ཁས་ལེན་པ་ནི། ཆེས་ཤིན་ཏུ་རྣམ་པར་འཁྲུལ་ལོ། །ཅི་སྟེ་མཚན་ཉིད་སྣ་ཚོགས་ཡིན་ཡང་བདག་ཡིན་པ་མི་འགལ་ལོ་སྙམ་ན། ཁྱེད་དག་གང་ཟག་གི་བདག་དེ་ཁོ་ན་ཉིད་ཀྱི་གནས་ལུགས་སྨྲ་ན། གནས་ལུགས་ལ་ངོ་བོ་གཅིག་ཡིན་པ་དགོས་པ་ཡིན་ཞིང༌། ཅི་སྟེ་དེ་ལྟར་མིན་ཡང་རྣམ་པ་ཤིན་ཏུ་འདྲ་བ་ཞིག་དགོས་པ་ཡིན་གྱི་རྣམ་པ་ཐ་དད་པ་དང༌། མི་འདྲ་བ་སྣ་ཚོགས་པ་དེ་ཁོ་ན་ཉིད་དུ་འགལ་བ་ཡིན་ནོ། །དེས་ན་གང་ཟག་གི་བདག་དེ་གནས་ལུགས་དེ་ཁོ་
ན་ཉིད་ཡིན་ན་རྣམ་པ་ཐ་དད་པ་སོགས་སྣ་ཚོགས་པ་འགལ་བའི་ཕྱིར་རོ། །དོན་ཚན་དྲུག་པ་བྱེད་པ་ལ་བརྟགས་པའི་དགག་པ་ནི། བདེ་སྡུག་བཏང་སྙོམས་གསུམ་ཚོར་བའི་ཉམས་སུ་མྱོང་བའི་ཕྱིར། ཚོར་བ་མྱོང་བ་པོའི་བདག་ཡོད་པ་མ་ཡིན་ཏེ། དཔེར་ན་མིག་གི་དབང་པོ་དང་ཡུལ་གཟུགས་དང༌། མིག་གི་རྣམ་པར་ཤེས་པ་གསུམ་འདུས་པ་ལས། ཡུལ་གཟུགས་ཡོངས་སུ་སྤྱོད་པའི་རེག་པ་དང༌། རེག་པའི་རྗེས་སུ་ཚོར་བ་བདེ་བ་ཉམས་སུ་མྱོང་བ་དེའི་ཚེ། བདེ་བ་མྱོང་མཁན་གྱི་བདག་ཡོད་པ་མ་ཡིན་ཏེ། ཉམས་སུ་མྱོང་མཁན་ནི་ཚོར་བས་བྱས་པ་བཞིན་ནོ། །དེ་བཞིན་དུ་ལེན་པ་པོ་དང༌། འགྲོ་བ་པོ་ཡང་གང་ཟག་གི་བདག་མ་ཡིན་ལ། ཅི་སྟེ་བདག་དེ་རྣམས་ཡིན་ན། ལེན་པ་པོ་ལག་པ་དང༌། འགྲོ་བ་པོ་རྐང་པ་མེད་ཀྱང༌། ལེན་པའི་བྱ་བ་དང༌། འགྲོ་བའི་བྱ་བ་ལ་སོགས་པ་བྱེད་ནུས་སུ་ཡོད་དགོས་པར་ཐལ་བ་ལས། དེ་རྣམས་མེད་པར་བདག་ཙམ་གྱིས་ནི་ལེན་པ་དང༌། འགྲོ་བའི་བྱ་བ་གང་ཡང་བྱེད་པ་མེད་ཅིང༌། བྱ་བ་དེ་བྱེད་པ་རྐང་ལག་ལ་ངེས་པར་ལྟོས་པའི་ཕྱིར། ལེན་པ་པོ་ལག་པ་དང༌། འགྲོ་བ་པོ་རྐང་པ་ཡིན་པར་གྲུབ་བོ། །དོན་ཚན་བདུན་པ་ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོ་ལ་བརྟགས་ཏེ་དགག་པ་ནི། དགེ་སྡིག་གི་ལས་རྣམས་ནི། སེམས་པ་དང་བཅས་པའི་ལུས་དང༌། སེམས་པ་དང་བཅས་པའི་ངག་དང༌། སེམས་པ་ཁོ་ནས་ཀྱང་བྱེད་པར་མཐོང་བའི་ཕྱིར་
རོ། །བདག་གིས་ལས་བྱེད་པ་མེད་ལ། དེ་ལྟར་མ་བྱས་པས་ནི། ཅིའི་ཕྱིར་དེས་འབྲས་བུ་ཡང་མྱོང་བར་འགྱུར་ཏེ། མི་འགྱུར་བར་ཐལ། དེས་རྒྱུའི་དུས་སུ་ལས་མ་བྱས་པའི་ཕྱིར། དེས་ན་ལས་བྱེད་པ་པོ་ལུས་དང༌། ངག་དང་སེམས་ཀྱིས་བྱས་པས། རྣམ་སྨིན་གྱི་འབྲས་བུ་ཡང་ལུས་ངག་སེམས་ཀྱི་ཚོགས་པས་ཉམས་སུ་མྱོང་བ་འཐད་པ་ཡིན་ནོ། །དོན་ཚན་བརྒྱད་པ་ཆ་ཤས་ལ་བརྟགས་ཏེ་དགག་པ་ནི། ཕྱོགས་སྔ་མ་ན་རེ། ལས་བྱེད་པ་པོ་ལུས་ངག་སེམས་ཀྱི་ཚོགས་པ་ཡིན་ལ། རྣམ་སྨིན་མྱོང་བ་པོ་ཡང་ལུས་ངག་སེམས་ཀྱི་ཚོགས་པ་ཡིན་པའི་ཤིན་ཏུ་འཐད་མོད། འོན་ཀྱང་ལུས་ངག་སེམས་ཀྱི་ཚོགས་པ་དེ་ཀ་བདག་ཡིན་ནོ། །ཟེར་ན་ལུས་ངག་སེམས་ཀྱི་ཚོགས་པ་ནི་ནམ་ཡང་བདག་ཡིན་པ་མི་སྲིད་དེ། ལུས་ངག་སེམས་ནི་ཆ་ཤས་དུ་མ་ཅན་ཡིན་པས་སོ། །དེ་ཡང་ལུས་ལ་རྐང་ལག་ནང་ཁྲོལ་སོགས་ཆ་དུ་མ་དང༌། དེ་ཡང་རྡུལ་ཕྲན་གྱི་ཆ་དུ་མ་དང༌། རྡུལ་ཕྲན་དེ་ཡང་ནང་སེལ་རྡུལ་རྫས་བརྒྱད་འདུས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། སེམས་ཡང་བློ་རིགས་མི་འདྲ་བ་སྣ་ཚོགས་པ་ཡིན་པའི་ཕྱིར། ཆ་ཤས་རེ་རེ་ནས་ཐམས་ཅད་གང་ཟག་གི་བདག་ཡིན་ན་ནི། དེ་རང་དབང་ཅན་མ་ཡིན་པར་གཞན་དབང་ཅན་དུ་ཐལ་བ་དང༌། རྟག་པར་མ་ཡིན་པར་མི་རྟག་པར་ཐལ་བ་དང༌། འཁྲུལ་བ་ཅན་དུ་ཐལ་བ་དང༌། གཅིག་པུ་མ་ཡིན་པར་དུ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར། བདག་གི་མཚན་ཉིད་ཡོད་པ་མ་
ཡིན་ནོ། །ཆ་ཤས་རེ་རེ་ནས་གང་ཟག་གི་བདག་མ་ཡིན་ན། ཆ་ཤས་ལས་གཞན་པའི་ལུས་ངག་སེམས་ཀྱི་ཚོགས་པ་མེད་པའི་ཕྱིར་རོ། །དོན་ཚན་དགུ་པ་བྱ་བ་ཁྱབ་བྱ་ཁྱབ་བྱེད་ལ་བརྟགས་ཏེ་དགག་པ་ནི། སྤྱིར་ཁྱབ་བྱ་ཁྱབ་བྱེད་ལ་བདག་གཅིག་འབྲེལ་ངོ་བོ་གཅིག་པ་དང༌། ངོ་བོ་མི་གཅིག་པའི་ཁྱབ་བྱ་ཁྱབ་བྱེད་གཉིས་ཡོད་པ་ལས་གང་ཡིན། དང་པོ་ཁྱབ་བྱེད་བདག་ཁྱབ་བྱ་ཕུང་པོ་རྣམས་དངོས་པོ་གཅིག་ཡིན་ན། སྔར་བཤད་པའི་སྐྱོན་འཇུག་ཅིང༌། གཉིས་པ་དེ་ཁྱབ་བྱ་དང་མི་གཅིག་ན། ལས་དགེ་སྡིག་གི་མཐུ་ལས་འབྲས་བུ་བདེ་སྡུག་བདག་གིས་མྱོང་བ་མེད་པར་ཐལ་བར་འགྱུར་ཏེ། ཁྱབ་བྱ་ལས་དགེ་སྡིག་སོགས་དང་མ་འབྲེལ་བའི་ཕྱིར། དེ་བཞིན་དུ་སྔར་འཁོར་བར་བཅིངས་པའི་སེམས་ཅན་ཞིག་གིས་ལམ་ཉམས་སུ་བླངས་ཏེ། གྲོལ་བ་ཐོབ་པ་དེའི་ཚེ། གྲོལ་བ་ཐོབ་པ་པོའི་བདག་མེད་པར་འགྱུར་ཏེ། སྔར་བཅིངས་པའི་གནས་སྐབས་ཀྱི་ལམ་ཉམས་སུ་བླངས་པ་དང༌། མ་འབྲེལ་བའི་ཕྱིར་རོ། །དོན་ཚན་བཅུ་པ་འདུ་ཤེས་ལ་བརྟགས་དེ་དགག་པ་ནི། ཅི་སྟེ་མཆོད་སྦྱིན་ཞེས་བྱ་བའི་སྐྱེས་བུ་བདག་ཡིན་ན་ཡོན་ཏན་བཤེས་གཉེན་ཞེས་བྱ་བའི་སྐྱེས་བུ་དེ་ཡང༌། བདག་གི་འདུ༷་ཤེས་མཆོད་སྦྱིན་ཞེས་བྱ་བའི་སྐྱེས་བུ་དེ་ལ་འཇུག་པར་འགྱུར་ཏེ། དཔེར་ན། རི་རབ་ལྷུན་པོ་གང་ཟག་སུ་འདྲ་ཞིག་གིས་མཐོང་ན་ཡང༌། རི་རབ་ལྷུན་པོ་ཁོ་ནའི་འདུ་ཤེས་འཇུག་པ་ལ་བྱེ་བྲག་མེད་པ་བཞིན་ནོ། །དེས་ན་མཆོད་སྦྱིན་རང་ཉིད་ལ། རང་ཉིད་ཀྱི་བདག་ཏུ་འཛིན་གྱི་ཡོན་
ཏན་བཤེས་གཉེན་གྱིས་གཞན་དུ་འཛིན་པ་དང༌། ཡོན་ཏན་བཤེས་གཉེན་རང་ཉིད་ཀྱི་རང་ཉིད་ལ་བདག་གི་འདུ་ཤེས་འཇུག་ཀྱང༌། ལྷས་བྱིན་གྱིས་གཞན་གྱི་འདུ་ཤེས་འཇུག་པ་སོགས། འདུ་ཤེས་འཇུག་ཚུལ་མི་འདྲ་བ་སྣ་ཚོགས་འབྱུང་བའི་ཕྱིར། བདག་བླཽས་བརྟགས་པ་ཙམ་ཡིན་གྱི་ཡུལ་རང་ངོས་ནས་བདག་གྲུབ་པ་མ་ཡིན་ཏེ། ཅི་སྟེ་གྲུབ་ན་སེམས་ཅན་གཅིག་གི་བདག་ཏུ་འདུ་ཤེས་འཇུག་པའི་ཡུལ་དེ་ལ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བདག་གི་འདུ་ཤེས་འཇུག་དགོས་པར་འགྱུར་རོ། །དོན་ཚན་བཅུ་གཅིག་པ་སྡེ་སྣོད་གསུམ་གྱི་ཚུལ་ལས་གསུངས་པའི་ལུང་གིས་གང་ཟག་གི་བདག་མེད་པར་སྒྲུབ་པ་ནི། བདག་ཏུ་འཛིན་པ་ཞེས་བྱ་བ་ནི་བདུད་ཀྱི་སེམས་སོ། །དེའི་རྒྱུ་མཚན་ཡང༌། དེར་འཛིན་པ་ལས་ནི། ཆགས་སོགས་ཉོན་མོངས་ཀྱི་སེམས་སྐྱེ་བར་འགྱུར་བའི་ཕྱིར་དང་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་མཐུ་ལས་བྱུང་བའི་ཕྱིར། བདུད་ཀྱི་སེམས་ཞེས་འཇོག་པའམ། ཡང་ན་བདུད་ཀྱི་སྐད་དོད་ལ་མ་དྲ་ཡ་ཞེས་པ་ཡོད་ཅིང༌། དེ་འཆི་བ་ལ་ཡང་འཇུག་པས། བདག་འཛིན་གྱིས་ཀུན་ནས་བསླངས་ཏེ། ལས་བསགས་དེས་སྐྱེ་བ་ཡོངས་སུ་བླངས་ཤིང་འཆི་བར་འགྱུར་བ་དང༌། ཡང་སྐྱེ་བ་ཡོངས་སུ་བཟུང་ནས་འཆི་བ་སོགས། ཡང་ཡང་འཆི་ཞིང་འཇིག་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེས་ན་བདུད་
ཀྱི་སེམས་དེ་ལྟ་བུ་ཁྱོད་ཀྱིས་བལྟ་བའམ་འཛིན་པར་འགྱུར་བ་ཡིན་ཡང༌། འདུ་བྱེད་ཀྱི་ཕུང་པོ་ལྔ་པོ་གང་ཟག་གི་བདག་འདིས་སྟོང་བའི་ཕྱིར། ཕུང་པོ་འདི་ལ་ནི་བདག་དང་སེམས་ཅན་ཞེས་བྱ་བ་རྫས་སུ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་བདག་དང་སེམས་ཅན་དུ་འཛིན་པ་འདི་ཅི་སྙམ་ན། དེས་ཇི་ལྟར་ན་སྲོག་ཤིང་དང༌། ཁོག་པ་དང༌། གཉའ་ཤིང་དང༌། འཁོར་ལོ་དང༌། དེ་རྣམས་སྒྲིལ་བར་བྱེད་པ་སྟེ། ཡན་ལག་རྣམས་ཚོགས་པ་ལ་བརྟེན་ནས་ཤིང་རྟ་ཞེས་འཇོག་པ་ལྟར་དེ་བཞྀན་དུ་ཕུང་པོ་ལྔའི་ཚོགས་པ་ལ་བརྟེན་ནས། ཀུན་རྫོབ་བརྟགས་ཡོད་ཙམ་དུ་སེམས་ཅན་ཞེས་འདོགས་པར་བྱེད་པ་ཡིན་ནོ། །དོན་ཚན་བཅུ་གཉིས་པ་དཔལ་ཆོས་ཀྱི་གྲགས་པའི་ལུང་རིགས་ཀྱིས་དགག་པ་ནི། སེམས་ཅན་རྣམས་རང་རང་སོ་སོའི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ལས་མཆོག་ཏུ་གྱུར་པ་གཞན་ཞིག་དོན་དུ་གཉེར་པའི་ཕྱིར་དང༌། བདག་སྐྱེ་ཞིང་འཇིག་པར་ཡང་བླཽས་ཡོངས་སུ་བཟུང་བ་ཅན་ཉིད་ཀྱི་ཕྱིར། སྐྱེ་བོ་རྣམས་ཀྱིས་རྒྱུ་མཚན་རྣམ་པ་གཉིས་པོ་འདིས་དབང་པོ་སོགས་ལས། གང་ཟག་གི་བདག་ནི་ཕུང་པོ་ལས་ཐ་དད་དུ་གྱུར་པར་མྱོང་བས་ཤེས་སོ། །གཉིས་པ་འཇིག་ལྟ་ཉི་ཤུའི་ཡུལ་བྱེ་བྲག་ཏུ་དགག་པ་ནི། སྤྱིར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་ཞེས་གསུངས་པ་ནི། ཕུང་པོ་ལྔ་རེ་རེ་བཞིན་བདག་ཏུ་འཛིན་པ་སྟེ་ལྔ་དང༌། བདག་ལ་ཕུང་པོ་
ལྔ་པོ་རེ་རེ་བཞིན་གྲོགས་སམ་འཁོར་གྱི་ཚུལ་གྱིས་ལྡན་པར་འཛིན་པ་སྟེ་བཅུ་དང༌། རྟེན་བདག་ལ་ཕུང་པོ་ལྔ་པོ་རེ་རེ་བཞིན་བརྟེན་པའི་ཚུལ་གྱིས་གནས་པར་འཛིན་པ་སྟེ་བཅོ་ལྔ་དང༌། རྟེན་ཕུང་པོ་ལྔ་པོ་རེ་རེ་ལ་བརྟེན་པའི་ཚུལ་གྱིས་གནས་པར་འཛིན་པ་སྟེ་ཉི་ཤུའོ། །དེ་ཡང་བཤེས་སྤྲིང་ལས། གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་མཛོད། །ཅེས་གསུངས་པ་ལྟར་རོ། །དེ་ལ་ཐོག་མར་ཕུང་པོ་ལྔ་བདག་ཡིན་པར་དགག་པ་ལ། སྤྱིར་གོང་དུ་བསྟན་པ་ལྟར། བདག་ཕུང་གཅིག་ཏུ་ཐལ་བའི་གནོད་བྱེད་ཀྱི་རིགས་པ་ཉིད་ཡིན་ཡང་དེ་ལ་བརྗོད་ཚུལ་མི་འདྲ་བའི་སྒོ་ནས་བརྗོད་པས་གོ་ཚུལ་ཐ་དད་པར་འགྱུར་བ་ཡིན་ཏེ། དེ་ལ་ལུས་གཟུགས་ཀྱི་ཕུང་པོ་འདི་དག་ཡིན་ན། དེ་ཡང་ཆ་ཤས་དུ་མར་སོ་སོར་ཕྱེ་བ་ལས། དེ་དག་རེ་རེ་ནས་བདག་ཡིན་ན། བདག་དུ་མར་ཐལ་བའི་སྐྱོན་དང༌། དེ་དག་གི་ནང་ནས་ཆ་ཤས་གཅིག་བདག་ཡིན་ལ། གཞན་རྣམས་བདག་མ་ཡིན་པའིརྒྱུ་མཚན་མེད་དེ། ཐམས་ཅད་ཡིན་ན་ཡིན་མཉམ་དང༌། མ་ཡིན་ན་མ་ཡིན་མཉམ་དུ་མཚུངས་པའི་ཕྱིར་རོ། །སེམས་མིང་བཞིའི་ཕུང་པོ་རྣམས་བདག་ཡིན་ན། གཙོ་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་དེ་དག་གི་འཁོར་དུ་བྱུང་པའི་ཚོར་བ་དང༌། འདུ་ཤེས་འདུ་བྱེད་སོགས་སེམས་བྱུང་ལྔ་བཅུ་ང་གཅིག་ཏུ་རྣམ་
པར་ཕྱེ་བ་ལས། དེ་རྣམས་ཀྱང་རེ་རེ་ནས་བདག་ཡིན་ན། བདག་དུ་མར་ཐལ་བའི་སྐྱོན་དང་གཅིག་ཡིན་ལ། གཅིག་ཤོས་གཞན་རྣམས་ལ་མ་ཡིན་པའི་རྒྱུ་མཚན་མེད་པའི་ཚུལ་གོང་བཞིན་ནོ། །ལུས་སེམས་གཉིས་ཀ་ལས་གཞན་པ་ཞིག་ཡིན་ན། ཕྱི་ནང་དུ་བཙལ་བས་རྙེད་པར་གྱུར་པ་ལས་དམིགས་སུ་མེད་པའི་ཕྱིར་རོ། །ལུས་སེམས་གཉིས་ཀ་ཚོགས་པའི་ཚོགས་སྤྱི་ཙམ་ཞིག་གང་ཟག་གི་བདག་ཡིན་ཞེས་སྨྲས་ན། ཚོགས་སྤྱི་ཙམ་ནི་རྫས་སུ་མེད་པ་བློས་བརྟགས་པ་ཙམ་ཡིན་པའི་ཕྱིར་རོ། །བདག་ལ་ཕུང་པོ་ལྔ་དང་ལྡན་པར་འཛིན་པ་དགག་པ་ནི། གལ་ཏེ་བདག་ལ་ལུས་ལྡན་ན་མཚན་ཉིད་ཀྱི་ཚུལ་གྱིས་ལྡན་པ་དང༌། ཕན་ཚུན་རྒྱུ་འབྲས་ཀྱི་ཚུལ་གྱིས་ལྡན་པ་དང༌། རྟེན་དང་བརྟེན་པའི་ཚུལ་གྱིས་ལྡན་པ་དང༌། བདག་པོ་དང་དེས་དབང་བསྒྱུར་བྱའི་ཚུལ་གྱིས་འབྲེལ་དགོས་པ་ལས། དེ་དག་གང་ཡང་འཐད་པ་མ་ཡིན་ཏེ། འོག་ནས་འཆད་པར་འགྱུར་བའི་སྐྱོན་དང་བཅས་པའི་ཕྱིར། དང་པོ་ནི། བདག་ལ་ལུས་མཚན་ཉིད་ཀྱི་ཚུལ་གྱིས་ལྡན་ན། སྔར་བདག་ཕུང་གཅིག་ཏུ་བཀག་པའི་སྐྱོན་རྣམས་འཇུག་པར་འགྱུར་བ་ཡིན་ཏེ། ལུས་མི་རྟག་དུ་མ་གཞན་དབང་ཅན་ཡིན་པ་བཞིན་དུ་བདག་ཀྱང་དེར་ཐལ་བར་འགྱུར་རོ། །གཉིས་པ་བདག་དང་ལུས་གཉིས་ཕན་ཚུན་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་དང་འབྲས་བུའི་འབྲེལ་བ་དང་ལྡན་པ་ཡིན་ན། ལུས་རྒྱུ་ལས་འབྲས་བུ་བདག་བསྐྱེད་པ་ཡིན་ནམ། བདག་རྒྱུ་ལས་
འབྲས་བུ་ལུས་བསྐྱེད་པ་ཡིན། དང་པོ་ལྟར་ན། རྒྱུ་མི་རྟག་པ་ལས། འབྲས་བུ་རྟག་པ་སྐྱེ་བ་ཤེས་བྱ་ལ་ཡང་མི་སྲིད་ཅིང༌། དེ་ལྟ་ན། བདག་དེ་མི་རྟག་པར་ཐལ་བའི་སྐྱོན་དང་དེ་བཞིན་དུ་གང་ཟག་གི་བདག་རྒྱུ་ལུས་ལ་ལྟོས་པས། རང་དབང་ཅན་མ་ཡིན་པར་གཞན་ལ་ལྟོས་པར་ཡང་འགྱུར་རོ། །གཉིས་པ་ལྟར་ན། རྒྱུ་རྟག་པ་ལས་འབྲས་བུ་མི་རྟག་པ་སྐྱེ་བ་མི་སྲིད་པ་དང་རྟག་པ་རྒྱུར་འགྱུར་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། ལུས་རྟེན་ལ། བདག་བརྟེན་པའི་ཚུལ་གྱིས་ལྡན་པ་ཡིན་ནམ། བདག་རྟེན་ཡིན་པ་ལ་ལུས་བརྟེན་པའི་ཚུལ་གྱིས་ལྡན་པ་ཡིན། དང་པོ་ལུས་རྟེན་ཡིན་ན་དེ་ལ་བརྟེན་པའི་གང་ཟག་གི་བདག་ནི། སྐྱེ་བ་དང་འཇིག་པ་ཅན་དུ་ཐལ་ཏེ། རྟེན་ལུས་དེ་སྐྱེ་འཇིག་ཅན་ཡིན་པའི་ཕྱིར། དཔེར་ན། བྲག་རི་ཞིག་པར་གྱུར་ན། དེ་ལ་བརྟེན་ནས་གནས་པའི་ཁང་བ་ཤུགས་ལ་འཇིག་པ་བཞིན་ནོ། །གཉིས་པ་གང་ཟག་གི་བདག་རྟེན་ཡིན་ན། དེ་ལ་བརྟེན་པའི་ལུས་ནི་རྟག་པ་ཡིན་པར་ཐལ་བར་འགྱུར་རོ། །བདག་རྟག་པ་ལ་ལུས་དེ་ལན་གཅིག་བརྟེན་ཕྱིན། རྟག་ཏུ་དེ་ཉིད་བརྟེན་པར་གནས་དགོས་ཏེ། བདག་རྟག་པ་ལ་བརྟེན་པ་ཡིན་པའི་ཕྱིར། འདིར་ནི་སྤྱིར་རྟེན་མི་འཇིག་ན་བརྟེན་པ་མི་འཇིག་པའི་ཁྱབ་པ་མ་ངེས་ཀྱང༌། བདག་རྟག་
པ་ཡིན་པས་ན། དེ་ལ་དངོས་པོ་གང་རུང་ཞིག་ལན་ཅིག་བརྟེན་ཕྱིན། རྟག་ཏུ་བརྟེན་དགོས་པར་ཐལ་བ་ལ་དགོངས་སོ། །བཞི་པ་བདག་དང་ལུས་གཉིས་བདག་པོ་དང་བདག་བྱའི་ཚུལ་གྱིས་ལྡན་ན། དེ་གཉིས་ཕན་ཚུན་ཡོད་པར་འདོད་པ་ཞིག་ལ། བདག་པོའི་འབྲེལ་པ་འབྱུང་ཡང་གང་ཟག་གི་བདག་མེད་པ་ལ་ལུས་དང་ཕན་ཚུན་བདག་པོའི་འབྲེལ་བ་མི་སྲིད་པའི་ཕྱིར་རོ། །གཟུགས་ལ་བདག་གནས་ན། གཟུགས་ཀྱི་ཕྱི་ནང་ཀུན་ཏུ་བཙལ་བ་ན་སྣང་དུ་རུང་བ་ཚད་མས་དམིགས་དགོས་པ་ལས་དེ་ལྟར་མ་དམིགས་པའི་ཕྱིར་རོ། །བདག་ལ་གཟུགས་གནས་པར་འདོད་ན་ནི། གཟུགས་དང་འབྲེལ་བ་འགལ་བ་ཡིན་ཏེ། བདག་རྟག་པ་ཡིན་པས་དེ་ལ་གནས་པའི་གཟུགས་ཀྱང་རྟག་པར་ཐལ་བར་འགྱུར་རོ། །གཞན་ཡང་གང་ཟག་གི་བདག་གིས་གཟུགས་སོགས་རྣམས་ལ་བདག་པོའི་ཚུལ་གྱིས་དབང་བྱས་པ་ཡིན་ན་གཟུགས་སོགས་དངོས་པོ་རྣམས་འདོར་བ་དང༌། ལེན་པ་ལ་ཇི་ལྟར་འདོད་པ་བཞིན་རང་དབང་ཅན་དུ་འབྱུང་དགོས་པར་ཐལ་བ་ལ། དེ་ལྟར་མེད་པར་དབང་མེད་དུ་འདོར་ལེན་བྱེད་པར་མཐོང་བའི་ཕྱིར་རོ། །གཞན་ཡང་གང་ཟག་གི་བདག་ནི་གཟུགས་ཅན་མ་ཡིན་པའི་ཕྱིར། ལུས་ཀྱི་བླ་སྟེ་སྟེང་དང༌། འོག་དང་བར་སོགས་དང༌། གནས་གཅིག་ཏུ་གནས་པར་རུང་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་བརྟེན་པ་རྩྭ་ཤིང་རྟེན་ས་ལ་བརྟེན་པ་ལྟར། བདག་དང་གཟུགས་གཉིས་ཀྱང༌། རྟེན་བརྟེན་པ་མ་ཡིན་ལ། ཅི་སྟེ་དེ་ལྟར་
ན། རྟེན་ས་གཞི་འཕེལ་གྲིབ་ཀྱིས་དབང་ལས། བརྟེན་པ་རྩྭ་ཤིང་འཕེལ་འགྲིབ་བྱེད་པ་བཞིན་དུ་གཟུགས་འཕེལ་འགྲིབ་ཀྱིས་དབང་ལས། བདག་འཕེལ་འགྲིབ་བྱེད་དགོས་པ་ལས་དེ་ལྟར་བྱེད་པ་སོགས་མ་དམིགས་པའི་ཕྱིར་རོ། །སྤྱི་ན་གཟུགས་ཀྱི་འཕེལ་འགྲིབ་བྱེད་ཀྱང་བདག་འཕེལ་འགྲིབ་བྱེད་པ་མ་ངེས་ཏེ། ཕྱི་རོལ་ཀྱི་གཟུགས་ལ་ཡང་འཕེལ་འགྲིབ་ཡོད་པའི་ཕྱིར་རོ། །གཞན་ཡང་ལུས་སེམས་གཉིས་འདུས་ཀྱི་ཚོགས་སྤྱི་ཙམ་གང་ཟག་གི་བདག་ཡིན་ན་ཡང་མི་རུང་སྟེ། གཟུགས་བདག་ཡིན་ན་སེམས་བདག་མ་ཡིན་པར་འགྱུར་ཏེ། གཟུགས་སེམས་གཉིས་པོ་ཕན་ཚུན་མཚན་ཉིད་འགལ་བའི་ཕྱིར་རོ། །དེ་བཞིན་དུ། སེམས་བདག་ཡིན་ན་ཡང་གཟུགས་བདག་ཡིན་པ་འགལ་ཏེ། དེ་གཉིས་མཚན་ཉིད་འགལ་བའི་ཕྱིར་རོ། །བདག་མེད་གཉིས་ཀྱི་སྔ་ཕྱིའི་མཚམས་སྦྱོར་བ་ནི། དེ་ལྟར་གོང་དུ་བསྟན་པ་ལྟར་གྱི་གང་ཟག་གི་བདག་མེད་པ་སྒོམ་པའི་ཚུལ་འདི་ནི། ཐེག་པ་ཆེ་ཆུང་ཀུན་ལ་ཡོད་པ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་ལྟ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་སྤྱི་འདི་ལྟ་བུ་དང་མི་ལྡན་ན། ཚུལ་ཁྲིམས་བསྲུང་བ་དང༌། བཟོད་པ་ལ་གནས་པ་སོགས་དགེ་བའི་ལས་ལམ་ཅི་ལྟ་བུ་ཞིག་སྤྱོད་ན་ཡང༌། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་མ་ཡིན་ཏེ། སྤྱི་དགེ་བའི་ལས་ལམ་ལ་གནས་པ་ཙམ་དུ་ཟད་དོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་
པའི་ལམ་དུ་སྒོམ་བྱའི་ལྟ་བ་ནི་ཆོས་ཀྱི་བདག་མེད་ཡིན་ལ། དེ་ཡང་སྤྱིར་ན་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པར་སྒོམ་ཕྱིན། གང་ཟག་གི་བདག་མེད་ཡང་གོམ་པར་འགྱུར་བ་ཡིན་ཏེ། དེ་དེའི་ནང་དུ་འདུས་པའི་ཕྱིར་རོ། །ཡང་མདོ་སྡེ་འགའ་ཞིག་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གང་ཟག་གི་བདག་མེད་པ་བསྒོམ་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཟག་གི་བདག་མེད་སྒོམ་དུ་མི་རུང༌། ཞེས་སྨྲ་བ་ནི་མི་འཐད་དེ། ལུང་དེའི་དགོངས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕུང་པོ་ལ་མཚན་མར་འཛིན་ཞིང༌། དེ་ལ་ང་བདག་བཀག་པ་ཙམ་གྱི་གང་ཟག་གི་བདག་མེད་མཚན་མ་ཅན་དེ་ལྟ་བུ་མི་སྒོམ་བྱ་བའམ། ཡང་ན་གང་ཟག་གི་བདག་མེད་ལོགས་སུ་བསྒོམ་པར་བྱ་མི་དགོས་ཏེ། ཆོས་ཀྱི་བདག་མེད་ཀྱི་ཁོངས་སུ་གཏོགས་པས་དེ་སྒོམ་པས་གཅིག་ཤོས་སྒོམ་པར་འགྱུར་བ་ལ་དགོངས་སོ། །གཉིས་པ་ཆོས་ཀྱི་བདག་མེད་བཤད་པ་ལ། དགག་བྱ་ཆོས་ཀྱི་བདག་འཛིན་ངོས་བཟུང་བ་དང༌། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་བཤད་པ་གཉིས་ལས། དང་པོ་ལ། ཆོས་ཀྱི་བདག་འཛིན་གྱི་མིང་གི་རྣམ་གྲངས་བཤད་པ་དང། དེའི་འཛིན་སྟངས་ཀྱི་བཟུང་བྱ་ངོས་བཟུང་བ་དང༌། ཆོས་ཀྱི་བདག་འཛིན་ལ་བརྟེན་པའི་རྟག་ཆད་ཀྱི་མཐའ་སྤོང་ཚུལ་བཤད་པ་དང༌། ཆོས་ཀྱི་བདག་འཛིན་གྱི་དགྱེ་སྒོ་བསྟན་པ་དང༌། དེའི་དོན་རྣམ་
པར་ངེས་པ་དང་ལྔ་ལས། དང་པོ་ནི། ཆོས་ཀྱི་བདག་འཛིན་དང༌། དངོས་པོར་ཞེན་པ་དང༌། བདེན་འཛིན་དང༌། དངོས་པོར་འཛིན་པ་རྣམས་མིང་གི་རྣམ་གྲངས་སོ། །དེ་ལྟར་ན་དངོས་མེད་དུ་འཛིན་པ་རྣམས་དངོས་པོ་འཛིན་པར་ཇི་ལྟར་འགྱུར། དེ་ཆོས་ཀྱི་བདག་འཛིན་དུ་འདོད་པ་མ་ཡིན་སྙམ་ན། མེད་པར་འཛིན་པ་ཡང་ཡོད་པར་འཛིན་པའི་ནང་དུ་འདུ་བ་ཡིན་ཏེ། མེད་འཛིན་ནི་ཐ་སྙད་འཛིན་པ་ཙམ་ཡིན་གྱི། དོན་ལ་འཛིན་ཡུལ་གང་ཡང་མེད་པ་ལ་དེར་འཛིན་རྒྱུ་མེད་པས་སོ། །དེ་ཡང་དཔེར་ན། བུམ་པ་ལྟ་བུ་གཅིག་མེད་པར་འཛིན་པ་ནི། འཛིན་སྟངས་དེ་མེད་འཛིན་ཡིན་ཡང༌། དངོས་པོ་བུམ་པ་ལ་བརྟེན་ནས། དེ་མེད་པར་བཟུང་བ་ཡིན་པའི་ཕྱིར། དངོས་པོར་འཛིན་པའི་ནང་དུ་འདུ་བ་དང༌། ཡང་སྟོང་ཉིད་མེད་དགག་ལ་དམིགས་ནས། དེ་མེད་པར་འཛིན་པ་ལྟ་བུ་ཡང་ཡུལ་དང་འཛིན་སྟངས་གཉིས་ཆར་དངོས་མེད་ཡིན་ཡང༌། དེ་མེད་པར་འཛིན་པ་ནི་ཐ་སྙད་ཙམ་འཛྀན་པ་ཡིན་པས་ཀྱང་ཡོད་འཛིན་གྱི་ནང་དུའོ། །གཉིས་པ་ནི། འདུས་བྱས་ཀྱི་དངོས་པོ་ཚུགས་ཐུབ་པ་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན། དེ་ལ་ཆོས་ཀྱི་བདག་ཞེས་བརྗོད་པ་ཡིན་ནོ། །གསུམ་པ་ནི། འདུས་བྱས་ཀྱི་ཆོས་གང་དག་སྐད་ཅིག་མ་དང་པོ་དེ་ཉིད་དུ་མི་འཇིག་པར། སྐད་ཅིག་མ་གཉིས་པའི་དུས་སུ་ཡང༌། རྟག་པར་གནས་པ་ཞིག་བླཽས་འཛིན། དེ་ནི་རྟག་པ་ལྟ་བ་ཡིན་ན། དེ་ཡང་སྐད་ཅིག་མ་དང་
པོ་སྐད་ཅིག་མ་གཉིས་པའི་དུས་ཙམ་གནས་པར་འཛིན་པའང༌། རྟག་ལྟ་ཡིན་ན། དེ་ལས་ཡུན་རིང་བ་ལོ་ཟླ་སོགས་སུ་གནས་པར་འཛིན་ན། རྟག་པར་ལྟ་བ་ལྟ་སྨོས་ཀྱང་ཅི་དགོས། འདུས་བྱས་ཀྱི་ཆོས་གང་ཡང་རུང་བ་ཞིག་སྔར་བདེན་དངོས་སུ་ཡོད་པ་ཕྱིས་འགགས་པར་འཛིན་པ་ནི་ཆད་པར་ལྟ་བ་ཡིན་པར་འདོད་ལ། དེ་དག་ཀྱང་བདེན་དངོས་སུ་འཛིན་པ་མ་ཡིན་གྱི། བདེན་མིན་འཁྲུལ་ངོར་སྣང་བ་ཙམ་ལ་ཡུན་རིང་དུ་གནས་པའི་སྣང་བ་དང༌། དེས་ཕྱིས་འགག་པའི་སྣང་བ་ཤར་ཡང་རྟག་པ་དང་ཆད་པའི་སྐྱོན་དུ་འགྱུར་བ་མེད་དོ། །ཡང་རྟག་ཆད་ཀྱི་མཐའ་སེལ་ཚུལ་གཅིག་ལ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གནས་ལུགས་སེམས་པ་ལ་ཞུགས་པའི་དུས་སུ། ཀུན་རྫོབ་ཀྱི་ཆོས་རྣམས་བདེན་གྲུབ་ཏུ་ཡོད་པར་ལྟ་བ་ནི། རྟག་པའི་མཐའ་དང་དོན་དམ་དབྱིངས་གཏན་མེད་དུ་འདོད་པའམ། བདེན་པར་མེད་པར་བལྟ་བ་ཆད་པའི་མཐའོ། །ཡང་རྟག་ཆད་ཀྱི་མཐའི་འཇོག་ཚུལ་གཅིག་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་[ལུང་དང་རིགས་པས་]གྲུབ་པ་ན། [སྤྲོས་བྲལ་ཡིན་པས་]གང་དུ་ཡང་འཛིན་པའི་རྟོག་པ་ཡོད་པ་མ་ཡིན་ཡང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་[ཡོད་པར་]སྒྲུབ་པ་ལ་འཇུག་པའི་གེགས་ཀྱི་སྐབས་ཡོད་པར་འཛིན་པ་སོགས། ཡོངས་དཔྱོད་དུ་འཛིན་པའི་ཆ་སྒྲུབ་རྟོག་ཐམས་ཅད་རྟག་པའི་མཐའ་དང༌། ཀུན་རྫོབ་མེད་པར་འཛིན་
པ་སོགས་རྣམ་[བཅད་]དཔྱོད་ཀྱི་ཆ་དགག་རྟོག་ཐམས་ཅད་ཆད་པའི་མཐའོ། །སྤྱིར་[དོན་དམ་པར་མེད་པ་]དགག་པ་དང༌། [ཀུན་རྫོབ་ཏུ་ཡོད་པ་]སྒྲུབ་པ་ཐམས་ཅད་དོན་དམ་དངོས་པོའི་གནས་ཚུལ་ལ་གཏན་ནས་མེད་པས། དེ་དང་དེ་ཐ་སྙད་ཙམ་མོ། །དེ་ལྟར་ན་རྟག་ཆད་ཀྱི་མཐའ་རིམ་པ་གསུམ་དུ་བསྟན་པ་དེ་ཀུན་ཆོས་ཀྱི་བདག་འཛིན་གྱི་ཁོངས་སུ་འདུས་པ་ཡིན་ལ། དོན་དུ་ན་བྱེད་པ་པོ་དང༌། ལས་དང་བྱ་བ་སྟེ། འཁོར་གསུམ་གྱི་རྣམ་པར་རྟོག་པ་ཀུན། ཆོས་ཀྱི་བདག་འཛིན་ཕྱོགས་མཐུན་ཉིད་དུ་ཤེས་པར་བྱ་དགོས་པ་ཡིན་ནོ། །བཞི་པ་ནི། དེ་ལྟ་བུའི་ཆོས་ཀྱི་བདག་འཛིན་དེ་ལ་དབྱེ་ན། ཞེན་པའི་རྟོག་པ་དང༌། ཞེན་པར་མི་རྟོག་པ་གཉིས་ལས། དང་པོ་ནི། སྒྲ་དོན་འདྲེས་འཛིན་ཡིན་སྙམ་གྱི་རྣམ་པར་རྟོག་པ་ཉིད་ཡིན་ལ། གཉིས་པ་ལ་ཡང་ཞེན་པའི་རྣམ་པར་རྟོག་པ་དེ་དང་འབྲེལ་བ་དང༌། མ་འབྲེལ་བ་གཉིས་ཡོད་པ་ལས། དེ་གཉིས་ས་དང་པོ་ནས་ས་བཅུ་པའི་བར་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པ་ཡིན་ཞིང༌། དེ་ཡང་མ་དག་པ་ས་བདུན་ལ་གནས་པ་རྣམས་ལ། ཞེན་པ་དང་འབྲེལ་བའི་རྣམ་རྟོག་གཡོ་བ་ཡོད་པ་ཡིན་ཞིང༌། དག་པ་ས་གསུམ་ལ་གནས་པ་ལ། ཞེན་པ་དང་མ་འབྲེལ་བས་རྣམ་པར་རྟོག་པ་མི་གཡོ་བ་ཡོད་པ་ཡིན་ནོ། །ཞེན་པའི་རྣམ་པར་རྟོག་པ་དེ་ལ་ཡང་དབྱེ་ན། ངོ་བོ་ཉིད་དུ་རྟོག་པ་དང༌། ཁྱད་པར་དུ་རྟོག་པ་དང༌། བསྡུས་ཏེ་རྟོག་པ་དང༌། དབྱེ་བར་རྟོག་
པ་བཞིར་འདོད་པ་ཡིན་ནོ། །དང་པོ་ནི། དཔེར་ན། བུམ་པའོ་སྙམ་དུ་འཛིན་པ་ལྟ་བུ་དང༌། གཉིས་པ་ནི། དེའི་ཁྱད་པར་ཆེ་ཆུང་དང༌། བཟང་ངན་སོགས་སུ་འཛིན་པའོ། །གསུམ་པ་ནི། མང་པོ་ཞིག་གཅིག་ཏུ་བསྡུས་ཏེ་འཛིན་པ་དང༌། བཞི་པ་ནི། གཅིག་ལ་དུ་མར་རྣམ་པར་ཕྱེ་བར་འཛིན་པ་ལྟ་བུའོ། །ལྔ་པ་ནི། མདོར་ན། དོན་དམ་དངོས་པོའི་གནས་ཚུལ་ལ་ཀུན་རྫོབ་འདུས་བྱས་ཀྱི་ཆོས་ཡོད་པར་འཛིན་པ་ནི། ཆོས་ཀྱི་བདག་ཏུ་འཛིན་པ་ཉིད་ཡིན་ཞིང༌། དེར་མ་ཟད་ཡིན་སྙམ་གྱི་རྣམ་པར་རྟོག་པས་དངོས་སུ་མི་འཛིན་ཡང༌། བདེན་པར་སྣང་བའི་ཕྱིར། སྣང་བ་དེ་ཉིད་ལ་བདེན་པར་འཛིན་པ་ཞེས་བྱ་སྟེ། དཔེར་ན། མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་བ་དང༌། རྣ་བས་རྣམ་པར་ཤེས་པས་སྒྲ་ཐོས་པ་སོགས་ལ། གཟུགས་འཛིན་མངོན་སུམ་སྒྲ་འཛིན་མངོན་སུམ་ཞེས་འཇོག་པ་ལྟར་རོ། །གོང་དུ་བསྟན་པའི་གཡོ་བའི་རྣམ་པར་རྟོག་པ་ནི། མ་དག་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་ཐོབ་ལ་ཀུན་རྫོབ་ཀྱི་ཆོས་རྣམས་ལ་[བདེན་པར་]ཡིན་སྙམ་གྱིས། རྣམ་པར་རྟོག་པ་མེད་ཀྱང་བདེན་པར་སྣང་བ་ནི་ཡོད་པ་ཡིན་ཞིང༌། ཆོས་རྟོག་མི་གཡོ་བ་དག་པ་ས་གསུམ་གྱི་གནས་སྐབས་ན་ཡོད་པ་དེ་ལ་ནི། ཀུན་རྫོབ་ཀྱི་ཆོས་རྣམས་སྣང་ཡང་བདེན་[པར་]སྣང་[བ་]ནི་མེད་པ་ཡིན་ལ། སྣང་ཙམ་འབྱུང་བ་དེ་ཡང་སྔ་མ་བདེན་པར་སྣང་ཞིང་འཛིན་པའི་མཐུ་ལས་བྱུང་བ་
ཡིན་པ་དེའི་ཕྱིར་སྣང་བ་དེ་ཡང་ཆོས་ཀྱི་བདག་ཏུ་འཛིན་པའི་ཆ་ཤས་ཀྱི་དྲིས་བགོས་པར་འདོད་དོ། །རྒྱུ་མཚན་དེའི་ཕྱིར་ཀུན་རྫཽབ་སྣང་ཙམ་པོ་འདི་སྤངས་ན། དོན་དམ་གྱི་སྣང་བ་འབའ་ཞིག་པ་རྫོགས་པའི་སངས་རྒྱས་ཉིད་དུ་འདོད་པ་ཡིན་ནོ། །དེ་སྤོང་པའི་ཚུལ་ཡང༌། དཔེར་ན། ཉི་མའི་དཀྱིལ་འཁོར་སྒྲ་གཅན་གྱི་རིམ་པས་ཟིན་པར་གྱུར་པ་ན། གཟུགས་སུ་སྣང་བ་འདི་དག་ཐམས་ཅད་རིམ་པས་མི་གསལ་དུ་འགྲོ་བ་ཙམ་ཡིན་གྱི། འདི་དག་ཇེ་ཆུང་དུ་འགྲོ་བ་མིན་པ་བཞིན་དུ། ཀུན་རྫོབ་སྣང་བ་སྤོང་བའི་ཚུལ་ཡང༌། ས་དང་པོ་ནས་བཅུ་པའི་བར་དུ་རིམ་པས་འདི་རྣམས་གཞན་[ཆོས་ཀྱི་དབྱིངས་སུ་སྤྲོས་བྲལ་]དུ་འགྱུར་བའི་ཚུལ་གྱིས་སྣང་བ་ཇེ་བཟང་དུ་འགྱུར་བ་ཡིན་གྱི། ཀུན་རྫོབ་ཀྱི་ཆོས་འདི་རྣམས་མཐའ་ནས་རིམ་པས་བསྡུས་ཏེ། ཇེ་ཆུང་དུ་སོང་ནས་མཐར་མེད་འགྲོ་བ་ལྟ་བུ་ནི་མ་ཡིན་ཏེ། ས་བཅུ་རྒྱུན་གྱི་ཐ་མར་ཀུན་རྫོབ་ཀྱི་སྣང་བ་འདི་དག་ཐམས་ཅད་གཅིག་ཆར་[གཉིས་མེད་ཟུང་འཇུག་]སྤོང་བར་འགྱུར་བ་ཡིན་ནོ། །གཞན་ཡང་ཀུན་རྫོབ་ཀྱི་ཆོས་འདི་རྣམས་བདེན་པར་འཛིན་པ་མ་ཡིན་ཞིང༌། སྣང་ཙམ་དུ་སྒྱུ་མ་ལྟ་བུར་འཛིན་པ་ཡང་རེ་ཞིག་མི་དགག་སྟེ། སྒྱུ་མ་ལྟ་བུར་འཛིན་པ་དེ་བདེན་དངོས་སུ་འཛིན་པའི་གཉེན་པོ་བླ་ན་མེད་པ་བྱེད་པའི་ཕྱིར། འོན་ཀྱང་སྤྱིར་ནི་ཆོས་ཀྱི་བདག་ཏུ་ལྟ་བ་ཉིད་ཡིན་པས་མཐར་ཐུག་གི་ཚེ་སྤང་བར་བྱ་བ་ཡིན་ནོ། །དོན་དམ་དབྱིངས་བདེན་
པར་འཛིན་པ་ཡང་མཉམ་གཞག་རྣམ་པར་མི་རྟོག་པའི་དུས་ན་[དབྱིངས་དང་ཡེ་ཤེས་རོ་མཉམ་ལས་མེད་པས་]སྤང་བར་བྱ་བ་ཡིན་ལ། དེའི་རྒྱུ་མཚན་ཡང་བཟུང་ཡུལ་[བདེ་གཤེགས་སྙིང་པོའི་ངོ་བོ་]བདེན་མེད་ཡིན་པའི་རྒྱུ་མཚན་གྱིས། དེ་བདེན་པར་འཛིན་པ་སྤོང་བ་མ་ཡིན་གྱིས་[སྤྲོས་བྲལ་ཉག་གཅིག་ལ་བདེན་འཛིན་དེ་ཉིད་]རྣམ་པར་རྟོག་པ་ཡིན་སྙམ་དང་འབྲེལ་བའི་ཕྱིར་དང། [བདེན་འཛིན་]དེ་[གནས་ཚུལ་མཐུན་པའི་]རྣམ་པར་མི་རྟོག་པ་ལ་འཇུག་པའི་གེགས་ཡིན་པའི་ཕྱིར་[མཐའ་གཅིག་ཏུ་]སྤང་དགོས་པ་ཡིན་ནོ། གཞན་[རྗེས་ཐོབ་ཤན་འབྱེད་པའི་]གནས་ཚུལ་སེམས་པ་ལ་འཇུག་པའི་སྐབས་སུ་དོན་དམ་དབྱིངས་[རང་ངོས་ནས་མི་སྟོང་བར་]བདེན་པར་འཛིན་པ་སྤང་བྱ་མ་ཡིན་ཏེ། [ཆོས་དབྱིངས་]དེ་[བདེན་པ་]དེར་འཛིན་པར་དངོས་པོའི་གནས་ཚུལ་ལ་ཞུགས་པའི་ཕྱིར། དེའི་རྒྱུ་མཚན་ཀུན་རྫོབ་སྣང་གྲགས་བདེན་པར་འཛིན་པ་ནི། ཉོན་མོངས་སྐྱེ་བའི་དཔུང་དང་གཞིར་གྱུར་པ་ཡིན་ཏེ། དཔེར་ན། དགྲ་ལ་ཞེ་སྡང་སྐྱེ་བ་ལྟ་བུ་ཡང་དམིགས་ཡུལ་དགྲ་བདེན་མེད་དུ་མ་ཤེས་པར་བདེན་པར་བཟུང་བ་ལས། ཞེ་སྡང་སྐྱེ་བར་འགྱུར་བ་ལྟ་བུའོ། །དོན་དམ་དབྱིངས་བདེན་པར་འཛིན་པ་འདི་ནི། ཉོན་མོངས་སྐྱེ་བའི་དཔུང་གཉེན་དུ་གྱུར་པ་དེར་འགལ་བ་ཡིན་ཏེ། དོན་དམ་དབྱིངས་བདེན་པར་བཟུང་བ་ལ་བརྟེན་ནས་ཆགས་སོགས་ཉོན་མོངས་སྐྱེ་བ་ནམ་ཡང་མེད་པའི་ཕྱིར་དང༌། དེ་མ་ཟད། དེ་དག་གི་གཉེན་པོ་རྣམས་བྱང་གི་ཆོས་བསྐྱེད་ཅིང་འཕེལ་
བའི་རྒྱུ་ཡང་འགྱུར་བ་ཡིན་ཏེ། དོན་དམ་དབྱིངས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་ཤེས་པས་དད་པ་སྐྱེ་བར་འགྱུར་བ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཡང་དེ་བཞིན་དུ་གནས་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་བ་སོགས། དགེ་ཆོས་རྣམ་པར་བྱང་བའི་ཚོགས་མཐའ་ཡས་པ་བསྐྱེད་ཅིང་འཕེལ་བའི་རྒྱུར་གྱུར་པ་ཡིན་ནོ། །དེས་ན་དོན་དམ་དབྱིངས་ཀྱི་ཡེ་ཤེས་གནས་ལུས་ལ་བདེན་པར་གྲུབ་པ་ཆོས་ཀྱི་བདག་མ་ཡིན་ཞིང༌། དེ་བདེན་པར་འཛིན་པ་ཡང་ཆོས་ཀྱི་བདག་འཛིན་མ་ཡིན་ལ། དོན་དམ་དབྱིངས་དེ་བདེན་པར་མེད་པར་འཛིན་ན་ལོག་པར་ལྟ་བ་ཉིད་དུ་འགྱུར་བ་ཡིན་ནོ། །གཉིས་པ་ཆོས་ཀྱི་བདག་མེད་པར་སྒྲུབ་པའི་རིགས་པ་བཤད་པ་ལ། དམ་བཅའི་ཚུལ་གྱིས་མདོར་བསྟན་པ་དང༌། ཆོས་ཀྱི་བདག་མེད་པ་སྒྲུབ་པ་བསྒྲུབ་པའི་རིགས་པ་དངོས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནི་ཆོས་བདག་མེད་པར་སྒྲུབ་པའི་རིགས་པའི་རྣམ་གྲངས་གཞུང་ལུགས་ཆེན་པོ་རྣམས་ལས་རྒྱ་ཆེར་གསུངས་པ་རྣམས་མདོར་བསྡུས་པའི་ཚུལ་གྱིས་ཅུང་ཟད་ཅིག་བཤད་པར་བྱ་སྟེ། ཞེས་པའོ། །གཉིས་པ་ལ་བརྟགས་པའི་དངོས་པོ་ཅི་རིགས་པ་བདེན་མེད་དུ་གཏན་ལ་འབེབས་པའི་རིགས་པ་བཤད་པ་དང༌། ཁྱབ་པའི་སྤྲོས་པ་འགོག་པའི་རིགས་པ་བཤད་པ་གཉིས་ལས། དང་པོ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བ་གཉིས།
དང་པོ་ལ་ཡང༌། དོན་སྤྱི་བདེན་མེད་དུ་སྒྲུབ་པ་དང༌། རིགས་སྤྱི་བདེན་མེད་དུ་སྒྲུབ་པ་དང༌། མིང་དོན་གྱི་འབྲེལ་བ་བདེན་མེད་དུ་སྒྲུབ་པ་དང༌། རགས་རྒྱུན་བདེན་མེད་དུ་སྒྲུབ་པ་དང༌། དུས་གཉིས་བདེན་མེད་དུ་སྒྲུབ་པ་དང་ལྔ་ལས། དང་པོ་ནི། ཆོས་གང་དང་གང་ལ་ཡང༌། དེ་དང་དེར་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་གཟུང་ཆ་ལ་དོན་སྤྱི་ཞེས་བྱ་སྟེ། དཔེར་ན། བུམ་པའོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་གཟུང་ཆ་ནི། བུམ་པའི་དངོས་པོ་ཉིད་མ་ཡིན་གྱི། བློ་ཡུལ་དུ་བུམ་པ་མ་ཡིན་པ་རྣམ་པར་བསལ་ཙམ་གྱིས་རྟོག་པའི་འཛིན་སྟངས་ཀྱི་གཟུང་ཆ་དེ་ཉིད་ཡིན་པས། དེ་ལ་བུམ་པའི་དོན་སྤྱི་ཞེས་བྱའོ། །དེ་ལྟར་ན་མེའི་དོན་སྤྱི་སོགས་སྤྱི་མཚན་རྣམས་དངོས་པོ་གཞན་དང་མ་འབྲེལ་ཞིང༌། གང་ལ་བརྟེན་པའི་དངོས་པོ་དཔེར་ན། མེའི་སྤྱི་མེ་དང་ཡང་མ་འབྲེལ་བ་ཡིན་ལ། ཅི་སྟེ་དེ་དང་འབྲེལ་ན་མེའི་དོན་སྤྱིས་མེའི་དོན་བྱེད་ནུས་པ་སྲེག་པར་བྱེད་དགོས་པར་ཐལ་བ་ལས། དེ་ལྟར་མི་ནུས་པ་མངོན་སུམ་དུ་མཐོང་བའི་ཕྱིར་དང༌། ཡང་མེའི་དོན་སྤྱིའི་མེའི་དངོས་ཀྱི་བྱ་བ་བྱེད་མི་ནུས་ཀྱང༌། མེ་དེའི་རྒྱུའམ། དེའི་འབྲས་བུའམ། ཁ་དོག་དབྱིབས་སོགས་ཁྱད་པར་གྱི་ཆོས་གང་རུང་ཞིག་ལ་ཕན་འདོགས་ནུས་པ་ཡིན་ན། དོན་བྱེད་ནུས་པ་ཡིན་ཡང་མེའི་སྤྱི་དེ་ལ་དེ་དག་གང་གིས་ཡང་བྱ་བ་བྱེད་པ་མེད་པས་ན། དོན་བྱེད་ནུས་པ་མ་ཡིན་ཞིང༌། དེ་ནི་
ཤེས་པ་མ་འཁྲུལ་བའི་མྱོང་བྱར་ཡོད་པ་ལྟ་ཞོག །འཁྲུལ་བའི་ཤེས་པ་རྣམས་ཀྱི་མྱོང་བྱར་ཡང་ཡོད་པ་མ་ཡིན་པ་དང༌། ཕྱི་ནང་སོགས་གང་དུ་གནས་པའི་ཡུལ་ཡང་མེད་པའི་ཕྱིར། བླཽ་རྣམ་པར་རྟོག་པས་བརྟགས་པ་ལས་གཞན་ཡོད་པར་མ་མཐོང་བ་དེའི་ཕྱིར་རྫས་སུ་མེད་པ་ཡིན་ནོ། །འོན་ཀྱང་རི་བོང་རྭ་སོགས་མི་སྲིད་པའི་དངོས་མེད་རྣམས་དང་མི་མཚུངས་པའི་རྒྱུ་མཚན། དངོས་པོ་ལ་བརྟེན་པའི་དངོས་མེད་ཡིན་པའི་དབང་ལས་སོ། །གཉིས་པ་ནི། དེ་ཡང་ཆོས་གང་དང་གང་ལ་ཡང༌། རང་དང་རིགས་གཅིག་པ་དུ་མ་ཞིག་ལ་ཐུན་མོང་དུ་འགྲོ་བའི་སྤྱི་ཞིག་ཆོས་དེ་དང་དེ་རྣམས་ལས་ལོགས་སུ་ཡོད་པ་ལྟར་འཛིན་པའི་སྣང་བ་ལ་རིགས་སྤྱི་ཞེས་བྱ་བ་ལ་ཡིན་ཞིང༌། དེ་ཡང་དཔེར་ན། གསེར་བུམ་དང༌། དངུལ་བུམ་དང༌། རྫ་བུམ་གསུམ་མ་ཡིན་པའི་དེ་དག་ལ་ཐུན་མོང་དུ་འགྲོ་བའི་བུམ་པ་ཞེས་བྱ་བའི་ཆོས་ཤིག་ཡོད་པ་ལྟར་སྣང་བ་ལྟ་བུའོ། །དེ་ཡང་བློ་རྣམ་པར་རྟོག་པས་བརྟགས་པ་ཙམ་ཡིན་གྱི། དངོས་པོར་ཡོད་པ་ནི་མ་ཡིན་ཏེ། གསེར་བུམ་ལ་གནས་པའི་བུམ་ཆོས་གསེར་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱཽར་གྱི་དོན་བྱེད་ནུས་པ་གསེར་བུམ་ཁོ་ན་ལ་གནས་ཀྱི། དངུལ་བུམ་སོགས་གཞན་ལ་མི་འགྲོ་བ་དང༌། དངུལ་བུམ་གྱི་ཁྱད་ཆོས་དངུལ་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་དངུལ་བུམ་ཁོ་ན་ལ་གནས་
ཀྱི། གསེར་བུམ་དེ་ལ་འགྲོ་བ་མ་ཡིན་ཞིང༌། གསེར་བུམ་དང་དངུལ་བུམ་སོགས་རེ་རེར་རང་རང་ལས་གཞན་པའི་སྤྱི་བུམ་ཞིག་ཡོད་པ་མ་ཡིན་ཏེ། དེ་ལྟ་བུའི་སྤྱི་བུམ་དེ་རེ་རེར་དང་རང་ལས་གཞན་པ་ཞིག་ཡོད་ན། གསེར་བུམ་ལྟ་བུ་ཞིག་ལ་ཡང་གསེར་བུམ་རང་ཉིད་དང༌། དེ་ལས་གཞན་པའི་སྤྱི་བུམ་ཞིག་སྟེ། བུམ་པ་གཉིས་ཡོད་པར་ཐལ་བ་སོགས་སུ་འགྱུར་རོ། །དེ་དག་རེ་རེའི་ལོག་ན་ཡང༌། དེ་དག་ལ་ཐུན་མོང་དུ་འགྲོ་བའི་སྤྱི་བུམ་ནི་ནམ་དུ་ཡང་གྲུབ་པ་མེད་པའི་ཕྱིར། དངོས་པོར་མེད་པ་བློས་རྣམ་པར་རྟོག་པས་བརྟགས་པ་ཙམ་དུ་ཟད་དོ། །གསུམ་པ་ནི། མིང་དང་དོན་གཉིས་གཅིག་ཏུ་འཛིན་པའི་རྣམ་པར་རྟོག་པ་ནི། ད་ལྟའི་ཆགས་སྡང་བདེ་སྡུག་སོགས་འཁྲུལ་བ་རྣམས་འདི་ལ་བརྟེན་ནས་འབྱུང་བ་ཤས་ཆེ་བ་ཡིན་ཏེ། དཔེར་ན། གཞན་གྱིས་བསྟོད་སྨད་ཀྱི་ཚིག་ལས་སེམས་ལ་བདེ་སྡུག་སྐྱེད་པ་ཡང༌། མིང་དོན་འབྲེལ་མེད་དུ་མ་ཤེས་པ་ལ་བརྟེན་ནས་འབྱུང་བ་ཡིན་ནོ། །དེ་ལྟར་ན། གདགས་གཞི་དོན་གང་དང་གང་ཡིན་པ་དེ་ལ་བློ་རྣམ་པར་རྟོག་པས་མིང་སྣ་ཚོགས་སུ་བཏགས་པ་དོན་དང་འབྲེལ་བ་གང་ཡང་མེད་ཀྱང་མིང་དོན་འབྲེལ་བ་ཅན་དུ་འཛིན་པ་ནི། སྒྲ་སྤྱི་སྣང་བའི་རྣམ་པར་རྟོག་པ་དེ་བློས་བཏགས་པ་ཙམ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། དཔེར་ན། ནོག་དང་ལྐོག་ཤལ་ལྡན་པ་དོན་ཡིན་ཞིང༌། དེ་ལ་བ་ལང་ཞེས་བརྗོད་པ་མིང་ཡིན་པས་མིང་དེས་དོན་དེ་ལ་དངོས་སུ་
རེག་མི་ནུས་པས། དེ་གཉིས་ལ་འབྲེལ་བ་གང་ཡང་ཡོད་པ་མ་ཡིན་ཏེ། ཅི་སྟེ་དེ་གཉིས་འབྲེལ་བ་ཅན་དུ་གྲུབ་ན། བ་ལང་ཞེས་པའི་མིང་མ་ཤེས་པའི་སྔ་རོལ་ཏུ། མིང་གི་བླཽ་སྐྱེ་བ་མེད་པས། དོན་ནོག་དང་ལྐོག་ཤལ་ཡང་མེད་པར་འགྱུར་བར་ཐལ་བ་ལས། བ་ལང་ཞེས་དེ་ལ་མིང་འདོགས་མ་ཤེས་པ་མ་གཏོགས་དོན་དེ་སྔར་ནས་ཡོད་པའི་ཕྱིར་དང༌། ཡང་དོན་དེ་ལ། ཡུལ་སོ་སོའི་དབང་གིས་བ་ལང་དང༌། གོ་ཞེས་པ་དང༌། ག་ཝི་ཞེས་པ་སོགས་མིང་ཐ་དད་སྣ་ཚོགས་ཡོད་པ་ལས། མིང་མང་བ་བཞིན་དུ། དོན་ནོག་དང༌། ལྐོག་ཤལ་ཅན་ཡང་མང་བོར་ཐལ་པར་འགྱུར་ཏེ། མིང་དོན་གཅིག་ཡིན་པའི་ཕྱིར་དང༌། ཡང་མིང་དེ་དག་གི་ནང་ནས། བ་ལང་ཞེས་པ་ལྟ་བུ་གཅིག་ཁོ་ན་འཇུག་གིས་མིང་གཞན་རྣམས་མི་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ། འཇུག་ན་འཇུག་མཉམ་དང༌། མི་འཇུག་ན་མི་འཇུག་མཉམ་ཡིན་པའི་ཕྱིར་རོ། །ཡང་དོན་མང་པོ་ཞིག་ལ། མིང་གཅིག་ཁོ་ན་འཇུག་པ་ཡང་མང་དུ་ཡོད་དོ། །དཔེར་ན་ཀ་ཞེས་པའི་ཡི་གེ་འདི་ཚངས་པའི་མིང་ལ་ཡང་འཇུག་སངས་རྒྱས་ཀྱི་གསུང་རབ་ལ་ཡང་འཇུག་པ་ལས་དེ་གཉིས་མིང་གཅིག་ཡིན་པའི་ཕྱིར་ན། དོན་དེ་དག་ཀྱང་གཅིག་ཡིན་པར་ཐལ་བར་འགྱུར་ཏེ། མིང་གཉིས་གཅིག་ཡིན་པའི་ཕྱིར། གཞན་ཡང་མིང་གི་བླཽ་སྔར་མེད་པ་ཞིག་གིས། གཟུགས་སོགས་དོན་གྱི་རྣམ་པ་ཡང་མཐོང་བ་མིན་པར་
འགྱུར་ཏེ། མིང་དོན་གཉིས་པོ་དེ་འབྲེལ་བ་ཅན་ཡིན་པ་གང་ཞིག །མིང་མེད་པའི་ཕྱིར། དོན་ཡང་མེད་པར་འགྱུར་རོ། །ཡང་དོན་སྔར་ཡོད་པ་ལ། མིང་གློ་བུར་དུ་འདོགས་པ་ཡང་མང་དུ་ཡོད་པ་ལས། མིང་མ་བཏགས་པའི་གོང་དུ་ཡང༌། མིང་གི་བློ་ཡོད་པར་ཐལ་བར་འགྱུར་ཏེ། མིང་དོན་གཉིས་པོ་འབྲེལ་བ་ཅན་ཡིན་པའི་ཕྱིར། དེས་ན་མིང་དོན་གཉིས་ཕན་ཚུན་དུ་འབྲེལ་བ་མེད་པ་ཡིན་ཞེས་བརྗོད་བྱ་རྗོད་བྱེད་མིང་གིས་དངོས་སུ་བརྗོད་དུ་མེད་པ་ཡིན་པར་གྲུབ་བོ། །བཞི་པ་ནི། རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པས། ཚད་མ་རྣམ་འགྲཻལ་དུ་བཤད་པ་ནི། སྤྱི་དངོས་པོ་ཐམས་ཅད་[རྡུལ་ཕྲན་མང་པོ་འདུ་བའི་]རགས་པ་ཁོ་ན་ཡིན་ཏེ། ཕྱི་དོན་དུ་སྣང་བ་རྡུལ་ཕྲན་ཆ་མེད་ཡོད་པ་མ་ཡིན་ཞིང༌། ཤེས་པ་སྐད་ཅིག་ཆ་མེད་ཀྱང་ཡོད་པ་མ་ཡིན་པས་གང་ཅི་ཡང་རུང་བའི་དངོས་པོ་ཐམས་ཅད་ཆ་ཤས་ཅན་ཁོ་ན་ཡིན་པས་ན། རགས་པ་འབའ་ཞིག་ཡིན་ལ། རགས་པ་དུ་མ་ལ་གཅིག་ཏུ་འཁྲུལ་བ་བདེན་མེད་ཁོ་ན་ཡིན་ཏེ། དེ་ཡང་དཔེར་ན། གནས་འདི་ལྟ་བུ་ཞིག་ན་སྐྱེས་བུ་ལྷས་བྱིན་གཅིག་པུ་འདུག་གོ་ཞེས་ལྷས་བྱིན་གྱི་ལུས་སེམས་ཀྱི་ཚོགས་པ་དུ་མ་འདུས་པའི་ཕུང་པོ་ཞིག་ལ་གཅིག་ཏུ་བློས་འཛིན་པ་ཡིན་ལ། དེ་ལྟར་བཟུང་བ་ལྟར་ཆ་ཤས་ཅན་མ་ཡིན་པར། གཅིག་ཏུ་གྲུབ་པ་བདེན་ན། སྐྱེས་བུ་དེའི་ལག་པ་སོགས་ཡན་ལག་གི་ཆ་ཤས་གཅིག་གཡོ་ན། ལུས་ཐམས་ཅད་གཡོ་བར་ཐལ་བར་འགྱུར་ཏེ། དེ་གཅིག་ཏུ་བདེན་པའི་ཕྱིར་དང༌།
དེ་ལྟར་གཡོ་བ་ནི། མངོན་སུམ་དང་འགལ་བའི་ཕྱིར་རོ། །གཞན་ཡང་ངག་གི་སྨྲ་བའི་ལས་བྱེད་པ་ནི། མིག་སོགས་གཞན་རྣམས་ཀྱིས་ཀྱང་སྨྲ་བའི་ལས་བྱེད་པར་ཐལ་བ་ལས། ལས་གཅིག་ཏུ་མི་རུང་བར་མངོན་སུམ་དུ་མཐོང་བའི་ཕྱིར། མིག་རྣ་སོགས་ཆ་ཤས་ཐ་དད་དུ་གྲུབ་པ་དང༌། གཞན་ཡང་མགོ་ལྟ་བུ་ལུས་ཀྱི་ཆ་ཤས་གཅིག་གོས་ཀྱིས་བསྒྲིབས་པ་ནི་ལུས་ཐམས་ཅད་གོས་ཀྱི་བསྒྲིབས་པར་ཐལ་བར་འགྱུར་བའམ། ཡང་ན་ལུས་ཀྱི་ཆ་ཤས་གང་ཡང་རུང་བ་གཅིག་མི་བསྒྲིབ་ན། ལུས་ཐམས་ཅད་མི་བསྒྲིབ་པར་མཐོང་བར་ཐལ་བར་འགྱུར་བ་དང༌། ཡང་ལུས་ཀྱི་ཆ་ཤས་གཅིག་ཚོན་གྱིས་བསྒྱུར་བ་ན་ཐམས་ཅད་སྒྱུར་བར་ཐལ་བའམ། ཡང་ན་ལུས་ཀྱི་ཆ་ཤས་གཅིག་མ་བསྒྱུར་ན། ཐམས་ཅད་མ་བསྒྱུར་བ་ཐལ་བར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར། དངོས་པོ་རྣམ་པ་སྣ་ཚོགས་པ་དུ་མ་འདུས་པའི་རགས་པ་གཅིག་ཏུ་བདེན་པར་ཡོད་པ་མ་ཡིན་ནོ། །རྒྱུན་བདེན་མེད་དུ་སྒྲུབ་པ་ནི། སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ཏུ་གསུངས་པ། སྐད་ཅིག་དུ་མ་སྒྲིགས་ཆགས་སུ་འཇུག་པའི་རྒྱུན་དང༌། དངོས་པོ་དུ་མ་འདུས་པའི་ཚོགས་པ་ཞེས་བྱ་བ་ནི། གོ་རིམ་བཞིན་དུ་འཕྲེང་བ་དང་དམག་ལ་སོགས་བ་ཇི་ལྟ་བ་བཞིན་དུ་བརྫུན་པ་ཡིན་ནོ། །དེ་ཡང་དཔེར་ན། ཕྲེང་བ་ཞེས་བྱ་བ་ཡང་ཕྲེང་རྡོག་རེ་རེ་ནས་ཕྲེང་བ་མ་ཡིན་ཞིང༌། ཕྲེང་རྡོག་རེ་རེ་ལས་གཞན་པའི་ཕྲེང་བ་ཞེས་བྱ་བའི་དངོས་པོ་ལོགས་
སུ་ཡོད་པ་མིན་ཡང༌། ཕྲེང་རྡོག་མང་པོ་ཞིག་སྒྲིགས་པ་ལ། ཕྲེང་བ་ཞེས་འཇོག་པ་ལྟར། ལོ་གཅིག་ཏུ་གནས་ཞེས་འཛིན་པ་ཡང༌། ལོ་རེ་ལ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་པ་དང༌། ཆུ་ཚོད་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་དང༌། དེ་དག་ལ་ཡང་སྐད་ཅིག་མ་དུ་མ་སོགས། སྐད་ཅིག་གི་ཕྲེང་བ་རྒྱུན་མི་འཆད་པ་འབྱུང་བ་ལ། ལོ་ཟླ་སོགས་སུ་འཇོག་པ་ཡིན་ཞིང༌། དེ་དག་ཀྱང་སྐད་ཅིག་མ་རེ་རེ་ནས་ལོ་ཟླ་མ་ཡིན་ཞིང༌། སྐད་ཅིག་མ་རེ་རེ་ལས་ལོགས་སུ་ཡང༌། ལོ་ཟླ་སོགས་མ་གྲུབ་པས། བློ་རྣམ་པར་རྟོག་པའི་བཏགས་པའི་འཁྲུལ་ངོ་ཙམ་དུ་ཟད་དོ། །དེ་བཞིན་དུ་མི་དུ་མ་ཞིག་ཚོགས་པ་ལ། དམག་ཅེས་འཇོག་པ་ཡིན་ཞིང༌། དེ་ཡང་ནང་སེལ་དུ། ལུས་དང་གོ་ཁྲབ་སོགས་དངོས་པོ་སྣ་ཚོགས་པ་དང༌། དེ་དག་ཀྱང་རྡུལ་ཕྲན་དུ་མའི་རང་བཞིན་ཅན་ཡིན་པས། དེ་དག་རེ་རེ་ནས་དམག་མ་ཡིན་ཞིང༌། དེ་དག་ལས་གཞན་དུ་དམག་ཡོད་པ་ཡང་མ་ཡིན་པས་བླཽས་བརྟགས་པ་ཙམ་དུ་ཟད་དོ། །ལྔ་པ་ནི། འདས་པ་དང་མ་འོངས་པ་ཡང་བློས་བཏགས་པ་ཙམ་དུ་མ་ཡིན་པར་འདས་པའི་དངོས་པོ་དང་མ་འོངས་པའི་དངོས་པོ་ཞེས་བྱ་བ་རྫས་སུ་གྲུབ་པ་ཡོད་པ་མ་ཡིན་ཏེ། ཅི་སྟེ་འདས་པའི་དངོས་པོ་དེ་ལྟར་ཡོད་ན། དེ་སྔར་སྐྱེས་ཟིན་པའི་རྗེས་སུ་སླར་ཡང་སྐྱེ་བར་ཐལ་བ་དང༌། འདས་པའི་དངོས་པོ་དེ་སྔར་འགག་ཟིན་པའི་རྗེས་སུ་སླར་ཡང་འཇིག་པར་ཐལ་བར་འགྱུར་རོ། །མ་འོངས་
པའི་དངོས་པོར་ཡོད་ན་དེ་ནི་རང་རྒྱུ་སྔོན་དུ་སོང་བ་ཡིན་པར་ཐལ་བར་འགྱུར་ཏེ། དངོས་པོ་གང་རང་རྒྱུ་སྔོན་དུ་མ་སོང་བ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །གཞན་ཡང་མ་འོངས་པ་དངོས་པོར་ཡོད་ན་ཕྱིས་མ་འོངས་པའི་དུས་སུ་སླར་ཡང་འབྲས་བུ་འབྱིན་པ་དང༌། དུས་ད་ལྟ་ན་ཡང༌། མ་འོངས་པའི་དངོས་པོ་ཡོད་པས་འབྲས་བུ་འབྱིན་པར་འགྱུར་རོ། །གཞན་ཡང་འདས་པ་རྒྱུའི་དངོས་པོ་ཡོད་ན་མེས་ཚིག་པའི་ས་བོན་ལས་ཀྱང༌། མྱུ་གུ་སྐྱེ་བར་ཐལ་བར་འགྱུར་ཏེ། དེ་ས་བོན་འདས་པ་ཡིན་པ་གང་ཞིག་རྒྱུ་ནི་དངོས་པོར་ཡོད་པའི་ཕྱིར་རོ། །མ་འོངས་པའི་འབྲས་བུ་དངོས་པོར་ཡོད་པ་ཡིན་ན། ད་ལྟར་བྱུང་བ་དང༌། ད་ལྟར་སྐྱེས་པར་ཐལ་བ་ལས་དེ་དག་མེད་པར་མ་འོངས་པ་ནས་འབྱུང་བ་དང༌། མ་འོངས་པ་ནས་སྐྱེ་བར་འགྱུར་བ་ཡིན་པས་སོ། །གཞན་ཡང་མ་འོངས་པའི་འབྲས་བུ་དངོས་པོར་ཡོད་ན་དེ་སྣང་དུ་རུང་ཡང༌། ཚད་མས་དམིགས་པ་མ་ཡིན་པའི་ཕྱིར་མེད་པར་གྲུབ་བོ། །གཞན་ཡང་གཟུགས་འདས་པ་ད་ལྟར་བའི་དུས་སུ་དངོས་པོར་ཡོད་ན། གཟུགས་སུ་ཡོད་དམ། གཟུགས་མ་ཡིན་པའི་དངོས་པོ་ཞིག་ཏུ་ཡོད། གལ་ཏེ་གཟུགས་སུ་ཡོད་ན། དེ་མིག་གི་རྣམ་པར་ཤེས་པའི་མཐོང་བའི་སྤྱོད་ཡུལ་དུ་ཡོད་དགོས་པར་ཐལ་བར་འགྱུར་བ་ལས་གཟུགས་ཞིག་ཟིན་པ་མི་མཐོང་བ་མངོན་སུམ་དུ་གྲུབ་པའི་ཕྱིར་དང༌། འདས་པའི་གཟུགས་གཟུགས་མ་ཡིན་པའི་དངོས་པོ་
གཞན་ཞིག་ཏུ་ཡོད་ན། དེ་ནི་ཤེས་བྱ་ལ་སྲིད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ནི། རྒྱུ་མཚན་དེའི་ཕྱིར་སྤྱི་དང་རགས་པ་དང་རྒྱུན་གྱི་དངོས་པོ་དག་དང༌། མིང་དོན་གྱི་འབྲེལ་བ་དང༌། འདས་མ་འོངས་ཀྱི་དུས་གཉིས་རྣམས་རྫས་སུ་ཡོད་པ་མ་ཡིན་ཏེ། བློས་བཏགས་པ་ཙམ་དུ་ཟད་དོ། །གཉིས་པ་ཁྱབ་པའི་སྤྲོས་པ་དགག་པ་ལ། དོན་དགག་པ་དང༌། རྣམ་པ་དགག་པ་དང༌། དེ་གཉིས་ཐུན་མོང་དུ་དགག་པ་དང་གསུམ་ལས། དང་པོ་ལ། སྣང་བ་སེམས་སུ་སྒྲུབ་པ་ལ་བརྟེན་ནས་ཕྱི་དོན་འགོག་པ་དང༌། ཕྱི་དོན་འགོག་བྱེད་ཀྱི་རིགས་པ་བཤད་པ་གཉིས་ལས། དང་པོ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་འདི་དག་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི། སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཇི་ཙམ་ན་སྣང་བ་གསལ་བའི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར། དཔེར་ན། རྨི་ལམ་དང་སྒྱུ་མ་ལ་སོགས་པ་དག་དང་མཚུངས་པའི་ཕྱིར། དེ་ཡང་གང་སེམས་ཡིན་པ་དེ་ལ་ནི་སྣང་བ་གསལ་བོར་འབྱུང་བ་ཡིན་ལ་སེམས་མ་ཡིན་པ་ལ་ནི་སྣང་བ་གསལ་བོར་འབྱུང་བ་མེད་དེ། འཇིག་རྟེན་ཐ་སྙད་དུ་ཡང༌། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྣང་བ་སྐྱེས་བུའི་སེམས་ལ་གསལ་བར་འཆར་གྱི། ས་རྡོ་སོགས་ལ་དེ་དག་གསལ་བར་མི་འཆར་བའི་ཕྱིར་རོ། །གཞན་ཡང་སྣང་གྲགས་ཀྱི་ཆོས་འདི་རྣམས་སེམས་ཀྱི་སྣང་བ་ཙམ་ཡིན་གྱི།
དེ་ལས་གཞན་དུ་ཅུང་ཟད་ཀྱང་མེད་པར་གྲུབ་པ་ཡིན་ཏེ། སྣང་བ་འདི་རྣམས་བློ་དང་ལྷན་ཅིག་ཁོ་ནར་དམིགས་[པར་ངེས་]པ་ཡིན་པའི་ཕྱིར་རོ། །དེ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྣང་བ་དེ་རྣམས་བློ་མིག་ཤེས་སོགས་དང་ལྷན་ཅིག་ཁོ་ནར་དམིགས་པ་ཡིན་གྱི། ཡུལ་ཅན་གྱི་སྣང་བ་ཁོ་ན་གཏན་མི་སྲིད་པའི་ཕྱིར་རོ། །དེ་ཡང་གང་ཟག་གཅིག་ལ་ལྟོས་ནས་དེ་ལྟར་ཡིན་སྲིད་ཀྱང༌། དཔེར་ན། རི་ལྟ་བུའི་དངོས་པོ་ཞིག་རྟག་ཏུ་བློ་ཁོ་ན་དང་ལྷན་ཅིག་དམིགས་པ་ཡང་མ་ཡིན་ཏེ། མིའི་འགྲོ་བ་ལྟ་བུ་ཞིག་གི་མིག་ཤེས་ཀྱིས་ཡུལ་དེ་མི་མཐོང་བའི་སྐབས་དག་ཏུ་དེ་བློ་དང་ལྷན་ཅིག་པ་མ་ཡིན་ཏེ། བློ་གང་གིས་ཀྱང་མི་དམིགས་པའི་ཕྱིར། སྙམ་ན། དེ་ལ་ནི་འགྲོ་བ་གཞན་དང་གཞན་དག་གིས་དེ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡོད་པའི་ཕྱིར། གང་ཅི་ཡང་རུང་བའི་གཟུགས་ཡིན་ཕྱིན། འགྲོ་བ་ཐ་དད་གཞན་དང་གཞན་དག་གིས་མིག་ཤེས་དང་ལྷན་ཅིག་ཏུ་དམིགས་པ་རྒྱུན་མི་འཆད་པ་ཡིན་ནོ། །འདི་སྐབས་སུ་སྣང་བ་ཐམས་ཅད་སེམས་ཡིད་ཞེས་བསྟན་པ་ཡང༌། སེམས་ཡིད་རྣམ་པར་ཤེས་པ་གསུམ་གྱི་ཟླས་ཕྱེ་བའི་སེམས་ཁོ་ན་མ་ཡིན་གྱི། ཤེས་པ་སྤྱི་ལ་སེམས་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ་ནི། དཔེར་ན། མཚོ་
ལྟ་བུ་ཞིག་ཡི་དྭགས་རྣམས་ལ་རྣག་ཁྲག་ཏུ་སྣང་བ་དང༌། བྱེ་བྲག་ཏུ་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་རྣམས་ལ། གོ་ས་དེ་ཉིད་བྱེ་ཐང་དུ་སྣང་བ་དང༌། ཉ་ལྟ་བུའི་དུད་འགྲོ་ལ་ཁང་བཟང་དུ་སྣང་བ་དང༌། མི་རྣམས་ལ་རླན་ཞིང་གཤེར་བ་ཆུའི་དངོས་པོར་སྣང་བ་དང༌། ལྷ་རྣམས་ལ་བདུད་རྩིར་སྣང་བ་དང༌། གཞན་ཡང་ཇི་ལྟར་[འོས་འོས་འཐད་འཐད་དུ་ཞེས་]རིགས་རིགས་སུ་དམྱལ་བ་རྣམས་ལ་ཁྲོ་ཆུར་སྣང་བ་སོགས། སྣང་གཞིའི་དངོས་པོ་གཅིག་ལ་ཡང་སྣང་མཁན་གྱི་ཡིད་ཐ་དད་པའི་དབང་གིས་དངོས་པོ་མི་འདྲ་བ་སྣ་ཚོགས་པ་གསལ་སྣང་དུ་ཤར་བ་ཙམ་མ་ཡིན་པར་དེ་དང་དེའི་དོན་བྱེད་ནུས་པར་སྣང་བའི་ཕྱིར། ཕྱི་རོལ་ཀྱི་དོན་མ་གྲུབ་པར་འདོད་པ་ཡིན་ནོ། །གཞན་ཡང་ཕྱི་རོལ་གྱི་དོན་རྣམས་དོན་དང་དངོས་པོའི་གནས་ལུགས་སུ་གྲུབ་ན། རྣལ་འབྱོར་བ་ཏིང་ངེ་འཛིན་གྱི་ཁྱད་པར་ཡིད་ལ་བྱེད་པ་རྣམས་ལ། ཕྱི་དོན་གྱི་སྣང་བ་རིམ་པས་ཡོངས་སུ་འགགས་པའི་རྟོག་མེད་ཀྱི་ཤེས་པ་སྐྱེ་མི་སྲིད་པར་ཐལ་བར་འགྱུར་ཏེ། །ཕྱི་རོལ་གྱི་དོན་བདེན་པར་གྲུབ་པའི་ཕྱིར། གཞན་ཡང་ཕྱི་རོལ་གྱི་དོན་བདེན་པར་གྲུབ་པ་འདི་ལ་སྣ་ཚོགས་སུ་འགྱུར་བ་མེད་དགོས་ནའང༌། སུ་གང་ཞིག་བློ་དང་ལྡན་ཞིང་རང་རང་གི་འབྲས་བུ་ཞི་བ་ཐོབ་པ་དང༌། དེ་ལྟ་མིན་ཡང༌། གྲུབ་པ་ཐོབ་པ་རྣམས་ཀྱིས་ཆོས་གང་དང་གང་རང་གི་ཡིད་ལ་བྱེད་པ། དེ་དང་དེར་སྣང་བའི་ཕྱིར། ཕྱི་རོལ་གྱི་དོན་མེད་པར་གྲུབ་བོ། །དེ་ཡང་ཏིང་ངེ་འཛིན་ལ་དབང་ཐོབ་པ་དག་གིས་སྣང་བ་ཐམས་
ཅད་པར་ཡིད་ལ་བྱས་ན། དེ་ལྟར་དུ་སྣང་བ་དང༌། དེ་བཞིན་དུ་མེ་དང༌། ཆུ་སོགས་སུ་མོས་ཤིང་ཡིད་ལ་བྱེད་ན། དེ་དང་དེར་མངོན་སུམ་དུ་སྣང་བས་ན་ཕྱི་དོན་བདེན་པར་མ་གྲུབ་པ་ཡིན་གྱི། ཅི་སྟེ་བདེན་པར་གྲུབ་ན་ཡང༌། སྣ་ཚོགས་སུ་འགྱུར་བ་མེད་པའི་ཕྱིར་རོ། །གཞན་ཡང་འཕགས་པ་རྣམས་ཀྱི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་བ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས། ཕྱི་རོལ་དོན་གྱི་སྣང་བ་གང་ཡང་འཆར་བ་མེད་པའི་ཕྱིར་ཡང༌། ཕྱི་དོན་བདེན་མེད་དུ་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། ཅི་སྟེ་ཕྱི་རོལ་གྱི་དོན་བདེན་པར་གྲུབ་ན། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་འཁྲུལ་བ་དེ་ལ་སྣང་དགོས་པ་ལས། དེ་ལ་མི་སྣང་བའི་ཕྱིར། དེའི་ཡུལ་མ་ཡིན་ལ། དེས་ན་བདེན་མེད་དུ་གྲུབ་བོ། །དེ་ལྟར་ཕྱི་རོལ་གྱི་དོན་མ་གྲུབ་པ་དེ་ལྟ་བས་ན། དེ་དང་དེར་སྣང་བའི་རྣམ་རིག་ཡང་བདེན་མེད་དུ་གྲུབ་སྟེ། ཡུལ་གཟུགས་མི་བདེན་ན། དེ་འཛིན་པའི་མིག་གི་རྣམ་པར་ཤེས་པ་ཅིའི་ཕྱིར་བདེན་ཏེ། ཡུལ་འཁྲུལ་བ་འཛིན་པའི་ཡུལ་ཅན་གྱི་ཤེས་པ་ཡང་འཁྲུལ་བ་ཡིན་པས་སོ། །གཞན་ཡང་གཅིག་དུ་བྲལ་གྱི་རིགས་པས་ཕྱི་དོན་བདེན་མེད་དུ་སྒྲུབ་པ་ནི། སློབ་དཔོན་དབྱིག་གཉེན་གྱིས་ཉི་ཤུ་པའི་རབ་ཏུ་བྱེད་པར་གསུངས་པ། གོང་དུ་བསྟན་པ་ལྟར་རི་རབ་ཁང་ཁྱིམ་སྐྱེས་བུའི་ལུས་སོགས་ཆེས་རགས་པ་རྣམས་དངོས་པོ་དུ་མ་འདུས་པའི་ཆ་ཤས་ཅན་ཡིན་པར་གོང་དུ་བསྟན་ཟིན་པ་
ལྟར་ཡིན་ལ། དེར་མ་ཟད་ད་ལྟ་མིག་ཤེས་ཀྱི་སྤྱོད་ཡུལ་ཕྲ་བར་གྱུར་པ་ཉི་ཟེར་གྱི་རྡུལ་ཡང་གླང་རྡུལ་གཉིས་བརྒྱ་བཞི་བཅུ་འདུས་པའི་ཆ་ཤས་ཅན་རགས་པ་ཡིན་པ་དང༌། དེ་བཞིན་དུ་གླང་རྡུལ་ཡང་ལུག་རྡུལ་ཉིས་བརྒྱ་བཞི་བཅུ་འདུས་པའི་རགས་པ་ཡིན་པ་དང༌། ལུག་རྡུལ་ཡང་རི་བོང་གི་རྡུལ་ཉིས་བརྒྱ་བཞི་བཅུ་འདུས་པའི་རགས་པ་ཡིན་པ་དང༌། རི་བོང་གི་རྡུལ་ཡང་ཆུ་རྡུལ་ཉིས་བརྒྱ་བཞི་བཅུ་འདུས་པའི་རགས་པ་ཡིན་པ་དང༌། ཆུ་རྡུལ་ཡང་ལྕགས་རྡུལ་ཉིས་བརྒྱ་བཞི་བཅུ་འདུས་པའི་རགས་པ་ཡིན་པ་དང༌། ལྕགས་རྡུལ་ཡང་རྡུལ་ཕྲན་ཉིས་བརྒྱ་བཞི་བཅུ་འདུས་པའི་རགས་པ་ཡིན་པ་དང༌། རྡུལ་ཕྲན་ཡང༌། རྡུལ་ཕྲ་རབ་ཉིས་བརྒྱ་བཞི་བཅུ་འདུས་པའི་རགས་པ་ཡིན་པ་དང༌། རྡུལ་ཕྲ་རབ་དེ་རགས་པ་མཐའ་དག་རྩོམ་བྱེད་ཀྱི་ཆ་མེད་ཅིག་ཡིན་ནམ་སྙམ་ན། མ་ཡིན་ཏེ་རྡུལ་ཕྲ་རབ་གཅིག་ཡང༌། ཕྱོགས་བཞི་དང་སྟེང་འོག་གི་[ངོས་]ཐད་སོ་སོར་བསྟན་པའི་ཆ་དྲུག་ཡོད་པ་ཡིན་ལ། ཆ་དྲུག་པོ་རེ་རེ་ཡང་ཆ་མེད་མིན་ཏེ། དེ་དག་རེ་རེ་བཞིན་དུ་སྔར་བཞིན་ཆ་དྲུག་ཏུ་འགྱུར་བ་སོགས་ཆ་ཤས་མཐའ་མེད་དུ་འགྱུར་བ་ཡིན་ནོ། །དྲུག་པོ་དེ་དག་གོ་ས་གཅིག་ན་ཡོད་པའི་ཕྱིར་ཆ་མེད་མ་ཡིན་ནམ་སྙམ་ན། དེ་ལྟར་ན་ནུབ་ཕྱོགས་ཀྱི་ཆ་ཤར་ཕྱོགས་ཀྱི་ཆར་ཡོད་ན། དེ་དེ་ལ་ཐིམ་པར་གྱུར་པ་དང༌། ལྷོ་ཕྱོགས་ཀྱི་ཆ་བྱང་ཕྱོགས་ཀྱི་ཆའི་གོ་སར་ཡོད་ན། དེ་དེ་ལ་ཐིམ་པར་གྱུར་བས་རྡུལ་ཕྲན་དེ་ཉིད་ཆ་ཤས་ཤིན་ཏུ་ཕྲ་བར་སོང་བར་ཡིན་པས། གོང་བུའང་རྡུལ་ཕྲན་
ཙམ་དུ་འགྱུར་རོ། །བྱེ་བྲག་པ་དང་རིག་པ་ཅན་པ་ལ་སོགས་པའི་འདོད་པ་ལས། རྡུལ་ཕྲན་ཐ་མལ་བའི་མིག་ཤེས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས། རྡུལ་ཕྲན་རེ་རེ་ནས་མཐོང་བ་མེད་ཀྱང༌། རྡུལ་ཕྲ་རབ་རྣམས་ཀྱི་སྤྱི་ཞིག་ལོག་ན་གྲུབ་ཡོད་པ་དེ་མིག་ཤེས་ཀྱིས་མཐོང་བ་ཡིན་ཞེས་སྨྲ་ན། སྤྱིར་དེ་ལྟ་བུ་ནི་ཡོད་པ་ཤེས་བྱ་ལའང་མི་སྲིད་ཅིང༌། གལ་ཏེ་དེ་འདྲ་གཅིག་ཏུ་གྲུབ་ཀྱང་མིག་ཤེས་ཀྱི་མཐོང་བྱའི་ཡུལ་དུ་ནམ་ཡང་འཐད་པ་མ་ཡིན་ནོ། །ཡང་བྱེ་བྲག་སྨྲ་བ་རྣམས་གཟུགས་མིག་གི་རྣམ་པར་ཤེས་པས་རྣམ་མེད་རྗེན་ཆར་དུ་མཐོང་བར་འདོད་ཅིང༌། དེ་ལྟར་ན་གཟུགས་རགས་པ་ནི་མ་གྲུབ། རྡུལ་ཕྲ་རབ་མིག་ཤེས་ཀྱི་ཡུལ་དུ་མི་འགྱུར་བའི་ཕྱིར། གཟུགས་མཐོང་བ་ཇི་ལྟར་ཡིན་ཞེས་དྲིས་པ་ལ། དེ་ནི་རྡུལ་ཕྲན་རྣམས་འདབས་འབྲེལ་པར་གནས་པ་མིག་ཤེས་ཀྱི་མཐོང་བ་ཡིན་ཞེས་སྨྲའོ། །དེ་ཡང་མི་འཐད་དེ། དེ་འདྲ་མིག་ཤེས་ཀྱི་ཡུལ་དུ་མི་འཐད་པས་སོ། །མདོ་སྡེ་བ་རྣམས་མིག་ཤེས་ལ་གཟུགས་ཀྱི་རྣམ་པ་ཤར་བ་དངོས་སུ་མཐོང་བ་ཡིན་ཞིང༌། རྣམ་པ་གཏོད་བྱེད་ཀྱི་གཟུགས། རྡུལ་ཕྲ་རབ་དུ་མ་འདུས་པ་ཡིན་ཅེས་སྨྲའོ། །དེ་ཡང་མི་འཐད་དེ། རྡུལ་ཕྲ་རབ་དུ་མ་འདུས་པའི་རྣམ་པ་གཏོད་བྱེད་ཀྱི་གཟུགས་དེ་འདྲ་ཡོད་པ་མི་འཐད་དེ། གང་འདུས་པར་བྱ་རྒྱུའི་རྡུལ་ཕྲན་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རྣམ་པ་དགག་པ་ལ། གཟུང་འཛིན་
གྲངས་མཉམ་དུ་འདོད་པ་དགག་པ་དང༌། སྣ་ཚོགས་གཉིས་མེད་དུ་འདོད་པ་དགག་པ་དང༌། ཤེས་པ་སྐད་ཅིག་ཆ་མེད་གྲུབ་པར་འདོད་པ་དགག་པ་དང་གསུམ་ལས། དང་པོ་ནི། སྤྱིར་ཕྱི་རོལ་གྱི་དོན་བདེན་པར་ཡོད་པ་མ་ཡིན་ལ། ཕྱི་རོལ་ཏུ་དོན་དུ་སྣང་བའི་རྣམ་པ་བདེན་ཞིང་རྣམ་པ་དེ་ལ་ཡང༌། ཕྱི་དོན་དུ་སྣང་བའི་རྣམ་པ་གཟུང་རྣམ་དང༌། དེ་འཛིན་པར་བྱེད་པའི་ཤེས་པ་འཛིན་རྣམ་ཡིན་ཞིང༌། དེས་ན་གཟུང་རྣམ་གྱི་གྲངས་ཅི་ཙམ་ཡོད་པ་དེ་བཞིན་དུ། དེ་དག་འཛིན་པའི་ཤེས་པ་འཛིན་རྣམ་ཡང་དེ་སྙེད་དུ་ཡོད་པ་ཡིན་ཞིང༌། དེའི་ངོ་བོ་བདེན་པ་ཡང་ཡིན། ཞེས་སྨྲ་བར་བྱེད་དོ། །དེ་ལྟར་ན། རགས་པ་བཞིན་དུ་དཔྱད་པས་འཇིག་པར་འགྱུར་བ་ཡིན་ཏེ། དཔེར་ན། བུམ་པའི་གཟུགས་[གཟུང་རྣམ་]རྣམས་དང༌། དེ་འཛིན་པའི་ཤེས་པ་བདེན་པ་གཅིག་ཏུ་གྲུབ་པ་མ་ཡིན་ཏེ། བུམ་པའི་གཟུང་རྣམ་ལ་ཡང་ཁ་དང༌། མཆུ་དང༌། ལྟོ་བ་སོགས་མདོར་ན། རྡུལ་ཕྲན་གྱི་བར་དུ་ཆ་ཤས་དུ་མར་འཇིག་པར་འགྱུར་ཞིང༌། བུམ་པ་འཛིན་པའི་ཤེས་པ་ཡང་དུ་མ་ཆ་ཤས་ཅན་ཏེ། ཁའི་རྣམ་པ་འཛིན་པའི་ཤེས་པ་དང༌། དེ་བཞིན་དུ་མཆུ་དང་ལྟོ་བ་འཛིན་པའི་ཤེས་པ་སོགས་ཆ་ཤས་ཅན་དུ་མར་འགྱུར་བ་བཞིན་ནོ། །གཉིས་པ་ནི་སྔོ་སེར་སོགས་རྣམ་པ་མི་གཅིག་པ་དུ་མ་ཡོད་པ་མ་ཡིན་ཞིང་དེ་རྣམས་རྣམ་པའི་གྲངས་ཇི་ལྟར་ཡོད་པའི་ཤེས་པ་དུ་མའི་ངོ་བོར་བདེན་པ་མ་ཡིན་ཡང༌། ཤེས་པ་གཅིག་གི་ངོ་བོར་བདེན་པ་ཡིན་ཞེས་
སྨྲ་ན། དེ་ཡང་མི་འཐད་དེ། སྔོ་སེར་སོགས་རྣམ་པ་སྣ་ཚོགས་པའི་ངོ་བོར་སྣང་བ་དེ་ཤེས་པའི་དངོས་པོ་གཅིག་གི་ངོ་བོར་བདེན་པ་དེ་ལྟར་ན། ཤེས་པའི་དངོས་པོ་གཅིག་ཡིན་པ་བདེན་ན་རྣམ་པ་མང་པོ་སྣང་བ་བརྫུན་པ་ཡིན་ཞིང༌། རྣམ་པ་སྣ་ཚོགས་སུ་སྣང་བ་བདེན་ན། དངོས་པོ་གཅིག་ཏུ་བདེན་པ་ཉམས་པར་འགྱུར་བ་ཡིན་ཏེ། གཅིག་དང་དུ་མ་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ལ། དུས་ལ་བརྟགས་ཏེ་དགག་པ་དང༌། བྱ་བྱེད་ལ་བརྟགས་ཏེ་དགག་པ་གཉིས་ལས། དང་པོ་ནི། འཕགས་པ་ནཱ་གརྫུ་ན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ། དེ་ཡང་ནཱ་ག་ནི་ཀླུ་དང༌། ཨརྫུ་ནི་སྲིད་སྒྲུབ་སྟེ་དོན་ལ་ཀླུ་སྲིད་སྒྲུབ་ཞེས་པ་ཡིན་ལ། འོན་ཀྱང་བར་གྱི་ཚིག་མི་མངོན་པར་བསྡུས་ཏེ་ཀླུ་སྒྲུབ་ཅེས་པའོ། །དེས་གཏམ་དུ་བྱ་བ་རིན་པོ་ཆེའི་འཕྲེང་བར་གསུངས་པ་ནི། དེ་ཡང་སེམས་ཙམ་རྣམ་རྫུན་པ་རྣམས་ཀྱི་འདོད་པ་ལ། ཕྱི་རོལ་དོན་གྱི་རྣམ་པ་སྣ་ཚོགས་རྣམས་ཀྱང་བག་ཆགས་ཀྱི་དབང་གིས་དེར་སྣང་བ་ཡིན་པའི་ཕྱིར། བདེན་པར་མ་གྲུབ་ཅིང་དེ་དག་དང་འབྲེལ་བའི་རྣམ་པར་ཤེས་པ་ལོ་ཟླ་སོགས་རྒྱུན་དང་འབྲེལ་བ་མ་ཡིན་པའི་ཕྱིར། སྐད་ཅིག་ཆ་མེད་ད་ལྟར་བ་ཞིག་བདེན་པར་གྲུབ་བོ། །ཞེས་སྨྲའོ། །དེ་དགག་པ་ནི། ཤེས་པ་དུས་མཐའི་སྐད་ཅིག་མ་ཡང་ཆ་མེད་པ་མ་ཡིན་ཏེ། དེ་ཡང་མཐའ་ཡི་སྐད་ཅིག་མ་དང༌། དེ་བཞིན་དུ་ཐོག་མའི་ཆ་དང༌། དེ་གཉིས་ཀྱི་བར་དབུས་ཀྱི་ཆ་སྟེ། ཆ་གསུམ་
བརྟགས་དགོས་པའི་ཆ་གསུམ་དུ་སོང་བ་ཡིན་ཞིང༌། དེ་ལྟར་སྐད་ཅིག་མ་ཐོག་མ་ལ་ཡང་དེའི་ཆ་ཐོག་མ་དང་དབུས་དང་ཐ་མ་གསུམ་དང་དབྱེ་བ་དང༌། དེ་བཞིན་དུ་དབུས་མ་དང་ཐ་མ་ཡང་ཕྱེ་བས་ཆ་དགུར་འགྱུར་བ་དང༌། དེ་རྣམས་ལ་ཡང་གསུམ་གསུམ་དུ་ཕྱཻ་བས། ཆ་ཉི་ཤུ་རྩ་བདུན་དུ་འགྱུར་བ་སོགས་ཆ་ཤས་ཐུག་མེད་དུ་ཐལ་པར་འགྱུར་རོ། །དེ་ལྟར་འཇིག་རྟེན་འདི་དག་ཐམས་ཅད་དུས་ཆེས་ཤིན་ཏུ་ཕྲ་བར་སྐད་ཅིག་མ་གཅིག་ཏུ་གནས་པ་ནི་ནམ་ཡང་མི་སྲིད་པ་ཡིན་ཏེ། གོང་དུ་བསྟན་པ་དེ་ལྟར་ཐོག་མ་དབུས་དང་ཐ་མ་སྐད་ཅིག་གསུམ་གསུམ་དུ་རྣམ་པར་ཕྱེ་སྟེ་བརྟགས་པའི་ཕྱིར་ཆ་ཤས་ཅན་དུ་གྲུབ་པ་ཡིན་ནོ། །ཐོག་མ་དང་དབུས་དང་ཐ་མའི་ཆར་གྱུར་པའི་ཤེས་པ་དེ་རྣམས་སྐྱེ་བ་མེད་པ་ཡིན་ཏེ། བདག་དང་གཞན་དང་དེ་གཉིས་ཀ་ལས་མི་སྐྱེ་བའི་ཕྱིར་རོ། །དུས་མཐའི་སྐད་ཅིག་མ་གཅིག་ལ་ཆ་དུ་མ་ཡོད་པ་མངོན་གསུམ་གྱི་རིགས་པས་གསལ་བར་སྟོན་པ་ནི། དཔེར་ན་ཉི་མའི་དཀྱིལ་འཁོར་གླིང་བཞི་ལ་རླུང་འགྲོས་ཀྱིས་འགྲོ་བ་ནི་ཆེས་ཤིན་ཏུ་མྱུར་བ་ཡིན་པས། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚོད་ལ་ཡང༌། སྤྱིར་དཔག་ཚད་ཙམ་དུ་འགྲོ་བ་ཡོད་ཀྱང༌། དཔེར་ན། དེའི་ཡུན་ཚོད་ལ་རི་ཆེན་པོ་ཞིག་གི་མཐའ་རུ་འགྲོ་བའི་དབང་དུ་བྱས་ན། རི་དེ་ལ་རྡུལ་ཕྲན་གྲངས་མེད་པ་ཞིག་ཡོད་པ་ཡིན་ཞིང༌། དེ་རྣམས་ཀྱི་བསྡེབས་ལ་ཉི་མའི་དཀྱིལ་འཁོར་གྱི་རྡུལ་ཕྲན་རེ་རེའི་གོ་ས་གནོན་པའི་ཚུལ་གྱིས་འགྲོ་དགོས་པ། རྡུལ་ཕྲན་གྱི་གྲངས་
ཅི་ཙམ་ཡོད་པའི་དུས་ཀྱི་སྔ་ཕྱི་ཡང་ཡོད་པས། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚོད་ལ་གྲངས་དེ་ཉིད་ཀྱི་རིམ་པ་ཆ་ཤས་ཅི་ཙམ་ཡོད་པ་རྟོགས་པར་འགྱུར་རོ། །གཉིས་པ་ནི། ད་ལྟར་བའི་ཤེས་པ་སྐད་ཅིག་ཆ་མེད་དེ། ཡུལ་དང་འཕྲད་དམ་མི་འཕྲད། འཕྲད་ན་ནི་ཡུལ་དང་འཕྲད་པའི་དུས་གཅིག་དང༌། འཕྲད་རྗེས་སུ་ཡུལ་རིགས་པའི་དུས་གཅིག་སྟེ་ཆ་གཉིས་སུ་འགྱུར་བས་ཆ་མེད་ཡིན་པར་འགལ་བ་ཡིན་ནོ། །དེ་ཡང་ཡུལ་དང་མི་འཕྲད་ན་ནི་ཤེས་པ་[ཡིན་པ]ར་འགལ་བ་ཡིན་ཏེ། ཡུལ་མེད་པའི་ཤེས་པ་མི་སྲིད་པའི་ཕྱིར་རོ། །འཕྲད་ཙམ་གྱི་དུས་སུ་ཡུལ་མི་རིག་ཅིང༌། འཕྲད་རྗེས་སུ་ཡུལ་རིག་པ་ཡིན་པས་ཤེས་པ་ཡུལ་དང་འཕྲད་པའི་དུས་སུ། ཡུལ་རིག་པའི་ཤེས་པ་མི་སྐྱེ་ཞིང༌། ཡུལ་རིག་པའི་དུས་སུ། ཡུལ་དང་འཕྲད་པའི་དུས་ཀྱི་ཤེས་པ་འགགས་པས། ཆ་ཅན་དུ་འགྱུར་བ་ཡིན་ནོ། །དེ་ལ་ཤེས་པ་ཡུལ་དང་ངོ་བོ་གཅིག་པར་ཞུགས་པའི་ཕྱིར་ཆ་ཤས་ཅན་དུ་མི་འགྱུར་རོ་སྙམ་དུ། འདི་ལ་ཡང་ཡུལ་ལ་ངོ་བོ་གཅིག་པར་འཇུག་པའི་ཆ་གཅིག་དང༌། ཞུགས་ཟིན་པའི་གནས་སྐབས་གཉིས་ཡོད་པའི་ཕྱིར་ན། ཆ་བཅས་སུ་འགྱུར་རོ། །ཅི་སྟེ་ཞུགས་ཟིན་པ་མེད་ན་ཡུལ་དང་ངོ་བོ་གཅིག་པར་ཞུགས་པ་འགལ་བ་ཡིན་ནོ། །དེ་ཡན་ནི་རྣམ་པ་འགོག་བྱེད་ཀྱི་རིགས་པ་སྟེ། རྣམ་པ་ནི་ཤེས་པ་ཡིན་ཏེ། གཟུང་རྣམ་འཛིན་རྣམ་གཉིས་སུ་མ་འདུས་པའི་ཤེས་པ་མེད་པའི་ཕྱིར་རོ། །འདིའི་རིགས་པ་དང་པོ་གཉིས་
སེམས་ཙམ་རྣམ་བདེན་པ་རྣམས་ཀྱི་འདོད་པ་འགོག་བྱེད་ཀྱི་རིགས་པ་ཡིན་ཞིང༌། ཤེས་པ་བྱེ་བྲག་པ་འགའ་ཞིག་བདེན་པར་འགོག་བྱེད་ཀྱི་རིགས་པའང་ཡིན་ལ་རིགས་པ་ཕྱི་མ་གཉིས་ཤེས་པ་བདེན་གྲུབ་ཏུ་འདོད་པ་ཐམས་ཅད་ལ། ཐུན་མོང་དུ་འཇུག་པའི་སྤྱིའི་རིགས་པ་ཡིན་ནོ། །གསུམ་པ་དོན་དང་རྣམ་པ་གཉིས་ཀ་ཐུན་མོང་དུ་དགག་པའི་རིགས་པ་བཤད་པ་ལ། བདག་མེད་པར་སྒྲུབ་པའི་གཏན་ཚིགས་ཀྱི་གཙོ་བོ་ནི། ངོ་བོ་འགོག་པ་གཅིག་དུ་བྲལ་དང་ཁྱབ་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས་སུ་མཐོང་ཞེས་གཏན་ཚིགས་ཀྱི་གཙོ་བོ་གཉིས་སུ་བཞེད་པ་ཡིན་གྱྀ། མུ་བཞི་སྐྱེ་འགོག་དང༌། རྟེན་འབྲེལ་གྱི་རིགས་པ་གཉིས་ནི་འོག་ཏུ་འཆད་པར་འགྱུར་བ་ལྟར་རྣམ་གྲངས་ཙམ་ཡིན་གྱི། བདག་མེད་པར་སྒྲུབ་པའི་གཏན་ཚིགས་གཙོ་བོ་མིན་པས། དབུ་མའི་གཏན་ཚིགས་ཀྱི་གཙོ་བོ་རྣམ་པ་བཞི་ཞེས་འཆད་པ་ཡང་དོན་ལ་འཐད་པ་མ་ཡིན་ནོ། །དེའི་དང་པོ་གཅིག་དུ་བྲལ་གྱི་རིགས་པ་ལ་རྩ་སྦྱོར་འགོད་པ་དང༌། ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པ་དང༌། སྒྲུབ་ངག་བཀོད་དེ། ཚུལ་གསུམ་དྲན་ལམ་དུ་འཕེན་པ་དང་བཞི་ལས། དང་པོ་ནི། ཕྱིར་རྒོལ་སྣང་གྲགས་ཀྱི་ཆོས་བདེན་གྲུབ་ཏུ་འཛིན་པའི་ལོག་ལྟ་ཅན་གྱི་དོར་སྔར་རྒོལ་གྱིས་གཏན་ཚིགས་འདི་ལྟར་བཀོད་པར་བྱ་བ་ཡིན་ཏེ། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་གི་ངོ་བོ་གྲུབ་པ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་སྙམ་ན། དངོས་པོ་འདི་ཀུན་རྣམ་པར་
ཤེས་པའི་ཡུལ་སྣང་གྲགས་ཀྱི་ཆོས་ཡིན་པ་གང་ཞིག །གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་ཞེས་དེ་ལྟར་གཏན་ཚིགས་སུ་རྩ་སྦྱོར་འགོད་པར་བྱེད་པ་ལས་ཕྱིར་རྒོལ་གྱི་ངོར་དངོས་པོ་རྣམས་བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་ཡིན་སྙམ་པའི་དོགས་པ་སེལ་བའི་ཕྱིར་རོ། །གཉིས་པ་ནི། དེའི་ངོར་ཕྱོགས་ཆོས་སྒྲུབ་དགོས་པ་ཡིན་ལ། དེ་ཡང་གཅིག་ཏུ་གྲུབ་པ་འགོག་པའི་ཚུལ་རྣམས་ནི། སྔར་བསྟན་ཟིན་པ་ལྟར་ཡིན་ལ་དུ་མར་མ་གྲུབ་པ་སྒྲུབ་པ་ནི། གཅིག་[ལ་བརྟེན་ནས་]མང་པོ་བསགས་པ་ལས་བྱུང་པ་ཡིན་པའི་ཕྱིར། བསགས་བྱའི་གཅིག་མེད་པའི་ཕྱིར་ན་དེ་བསགས་པས་དུ་མ་ཤུགས་ལ་ཁེགས་པ་ཡིན་ཞིང་གཅིག་དང་དུ་མ་གཉིས་པོ་ངོ་བོ་ཕན་ཚུན་ཤིན་ཏུ་འགལ་བའང་ཡིན་ཏེ། གཅིག་ཡིན་ན་དུ་མ་མ་ཡིན་དགོས་ལ། དུ་མ་ཡིན་ན་གཅིག་མ་ཡིན་དགོས་པའི་ཕྱིར་རོ། །གཞན་ཡང་གཅིག་མེད་པས་དུ་མ་མི་འགྲུབ་པ་ཙམ་དུ་མ་ཟད། [དོན་ལ་]དུ་མར་སྣང་བ་ནི་མེད་བཞིན་དུ་དུ་མའི་ངོ་བོར་སྣང་བའི་ཕྱིར་ན། [རྟོག་པས་བཏགས་ཙམ་གྱིས་]བརྫུན་པ་ཡིན་པར་གྲུབ་བོ། །ཅི་སྟེ་གཅིག་ཏུ་གྲུབ་པ་ཞིག་ཤེས་བྱ་ལ་སྲིད་ན། བདེན་པ་ཡིན་པ་སྲིད་ཀྱང༌། དངོས་པོ་གང་ལ་ཡང་ཆ་ཤས་ཅན་འབའ་ཞིག་མ་གཏོགས། ཆ་མེད་གཅིག་ཏུ་གྲུབ་པ་ནམ་ཡང་[ཤེས་བྱའི་ཁོངས་སུ་]མི་སྲིད་པའི་ཕྱིར་རོ། །གསུམ་པ་ཁྱབ་པ་སྒྲུབ་པ་ནི་ཕྱི་རྒོལ་དེའི་བློ་ངོར། གཅིག་དང་དུ་མ་གང་རུང་དུ་མ་གྲུབ་
ཀྱང་དེ་གཉིས་ལས་གཞན་པའི་དངོས་པོ་ཞྀག་ཏུ་གྲུབ་པ་སྲིད་དོ་སྙམ་ན། དེའི་ངོར་ཁྱབ་པ་སྒྲུབ་པ་ནི། གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན། རང་བཞིན་གྱིས་མ་གྲུབ་པས་ཁྱབ་སྟེ། ཕན་ཚུན་དངོས་འགལ་གྱི་སྤྱོད་ཡུལ་དུ་གྱུར་པ་ལས་ཕུང་པོ་གསུམ་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། གཅིག་ཡིན་ན་དུ་མ་མ་ཡིན་དགོས་ལ། དུ་མ་ཡིན་ན་གཅིག་མ་ཡིན་དགོས་པས། གཅིག་ཀྱང་ཡིན་དུ་མའང་ཡིན་པའི་མུ་གསུམ་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཕྱི་ནང་གི་དངོས་པོ་འདི་རྣམས་གཅིག་དང་དུ་མ་གང་རུང་མ་ཡིན་པ་བརྫུན་པ་ཡིན་པར་རྒོལ་བ་དེའི་ངོ་བོར་གྲུབ་པ་ཡིན་ནོ། །ཁྱབ་སྒྲུབ་ཀྱི་དཔེ་ནི། མེ་ལོང་ནང་གི་གཟུགས་བརྙན་ཆོས་ཅན། རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། མེ་ལོང་ལས་གཞན་དུ་ཡང་མེད། མེ་ལོང་དང་གཅིག་ཏུ་ཡང་གྲུབ་པ་མ་ཡིན་པའི་ཕྱིར། ཞེས་འགོད་པར་བྱེད་པའོ། །དེའི་ཕྱོགས་ཆོས་སྒྲུབ་པ་ནི། མེ་ལོང་ནང་གི་བྱད་བཞིན། མེ་ལོང་དང་ངོ་བོ་གཅིག་པ་མ་ཡིན་ཏེ། མེ་ལོང་ནི་ངོས་བརྡར་བརྡར་པོར་ཡིན་ལ། བྱད་བཞིན་ནི་མིག་སྣ་སོགས་མཐོ་དམན་གྱི་རྣམ་པར་ཡོད་པས། དེ་གཉིས་མཚན་ཉིད་མི་མཚུངས་པའི་ཕྱིར། མེ་ལོང་ནང་གི་གཟུགས་བརྙན་མེ་ལོང་ལས་གཞན་དུ་ཡོད་པ་ཡང་མ་ཡིན་ཏེ། གཅིག་གི་གོ་སར་དངོས་པོ་གཉིས་གནས་པ་མེད་པའི་ཕྱིར། ཚུལ་དེ་ལྟར་སྒྲུབ་པ་ལས་མེ་ལོང་ནང་གི་གཟུགས་བརྙན་དེ་བདེན་མེད་ཡིན་པས་དོན་རྒོལ་བ་དེའི་ངོར་མངོན་སུམ་དུ་གྲུབ་པ་ཡིན་ལ། དེའི་ཕྱིར་དེས་
དེ་ལ་བརྟེན་ནས་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ཀྱང༌། སྣང་ཙམ་དུ་འཆར་བ་འདི་ཀ་བདེན་མེད་ཡིན་ནོ་ཞེས། བདེན་མེད་ཀྱི་ཐ་སྙད་རྟགས་ཀྱི་སྒྲུབ་པར་འདོད་པ་ཡིན་ནོ། །དེའི་ཕྱིར་འདི་ནི་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་སོ། །དེ་རྣམས་ནི་རྗེས་ཁྱབ་ཡིན་ལ། ལྡོག་ཁྱབ་སྒྲུབ་པ་ནི། གཅིག་དང་དུ་མ་གང་རུང་དུ་མེད་ན། རྫས་ཀྱི་དངོས་པོར་ཡོད་པ་མ་ཡིན་ཞིང་ཅི་སྟེ་རྫས་དངོས་སུ་ཡོད་ན། གཅིག་དང་དུ་མ་གང་རུང་ལས་གཞན་དུ་མི་དམིགས་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཅན་ཡིན་པའི་ཕྱིར། དེས་ན་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན། རང་བཞིན་གྱིས་མ་གྲུབ་པས་ཁྱབ་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་ན་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་པའི་ཕྱིར། ཞེས་པས་ལྡོག་ཁྱབ་སྒྲུབ་པར་འདོད་པ་ཡིན་ནོ། །བཞི་པ་ནི། གང་གཅིག་དང་དུ་མ་གང་རུང་དང་བྲལ་ན་རང་བཞིན་མེད་པས་ཁྱབ། དཔེར་ན་མེ་ལོང་གི་ནང་གི་གཟུགས་བརྙན་བཞིན། ཕྱི་ནང་གི་དངོས་པོ་འདི་ཡང་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར། རང་བཞིན་གྱིས་མེད་ཅེས་སྒྲུབ་པའི་ངག་ཏུ་བཀོད་པས། ཕྱི་རྒོལ་བློ་ངོར་ཕྱི་རོལ་གྱི་དངོས་པོ་རང་བཞིན་གྱིས་མ་གྲུབ་པར་ངེས་པའི་རིག་ཤེས་རྗེས་དཔག་སྐྱེ་བར་འདོད་པ་ཡིན་ནོ། སྤྱིར་སྒྲུབ་ངག་འཕགས་པ་ཐོགས་མེད་ཀྱི་སའི་དངོས་གཞི་སྒྲུབ་ངག་ཡན་ལག་ལྔ་ལྡན་དུ་གསུངས་ཏེ། དམ་བཅའི་ཡན་ལག་གཏན་ཚིགས་ཀྱི་ཡན་ལག །དཔེའི་ཡན་
ལག་ཉེ་བར་སྦྱོར་བའི་ཡན་ལག །མཇུག་སྡུད་ཀྱི་ཡན་ལག་བརྗོད་པ་སྟེ་ལྔའོ། །དེ་བཞིན་དུ་བཀོད་ན་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན་རང་བཞིན་གྱིས་མ་གྲུབ་སྟེ། བདེན་པའི་གཅིག་དང་དུ་མ་གང་རུང་མ་གྲུབ་པའི་ཕྱིར། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན། དེ་གཅིག་དང་དུ་མ་གང་རུང་དང་བྲལ་བ་དེ་བཞིན་དུ། ཕྱི་ནང་གི་དངོས་པོ་འདི་ཡང་གཅིག་དང་དུ་མ་གང་རུང་དང་བྲལ། དེའི་ཕྱིར་ཕྱི་ནང་གི་དངོས་པོ་འདི་རྣམས་རང་བཞིན་གྱིས་མ་གྲུབ་པ། ཞེས་འགོད་པ་ལྟ་བུའོ། །འདི་ལ་ཕྱོགས་གང་རུང་ཆོས་གྲགས་ཀྱིས་ཉེ་སྦྱོར་དང༌། དམ་བཅའ་དང་མཇུག་སྡུད་གསུམ་ལྷག་པའི་སྐྱོན་དང༌། ཁྱབ་པ་བརྫོད་པ་ཆད་པས་མི་འཐད་ཅིང་དེས་ན་སྒྲུབ་ངག་ཡན་ལག་གཉིས་ལྡན་ཉིད་གཙོ་བོར་བཞེད་དོ། །འོན་ཀྱང་ཐེག་པ་ཆེན་པོ་དབུ་མའི་ལུགས་འདི་དོན་ལ་རྟོན་པ་ཡིན་པའི་ཕྱིར། རྒོལ་བའི་ངོར་རྟགས་ལ་བརྟེན་ནས་རིག་ཤེས་རྗེས་དཔག་སྐྱེ་ཐུབ་པ་དང༌། བརྗོད་བྱའི་དོན་དང་མ་འབྲེལ་བའི་སྐྱོན་མེད་པ་ཙམ་བྱུང་ན། ཡན་ལག་ལྷག་ཆད་ཀྱི་སྐྱོན་ཕྲན་བུ་ལ་ལྟོས་པ་མེད་པས། དོན་གྱི་གཙོ་བོ་རྣམ་པ་གཉིས་པོ་དེ་གྲུབ་ན། རྗོད་བྱེད་ཀྱི་ཚིག་རྒྱས་བསྡུས་ལ་ཁྱད་པར་མེད་པའི་ཕྱིར། སྒྲུབ་ངག་ཡན་ལག་གཉིས་ལྡན་ནས་ལྔ་ལྡན་གྱི་བར་ཅི་འདོད་དུ་སྦྱཽར་དུ་རུང་ངོ༌། །གཉིས་པ་ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གི་རིགས་པ་ནི། འདི་ལ་བོད་ཀྱི་དབུ་མ་པ་རྣམས་རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མ། ཞེས་མིང་འདོགས་
པར་བྱེད་ཀྱང་བློས་བཏགས་པའི་མིང་འདོགས་ཙམ་ཡིན་པའི་ཕྱིར། འདི་ཉིད་ལ་མཐའ་བཞི་སྐྱེ་འགོག་གི་རིགས་པ་ཞེས་བྱ་བ་ཡིན་ཞིང༌། ཁྱད་པར་འགོག་པ་ཞེས་བྱ་བའི་དོན་ཡང༌། དངོས་པོ་རང་རང་གི་ངོ་བོ་རྣམས་གཅིག་དུ་བྲལ་གྱི་རིགས་པས་བདེན་མེད་དུ་སྒྲུབ་པ་དང༌། དེའི་ཁྱད་པར་སྐྱེ་བ་ཉིད་འགོག་པར་བྱེད་པས་ན། དེ་སྐད་ཅེས་བྱའོ། །དེ་ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་རང་བཞིན་གྱིས་མ་གྲུབ་སྟེ། སྐྱེ་བ་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན་རང་བཞིན་གྱིས་སྐྱེ་བ་མེད་དེ། རང་བཞིན་གྱིས་བདག་ལས་ཀྱང་མི་སྐྱེ། གཞན་ལས་ཀྱང་མི་སྐྱེ། གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར་རྩ་སྦྱོར་འགོད་པ་དང༌། དེའི་ཕྱོགས་ཆོས་སྒྲུབ་པ་ནི། མིག་སོགས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར་ཅེས་བདག་ལས་མི་སྐྱེ་བའི་སྒྲུབ་བྱེད་དང་པོ་དང༌། མིག་སོགས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཁྱོད་སྐྱེ་བ་རྐྱེན་གཞན་ལ་ལྟོས་པ་མངོན་སུམ་དུ་མཐོང་བའི་ཕྱིར། ཞེས་རྒྱུ་མཚན་གཉིས་པ་འགོད་པར་བྱེད་པ་ཡིན་ལ། སྒྲུབ་བྱེད་དང་པོའི་དོན་ཡང་དཔེར་ན་མིག་སྐད་ཅིག་མ་གཉིས་པ་བདག་ཉིད་ཀྱིས་སྐྱེད་པར་བྱེད་ན། བྱེད་པ་པོ་མིག་སྐད་ཅིག་མ་གཉིས་པ་རང་ཉིད་མ་སྐྱེས་པས་མེད་ལ། དེའི་ཕྱིར་མིག་སྐད་ཅིག་མ་གཉིས་པ་རང་ཉིད་དེའི་བྱེད་པ་པོར་ག་ལ་རུང་སྟེ་མི་རུང་བའི་ཕྱིར་རོ། །གཞན་ཡང་མིག་སྐད་ཅིག་མ་གཉིས་པ་རང་ཉིད་ཀྱིས་སྐྱེད་པར་བྱེད་ན།
མིག་སྐད་ཅིག་མ་གཉིས་པ་རང་ཉིད་གྲུབ་ཟིན་པ་གཅིག་གིས་སྐྱེད་པར་བྱེད་དམ། མ་གྲུབ་པ་ཞིག་གིས་སྐྱེད་པར་བྱེད། གལ་ཏེ་མིག་སྐད་ཅིག་མ་གཉིས་པ་རང་ཉིད་གྲུབ་ཟིན་པ་གཅིག་གིས་བསྐྱེད་ན། སྐྱེད་བྱེད་ཀྱི་དགོས་པ་མེད་དེ། རང་ཉིད་གྲུབ་ཟིན་པ་ལ་སྐྱེད་བྱེད་མི་དགོས་པའི་ཕྱིར་རོ། །གཞན་ཡང་མིག་སྐད་ཅིག་མ་གཉིས་པ་རང་དུས་སུ་མ་གྲུབ་པ་ཞིག་གིས་མིག་སྐད་ཅིག་མ་གཉིས་པ་རང་ཉིད་སྐྱེད་པར་བྱེད་ན་དེ་མི་འཐད་དེ། རང་ཉིད་མ་གྲུབ་པས་ཇི་ལྟར་སྐྱེད་པར་བྱེད་དེ་བསྐྱེད་མི་ནུས་པའི་ཕྱིར་རོ། །གཞན་ཡང་སྐྱཻ་བ་ཡང་མ་ཡིན་ཏེ། རང་དང་རྒྱུ་གཅིག་ཏུ་གྱུར་པའི་ས་བོན་ལ་ལྟོས་པའི་ཕྱིར་ཇི་སྟེ་དེ་ལྟར་མི་ལྟོས་ན་རྒྱུ་དང་རྒྱུ་མིན་པ་མཉམ་པར་འགྱུར་བ་ཡིན་ཏེ། རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བའི་ཕྱིར་རོ། །གཞན་ལས་འབྲས་བུ་སྐྱེ་བ་རང་དང་རྒྱུ་གཅིག་ཏུ་གྱུར་པའི་ས་བོན་ལ་མི་ལྟོས་ན། རྒྱུ་གཅིག་ཏུ་གྱུར་པའི་ས་བོན་དེ་ལ་རྐྱེན་གྱིས་ཕན་འདོགས་མི་དགོས་པར་ཐལ་བའི་ཕྱིར་རོ། །གཞན་ཡང་གཞན་ལས་སྐྱེ་ན། ཞིག་ཟིན་པའི་གཞན་ལས་སྐྱེ་འམ། མ་ཞིག་པའི་གཞན་ལས་སྐྱེ། གལ་ཏེ་ཞིག་ཟིན་གྱི་རྒྱུ་གཞན་ལས་སྐྱེ་ན་རྒྱུ་མེད་ལས་སྐྱེ་བར་ཐལ་བར་འགྱུར་ཏེ། ཞིག་ཟིན་པ་ནི་འདས་པ་དངོས་མེད་ཡིན་པའི་ཕྱིར་རོ། །མ་ཞིག་པའི་རྒྱུ་གཞན་ལས་སྐྱེ་ན། རྒྱུ་འབྲས་གཉིས་པོ་དུས་མཉམ་ཕན་ཚུན་ཉིད་དུ་གྱུར་བས། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མི་རུང་ངོ༌། །དེ་ལས་འགགས་ཟིན་པ་དང༌། མ་འགག་པ་ལས་
སྐྱེ་བ་མ་ཡིན་ཡང༌། རྒྱུ་འགག་བཞིན་པ་ལས་འབྲས་བུ་སྐྱེ་བཞིན་པ་སྐྱེ་བའི་རྒྱུ་འབྲས་ཀྱི་རིམ་པ་དེ་ལྟར་ཡིན་ཞེས་སྨྲ་ན། སྤྱིར་དེ་ཀུན་རྫོབ་གནས་ཐབས་ཀྱི་འབྲས་བུ་སྐྱེ་ཚུལ་དེ་ལྟར་ཡིན་པས་བདེན་ཡང༌། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་བརྟགས་ན་དེ་ཡང་མི་འགྲུབ་སྟེ། འགགས་བཞིན་པ་ཡང༌། ཆ་གཅིག་འགགས་ཟིན་ཆ་གཅིག་མ་འགག་པ་དེ་ཉིད་ལ། འགག་བཞིན་པ་ཞེས་བཏགས་པ་ཡིན་པས། འགགས་པ་དང༌། མ་འགག་པ་ལས་གཞན་པའི་འགག་བཞིན་པ་མེད་པའི་ཕྱིར། ས་བོན་འགག་བཞིན་པ་དེ་ལས་འབྲས་བུ་སྐྱེ་བ་ཡང་མི་རུང་ངོ༌། །ཆུ་ལུད་དྲོད་གཤེར་སོགས་རྐྱེན་གཞན་རྣམས་སྣ་ཚོགས་པ་ལས་བྱུང་བ་ཡིན་ཡང༌། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ལས་བསྐྱེད་པའི་བྱེད་པ་པོ་མིན་ནོ། །དེ་ལྟར་ཀུན་རྫོབ་སྣང་ཙམ་དུ་དངོས་པོ་སྐྱེ་བ་འདི་རྣམས་གཞན་ལས་སྐྱེ་བར་སྣང་བ་ནི། བློས་བཏགས་པའི་ངོར་སྣང་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང་མྱུ་གུའི་དུས་ན་ས་བོན་དེ་མེད་པའི་ཕྱིར། ས་བོན་དེ་མྱུ་གུ་རང་ཉིད་དང་གཅིག་པ་ཡང་མིན་ལ། མྱུ་གུ་དང་རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར། ཐ་དད་གཞན་ཡང་མིན་པས། ས་མྱུག་གཉིས་པོ་དེ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་པས་ས་བོན་ལས་མྱུ་གུ་སྐྱེ་བར་སྣང་བ་འདི་ཡང་བཏགས་ངོ་ཙམ་ཡིན་ནོ། །དེས་ན་ས་བོན་དང་མྱུ་གུ་གཉིས་པོ་དེས་ཕན་ཚུན་དུ་ཡོད་མེད་རྣམ་པར་དཔྱད་པས། ས་བོན་ལས་མྱུ་གུ་སྐྱེ་
ཞེས་པ་ཡང་རྣམ་པར་འཇིག་པར་འགྱུར་ཏེ། དོན་དམ་པར་དེ་ལས་དེ་སྐྱེ་བ་མེད་པའི་ཕྱིར་རོ། །བདག་གཞན་གཉིས་ཀ་ལས་སྐྱེ་བར་འདོད་ན། གོང་དུ་བསྟན་པ་ལྟར་གྱི་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་གཉིས་ཀའི་སྐྱོན་དང་བཅས་པ་ཡིན་པའི་ཕྱིར་དང༌། བདག་དང་གཞན་ལས་སྐྱེ་བ་ཁེགས་པ་ན། གཉིས་ཀ་ལས་སྐྱེ་བ་ཤུགས་ལ་ཁེགས་པར་འགྱུར་བ་ཡིན་ཏེ། དཔེར་ན། སྔོན་པོ་དང༌། སེར་པོ་དང༌། དམར་པོ་གསུམ་ཁེགས་པ་ན། དེ་གསུམ་འདུས་པའི་ཁྲ་བོ་ཤུགས་ལ་ཁེགས་པ་བཞིན་ནོ། །གཞན་ཡང་བདག་གཞན་གཉིས་ཀ་ལས་སྐྱེ་ན། རང་དབང་ཅན་བདེན་པའི་སྐྱེ་བ་མ་ཡིན་པར་ལྟོས་ནས་གྲུབ་པའི་སྐྱེ་བར་འགྱུར་ཏེ། བདག་གཞན་གཉིས་པོ་ཕན་ཚུན་དུ་ལྟོས་པ་ལ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར་རོ། །རྒྱུ་མེད་ལས་སྐྱེ་བ་ནི་ནམ་ཡང་མི་འཐད་དེ། ཡང་ན་རྒྱུ་ལ་མ་ལྟོས་པའི་ཕྱིར་རོ། །དུས་རྟག་ཏུ་སྐྱེ་བར་ཐལ་བ་དང༌། ཡང་ན་སྐྱེ་བའི་རྒྱུ་གཏན་ནས་མེད་པའི་ཕྱིར། །དུས་ནམ་གྱི་ཚེ་ཡང་འབྲས་བུ་མི་སྐྱེ་བར་ཐལ་བར་འགྱུར་ཏེ། རྒྱུ་མེད་གཞན་ལ་མ་ལྟོས་ཕྱིར། རྟག་ཏུ་ཡོད་པའམ་མེད་པར་འགྱུར། ཞེས་གསུངས་པ་ལྟར་རོ། །གཞན་ཡང་དངོས་པོ་འདི་རྣམས་རེས་འགའ་སྐྱེ་བར་མངོན་སུམ་དུ་མཐོང་ནས་ཀྱང༌། རྒྱུ་མེད་དུ་འགལ་ཏེ། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བ་དང༌། རྒྱུ་མ་ཚོགས་པ་ལས་འབྲས་བུ་མི་སྐྱེ་བར་མཐོང་བའི་ཕྱིར་རོ། །
རྒྱུ་མེད་ལས་སྐྱེ་བ་ནི། འཇིག་རྟེན་གྱི་གྲགས་པས་ཀྱང་གནོད་པ་ཡིན་ཏེ། གང་ཅི་ཡང་རུང་བའི་དངོས་པོ་ཐམས་ཅད་རང་རང་གི་རྒྱུ་ལས་སྐྱཻ་བར་ཀུན་ཏུ་གྲགས་པའི་ཕྱིར་རོ། །གསུམ་པ་ཁྱབ་པ་སྒྲུབ་པ་ནི། མཐའ་བཞི་པོ་གང་རུང་ལས་མི་སྐྱེ་ན། རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ་པ་ཡིན་ཏེ། དངོས་པོར་སྐྱེ་ན་མཐའ་བཞི་པོ་གང་རུང་ལས་སྐྱེ་བར་ངེས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང༌། དངོས་པོ་གང་དང་གང་ཡིན་པ་དེ་ལ། རང་དང་གཞན་གཉིས་ཀྱིས་ཁྱབ་པ་ཡིན་ཏེ། རང་གཞན་གཉིས་གང་རུང་མ་ཡིན་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །བཞི་པ་སྒྲུབ་པའི་ངག་བཀོད་པ་ནི། བདག་དང་གཞན་དང༌། གཉིས་ཀ་དང་རྒྱུ་མེད་དེ། མཐའ་བཞི་ལས་མི་སྐྱེ་ན། རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ། དཔེར་ན་རུས་སྦལ་གྱི་སྤུ་བཞིན། ཕྱྀ་ནང་གི་དངོས་པོ་འདི་དག་ཀྱང་མཐའ་བཞི་ལས་སྐྱེ་བ་མེད་པའི་ཕྱིར་ན། རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་སྒྲུབ་པའི་ངག་བཀོད་པས། ཚུལ་གསུམ་དྲན་ལམ་དུ་འཕེན་པ་ཡིན་ནོ། །དེ་ཡང་མཐའ་བཞི་ལས་མི་སྐྱེ་བའི་རྟགས་གྲུབ་པའི་དུས་ན། ཕྱི་རྒོལ་དེའི་བློ་ངོར་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་གྲུབ་ཟིན་པ་ཡིན་ཡང༌། སྒྲུབ་ངག་བཀོད་དེ། ཚུལ་གསུམ་དྲན་ལམ་དུ་འཕང་བ་ན། མཐའ་བཞི་པོ་ལས་མི་སྐྱེ་བ་དེ་ལ། རང་བཞིན་གྱིས་སྐྱེ་བ་མེད་དོ། །ཞེས་ཐ་སྙད་གྲུབ་པར་བྱེད་པ་ཡིན་ནོ། །ཆོས་བདག་མེད་པར་སྒྲུབ་པའི་རིགས་པའི་
གཙོ་བོ་གཉིས་པོ་དེར་འཇོག་གི་དེ་ལས་གཞན་རྟེན་འབྲེལ་དང༌། མུ་བཞི་སྐྱེ་འགོག་སོགས་དེར་མི་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། དེ་ཡང་རྟེན་འབྲེལ་ལྟོས་གྲུབ་ཀྱི་རིགས་པས་ཀུན་བཏགས་ཀྱི་ཆོས་རྣམས་ཁེགས་པར་འགྱུར་བ་ཡིན་མོད་ཀྱང༌། གཞན་དབང་གི་མཚན་ཉིད་ཅན་བསྐྱེད་བྱ་སྐྱེད་བྱཻད་ཀྱི་དངོས་པོའི་ངོ་བོར་དཔྱོད་པ་ནི། རིགས་པ་དེ་སྟོབས་དང་ལྡན་པ་མ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། དཔེར་ན། མྱུ་གུ་རང་བཞིན་གྱིས་མ་གྲུབ་སྟེ། ས་བོན་ལ་ལྟོས་པའི་ཕྱིར། ཞེས་བཀོད་པ་ན། མྱུ་གུ་རང་བཞིན་གྱིས་གྲུབ་པ་ལ་ཅུང་ཟད་གནོད་ཀྱང༌། དངོས་པོའི་རྒྱུ་འབྲས་མཐའ་དག་དཔྱོད་ན། སྟོབས་དང་ལྡན་པ་མ་ཡིན་ནོ། །དེས་ན་རྒྱུར་འཇོག་པའི་རྣམ་བཞག་འབྲས་བུ་འཇོག་པའི་རྣམ་བཞག་ལ་ངེས་པར་ལྟོས་པ་ཡིན་པས། རིགས་པ་དེས་དེ་ཁེགས་ཀྱང་ངོ་བོ་ལ་ལྟོས་པའི་ངོ་བོས་ཕན་ཚུན་གཉིས་དེས་བདེན་མེད་དུ་གཏན་ལ་ཕེབས་མི་ནུས་ཏེ། དཔེར་ན། སེང་གེ་འགྲམ་པར་འཇོག་པ་ཟས་གཙང་ལ་ལྟོས་ཀྱང་སེང་གེ་འགྲམ་གྱིས་ཀྱང་དངོས་པོ་ཟས་གཙང་གི་དངོས་པོ་ལ་ལྟོས་པ་མེད་དེ། དེ་མེད་པའི་སྔ་རོལ་ཏུ་གཅིག་ཤོས་ཡོད་པའི་ཕྱིར་རོ། །དེས་ན་ཁ་ཅིག་རྟེན་འབྲེལ་གྱི་རིགས་པ་ནི་ཡོད་མཐའ་དང༌། མེད་མཐའ་གཉིས་ཆར་སེལ་བའི་གཏན་ཚིགས་ཡིན་ཏེ། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་བཀོད་པས་ཡོད་མཐའ་སེལ་བ་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན་གཏན་མེད་མ་
ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་པས་མེད་མཐའ་སེལ་བ་ཡིན་ཞེས་ཟེར་བ་ལ། ཕྱི་མ་འདི་ནི་གྲུབ་ཟིན་སྒྲུབ་པར་འདོད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། རྟེན་འབྲེལ་དུ་གྲུབ་པ་ན་གཏན་མེད་དུ་མ་ཡིན་པར་གྲུབ་ཟིན་པ་ལ་སླར་ཡང་རྟེན་འབྲེལ་གྱི་རྟགས་ཀྱིས་གཏན་མེད་མིན་པར་སྒྲུབ་པར་བྱེད་པའོ། །ཡོད་མེད་སྐྱེ་འགོག་མུ་བཞིར་དཔྱོད་པ་སོགས་ཀྱང༌། འཕྲོས་དོན་ཕྲ་མོ་ཙམ་ཡིན་པས་གཏན་ཚིགས་ཀྱི་གཙོ་བོ་མ་ཡིན་པར་ཤེས་པར་བྱའོ། །གཏན་ཚིགས་ཀྱི་གཙོ་བོ་ཕྱི་རོལ་གྱི་དོན་དང་ནང་ཤེས་པ་གཉིས་ཆར་བདེན་མེད་དུ་གཏན་ལ་ཕེབས་ནུས་པ་ནི། ངོ་བོ་འགོག་པ་གཅིག་དུ་བྲལ་དང༌། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས་ཡིན་ཞིང༌། དེ་དག་གི་ཡང་རྩ་བར་གྱུར་[པའི་རིགས་པ་]བ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བའི་མཆོད་བརྗོད་དུ་གསུངས་པ། གང་གིས་རྟེན་ཅིང་འབྲེལ་བ་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་གསུངས་པ་ལྟར། རྩ་བའི་གཏན་ཚིགས་རྣམ་པ་བཞི་ཡོད་པ་ཡིན་ཏེ། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། མཐར་འགག་པ་དང༌། བར་དུ་གནས་པ་མེད་དེ། དང་པོར་སྐྱེ་བ་མེད་པའི་ཕྱིར། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། ཐ་དད་དུ་གྲུབ་པ་མིན་ཏེ། གཅིག་པ་མེད་པའི་ཕྱིར་དང༌། ཡང་ཕྱི་
ནང་གི་དངོས་པོ་འདི་རྣམས་ཆོས་ཅན། འོང་བ་མེད་དེ། སོང་བ་མ་གྲུབ་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན་ཆད་པ་མེད་དེ་རྟག་པ་མེད་པའི་ཕྱིར། ཞེས་བཀོད་པ་བཞི་པོ་འདི་རྣམས་རྩ་བའི་གཏན་ཚིགས་བླ་ན་མེད་པ་ཡིན་ཏེ། དབུ་མའི་གཞུང་གི་གཏན་ཚིགས་ཀྱི་རྣམ་གྲངས་མཐའ་ཡས་པ་དག་ཀྱང་བཞི་པོ་འདི་རྣམས་ཁོ་ནའི་རྗེས་འབྲང་ཡིན་པའི་ཕྱིར་རོ། །གསུམ་པ་བདག་མེད་གཉིས་ཀ་དང་འབྲེལ་བའི་དོན་གྱི་རྣམ་གྲངས་བཤད་པ་ལ། བདག་མེད་གཉིས་གཅིག་དང་ཐ་དད་ཇི་ལྟར་ཡིན་པའི་ཚུལ་དང༌། བདག་མེད་གཉིས་སུ་བསྟན་པའི་དགོས་པ་བཤད་པ་དང༌། བདག་མེད་གཉིས་ཀྱི་དགག་བྱ་ངོས་བཟུང་བ་དང༌། བདག་མེད་གཉིས་ཀྱི་ངོ་བོ་ངོས་བཟུང་བ་དང༌། བདག་མེད་གཉིས་ཀྱི་མིང་གི་རྣམ་གྲངས་བཤད་པ་དང༌། །བདག་མེད་གཉིས་ཀྱི་སྟོང་གཞིའི་ངོ་བོ་ངོས་བཟུང་བ་དང༌། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་དང༌། ལྟར་སྣང་ལ་དཔྱད་པ་དང་བདུན་ལས།དང་པོ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ངོ་བོ་གཅིག་ཅིང་ལྡོག་ཆ་ཐ་དད་པ་ཡིན་ལ། དེའི་རྒྱུ་མཚན་ཡང༌། སྣང་གྲགས་ཀྱི་ཆོས་ཀུན་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། ངོ་བོའི་སྒོ་ནས་དབྱེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དཔེར་ན། བུམ་པ་ལྟ་བུའི་ཁྱད་གཞིའི་ཆོས་ཤིག་ངོས་འཛིན་རྒྱུ་མེད་ཀྱང༌། རེ་ཤིག་བཏགས་པ་ཙམ་གྱི་དབང་དུ་བྱས་ནས། ཁྱད་གཞིར་ངོས་བཟུང་ན་བུམ་པ་ལྟ་བུ་ཞིག་ལ་ང་དང་བདག་ནམ་
དུ་ཡང་ཡོད་པ་མ་ཡིན་པ་ནི་གང་ཟག་གི་བདག་མེད་དང༌། བུམ་པ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས་ནི། ཆོས་ཀྱི་བདག་མེད་དང༌། དེའི་ང་བདག་མ་གྲུབ་པ་དང༌། བདེན་པར་མ་གྲུབ་པ་གཉིས་ལ་ངོ་བོ་དབྱེ་བ་མེད་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་གང་ཟག་གི་བདག་མེད་ཡང་ཡིན། ཆོས་ཀྱི་བདག་མེད་ཀྱང་ཡིན་ཡང༌། དགག་བྱ་ང་བདག་ལོག་པའི་ལྡོག་ཆ་ནས་གང་ཟག་གི་བདག་མེད་དང༌། དགག་བྱ་བདེན་གྲུབ་ལོག་པའི་ལྡོག་ཆ་ནས་ཆོས་ཀྱི་བདག་མེད་དེ། དགག་བྱ་ལོག་ཚུལ་གྱི་སྒོ་ནས་ལྡོག་པས་དབྱེ་བ་ཡིན་ནོ། །གཉིས་པ་ནི། ཆོས་ཐམས་ཅད་བདག་མེད་པ་གཉིས་ཀ་ཡིན་པས། ངོ་བོ་དབྱེ་བ་མེད་པ་དེ་ལྟར་ན། བདག་མེད་གཉིས་སུ་རྣམ་པར་དབྱེ་བའི་དགོས་པ་ཅི་ཞེ་ན། དེའི་རྒྱུ་མཚན་ནི་ཐེག་པ་ཆུང་ངུ་ཉན་རང་གི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར། གང་ཟག་གི་བདག་མེད་དང༌། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར། ཆོས་ཀྱི་བདག་མེད་པ་རྒྱལ་བས་འདི་གཉིས་གསུངས་པ་ཡིན་ནོ། །དེ་ཡང་ཐེག་པ་ཆུང་ངུའི་རིགས་ཅན་རྣམས་ལ། གང་ཟག་གི་བདག་མེད་པ་ངེས་པ་སྟོན་དགོས་པ་ཡིན་ཏེ། དེ་མ་བསྟན་ན་འཁོར་བ་ལས་གྲོལ་བ་མེད་པའི་ཕྱིར་དང༌། དེ་ལས་ལྷག་པའི་ཆོས་ཀྱི་བདག་མེད་སྟོན་པའི་སྣོད་དང་མི་ལྡན་པས་དེ་ལ་དེ་བསྟན་ཡང་དགོས་པ་མེད་པའི་ཕྱིར། གང་ཟག་གི་བདག་མེད་ཙམ་
བསྟན་པ་ཡིན་ལ། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ནི་ཐམས་ཅད་མཁྱེན་པ་ཐོབ་དགོས་པ་དེའི་ཕྱིར་དུ། ཆོས་ཀྱི་བདག་མེད་བསྟན་པ་ཡིན་ནོ། །གསུམ་པ་ནི། བདག་མེད་པ་གཉིས་པོ་འདིས་ཡུལ་གྱི་དགག་བྱ་དངོས་ཤེས་བྱ་ལ་མི་སྲིད་པ་ཡིན་ཏེ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་ཡོད་པ་མི་སྲིད་ཅིང༌། དེ་བཞིན་དུ་སྣང་གྲགས་ཀྱི་ཆོས་གང་ལ་ཡང་རང་བཞིན་གྱིས་གྲུབ་པའམ། བདེན་པར་གྲུབ་པའི་ཆོས་ཤིག་མི་སྲིད་པས་སོ། །འོན་ཀྱང་ཡུལ་ཅན་གྱི་བློ་འཁྲུལ་བས་དེ་དང་དེར་འཛིན་པ་ནི་བདག་མེད་གཉིས་ཀྱི་དགག་བྱ་སྟེ། མེད་པ་ལ་ཡོད་པར་འཛིན་པའི་ལོག་རྟོག་ཡིན་པའི་ཕྱིར། དེ་ཟློག་པར་བྱེད་པའོ། །དེས་ན་ཡུལ་གྱི་དགག་བྱ་དངོས་མི་སྲིད་པས། སྤོང་རྒྱུ་མེད་ཅིང་ཡུལ་ཅན་གྱི་དགག་བྱ་ལོག་པར་རྟོག་པ་དེ་ལྟ་བུ་སྤོང་པ་ལ། བདག་འགོག་པར་བྱེད་པ་ཞེས་བཤད་པ་ཡིན་ནོ། །དགག་བྱ་ཡུལ་དངོས་གནས་ལ་གྲུབ་པ་གཅིག་ཡིན་ན། འབད་པ་ཅི་ཙམ་བྱས་ཀྱང་དེ་སྤོང་ནུས་པ་མ་ཡིན་ནོ། །དེས་ན་དངོས་གནས་ལ་ཡོད་པ་སུས་ཀྱང་དགག་པར་མི་ནུས་ཤིང༌། དངོས་གནས་ལ་མེད་པ་ཞིག་སུས་ཀྱང་སྒྲུབ་མི་ནུས་པས་སོ། །བཞི་པ་ནི། ཆོས་ཉིད་དེ་བཞིན་ཉིད་ལ་ཀུན་རྫོབ་སྣང་གྲགས་ཀྱི་ཆོས་ཀྱི་བདག་གིས་ནམ་ཡང་གོས་མ་མྱོང་ཞིང་མེད་པ་ནི། ཆོས་ཀྱི་བདག་མེད་མཚན་ཉིད་པ་ཡིན་ལ་དོན་དམ་དབྱིངས་ལས་གཞན་ཀུན་རྫོབ་ཀྱི་ཆོས་རྣམས་རང་རང་གི་ངོ་བོ་གདོད་ནས་མ་གྲུབ་ཙམ་དེ་ཡང་ཆོས་ཀྱི་བདག་མེད་རྣམ་གྲངས་པ་ཙམ་ཡིན་
ནོ། །ཡུལ་ཅན་རྣམ་པར་ཤེས་པ་ལ་སྣང་ཞིང་སྒྲ་རྟོག་ལ་གྲགས་པས་ན་སྣང་གྲགས་ཏེ། ཀུན་རྫོབ་ཀྱི་ཆོས་མངོན་གྱུར་དང་ལྐོག་གྱུར་གང་ལ་ཡང༌། ང་བདག་གིས་དངོས་པོ་ནམ་ཡང་མི་སྲིད་ཙམ་དེ་ལ་གང་ཟག་གི་བདག་མེད་ཅེས་ཐ་སྙད་སྦྱཽར་བ་མཛད་པ་ཡིན་ནོ། །དེས་ན་ཆོས་རྣམས་ཀུན་ལ་བདག་མེད་པ་གཉིས་པོ་འདིས་ཁྱབ་པའི་ཕྱིར། ཆོས་ཀུན་གྱི་སྤྱིའི་མཚན་ཉིད་དོ། །ལྔ་པ་ནི། ཆོས་ཀྱི་བདག་མེད་འདིའི་མིང་གི་རྣམ་གྲངས་ལ། ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སོགས། རྣམ་གྲངས་མཐའ་ཡས་པར་བསྟན་པའི་དོན་ལ་རྗེ་བཙུན་བྱམས་མགོན་གྱི་མདོ་སྡེ་རྒྱན་དུ་གསུངས་པ་ངོ་བོ་ཉིད་མེད་པའི་དོན་ནི་ཆོས་གང་དང་གང་མ་འོངས་པ་རང་གི་ངོ་བོ་ཉིད་དུ་མ་གྲུབ་པ་དང་འདས་པའི་ཆོས་རང་གི་བདག་ཉིད་དུ་མེད་པའི་ཕྱྀར་དང༌། ད་ལྟར་བ་རང་གི་ངོ་བོ་ལ་མི་གནས་པའི་ཕྱིར་དང༌། བློས་ཇི་ལྟར་བཟུང་བ་བཞིན་དུ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པར་འདོད་དོ། །འདིར་ཡང་ངོ་བོ་ཉིད་མེད་པ་གསུམ་དུ་འཇུག་ཚུལ་གོང་རབ་བྱེད་ལྔ་པའི་སྐབས་སུ་བསྟན་པ་ལྟར་ཤེས་པར་བྱ་དགོས་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་དང་སྐྱེ་བ་མེད་པ་ལ་སོགས་པ་འདི་རྣམས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྟོག་པར་འགྱུར་བའི་ཕྱིར། ཕྱི་མ་ཕྱི་མའི་རྟེན་ཡིན་ཞིང་ཞེས་གསུངས་པ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཤེས་
པས་སྐྱེ་བ་མེད་པ་ཤེས་པར་འགྱུར་བ་དང༌། སྐྱེ་བ་མེད་པར་ཤེས་པས་མ་སྐྱེས་པ་ལ་འགག་རྒྱུ་མེད་པའི་ཕྱིར། འགག་མེད་དུ་ཤེས་པ་དང༌། འགག་པ་མེད་པར་ཤེས་པས་གཟོད་མ་ནས་ཡོངས་སུ་ཞི་བར་ཤེས་པ་དང༌། གདོད་མ་ནས་ཞི་བར་ཤེས་པས། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པར་གྲུབ་པ་ཡིན་ནོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་པ་ལ་ཡང༌། སྐྱེ་བ་གཏན་ནས་མེད་པའི་སྐྱེ་མེད་དང༌། བདེན་པའི་སྐྱེ་བ་མེད་པའི་སྐྱེ་མེད་གཉིས་ལས། དང་པོ་ནི། ཆོས་གང་དང་གང་ལ་ཡང༌། [དཔེར་ན་ས་བོན་འགགས་ནས་མྱུ་གུ་སྐྱེ་བ་ལས་རང་རང་གི་] རིགས་འདྲའི་རྒྱུན་ལས་སྐྱེ་བ་ཡིན་པར་[བཟུང་ནས་]ཐོག་མ་ཉིད་དུ་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སྐྱེ་བར་འདོད་པ་ནི་ཐོག་མའི་སྐྱེ་བ་སྟེ་དེ་འདྲ་བ་ཤེས་བྱ་ལ་[གཏན་ནས་]མི་སྲིད་པ་དང༌། སྐྱེས་ཟིན་པའི་དངོས་པོ་དེ་ཉིད་སླར་ཡང༌། [བདག་ཏུ་]སྐྱེ་བ་མི་སྲིད་པ་དང༌། སྔར་སེམས་ཀྱི་རྒྱུན་ལས་གཞན་ཉིད་གསར་དུ་སྐྱེ་བ་གཏན་ནས་མི་སྲིད་པ་དང༌། ཀུན་བརྟགས་ནི་བཏགས་པ་ཙམ་མ་གཏོགས་རྫས་སུ་མེད་པས་རང་གིས་མཚན་ཉིད་ཀྱི་སྐྱེ་བ་མི་སྲིད་པ་དང༌། གཞན་དབང་ནི་རྒྱུ་རྐྱེན་དང་རྟེན་འབྲེལ་སྣ་ཚོགས་པ་ལ་ལྟོས་ནས། སྐྱེ་བ་ཡིན་པས་རང་གི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དང༌། ཡོངས་གྲུབ་ཆོས་ཉིད་དེ་བཞིན་ཉིད་ནི་འགྱུར་བ་མེད་པ་ཡིན་པའི་ཕྱིར། སྐད་ཅིག་མ་དང་པོ་ནས་སྐད་ཅིག་མ་གཉིས་པ་སོགས་གཞན་དང་གཞན་དུ་འགྱུར་བའི་སྐྱེ་བ་གཏན་ནས་མེད་པ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་
གྲུབ་ཀྱང་ངོ་བོ་མི་འདྲ་བ་གཞན་དུ་འགྱུར་བ་མེད་དེ། དཔེར་ན། སངས་རྒྱས་གསར་དུ་ཐོབ་པའི་རྣམ་གྲོལ་སྐད་ཅིག་མ་དང་པོ་ནས། སྐད་ཅིག་མ་མཐའ་མེད་པའི་བར་དུ་ངོ་བོ་མི་འདྲ་བ་གཞན་དང་གཞན་དུ་འགྱུར་བ་མེད་པ་ཡིན་ནོ། །འཕགས་པའི་གང་ཟག་རྣམས་ཟད་མི་ཤེས་པའི་ཡེ་ཤེས་མངོན་སུམ་དུ་དམིགས་པ་རྣམས་ཀྱི་རྒྱུད་ལ་ཀུན་ནས་ཉོན་མ ོངས་པ་སྐྱེ་མི་སྲིད་པ་དང༌། དགྲ་བཅོམ་པ་ལ་ཟད་པ་ཤེས་ལ་མི་སྐྱེ་བ་མི་ཤེས་པ་སོགས་ཉན་ཐོས་སྡེ་བ་རྣམས་ཀྱི་འདོད་པ་ལ་ཡོད་ཀྱང་དགྲ་བཅོམ་པ་མཚན་ཉིད་པ་ཡིན་ཕྱིར་[ཉོན་མོངས་པ་མཐའ་དག་]ཟད་པ་དང༌། [དེ་ཉིད་སླར་ཡང་]མི་སྐྱེ་བ་གཉིས་ཀར་ཤེས་དགོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པ་རང་ལུགས་སུ་བཞེད་པ་ཡིན་ཞིང༌། གཞན་དག་འདོད་པ་ལྟར་ས་བརྒྱད་པ་ཐོབ་པའི་ཚེ་དེ་སྤོང་བ་དང༌། ཡང་འགའ་ཞིག་ཤེས་སྒྲིབ་དང་ལྷན་ཅིག་ས་བཅུའི་རྒྱུན་གྱི་ཐ་མར་སྤོང་བར་འདོད་པ་སོགས་ཁས་མི་ལེན་ནོ། །སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་གཅིག་ཡིན་པའི་ཁྱད་པར་མི་འདྲ་བར་སྐྱེ་བ་མི་སྲིད་པ་སྟེ། བརྒྱད་པོ་དེ་རྣམས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད་དོ། །དེ་དག་སྐྱེ་བ་གཏན་ནས་མེད་པའི་རྣམ་གྲངས་སོ། །གཉིས་པ་ནི་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་སྣང་བ་ཇི་བཞིན་དུ། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་
པོ་རྟག་ཏུ་མེད་ཀྱང་སྣང་བར་འགྱུར། །ཞེས་རི་མོའི་དཔེས་བསྟན་པ་དང༌། གཞན་ཡང༌། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ན། །དྭངས་པ་དེ་ཉིད་དེ་ལས་སྐྱེ་མིན་ཏེ། །དེ་ནི་དེ་ལས་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལའང་ཚུལ་དེ་ཉིད། །ཅེས་ཆུ་རྙོག་པ་ཅན་དྭངས་པའི་དཔེས་བསྟན་པ་སོགས་ནི་ཀུན་རྫོབ་ཏུ་སྐྱེ་བར་སྣང་ཡང༌། དོན་དམ་པར་སྐྱེ་བ་མེད་པ་ནི་སྐྱེ་བ་བདེན་པར་མེད་པའི་རྣམ་གྲངས་སོ། །དེ་ལྟར་ན་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་པ་ཡང༌། སྐྱེ་མེད་ཀྱི་དགོངས་པ་དེ་ལྟར་དུ་ཤེས་པར་བྱ་དགོས་པ་ཡིན་ནོ། །དྲུག་པ་ལ། བདག་མེད་གཉིས་ཀྱི་སྟོང་གཞི་ངོས་བཟུང་བ་ནི། ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་[རྟག་མི་རྟག་གཉིས་ཀའི་མཐའ་ལས་འདས་པའི་]རྟག་པ་[ཆེན་པོ་]ཡིན་པའི་ལྡོག་ཆ་ནས། གང་ཟག་གི་བདག་མེད་སྟོང་གཞི་དང༌། [ཐབས་ཀྱི་]རྣམ་པ་ཀུན་ལྡན་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་རང་བཞིན་ཡིན་པའི་ལྡོག་ཆ་ནས། ཆོས་བདག་མེད་པའི་སྟོང་གཞིར་དགོངས་པ་ཡིན་ནོ། །དེ་བསམ་གྱིས་མི་ཁྱབ་པར་བསྟན་པ་ནི། དོན་དམ་དབྱིངས་འདི་ནི། སྒྲ་རྟོག་གི་ཡུལ་ལས་འདས་པ་དང༌། འདི་གནས་ལུགས་སུ་གྲུབ་པའི་ཕྱིར། འགོག་བྱེད་གང་གིས་ཀྱང་དགག་པར་མི་ནུས་ཤིང༌། ཡུལ་རང་ངོས་ནས་སྒྲུབ་བྱེད་ཀྱིས་ཀྱང་སྒྲུབ་པར་ཡང་མི་ནུས་པས། དགག་སྒྲུབ་ཀྱི་ཡུལ་ལས་འདས་པ་དང༌། དེ་བཞིན་དུ་དོན་དམ་དབྱིངས་འདི་གཅིག་དང་ཐ་དད་པ་དང༌། སྐྱེ་བ་དང་
དགག་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་རིགས་པའི་ཡུལ་ལས་འདས་པར་བསྟན་པ་ནི། དེ་ལྟ་བས་ན། སྔར་ཇི་སྐད་བཤད་པའི་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་རྣམ་གྲངས་དེ་རྣམས་ཀྱི་དོན་དམ་དབྱིངས་དེ་ཁེགས་པར་མི་འགྱུར་ཏེ། གང་སྐྱེ་བ་དང་བཅས་འགག་པ་དང་བཅས། སྤྲོས་པ་དང་བཅས་པ་རྣམས་སྐྱེ་མེད་དང༌། འགག་མེད་དང་སྤྲོས་བྲལ་དུ་གཏན་ལ་ཕབ་པས་ཆོས་དེ་ཡང་ཁེགས་པར་འགྱུར་བ་ཡིན་ཡང་དོན་དམ་དབྱིངས་ནི་སྐྱེ་འགག་ཅན་མ་ཡིན་པས་སྐྱེ་མེད་དང༌། འགག་མེད་དུ་སྒྲུབ་ཀྱང་རང་གི་ངོ་བོ་ཁེགས་པར་མི་འགྱུར་ཏེ། དཔེར་ན་ཁང་པའི་མཚན་ཉིད་བཀག་པས། ལྗོན་ཤིང་མི་ཁེགས་པ་བཞིན་ནོ། །འདིའི་ཚུལ་རྒྱས་པར་གོང་དུ་བསྟན་ཟིན་ཏོ། །གཞན་ཡང་སྟོང་གཞི་བདེ་བར་གཤེགས་པའི་སྙིང་པོ་ལ། གང་ཟག་དང་ཆོས་ཀྱི་བདག་མེད་ཙམ་གྱི་རྣམ་དཔྱད་དགག་ཕྱོགས་ཀྱི་ཆ་ནས། རྣམ་གྲངས་ཀྱི་དོན་དམ་ཙམ་ཡིན་ཞིང༌། དགག་བྱ་དེས་སྟོང་པའི་སྟོང་གཞིར་བདེ་བར་གཤེགས་པའི་སྙིང་པོ་ནི། [གདོད་མའིརང་བྱུང་]དོན་དམ་དངོས་སོ། །གཞན་ཡང་འདི་ནི་གཞི་འཁོར་བའི་ཆོས་ཇི་སྙེད་པ་དང༌། ལམ་གྱི་ཡེ་ཤེས་མཐའ་ཡས་པ་རྣམས་དང༌། འབྲས་བུ་གསར་ཐོབ་ཀྱི་ཆོས་འགའ་ཡང་བདེན་པར་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཆོས་སྐུ་ཁོ་ན་བདེན་པར་གནས་པ་ཡིན་ནོ། །དེ་ལྟར་ན་དོན་དམ་ཆོས་སྐུ་འབྲས་བུར་
འདོད་པ་མ་ཡིན་ནམ། འབྲས་བུའི་ཆོས་བདེན་པ་མེད་ཅེས་སྨྲ་བ་མི་རིགས་སོ་སྙམ་ན་ལམ་ཉམས་སུ་བླངས་པ་ལས་བྱུང་བའི་བསྐྱེད་འབྲས་ནི་གསར་ཐོབ་ཀྱི་ཆོས་རྣམས་འབའ་ཞིག་ཡིན་པས་འབྲས་བུ་དངོས་ནི་གསར་ཐོབ་ཀྱི་ཆོས་དེ་རྣམས་ཡིན་ལ། དོན་དམ་ཆོས་སྐུ་འབྲས་བུ་བཏགས་པ་ཙམ་ཡིན་པས་སོ། །བདུན་པ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཀུན་གྱི་གནད་ནི། དང་པོ་ཁྱད་གཞི་གང་དང་གང་ཡིན་པ་ཞིག་བཟུང་ནས། དེ་དང་དེའི་ངོ་བོ་ལ་འགལ་བ་འཚོལ་བ་དང༌། དེ་དང་དེའི་ཁྱད་པར་ལ་སོགས་འགལ་བ་འཚོལ་བར་བྱེད་པ་ཡིན་ཏེ། དཔེར་ན་བུམ་པའི་མཚན་ཉིད་དམ། ངོ་བོ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་ཞེས་བཞག་པ་ན། བུམ་པའི་ཁ་ཡང་ལྟཽ་བ་ལྡིར་བ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར་ཞེས་སོགས་དཔྱོད་པར་བྱེད་པ་དང༌། ཁྱད་པར་ལ་དཔྱོད་པ་ནི་གོང་དུ་བསྟན་པ་ལྟར་གྱི་མཐའ་བཞི་སྐྱེ་འགོག་སོགས་ཡིན་ནོ། །གཞན་ཡང་གཅིག་དང་ཐ་དད་དུ་དཔྱོད་པ་ནི་གཅིག་དུ་བྲལ་གྱི་རིགས་པ་ལྟ་བུ་ཡིན་ལ། རྒྱུ་མཚན་དེའི་ཕྱིར་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཐམས་ཅད་ཀྱིས་དཔྱོད་པའི་ཚུལ་དེ་ཐམས་ཅད་དེ་ལ་འདུས་པ་ཡིན་ནོ། །ཐལ་འགྱུར་བ་དང་རང་རྒྱུད་པའི་གཞུང་རྣམས་སུ་ཆོས་གང་དང་གང་ལ་ཡང༌། བདེན་པའི་ངོ་བོ་དེ་དང་དེར་གྲུབ་པ་མེད་དེ། ཡོད་ན་འདི་ལྟར་དུ་ཡོད་དགོས་པའི་ཕྱིར། ཞེས་སྨྲ་བའི་གསང་ཚིག་འདི་ནི་གང་དགོས་ཀུན་ལ་སྦྱོར་རོ། །འདི་ནི་རྣམ་པར་དཔྱད་ན་རིགས་པ་མ་ཡིན་པ་ཤིན་
ཏུ་མང་སྟེ། བྱ་བ་དང་བྱེད་པ་གཉིས་བདེན་པ་ནམ་ཡང་མི་སྲིད་ལ། ཅི་སྟེ་བདེན་པ་སྲིད་ན་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་མེད་པར་ཐ་དད་ཁོ་ནར་དགོས་ཞེས་སྨྲ་བ་ནི། ཤིན་ཏུ་མི་འཐད་དེ། དེ་ལྟར་ན་ཀ་བུམ་གཉིས་བདེན་པ་མི་སྲིད་ཅི་སྟེ་བདེན་ན་ལྟོས་མེད་ཐ་དད་ཁོ་ནར་དགོས་པའི་ཕྱིར། ཞེས་སྨྲ་ན། ཀ་བུམ་གཉིས་ཕན་ཚུན་གཅིག་ལ་གཅིག་མ་ལྟོས་པར། ཐ་དད་ཁོ་ནར་གནས་པ་ཡིན་པས། ལྟོས་མེད་ཐ་དད་ཁོ་ནར་གནས་ན་བདེན་པ་ཡིན་པའི་ཁྱབ་པ་མ་ངེས་པའི་ཚུལ་དེ་ལྟ་བུ་ཡིན་པས་སོ། །དེས་ན་འདི་ལྟར་བརྗོད་པ་ནི། དཔེར་ན། རི་བོང་གི་མགོ་ལ་རྭ་མེད་དེ། ཅི་སྟེ་ཡོད་ན་ནི་དཀར་པོ་ཁོ་ན་ཡོད་ཀྱི། གཞན་ཡོད་པ་མ་ཡིན་པའི་ཕྱིར། ཟེར་བ་དང་མཚུངས་སོ། །དེས་ན་རང་གཞན་གཉིས་ཀ་མི་འདོད་ཅིང༌། དངོས་པོའི་གནས་ལུགས་ལ་ཡང་མི་སྲིད་པ་དེ་འདྲ་བའི་མཚན་ཉིད་འཇིག་པ་བླུན་པོའི་ལུགས་ཡིན་པས་བརྟགས་དོན་འཚོལ་བྱེད་ཀྱི་རིགས་པ་ལྟར་སྣང་དེ་ལྟ་བུ་བོར་ནས། ཡང་དག་པའི་རིགས་པའི་ལམ་དུ་འཇུག་པར་བྱོས་ཤིགཅེས་བདག་མེད་གཉིས་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་དྲུག་པ་རྣམ་པར་བཤད་ཟིན་ཏོ།། །།[འདི་མན་ཆད་རབ་བྱེད་གཉིས་ཀྱི་འགྲེལ་བ། ཛ་འགོའི་དགེ་བཤེས་ཀྱི་གསུང་ཡིན།] ༈ བདུན་པ་བདེན་པ་གཉིས་ཀྱི་དོན་བཤད་པ་ལ། མཚམས་སྦྱོར་གྱི་ཚུལ་གྱིས་དགོས་པ་བཤད་པ་དང༌། བདེན་པ་གཉིས་ཀྱི་དོན་དངོས་གཏན་ལ་དབབ་
པ་དང༌། དེའི་འཕྲོས་དོན་བཤད་པ་དང་གསུམ་ལས། དང་པོ་ནི། རབ་བྱེད་དྲུག་པ་ཡན་ཆད་དུ་ཐོག་མ་བཅོམ་ལྡན་འདས་ཀྱི་དབུ་མའི་ལམ་མིག་འབྱེད་པ་ཞེས་གསུངས་པ་ལྟར། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་རང་བཞིན་ངོས་བཟུང་བ་དང༌། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང༌། བྱེ་བྲག་ཏུ་ཡང་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་ངོས་བཟུང་ཞིང༌། དེའི་མཚན་ཉིད་རྒྱས་པར་བཤད་པ་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་ལྟ་བུར་གྱུར་པ་རྣམ་པར་ཤེས་པ་ཚོགས་ བརྒྱད་གཏན་ལ་དབབ་པ་དང༌། ཆོས་ལྔ་དང༌། མཚན་ཉིད་གསུམ ་དང་རྒྱུ་རྐྱེན་རྟེན་འབྲེལ་གྱི་རྣམ་བཞག་ཞིབ་མོར་བཤད་པ་དང༌། སྣང་གྲགས་ཀུན་རྫོབ་ཀྱི་ཆོས་རྣམས་བདེན་མེད་དུ་རིགས་པས་སྒྲུབ་པར་བྱེད་པ་བདག་མེད་གཉིས་གཏན་ལ་དབབ་པ་སྟེ། དེ་ལྟར་དུ་བཤད་པའི་གྲུབ་དོན་གྱི་གཙོ་བོ་ནི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ལ་ངེས་ཤེས་ཡང་དག་པར་རྙེད་ནས་བསྒོམ་པར་བྱ་བའི་ཕྱིར་ཡིན་ལ། དེ་གཉིས་ལ་ངེས་ཤེས་རྙེད་པའི་ཚུལ་ཡང་ཀུན་རྫོབ་ཀྱི་ཆོས་རྣམས་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་པ་ལ་བརྟེན་ནས། དེ་དང་དེ་སྣང་ཙམ་དུ་ཇི་སྲིད་ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་དང་མ་བྲལ་བ་དེ་སྲིད་དུ་གསལ་བར་འཆར་བ་ལ་ངེས་པ་རྙེད་པར་འགྱུར་བ་དང། ཡང་ཀུན་རྫོབ་ཀྱི་ཆོས་དེ་རྣམས་རང་རང་གི་དངོས་པོ་སྟོང་ཞིང༌། རང་བཞིན་གྱིས་མ་གྲུབ་པར་ཤེས་པར་གྱུར་པ་སྟེ། དེ་གཉིས་ནི་ཀུན་རྫོབ་བདེན་པ་
ལ་ངེས་པ་རྙེད་པའི་ཚུལ་དང༌། དོན་དམ་བདེན་པ་ལ་ངེས་པ་རྙེད་པའི་ཚུལ་ནི། ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་རྟག་པ་རྣམ་པ་ཐམས་ཅད་པར་ཡོངས་སུ་ཤེས་པ་དང༌། དེ་ཉིད་ཀུན་རྫོབ་འདུས་བྱས་ཀྱི་ཆོས་རྣམས་ཀྱིས་ནམ་ཡང་མ་གོས་ཤིང༌། གདོད་མ་ནས་བྲལ་བར་ཤེས་པ་སྟེ། དེ་ཉིད་ནི་དོན་དམ་བདེན་པ་ལ་ངེས་པ་རྙེད་པའི་ཚུལ་ལོ། །དེ་ལྟར་བདེན་པ་གཉིས་ཀྱི་ལྡོག་ཆ་ནས་ཕན་ཚུན་ཀུན་རྫོབ་བདེན་པ་ཤེས་པས། སྤྱོད་པ་རྣམ་པར་དག་པར་འགྱུར་ཞིང་དྲང་བའི་དོན་ལ་བློ་གྲོས་མཆོག་ཐོབ་པར་འགྱུར་བ་དང༌། དོན་དམ་བདེན་པ་ཤེས་པས་ལྟ་བ་རྣམ་པར་དག་པར་འགྱུར་ཞིང༌། ངེས་པའི་དོན་གྱི་མདོ་སྡེ་རྣམས་ལ་བློ་གྲོས་མཆོག་ཐོབ་པར་འགྱུར་བ་ཡིན་ལ། བྱེ་བྲག་ཏུ་ན་ཀུན་རྫོབ་ཀྱི་ཆོས་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་པའི་རང་བཞིན་དུ་ཤེས་པས་སྤྱོད་པ་རྣམ་པར་དག་ཅིང་དྲང་དོན་གྱི་བློ་གྲོས་སྐྱེ་བ་དང༌། ཀུན་རྫོབ་ཀྱི་ཆོས་དེ་རྣམས་རང་བཞིན་གྱིས་མ་གྲུབ་པར་སྤྲོས་བྲལ་དུ་ཤེས་པས་ལྟ་བ་རྣམ་པར་དག་ཅིང༌། ངེས་དོན་གྱི་བློ་གྲོས་སྐྱཻ་བར་འགྱུར་བ་དང༌། ཡང་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་ལ་ཀུན་རྫོབ་འདུས་བྱས་ཀྱི་ཆོས་རྣམས་ཀྱིས་གདོད་མ་ནས་སྟོང་པ་ཡོངས་སུ་ཤེས་པས་ལྟ་བ་རྣམ་པར་དག་པ་དང༌། ཆོས་དབྱིངས་དེ་ཉིད་རྣམ་པ་ཐམས་ཅད་པར་ཡོངས་སུ་ཤེས་པ་དེ་མངོན་དུ་འགྱུར་བ་ལ་ཡང་ཐབས་སྣ་ཚོགས་རྣམ་པ་ཐམས་ཅད་པ་ཉམས་སུ་ལེན་དགོས་པ་རིགས་ནས་སྤྱོད་པ་རྣམ་པར་དག་པར་འགྱུར་བ་ཡིན་ནོ། །
ཡང་ཆོས་དབྱིངས་རྟག་པ་རྣམ་པ་ཐམས་ཅད་པར་ཡོངས་སུ་ཤེས་པས་ངེས་པའི་དོན་ལ་བློ་གྲོས་མཆོག་རྙེད་པར་འགྱུར་ཞིང༌། དེ་ཀུན་རྫོབ་འདུས་བྱས་ཀྱི་ཆོས་རྣམས་ཀྱིས་གདོད་མ་ནས་སྟོང་པར་ཡོངས་སུ་ཤེས་པས་དྲང་བའི་དོན་ལ་བློ་གྲོས་མཆོག་ཐོབ་པར་འགྱུར་རོ། །གཉིས་པ་བདེན་པ་གཉིས་ཀྱི་དོན་དངོས་གཏན་ལ་དབབ་པ་ལ། བདེན་གཉིས་ཀྱི་ངོ་བོ་བཤད་པ། བདེན་པ་གཉིས་ཀྱི་རང་བཞིན་སློབ་དཔོན་གཞན་དང་བདག་གི་ཚིག་སྤེལ་ནས་བཤད་པ་དང་གཉིས་སོ། །དང་པོ་ལ་མཚན་ཉིད། སོ་སོའི་དབྱེ་བ་བཤད་པ། དབྱེ་གཞི་ངོས་བཟུང་བ་དང༌། དབྱེ་བའི་དགོས་པ་བཤད་པ་དང༌། གཅིག་དང་ཐ་དད་བརྟགས་པ་དང་ལྔ་ལས། དང་པོ་མཚན་ཉིད་ནི། རང་གི་ངོ་བོ་བདེན་པས་སྟོང་ཞིང་རྣམ་ཤེས་འཁོར་བཅས་ཀྱི་སྤྱོད་ཡུལ་ནི་ཀུན་རྫོབ་བདེན་པ་ཙམ་གྱི་མཚན་ཉིད་ཡིན་ལ། འདིའི་ཙམ་སྒྲས་དོན་དམ་བདེན་པ་རྣམ་ཤེས་ཀྱི་ཡུལ་ཡིན་པར་གཅོད་པའོ། །ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ། བརྫུན་པ། བསླུ་བའི་ཆོས་རྣམས་དོན་གཅིག །མཚན་གཞི་ནི་འདུས་བྱས་ཀྱི་ཆོས་གཞན་དབང་དང༌། ཀུན་བཏགས་ལྟ་བུའོ། །རང་གི་ངོ་བོ་བདེན་པར་གྲུབ་ཅིང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་དོན་དམ་བདེན་པའི་མཚན་ཉིད་ཡིན་པར་འདོད་ལ། དོན་དམ་བདེན་པ། དེ་བཞིན་ཉིད། ཆོས་ཉིད། ཡང་དག་མཐའ། ཡོངས་གྲུབ་མི་བསླུ་བའི་ཆོས་རྣམས་
དོན་གཅིག །མཚན་གཞི་ནི། འདུས་མ་བྱས་ཡོངས་གྲུབ་བདེར་གཤེགས་སྙིང་པོ་ལྟ་བུའོ། །དེ་ལྟར་རྣམ་ཤེས་དང་ཡེ་ཤེས་ཀྱི་ཡུལ་སོ་སོར་ངེས་པ་ཡིན་ཏེ། རྒྱལ་ཚབ་ཆེན་པོ་བྱམས་པ་མགོན་པོས་ཀྱང༌། མདོ་སྡེ་རྒྱན་ལས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ། ཡང་དག་པའི་མཐའ་ཉིད་རྣམ་ཤེས་ཀྱིས་བསྒྲིབས་ནས། ཡང་དག་མ་ཡིན་པ་ཀུན་རྫོབ་ཀྱི་གཟུགས་སོགས་ཀུན་ཏུ་སྣང་བ་ཡིན་ལ། བྱང་སེམས་འཕགས་པ་རྣམས་ཀྱིས་རྣམ་ཤེས་ཀྱི་སྒྲིབ་གཡོག་དེ་བསལ་ནས། ཡང་དག་པའི་མཐའ་གནས་ལུགས་དེ་བཞིན་ཉིད་ནི་ཀུན་ཏུ་སྣང་བའོ། །གནས་ལུགས་ཀྱི་དོན་ལ་མེད་པའི་ཆོས་ཅན་ཀུན་རྫོབ་ཀྱི་རྣམ་པ་དང༌། གནས་ལུགས་ཀྱི་དོན་ལ་ཡོད་པའི་ཆོས་ཉིད་དོན་དམ་གྱི་རྣམ་པ་དག་གོ་རིམ་བཞིན་དུ་འཕགས་པའི་མཉམ་བཞག་ཡེ་ཤེས་ལ་མི་སྣང་བ་དང་སྣང་བ་ཉིད་ཡིན་པར་ཤེས་པར་བྱའོ། །འདི་ལ་གྲུབ་མཐའི་ཁྱད་ཀྱིས་འགྲེལ་ཚུལ་གཞན་དུ་ཡོད་པ་དང་བསྲེ་བར་མི་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་གནས་ལུགས་དོན་དམ་དེ་ཉིད་ཀུན་རྫོབ་ཏུ་སྣང་བ་མ་གཏོགས་དེ་ཉིད་གོ་ས་ཐ་དད་དུ་ཡོད་པ་མ་ཡིན་ཏེ། གནས་ལུགས་ལ་ནི་ཆོས་དབྱིངས་དོན་དམ་མ་གཏོགས་གཞན་གང་ཡང་མེད་མོད་ཀྱི། འཕགས་པའི་ཡེ་ཤེས་ཀྱིས་ནི་གནས་ཚུལ་དེ་དང་མཐུན་པར་ཁོ་ན་མཐོང་ལ། བྱིས་པ་རྣམས་ཀྱིས་ནི་ཆོས་དབྱིངས་ཡོད་པ་མི་མཐོང་ཞིང༌། མེད་པའི་ཆོས་ཀུན་རྫོབ་ཀྱི་ཆོས་སྣ་ཚོགས་མཐོང་བ་ཡིན་ཏེ། དཔེར་
ན་མཁྲིས་ནད་ཅན་གྱིས་དུང་ལ་བལྟས་པ་ན། དཀར་པོའི་ཤུལ་དུ་མེད་པའི་སེར་བོ་མཐོང་བ་བཞིན་ནོ། །གཉིས་པ་སོ་སོའི་དབྱེ་བ་བཤད་པ་ལ། ཀུན་རྫོབ་ཀྱི་དབྱེ་བ་བཤད་པ་དང༌། དོན་དམ་གྱི་དབྱེ་བ་བཤད་པ་གཉིས་ལས། དང་པོ་ཀུན་རྫོབ་བདེན་པ་ལ་དབྱེ་ན་ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས།དང་པོ་ཡང་དག་ཀུན་རྫོབ་ནི། ཐོག་མ་མེད་པ་ནས་བསགས་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་ལ། དངོས་སུ་རྣམ་པར་རྟོག་པས་བརྟགས་པ་ལ་མ་ལྟོས་ཤིང༌། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་གསལ་སྣང་ཅན་གྱི་ཤེས་པ་ལ། འཇིག་རྟེན་ན་བླང་དོར་བྱ་བའི་ཡུལ་དུ་མི་བསླུ་ཞིང་འོས་པ་ཉིད་དུ་ནི་སྣང་ཞིང༌། སྣང་བ་ལྟར་དོན་བྱེད་པ་སྟེ། མེས་སྲེག་པར་བྱེད་པ་དང༌། ཆུས་གཤེར་བར་བྱེད་པ་དང༌། མིག་གིས་གཟུགས་མཐོང་བ་དང༌། སྡིག་པས་དམྱལ་བར་འགྲོ་བ་དང༌། དགེ་བས་མཐོ་རིས་སུ་འགྲོ་བ་དང༌། བདག་མེད་བསྒོམས་པས་ཐར་བ་ཐོབ་པ་དང༌། ཚོགས་རྫོགས་པ་ལས་སངས་རྒྱས་འབྱུང་བ་ལ་སོགས་པ་སྟེ། དེ་ལྟ་བུའི་དངོས་པོ་དང་བྱ་བྱེད་དང༌། རྒྱུ་འབྲས་དེ་དག་དོན་དམ་པར་མ་གྲུབ་ཀྱང༌། འཇིག་རྟེན་ན་བླང་དོར་བྱ་བའི་གནས་སུ་མ་འཁྲུལ་བར་འབྱུང་བས་ན། ཡང་དག་ཀུན་རྫོབ་ཅེས་བྱ་བར་རྒྱ་བོད་ཀྱི་མཁས་པ་རྣམས་འདོད་དོ། །གཉིས་པ་ལོག་པའི་ཀུན་རྫོབ་ནི། སྤྱིར་ན་རྣམ་པར་རྟོག་པས་སྒྲོ་བཏགས་པའི་བཏགས་ཆ་ཐམས་ཅད་དེ་བརྗོད་པ་སྒྲ་དང་རྣམ་པར་རྟོག་
པའི་དངོས་ཀྱི་ཡུལ་དུ་གྱུར་པའི་སྐྱེ་འགག་དང༌། ཆེ་ཆུང་མཐའ་དབུས་བཟང་ངན་ལ་སོགས་པའི་ཀུན་བཏགས་རྣམས་ནི་སྒྲ་རྟོག་གིས་བཏགས་པ་ལ་ལྟོས་ན་བླཽ་ཕྱིན་ཅི་ལོག་གི་ཡུལ་ཡིན་པས་ན་ལོག་པའི་ཀུན་རྫོབ་ཡིན་པ་དང༌། ཁྱད་པར་དུ་འཕྲལ་གྱི་འཁྲུལ་རྒྱུས་དབང་པོ་བསླད་པ་ལས་བྱུང་བ་རྨི་ལམ་དང་སྒྱུ་མའི་རྟ་གླང་ལྟ་བུ་དང༌། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང༌། ཟླ་གཉིས་སོགས་ཀྱི་སྣང་བ་གང་ཡིན་པ་རྣམས་དང༌། གཞན་ཡང་གྲངས་ཅན་པ་སོགས་གྲུབ་མཐའ་ལོག་པའི་དཔེ་དང་གཏན་ཚིགས་སོགས་ཀྱིས་ཡིད་བསླད་པ་ལ་བརྟེན་ནས། གཙོ་བོ་དང། བདག་དང༌། དབང་ཕྱུག་ལ་སོགས་པར་འཛིན་པའི་རྣམ་རྟོག་གིས། དེ་དང་དེར་བཏགས་པའི་བཏགས་ཆ་གཙོ་བོ་ལ་སོགས་པའི་དོན་སྤྱི་རྣམས་ནི་ལོག་པའི་ཀུན་རྫོབ་ཉིད་དུ་ངེས་པར་བརྗོད་དོ། །འདི་དག་ལ་ཡང་དེ་དང་དེར་སྣང་ཙམ་གྱི་ཆ་དང༌། དེར་སྣང་བ་ལ་ཕྱིན་ཅི་ལོག་ཏུ་བཏགས་པའི་ཆ་དེ་དང་གཉིས་གཉིས་ཡོད་པ་ལས། སྤྱིར་གཉིས་ཀ་ལོག་པའི་ཀུན་རྫོབ་ཡིན་ཡང༌། ཕྱི་མ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་ཆ་དེ་ཉིད་ལོག་པའི་ཀུན་རྫོབ་ཉིད་དུ་གཙོ་བོ་འཇོག་པ་ཡིན་ཏེ། དབུ་མ་འཇུག་པ་ལས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱི་བདག་ཉིད་ཇི་བཞིན་བརྟགས་པ་དང༌། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་པའི་ཕྱིར་རོ། །ཡང་ཀུན་རྫོབ་དེ་ལ་འཇིག་རྟེན་པའི་
ཡང་དག་པའི་ཀུན་རྫོབ་དང༌། རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་གཉིས་ཡོད་པ་ལས། དེ་ཡང་རིགས་པས་མ་བརྟགས་མ་དཔྱད་པའི་ཚེ་ན་ཕྱི་གཟུགས་སོགས་དང་ནང་དབང་པོ་སོགས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་ཡིན་ལ། སྣང་བ་ལྟར་དོན་བྱེད་ནུས་པ་རྣམས་ནི་འཇིག་རྟེན་པའི་ཡང་དག་ཀུན་རྫོབ་དང༌། དེ་དག་གི་སྣང་གཞིར་གྱུར་པའི་གཞན་དབང་རྣམ་པར་རིག་པ་ཙམ་ནི་རྣལ་འབྱོར་བའི་ཡང་དག་ཀུན་རྫོབ་ཡིན་ཏེ། རྣལ་འབྱོར་བ་རྣམས་ཀྱིས་འཁོར་བར་འཇུག་པའི་གཞི་དང༌། ལམ་བསྒོམས་ཏེ་ལྡོག་པར་བྱ་བ་གཞན་དབང་འདི་ཉིད་ཡིན་པའི་ཡང་དག་ཀུན་རྫོབ་ཅེས་བྱ་བའོ། །ཀུན་རྫོབ་དེ་དག་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་གཅིག་དུ་བྲལ་སོགས་ཀྱིས་བདེན་མེད་དུ་བསྒྲུབས་པས་ན་རིགས་པའི་སྒྲུབ་བྱེད་འཇུག་ཅིང་བདེན་མེད་དུ་གཏན་ལ་འབེབས་ནུས་མོད་དེ། འོན་ཀྱང་མེས་བསྲེག་པའི་བྱ་བ་བྱེད་པ་སོགས་དང༌། ལས་རྒྱུ་འབྲས་ལ་སོགས་པའི་བླང་དོར་གྱི་གནས་འཇོག་པ་ན། འཇིག་རྟེན་པའི་བླཽ་རང་དགའ་བ་ལ་གསལ་བར་སྣང་བ་ལྟར་མ་བརྟགས་མ་དཔྱད་པའི་ངོར་འཇོག་དགོས་པ་ཡིན་གྱི། རིགས་པས་དཔྱད་པའི་ཚེ་ན་ཀུན་རྫོབ་དེ་རྣམས་དོན་དམ་པར་གྲུབ་པར་མ་ཟད། ཀུན་རྫོབ་ཙམ་དུ་ཡང་རྫས་སུ་མེད་པས་སོ། །གཞན་གཟུགས་སོགས་དེ་དག་སྣང་བའི་སེམས་དེ་ནི་རྣལ་འབྱོར་བའི་བླང་དོར་གྱི་གནས་སུ་ཀུན་རྫོབ་ཙམ་དུ་རྫས་སུ་ཡོད་ཀྱང༌། དེ་ཡང་དཔྱད་ངོ་ཁོ་ནར་འཇོག་པར་མིན་ཏེ། རིགས་པས་དཔྱད་བཟོད་པའི་ཀུན་རྫོབ་ཀྱི་
ཆོས་ཤིག་གཏན་ནས་མི་སྲིད་པའི་ཕྱིར་རོ། །དེས་ན་གཞན་དབང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་སྒྲུབ་ཀྱང༌། དེས་དོན་དམ་དུ་སྒྲུབ་ནུས་པ་མ་ཡིན་ཏེ། དཔེར་ན་དོན་དམ་ཆོས་ཀྱི་དབྱིངས་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་སྒྲུབ་ཀྱང༌། དེས་དེ་ཉིད་དོན་དམ་པར་བསྒྲུབས་ནུས་པ་མིན་པ་བཞིན་ནོ། །དེ་ཡང་དོན་དམ་ནི་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་བསྒྲུབ་མི་ནུས་ཏེ། དེ་ནི་དགག་སྒྲུབ་དང་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །ཅིའི་ཕྱིར་ཀུན་རྫོབ་དང༌། དོན་དམ་བདེན་པ་ཞེས་བྱ་ཞེ་ན། དེ་གཉིས་སྒྲ་དོན་སོ་སོར་ཡོད་དེ། ཀུན་རྫོབ་ཀྱི་སྐད་དོད་སཾ་པྲི་ཏ་ཞེས་པའི་སྒྲ་ལས་དྲངས་ན། སཾ་ཞེས་པ་ནི་ཡང་དག་པའོ། །དེ་ཡང་གང་ཞེ་ན། དོན་དམ་པའི་བདེན་པའོ། །པྲི་ཏ་ནི་སྒྲིབ་པར་བྱེད་པའོ། །དེ་གང་ཞེ་ན། མ་རིག་པའོ། །ཡང་ན་སཾ་ནི་ཀུན་ནས་ཀྱི་དོན་དང༌། པྲི་ཏ་ནི་བསླུ་བ་དང༌། བརྫུན་པ་དང༌། སྒྲིབ་པའི་དོན་ཡིན་པས། ཀུན་ནས་བརྫུན་པའོ། །དེས་ན་ཡང་དག་པའི་དོན་དེ་བཞིན་ཉིད་ལ་མ་རིག་པ་རྣམ་ཤེས་ཀྱིས་སྒྲིབ་པའི་ཕྱིར་ན་ཀུན་རྫོབ་དང༌། དོན་དམ་གྱི་སྐད་དོད་ནི་པཱ་ར་མ་ཨརྠ་ཞེས་བྱ་བའི་སྒྲ་ལས་དྲངས་ན། པཱ་ར་མ་ནི་རབ་དང༌། མཆོག་དང་དམ་པ་སྟེ་མི་རྟོག་ཡེ་ཤེས་སོ། ཨརྠ་ནི་དོན་ཏེ། དེ་ཡང་ངེས་པ་དང་རྟོགས་པ་དང༌། ཁོང་དུ་ཆུད་པ་ལ་བྱེད་དོ། །དེས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་མཆོག་གིས་རྟོག་པར་བྱ་བའི་
ཆོས་ཡིན་པའི་ཕྱིར་ན་དོན་དམ་མོ། །བདེན་པ་ཞེས་པ་ནི། ཀུན་རྫོབ་བདེན་པ་ནི། ཀུན་རྫོབ་རྣམ་ཤེས་ཀྱི་ངོར་ཁོ་ནར་བདེན་པས་ན་ཀུན་རྫོབ་བདེན་པ་དང༌། དོན་དམ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོར་ཁོ་ནར་བདེན་པས་ན་དོན་དམ་བདེན་པ་ཞེས་བྱ་སྟེ། རྣམ་ཤེས་དང་ཡེ་ཤེས་ཀྱི་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །གཞན་ཡང་ཀུན་བཏགས་ནི་རྟོག་པའི་ཞེན་ངོར་ཤར་བ་ཙམ་མ་གཏོགས། ཀུན་རྫོབ་ཏུའང་རྫས་སུ་མེད་པའི་ཕྱིར་[ནང་རྟོག་པའི་བློའི་]ཞེན་ངོར་བདེན་པ་ཡིན་པ་དང༌། གཞན་དབང་ནི་རྣམ་ཤེས་ལ་སྣང་ཞིང་ཀུན་རྫོབ་ཙམ་དུ་རྫས་སུ་ཡོད་པས་ན། སྣང་ངོར་བདེན་པ་སྟེ། དེ་གཉིས་ཀ་ཀུན་རྫོབ་ཏུ་འདོད་པ་ཡིན་ཏེ། དང་པོ་ནི་ཀུན་རྫོབ་ཙམ་དང༌། གཉིས་པ་ནི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། རྣམ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །སྤྱིར་ན་གོང་དུ་བསྟན་པའི་ཀུན་རྫོབ་རྣམས་ནི་བརྫུན་པ་ཉིད་ཡིན་ཏེ་འདུས་བྱས་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །སྤྱིར་གཞན་ལུགས་ལ། ཀུན་རྫོབ་ལ་འདུས་བྱས་ཀྱིས་མ་ཁྱབ་ཀྱང༌། འདིར་དངོས་པོ་དང་དངོས་མེད་ཐམས་ཅད་འདུས་བྱས་སུ་འདོད་པ་དང༌། དོན་དམ་ཆོས་ཉིད་ནི་དངོས་པོ་དང་དངོས་མེད་གཉིས་ལས་འདས་པའི་འདུས་མ་བྱས་སུ་འདོད་པ་ཡིན་པར་ནི་ཤེས་པར་བྱ་དགོས་སོ། །དེ་ལྟར་ཡུལ་བདེན་པ་
གཉིས་སོ་སོར་ཡོད་པ་བཞིན་དུ། ཡུལ་ཅན་བདེན་པ་གཉིས་ཀྱང་སོ་སོར་ཡོད་པ་ཡིན་ཏེ། ཀུན་རྫོབ་ཀྱི་ཡུལ་ཅན་ནི་གཙོ་བོའི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་ཡིན་ལ། དོན་དམ་བདེན་པའི་ཡུལ་ཅན་ནི་ཐེག་ཆེན་འཕགས་པའི་མཉམ་བཞག་སོ་སོར་རང་རིག་པའི་ཡེ་ཤེས་ཁོ་ན་ཡིན་ཏེ། གཞན་རྣམ་ཤེས་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་བདག་མེད་སོགས་ཡིད་ལ་བྱེད་པའི་ལམ་རྣམས་ནི་མཐར་གནས་ལུགས་དོན་དམ་པའི་ཡེ་ཤེས་ཐོབ་བྱེད་ཀྱི་ཐབས་སུ་འགྱུར་བས་ཡུལ་ཅན་དོན་དམ་བདེན་པ་དངོས་དང༌། རྗེས་སུ་མཐུན་པར་འཇུག་པའི་ལམ་ཙམ་ནི་ཡིན་གྱི། [དེ་དག་ནི་འཛིན་སྟངས་དམིགས་པ་ཅན་ཡིན་པས་]དོན་དམ་རྟོགས་བྱེད་ཀྱི་ལམ་དངོས་[གཉིས་མེད་ཡེ་ཤེས་འོད་གསལ་]ནི་མ་ཡིན་ནོ། །དོན་དམ་རྟོགས་བྱེད་དངོས་ནི། དོན་དམ་དབྱིངས་རང་གིས་རང་རིག་པ་ཡིན་ཏེ། དེ་ལ་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་ཡུལ་ཡུལ་ཅན་གྱི་དབྱེ་བ་ཡོད་ཕྱིན་རང་དུ་མི་འགྲུབ་མོད་ཀྱང༌། དོན་དམ་དབྱིངས་ཏེ་ཡུལ་དང་ཡུལ་ཅན་ལྟོས་ས་ལྟོས་འཇོག་ལས་གྲོལ་བས་རང་དུ་གྲུབ་ཅིང༌། [དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་]ཟག་མེད་ཀྱི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར་རིག་པར་ཡང་གྲུབ་བོ། །ཀུན་རྫོབ་ལ་ཡང་གཞལ་བྱ་ལྐོག་གྱུར་དང༌། མངོན་གྱུར་གྱི་དབྱེ་བས། ལྐོག་གྱུར་ཡུལ་དུ་བྱེད་པའི་བློ་རྗེས་དཔག་
རིགས་ཤེས་སྟེ་རྗེས་དཔག་ཚད་མ་དང༌། མངོན་གྱུར་ཡུལ་དུ་བྱེད་པའི་བླཽ་དབང་པོའི་མངོན་སུམ་རྣམས་དང༌། ཡིད་ཤེས་མངོན་སུམ་དང་གཞན་ཡིད་ཤེས་རྟོག་བཅས་སོགས་ཀུན་རྫཽབ་འཇལ་བྱེད་ཀྱི་བློ་དུ་མ་ཡོད་དོ། །དེ་དག་གི་མཚན་ཉིད་སོགས་གཞན་ལས་ཤེས་པར་བྱ་ལ་འདིར་ཡི་གེས་འཇིགས་ནས་མ་བྲིས་སོ། །དེས་ན་དོན་དམ་ཆོས་ཀྱི་དབྱིངས་རྟོགས་བྱེད་དངོས་ནི་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཁོ་ན་ཡིན་ལ། འོན་ཀྱང་དོན་དམ་པའི་དབྱིངས་དེ་བཞིན་ཉིད་ལ་དམིགས་ནས། དེའི་དོན་གྱི་སྤྱིའི་ཚུལ་དུ་འཇལ་བའི་རིགས་ཤེས་རྗེས་དཔག་སོགས་ནི་ཡོད་དེ། དེ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་བྱང་སེམས་ཚོགས་སྦྱོར་བའི་རྒྱུད་ཀྱི་རིགས་ཤེས་ཡོད་པའི་ཕྱིར་རོ། །དེས་ན་དེ་དག་གིས་དོན་དམ་དངོས་ཡུལ་དུ་བྱེད་མི་ནུས་ཏེ། རྣམ་ཤེས་དང་རྣམ་རྟོག་གི་ཡུལ་མིན་པའི་ཕྱིར་རོ། །རང་རིག་ལ་ཡང་ཀུན་རྫོབ་ཡུལ་དུ་བྱེད་པའི་རང་རིག་དང༌། དོན་དམ་ཡུལ་དུ་བྱེད་པའི་རང་རིག་གཉིས་སུ་འབྱེད་པ་ཡིན་ཏེ། དེ་ཡང་རིག་བྱེད་གཞན་ལ་མི་ལྟོས་པར་རང་ཉིད་རིག་པའི་ངོར་སྐྱེས་ཙམ་ལ་རང་རིག་ཏུ་བྱེད་པ་དང༌། ཡུལ་གྱི་གཟུང་རྣམ་ཉམས་སུ་མྱོང་བ་ལ་རང་རིག་ཏུ་བཤད་པ་དང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རང་རིག་རང་གསལ་ལ་རང་རིག་ཏུ་བཤད་པ་དང་གསུམ་ཡོད་པ་ལས། དེའི་དང་པོ་གཉིས་ཀུན་རྫཽབ་རང་རིག་དང༌། ཕྱྀ་མ་ནི་དོན་དམ་པའི་རང་རིག་ཡིན་ནོ། །
ཡང་ན་ཀུན་རྫོབ་བདེན་པ་ལ་དབྱེ་སྒོ་གཞན་ཡང་ཡོད་དེ། འཇིག་རྟེན་གྲགས་ངོར་ཡང་དག་ཀུན་རྫོབ་བདེན་པ་དང༌། ལོག་པའི་ཀུན་རྫོབ་བདེན་པ་གཉིས་ཡོད་ལ། དེ་ཡང་འཇིག་རྟེན་ན་ཡུལ་ཕྱིན་ཅི་མ་ལོག་པར་གྲགས་པའི་ཆོས་རྣམས་ནི་ཡང་དག་ཀུན་རྫོབ་སྟེ། མཚན་གཞི་ནི། ཆུ་དང༌། གཟུགས་སྒྲ་སོགས་དང༌། ཟླ་གཅིག་རྣམས་སོ། །འཇིག་རྟེན་ན་ཡུལ་ཕྱིན་ཅི་ལོག་པར་གྲགས་པའི་ཆོས་རྣམས་ནི་ལོག་པའི་ཀུན་རྫོབ་སྟེ། སྨིག་རྒྱུའི་ཆུ་དང༌། གཟུགས་བརྙན་དང༌། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང༌། ཟླ་གཉིས་རྣམས་སོ། །དབུ་མ་རང་ལུགས་ལ་ནི་ཀུན་རྫཽབ་ཙམ་དང༌། ཀུན་རྫོབ་བདེན་པ་གཉིས་སུ་དབྱེར་ཡོད་དེ། དང་པོ་ཀུན་བཏགས་དང༌། ཕྱི་མ་ནི་གཞན་དབང་གཉིས་ལ་རིམ་པ་བཞིན་དུ་སྦྱར་རོ། །ཡང་ན་ཀུན་རྫོབ་ལ་ཡང་རང་གི་སྟེ་ཀུན་རྫོབ་ཀྱི་ཀུན་རྫོབ་དང༌། ཀུན་རྫོབ་ཀྱི་དོན་དམ་གཉིས་སུ་དབྱེར་ཡོད་པ་ཡིན་ཏེ། དང་པོ་ནི་གཟུང་འཛིན་གཉིས་སུ་སྣང་བའི་ཆ་དང༌། ཕྱི་མ་ནི་གཟུང་འཛིན་གཉིས་དང་བྲལ་བའི་རྣམ་ཤེས་གསལ་རིག་ཙམ་དེ་ཡིན་ནོ། །དེ་ཡང་གསལ་རིག་ཙམ་དེ་ལ་གཟུང་འཛིན་གཉིས་ཀྱི་གདོད་ནས་མ་གོས་པའི་ཆ་དེ་དོན་དམ་བདེན་པར་བཞག་པ་ཡིན་པས། དེ་ནི་གཞན་དབང་ལས་མ་འདས་པའི་ཀུན་རྫོབ་ཀྱི་དོན་དམ་དུ་བཞག་པའོ། །གཉིས་པ་དོན་དམ་གྱི་དབྱེ་བ་བཤད་པ་ལ། དོན་དམ་བདེན་པ་དངོས་ལ་ངོ་བོའི་སྒོ་ནས་དབྱེ་
བ་མེད་ཀྱང༌། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྣམ་གྲངས་པའི་དོན་དམ་དང༌། ཁྱབ་པའི་དོན་དམ་[སྙིང་པོ་ཡེ་ཤེས་]གཉིས་སོ། །དང་པོ་ནི། ཀུན་རྫོབ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའམ་བདེན་པར་མེད་ཙམ་ནི་རྣམ་གྲངས་པའི་དོན་དམ་དང༌། གཞན་ལམ་བདེན་སོགས་སྒྲུབ་པ་དོན་དམ་རྣམས་དང༌། མི་རྟག་སྡུག་བསྔལ་སྟོང་བདག་མེད་ལ་སོགས་པ་དང༌། དེ་ལ་དམིགས་པའི་ཕྱིན་ཅི་མ་ལོག་པའི་ཤེས་པ་རྣམས། དོན་དམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་ཐབས་སུ་འགྱུར་བའི་ཕྱིར། རྗེས་སུ་མཐུན་པའི་དོན་དམ་དང༌། རྣམ་གྲངས་པའི་དོན་དམ་ཡིན་ནོ། །འདིའི་རང་བཞིན་མེད་ཙམ་ཞེས་པའི་ཙམ་སྒྲས། རྣམ་བཅད་དགག་བྱ་རང་བཞིན་གྱིས་གྲུབ་པ་བཅད་ཤུལ་དུ་ཡོངས་གཅོད་ལ་སྒྲུབ་རྒྱུའི་ཆོས་གཞན་ཡོད་པ་བཅད་པ་ཡིན་ནོ། །གཞན་སྤྲོས་བྲལ་ཙམ་དང༌། སྟོང་པ་ཙམ་པོ་ཡང་ཀུན་རྫོབ་ཀྱི་ཆོས་རྣམས་རང་བཞིན་མེད་པ་ཙམ་དེ་ཡིན་ཏེ། དེ་རྣམས་ངོ་བོ་གཅིག་ལ་ལྡོག་ཆས་ཕྱེ་བ་ཙམ་ཡིན་པའི་ཕྱིར་རོ། །ཙམ་སྒྲས་ཕྱི་མ་གཉིས་ཀྱིས་བདེན་གྲུབ་ཀྱི་སྤྲོས་པ་དང་བྲལ་ཙམ་ལས་སྤྲོས་བྲལ་དངོས་[གཅོད་པ་]དང་ང་བཞིན་གྱིས་གྲུབ་པའི་སྟོང་ཉིད་ཙམ་ལས། སྟོང་པ་ཉིད་དངོས་ཡིན་པ་བཅད་པ་ཡིན་པར་ཤེས་པར་བྱ་དགོས་སོ། །རང་བཞིན་གྱིས་མེད་པ་དང་བདེན་མེད་སོགས་ཀྱི་དོན་ཇི་ལྟ་བ་བཞིན་མ་གོ་ན་བདེན་མེད་ཅེས་པ་སྒྲ་སྤྱིའམ་
ཚིག་སྤྱི་ཙམ་དུ་འགྲོ་བས་བདེན་མེད་ཀྱི་དོན་ཇི་བཞིན་ངེས་རྒྱུ་གལ་ཆེ་བས། དེ་ཡང་སྣང་གྲགས་ཀྱིས་བསྡུས་པའི་ཆོས་རྣམས་རང་གི་[བདག་ཉིད་དམ་]ངོ་བོས་གྲུབ་པ་ཞིག་ཡོད་ན་གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་པ་ཞིག་དགོས་པ་ལས། དེ་ལྟ་བུ་གྲུབ་པ་ཡེ་མི་སྲིད་པའི་ཕྱིར། ཕྱི་ནང་གི་ཆོས་གང་གི་སྟེང་ན་ཡང་དེ་འདྲ་གྲུབ་པ་མེད་པས་ན་རང་བཞིན་གྱིས་མ་གྲུབ་པ་ཞེས་བྱ་ལ། ཅི་སྟེ་རང་གི་ངོ་བོ་ཡོད་པར་གྱུར་ན། སྣང་བ་དང་མཐུན་པར་ཡོད་དགོས་ཏེ། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་སྣང་ན་གལ་ཏེ་སྦྲུལ་དུ་སྣང་བ་དེ་རང་གི་ངོ་བོས་ཡོད་ན་ནི། སྣང་བ་དང་མཐུན་པར་སྦྲུལ་གྱི་མཚན་ཉིད་དུ་ཡོད་དགོས་པ་ལས། སྦྲུལ་དུ་སྣང་བ་དེ་ངོ་བོས་མ་གྲུབ་པ་ཡིན་ནོ། །སྦྲུལ་དུ་སྣང་ཡང་དེར་མ་གྲུབ་ཕྱིན། དེར་རྟ་གླང་སོགས་གཞན་དུ་ནི་སྣང་ཡང་མི་སྣང་ན། རང་གི་ངོས་ནས་གྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་པ་བཞིན་དུ་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོར་མ་གྲུབ་ན། གཞན་གྱི་ངོ་བོར་ག་ལ་གྲུབ་སྟེ་མ་གྲུབ་པ་ཡིན་ནོ། །གཞན་ཡང་གཅིག་དུ་བྲལ་སོགས་ཀྱི་རིགས་པ་ཡང་དག་ལ་བརྟེན་ནས་ཕུང་པོ་སོགས་ཀྱི་ཆོས་རྣམས་བདེན་པར་མེད་པའི་དོན་ཇི་ལྟ་བ་བཞིན་གོ་ཞིང་ངེས་པའི་རིག་ཤེས་རྗེས་དཔག་རང་རྒྱུད་ལ་སྐྱེས་པ་ན། མཉམ་གཞག་གི་ཚེ་ནའང་དེ་བདེན་མེད་དུ་ཞེན་པ་སོགས་མཚན་འཛིན་གྱི་སྤྲོས་པ་མངོན་གྱུར་པ་མི་འཆར་བས་སོ། །དེ་ཡང་བྱང་སེམས་
དབང་རྣོན་རྣམས་ཀྱི་དབང་དུ་བྱས་ཀྱི། བྱང་སེམས་བློ་གྲོས་དམན་པ་འགའ་ཞིག་གིས་མཚན་འཛིན་གྱི་སྤྲོས་པ་གཅོད་པའི་དོན་དུ་མཉམ་གཞག་གི་ཚེ་ན་ཡང་བདེན་མེད་དུ་ཞེན་པའི་མཚན་འཛིན་གྱིས་སྤྲོས་པ་དང༌། སོགས་སྒྲས་བསྡུས་པ་སྤྲོས་བྲལ་ལོ་སྙམ་པ་དང༌། སྟོང་ཉིད་དོ་སྙམ་དུ་འཛིན་པ་རྣམས་ཡུལ་ཅན་གྱི་ངོས་ནས་མཚན་འཛིན་དེ་དག་སོ་སོར་འགོག་དགོས་མོད་ཀྱང༌། ཡུལ་གྱིས་སམ། ངོ་བོའི་སྒོ་ནས་བདེན་མེད་དང་སྤྲོས་བྲལ་དང་སྟོང་པ་ཙམ་ལ་དབྱེ་བ་མེད་དོ། །གཉིས་པ་ཁྱབ་པའི་དོན་དམ་བདེན་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་གདོད་མ་ནས་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་དག་པ་དང་མ་དག་པའི་ཆོས་ཀུན་ལ་ཉེ་རིང་མེད་པར་ཁྱབ་པའི་དོན་དམ་བདེ་བར་གཤེགས་པའི་སྙིང་པོ་བདག་ཉིད་ཟག་མེད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་དེ་ཡིན་པས་སོ། །ཡང་ན་དོན་དམ་བདེན་པ་དེ་ཉིད་ལ་དོན་དམ་གྱི་ཀུན་རྫོབ་དང༌། དོན་དམ་གྱི་དོན་དམ་བདེན་པ་གཉིས་སུ་དབྱེར་ཡོད་དེ། དང་པོ་ནི། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ལ་གཟུང་འཛིན་གཉིས་དང་བྲལ་བ་ཙམ་གྱི་ལྡོག་ཆ་ནས་དོན་དམ་གྱི་ཀུན་རྫོབ་བདེན་པ་དང༌། དགག་བྱ་དེས་སྟོང་པའི་སྟོང་གཞི་གཉིས་མེད་ཀྱི་ཡེ་ཤེས་རང་རིག་རང་གསལ་ཙམ་གྱི་ལྡོག་ཆ་ནས་དོན་དམ་གྱི་དོན་དམ་བདེན་པ་སྟེ། དེ་གཉིས་ལྡོག་ཆས་དབྱེ་བ་ཙམ་ཡིན་གྱི། ངོ་བོའི་སྒོ་ནས་ནི་གཟུང་འཛིན་གཉིས་མེད་
པ་དང༌། གཉིས་མེད་ཀྱི་ཡེ་ཤེས་ཡོད་པ་ནི་གཅིག་ཁོ་ནར་འགྱུར་གྱི་གཉིས་སུ་མི་འགྱུར་ཏེ། དཔེར་ན་གསེར་བུམ་ལྟ་བུ་ཞིག་བུམ་པའི་ངོར་ཡོད་པ་དང༌། ཀ་བའི་ངོར་མེད་པ་གཉིས་གནས་ལུགས་སོ་སོ་བ་མ་ཡིན་པ་བཞིན་ནོ། །གསུམ་པ་དབྱེ་གཞི་ལ། སྣང་ཙམ་བདེན་པ་གཉིས་ཀྱི་དབྱེ་གཞིར་འདོད་པ་དང༌། རྟེན་འབྲེལ་བདེན་གཉིས་ཀྱི་དབྱེ་གཞིར་འདོད་པ་དང༌། སྒྲོ་མ་བཏགས་པའི་ཡུལ་དང༌། བདེན་པ་དབྱེ་གཞིར་འདོད་པ་སོགས་འདོད་ཚུལ་སྣ་ཚོགས་ཡོད་ཀྱང༌། རང་ལུགས་ལ་སྲིད་ཚད་ཀྱི་ཤེས་བྱ་ཙམ་དེ་བདེན་པ་གཉིས་ཀྱི་དབྱེ་གཞི་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང༌། དོན་དམ་པའི་བདེན་པ་འདིར་ཟད་དོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་དབྱེ་བའི་དགོས་པ་བཤད་པ་ནི། སྤྱིར་ཤེས་བྱ་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་བློ་གཉིས་སུ་འབྱེད་པ་དང༌། རྣམ་ཤེས་ཀྱིས་ཀུན་རྫོབ་ཀྱི་ཆོས་རྣམས་གཞན་རིག་གི་ཚུལ་དུ་རྟོགས་པ་དང༌། ཡེ་ཤེས་ཀྱིས་ནི་དོན་དམ་པའི་ཆོས་རྣམས་རང་གིས་རང་རིག་པའི་ཚུལ་དུ་རྟོགས་པ་སྟེ། དེ་ལྟར་རྟོགས་ཚུལ་གཉིས་སུ་འབྱེད་པ་དང༌། རྟོག་གེ་ཅན་གྱི་སྤྱོད་ཡུལ་ཟག་བཅས་འཁོར་བ་དང༌། རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་ཟག་མེད་མྱང་འདས་གཉིས་དང༌། དེ་གཉིས་སྤྱོད་ཡུལ་དུ་བྱེད་པ་སོ་སོ་སྐྱེ་བོ་དང༌། འཕགས་པ་གཉིས་ཀྱི་རྒྱལ་ཁམས་སོ་སོར་ཡོད་པའི་
ཕྱིར། བདེན་པ་ལའང་གཉིས་སུ་ཕྱེ་བ་འདི་ནི་དགོས་པ་དེ་དག་གི་དབང་གིས་དབྱེ་བ་ཡིན་གྱི། གཞན་སྣང་བ་གང་ཡིན་ཀུན་རྫོབ་དང༌། སྟོང་པ་གང་ཡིན་དོན་དམ་དུ་འདོད་པ་དང༌། སྣང་སྟོང་དེ་གཉིས་ངོ་བོར་དབྱེར་མེད་པས། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་ཆ་ཐ་དད་དུ་འདོད་པ་རྣམས་དང་འདི་མི་འདྲའོ། །གཞན་དེ་ལྟ་བུའི་རྒྱལ་ཁམས་སོ་སོར་མི་འབྱེད་པར་དོན་དམ་ཡེ་ཤེས་ཀྱི་ངོར་ཁོ་ནའི་དབང་དུ་བྱས་ན་ནི་དོན་དམ་པའི་བདེན་པ་གཅིག་པུ་དེ་ཉིད་ལས་གཞན་དུ་མེད་དེ། དོན་དམ་པར་ཀུན་རྫོབ་ཀྱི་ཆོས་རྣམས་གཏན་ནས་མེད་པའི་ཕྱིར་རོ། །ལྔ་པ་གཅིག་དང་ཐ་དད་བརྟགས་པ་ལ། སྤྱིར་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང༌། ངོ་བོ་གཅིག་དང་ངོ་བོ་ཐ་དད་གང་དུ་ཡང་བརྗོད་དུ་མེད་པར་འདོད་པ་དང་གཉིས་ཡོད་པ་ལས། འདིར་ཕྱི་མ་ལྟར་ཡིན་ལ། བདེན་པ་གཉིས་པོ་འདི་དག་ནི་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། ངོ་བོའི་སྒོ་ནས་གཅིག་དང་ཐ་དད་གང་ཡང་མིན་པའི་ཕྱིར་དང༌། རང་ལུགས་ལ་དོན་དམ་གྱི་ངོ་བོར་གྲུབ་ཀྱང་ཀུན་རྫོབ་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ངོ་བོ་གཅིག་ཏུ་འདོད་ན་དགོངས་འགྲེལ་ལས་བཤད་པའི་སྐྱོན་བཞི་ཡོད་དེ། བདེན་གཉིས་ངོ་བོ་གཅིག་ན་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ཀུན་རྫོབ་མཐོང་བ་ན། དོན་དམ་ཡང་མཐོང་བས་དེ་དག་གྲོལ་ཟིན་པར་ཐལ་བ་དང༌། ཀུན་རྫོབ་ལ་དམིགས་ནས་ཆགས་སོགས་ཉོན་མོངས་པ་འཕེལ་བ་ལྟར། གཅིག་ཤོས་དོན་དམ་ལའང་དམིགས་པའི་ཉོན་མོངསའཕེལ་བར་འགྱུར་བས། དོན་
དམ་བདེན་པ་ཉོན་མོངས་པའི་དམིགས་པར་འགྱུར་བ་དང༌། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལའང་དབྱེ་བ་མེད་པར་འགྱུར་བ་དང༌། ཀུན་རྫོབ་རྣམ་ཤེས་ཀྱིས་མཐོང་བ་དང་ཐོས་པ་ལས་གཞན་དུ་དོན་དམ་དུ་བཙལ་དུ་མེད་པར་འགྱུར་བ་ཡིན་ཏེ། བདེན་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །དེ་གཉིས་གཞན་ཏེ་ཐ་དད་ནའང་སྐྱོན་བཞི་ཡོད་དེ། དོན་དམ་བདེན་པ་མཐོང་ཡང་ཀུན་རྫོབ་ལ་བདེན་འཛིན་མི་ཟློག་པར་འགྱུར་བ་དང༌། དོན་དམ་བདེན་པ་ཀུན་རྫོབ་ཀྱི་ཆོས་ཉིད་མིན་པར་འགྱུར་བ་དང༌། ཀུན་རྫོབ་མེད་པ་ཙམ་གྱིས་ཆོས་ཉིད་དོན་དམ་མིན་པར་འགྱུར་བ་དང༌། གང་ཟག་གཅིག་གི་རྒྱུད་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དུས་གཅིག་ཏུ་དམིགས་པ་སྟེ་ཡོད་པར་ཐལ་བ་སྟེ། དེ་གཉིས་ཐ་དད་ཡིན་པའི་ཕྱིར་ཞེས་དགོངས་འགྲེལ་ལས་གསུངས་སོ། །གཞན་ཡང་དོན་དམ་ཡོངས་གྲུབ་དང༌། མཚན་ཉིད་གཞན་གཉིས་ལ་སྐྱོན་བརྒྱད་པོ་ཇི་ལྟར་རིགས་པ་སྦྱར་ཤེས་པར་བྱའོ། །གཉིས་པ་བདེན་པ་གཉིས་ཀྱི་རང་བཞིན་རྣམ་པར་བཞག་པ་བཤད་པ་ལ་ནི། རྗེ་བཙུན་བྱམས་པ་མགོན་པོ་དང་བདག་གི་ཚིག་སྤེལ་ནས་འཆད་ཚུལ་དང༌། སློབ་དཔོན་ཀླུ་སྒྲུབ་དང་བདག་གི་ཚིག་སྤེལ་ནས་འཆད་ཚུལ་དང༌། དབུས་མཐའ་ལས་བཤད་པའི་ཚུལ་དང་གསུམ་མོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཡོད་པ་ལས། དང་པོ་ནི། ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་རྣམས་ནི་སྒྱུ༷་མ་ལྟ་
བུར་ཞེས་བྱ་སྟེ། རང་གི་ངོ་བོ་བདེན་པས་སྟོང་ཡང་སྣང་ཙམ་དུ་ཡོད་པས་སོ། །ཆོས་ཉིད་དོན་དམ་གྱི་བདེན་པ་རང་གི་ངོ་བོར་འགྱུར་བ་མེད་པ་དང༌། གཟུང་འཛིན་གཉིས་སྟོང་གི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པ་ཡིན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཆོས་ཅན་ཀུན་རྫཽབ་བདེན་པའི་རང་བཞིན་བཤད་པ་དང༌། ཆོས་ཉིད་དོན་དམ་བདེན་པའི་རང་བཞིན་བཤད་པ་དང་གཉིས་སོ། །དང་པོ་ཆོས་ཅན་ཀུན་རྫོབ་བདེན་པའི་རང་བཞིན་བཤད་པ་ལ། གཟུང་བ་སྒྱུ་མ་དང་འདྲ་བར་བསྟན་པའི་དགོས་པར་བཅས་པ་བཤད་པ་དང༌། འཛིན་པ་སྒྱུ་མ་དང་འདྲ་བར་བཤད་པ་དང༌། སྒྱུ་མའི་དཔེ་བརྒྱད་དང་འདྲ་བའི་དོན་བཤད་པ་རྣམས་སོ། །དང་པོ་ལ་ཡུལ་གྱི་གནས་ཚུལ་དང༌། བློས་རྟོགས་ཚུལ་དང༌། ཡུལ་གཉིས་སུ་མེད་པར་བསྟན་པའོ། །དང་པོ་ནི། ཇི་ལྟར་སྒྱུ་མའི་རྫས་རྡེའུ་དང་ཤིང་བུ་ལ་སོགས་པ་དེ་རྣམས་རྟ་གླང་ལ་སོགས་པར་འཁྲུལ་བའི་གཞི་ཡིན་པ་དེ་བཞིན་དུ་གཟུང་འཛིན་གཉིས་སུ་འཁྲུལ་བའི་གཞི་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་གཞན་དབང་ཡིན་པར་བརྗོད་དོ། །རྫས་རྡེའུ་ཤིང་བུ་དེ་དག་སྒྱུ་མའི་སྔགས་ཀྱིས་རྟ་གླང་ལ་སོགས་པའི་རྣམ་པར་བྱས་པ་ཇི་ལྟ་བ་དེ་བཞིན་དུ་ཀུན་བཏགས་ཀྱང་གཟུང་འཛིན་གཉིས་མེད་པ་ལ་གཉིས་སུ་སྣང་བས་ན་འཁྲུལ་བའི་ཡུལ་ཡིན་པར་བརྗོད་དོ། །ཇི་ལྟར་སྒྱུ་མའི་རྫས་དེ་ལ་རྟ་གླང་ལ་སོགས་པའི་ངོ་བོར་བདེན་པ་མེད་པ་དེ་བཞིན་དུ་གཞན་དབང་དེ་ཀུན་བཏགས་ཀྱི་ངོ་བོར་མེད་པ་ནི་དོན་དམ་པར་འདོད་དོ། །
ཇི་ལྟར་སྒྱུ་མའི་རྫས་ཏེ་རྟ་གླང་ལ་སོགས་པར་དམིགས་པ་དེ་བཞིན་དུ༷་གཉིས་སུ་སྣང་བ་དེ་ནི་ཀུ༷ན་རྫོབ་ཏུ་སྣང་བར་འདོད་དོ་ཞེས་འདིར་བཤད་པའི་དོན་དམ་དང་ཀུན་རྫོབ་དངོས་མ་ཡིན་པར། གནས་སྐབས་པ་ལ་བཞག་པའི་དོན་དམ་དང་ཀུན་རྫོབ་ཡིན་ཏེ། ཀུན་བཏགས་གཟུང་འཛིན་གཉིས་དང་བྲལ་བའི་རྣམ་པར་རིག་པ་ཙམ་དེ་ཡང་ཀུན་རྫོབ་དངོས་དང༌། གནས་སྐབས་པའི་དོན་དམ་ཡིན་པའིཕྱིར་རོ། །གཉིས་པ་བློས་རྟོགས་ཚུལ་ནི། སྒྱུ་མའི་སྔགས་ཀྱིས་འཁྲུལ་བར་བྱས་པ་དེ་མེད་ན་ནི། དེའི་རྒྱུ་རྡེའུ་ཤིང་ལ་སོགས་པ་གསལ་བར་དམིགས་པ་ཇི་ལྟ་བར་དེ་བཞིན་དུ་འཁྲུལ་བ་དེ་དག་གནས་ནི་གཞན་དུ་གྱུར་པ་འཕགས་པའི་ཡེ་ཤེས་ཐོབ་ན། མཉམ་གཞག་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་ནས། མཉམ་གཞག་ལས་ལྡང་བའི་རྗེས་ཐོབ་ཀྱི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་དབང་དེ་དམིགས་པའོ། །ཇི་ལྟར་འཇིག་རྟེན་མ་འཁྲུལ་བ་དག་སྒྱུ་མ་དེའི་རྡེའུ་དང་ཤིང་ལ་སོགས་པ་ལ་མ་འཁྲུལ་བར་འདོད་དགུར་སྤྱོད་པ་དེ་བཞིན་དུ་སྡོམ་བརྩོན་མ་འཁྲུལ་བ་སྟེ། འཕགས་པ་རྣམས་ཀྱང་འཁྲུལ་བ་གནས་གཞན་དུ་གྱུར་ནས་དོན་མ་ནོར་བའི་ཆོས་ཉིད་དེ་བཞིན་ཉིད་ལ་དགྱེས་དགུར་ལོངས་སྤྱོད་དོ། །གསུམ་པ་ཡུལ་གཉིས་སུ་མེད་པར་བསྟན་པ་གཉིས་ཏེ། དངོས་དང༌། དེའི་དགོས་པའོ། །དང་པོ་ལ་དཔེ་དང༌། དོན་གཉིས་ལས། དང་
པོ་དཔེ་ནི་རྟ་དང་གླང་པོ་ལ་སོགས་པའི་སྣང་བ་དེ་ལྟ་བུ་ནི་སྒྱུ་མའི་རྫས་རྡེའུ་ཤིང་སོགས་ལ་ཡོད་པ་ཡིན་ལ། རྟ་གླང་ལ་སོགས་པ་དེའི་དངོས་པོ་བདེན་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྒྱུ་མ་ལ་སོགས་པ་ལ་རྟ་གླང་སོགས་སུ་སྣང་བ་ཡོད་པ་དང་དེར་བདེན་པ་མེད་པ་ཉིད་དུ་བརྗོད་དོ། །སྒྱུ་མ་ལ་སོགས་པ་དེ་ལ་རྟ་གླང་སོགས་སུ་སྣང་བ་ཡོད་པ་ནི་མེད་པ་མ་ཡིན་ལ། རྟ་གླང་སོགས་སུ་བདེན་པ་མེད་པས་ན་ཡོད་པ་ཉིད་ཀྱང་མ་ཡིན་ནོ། །སྒྱུ་མ་དེ་དག་ལ་སོགས་པ་ལ་སྣང་ཙམ་དུ་ཡོད་པ་དང༌། བདེན་པར་མེད་པ་གཉིས་ཁྱད་པར་མེད་པའང་བརྗོད་དེ། བདེན་པ་མེད་པ་ཉིད་སྣང་ཙམ་དུ་ཡོད་པ་དང་སྣང་ཙམ་དུ་ཡོད་པ་ཉིད་བདེན་པ་མེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་དོན་ནི། དེ་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བ་ནི་སྣང་གཞིའི་གཞན་དབང་དེ་ལ་ཡོད་ལ། གཟུང་འཛིན་གཉིས་སུ་བདེན་པ་དེའི་དངོས་པོ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་གཟུགས་ལ་སོགས་ལ་སྣང་བ་ཙམ་ཡོད་པ་དང་དེར་བདེན་པར་མེད་པ་ཉིད་དུ་བརྗོད་དོ། །དེ་ལ་གཟུགས་སོགས་སུ་སྣང་བ་ཡོད་པ་དེ་ནི་མེད་པ་མ་ཡིན་ལ། དེར་བདེན་པ་མེད་པས་ན་ཡོད་པ་ཉིད་ཀྱང་མ་ཡིན་ནོ། །གཟུགས་ལ་སོགས་པ་དག་ལ་ནི་སྣང་ཙམ་དུ་ཡོད་པ་དང་བདེན་པར་མེད་པ་གཉིས་ཁྱད་པར་མེད་པའང་བརྗོད་དེ། སྣང་ཙམ་དུ་ཡོད་པ་ཉིད་བདེན་པར་མེད་པ་ཡིན་པའི་ཕྱིར་རོ། །དཔེར་ན་ཆུ་ནང་དུ་ཟླ་བར་སྣང་བ་དང༌། ཟླ་བར་ཡོད་མ་མྱོང་བ་གཉིས་ངོ་བོ་ཐ་དད་མེད་པ་བཞིན་ནོ། །གཉིས་པ་དགོས་པ་ནི། འོ་ན་ཡོད་མེད་ལ་སོགས་པ་དེ་རྣམས་བརྗོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། གཟུགས་སོགས་བདེན་
པ་མེད་པར་རིགས་ནས་བདེན་པར་སྒྲོ་འདོགས་པའི་མཐའ་དགག་པ་དང༌། སྣང་ཙམ་དུ་ཡོད་པར་རིག་ནས་སྣང་ཙམ་དུ་ཡང་མེད་ཅེས་སྐུར་བ་འདེབས་པའི་མཐའ་རྣམས་དགག་པར་བྱ་བའི་ཕྱིར་དང༌། ཡོད་མེད་གཉིས་ཁྱད་པར་མེད་པར་རིག་ནས་འཁོར་བ་སྣང་ཙམ་དུ་ཡོད་པས་ཡིད་སྐྱོ་ནས་ཐེག་པ་དམན་པའི་མྱང་འདས་ཀྱིས་མཐར་འགྲོ་བ་དེ་དག་དགག་པའི་ཕྱིར་ནི་གོ་རིམ་བཞིན་དུ་ཡོད་པ་དང༌། མེད་པ་དང༌། ཡོད་མེད་ཁྱད་པར་མེད་པར་འདོད་པ་ཡིན་ནོ། །གཉིས་པ་འཛིན་ཆ་སྒྱུ་མ་ལྟ་བུ་ལ་གསུམ་སྟེ། འཛིན་པ་འཁྲུལ་བའི་རྒྱུ་དང་རང་བཞིན་བསྟན་པ། སྤང་གཉེན་སྒྱུ་མ་དང་འདྲ་བ། སྤོང་ཚུལ་སྒྱུ་མ་དང་འདྲ་པའོ། །དང་པོ་ནི། གཟུགས་སུ་འཁྲུལ་བའི་རྒྱུ་དང་འཁྲུལ་བ་མིག་ཤེས་ལ་སོགས་པ་གཉིས་ནི་རིམ་པ་བཞིན་དུ་སྔོན་པོ་ལ་སོགས་པ་གཟུགས་ཀྱི་དངོས་པོར་སྣང་བའི་རྣམ་པར་རིག་པ་དང༌། གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པར་འདོད་དོ། །འཁྲུལ་བའི་རྒྱུ་དེ་མི་བདེན་ཡང་འཁྲུལ་བ་མིག་ཤེས་སོགས་ཀྱི་ངོ་བོ་བདེན་པར་གྲུབ་བམ་སྙམ་ན་མ་ཡིན་ཏེ། རྒྱུ་གཟུགས་ཀྱི་རྣམ་པར་རིག་པ་བདེན་པ་མེད་པའི་ཕྱིར་གཅིག་ཤོས་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་མིག་ཤེས་ལ་སོགས་པ་ཡང་དེར་བདེན་པ་མེད་པར་འགྱུར་རོ། །གཉིས་པ་སྤང་གཉེན་སྒྱུ་མ་དང་འདྲ་བ་ལ་གཉིས་ཏེ། དཔེ་དང༌། དོན་ནོ། །དང་པོ་དཔེ་ལ་
གཉིས་ལས། དང་པོ་ཀུན་ནས་ཉོན་མོངས་པའི་དཔེ་ནི་སྒྱུ་མའི་གླང་པོའི་གཟུགས་འཛིན་པའི་ཤེས་པ་དེ་ནི་འཁྲུལ་བའི་ཕྱིར། དེས་གཟུང་བྱ་གླང་པོ་ཆེ་དང་དེ་འཛིན་པའི་ཤེས་པ་གཉིས་སུ་བརྗོད་པ་སྟེ་ཉེས་པ་ནི་གཉིས་སུ་བཏགས་པ་ཡིན་ཞེས་པའི་དོན་ནོ། །དེ་ལ་སྣང་བ་ཇི་ལྟ་བ་བཞིན་དུ་གཟུང་འཛིན་གཉིས་སུ་བདེན་པ་མེད་ཀྱང་གཟུང་འཛིན་གཉིས་པོ་དག་ཏུ་ཉེ་བར་དམིགས་པའོ། །གཉིས་པ་རྣམ་བྱང་གི་དཔེ་ནི། མི་སྡུག་པ་བསྒོམས་པའི་རྣལ་འབྱོར་པས་ས་ཕྱོགས་ཐམས་ཅད་ཀེང་རུས་ཀྱི་གཟུགས་སུ་འཛིན་པ་སྟེ། དེ་ཡང་འཁྲུལ་བའི་ཕྱིར་ཡུལ་ཤེས་གཉིས་སུ་བརྗོད་པ་སྟེ། དེ་ལ་སྣང་བ་ཇི་ལྟ་བ་བཞིན་དུ་གཟུང་འཛིན་གཉིས་སུ་བདེན་པར་མེད་ཀྱང་གཟུང་འཛིན་གཉིས་པོ་དག་ཏུ་ཉེ་བར་དམིགས་པའོ། །གཉིས་པ་དོན་ལ་གཉིས་ལས། དང་པོ་མི་མཐུན་ཕྱོགས་ནི་དེ་བཞིན་དུ་འཁྲུལ་བའི་མཚན་ཉིད་ཀྱི་ཆོས་འདོད་ཆགས་ལ་སོགས་པ་མི་མཐུན་ཕྱོགས་གང་ཡིན་པ་དེ་ནི་སྒྱུ་མའི་གླང་པཽ་སྣང་བ་ཙམ་ཡོད་པ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཙམ་དུ་ཡོད་པ་དང༌། སྒྱུ་མའི་གླང་པོ་བདེན་པ་མེད་པ་དེ་བཞིན་དུ་གཟུང་འཛིན་དུ་བདེན་པ་མེད་པ་དང༌། ཡོད་མེད་དེ་གཉིས་ཁྱད་པར་མེད་པའི་ཕྱིར་ཡོད་པ་དང་མེད་པ་དང་ཁྱད་པར་ལ་སོགས་པ་སྒྱུ་མ་དང་འདྲའོ། །གཉིས་པ་གཉེན་པོ་ནི། དེ་བཞིན་གཉེན་པོའི་ཆོས་དྲན་པ་ཉེར་བཞག་ལ་སོགས་པ་རྣམས་ཀྱང་བྱིས་པས་གཟུང་བ་གང་ཡིན་པ་དེ་བཞིན་དུ་མེད་པ་དང་སངས་རྒྱས་ཀྱིས་
གཟུང་བ་དེ་བཞིན་དུ་ཡོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་གཉིས་བསྟན་པ་དེ་ཡང་བྱིས་པ་ལ་སྣང་བཞིན་དུ་མེད་པའི་ཕྱིར། བྱིས་པས་གཟུང་བ་ལྟར་བདེན་པའི་མཚན་ཉིད་མེད་དོ། །དེས་ན་མེད་བཞིན་དུ་ཡོད་པར་སྣང་བས་སྒྱུ་མ་དང་ཡང་འདྲ་བར་བསྟན་ཏོ། །གསུམ་པ་སྤོང་ཚུལ་སྒྱུ་མ་དང་འདྲ་བར་བསྟན་པ་ནི། སྒྱུ་མའི་རྒྱལ་པོ་ཞིག་སྒྱུ་མའི་རྒྱལ་པོ་གཞན་ཞིག་གིས་ཕམ་པར་བྱས་ཀྱང་དེ་ལ་ང་རྒྱལ་མེད་པ་ལྟར་གང་དག་གིས་ནི་སྤང་གཉེན་གྱི་ཆོས་སྒྱུ་མ་ལྟ་བུར་མཐོང་བའི་རྒྱལ་སྲས་དེ་དག་སྤང་བྱ་རྣམས་སྤངས་ཀྱང་ང་རྒྱལ་མེད་དེ། སྤང་གཉེན་གཉིས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ལ་དབང་བསྒྱུར་བས་གཉིས་ཀ་ལ་རྒྱལ་པོས་དཔེ་མཛད་དོ། །གསུམ་པ་སྒྱུ་མའི་དཔེ་བརྒྱད་དང་འདྲ་བའི་དོན་བཤད་པ་ནི། སངས་རྒྱས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་སངས་རྒྱས་པ་ཉན་རང་དག་ལས་མཆོག་ཏུ་གྱུར་པ་རྣམས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་འདུས་བྱས་ཀྱི་ཆོས་རྣམས་ནི་སྒྱུ་མ་ལྟ་བུའོ། །ཞེས་གསུངས་པ་ནི་ནང་གི་སྐྱེ་མཆེད་དྲུག་སྟེ། སྒྱུ་མའི་སྐྱེས་བུ་ནི་བདེན་པ་མེད་ཀྱང་ཡུལ་ལ་ལོངས་སྤྱོད་པ་སྣང་བ་བཞིན་དུ་མིག་སོགས་ཀྱང་ལོངས་སྤྱོད་པར་བྱེད་པའི་བདག་ལ་སོགས་པ་མེད་ཀྱང་ལོངས་སྤྱོད་པར་སྣང་བའི་ཕྱིར་རོ། །རྨི་ལམ་ལྟ་བུ་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ། མི་བདེན་བཞིན་དུ་ལོངས་སྤྱོད་བྱར་སྣང་བའི་ཕྱིར་རོ། །སྨིག་སྒྱུ་ལྟ་བུ་ནི་སེམས་དང་སེམས་བྱུང་གཉིས་
ཏེ། སྨིག་སྒྱུ་ལ་ཆུར་འཁྲུལ་བ་བྱུང་བ་ལྟར་དེ་ལྟར་གཉིས་ཀྱང་གཟུང་འཛིན་དུ་འཁྲུལ་བའི་གཞི་ཡིན་པའི་ཕྱིར་རོ། །གཟུགས་བརྙན་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་སྟེ། གཟུགས་བརྙན་མཛེས་མི་མཛེས་གཟུགས་མཛེས་མི་མཛེས་ཀྱིས་བཞག་པ་ལྟར་དེ་དག་གི་བཟང་ངན་སྔོན་གྱི་ལས་བཟང་ངན་གྱིས་བྱས་པའི་ཕྱིར་རོ། །མིག་ཡོར་ལྟ་བུ་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ། གདུགས་ཀྱི་དབང་གིས་གྲིབ་མ་འབྱུང་བ་ལྟར་ནང་གི་སྐྱེ་མཆེད་ཀྱི་དབང་གིས་དེ་དག་འབྱུང་བའི་ཕྱིར་རོ། །བཤད་པའི་ཆོས་རྣམས་ནི་བྲག་ཆ་དང་འདྲ་སྟེ། མི་བདེན་བཞིན་དུ་གྲགས་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་བརྟེན་པའི་ཡོན་ཏན་གྱི་ཆོས་རྣམས་ནི་ཆུ་ཟླའི་གཟུགས་དང་འདྲ་སྟེ། ཏིང་ངེ་འཛིན་གྱིས་སེམས་དྭངས་པ་ས་ལ་ཟད་པར་ལ་སོགས་པར་སྣང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བསམ་བཞིན་དུ་སྲིད་པར་སྐྱེ་བར་ལེན་པ་ནི། སྤྲུལ་པ་དང་འདྲ་བར་ཤེས་པར་བྱ་སྟེ། བྱ་བ་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པར་འཇུག་པའི་ཕྱིར་རོ། །དཔེ་ཕྱི་མ་གསུམ་པོ་དེའི་དོན་རེ་རེ་འདོད་པའོ། །གཉིས་པ་དོན་དམ་བདེན་པའི་རང་བཞིན་ནམ་མཚན་ཉིད་ནི་ཆོས་དབྱིངས་དེ་ཀུན་བཏགས་དང་གཞན་དབང་གཉིས་ཀྱིས་སྟོང་པས་དེ་ཉིད་ཀྱི་ངོ་བོར་ཡོད་པ་མ་ཡིན་ལ། ཡོངས་གྲུབ་ཆོས་ཉིད་དེ་བཞིན་ཉིད་ནི་མེད་པ་ཡང་མ་ཡིན་པ་སོགས་སྤྲོས་པའི་མཐའ་བཅུ་དང་བྲལ་བ་སྔར་རབ་དབྱེ་གསུམ་པའི་སྐབས་སུ་བཤད་ཟིན་པ་ཡིན་པས་འདིར་མ་སྤྲོས་སོ། །གཉིས་པ་སློབ་དཔོན་ཀླུ་སྒྲུབ་དང་བདག་གི་ཚིག་སྤེལ་ནས་
འཆད་ཚུལ་ནི། ཆོས་ཉིད་དོན་དམ་པའི་བདེན་པ་ལ་རང་རིག་ལ་སོགས་པའི་མཚན་ཉིད་ལྔ་དང༌། མཚན་ཉིད་གསུམ་དང་ལྡན་ཚུལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་དབུ་མ་རྩ་བ་ཤེས་རབ་ལས་ནི་བཤད་པའོ། །དེ་ཡང་མཚན་ཉིད་ལྔ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་གཞན་གྱིས་བསྟན་པ་ལས་ཤེས་པ་མིན་པ་དང༌། དེའི་རང་བཞིན་ལ་སྒྲིབ་པས་བསླད་པ་མ་ཞུགས་པས་གདོད་ནས་ཞི་བ་ཡིན་པ་དང༌། སྤྲོས་པ་ཀུན་རྫོབ་རྣམས་ཀྱིས་དེའི་རང་བཞིན་ལ་གོས་མ་མྱོང་བས་མ་སྤྲོས་པ་དང༌། དེའི་ངོ་བོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་རྣམ་རྟོག་མེད་པ་དང༌། ཆོས་ཉིད་རྣམ་པ་ཀུན་ལྡན་ཡིན་ཡང་རྣམ་པ་ཐམས་ཅད་དོན་ཐ་དད་པ་མ་ཡིན་པར་དེ་བཞིན་ཉིད་དང་དབྱེར་མེད་རོ་གཅིག་པ་སྟེ། མཚན་ཉིད་ལྔ་པོ་དེ་ནི་ཆོས་ཉིད་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ། །མཚན་ཉིད་གསུམ་ནི། ཆོས་གང་ཞིག་རྒྱུ༷་དང་རྐྱེན་ལས་བྱུང་བའི་དངོས་པོ་ཞིག་ཡིན་ན་ནི། རང་བཞིན་ལྷུན་གྲུབ་མ་ཡིན་པར་གཞན་གྱིས་བྱས་པ་ཅན་དུ༷་འགྱུར་ནའང༌། ཆོས་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་མི་དགོས་པར་རང་བཞིན་ལྷུན་གྱིས་གྲུབ་པར་རྟག་ཏུ་ཡོད་པ་དང༌། རང་བཞིན་ལྷུན་གྲུབ་ཏུ་ཡོད་པ་ནི་རྒྱུ་རྐྱེན་གཞན་གྱིས་བཅོས་པ་མིན་པ་དང༌། དེ་ནི་རང་བྱུང་ཡིན་པས་གཞན་ལ་རག་མ་ལས་ཤིང་ལྟོས་པ་མེད་པ་སྟེ་མཚན་ཉིད་གསུམ་དང་ལྡན་པའོ། །གཞན་ཡང་ཆོས་ཉིད་དེ་བཞིན་
ཉིད་ནི་སྒྲས་བརྗོད་པར་བྱ་བ་དང་བྲལ་ཞིང་ལྡོག་པས་ན། ཀུན་རྫོབ་པའི་སེམས་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་ཡང་ལྡོག་དགོས་ཏེ། བརྗོད་པ་སྒྲ་ནི་རྣམ་རྟོག་གིས་ཀུན་ནས་སློང་དགོས་པས་སོ། །དེ་ལྟར་དེ་བཞིན་ཉིད་སྒྲ་རྟོག་གི་ཡུལ་དུ་ལྡོག་པ་ནི་འཐད་པ་ཡིན་ཏེ་ཆོས་ཉིད་དེ་བཞིན་ཉིད་ནི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །དབུ་མ་རང་སྟོང་པ་རྣམས་ཀྱིས་ནི་འཆད་ཚུལ་འདི་དག་ལས་གཞན་དུ་འཆད་པས་འདི་དང་བསྲེ་བར་མི་བྱའོ། །གསུམ་པ་དབུས་མཐའ་ལས་བཤད་པའི་དོན་དམ་བདེན་པའི་མཚན་ཉིད་བཤད་པ་ལ་ལྔ་སྟེ། མཚན་ཉིད་དང༌། རྣམ་གྲངས་དང༌། རྣམ་གྲངས་དེ་དག་གི་དོན་བཤད་པ་དང༌། སྟོང་ཉིད་ཀྱི་དབྱེ་བ་རྒྱས་པར་བཤད་པ་དང༌། སྒྲུབ་པའི་ཚུལ་བཤད་པའོ། །དང་པོ་ནི། གཟུང་བ་དང་འཛིན་པ་གཉིས་ཀྱི་དངོས་པོ་རྣམས་གནས་ལུགས་ལ་གཏན་ནས་མེད་པའི་གཞྀའི་ཆོས་ཉིད་དེ་བཞིན་ཉིད་ནི་དངོས་པོ་མེད་པའི་གཞིའི་དངོས་པོའམ་ངོ་བོ་ནི་དོན་དམ་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །མདོར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ། །དེ་ཡང་ཀུན་བཏགས་དང་གཞན་དབང་གཉིས་ཀྱི་མཚན་ཉིད་ནི་ཡོད་པ་མ་ཡིན་ལ། དོན་དམ་ཡོངས་གྲུབ་ཀྱི་མཚན་ཉིད་ནི་མེད་པའང་མིན་ནོ། །དེས་ན་དེ་གཉིས་ངོ་བོ་ཐ་དད་པ་མིན་ཏེ། ཆོས་ཉིད་ཡོངས་གྲུབ་ནི་ཀུན་བཏགས་དང་གཞན་དབང་གི་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་དང༌། ངོ་བོ་གཅིག་པའང་མིན་ཏེ། ཆོས་ཉིད་ནི་ཡོད་ལ། ཆོས་ཅན་གཞན་དབང་དང་ཀུན་བཏགས་གཉིས་
ནི་མེད་པ་ཡིན་པས། ཡོད་མེད་ངོ་བོ་གཅིག་པའི་མཚན་ཉིད་ཅན་ནི་མིན་ནོ། །གཉིས་པ་མིང་གི་རྣམ་གྲངས་ནི། སྟོང་པ་ཉིད་ཀྱི་མིང་གི་རྣམ་གྲངས་ནི་མདོར་བསྡུ་ན་འདི་དག་ཡིན་ཏེ། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། ཆོས་ཀྱི་དབྱིངས་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། །གསུམ་པ་རྣམ་གྲངས་དེ་དག་གི་དོན་དེ་གོ་རིམ་བཞིན་དུ་བཤད་པ་ནི། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ཆོས་ཅན། དེ་བཞིན་ཉིད་ཅེས་བྱ་སྟེ། གཞན་དུ་འགྱུར་བ་མིན་པའི་བདག་ཉི་ཡིན་པའི་ཕྱིར། དེ་ཆོས་ཅན་ཡང་དག་པའི་མཐའ་ཞེས་བྱ་སྟེ། གནས་ལུགས་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། མཚན་མ་མེད་པ་ཞེས་བྱ་སྟེ། སྤྲོས་པའི་མཚན་མ་དེ་དག་འགག་པའི་བདག་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། དོན་དམ་པ་ཞེས་བྱ་སྟེ། འཕགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། དེ་ཆོས་ཅན། ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། ཐེག་ཆེན་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཁྱོད་ལ་དམིགས་ཏེ་འཕགས་པའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །བཞི་པ་སྟོང་ཉིད་ཀྱི་དབྱེ་བ་རྒྱས་པར་བཤད་པ་ནི། སྤྱིར་སྟོང་པ་ཉིད་བཅུ་བཞི་བཤད་པ་དང༌། ཁྱད་པར་སྟོང་པ་ཉིད་ལྷག་མ་གཉིས་བཤད་པའོ། །དང་པོ་སྟོང་ཉིད་བཅུ་བཞི་ནི། ཟ་བ་པོ་མིག་ལ་སོགས་པ་ནང་གི་སྐྱེ་
མཆེད་རྣམས་ཀྱིས་སྟོང་པ་ནི་ནང་གི་སྟོང་པ་ཉིད་དང༌། བཟའ་བར་བྱ་བའི་གཟུགས་སྒྲ་ལ་སོགས་པའི་ཕྱིའི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ནི་ཕྱི་སྟོང་པ་ཉིད་དང༌། ཕྱྀ་ནང་གི་སྐྱེ་མཆེད་དེ་གཉིས་ཀྱི་རྟེན་ལུས་སམ་ཁོག་པའི་སྟོང་པ་ནི་ཕྱི་ནང་སྟོང་པ་ཉིད་དང༌། དབང་རྟེན་ཁོག་པ་རྣམས་ནི་སེམས་ཀྱིས་ཟིན་པས་ནང་དང་དབང་པོས་མ་བསྡུས་པས་ཕྱི་སྟེ་ཕྱི་ནང་གཉིས་ཀའོ། །གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོས་སྟོང་པ་ནི་ཆེན་པོ་སྟོང་པ་ཉིད་དང་དེ་ལྟར་ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞིང་ཤེས་པ་དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །དེ་བཞིན་དུ་ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བའི་ཤེས་པ་དེའི་སྟོང་པ་ནི་དོན་དམ་པའི་སྟོང་པ་ཉིད་དང༌། འདིས་ཀྱང་དོན་དམ་པའི་རྣམ་པ་མཐོང་པའི་ཤེས་པ་དེ་སྟོང་པ་ཉིད་དུ་བསྟན་པ་ཡིན་གྱི། དོན་དམ་རང་སྟོང་དུ་བསྟན་པ་ནི་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོས་པ་གང་གིས་ཕྱིར་དུ་སྟོང་པ་ཉིད་བསྒོམས་ནས་ལམ་སྒྲུབ་པར་བྱེད་ཅེ་ན། ལམ་གྱི་དགེ་བ་འདུས་བྱས་ཀྱི་སྟོང་པ་ནི་འདུས་བྱས་ཀྱི་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པའི་དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ནི་འདུས་མ་བྱས་ཀྱི་སྟོང་པ་ཉིད་དང༌། རྟག་ཏུ་ཕན་གདགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པའི་གཞན་ཕན་མཐའ་ཡས་པའི་སྟོང་པ་ནི་མཐའ་ལས་འདས་པའི་སྟོང་པ་ཉིད་དང༌། འཁོར་བ་བླཽས་བཏང་བར་མི་བྱ་བའི་ཕྱིར་བྱང་ཆུབ་
སེམས་དཔའ་སྒྲུབ་པར་བྱེད་ལ། བློས་མི་བཏང་བར་བྱ་བའི་འཁོར་བ་ལ་ཐོག་མཐའ་མེད་པའི་སྟོང་པ་ནི་ཐོག་མ་ཐ་མ་མེད་པའི་སྟོང་པ་ཉིད་དང། ནམ་ཡང་དགེ་བ་མི་ཟད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད་པ་ཡིན་ལ། ལྷག་མེད་མྱང་འདས་ཀྱི་དུས་སུ་དགེ་བ་མི་ཟད་པར་བྱ་བའི་སྟོང་པ་ནི་དོར་བ་མེད་པའི་སྟོང་པ་ཉིད་དང༌། རང་བཞིན་གྱི་རིགས་ཀྱང་དྲི་མ་གློ་བུར་བས་རྣམ་པར་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་ལ། རིགས་རང་བཞིན་གྱི་དག་པ་གློ་བུར་གྱི་དྲི་མས་དག་པར་བྱ་བའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དང༌། སངས་རྒྱས་ཀྱི་མཚན་དང༌། དཔེ་བྱད་ཐོབ་པའི་ཕྱིར་བྱང་སེམས་ཀྱིས་སྒྲུབ་པར་བྱེད་ལ། མཚན་དང་དཔེ་བྱད་ནི་རང་གི་མཚན་ཉིད་ཡིན་ལ། དེའི་སྟོང་པ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་གདོད་ནས་དག་པའི་སངས་རྒྱས་ཀྱི་ཆོས་རྣམས་དྲི་མ་གློ་བུར་བས་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ཡིན་ལ། དག་བྱའི་སངས་རྒྱས་ཆོས་དེ་རྣམས་ཀྱིས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་བཅུ་བཞིའོ། །དེ་ཡང་ཟ་བ་པོ་ལ་སོགས་པ་དང་པོ་བཞི་ནི་ཤེས་བྱའི་དངོས་པོ་ལས་བརྩམ་པ་དང༌། དེ་ནས་གང་ཟག་གིས་མཐོང་བ་དང༌། ཇི་ལྟར་མཐོང་བ་གཉིས་ནི་ཡུལ་ཅན་ལས་བརྩམས་ཏེ་ལྔ་པ་དྲུག་པའོ། །དེ་ནས་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་སོགས་ལས་
བརྩམས་པ་ནི་བདུན་པ་ནས་བཅུ་བཞི་པའི་བར་རོ། །གཉིས་པ་ནི། གང་ཟག་དང་ཆོས་སུ་གཏོགས་པའི་དངོས་པོ་རྣམས་གཤིས་ཀྱི་གནས་ལུགས་ལ་གདོད་ནས་མེད་ཅིང་མ་གྲུབ་པའི་ཕྱིར་རང་རང་གི་ངོ་བོས་སྟོང་ཞིང་དངོས་པོ་མེད་པ་ནི་འདིར་དངོས་པོ་མེད་པ་སྟོང་པ་ཉིད་དང༌། གང་ཟག་དང་ཆོས་དེ་རྣམས་ཀྱི་དངོས་པོ་མེད་པའི་གཞིའི་ཆོས་ཉིད་དེ་བཞིན་ཉིད་ཀྱིས་དངོས་པོའམ་ངོ་བོ་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པས་དེ་ནི་སྔ་མ་དེ་ལས་སྟོང་པ་ཉིད་གཞན་དུ་བཤད་དོ། །གཞན་ཡིན་ཚུལ་ནི་སྔ་མ་རང་སྟོང་དང་ཕྱི་མ་གཞན་སྟོང་ཡིན་ལ་དེ་དག་གི་ཁྱད་པར་ཡོད་པ་འོག་ཏུ་འཆད་དོ། །ལྔ་པ་སྒྲུབ་ཚུལ་བཤད་པ་ནི། ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་ན་ཡང་གློ་བུར་བའི་དྲི་མ་སྤངས་པའི་ཕྱིར་ལམ་བསྒོམ་པ་ལ་འབད་པར་རིགས་ཏེ། གལ་ཏེ་གཉེན་པོའི་ལམ་མ་བསྒོམས་ཀྱང་ཉོན་མོངས་པ་དེ་མེད་པར་གྱུར་ན་ལུས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཞིང༌། གལ་ཏེ་གཉེན་པོ་བསྒོམས་ཀྱང་ཉོན་མོངས་པ་རྣམ་པར་དག་པ་དེ་མ་གྱུར་ན་ཐར་བ་ཐོབ་པའི་དོན་དུ་འབད་པ་འབྲས་བུ་མེད་པར་འགྱུར་བས། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་མངོན་དུ་འགྱུར་བར་བྱེད་པ་ལ། ཆོས་ཅན་གློ་བུར་གྱྀ་དྲི་མ་རྣམས་སྦྱངས་པའི་ཆེད་དུ། སྟོང་པ་ཉིད་བསྒོམ་པ་ལ་འབད་པར་བྱའོ། །གསུམ་པ་དེའི་འཕྲོས་དོན་བཤད་པ་ལ་བརྒྱད་དེ། དོན་དམ་བདེན་གྲུབ་སྒྲུབ་པ་དང༌། དབུས་མཐའ་
ལས་བཤད་པའི་སྟོང་པ་ཉིད་རྣམས་ལ་སྟོང་ཚུལ་གྱི་ཁྱད་པར་སོགས་བཤད་པ་དང༌། དོན་དམ་བདེན་པའི་མིང་གི་རྣམ་གྲངས་བཤད་པ་དང༌། ཕྱི་དོན་སྒྲུབ་པ་ལ་འཇིག་རྟེན་པའི་རིགས་པ་སྟོབས་ལྡན་དུ་འདོད་པ་དགག་པ་དང༌། རྣམ་རྟོག་ཡེ་ཤེས་སུ་འདོད་པ་དགག་པ་བདེན་པ་གཉིས་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་དང༌། ཆོས་ཅན་དང་ཆོས་ཉིད་ཀྱི་མཚན་ཉིད་ཀྱི་ཁྱད་པར་བཤད་པ་དང༌། དབུས་མཐའ་ལས་གསུངས་པའི་བདེན་པ་གཉིས་ཀྱི་དོན་བཤད་པའོ། །དང་པོ་དོན་དམ་བདེན་གྲུབ་ཏུ་སྒྲུབ་པ་ནི། དོན་དམ་ཆོས་ཀྱི་དབྱིངས་ཆོས་ཅན་བདེན་པ་ཡིན་ཏེ། རང་གི་ངོ་བོ་གནས་ལུགས་ལ་གྲུབ་པའི་ཕྱིར་དང༌། མི་བསླུ་བ་ཡིན་ཏེ། བརྫུན་པ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་བརྫུན་པ་མ་ཡིན་ཏེ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མཐོང་བར་བྱ་བ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མཐོང་བྱ་བརྫུན་པར་གྱུར་པའི་ཆོས་ཡོད་པ་མི་འཐད་པ་གང་ཞིག །ཁྱོད་གནས་ལུགས་མཐར་ཐུག་ཡུལ་དུ་བྱེད་པའི་འཕགས་རྒྱུད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དབུ་མ་རང་སྟོང་པ་རྣམས་ཀྱིས་དོན་དམ་བདེན་པ་བདེན་པར་གྲུབ་པ་ནི་མིན་ན་ཡང་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པས་ན་བདེན་པ་ནི་ཡིན་ནོ། །ཞེས་དོན་བྲལ་ཏེ་དོན་ལ་མི་གནས་པའི་ཚིག་མང་དུ་སྨྲ་སྟེ། ཆོས་ཀྱི་དབྱིངས་བདེན་གྲུབ་ཏུ་མི་འདོད་དོ། །དེ་ལ་ཆོས་
ཀྱི་དབྱིངས་ཆོས་ཅན། དེར་དེ་བརྫུན་པ་ཡིན་པར་ཐལ། བདེན་པར་མ་གྲུབ་པའི་ཕྱིར། མ་ཁྱབ་ན། བདེན་པར་མ་གྲུབ་ན། བརྫུན་པ་ཡིན་པས་ཁྱབ་སྟེ། བདེན་པར་མེད་པའི་ཆོས་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པ་གང་ཞིག །དེ་ཡིན་ན་བརྫུན་པ་བསླུ་བའི་ཆོས་ཡིན་པས་ཁྱབ་པའི་ཕྱིར་རོ། །ཆོས་ཉིད་བདེན་པར་མེད་པ་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པའི་བདེན་པར་འདོད་པ་ལ་འགལ་བ་དུ་མ་འདུ་བས་དེ་ནི་རིགས་པ་ཡང་དག་གིས་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་དོན་དམ་ཆོས་ཀྱི་དབྱིངས་ཆོས་ཅན། བདེན་པར་གྲུབ་སྟེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་ལ་གདོད་ནས་ལྷུན་གྲུབ་ཏུ་ཞུགས་པའི་ཕྱིར། ཆོས་ཀྱི་དབྱིངས་དེ་བདེན་པ་གཉིས་ཀྱི་གནས་ཚུལ་ལ་གནས་ལུགས་མིན་ན། དེ་ལས་དེ་གཉིས་ཀྱི་གནས་ཚུལ་ལམ་གནས་ལུགས་གཞན་ནི་མེད་དོ། །གལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་བདེན་པ་གཉིས་ཀ་བདེན་པར་མེད་པར་མཉམ་ན་དེ་གཉིས་བརྫུན་པ་ཡིན་པར་ཡང་མཉམ་དགོས་ལ། གཉིས་ཀ་བརྫུན་པར་མཉམ་ན་དོན་དམ་བདེན་པ་[བདེན་པ་]ཡིན་ལ་ཀུན་རྫོབ་ནི་བརྫུན་པ་ཡིན་ཞེས་བདེན་རྫུན་ཡིན་མིན་གྱི་ཁྱད་པར་འབྱེད་དུ་ཅི་ཞིག་ཡོད་མེད་དེ། གཉིས་ཀ་བདེན་མེད་དང་རྫུན་པར་མཉམ་པས་སོ། །གཞི་གང་ཞིག་བདེན་པ་མིན་པར་གྲུབ་ན་བརྫུན་པ་ཡིན་པར་གྲུབ་པ་ནི་བརྫུན་པ་ཡིན་པའི་དོན་དང༌། བརྫུན་པ་མིན་པར་གྲུབ་ན་བདེན་པ་ཡིན་པར་གྲུབ་
པ་ནི་བདེན་པའི་དོན་ཡིན་ཏེ། དེ་ལས་བདེན་པ་དང་བརྫུན་པའི་སྒྲ་དོན་གཞན་མེད་པས། བྱས་པ་དང་མི་རྟག་པ་གཉིས་ཀ་ཡིན་པའི་མཐུན་དཔེ་ལ་བུམ་པ་འཇོག་པ་བཞིན་དུ། འདིར་བདེན་པ་ཡང་ཡིན་བརྫུན་པ་ཡང་ཡིན་པའི་མཐུན་དཔེའི་མཚན་གཞི་ཞིག་ཀྱང་འཇོག་རྒྱུ་མེད་དེ། དཻ་གཉིས་ཕན་ཚུན་དངོས་འགལ་ཡིན་པའི་ཕྱིར་རོ། །དེས་ན་ཕན་ཚུན་དངོས་འགལ་ལ་ནི་གཉིས་ཡིན་དང་གཉིས་མིན་གྱི་ཕུང་སུམ་པ་ཞིག་ནམ་ཡང་ཡོད་པ་མི་འཐད་དེ། གལ་ཏེ་དེ་གཉིས་ལ་གཉིས་ཡིན་གྱི་ཕུང་སུམ་པ་ཡིན་ན། རྟག་མི་རྟག་དང་སྤང་གཉེན་སོགས་གཉིས་ཆོས་ཕལ་ཆེར་ལ་ཡང་གཉིས་ཀ་ཡིན་མིན་གྱི་ཕུང་སུམ་ཡོད་པར་འགྱུར་བས་ཧ་ཅང་ཐལ་ཆེས་སོ། །དེ་ལ་བདེན་པ་ཡང་ཡིན་རྫུན་པ་ཡང་ཡིན་པའི་ཕུང་སུམ་པ་ཞིག་ཡོད་ན། བདེན་མིན་ཏེ་བརྫུན་པ་མཐོང་བའི་བློ་ཕྱིན་ཅི་ལོག་གི་ཤེས་པ་མ་ཡིན་པའམ། ཡང་ན་བརྫུན་པ་ཟད་པའི་མཐའ་སངས་རྒྱས་ཀྱི་ཡེ་ཤེས་ལྟ་བུ་ཡང་དོན་དམ་བདེན་པ་མིན་པར་འགྱུར་ཏེ། ཡུལ་ལ་གཉིས་ཡིན་གྱི་ཕུང་སུམ་ཡོད་པ་བཞིན་ཡུལ་ཅན་གྱི་ཤེས་པ་ལ་ཡང་བདེན་བརྫུན་གཉིས་ཡིན་གྱི་ཕུང་སུམ་ཡོད་དགོས་པས་སོ། །འདོད་མི་ནུས་ཏེ། བརྒྱད་སྟོང་དོན་བསྡུས་ལས། གང་ཕྱིར་མ་རིག་པའི་སྤྲུལ་པ། དེ་ན་མེད་པ་ཁོ་ན་སྣང༌། མེད་པ་སྟོན་པར་ནུས་པས་ན། དེ་ནི་མ་རིག་ཅེས་བརྗོད་དོ། །ཞེས་བརྫུན་པའི་ཆོས་སྣང་ན། སྣང་བ་ཅན་དེ་ཕྱིན་ཅི་ལོག་
གི་བློ། མ་རིག་པར་གསུངས་པའི་ཕྱིར་དང༌། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ཅེས་བརྗོད་པ་ཡིན། །ཞེས་ཐམས་ཅད་མཁྱེན་པ་དང༌། བྱང་ཆུབ་སེམས་མཆོག་དང༌། དོན་དམ་བདེན་པ་སོགས་མིང་གི་རྣམ་གྲངས་སུ་གསུངས་པའི་ཕྱིར་རོ། །ཡང་འགའ་ཞིག་གིས་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པས་ཡེ་ཤེས་ཀྱིས་ནི་མ་མཐོང་ངོ་ཞེ་ན། འོ་ན་ཁྱོད་ལ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ནི་དོན་དམ་ཆོས་ཀྱི་དབྱིངས་མ་མཐོང་ན། ཡེ་ཤེས་དེ་ཤེས་པ་ཡིན་པར་འདོད་པ་དང༌། དེའི་ཡུལ་མེད་པར་འདོད་པར་ནི་འགལ་བ་འབའ་ཞིག་ཡིན་ཏེ། ཡུལ་མེད་པའི་ཤེས་པ་ཁོ་ན་མི་སྲིད་པའི་ཕྱིར་རོ། །ཡང་ཁ་ཅིག་གིས། བློ་རང་གི་ངོ་བོར་ཅི་ཡང་མ་སྐྱེས་པས་སྐྱེ་མེད་དང༌། [ཤེས་ངོ་]རྩལ་གང་དུ་མ་འགག་པས་འགག་མེད་དུ་གྱུར་པ་དང་ད་ལྟ་ངོ་བཟུང་ཐམས་ཅད་དང་བྲལ་ལ་རྒྱུན་ཆད་མེད་པའི་ཤེས་པ་གསལ་སྟོང་དེར་ཆོས་ཀྱི་དབྱིངས་སུ་འདོད་དོ་ཞེ་ན། འོ་ན་བྱས་པ་སོ་སོ་སྐྱེ་བོས་[སྣང་ངོ་ལ་]བླཽས་ཀྱང་སྟོང་པ་ཉིད་དངོས་སུ་རྟོགས་པར་འགྱུར་ཏེ། སེམས་གསལ་སྟོང་ཙམ་འདི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཁྱབ་པ་ཡོད་དེ། སེམས་གསལ་སྟོང་ཙམ་འདི་ནི། སེམས་ཁྲིད་གཤའ་མ་ཕོག་པའི་བ་ལང་རྫིས་ཀྱང་སེམས་རང་གི་ངོ་བོ་ལ་བལྟས་པ་ན་རྟོགས་པར་འགྱུར་བས་[འོད་གསལ་བའི་]སྟོང་ཉིད་དངོས་ནི་མིན་ལ་
བླཽ་ཀུན་རྫོབ་པའི་གནས་ལུགས་ཙམ་ཞིག་ནི་ཡིན་ཏེ། སེམས་ཀྱི་རང་བཞིན་གསལ་བ་དང་ངོ་བོ་སྟོང་པ་ཡིན་པའི་ཕྱིར་རོ། །དེ་ཡང་རང་བཞིན་གསལ་བ་ཡིན་ཏེ། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ངོ་བོ་སྟོང་པ་ཡིན་ཏེ། ཀུན་རྫོབ་ཀྱི་ཆོས་རྣམས་རང་རང་གི་ངོ་བོ་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཡེ་ཤེས་ཀྱིས་དོན་དམ་ཆོས་ཀྱི་དབྱིངས་མཐོང་བ་ནི་མི་འཐད་དེ། གལ་ཏེ་མཐོང་ན། ཡེ་ཤེས་དེ་ལ་ཆོས་ཀྱི་དབྱིངས་དེའི་རྣམ་པར་ཤར་ནས་མཐོང་བར་འདོད་དགོས་པས། དེས་ན་རིག་བྱ་ཡུལ་དང༌། རིག་བྱེད་ཡུལ་ཅན་གྱི་དབྱེ་བ་ཡོད་པར་ཐལ་བར་འགྱུར་བས་མི་འཐད་དོ་སྙམ་ན། དེ་ལ་སྐྱོན་མེད་དེ་དོན་དམ་ཆོས་ཀྱི་དབྱིངས་ཆོས་ཅན། བདེན་པར་གྲུབ་སྟེ། ཁྱོད་རྒྱལ་པ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་དང༌། རྟོགས་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་ཞིང་ཉམས་སུ་མྱོང་བའི་ཡུལ་ཡིན་པའི་ཕྱིར་ཏེ། ཡེ་ཤེས་ལ་ཆོས་ཉིད་ཀྱི་རྣམ་པ་ཤར་བ་མེད་པར་སོ་སོར་རང་གིས་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། ཇི་སྐད་དུ། ཀུན་མཁྱེན་ཆེན་པོས་བདེན་གཉིས་གསལ་བའི་ཉི་མ་ལས། དོན་དམ་བདེན་པ་གང་ཡིན། མཐར་ཐུག་གི་རིག་པ་དང་ཡེ་ཤེས་ཡིན་ཞིང༌། མཐར་ཐུག་གི་རིག་པ་དང་ཡེ་ཤེས་གང་ཡིན་དོན་དམ་བདེན་པ་དང༌། དེ་བཞིན་ཉིད་ཡིན་ལ། [གདོད་མ་གཞིའི་གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་ནི་མངོན་རྟོགས་ཀྱི་རིམ་པས་ཡུལ་ཡུལ་ཅན་དུ་བཞག་ཀྱང༌།
དོན་ལ་ཡུལ་སྔོན་དུ་ཡོད་པ་ལ་རིག་པས་གཟོད་རྟོགས་པ་ལྟ་བུ་མ་ཡིན་པར། གདོད་ནས་དབྱིངས་དང་ཡེ་ཤེས་ངོ་བོ་དབྱེར་མེད་དུ་བཞུགས་པ་རང་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་ནི་སེམས་ཀྱི་ཆོས་ཉིད་དམ་གཉུག་མ་འོད་གསལ་བའི་སེམས་ཞེས་འགྱུར་མེད་བདེ་བ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་ཟུང་འཇུག་འདུ་བྲལ་མེད་པ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ཁོ་ན་ལས་གཞན་དུ་སེམས་ཀྱི་སྤྱོད་ཡུལ་དུ་ཡོད་མེད་ཡིན་མིན་དང༌། རིག་བྱ་རིག་བྱེད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྨྲ་བསམ་བརྗོད་པ་ལས་འདས་པ་དེ་ནི་འཁོར་འདས་དང་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་གྱི་གཞིར་གྱུར་པ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་དགོངས་གཞིར་ངེས་ཤིང༌། འབྲས་ཆོས་རྒྱ་མཚོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་པ་དང༌། དེར་མ་ཟད་རྡོ་རྗེ་སྔགས་རྒྱུད་ཐམས་ཅད་ཀྱིས་བསྟན་དོན་གྱི་ཡེ་ཤེས་མཐར་ཐུག་པ་དབང་བཞི་པའི་དོན་གྱི་ལྷན་སྐྱེས་ཡེ་ཤེས་ཆེན་པོའང་འདི་ཉིད་ཡིན་པས་ཐ་སྙད་དང་རྟོག་གེའི་བློ་ཚོགས་བརྒྱད་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པར་ཤེས་ན་མདོ་སྔགས་རྒྱུད་སྡེའི་རྒྱ་མཚོའི་དགོངས་པའི་མཐིལ་སླེབ་ཅིང་སེམས་ཉིད་ལས་བརྒལ་བའི་ཤེས་རབ་ཆེན་པོས་གཉིས་མེད་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་གནས་ལུགས་དེ་ལ་ཡིད་ཆེས་སྙེད་པར་གསུངས་པས་] དེའི་ཕྱིར་དོན་དམ་བདེན་པ་སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་པ་ཡིན་པས་གནད་ཀྱང་དེ་ཉིད་དོ་ཞེས་གསུངས་པའི་ཕྱིར་དང༌། ཁྱད་པར་དབྱིངས་རིག་དབྱེར་མེད་ཟེར་བ་དེ་ངེས་དོན་གྱི་གཞུང་ལུགས་འཆད་པ་ཀུན་ཀྱི་སྤྱི་སྐད་ཀྱང་ཡིན་ནོ། །དེས་ན་སྔོན་པོ་དང་སྔོ་འཛིན་མིག་ཤེས་ལྟ་བུའི་གཞན་རིག་ཏུ་གྱུར་པའི་ཤེས་པ་རྣམས་ཀྱིས་ཡུལ་འཇལ་བ་ན་ཡུལ་དེའི་རྣམ་པར་ཤར་ནས་འཛིན་དགོས་པས་རིག་བྱ་དང་རིག་བྱེད་ཀྱི་དབྱེ་བ་འཐད་ལ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་ཡུལ་དོན་དམ་
ཆོས་ཀྱི་དབྱིངས་འཇལ་བ་ན་རང་ཉིད་ཀྱིས་རང་ཉིད་རིག་པ་ཡིན་པས། དེ་ལ་རིག་བྱ་དང་རིག་བྱེད་ཀྱི་དབྱེ་བ་དང༌། དེའི་རྣམ་པ་ཤར་ནས་འཛིན་དགོས་པ་སོགས་མི་འཐད་དོ། །ཡང་ན་ཁྱོད་ཀྱིས་དོན་དམ་བདེན་པ་ནི་ཡེ་ཤེས་ཀྱི་ཡུལ་དུ་མི་འདོད་ལ་ཡུལ་མེད་པའི་ཤེས་པ་ནི་ཁྱོད་ཀྱིས་ཀྱང་མི་འདོད་པས། དེས་ན་ཀུན་རྫོབ་ཀྱི་ཆོས་རྣམས་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་འགྱུར་དགོས་པས། དེ་ལྟར་ན་ཁྱོད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན་ཕྱིན་ཅི་ལོག་གི་བློར་འགྱུར་བར་ཐལ། གནས་ལུགས་དོན་དམ་བདེན་པ་མ་མཐོང་བར་འཁྲུལ་སྣང་ཀུན་རྫོབ་ཀྱི་ཆོས་ཀུན་མཐོང་བའི་ཕྱིར་རོ། །འཁྲུལ་སྣང་ཀུན་རྫོབ་ཀྱི་ཆོས་ཀུན་མཐོང་བའི་བློ་ཡིན་ན། ཕྱིན་ཅི་ལོག་གི་བློ་ཡིན་པས་ཁྱབ་ཏེ། ལང་གཤེགས་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འགྱུར། །དོན་ཡོདམ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྒྱུད་བླ་མ་ལས། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །ཅེས་གསུངས་པའི་ཕྱིར་རོ། །ཡང་དོན་དམ་དབྱིངས་དེ་ཆོས་ཀུན་གྱི་རྩ་བ་ཡིན་པར་བསྟན་པའི་སྒོ་ནས་བདེན་གྲུབ་ཏུ་བསྒྲུབ་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཟག་པ་མེད་པའི་ཡེ་ཤེས་ཐོག་མ་མེད་
པ་ནས་བརྒྱུད་དེ་འོང་བས་རྒྱུན་ཆད་མེད་པའི་ཆོས་ཀྱི་དབྱིངས་དེ་ནི་སངས་རྒྱས་ཀྱི་ཆོས་ཀུན་དང༌། དེས་མཚོན་པའི་དད་པ་སོགས་ལམ་གྱི་ཆོས་དང༌། ཕུང་ཁམས་སོགས་གཞིའི་ཆོས་ཀུན་གྱི་རྩ་བའམ་གཞི་བརྟན་པོ་ཡིན་པའི་ཕྱིར་ན་བདེན་པར་གྲུབ་པ་ཡིན་ནོ། །གལ་ཏེ་དོན་དམ་ཆོས་ཀྱི་དབྱིངས་བདེན་པར་མེད་ན། གཞི་ལམ་འབྲས་བུའི་རྣམ་གཞག་རྣམས་ཀྱང་བྱར་མེད་པར་འགྱུར་ཏེ། དེ་རྣམས་ཀྱི་གཞིའམ་རྩ་བ་སྟོར་བའི་ཕྱིར་ཏེ། དཔེར་ན་ནམ་མཁའ་མེད་ན་དེ་ལ་བརྟེན་པའི་རླུང་སོགས་འབྱུང་བ་མེད་པ་བཞིན་ནོ། །ཇི་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་དབྱིངས་དེ་རྣམ་པ་ཐམས་ཅད་པ་ཡིན་པའི་མཐུ་ལས། དེའི་གཡའ་ལྟ་བུའི་ཚུལ་དུ་ཆགས་པའི་གློ་བུར་དྲི་མ་ལས་ཁམས་གསུམ་འཁོར་བའི་སྣང་བ་འཆར་བ་ཡིན་ཅིང༌། དེ་ནི་དད་སོགས་དགེ་བའི་རྣམ་པ་ཡིན་པའི་རྒྱུ་མཚན་གྱིས་དད་སོགས་ལམ་གྱི་ཆོས་རྣམ་འཆར་བ་དང། དེ་བཞིན་དུ་སྐུ་དང་ཡེ་ཤེས་སོགས་ཀྱི་རྣམ་པ་ཡིན་པའི་རྒྱུ་མཚན་གྱིས་ཉི་མ་ལས་ཉི་འོད་འབྱུང་བ་ལྟར་སྐུ་དང་ཡེ་ཤེས་སོགས་འབྲས་བུ་ཆོས་རྣམས་འཆར་བ་ཡིན་ནོ། །དེ་ལྟར་སེམས་ཉིད་རྣམ་པ་ཐམས་ཅད་པ་དེ་ལ་རྣམ་པའི་ལྡོག་ཆ་མཐའ་ཡས་པ་ཡོད་ཀྱང༌། ངོ་བོའི་སྒོ་ནས་སྲིད་ཞི་ཀུན་ཁྱབ་ཀྱི་ཆོས་དབྱིངས་དེ་ཁོ་ནར་ཟད་ལ། དེ་
ལ་ཀུན་རྫོབ་སྤྲོས་པའི་ཆོས་ནི་གདོད་མ་ནས་ཡོད་མ་མྱོང༌། གདོད་མའི་གནས་ལུགས་ཁོ་རང་གི་རང་ངོ་ནས་འཁྲུལ་བའི་སྣང་བ་རྣམས་འཆར་བ་མིན་ཡང༌། སེམས་ཀྱི་རང་བཞིན་འོད་གསལ་བའི་སེམས་ཉིད་གསེར་ལྟ་བུ་དེ་རང་རྒྱུད་ལ་ཡོད་པའི་མཐུ་ལས། དེའི་གཡའ་ལྟ་བུའི་ཚུལ་དུ་སེམས་རྒྱུད་དམ་རྣམ་ཤེས་རང་རིག་རང་གསལ་ཙམ་དང༌། དེ་ལ་བག་ཆགས་སྣ་ཚོགས་ཀྱིས་བསླད་པའི་མཐུ་ལས་འབྲས་བུ་འཁྲུལ་བའི་སྣང་བ་སྣ་ཚོགས་འབྱུང་བ་ཡིན་ནོ། །དེ་ཡང་མིག་ལ་རབ་རིབ་སྲབ་འཐུག་གི་དབང་ལས། སྐྲ་ཤད་སོགས་ཀྱི་གཟུགས་བརྙན་ཡང་མང་ཉུང་སྣ་ཚོགས་འབྱུང་བ་བཞིན་དུ། རང་གི་སེམས་ལ་འཁྲུལ་བའི་བག་ཆགས་འཐུག་ལ་ཇེ་ཆེར་སོང་ཚེ་ན། འཁྲུལ་བའི་འབྲས་བུ་ཡང་སྣ་ཚོགས་སུ་འགྱུར་བ་མང་བ་དང༌། དེ་ནས་རྣལ་འབྱོར་པའི་ལམ་བསྒོམ་པ་ལས་འཁྲུལ་བའི་བག་ཆགས་ཀྱང་སྲབ་ལ་ཇེ་ཉུང་དང་ཇེ་ཆུང་དུ་གྱུར་པ་ན། འཁྲུལ་བའི་འབྲས་བུ་སྣ་ཚོགས་སུ་མི་འགྱུར་བར་ཇེ་བརྟན་ཏེ་ཇེ་ཉུང་དུ་སོང་ནས་མཐར་གཏན་མེད་དུ་འགྲོ་བ་མངོན་སུམ་དུ་མཐོང་བ་ཡིན་ཏེ། དཔེར་ན་སངས་རྒྱས་ཀྱི་སྐྱཻས་བུ་བཞིན་ནོ། །དེས་ན་ཀུན་རྫོབ་སྤྲོས་པའི་ཆོས་ཀུན་དོན་དམ་བདེན་པ་དང་འགལ་བར་གྲུབ་པ་ཡིན་ཏེ། ཀུན་རྫོབ་ནི་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་ལ། གཅིག་དང་དུ་མ་གང་ཡང་མ་ཡིན་པ་ཞིག་རྣམ་ཤེས་རྟོག་པའི་ཡུལ་དུ་མི་རུང་ལ། ཀུན་རྫོབ་ཏུ་གྱུར་ཚད་ཤེས་རྟོག་ཁོ་ནའི་ཡུལ་ཡིན་པའི་ཕྱིར། དོན་དམ་ཆོས་ཀྱི་དབྱིངས་ནི་གཅིག་དང་དུ་མ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བས་
སྤྲོས་པ་དེ་དག་གིས་གོས་པ་མི་སྲིད་ཀྱང༌། ཡེ་ཤེས་ཆེན་པོའི་རང་རིག་རང་མྱོང་སྤྲོས་བྲལ་རྣམ་པ་ཐམས་ཅད་པར་གདོད་ནས་རྟག་ཏུ་གནས་ཤིང༌། སྐྱེ་འགག་གནས་གསུམ་དང་བྲལ་བ་དོན་དམ་པའི་ངོ་བོར་ཡོད་ཅིང་དེ་བདེན་པར་གྲུབ་པ་ཞིག་ཡིན་ནོ། །གཉིས་པ་དབུས་མཐའ་ལས་བཤད་པའི་སྟོང་པ་ཉིད་རྣམས་ལ་སྟོང་ཚུལ་གྱི་ཁྱད་པར་བཤད་པ་ལ། སྟོང་ཚུལ་དངོས་དང༌། སྟོང་ཉིད་ལྷག་མ་བཞི་བཤད་པའོ། །དང་པོ་ནི། གོང་དུ་བཤད་པའི་ཟ་བ་པོ་མིག་ལ་སོགས་པའི་སྟོང་གཞིའི་ཆོས་ཅན་བཅུ་བཞི་པོ་རྣམས་ལ། མིག་སོགས་རང་ངོས་ནས་གྲུབ་པར་སྒྲོ་བཏགས་པའི་བཏགས་ཆ་སོགས་ཀུན་བཏགས་ཀྱིས་སྟོང་ཞིང༌། དེ་དག་རྣམ་པར་སྣང་བའི་རྣམ་པར་རིག་པ་ཙམ་ཞིག་རྫས་སུ་ཡོད་པ་ནི། ཀུན་རྫོབ་བདེན་པ་དངོས་དང་ཡོད་པའི་སྟོང་པ་ཉིད་གཉིས་ཀ་ཡིན་པའི་གཞི་མཐུན་པའོ། །དེ་ཡང་ཟ་བ་པོའི་མིག་སོགས་དེ་དག་ནམ་ཡང་བདེན་པར་མ་གྲུབ་ཅིང་རང་རང་གི་ངོ་བོས་སྟོང་པས་ན། སྟོང་གཞིའི་ཆོས་ཀུན་དེ་དག་བདེན་པར་མེད་པའི་མཚན་ཉིད་ཅན་ཡིན་ཏེ། ཀུན་རྫོབ་རང་སྟོང་གི་སྟཽང་ཚུལ་དང་གཞན་ཡང་སྟོང་གཞི་དོན་དམ་བདེན་པ་དེ་ཉིད་[ཀྱི་སྟེང་དུ་]མིག་སོགས་ཆོས་དེ་དང་དེས་སྟོང་པ་ནི་དོན་དམ་གཞན་སྟོང་གི་སྟོང་ཚུལ་ཡིན་ཡང༌། དེ་ཉིད་སྤྲོས་པ་དང་བྲལ་ཙམ་གྱི་ལྡོག་ཆ་ནས་[རང་སྟོང་པས་]བཞག་པས་ཐུན་མོང་ཙམ་དུ་དོན་དམ་བདེན་པར་འདོད་དོ། །འདིའི་ཐུན་མོང་ཞེས་པ་ནི་རང་སྟོང་པ་རྣམས་དང་ཡིན་ཏེ། དེ་དག་གིས་ཀྱང་དོན་དམ་བདེན་པ་དེ་མིག་སོགས་དེ་རྣམས་ཀྱིས་སྟོང་པ་ཙམ་དུ་ནི་འདོད་པས་སོ། །སྟོང་གཞི་དོན་དམ་ཟག་མེད་ཀྱི་ཡེ་ཤེས་རྣམ་པ་ཀུན་ལྡན་དེ་ཉིད་ཟ་
བ་པོ་ཀུན་རྫོབ་ཀྱི་མིག་སོགས་དེ་དང་དེས་སྟོང་པའི་སྟོང་པ་ཉིད་ལ་[མེད་དགག་གི་]དོན་དམ་དུ་འདིར་དངོས་སུ་བསྟན་པ་ནི་དོན་དམ་ཆོས་ཉིད་ཀྱི་མིག་སོགས་དང༌། རྣམ་པ་མཐུན་པའི་ཀུན་རྫོབ་དྲི་མའི་མིག་སོགས་ཀྱི་ཆོས་རྣམས་ངོས་འཛིན་པའི་ཕྱིར་ཡིན་ལ། དེ་ཡང་དོན་དམ་དངོས་ནི་རྣམ་བཅད་སྤྲོས་པ་དང་བྲལ་ཙམ་གྱི་[མེད་པའི་]ཆ་ནས་མི་འཇོག་པར་ཡོངས་གཅོད་ཡེ་ཤེས་རྣམ་པ་ཀུན་ལྡན་གྱི་ཆ་ནས་གཙོ་བོར་འཇོག་པ་ནི་འདིའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ནོ། །དེར་མ་ཟད་འདུས་བྱས་སྟོང་པ་ཉིད་སོགས་ལྷག་མ་བརྒྱད་པོ་རྣམས་ལ། སྟོང་ཉིད་རེ་རེ་བསྒོམས་པའི་དགོས་པའང་རེ་རེ་ཡོད་པ་ནི་གོང་དུ་བཤད་པ་དག་གིས་ཤེས་ནུས་སོ། །དེ་དག་གི་ཕྱི་མ་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཉིས་ནི་བཅུ་བཞི་པོ་ཀུན་ལ་ཁྱད་མེད་དུ་འཇུག་པ་ཡིན་ཏེ། དེ་གཉིས་སུ་མ་གཏོགས་པའི་སྟོང་པ་ཉིད་འགའ་ཡང་མེད་པའི་ཕྱིར་དང༌། དེ་གཉིས་སྟོང་ཉིད་ཀུན་གྱིས་བསྡུད་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་སྟོང་ཉིད་ལྷག་མ་བཞི་བཤད་པ་ནི། བཅུ་དྲུག་པོ་དེ་དག་གི་སྟེང་དུ་མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་སྟོང་པ་ཉིད་གཉིས་དང༌། དེ་ནས་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དང༌། གཞན་གྱི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཀྱང་བསྣན་པས་སྟོང་པ་ཉི་ཤུར་ཡོད་དོ། །དེ་དག་ལས་དུས་དང་སྟཻ་མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་སྟོང་པ་ཉིད་གཉིས་ནི་ཀུན་བཏགས་ཀྱིས་སྟོང་པ་དང༌། ལྷག་མ་རང་གིས་སྟོང་
པ་དང༌། གཞན་གྱིས་སྟོང་པ་གཉིས་ཀྱིས་ནི་རིམ་པ་བཞིན་དུ་གཞན་དབང་རང་སྟོང་དང༌། ཡོངས་གྲུབ་གཞན་སྟོང་དུ་བསྟན་ཏོ། །གསུམ་པ་དོན་དམ་བདེན་པའི་མིང་གི་རྣམ་གྲངས་བཤད་པ་ལ། མདོར་བསྟན་དང༌། རྒྱས་བཤད་གཉིས་ལས། དང་པོ་ནི། ཡོངས་གྲུབ་དོན་དམ་པའི་བདེན་པ་དེ་ཉིད་དེ་བཞིན་ཉིད་ལ་སོགས་པའི་མིང་གི་རྣམ་གྲངས་དགུའི་སྒོ་ནས་བསྟན་པ་དེ་རྣམས་ནི། དམ་པའི་དོན་གྱི་བདག་ཉིད་ཡིན་ཏེ། ཀུན་རྫོབ་བདེན་པ་རྨི་ལམ་དང་སྒྱུ་མ་ལ་སོགས་པ་དཔེ་དགུས་མཚོན་པའི་དོན་ལས་ལོག་པར་[བདེན་གྲུབ་ཏུ་]བཞེད་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་མིང་གི་རྣམ་གྲངས་དང༌། དེ་དག་གི་དོན་བཤད་པའོ། །དང་པོ་ནི། ཤེར་མདོ་ལས། དེ་བཞིན་ཉིད་དང༌། མ་ནོར་བའི་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་སྟེ་ཡོངས་གྲུབ་དགུར་གསུངས་སོ། །གཉིས་པ་དེ་དག་གི་དོན་བཤད་པ་ལ། དོན་དངོས་དང༌། ཞར་བྱུང་སྒྱུ་མའི་དཔེ་དགུ་ངོས་བཟུང་བ་དང༌། དེ་དག་གིས་མཚོན་པའི་དོན་ལས་ལོག་ཚུལ་བསྟན་པ་དང་གསུམ་མོ། །དང་པོ་དོན་དངོས་ནི། དེ་ཡང་དེ་བཞིན་ཉིད་ནི་ཆོས་ཅན། རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་སྟེ། རྟག་ཏུ་དེ་བཞིན་ཉིད་དུ་
གནས་ཤིང་མི་འཇིག་པའི་ཕྱིར་དང༌། མ་ནོར་བའི་དེ་བཞིན་ཉིད་ནི་ཆོས་ཅན། ཕྱིན་ཅི་ལོག་པ་མིན་པར་ཡོངས་སུ་གྲུབ་པ་ཡིན་ཏེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པའི་ཕྱིར། གཞན་མ་ཡིན་པའི་དེ་བཞིན་ཉིད་ནི་ཆོས་ཅན། འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ཡིན་ཏེ། རང་གི་ངོ་བོ་གཞན་དུ་འགྱུར་བ་མེད་པའི་ཕྱིར་དང༌། ཆོས་ཉིད་ནི་ཆོས་ཅན་རང་གི་ངོ་བོ་ཉིད་དུ་ཡོངས་སུ་གྲུབ་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ནི་ཆོས་ཅན། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཡོངས་སུ་གྲུབ་པ་ཡིན་ཏེ། སྟོབས་བཅུ་སོགས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས་དང་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་གནས་པ་ཉིད་ཆོས་ཅན། དུས་ཀུན་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། དུས་ཀུན་ཏུ་འཇིག་པ་མེད་པར་གནས་པའི་ཕྱིར་དང༌། ཆོས་སྐྱོན་མེད་པ་ནི་ཆོས་ཅན། ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་ཡིན་ཏེ། ས་དང་པོ་ཡན་ཆད་དེ་རབ་ཏུ་རྟོགས་པས་ཡང་དག་པ་སྐྱོན་མེད་པ་ཉིད་ལ་ཞུགས་པ་ཡིན་པའི་ཕྱིར་དང༌། ཡང་དག་པའི་མཐའ་ནི་ཆོས་ཅན། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་ཡིན་ཏེ། ཡང་དག་པའི་དེ་ཁོ་ན་ཉིད་དང་ཕྱིན་ཅི་མ་ལོག་པ་མཐར་ཐུག་པ་ཡིན་པའི་ཕྱིར་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་ཆོས་ཅན། གཅིག་དང་དུ་མ་སོགས་རྟོག་གེའི་ཡུལ་ལས་འདས་པར་ཡོངས་སུ་གྲུབ་སྟེ། བརྗོད་དུ་མེད་པ་དང༌། སོ་སོ་རང་གིས་རང་
རིག་པ་ཡིན་པས་རྗེས་སུ་དཔག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །གཉིས་པ་སྒྱུ་མའི་དཔེ་དགུ་ངོས་བཟུང་བ་ནི། རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། དྲི་ཟའི་གྲོང་ཁྱེར་དང༌། བྲག་ཆ་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། སྤྲུལ་པ་བཞིན་དུ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྣང་ལ་བདེན་པར་མེད་པ་ཡིན་ནོ། །གསུམ་པ་དེ་དག་གིས་མཚོན་པའི་དོན་ལས་ལོག་ཚུལ་བསྟན་པ་ནི། རྨི་ལམ་ལ་སོགས་པའི་བརྫུན་པའི་ཆོས་དགུ་པོ་དེ་དག་གིས་མཚོན་པའི་དོན་ལས་ལོག་པ་ནི་དོན་དམ་བདེན་པ་ཡིན་ལ། དེ་ཡང་[གཉིས་སྣང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་] མ་བརྟགས་པའི་ཚེ་ན་ཡོད་ཡོད་འདྲ་ལ་བརྟགས་ཤིང་དཔྱད་པའི་ཚེ་ན་ཡོད་པ་མིན་པའི་ཕྱིར། ཀུན་བཏགས་ཀྱི་ཆོས་རྣམས་རྨི་ལམ་འདྲ་ཞེས་བྱ་ལ་དེ་ལས་ལོག་པ་ལ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། རྟག་ཏུ་ཡོད་དེ་མི་འཇིག་པའི་ཕྱིར་རོ། །ནོར་བར་སྣང་བའི་ཕྱིར། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་ཡིན་ལ། དེ་ལས་ལོག་པ་ནི་མ་ནོར་བའི་དེ་བཞིན་ཉིད་ཅེས་བྱ་སྟེ། ཕྱིན་ཅི་ལོག་གདོད་ནས་མེད་པའི་ཕྱིར་རོ། །གཞན་དུ་སྣང་ལ་གཞན་དུ་གནས་པའི་ཕྱིར། ཆོས་ཐམས་ཅད་ནི་སྨིག་རྒྱུ་དང་འདྲ་ལ། དེ་དང་འདྲ་བའི་ཆོས་སྤངས་པའམ་དེ་ལས་ལོག་པ་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཆོས་དེའི་བདག་ཉིད་མ་ཡིན་པ་ལ་བདག་པོར་སྣང་བའི་ཕྱིར། ཆུ་ཟླ་ལྟ་བུ་ཡིན་ལ། དེ་དགག་པའི་དོན་དུའམ་དེ་ལས་ལོག་པ་ནི་ཆོས་རྣམས་ཀུན་གྱི་གནས་ཚུལ་ཞེས་བྱ་སྟེ། དོན་དམ་
པའི་ངོ་བོ་ཉིད་ལ་ཆོས་ཉིད་ཅེས་བརྗོད་པའི་ཕྱིར་རོ། །དོན་མེད་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་འདྲ་ལ། སངས་རྒྱས་ཀྱི་སྟོབས་སོགས་རྣམ་བྱང་གི་ཆོས་ཀུན་གྱི་དོན་དམ་པའི་རྒྱུ་ནི་ཆོས་ཀྱི་དབྱིངས་སུ་བསྟན་ཅིང་དོན་ཡོད་པའི་ཕྱིར། དེ་བཅད་དོ་ཞེས་པས་དེ་ལས་ལོག་པ་ཉིད་བསྟན་ཏོ། །ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བྲག་ཆ་ལྟ་བུར་ཡུན་ཐུང་བ་ཡིན་ལ། དེ་ལས་ལོག་པ་ནི་ཆོས་གནས་པའི་མཚན་ཉིད་ཅན་ཡིན་ཏེ། སངས་རྒྱས་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་དང་གནས་པ་ཉིད་ཡིན་པའི་ཕྱིར་རོ། །མ་ངེས་པའི་ངོ་བོ་ཡིན་པའི་ཕྱིར། མིག་ཡོར་དང་འདྲ་ལ། དེ་སྤོང་བའི་ཕྱིར་རམ་དེ་ལས་ལོག་པ་ནི་ཆོས་སྐྱོན་མེད་པ་ཉིད་དུ་བསྟན་པ་དང་ངེས་པ་བདེན་པའི་དོན་ཅན་ཡིན་ཏེ། ས་དང་པོ་ཡན་ཆད་དུ་དེ་རྟོགས་པས་ན། ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱོན་མེད་པ་ལ་ཞུགས་པའི་ཕྱིར་རོ། །གཟུགས་བརྙན་བཞིན་དུ་དོན་དམ་པའི་རྣམ་པར་ཤེས་པ་འཕོ་བ་མེད་པའི་ཕྱིར་ཡང་དག་པའི་མཐའ་ཡིན་ཏེ། དེ་ཁོ་ན་ཉིད་དོན་དམ་ཆོས་ཀྱི་དབྱིངས་ལ་ཡུལ་དང་བློའི་འཕོ་འགྱུར་མེད་པའི་ཕྱིར་རོ། །རྟོག་གེའི་ཡུལ་ལས་འདས་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་སྟེ། སོ་སོ་རང་གིས་རང་རིག་པ་ཡིན་པས་སྒྲ་དང་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །འདིའི་སྤངས་པ་ཞེས་པ་ནི། སྒྲ་རྟོག་གི་ཡུལ་ལས་འདས་པ་ལ་བྱེད་དགོས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ནི་ཀུན་རྫོབ་སེམས་དང་ཡིད་དང་འདུ་བྱེད་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་སྤྲུལ་པ་ལྟ་བུར་གྱུར་པ་
རྣམས་ཀྱིས་གདོད་ནས་དག་པའི་ཕྱིར་རོ། །བཞི་པ་ཕྱི་དོན་དུ་སྒྲུབ་པ་ལ་འཇིག་རྟེན་པའི་རིགས་པ་སྟོབས་ལྡན་དུ་འདོད་པ་དགག་པ་ནི། འདིའི་ཕྱོགས་སྔ་ནི་མཚན་འཛིན་གྱི་འཁྲུལ་བ་གཏིང་ནས་ཞིག་པའི་བསྙེངས་བྲལ་ཟླ་བ་གྲགས་པ་རྗེས་འབྲང་དང་བཅས་པ་ཡིན་ལ། དེ་དག་གིས་འདི་ལྟར་གསུངས་ཏེ། ཁྱོད་ཀྱིས་ཕྱི་རོལ་ཀྱི་དོན་མེད་པར་སྒྲུབ་མི་ནུས་ཏེ། ཕྱི་རོལ་གྱི་དོན་མེད་པ་ལ་ཐ་སྙད་པའི་ཚད་མས་གནོད་པའི་ཕྱིར། དེར་ཐལ། འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ནི། རང་སྡེ་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཁས་ལེན་དགོས་ལ། དེར་མ་ཟད་སངས་རྒྱས་ཀྱིས་ཀྱང་བཞེད་པའི་ཕྱིར་ཏེ། སྡོམ་པ་གསུམ་བསྟན་པའི་མདོ་ལས། འཇིག་རྟེན་ན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ་གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ་ཞེས་གསུངས་པའི་ཕྱིར་དང༌། སྟོང་ཉིད་བདུན་ཅུ་པ་ལས། གནས་པའི་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུངས་ཀྱིས་ཡང་དག་དབང་གིས་མིན། །ཞེས་ཡོད་མེད་ལ་སོགས་པར་འཇོག་པ་ཐམས་ཅད་འཇིག་རྟེན་ན་ཇི་ལྟར་གྲགས་པའི་ཐ་སྙད་ཀྱི་དབང་གིས་འཇོག་པར་གསུངས་པའོ། །གཞན་ཡང་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་དུ་སྨྲ་བའི་གྲུབ་མཐའ་སྨྲ་བ་རྣམས་ཆོས་ཅན། ཁྱོད་ཀྱིས་འཇིག་རྟེན་ན་གྲགས་པའི་ཕྱི་རོལ་གྱི་དོན་འགོག་མི་རིགས་པར་ཐལ། གལ་ཏེ་ཁྱོད་ལ་འཇིག་རྟེན་གྱིས་
མི་གནོད་ན་འཇིག་རྟེན་ཉིད་ལ་ལྟོས་ནས་ཕྱི་རོལ་འདི་ནི་དགག་པར་གྱིས་ལ་ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་པར་གྱིས་དང༌། ཕྱིས་ནས་གང་སྟོབས་དང་ལྡན་པ་དེ་བདག་གིས་བརྟེན་པར་བྱ་བ་ལས། འཇིག་རྟེན་ཆེས་སྟོབས་དང་ལྡན་པའི་ཕྱིར། ཇི་སྐད་དུ། དབུ་མ་འཇུག་པ་ལས། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདིར་ནི་དགག་པར་གྱིས། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་ཀྱིས་དང༌། །ཕྱིས་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ། །ཞེས་སོགས་གོང་དུ་དྲངས་མ་ཐག་པའི་མདོ་ཚིག་ལ་འཁྲུལ་ནས་ཕྱི་དོན་སོགས་སྒྲུབ་པ་ལ་འཇིག་རྟེན་གྱི་རིགས་པ་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །ཞེས་ཟེར། དེ་དགག་པ་ནི། འོ་ན་ཁྱེད་ལ་བུད་མེད་ཀྱི་ལུས་ཆོས་ཅན། གཙང་བ་ཡིན་པར་ཐལ། འཇིག་རྟེན་ན་གཙང་བར་གྲགས་པ་གང་ཞིགདེའི་རིགས་པ་སྟོབས་ལྡན་ཡིན་པའི་ཕྱིར་རྟགས་དངོས་སུ་གྲུབ་ལ། ཁྱབ་པ་དོན་གྱིས་ཁས་བླངས་པར་སོང་ངོ༌། །རྩ་བར་འདོད་མི་ནུས་ཏེ། མདོ་ལས། ལུས་ནི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་བདག་ཉིད་དུ་གསུངས་པ་དང་འགལ་ལོ། །གཞན་ཡང་བདག་ཡུན་དུ་གནས་པའི་རྟག་པ་ཡིན་པར་ཐལ། བདག་རྟག་པ་ཡིན་པའི་འཇིག་རྟེན་པའི་ངོར་རིགས་པས་གྲུབ་པ་གང་ཞིག །འཇིག་རྟེན་པའི་རིགས་པ་སྟོབས་ལྡན་ཡིན་པའི་ཕྱིར། གཞན་ཡང་བརྟན་གཡོ་ཐམས་ཅད་བྱེད་པ་པོ་གཙོ་བོ་སོགས་ཀྱིས་བྱས་པར་སྨྲས་པ་ལྟར། ཁྱོད་ཀྱིས་ཀྱང་འཇིག་རྟེན་ཐམས་ཅད་བྱེད་པ་པོས་བྱས་པར་ཁས་ལོངས་ཤིག །ཅིའི་
ཕྱིར་ཞེ་ན། ཁྱོད་ཀྱིས་ཕྱི་དོན་སོགས་ལ་འཇིག་རྟེན་གྱི་རིགས་པ་སྟོབས་དང་ལྡན་པར་འདོད་པའི་ཕྱིར། གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་གཟུགས་སོགས་ཕྱི་རོལ་གྱི་དོན་རྣམས་སྣང་བར་ཐལ། འཇིག་རྟེན་པ་ལ་ཕྱི་རོལ་གྱི་དོན་སྣང་ཡོད་པར་གྲགས་པ་གང་ཞིག །འཇིག་རྟེན་ན་གང་བཞེད་པ་དེ་ཉིད་སངས་རྒྱས་ཀྱིས་ཀྱང་བཞེད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། གཟུགས་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་སེམས་ཅན་ལ་ཇི་ལྟར་སྣང་བ་བཞིན་དུ་སྣང་བར་ཐལ། ཕྱི་དོན་སྒྲུབ་པ་ལ་འཇིག་རྟེན་པའི་རིགས་པ་སྟོབས་ལྡན་ཡིན་པ་གང་ཞིག །དེའི་རིགས་ངོར་ཕྱི་རོལ་གྱི་དོན་རྣམས་དཔྱིས་ལ་གྲུབ་པའི་ཕྱིར། ཁྱབ་སྟེ། དཔྱིས་ལ་གྲུབ་པའི་ཆོས་ཡིན་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བས་ཁྱབ་པའི་ཕྱིར། དེ་ཡང་འདོད་ཟེར་ན། ཆུ་ལྟ་བུའི་དངོས་པོ་གཅིག་ཉིད་ཀྱང་ལས་བསགས་ཚུལ་ཐ་དད་པའི་དབང་གིས་ལྷ་ལ་བདུད་རྩི་དང༌། ཡི་དྭགས་ལ་རྣག་དང༌། མི་ལ་བསིལ་ཞིང་དྭངས་པའི་ཆུར་སྣང་བ་སོགས་སྣང་ཚུལ་མི་འདྲ་བ་རེ་རེ་ཡོད་པས། སངས་རྒྱས་ཡེ་ཤེས་ལ་དེ་རྣམས་གང་དང་མཐུན་པར་སྣང༌། དེ་རྣམས་ལས་གང་རུང་ཞིག་དང་མཐུན་པར་སྣང་ལ། གཞན་དང་མི་མཐུན་པར་སྣང་བའི་རྒྱུ་མཚན་ཡང་དག་མེད་ལ། ཀུན་ལ་མཐུན་པར་སྣང་བ་ནི་འཇོག་རྒྱུ་རྙེད་པར་དཀའ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་དང་མཐུན་པར་སྣང་ན་དངོས་པོ་གཅིག་པོ་དེ་ཆུ་དང་རྣག་དང་བདུད་རྩི་གསུམ་ཀའི་གཞི་མཐུན་དུ་འགྱུར་ཞིང༌། དེས་ན་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་བ་དང༌། དངོས་པོ་
གཅིག་པོ་དེ་བདུད་རྩི་ཡིན་པར་ཡང་ཚད་མས་གྲུབ་པ་མ་ཡིན་པར་ཡང་ཚད་མས་གྲུབ་པས་ཚད་མས་གྲུབ་མ་གྲུབ་ཀྱི་རྣམ་དབྱེ་ཅུང་ཟད་ཀྱང་བྱར་མེད་པར་འགྱུར་བའི་སྐྱོན་འབྱུང་ངོ༌། །ལྔ་པ་ཉོན་མོངས་ཡེ་ཤེས་སུ་འདོད་པ་དགག་པ་ནི། ཕྱག་ཆེན་པ་རྣམས་ཀྱིས་ཉོན་མོངས་དང་རྣམ་རྟོག །ཡེ་ཤེས་ཞེས་འདོད་པ་འདི་ལ་དཔྱད་པ་ལ། དེ་དག་གིས་འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། རྣམ་རྟོག་དེ་ཆོས་སྐུ་བཟང་པོ་ཅིག་ཏུ་བསྒྱུར་རྒྱུ་ཡོད་པ་མ་ཡིན་ལ། ཆོས་སྐུ་གཞན་ཞིག་གིས་རྣམ་རྟོག་ལ་ཁྱབ་ནས་ཡོད་པ་མ་ཡིན་ལ། རྣམ་རྟོག་སྐྱེ་བའི་ངོ་བོ་ལ་བལྟས་པ་ན་དེ་ལ་འདོད་ལེན་དགག་སྒྲུབ་གང་ཡང་མ་བྱས་པར་དེ་ཉིད་ཀྱི་ངོ་བོ་གསལ་སྟོང་རྗེན་ནེ་བ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་ངོ་བོ་དབྱེར་མེད་པ་ལ་ཆོས་སྐུ་ཟེར་བ་ཡིན། དེ་ངོ་ཤེས་པ་ལ་རང་ངོ་ཤེས་པ་ཟེར། དེ་ཡང་བདག་འཛིན་ལ་སོགས་པའི་རྣམ་རྟོག་རང་གི་གཤིས་སམ་ངོ་བོ་ཡེ་ཤེས་ལས་མ་འདས་ལ། བདག་འཛིན་མ་རིག་པ་ཆགས་སྡང་གི་རྟོག་པ་གང་ཤར་སྐད་ཅིག་མ་དེ་རང་གི་གཤིས་གདོད་མ་ནས་བློ་ལས་འདས་པ་ངོ་བོ་ཡུལ་མེད་དུ་རང་གསལ་བ། ཡེ་ཤེས་ཀྱི་དངོས་གཞིར་གནས་པ་ཡིན་ལ། དེ་མ་གཏོགས་པའི་ཐད་ཀྱི་ཉམས་སམ་མཐའ་འམ་གོལ་ས་ལ་སོགས་པ་སྤང་བྱ་དང་དགག་བྱར་བྱས་པའི་རྟོག་པ་དེ་རང་གི་གཤིས་སྐྱེ་བ་མེད་པ་ཆོས་སྐུ། གདངས་རིག་པའི་རྩལ་མ་འགག་པར་ཤར་བ་སྤྲུལ་སྐུ། རིག་སྟོང་དབྱེར་མེད་དུ་གསལ་བ་ལོངས་སྐུ། ངོ་བོ་བློ་
ལས་འདས་པ་ངོ་བོ་ཉིད་ཀྱི་སྐུ། དེ་ལྟར་གང་ཤར་གང་སྣང་གི་ངོས་འཛིན་མཚན་མ་དེ། རང་ཡེ་ནས་སྐུ་གསུམ་གྱི་ཡོ་ལངས་སུ་གནས་ཤིང་ཤར་ཚད་གཉུག་མ་བློ་འདས་ཏེ་ཤར་བ་མིན་པ་གཞན་གྱིས་ལྷད་སྤུ་རྩེ་ཙམ་ཞིག་མ་ཞུགས་པར་འདོད་པའོ། །གཉིས་པ་དེ་དགག་པ་ནི། བརྟན་གཡོ་ལ་སོགས་པའི་ཆོས་ཀུན་མ་ལུས་པའི་རང་བཞིན་ཡེ་ཤེས་ཡིན་ན། ཁྱོད་ཀྱིས་ཉོན་མོངས་དང་རྣམ་རྟོག་ཁོ་ན་ལ་དཔྱད་པས་ཅི་བྱ་སྟེ། དགོས་པ་མེད་པས་སོ་ཞེས་པ་ལས། དགོས་པ་ཡོད་དེ། རྣམ་རྟོག་གི་ངོ་བོ་ཡེ་ཤེས་ཡིན་པས་སོ་ཞེ་ན། འདོད་ཆགས་ལ་སོགས་པའི་རྣམ་རྟོག་རང་རང་གི་ལྡོག་པ་ཅི་ཤར་ཡང་ཤར་ཙམ་ཉིད་ནས་སྐད་ཅིག་མ་དེའི་ངོ་བོ་ལ་བལྟས་པ་ན་སེམས་གསལ་རིག་ཙམ་དུ་གནས་པ་འདི་ཀ་ཡེ་ཤེས་ཡིན་པར་འགྱུར་ན་ནི། དེ་རྗེས་འཐུད་དང་རྣམ་རྟོག་ཡོད་མེད་སོགས་ལ་ཁྱད་པར་ཅི་ཡོད་མེད་དེ། སེམས་གསལ་རིག་ཙམ་དུ་གནས་པ་འདི་ནི་རྣམ་རྟོག་རགས་པ་ཡོད་མེད་ཐམས་ཅད་ཀྱི་ཚེ་རྒྱུན་ཆད་མེད་པའི་ཕྱིར། དེར་ཐལ། སེམས་སུ་གྲུབ་ཕྱིན་རང་གི་ངོ་བོ་གསལ་རིག་ཙམ་དུ་ཡོད་དེ། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། གཞན་ཡང་རྣམ་རྟོག་སྐད་ཅིག་གཉིས་པ་དེ་ཡང་ཡེ་ཤེས་ཡིན་པར་ཐལ། རྣམ་རྟོག་ཡིན་པའི་ཕྱིར་དང༌། རྣམ་རྟོག་གི་ངོ་བོ་ཡེ་ཤེས་ཡིན་པ་ཁྱོད་ཀྱི་འདོད་པའི་སྙིང་པོ་ཡིན་པའི་ཕྱིར། ནམ་དེའི་ངོ་བོ་ལ་བལྟས་དུས་ནའང་རྣམ་རྟོག་གི་སྐྱེ་འཕྲོ་ཆད་དེ་རྗེས་འཐུད་མེད་པ་ནི་འདི་ཡང་ཡིན་ན།
རྣམ་རྟོག་སྐད་ཅིག་དང་པོ་ཡེ་ཤེས་ཡིན་པ་དང་འདི་ཅིས་མི་མཚུངས་ཏེ་མཚུངས་པའི་ཕྱིར་རོ། ཁྱོད་ཀྱིས་རྣམ་རྟོག་དང་རྣམ་རྟོག་གི་རང་བཞིན་མ་ཕྱེད་པའི་བཤད་པ་ཡིན། རྣམ་རྟོག་གི་རང་བཞིན་སྟོང་པ་ཉིད་ཡིན་མི་རྟོག་པ་ཡིན་པས་རྣམ་རྟོག་མ་ཡིན། རྣམ་རྟོག་གི་འཆར་སྒོ་ཁོ་རང་ནི་མེད་བཞིན་དུ་སྣང་བའི་འཁྲུལ་བ་ཡིན་པས། རྣམ་རྟོག་ཁོ་རང་གི་རང་བཞིན་ཡང་མ་ཡིན། གཞན་སུ་གང་གི་ཡང་རང་བཞིན་མ་ཡིན། སྣང་ཙམ་མ་གཏོགས་རང་གི་ངོ་བོས་གྲུབ་པ་གདོད་ནས་མེད་ན། དེའི་སྐད་ཅིག་མ་དང་པོའི་ངོ་བོ་ཡེ་ཤེས་ཡིན་པ་ཞིག་ནི་ག་ལ་སྲིད་དེ་མི་སྲིད་པས་སོ། །དཔེར་ན་མོ་གཤམ་གྱི་བུ་དང་པོ་ནས་མེད་ན། དེ་མཛེས་མི་མཛེས་ཀྱི་ཁྱད་ཆོས་སོགས་མི་སྲིད་པ་བཞིན་ནོ། ཁྱོད་ཀྱིས་རྣམ་རྟོག་སྐད་ཅིག་མ་ཡེ་ཤེས་ཡིན་ཞེས་པའི་སྐད་ཅིག་མ་དེ་དུས་མཐའི་སྐད་ཅིག་མ་ལ་བྱེད་དམ། བྱ་རྫོགས་ཀྱི་སྐད་ཅིག་མ་ལ་བྱེད། དང་པོ་ཡིན་པ་ནི་མི་འཐད་དེ། དུས་མཐའི་སྐད་ཅིག་མ་ནི་སོ་སོ་སྐྱེ་བོ་རྣམས་ཀྱི་བློའི་སྤྱོད་ཡུལ་དུ་མི་མངོན་པར་ལྐོག་གྱུར་ཡིན་པས་སོ། །བྱ་རྫོགས་ཀྱི་སྐད་ཅིག་མ་ལ་བྱེད་ན། བྱ་རྫོགས་ཀྱི་སྐད་ཅིག་མའི་ཡུན་ལ་འདོད་ཆགས་ལ་སོགས་པའི་རྣམ་རྟོག་དག་གིས་ལས་སྣ་ཚོགས་བསགས་པར་བྱེད་པ་མངོན་སུམ་དུ་མཐོང་བ། དཔེར་ན་སྐད་ཅིག་མའི་རྟེན་འབྲེལ་བཞིན་ནོ། །དེས་ན་རྣམ་རྟོག་གི་སྐད་ཅིག་དང་པོ་ཡེ་ཤེས་དངོས་ཡིན་ན། དེས་བསགས་པའི་ལས་རྣམས་ཆོས་ཅན། ཟག་པ་མེད་པའི་ལས་སུ་ཐལ། དེ་བསགས་པ་པོའི་རྣམ་རྟོག་ཟག་མེད་ཀྱི་ཡེ་ཤེས་དངོས་
ཡིན་པའི་ཕྱིར་ཞེས་བརྗོད་ན། འདིའི་འཁོར་གསུམ་ལ་ལན་དོན་མཐུན་མེད་དོ། །ཆོས་ཀུན་གྱི་རང་བཞིན་ཡེ་ཤེས་ཡིན་པ་ནི་ཁོ་བོས་ཀྱང་འདོད་ན་ཡང༌། ཉོན་མོངས་དང་རྣམ་རྟོག་ལམ་དུ་བྱེད་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་ཡོད་པས་ན་རྣམ་རྟོག་གི་ངོ་བོ་ཆོས་སྐུའམ་ཡེ་ཤེས་ཡིན་ནོ་ཞེས་ཆོས་གཞན་ལས་ལོགས་སུ་དེ་ལྟར་སྨོས་ལ། གཞན་གཞུང་ལུགས་རྣམས་ལས་ཀྱང་ཕྱིའི་བེམ་པོ་སོགས་ལ་འགྲོས་ཆེར་མེད་པར་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་སོགས་སེམས་ཀྱི་རང་བཞིན་དུ་ཡང་ཡང་གསུངས་བའི་རྒྱུ་མཚན་གྱིས་སོ་སྙམ་ན། དེ་ཙམ་གྱི་ཆ་ནས་ནི་མི་འགལ་ཡིན་མོད་དེ། འོན་ཀྱང་ཁྱེད་ཀྱི་ཟེར་ལུགས་ལ་བརྟགས་ན་བརྡའ་ཆད་དོན་གཉིས་ལ་འཁྲུལ་ཏེ། རྣམ་རྟོག་ལ་ཡེ་ཤེས་དངོས་སུ་བཟུང་ནས་མིང་ངམ་བརྡའ་ཡང་དེ་ལྟར་སྦྱར་བའི་ཕྱིར་རོ། །དཔེར་ན་མུན་པ་ལ་སྣང་བར་བཟུང་ནས་བརྡའ་ཡང་དེ་ལྟར་སྦྱར་ན་འཁྲུལ་བ་ཡིན་པ་བཞིན་ནོ། །གཞན་གནས་ཚུལ་སེམས་པ་ལ་ཞུགས་ཏེ་རྣམ་རྟོག་གི་རང་བཞིན་ཡིན་པར་མངོན་སུམ་དུ་ཤེས་ཤིང་རྟོགས་པ་ན་ཆོས་ཅན་རྣམ་རྟོག་དེ་འགག་པར་འགྱུར་ཏེ། དེའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པས་སོ། །གལ་ཏེ་རྣམ་རྟོག་དེ་མ་ཉམས་པར་ཡོད་ན། དེའི་རང་བཞིན་མངོན་སུམ་དུ་མི་ཤེས་ཤིང་མ་རྟོགས་པ་ཡིན་ཏེ། དེ་མངོན་སུམ་དུ་རྟཽགས་པའི་གེགས་རྣམ་རྟོག་མ་ཉམས་པར་ཡོད་པའི་ཕྱིར། དེ་ལ་སྐྱོན་མེད་དེ། རྣམ་རྟོག་དང་ཡེ་ཤེས་གཉིས་ཆུ་དང་ཆུ་རླབས་ལྟར་ངོ་བོ་གཅིག་ཡིན་པས་དེ་གཉིས་གཅིག་ཡོད་པའི་ཚེ་
གཅིག་ཤོས་མེད་མི་དགོས་སོ་སྙམ་ན། དེ་ནི་མི་འཐད་དེ། དེ་གཉིས་སྣང་མུན་བཞིན་དུ་ལྷན་ཅིག་མི་གནས་པའི་དངོས་འགལ་ཡིན་པའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འདོད་པའི་འཁྲུལ་གཞི་ནི། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་སོགས་ཆོས་ཅན་སེམས་ལས་གཞན་པའི་ཆོས་ཉིད་དེ་བཞིན་ཉིད་བཙལ་དུ་མེད་པར་གསུངས་པ་སོགས་ཀྱི་ལུང་ལ་འཁྲུལ་ནས། རྣམ་རྟོག་དང་ཉོན་མོངས་ཀྱི་རང་ལྡོག་ནས་གནས་ལུགས་ཡེ་ཤེས་སུ་ཡིན་པར་འདོད་པ་ནི་ལུང་དེའི་དོན་ལ་རྨོངས་པ་ཁོ་ནའོ། །ལུང་དེས་ནི་རྣམ་རྟོག་གི་རང་བཞིན་ཡེ་ཤེས་དང་ཆོས་ཉིད་ཡིན་པ་ལ་དགོངས་ནས་དེ་ལྟར་གསུངས་སོ། །གཞན་ཐབས་མཁས་ཁྱད་པར་ཅན་དང་ལྡན་པའི་གསང་སྔགས་ལམ་གྱིས་ཐ་མལ་གྱི་སྣང་རྟོག་ཐམས་ཅད་[གདོད་མ་རང་བྱུང་གི་]སྐུ་དང་ཡེ་ཤེས་སུ་བསྒྱུར་ཏེ་བསྒོམས་པ་ན་དུག་ལྔ་དང༌། རྣམ་རྟོག་ཐམས་ཅད་ལམ་དང་ཡེ་ཤེས་སུ་འགྱུར་བ་ནི་གསར་རྙིང་ཀུ༷ན་ལ་གྲགས་པ་བཞིན་འདིར་ཡང་འདོད་པ་ཡིན་ནོ། །དྲུག་པ་བདེན་པ་གཉིས་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་ལ། མཐའ་སེལ་ཚུལ་དངོས་དང༌། ཡོད་མེད་ཀྱི་ཁྱད་པར་བཤད་པ་དང་གཉིས་སོ། །དང་པོ་ལ་གསུམ་ལས། དང་པོ་ཀུན་རྫོབ་བདེན་པ་ལ་ལྟོས་པའི་མཐའ་སེལ་ཚུལ་ནི། རྗེ་བཙུན་བྱམས་མགོན་གྱི། དབུས་མཐའ་ལས། སྣང་བ་སྣ་ཚོགས་པའི་ཤེས་པ་ཡང་དག་མ་ཡིན་པའི་
ཀུན་རྫོབ་རྟོག་ཙམ་ནི་ཀུན་རྫོབ་ཙམ་དུ་ཡོད་པ་དང༌། ཤེས་པ་དེ་ལ་སྣང་བའི་གཟུང་ཆ་དང་འཛིན་ཆ་གཉིས་ནི་བླཽས་བཏགས་པ་མ་གཏོགས་ཀུན་རྫོབ་ཙམ་དུ་ཡང་ཡོད་པ་མ་ཡིན་པ་འདི་ནི་རྣལ་འབྱོར་ཀུན་རྫོབ་ཀྱི་བདེན་པ་སྟེ་གཞན་དབང་རྣམ་རིག་ཙམ་ལ་ལྟོས་པའི་མཐའ་གཉིས་སེལ་བ་དང་སྤོང་བའི་ཚུལ་ཡིན་ཏེ། གཞན་དབང་ཀུན་རྟོག་ཐམས་ཅད་ཀུན་རྫོབ་ཙམ་དུ་ཡོད་པས་ན་མེད་མཐའ་དང༌། གཟུང་འཛིན་གཉིས་སོགས་ལྟོས་ཆོས་སྒྲོ་བཏགས་ཐམས་ཅད་ཀུན་རྫོབ་ཙམ་དུ་ཡང་མེད་པས་ཡོད་པའི་མཐའ་ལས་གྲཽལ་བ་ཡིན་པའི་ཕྱིར་རོ། །གཉིས་པ་བདེན་པ་གཉིས་ཀ་ལ་ལྟོས་པའི་ཡོད་མེད་ཀྱི་མཐའ་སེལ་བ་ནི། དབུས་མཐའ་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ནི་རྣམ་པར་ཤེས་པ་ཡང་དག་མིན་རྟོག་འདི་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པ་དང༌། ཆོས་ཉིད་སྟོང་པ་ཉིད་དེ་ལ་ཡང་རྣམ་ཤེས་ཡང་དག་མིན་རྟོག་དེ་ཡང་ཆོས་ཅན་གྱི་ཚུལ་དུ་ཡོད་དེ་ཞེས་པ་སྟེ། འདི་ནི་བདེན་པ་གཉིས་ཀ་ལ་དབྱེར་མེད་དེ་ཁྱད་པར་མེད་པར་གཉིས་ཀ་ལ་ལྟོས་པའི་མཐའ་གཉིས་སེལ་བའི་ཚུལ་ནི་ཡིན་ཏེ། སྟོང་པ་ཉིད་ནི་བདེན་གྲུབ་ཏུ་ཡོད་པས་ཆད་མཐའ་དང༌། ཀུན་རྟོག་ཀུན་རྫོབ་ཀྱི་ཆོས་རྣམས་བདེན་པར་མེད་པས་ན། རྟག་པའི་མཐའ་ལས་གྲོལ་བའི་ཕྱིར་རོ། གཞན་ཡང་འཁོར་བ་རང་བཞིན་གྱིས་མ་གྲུབ་པས་རྟག་མཐའ་དང༌། མྱ་ངན་ལས་འདས་པ་དོན་དམ་པར་ཡོད་པས་ཆད་མཐའ་ལས་གྲོལ་བ་དང༌། སོགས་སྒྲས་བསྡུས་པ་རྣམ་ཤེས་དང༌། ཡེ་ཤེས་དང༌། གློ་
བུར་བ་དང་གཉུག་མ་དང༌། བཅོས་མ་དང་རང་བཞིན་སོགས་འདི་འདྲའི་རིགས་ཀུན་ལའང་འདི་ལྟར་བཤད་པ་བཞིན་སྦྱར་ཏེ་མཐའ་གཉིས་སེལ་བའི་ཚུལ་ལ་མཁས་པར་ཤེས་པར་བྱའོ། །གསུམ་པ་དོན་དམ་ཁོ་ན་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་ནི། གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམ་པ་སྣ་ཚོགས་པའི་དབྱེ་བ་དང་བཅས་པའི་གློ་བུར་པའི་དྲི་མ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་གོས་མ་མྱོང་བས་གདོད་མ་ནས་སྟོང་པ་དང༌། གནས་ལུགས་སྟོང་པ་ཉིད་དེ་དང་རྣམ་པ་ཐམས་ཅད་དུ་དབྱེར་མེད་པའི་ཆོས་ཅན་བླ་ན་མེད་པའི་སངས་རྒྱས་ཀྱིས་ཆོས་སྟོབས་སོགས་ཡོན་ཏན་མཐའ་ཡས་པ་རྣམས་ཀྱིས་ནི་དོན་དམ་ཆོས་ཀྱི་དབྱིངས་ཏེ་མི་སྟོང་པ་འདི་ནི། དབུ་མ་ཆེན་པོ་འདིའི་ཐུན་མོང་མིན་པའི་མཐའ་གཉིས་སེལ་བའི་ཚུལ་ཡིན་ཏེ། རྣམ་བཅད་ལ་སྤྲོས་པ་མཐའ་དག་དང་བྲལ་བའི་ཆ་ནས་རྟག་མཐའ་དང༌། ཡོངས་གཅོད་རྣམ་པ་ཀུན་ལྡན་གྱི་ཆ་ནས་ཆད་མཐའ་ལས་གྲོལ་བའི་ཕྱིར་རོ། །དེས་ན་འདི་ནི་དབུ་མ་པ་ཕལ་བ་གཞན་ལ་མེད་པས་འདིའི་ཐུན་མོང་མིན་པའི་དོན་དམ་ཁོ་ན་ལ་ལྟོས་པའི་མཐའ་གཉིས་སེལ་བའི་ཚུལ་ཡིན་ནོ། །གཉིས་པ་ཡོད་མེད་ཀྱི་ཁྱད་པར་བཤད་པ་ལ། རང་སྤྱིའི་མཚན་ཉིད་ཤེས་དགོས་པར་བསྟན་པ་དང༌། ཡོད་མེད་ཀྱི་ཁྱད་པར་གྱི་དབྱེ་བ་བཤད་པ་དང་གཉིས་ལས། དང་པོ་ནི། སྤྱིར་གོང་དུ་བཤད་པ་བཞིན་ཆོས་གང་ཞིག་ཡོད་པ་ལ་ཡོད་པ་དང༌། ཆོས་གང་ཞིག་མེད་པ་ལ་མེད་པར་ཤེས་པ་ནི་གནས་ལུགས་དེ་
བཞིན་ཉིད་ཀྱི་ཚུལ་མངོན་དུ་བྱེད་པའི་ཐབས་ལ་རྗེས་སུ་མཐུན་པའི་ཤེས་པ་ཡིན་ཏེ། ཟབ་མོའི་དབུ་མའི་ལམ་རང་རྒྱུད་ལ་སྐྱེ་བ་ལ་ཡོད་མེད་སོགས་ཀྱི་ཁྱད་པར་ཤེས་ཏེ། ཡོད་མེད་དང་རྟག་ཆད་སོགས་ཀྱི་མཐའ་གཉིས་སེལ་བའི་ཚུལ་ལ་མཁས་པར་བྱ་དགོས་པས་སོ། །དེ་ལྟར་ཡོད་མེད་ཀྱི་ཁྱད་པར་ཤེས་པ་ལ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སོགས་ཤེས་པར་བྱ་དགོས་པས། དེ་ཡང་ཆོས་གང་དང་གང་ལ་མཚན་ཉིད་གཉིས་གཉིས་ཡོད་ལ། རང་གི་མཚན་ཉིད་ནི། མེའི་མཚན་ཉིད་དུ་ཚ་ཞིང་བསྲེགས་པ་བཞག་པ་ལྟ་བུ་དང། སྤྱིའི་མཚན་ཉིད་ནི། མེའི་མཚན་ཉིད་དུ་དོན་བྱེད་ནུས་པ་བཞག་པ་ལྟ་བུ་དང༌། ཁྱད་པར་དུ་མི་རྟག་པ་དང༌། སྟོང་པ་དང༌། བདག་མེད་པ་བཞག་པ་ལྟ་བུའོ། །དེ་ཡང་སྔ་མ་ལ་མཚན་ཉིད་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་ལ་ཕྱི་མ་ལ་ནི་མ་ཁྱབ་བོ། །གཞན་ཡང་བ་ལང་དཀར་ཟལ་ལ་ནོག་སོགས་འདུས་པའི་གོང་བུ་མ་ཡིན་པ་ལས་ལོག་པ་རྒྱུ་མཚན་དུ་བྱས་ནས་བ་ལང་གི་མིང་སྦྱར་བ་ལྟ་བུའི་བརྡའ་དང༌། བུམ་སོགས་ཆོས་གཞན་ལའང་བརྡའ་སྦྱར་ཚུལ་དེས་ཤེས་པར་བྱའོ། །འདུས་བྱས་ཀྱི་ཆོས་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱང་ཤེས་དགོས་པས། སྐྱེད་བྱེད་རྒྱུའི་མཚན་ཉིད། ཡང་ན་ཕན་འདོགས་བྱེད་རྒྱུའི་མཚན་ཉིད། འདུས་བྱས་ཡིན་ན་རྒྱུ་ཡིན་པས་ཁྱབ་སྟེ། འདུས་བྱས་ཡིན་ན་མཚན་ཉིད་གཉིས་པོ་རེ་རེ་ནས་ཡིན་དགོས་པའི་ཕྱིར་རོ། །བསྐྱེད་བྱ་འབྲས་བུའི་མཚན་ཉིད། ཡང་ན་ཕན་འདོག་བྱ་འབྲས་བུའི་མཚན་ཉིད། དངོས་པོ་ཡིན་
ན་འབྲས་བུ་ཡིན་པས་ཁྱབ་སྟེ། དངོས་པོ་ཡིན་ན་མཚན་ཉིད་གཉིས་པོ་རེ་རེ་ནས་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་རྣམས་ཀྱིས་རང་རང་གིས་མཚོན་བྱའི་ཆོས་རྣམས་ཇི་ལྟར་མཚོན་ཚུལ་དང༌། མིང་ངམ་བརྡས་རང་རང་གིས་དོན་མཚོན་ཚུལ་སོགས་ཤེས་དགོས་པའི་ཕྱིར། འདིར་དེ་རྣམས་ཀྱི་མིང་ཙམ་སྨོས་པ་ཡིན་ནོ། །གཉིས་པ་ཡོད་པ་དང་མེད་པ་ལ་སོགས་པའི་ཁྱད་པར་གྱི་དབྱེ་བ་བཤད་པར་བྱ་བ་ལ་གཉིས་ལས། དང་པོ་ཡོད་པ་ལའང་གསུམ་སྟེ། དོན་དམ་བདེན་པ་དང༌། མཚན་མ་དང༌། ད་ལྟ་བར་ཡོད་པ་སྟེ། དེ་དག་ནི་ཡོད་པའི་དབྱེ་བར་གསུངས་པས་གསུམ་དུ་འགྱུར་བ་ཡིན་ནོ། །དེ་ཡང་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལྟ་བུ་དོན་དམ་པར་ཡོད་པ་དང༌། བརྡའ་དང་མཚན་མ་ནི། མིང་བརྡས་བཞག་ཙམ་དུ་ཡོད་པ་དང༌། ད་ལྟ་བའི་ཆོས་འདུས་བྱས་ལྟ་བུ་ནི་སྐྱེས་ལ་མ་འགག་པར་ཡོད་པས་སོ། །དེ་ཡང་མཚན་མ་ཞེས་པ་ནི། མིང་ལ་བརྟེན་ནས་མིང་འདིའི་དོན་ནི་འདིའོ་ཞེས་དོན་མ་ནོར་བ་དང༌། བརྡའ་ནི་དོན་ལ་བརྟེན་ནས་དོན་འདིའི་མིང་ནི་འདིའོ་ཞེས་མིང་དུ་མ་ནོར་བ་ལྟ་བུ་ཡིན་ནོ། །དཔེར་ན་མིང་ནི་བུམ་པ་དང༌། དོན་ནི་ལྟོ་ལྡིར་བ་སོགས་ལ་བྱེད་དོ། །གཉིས་པ་མེད་པ་ལ་དབྱེ་ན་དྲུག་སྟེ། སྐྱེས་པའི་རྒྱུ་ཡོད་ཀྱང་རེ་ཞིག་མ་སྐྱེས་པ་མ་འོངས་པའམ་ཡང་ན་འཇིམ་པའི་ཚེ་རྫ་བུམ་མེད་པ་ལྟ་བུ་དང༌། སྐྱེས་ནས་འགགས་ཟིན་པའི་འདས་པ་དང༌། ཡང་ན་རྫ་བུམ་ཐོ་བས་བཅོམ་ནས་མེད་པ་ལྟ་བུ་དང༌། རྟ་ལ་བ་ལང་མེད་པ་ལྟ་
བུའི་གཅིག་ལ་གཅིག་མེད་པ་དང༌། རི་བོང་གི་རྭ་ལྟ་བུའི་གཏན་ནས་མེད་པ་དང༌། ཀུན་བཏགས་ཀྱི་ཆོས་རྣམས་ཀུན་རྫོབ་བདེན་པར་མེད་པ་དང༌། གཞན་དབང་དོན་དམ་པར་མེད་པ་སྟེ། མེད་པའི་ཚུལ་ཡང་སོ་སོར་མི་འདྲ་བའི་རྣམ་པ་དྲུག་ཏུ་དབྱེ་བ་ཡོད་པར་ཤེས་པར་བྱའོ། །ཆོས་ཅན་གྱི་སེམས་དང་ཆོས་ཉིད་ཀྱི་སེམས་ཀྱི་ཁྱད་པར་ནི། མདོ་སྡེ་རྒྱན་ལས། ཆོས་ཉིད་ཀྱི་སེམས་ནི་སངས་རྒྱས་དང་སེམས་ཅན་གྱི་གནས་སྐབས་ལ་ཁྱད་པར་མེད་པར་རྟག་ཏུ༷་རང་བཞིན་གྱིས་འོད་གསལ་བར་འདོད་དོ། །འོ་ན་སེམས་ཅན་རྣམས་ཀྱིས་ཅིའི་ཕྱིར་མི་རྟོགས་ཞེ་ན། སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཆོས་ཉིད་ཀྱི་སེམས་དེ་ནི་ཀུན་རྫོབ་པའི་སེམས་གློ་བུར་གྱི་དྲི་མ་སྒྲིབ་གཉིས་དང་བཅས་པས་མ་རུང་པར་བྱས་པས་མ་རྟོགས་པ་ཡིན་ནོ། །ཆོས་ཉིད་ཀྱི་སེམས་ལས་གཞན་པའི་ཆོས་ཅན་གཞན་དབང་གི་སེམས་ནི་རང་བཞིན་གྱིས་འོད་གསལ་བ་མ་ཡིན་ཏེ། དྲི་མ་བློ་བུར་པ་ཡིན་པའི་ཕྱིར། དེས་ན་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ཆོས་ཉིད་ཁོ་ན་ལ་བརྗོད་དོ། །ཞེས་དང་གཞན་ཡང་ཆོས་ཅན་གྱི་སེམས་ནི་དོན་དམ་པར་མེད་ཅིང་ཀུན་རྫོབ་པའི་ཆོས་རྣམས་ལ་དམིགས་པ་དང༌། རང་གི་ངོ་བོ་སྣང་ལ་བདེན་པ་མེད་པ་སྒྱུ་མ་སོགས་དང་འདྲ་བར་ཤེས་པར་བྱ་བ་དང༌། དེ་བཞིན་དུ་ཆོས་ཉིད་ཀྱི་སེམས་རང་གི་ངོ་བོ་ལ་ཀུན་ནས་ཉོན་མོངས་ཀྱིས་བསླད་པ་མེད་ཅིང་རང་བཞིན་རྣམ་པར་དག་པ་ནམ་མཁའ་དང་འདྲ་བར་ཤེས་པར་བྱའོ། །བདུན་པ་ཆོས་དང་ཆོས་ཉིད་ཀྱི་ངོ་བོ་བཤད་པ་ལས། མདོར་བསྟན་པ་དང༌།
རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཆོས་ཉིད་རྣམ་འབྱེད་ལས། ཆོས་ཀྱི་རབ་ཏུ་ཕྱེ་བ་སྟེ་བཞག་པ་ནི་ཆོས་ཅན། འཁོར་བ་ཡིན་ཏེ། ཁམས་གསུམ་དུ་གཏོག་པ་གང་ཞིག །ཀུན་ནས་ཉོན་མོངས་པ་ཅན་གྱི་འཁྲུལ་རྟོག་ཡིན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་ཅན་གྱི་འཁྲུལ་རྟོག་ཡིན་ལ། འཁོར་བ་ཡིན་པས་ཁྱབ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་གཞན་པ་ཡི། འཁོར་བ་ཞེས་བྱ་ཅི་ཡང་མེད། །ཅེས་གསུངས་པའི་ཕྱིར་རོ། །ཆོས་ཉིད་ཀྱི་སེམས་ཀྱིས་རབ་ཏུ་ཕྱེ་བ་སྟེ་བཞག་པ་ནི་ཆོས་ཅན། མྱ་ངན་ལས་འདས་པ་ཡིན་ཏེ། གློ་བུར་གྱི་དྲི་མ་མཐའ་དག་ལས་གདོད་ནས་གྲོལ་བའི་རང་བཞིན་གྱི་མྱང་འདས་ཡིན་པའི་ཕྱིར་རོ། །ཐེག་པ་གསུམ་ནི་གཙོ་བོར་སྨྲོས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་སེམས་ནི་རང་བཞིན་མྱང་འདས་ཡིན་ཏེ། རང་གི་ངོ་བོ་རྣམ་རྟོག་ཐམས་ཅད་ཀྱིས་གདོད་ནས་སྟོང་པས་སོ། །འདི་ལའང་ཁྱབ་པ་ཡོད་དེ། ཕྱོགས་ཀྱི་གླང་པོས། དེས་ན་རྣམ་རྟོག་མི་ལྡན་པ། ཁྱོད་ནི་མྱ་ངན་འདས་པ་ཉིད། །ཅེས་གསུངས་སོ། །གཞན་ཐེག་གསུམ་གྱིས་མྱང་འདས་གློ་བུར་དྲི་བྲལ་གྱི་མྱང་འདས་ཀྱང་ཡོད་པས། དེ་ལས་ཐེག་པ་འོག་མ་གཉིས་ལ་ལྷག་བཅས་དང༌། ལྷག་མེད་ཀྱི་མྱང་འདས་གཉིས་དང༌། ཐེག་ཆེན་ལ་དག་པ་གཉིས་ལྡན་དང་མི་གནས་པའི་མྱང་འདས་སོགས་ཡོད་པས། དེ་དག་གི་རྣམ་བཞག་རྣམས་འདིར་བཤད་དགོས་པ་ཐོབ་ཐང་ཡིན་ཡང༌། ཡི་
གེ་མང་གིས་དོགས་ནས་མ་བྲིས་སོ། །གཉིས་པ་རྒྱས་པར་བཤད་པ་གཉིས་ལས། དེ་ལ་དང་པོ་ཆོས་ཀྱི་མཚན་ཉིད་ནི། ཕྱི་གཟུགས་སོགས་དང༌། ནང་མིག་དང་མིག་ཤེས་སོགས་གཟུང་འཛིན་གཉིས་སུ་སྣང་བ་དང༌། དེ་ལ་བརྟེན་ནས་ཇི་ལྟར་སྣང་བ་བཞིན་དུ་གཟུགས་སོགས་དོན་གྱི་ངོ་བོ་དང༌། དེ་རྟག་མི་རྟག་ལ་སོགས་པའི་དོན་གྱི་ཁྱད་པར་རྣམས་མངོན་པར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ལ་སོགས་པར་སྣང་བའི་ཁམས་གསུམ་པའི་སེམས་དང་སེམས་བྱུང་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོགས་པ་དེ་ནི་ཆོས་ཅན། ཆོས་འཁོར་བའི་མཚན་ཉིད་ཡིན་ཏེ། མེད་བཞིན་དུ་འཁྲུལ་བའི་སྣང་བ་ཡིན་པའི་ཕྱིར་རོ། །དེས་ན་ཀུན་རྟོག་ཐམས་ཅད་ཡང་དག་པ་མ་ཡིན་པར་འཁྲུལ་བ་ཁོ་ནའོ། །ཅིས་ཕྱིར་ཞེ་ན། དེ་ཡང་དབང་ཤེས་དང༌། ཡིད་ཤེས་ལ་ཇི་ལྟར་སྣང་བ་ཐམས་ཅད་སྣང་བ་ལྟར་དོན་ལ་མེད་ཅིང་རྟོག་པ་ཙམ་ཡིན་པས་ན་ཀུན་ཏུ་རྟོག་པའོ། །གཉིས་པ་ཆོས་ཉིད་མྱང་འདས་ཀྱི་མཚན་ཉིད་ནི། གཟུགས་སོགས་གཟུང་བ་དང༌། མིག་སོགས་འཛིན་པ་སྟེ། གཟུང་འཛིན་གཉིས་དང༌། གང་ཟག་དང་ཆོས་ཀྱི་ངོ་བོ་དང་ཁྱད་པར་རྣམས་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་སོགས་སྤྲོས་པ་ཐམས་ཅད་ཀྱིས་གདོད་ནས་སྟོང་པ་ལ་ཁྱད་པར་མེད་པའི་དེ་བཞིན་ཉིད་ནི་ཆོས་ཅན། ཆོས་ཉིད་དོན་དམ་གྱི་མཚན་ཉིད་ཡིན་ཏེ། དེ་མ་ནོར་བར་མཚོན་པར་བྱེད་པའི་ཆོས་ཡིན་པའི་ཕྱིར་རོ། །བརྒྱད་པ་དབུས་མཐའ་ལས་གསུངས་པའི་བདེན་པ་
གཉིས་སུ་དབྱེ་བ་ནི། རགས་པ་ཀུན་རྫོབ་ལ་དབྱེ་ན་གསུམ་སྟེ། བཏགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་རྫོབ་དང༌། དེ་བཞིན་དུ་བརྗོད་པའི་ཀུན་རྫོབ་དང་གསུམ་མོ། །གསུམ་ལ་རགས་པ་ཞེས་བརྗོད་པར་བྱ་བ་ཡིན་ཏེ། ཀུན་རྫོབ་རྣམ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར། དེ་ལ་བཏགས་པའི་ཀུན་རྫོབ་ནི་ཀུན་བཏགས་དང༌། ཤེས་པའི་ཀུན་རྫོབ་ནི་གཞན་དབང་བརྗོད་པའི་ཀུན་རྫོབ་ནི་ཡོངས་གྲུབ་ལ་འདོད་པ་ཡོད་ཀྱང༌། འདིར་ཆོས་ཉིད་དོན་སྤྱི་ལ་བྱེད་དོ། །ཕྲ་བ་དོན་དམ་ལ་དབྱེ་ན་གསུམ་སྟེ། དོན་དོན་དམ་དང༌། ཐོབ་པ་དོན་དམ་དང༌། སྒྲུབ་པ་དོན་དམ་དང་གསུམ་དུ་འདོད་དོ། །དེ་ཡང་དོན་དམ་ནི་ཆོས་ཉིད་དེ་བཞིན་ཉིད་ཡིན་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །ཐོབ་པ་དོན་དམ་ནི་མྱ་ངན་ལས་འདས་སྟེ་ཐོབ་པ་དམ་པ་ཡིན་པའི་ཕྱིར་རོ། །སྒྲུབ་པ་དོན་དམ་ནི་ལམ་སྟེ། ཐར་བ་སྒྲུབ་བྱེད་དམ་པ་ཡིན་པའི་ཕྱིར་རོ། །དེ་ལས་དོན་དམ་དངོས་ནི་དོན་དོན་དམ་ཁོ་ན་ཡིན་ལ། ཐོབ་པ་དོན་དམ་དང་སྒྲུབ་པ་དོན་དམ་གཉིས་པོ་རྣམས་ཀྱང་གནས་སྐབས་སུ་རྣལ་འབྱོར་པའི་བླཽ་ངོར་གློ་བུར་གྱི་དྲི་མ་ཅི་རིགས་དང་བྲལ་བར་བྱ་བ་དང༌། དྲི་མ་དང་བྲལ་བ་ཐབས་མ་ནོར་བར་སྣང་ཞིང་སྣང་བ་ལྟར་དོན་ལའང་བསླུ་བ་མེད་པའི་ཕྱིར་དོན་དམ་དང་ཞེས་བརྗོད་པ་ཡིན་གྱི་དོན་དམ་དངོས་ནི་མ་ཡིན་ནོ། །དེ་ཡང་ཀུན་མཁྱེན་ཆེན་པོས། བདེན་གཉིས་གསལ་བའི་ཉི་མར། ཐོབ་པ་དོན་དམ་རྣམ་གྲངས་མ་ཡིན་པའི་དོན་དམ་
དུ་བཤད་པ་ནི་རང་བཞིན་གྱིས་མྱང་འདས་ལ་དགོངས་པ་ཡིན་ལ། འདིར་རྣམ་གྲངས་པའི་དོན་དམ་དུ་བཤད་པ་ནི་གློ་བུར་དྲི་བྲལ་གྱི་མྱང་འདས་ལ་དགོངས་པའོ། །ཀུན་བཏགས་གཟུང་འཛིན་གྱིས་བསྡུས་པའི་ཆོས་རྣམས་ནི་ཀུན་རྫོབ་ཏུ་ཡང་མེད་པར་བདེན་ལ། གཞན་དབང་རྣམ་ཤེས་ཙམ་ནི་ཀུན་བཏགས་གཟུང་འཛིན་གཉིས་དང་བྲལ་བར་བདེན་པ་སྟེ། ཀུན་བཏགས་ནི་མེད་པའི་སྟོང་ཉིད་གཞན་དབང་ནི་ཡོད་པའི་སྟོང་ཉིད། ཡོངས་གྲུབ་ནི་དོན་དམ་སྟོང་ཉིད་ཡིན་པའི་ཕྱིར། དེས་ན་ལུགས་འདིར་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ། སྟོང་ཉིད་ཡིན་ན་དོན་དམ་བབདེན་པ་ཡིན་པས་ཁྱབ་པ་ནི་མེད་དོ། །[གཞན་དབང་འཇོག་]ཞེས་བདེན་པ་གཉིས་ཀྱི་དོན་གཏན་ལ་དབབ་པར་རབ་ཏུ་བྱེད་པ་བདུན་པའི་རྣམ་པར་བཤད་པ་ཟིན་ཏོ།། །།༈ བརྒྱད་པ་ལམ་དང་འབྲས་བུ་བཤད་པ་ལ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ལམ་གྱི་རྟེན་དང༌། བརྟེན་པ་ལམ་མོ། །དང་པོ་ལ་ལུས་རྟེན་དང༌། སེམས་རྟེན་གཉིས་ལས། དང་པོ་ནི། མཚམས་མེད་ཀྱི་ལས་བསགས་པ་ལས་ཀྱི་སྒྲིབ་པ་ཅན་དང༌། ཟ་མ་སོགས་ཉོན་མོངས་པའི་སྒྲིབ་པ་ཅན་དང༌། ངན་སོང་གསུམ་དང་བདེ་འགྲོ་བ་ཡིན་ཡང་སྒྲ་མི་སྙན་པ་དང་ལྷ་ཚེ་རིང་པོ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་ཅན་ཏེ། དེ་རྣམས་ལམ་གྱི་རྟེན་དུ་མི་རུང་ལ། གཞན་འཁོར་ལོ་ཆེན་པོ་བཞི་དང་ལྡན་ཞིང་གླིང་གསུམ་གྱི་མི་དང་ལྷའི་རྟེན་ལ་སྐྱེའོ། །དམིགས་བསལ་ནི་ཐེག་པ་ཆེན་པོའི་ལུགས་ལ་ངན་འགྲོའི་ལུས་རྟེན་
ལ་སྐྱེ་བ་ཡོད་དེ། རྒྱ་མཚོའི་ཞུས་པར། ཀླུ་ཁྲི་ཉིས་སྟོང་སེམས་བསྐྱེད་པར་གསུངས་པ་དང༌། གཞན་ཤཱཀྱ་ཐུབ་པའི་དང་པོར་དམྱལ་བའི་རྟེན་ལ་སྨོན་སེམས་གསར་དུ་བསྐྱེད་པ་དང༌། ཟ་མ་ཏོག་ཏུ་ནི། འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་དང༌། སྲིན་པོའི་རིགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་གསུངས་པའི་ཕྱིར་རོ། །གནས་པའི་རྟེན་ནི། ཉན་ཐོས་པའི་ལུགས་ལ་ཁམས་གསུམ་ཅི་རིགས་པར་གནས་ཤིང༌། ཐེག་ཆེན་པའི་ལུགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་འགྲོ་བ་ཐམས་ཅད་ན་ཡོད་དོ། །སྤྱན་རས་གཟིགས་དམྱལ་བར་གཤེགས་པ་དང༌། སྐྱེ་རབ་ཏུ་དུད་འགྲོའི་ལུས་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་མང་དུ་འབྱུང་བ་དང༌། ཀླུའི་རྒྱལ་པོ་མ་དྲོས་ས་བཅུ་པར་གསུངས་པས་སོ། །གཉིས་པ་སེམས་རྟེན་ནི། ཚོགས་ལམ་དུ་ཐོས་བསམ་གཙོ་ཆེ་བས་འདོད་སེམས་ལ་བརྟེན་པ་དང༌། སྦྱོར་ལམ་ནི་བསམ་གཏན་ས་དྲུག་ལ་བརྟེན་ཅིང་མཐོང་ལམ་ཡང་ཆོས་མཆོག་དང་ས་གཅིག་པ་དེ་དང་འདྲ་ལ། སྒོམ་ལམ་ནི་བསམ་གཏན་བཞི་དང༌། གཟུགས་མེད་དང་པོ་གསུམ་ལ་རྟེན་ཅིང་མི་སློབ་ལམ་དང༌། ཁྱད་པར་བསེ་རུ་ལྟ་བུའི་ལམ་རྣམས་ནི་བསམ་གཏན་བཞི་པ་ལ་བརྟེན་པའོ། ཁྱད་པར་ཐེག་པ་ཆེན་པོའི་ལུགས་ལ་ནི་ཐེག་ཆེན་ཕལ་ཆེར་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་སྟེ། ཐེག་ཆེན་ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པར་གསུངས་སོ། །གཉིས་
པ་བརྟེན་པ་ལམ་ལ། མཚན་ཉིད་དང༌། མཚན་གཞི། དབྱེ་བ། ངེས་ཚིག་དང་བཞི་ལས། དང་པོ་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག །རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པའི་མཁྱེན་པ་ལམ་གྱི་མཚན་ཉིད། གཉིས་པ་མཚན་གཞི་ནི། བྱང་ཆུབ་འདོད་པས་ཀུན་ནས་བསླངས་པའི་བསླབ་པ་གསུམ་མོ། །གསུམ་པ་དབྱེ་བ་ནི། ཐེག་པ་གསུམ་གྱི་ལམ་གསུམ་དང༌། །འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ལམ་གཉིས་དང༌། མཉམ་གཞག་དང་རྗེས་ཐོབ་ཀྱི་ལམ་གཉིས་དང༌། སློབ་པ་དང་མི་སློབ་པའི་ལམ་གཉིས་དང༌། གཞན་ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་ལམ་དང་ལྔ་སྟེ་དབྱེ་སྒོ་མང་ངོ༌། །བཞི་པ་ངེས་ཚིག་ནི། མྱ་ངན་འདས་སར་བགྲོད་པའི་གཞི་གྱུར་བས་ལམ་ཞེས་བྱའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ལམ་བཤད་པ་དང༌། འབྲས་བུ་བཤད་པའོ། །དང་པོ་ལམ་བཤད་པ་ལ། ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་འགའ་ཞིག་དྲང་དོན་དུ་བསྟན་པ། ལམ་གྱི་ངོ་བོ་ངོས་བཟུང་པ། ལམ་གྱི་སྤང་བྱའི་དྲི་མ་དགུ་བསྟན་པ། དེ་དག་གི་གཉེན་པོ་ངོས་བཟུང་བ། གློ་བུར་དྲི་མ་རྣམས་དག་པའི་རྒྱུད་བཞི་བཤད་པ། ལམ་ཇི་ལྟར་བགྲོད་པའི་རིམ་པ་བསྟན་པའོ། །དང་པོ་ནི། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཐེག་པ་གསུམ་གྱིས་ཤེས་རབ་ཀྱི་རྟོགས་རིགས་ལ་ཁྱད་པར་མེད་
པར་གང་ཟག་གི་བདག་མེད་རྟོགས་པ་ཙམ་དུ་གཅིག་པ་ཉིད་དུ་འདོད་པ་དང༌། ཐེག་དམན་དགྲ་བཅོམ་པ་གཉིས་ཀྱི་སེམས་རྒྱུད་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པས་བསླད་པར་འདོད་པ་དང༌། ཉན་ཐོས་ལ་ཞུགས་པ་དང་འབྲས་བུ་ལ་གནས་པའི་གང་ཟག་བརྒྱད་ཡོད་ཀྱང་རང་རྒྱལ་དང་ཐེག་ཆེན་གཉིས་ལ་དེ་འདྲའི་གང་ཟག་བརྒྱད་མེད་པར་འདོད་པ་ལ་སོགས་པ་ལ་འགལ་བ་དུ་མ་འདུ་བས་སྒྲས་ཟིན་ལྟར་ཁས་ལེན་དུ་མི་རུང་བས་དྲང་དོན་ནོ། །དེ་ལ་འགལ་འདུ་ཇི་ལྟར་ཡོད་སྙམ་ན་ཁྱོད་ཀྱིས་ཐེག་པ་གསུམ་གྱི་རྟོགས་པ་གཅིག་ཏུ་འདོད་ན་སྤང་བ་ཡང་གཅིག་ཏུ་འདོད་དགོས་པས་དེས་ན་བྱང་སེམས་དགྲ་བཅོམ་པའི་ཐུགས་རྒྱུད་སྒྲིབ་པས་མ་བསླད་པ་བཞིན་དུ། ཉན་རང་དགྲ་བཅོམ་པའི་སེམས་རྒྱུད་ལ་ཡང་སྒྲིབ་པས་བསླད་པ་མེད་དགོས་པར་འགྱུར་བ་དང༌། ཉན་ཐོས་ལ་ཉོན་སྒྲིབ་སྤང་ཚུལ་གྱི་སྒོ་ནས་བཞག་པའི་རྒྱུན་ཞུགས་ལ་སོགས་པའི་གང་ཟག་ བརྒྱད་ཡོད་པ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་ཡོད་པར་འགྱུར་ཏེ། དེ་གསུམ ་གྱིས་སྒྲིབ་པའི་གཉེན་པོ་གང་ཟག་གི་བདག་མེད་སྒོམ་པ་ལ་ཁྱད་མེད་པའི་ཕྱིར་རོ། །གལ་ཏེ་ཉན་རང་གིས་ཀྱང་མི་ཤེས་པའི་མུན་པའི་གཉེན་པོ་གང་ཟག་གིས་བདག་མེད་རྟོག་པའི་ཤེས་རབ་བྱང་སེམས་དང་ཁྱད་མེད་དུ་རྟོགས་ཀྱང་མི་ཤེས་པའི་མུན་པ་མ་སྤང་ན། གཉེན་པོས་ཀྱང་སྤང་བྱ་འཇོམས་མི་ནུས་པར་ཐལ་བར་འགྱུར་ཏེ། དེས་ན་ཉི་མས་ཀྱང་མུན་པ་སེལ་མི་ནུས་ཞེས་སྨྲ་དགོས་སོ། །དེ་ནི་མ་ངེས་ཏེ། ཐེག་པ་གསུམ་གྱི་ཐབས་
ཀྱི་ཆ་ལ་ཁྱད་པར་ཡོད་དོ་ཞེ་ན། དེ་ལ་ནི་ཁྱད་ཡོད་ཀྱང་སྤང་བྱ་དངོས་ཀྱི་གཉེན་པོ་ནི་ཐབས་ཀྱི་ཆས་མི་བྱེད་དེ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་པས་གནོད་དོ། །དེ་བཞིན་དུ་དབུ་མ་ཐལ་འགྱུར་བ་ལ་ཡང་གནོད་བྱེད་དེ་དག་འབྱུང་སྟེ། ཐེག་པ་གསུམ་གྱི་ཤེས་རབ་རྟོགས་རིགས་གཅིག་ཏུ་འདོད་པའི་ཕྱིར་དེ། ཏཱ་ར་ནཱ་ཐས་དབུ་མ་རྒྱན་ལས། ཉན་ཐོས་པ་རྣམས་ཐེག་གསུམ་སྤངས་པ་གཅིག །ཅེས་འདོད་ཐལ་འགྱུར་བ་ཡང་དེ་རྗེས་འབྲང༌། །རྒྱུ་མཚན་བདག་མེད་གཉིས་རྟོགས་མཚུངས་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་མ་ཟད་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་ཉིད་ཀྱང་དྲང་བའི་དོན་ཡིན་ཏེ། ངེས་པའི་དོན་ལ་མཐར་ཐུག་གི་ཐེག་པ་གཅིག་པ་ཉིད་དུ་འདོད་པའི་ཕྱིར་དང༌། གཞན་ཡང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་རྣམས་དགོངས་པའི་གནད་གཅིག་ཡིན་ལ། ཁྱད་པར་གནས་སྐབས་ཐེག་པ་གསུམ་གྱི་ལམ་གྱི་བགྲོད་བྱ་སོ་སོར་ཡོད་ཀྱང༌། མཐར་ཐུག་གི་བགྲོད་བྱ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་དུ་གཅིག་པའི་ཕྱིར་ཏེ། ཐེག་པ་ཐམས་ཅད་མཐར་རྣམ་མཁྱེན་ལ་གཞོལ་ཞིང་འབབ་པ་ཤ་སྟག་ཡིན་པའི་ཕྱིར་ཏེ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལམ་གྱི་ངོ་བོ་ངོས་བཟུང་བ་ནི། ཕྱིར་ཐེག་པ་ཆེན་པོའི་བསམ་སྦྱོར་གཉིས་རྒྱུད་ལ་སྐྱེས་པའི་གང་ཟག་ཞིག་ལ་ཐེག་པ་ཆེན་པོའི་གང་ཟག་ཏུ་
འཇོག་པ་ཡིན་ལ། ཐེག་པ་ཆེན་པོའི་བསམ་སྦྱོར་ལ་ཡང་བྱང་ཆུབ་ཀྱི་སེམས་དང་སྦྱོར་བ་སྦྱིན་སོགས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་མང་དུ་ཡོད་མོད་ཀྱང་མདོར་བསྡུས་ན་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ནི་གཅིག་ཏུ་འདུ་སྟེ་དེ་ནི་བྱང་ཆུབ་ཀྱི་སེམས་སོ། །ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་བྱང་ཆུབ་ཀྱི་སེམས་དེ་ལ་གཉིས་སུ་ཕྱེ་ན་ཆོག་སྟེ། དེ་ནི་དོན་དམ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་གཉིས་ནི་རིམ་པ་བཞིན་དུ་གཟུང་འཛིན་གཉིས་ཀྱི་སྟོང་པའི་ཡེ་ཤེས་དང༌། སྙིང་རྗེ་ཆེན་པོའོ། །དེ་གཉིས་ལ་ཐབས་དང་ཤེས་རབ་ཅེས་ཀྱང་བྱ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། ཐབས་ནི་སྙིང་རྗེ་ཆེན་པོ་སྟེ། །དེ་ཡི་སྐྱེ་མེད་ཤེས་རབ་པོ། །ཞེས་དང༌། དེ་གཉིས་ཟུང་དུ་འབྲེལ་བ་ལ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ་སྟེ། དེ་ཉིད་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་ནི་རབ་ཏུ་བརྗོད། །ཅེས་གསུངས་སོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ལ་དེ་གཉིས་ནི་མེད་དུ་མི་རུང་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐའི་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལས་ཅུང་ཟད་རྒྱས་པར་ཕྱེ་ན་གསུམ་དུ་དབྱེར་ཡོད་དེ། དེ་གཉིས་ཀྱི་སྟེང་དུ་ཐབས་མཁས་པའི་སྒོ་ནས་སྦྱིན་པ་ལ་སོགས་པས་བསྡུས་
པའི་བསོད་ནམས་ཀྱི་ཚོགས་སྒོ་དུ་མ་ནས་བསྒྲུབས་པ་ཡིན་ལ། དེ་ཡང་ཐབས་ཤེས་གཉིས་སུ་མི་འདུ་བ་མིན་ཏེ། སྦྱྀན་སོགས་འགའ་ཞིག་ནི་ཐབས་དངོས་ཡིན་ལ། འགའ་ཞིག་ནི་ཤེས་རབ་ཀྱི་ཡན་ལག་གི་རྒྱུའི་ཚུལ་དུ་འདུ་སྟེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པའི་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལས་རྒྱས་པར་ཕྱེ་ན་ལམ་གྱི་ངོ་བོའམ་རྒྱུ་ལ་བཞི་ནི་ཡོད་པ་ཡིན་ཏེ། དེ་ཡང་དཔེར་ན་རྒྱལ་པོའི་སྲས་བསྐྲུན་པ་ལ་རྒྱུ་ས་བོན་དང༌། ལུས་བསྐྱེད་པར་བྱེད་པའི་མ་དང༌། མངལ་གནས་དང༌། བསྐྱེད་བསྲིང་བར་བྱེད་པའི་མ་མ་སྟེ་ཆོས་བཞི་ཚངས་དགོས་པ་བཞིན་དུ། འདིར་བྱང་ཆུབ་སེམས་དཔའི་རྒྱལ་བའི་སྲས་སུ་སྐྱེ་བ་ལ་རྒྱུ་ས་བོན་ལྟ་བུའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང༌། སོགས་སྒྲས་བསྡུས་པ། བསྐྱེད་པའི་མ་ལྟ་བུའི་བདག་མེད་རྟོགས་པའི་ཤེས་རབ་དང༌། འཕེལ་བར་བྱེད་པའི་མངལ་གནས་ལྟ་བུའི་བསམ་གཏན་དང༌། བསྐྱེད་བསྲིང་བར་བྱེད་པའི་མ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་སྟེ་ཆོས་བཞི་པོ་དེ་དག་ནི་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་སྲས་སུ་འགྱུར་བའི་རྒྱུ་ཡིན་ཏེ། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དག་བསམ་གཏན་ནི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ནི་གྲུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་
བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུར་གསུངས་ཀྱི། སངས་རྒྱས་ཀྱི་རྒྱུ་མ་ཡིན་ནོ་སྙམ་ན། དེ་ནི་སྐྱོན་མེད་དེ་བྱང་ཆུབ་སེམས་དཔའི་རྒྱུ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་རྒྱུར་ཡང་འགྱུར་ཏེ། སངས་རྒྱས་ནི་རྒྱལ་བའི་མྱུ་གུ་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་བྱང་ཆུབ་ཀྱི་རྒྱུ་བཞི་བཤད་པ་ནི་མི་འཐད་དེ། དཔལ་ལྡན་ཟླ་བ་གྲགས་པས། སྙིང་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་བློ་ཤེས་རབ་དང༌། བྱང་ཆུབ་ཀྱི་སེམས་གསུམ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུར་གསུངས་ཏེ། འཇུག་པ་ལས། སྙིང་རྗེའི་སེམས་དང་གཉིས་སུ་མེད་བླཽ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པའི་ཕྱིར་རོ་སྙམ་ན། དེ་ལྟར་རྒྱུ་གསུམ་དུ་འདོད་པ་འགའ་ཞིག་གིས་ནི་འཕགས་པ་ཀླུ་སྒྲུབ་ཀྱིས། བླ་མེད་བྱང་ཆུབ་ཐོབ་འདོད་ན། །ཞེས་སོགས་གོང་དུ་དྲངས་མ་ཐག་པའི་ཚིག་ལ་འཁྲུལ་ནས་དེ་ལྟར་འདོད་མོད་ཀྱང་དོན་ལ་འཐད་པ་མ་ཡིན་ཏེ། ཁྱོད་ཀྱིས་རྒྱུའི་མིང་གི་རྣམ་གྲངས་ཙམ་བརྗོད་པ་ཡིན་ན་ཐབས་མཁས་པའི་སྒོ་ནས་ཚོགས་བསགས་པ་ལ་སོགས་པ་རྣམས་དེར་མི་འདུ་བའི་ཆད་པའི་སྐྱོན་དང༌། གཞན་རྒྱུའི་གཙོ་བོ་བརྗོད་པར་འདོད་པ་ཡིན་ན། ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུའི་གཙོ་བོ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཡིན་པས་དེ་ཁོ་ན་བརྗོད་པར་རིགས་མོད་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་དབྱེ་བ་གཉིས་ནི་ལྷག་པར་འགྱུར་བའི་སྐྱོན་འབྱུང་ངོ༌། །གང་གི་
ཕྱིར་ཤེས་རབ་རྒྱུའི་གཙོ་བོ་ཡིན་ཞེ་ན། སློབ་དཔོན་དབྱིག་གཉེན་གྱི་མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་དང༌། སྤྱོད་འཇུག་ལས། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །ཞེས་སོགས་ལུང་མང་ངོ༌། །འོ་ན་འཕགས་པ་ཀླུ་སྒྲུབ་ཀྱིས་བླ་མེད་བྱང་ཆུབ་ཀྱི་རྒྱུར་གསུམ་དུ་གསུངས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། བྱང་ཆུབ་སེམས་ཞེས་པས་དབྱེ་གཞི་དང༌། སྙིང་རྗེ་དང་གཉིས་ལ་མི་བརྟེན་ཡེ་ཤེས་ཞེས་པས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དབྱེ་བ་བསྟན་པ་ནི་གོང་དུ་བཤད་པ་དག་གིས་ཤེས་ནུས་སོ། །གསུམ་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྒྲིབ་པས་ལམ་གྱི་སྤང་བྱ་དྲི་མ་དགུ་ནི། འདོད་ཆགས་ཀྱི་ས་བོན་དང༌། ཞེ་སྡང་གི་ས་བོན་དང༌། གཏི་མུག་གི་ས་བོན་ནམ་བག་ལ་ཉལ་ཏེ་རེ་རེ་བགྲངས་པས་གསུམ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གསུམ་མངོན་དུ་འགྱུར་བའི་ཀུན་ནས་ལྡང་བ་དྲག་པོ་དང༌། ཉན་རང་གི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མ་རིག་བག་ཆགས་ཀྱི་ས་དང༌། སློབ་པ་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐེག་ཆེན་མཐོང་སྤང་གི་དྲི་མ་དང༌། འཕགས་པ་སློབ་པའི་རྒྱུད་ལ་ཡོད་པའི་སྒོམ་སྤང་གི་དྲི་མ་དང༌། ས་དང་པོ་ནས་བདུན་པའི་བར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་མ་དག་ས་བདུན་ལ་བརྟེན་པའི་
དྲི་མ་དང༌། ས་ བརྒྱད་པ་ནས་བཅུ་པའི་བར་གྱྀ་མི་མཐུན་ཕྱོགས་སུ་གྱུར་པ་དག་པ་ས་གསུམ ་ལ་བརྟེན་པའི་དྲི་མ་སྟེ་དྲི་མ་རྣམ་པ་དགུའོ། །དེ་ལྟ་བུའི་དྲི་མ་རྣམ་པ་དགུ་ལས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ས་བོན་དང༌། ཀུན་ལྡང་དྲག་པོ་སྟེ་བཞི་ནི་རིམ་པ་བཞིན་དུ་པདྨའི་སྦུབ་དང༌། སོགས་སྒྲས་བསྡུས་པ་སྦྲང་མ་དང་སྤུན་པ་དང་འདམ་རྫབ་དང་བཞིའི་དཔེས་བསྟན་པ་ཡིན་ནོ། །མ་རིག་བག་ཆགས་ཀྱི་ས་ནི་ས་གཞིའི་དཔེ་གཅིག་གིས་བསྟན་ཏོ། །མཐོང་སྤང་དང་སྒོམ་སྤང་གཉིས་ནི་ཤུན་ལྡན་དང་གོས་རུལ་དྲི་མ་ཅན་ཏེ་དཔེ་གཉིས་ཀྱིས་བསྟན་ཏོ། །མ་དག་ས་བདུན་དང་དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་གཉིས་ནི་བུད་མེད་ཀྱི་མངལ་དང༌། ས་འདམ་ནག་པོ་སྟེ་དཔེ་གཉིས་ཀྱིས་ནི་རབ་ཏུ་བསྟན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་སྒྲིབ་པར་བྱེད་པའི་ཉེ་བའི་ཉོན་མོངས་པའི་སྦུབ་ཀྱི་དབྱེ་བ་ནི་རབ་ཏུ་ཕྱེ་ན་བརྒྱད་ཁྲི་བཞི་སྟོང་དང༌། དབྱེ་བ་བྱེ་བ་སོགས་མཐའ་ལས་འདས་པ་ཡོད་དོ། །བཞི་པ་སྤང་བྱ་དེ་དག་གི་གཉེན་པོ་ངོས་བཟུང་བ་ནི། འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱས་པའི་སོ་སོ་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཡོད་པའི་དུག་གསུམ་གྱི་བག་ལ་ཉལ་རྣམས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་མོད་ཀྱང༌། ཁྱད་པར་དུ་ངེས་འབྱུང་སྟེ་མི་སྡུག་པའི་ཏིང་ངེ་འཛིན་[དམིགས་མེད་]སྤྲོས་བྲལ་གྱི་རྣམ་པ་ཅན་དང༌། སྙིང་རྗེ་ཆེན་པོའི་སེམས་སྤྲོས་བྲལ་གྱི་རྣམ་པ་ཅན་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་
འབྱུང་ལྡོག་གི་དོན་ཤེས་ཤིང་སྒོམ་པའི་བློ་སྤྲོས་བྲལ་གྱི་རྣམ་པ་ཅན་རྣམས་ནི་དུག་གསུམ་གྱི་བག་ལ་ཉལ་འཇོམས་པ་ལ་ལྷག་པར་སྟོབས་དང་ལྡན་པ་ཡིན་ཏེ། དཔེར་ན་ག་བུར་ནི་ཚ་ནད་འཇོམ་པ་ལ་ལྷག་པར་གཉེན་པོ་སྟོབས་ལྡན་བཞིན་ནོ། །འདོད་ཆགས་དང་མ་བྲལ་བའི་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པའི་དུག་གསུམ་མངོན་གྱུར་གྱི་གཉེན་པོ་ནི་ཞི་རགས་རྣམ་ཅན་དུ་གྱུར་པའི་ལམ་ཤིན་སྦྱང་ཁྱད་པར་ཅན་གྱིས་ཟིན་པའི་ཏིང་ངེ་འཛིན་གྱི་ཞི་གནས་དང༌། སྤྲོས་བྲལ་གྱི་རྣམ་པ་ཅན་མ་ཡིན་པའི་[འཛིན་སྟངས་ཅན་]མི་སྡུག་པའི་ཏིང་ངེ་འཛིན་སོགས་གསུམ་ཀྱང་ཡིན་ནོ། །མ་རིག་བག་ཆགས་ཀྱི་ས་དང༌། མཐོང་སྤངས་དང་སྒོམ་སྤང་གསུམ་གྱི་གཉེན་པོ་བདག་མེད་མངོན་སུམ་རྟོག་པའི་ཡེ་ཤེས་ཡིན་ལ། ཁྱད་པར་མ་རིག་བག་ཆགས་ཀྱི་སའི་གཉེན་པོ་བླ་ན་མེད་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་[རྣམ་མཁྱེན་]དེ་ཡིན་ནོ། །དེ་ཡང་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱིས་སྒྲིབ་པའི་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས་སེམས་ཅན་གྱི་དོན་བྱེད་པ་ལ་ལྟོས་མི་དགོས་པར་འབད་མེད་ལྷུན་གྲུབ་ཏུ་བསྒྲུབ་ནུས་པ་ནི། སངས་རྒྱས་འབའ་ཞིག་གི་ཁྱད་ཆོས་ཡིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཞོམ་བྱར་གསུངས་པ་ཡིན་གྱི། རྣམ་མཁྱེན་སྐད་ཅིག་དང་པོ་བར་ཆད་མེད་ལམ་དུ་བྱས་ནས་དེ་དངོས་སུ་སྤོང་བར་བྱེད་པའི་དོན་མ་ཡིན་པ་ནི་ཤེས་པར་བྱའོ། །མ་དག་ས་བདུན་ལ་བརྟེན་པའི་
སྤང་བྱའི་གཉེན་པོ་ནི་དག་ས་བའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རིག་པའི་ཡེ་ཤེས་ཡིན་ལ། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་ནི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དག་ས་བའི་རྒྱུད་ཀྱི་སྟོང་པ་ཉིད་མངོན་སུམ་དུ་རིག་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །དེས་ན་དྲི་མ་དགུ་པོ་དེ་དག་གི་གཉེན་པོའི་ལམ་རྣམས་སྒོམ་པ་ལ་སྦྱོར་བའི་བརྩོན་འགྲུས་བསྐྱེད་པར་བྱ་དགོས་སོ། །ངེས་འབྱུང་དང༌། སྙིང་རྗེ་ཆེན་པོ་དང༌། རྟེན་འབྲེལ་དང༌། ཞི་གནས་དང་བཞི་ནི་རིམ་པ་བཞིན་ཆགས་སོགས་བཞིའི་གཉེན་པོ་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི། བར་བ་གསུམ་གྱི་གཉེན་པོ་དང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི། ཐ་མ་གཉིས་ཀྱི་གཉེན་པོར་གོང་དུ་བཤད་པ་བཞིན་སྦྱར་ཤེས་པ་བྱའོ། །རྒྱུད་བླ་མའི་འགྲེལ་པ་དང༌། འདིར་བཤད་པའི་གཉེན་པོའི་ངོས་འཛིན་རྣམས་ཅུང་ཟད་མི་མཐུན་ཀྱང་དོན་གཅིག་ཏུ་འབབས་པས་ཚ་གྲང་ལྟར་འགལ་བར་འཛིན་པར་མི་བྱའོ། །ལྔ་པ་གློ་བུར་དྲི་མ་རྣམས་དག་པའི་ཐབས་མོས་པ་སོགས་བཞི་བཤད་པ་ལ་སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་སྤྱིའི་དོན་ལ། དྲི་མ་རྣམས་དག་པའི་གཞི་ངོས་བཟུང་བ་དང༌། བདེ་གཤེགས་སྙིང་པོ་མཚོན་བྱེད་ཀྱི་དཔེ་དགུ་བསྟན་པ་དང༌། དཔེ་དེ་དག་གིས་མཚོན་པར་བྱ་བའི་ཆོས་གསུམ་དུ་ཕྱེ་བ་དང༌། ཕྱེ་བ་དེ་དག་གིས་དོན་སོ་སོར་བཤད་པའོ། །དང་པོ་ནི། གདོད་ནས་སྤྲོས་པ་ཐམས་
ཅད་དང་བྲལ་ཞིང་རྣམ་པ་ཀུན་དང་ལྡན་པའི་དོན་དམ་འོད་གསལ་ཆོས་ཀྱི་དབྱིངས་[རྒྱུ་རྐྱེན་གྱིས་མ་བསྐྱེད་པར་ཡེ་ནས་ལྷན་སྐྱེས་སུ་ཡོད་པས་ནི་]རང་བྱུང་གི་ཡེ་ཤེས་དེ་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལ་མཐར་ཐུག་གི་སངས་རྒྱས་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་འོད་གསལ་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས། བདེ་བ་ཆེན་པོ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་དང་གནས་སུ་གསུངས་ཤིང༌། ཡང་དག་པར་ན་ཆོས་ཐམས་ཅད་ཀྱི་སྟོང་པའི་གཞི་དང༌། དབེན་པའི་གཞི་དང༌། དྲི་མ་ཐམས་ཅད་ཀྱི་དག་པའི་གཞིར་ཡང་གསུངས་ལ། ཆོས་ཀྱི་སྐུའི་ཡོན་ཏན་གངྒཱ་ཀླུང་གི་བྱེ་མ་སྙེད་ལས་འདས་པ་རྣམས་རང་བཞིན་དབྱེར་མེད་དུ་ལྡན་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་བཞིན་གཤེགས་པའི་སྙིང་པོ་མཚོན་བྱེད་ཀྱི་དཔེ་དགུ་ནི། མཚན་དཔེའི་བརྒྱན་པའི་སངས་རྒྱས་ཀྱི་སྐུ་དང༌། རོ་བཅུད་དང་ལྡན་པའི་སྦྲང་རྩི་དང༌། འབྲས་ལ་སོགས་པའི་སྙིང་པོ་དང༌། གཞན་དུ་མི་འགྱུར་བའི་གསེར་སྒྲོམ་དང༌། ཟད་མི་ཤེས་པའི་གཏེར་ཆེན་པོ་དང༌། འབྲས་བུ་དང་བཅས་པའི་ལྗོན་ཤིང་དང༌། རིན་པོ་ཆེའི་སྐུ་གཟུགས་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། གསེར་བཟང་པོའི་གཟུགས་བརྙན་རྣམས་སོ། །གསུམ་པ་དཔེ་དེ་དག་གིས་མཚོན་པར་བྱ་བའི་ཆོས་གསུམ་དུ་ཕྱེ་བ་ནི། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་ནི་གསུམ་སྟེ། རང་བྱུང་གི་ཡེ་ཤེས་ཆོས་སྐུ་དང༌། གཞན་
དུ་མི་འགྱུར་བའི་དེ་བཞིན་ཉིད་དང༌། སངས་རྒྱས་འགྲུབ་པའི་རིགས་ཏེ་གསུམ་མོ། །བཞི་པ་དབྱེ་བ་དེ་དག་གི་དོན་སོ་སོར་བཤད་པ་ལ་གསུམ་སྟེ། ཆོས་སྐུའི་དཔེ་དོན་བསྟན་པ། དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ། རིགས་ཀྱི་དཔེ་དོན་བཤད་པའོ། །དང་པོ་ཆོས་སྐུའི་དཔེ་དོན་ལ་གཉིས། ཆོས་སྐུའི་དབྱེ་བ་བཤད་པ། དེ་དག་དཔེ་དང་སྦྱར་བའོ། །དང་པོ་ཆོས་སྐུ་ལ་དབྱེ་ན་གཉིས་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་ཉིད་སངས་རྒྱས་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནི་རྟོགས་པ་ཆོས་སྐུ་དང༌། གཞན་འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡིད་ལ་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེའི་ཚོགས་པ་ལུང་གི་ཆོས་རྣམས་ནི་བསྟན་པ་ཆོས་ཀྱི་སྐུ་དང་གཉིས་ཏེ། དང་པོ་ནི་ཆོས་སྐུ་མཚན་ཉིད་པ་དང༌། གཉིས་པ་ནི་བཏགས་པའོ། །བསྟན་པ་ཆོས་སྐུ་དེ་ལ་དབྱེ་ན་གཉིས་ཏེ། ཟབ་མོའི་དོན་དམ་བདེན་པ་སྟོན་པའི་ངེས་དོན་གྱི་མདོ་སྡེ་རྣམས་དང༌། ཕུང་ཁམས་སོགས་ཀུན་རྫོབ་སྣ་ཚོགས་པའི་ཚུལ་སྟོན་པ་དྲང་དོན་གྱི་མདོ་སྡེ་རྣམས་སོ། །ཆོས་སྐུ་ལ་དངོས་བཏགས་ཕྱེ་ན་རྟོགས་པ་ཆོས་སྐུ་གཅིག་དང་བསྟན་པ་ཆོས་སྐུ་གཉིས་ཏེ། གསུམ་ཡོད་དོ། །གཉིས་པ་དེ་དག་དཔེ་དང་སྦྱར་བ་ནི། ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་རྟོགས་པ་ཆོས་སྐུ་ནི་པདྨའི་ནང་ན་གནས་པའི་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་དང་ཆོས་མཚུངས་པར་བསྟན་པ་དང༌། ཟབ་དོན་
སྟོན་པའི་ངེས་དོན་གྱི་མདོ་སྡེ་རྣམས་ཀྱིས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་སྟོན་པ་ནི་སྦྲང་རྩི་རྣམས་མངར་བའི་རོ་གཅིག་པ་དང་མཚུངས་པར་བསྟན་པ་དང༌། ཀུན་རྫོབ་སྣ་ཚོགས་པའི་ཚུལ་སྟོན་པའི་དྲང་དོན་གྱི་མདོ་སྡེ་རྣམས་ཀྱིས་བདེ་གཤེགས་སྙིང་པོ་རྟོགས་པའི་ཆེད་དུ་གདུལ་བྱ་སྣ་ཚོགས་པའི་བསམ་པ་དང་བསྟུན་ནས་གསུངས་པ་རྣམས་ནི་ཤུན་པ་སྣ་ཚོགས་པའི་སྦུབ་ན་ཉེ་བར་སྤྱད་བྱའི་འབྲས་བུའི་སྙིང་པོ་གནས་པ་དང་ཆོས་མཚུངས་པར་བསྟན་པའོ། །གཉིས་པ་དེ་བཞིན་ཉིད་ཀྱི་དཔེ་དོན་ནི། སེམས་ཀྱི་རང་བཞིན་ལས་ཉོན་སོགས་དང་རྗེས་སུ་འབྲེལ་ན་ཡང་རང་གི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་རྣམ་པ་གཞན་དུ་འགྱུར་བ་མེད་པས་ན་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ནི་མི་གཙང་བའི་ནང་ན་གནས་པའི་གསེར་གྱི་ཁ་དོག་སོགས་གཞན་དུ་མི་འགྱུར་བ་སོགས་དང་ཆོས་མཚུངས་པར་བསྟན་པའོ། །གསུམ་པ་རིགས་ཀྱི་དཔེ་དོན་བཤད་པ་ལ་གསུམ་སྟེ། རིགས་གཉིས་དཔེ་ཡིས་བསྟན་པ། དེ་ལས་སྐུ་གསུམ་ཐོབ་ཚུལ། དེ་རྣམས་དཔེ་དང་སྦྱར་བའོ། །དང་པོ་རིགས་གཉིས་དཔེ་ཡིས་བསྟན་པ་ནི། དཔེར་ན་ཟད་མི་ཤེས་པའི་གཏེར་ནི་འབད་རྩོལ་གྱིས་མ་བསྒྲུབ་པར་ས་འོག་ན་དང་པོ་ནས་གནས་པ་བཞིན་དུ་ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་དུ་གནས་པའི་ཁམས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་གདོད་མ་ནས་རང་ལ་གནས་པ་ནི་རང་བཞིན་དུ་གནས་པའི་རིགས་དང༌། སྐྱེ་བོས་འབད་
རྩོལ་གྱིས་སྒྲུབ་པའི་འབྲས་བུ་ཅན་གྱི་ལྗོན་ཤིང་སྐྱེད་ཚལ་དུ་རིམ་གྱིས་འབྱུང་བ་བཞིན་དུ། རང་བཞིན་གྱི་རིགས་ལ་དམིགས་ཏེ་ཐོས་བསམ་ལ་སོགས་པར་བྱས་པའི་འབད་རྩོལ་གྱི་གསར་དུ་ཡང་དག་པར་བླངས་བ་ལས་བྱུང་བའི་དགེ་བ་རྣམས་ནི་རྒྱས་འགྱུར་གྱི་རིགས་ཉིད་ཡིན་ནོ། །གཉིས་པ་དེ་ལས་སྐུ་གསུམ་ཐོབ་ཚུལ་ནི། རྒྱུ་རང་བཞིན་དང་རྒྱས་འགྱུར་གྱི་རིགས་འདི་གཉིས་ལས་འབྲས་བུ་སྐུ་གསུམ་ཐོབ་པ་ཡིན་ལ། དེ་ཡང་རང་བཞིན་དུ་གནས་པའི་རིགས་དེ་ཉིད་ཡེ་ཤེས་ཀྱི་ཚོགས་ལ་གོམས་པ་མཐར་ཕྱིན་པར་བྱས་ནས་གློ་བུར་དྲི་མ་ཐམས་ཅད་དང་བྲལ་ཏེ་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུ་ཐོབ་པ་དང༌། སྤྱོད་པ་བསོད་ནམས་ཀྱི་ཚོགས་ལ་གོམས་པ་མཐར་ཕྱིན་པར་བྱས་པས་རྒྱས་འགྱུར་གྱི་རིགས་འཕེལ་བ་ལས་གདུལ་བྱ་ཉེ་བ་དང་རིང་བ་ལ་སྣང་བའི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་པོ་ཐོབ་པ་ཡིན་ནོ། །གསུམ་པ་དཔེ་དོན་སྦྱར་བ་ནི། དོན་དམ་པའི་ངོ་བོ་ཉིད་ཀྱི་སྐུ་ནི། དཔེ་བདུན་པ་རིན་ཆེན་ལས་གྲུབ་པའི་སྐུ་དང་འདྲ་སྟེ། དེ་ནི་གདོད་མ་ནས་རང་བཞིན་གྱིས་གྲུབ་ཅིང་འབད་རྩོལ་གྱིས་གསར་དུ་བྱས་པ་མིན་པ་དང༌། སྟོབས་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་ཟད་མི་ཤེས་པ་རྣམས་ཀྱིས་གཏེར་ལྟ་བུ་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། དཔེ་བརྒྱད་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོས་རིན་ཆེན་
སྣ་བདུན་དང་གླིང་བཞི་ལ་སོགས་པའི་འབྱོར་བ་ལ་ལོངས་སྤྱོད་པ་བཞིན་དུ། ལོངས་སྤྱོད་རྫོགས་པའི་སྐུས་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་རོ། །གདུལ་བྱ་ལ་ཐུན་མོང་དུ་སྣང་བ་སྤྲུལ་པའི་སྐུ་ནི། དཔེ་དགུ་པ་གསེར་གྱི་གཟུགས་བརྙན་དང་འདྲ་སྟེ། གདུལ་བྱ་སྣ་ཚོགས་པའི་བླཽའི་མེ་ལོང་གི་ངོར་གང་ལ་གང་འདུལ་གྱི་གཟུགས་བརྙན་སྣ་ཚོགས་པ་ཤར་བའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་ལྔ་སྟེ། ཆོས་གསུམ་ཤེས་པ་ལས་མོས་པ་སོགས་དགེ་བ་བཞི་ཐོབ་པའི་ཚུལ་དང༌། མོས་སོགས་དགེ་བ་བཞི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཐོབ་པའི་ཚུལ་དང༌། དགེ་བ་ཕྱི་མ་རྣམས་ཀྱི་དབྱེ་བ་བཤད་པ་དང༌། ཆོས་འདི་ལ་སྐྱོན་ལྔ་མེད་ཚུལ་དང་ཕན་ཡོན་ལྔ་ཐོབ་པའི་ཚུལ་བཤད་པའོ། །དང་པོ་ལ་བཞི་ལས། དང་པོ་ནི་པདྨའི་ནང་ན་གནས་པའི་སངས་རྒྱས་ཀྱི་སྐུ་སོགས་དཔེ་གསུམ་གྱིས་མཚོན་པའི་ཆོས་སྐུ་གསུམ་གྱི་དོན་ཤེས་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཐོབ་སྟེ། དོན་དམ་ཆོས་ཀྱི་སྐུ་རང་ལ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པར་ཡིད་ཆེས་པས་རྟོགས་པའི་ཆོས་ལ་མོས་པ་དང༌། ཟབ་པ་དང་རྒྱ་ཆེ་བའི་དོན་སྟོན་པའི་ལུང་གི་ཆོས་བསྟན་པ་ཆོས་སྐུ་དེ་ཉིད་རྟོགས་པ་ཆོས་སྐུ་རང་ལ་ཡོད་པ་དེ་མངོན་སུམ་དུ་བྱེད་པའི་ཐབས་མ་ནོར་བར་ཡིད་ཆེས་པ་ནི་ལུང་གི་ཆོས་ལ་མོས་པ་ཡིན་པའི་ཕྱིར་རོ། །འདིར་བསྟན་པའི་མོས་པ་ནི་ཡིད་ཆེས་ཀྱི་དད་པ་ལ་བྱ་སྟེ། དད་པ་ནི་
དཀར་ཆོས་ཐམས་ཅད་ཀྱི་རྩ་བར་གསུངས་པའི་ཕྱིར་རོ། །གཉིས་པ་གསེར་གྱི་དཔེས་མཚོན་པའི་དེ་བཞིན་ཉིད་ཤེས་པ་ནི། ཤེས་རབ་དམ་པ་ཡིན་ཏེ། དེ་བཞིན་ཉིད་ཤེས་པའི་ཤེས་རབ་ནི་གནས་ལུགས་མཐར་ཐུག་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གསུམ་པ་གཏེར་དང་ལྗོན་ཤིང་གི་དཔེས་མཚོན་པའི་རང་བཞིན་དུ་གནས་པའི་རིགས་དང་རྒྱས་འགྱུར་རིགས་གཉིས་ཀྱི་གནས་ཚུལ་ཤེས་ན། རང་བཞིན་དུ་གནས་པའི་རིགས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་གདོད་མ་ནས་རང་ལ་ཡོད་པར་ཤེས་ཤིང་དེ་མངོན་སུམ་དུ་བྱེད་པ་ལ་ཐོས་བསམ་སོགས་ཡང་དག་པར་གསར་དུ་བླངས་པ་[འམ་གོམས་པར་བྱས་པ་]ལས་བྱུང་བའི་དགེ་བ་རྒྱས་འགྱུར་གྱི་རིགས་ལ་ནན་ཏན་དུ་གནས་དགོས་པར་རིགས་ནས་ཞི་ལྷག་ཟུང་འབྲེལ་གྱི་བསམ་གཏན་སྒོམ་པ་ལ་སྦྱོར་བ་འབྱུང་བའོ། །བཞི་པ་ནི། རྒྱུད་བླ་མ་ལས། རིགས་འདི་གཉིས་ལ་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །ཞེས་སོགས་ཀྱི་དོན་གོང་དུ་བཤད་པ་བཞིན་ངོ་བོ་ཉིད་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུ་སྟེ་སྐུ་གསུམ་ནི་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ལས་འབྱུང་བར་ཤེས་ན། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེའི་བློ་འཇུག་པ་འབྱུང་སྟེ། ལུས་ཅན་རྣམས་སྐུ་གསུམ་འབྱུང་རུང་གི་རིགས་དང་ལྡན་ཡང་རྨོངས་པའི་དབང་གིས་དེ་ལྟར་མ་རྟོགས་པའི་འགྲོ་བ་འདི་རྣམས་སྙིང་རེ་རྗེ་སྙམ་པའི་བློ་སྐྱེ་བའི་ཕྱིར་རོ། །གཉིས་པ་
མོས་སོགས་དེ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བའི་ཚུལ་ནི། དོན་དམ་ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ལུས་ཅན་ཐམས་ཅད་ལ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པར་ངེས་པར་ཤེས་ན། དེ་ལ་དད་པ་སྐྱེས་ཤིང༌། དེ་ལ་སྙིང་པོ་དེ་ཉིད་བརྗོད་བྱར་སྟོན་པའི་ཐེག་པ་ཆེན་པོའི་ལུང་གི་ཆོས་ལ་མོས་པ་སྐྱེས་པ་ཡིན་ཏེ། རྗེས་དྲན་གསུམ་འབྱུང་བའི་སྒོ་ཡང་བདེ་གཤེགས་སྙིང་པོ་ལུས་ཅན་ཀུན་ལ་ཁྱབ་པར་ཤེས་པ་དེ་ཡིན་པའི་ཕྱིར་ཏེ། ཡོན་ཏན་ཐམས་ཅད་དེའི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེས་ན་བདེ་གཤེགས་སྙིང་པོ་དང་དེ་སྟོན་པའི་ཆོས་ལ་མོས་པ་ལས་ཐེག་པ་ཆེན་པོའི་གསུང་རབ་ཀྱི་བརྗོད་བྱའི་གཙོ་བོ་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་འབྱུང་བ་དང༌། དེ་དག་གི་རྗེས་སུ་ཉོན་མོངས་ཀྱི་སྒྲིབ་པ་སོགས་ཟིལ་གྱིས་གནོད་པར་བྱེད་པའི་གཉེན་པོ་ཡང་རྒྱུད་ལ་སྐྱེས་པ་ཡིན་ཏེ། དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་བསམ་གཏན་དེ་ཡིན་པའི་ཕྱིར་རོ། །དེ་ནས་དེ་ལྟར་རང་གིས་ཤེས་པ་ནི་བདེ་གཤེགས་སྙིང་པོ་ལུས་ཅན་ཀུན་ལ་ཡོད་པར་མ་ཤེས་པ་དང་སྙིང་པོ་ཡོད་པར་ཤེས་པ་ལ་མོས་སོགས་དགེ་བའི་ཆོས་རྣམས་འབྱུང་བར་མ་རྟོགས་པའི་འགྲོ་བ་གཞན་རྣམས་ལ་སྙིང་རྗེ་ཚད་མེད་པ་སྐྱེས་པ་ཡིན་ནོ། །གསུམ་པ་དགེ་བ་ཕྱི་མ་གསུམ་གྱི་དབྱེ་བ་བཤད་པ་ལ་གསུམ་ལས། དང་པོ་ཤེས་རབ་ལ་གཉིས་ཏེ། ཡུལ་སྟོང་པ་ཉིད་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ལ་ཡོད་མེད་ཡིན་མིན་འགྲོ་
འོང་རྟག་ཆད་སོགས་ཀྱི་སྤྲོས་པའི་མཐའ་རྣམས་འགོག་པའི་ཤེས་རབ་དང༌། མཉམ་བཞག་གི་ཚེ་ན་ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ལ་བདེན་པར་འཛིན་པ་སོགས་ཀྱི་བློ་ནི་མཚན་མར་འཛིན་པ་ཡིན་པས་དེ་འགོག་པར་བྱེད་པའི་ཤེས་རབ་སྟེ་ལྡོག་ཆའི་དབྱེ་བས་ཕྱེ་ན་གཉིས་སུ་ཡོད་དོ། །གཞན་དོན་དམ་པའི་གཟུགས་དང་དོན་དམ་པའི་མིག་ལ་བརྟེན་ནས་དོན་དམ་པར་རྟོགས་པའི་ཤེས་རབ་སྐྱེ་བ་དང༌། སོགས་སྒྲས་བསྡུས་པའི་དོན་དམ་པའི་རྣ་བ་དང་སྒྲ་ལ་བརྟེན་ནས་ཤེས་རབ་སྐྱེ་བ་སོགས་ཡོད་པ་ནི། གནས་ལུགས་དོན་དམ་ཆོས་ཀྱི་དབྱིངས་མཐོང་ཚུལ་མཐར་ཐུག་དབུ་མ་འདི་ཡི་ལུགས་ཀྱི་ཐུན་མོང་མ་ཡིན་པར་འདོད་པ་ཡིན་ནོ། །གལ་ཏེ་མིག་དང་གཟུགས་ལ་བརྟེན་ནས་དོན་དམ་པར་རྟོགས་པའི་ཤེས་རབ་སྐྱེ་བ་མི་འཐད་དོ་སྙམ་ན། འཐད་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་སྣང་བ་འབྱུང༌། །སྐྱེ་མེད་འགག་མེད་དེ་ཉིད་ལས། །ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་བསམ་གཏན་ལ་དབྱེ་ན་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་དང༌། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དང༌། དེ་བཞིན་གཤེགས་པ་དགེ་བའི་བསམ་ཏན་དང་བཞིའོ། །དེ་ཡང་ཚོགས་ལམ་གྱི་གནས་སྐབས་སུ་འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་
བ་དང༌། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་དོན་རྣམས་ཡང་ཡང་གོམས་པ་ལས། དེ་དག་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱའོ། །དེ་ནས་ཐེག་ཆེན་སྦྱོར་ལམ་གྱི་སྐབས་སུ་གཟུགས་སོགས་བཟུང་བ་རང་བཞིན་གྱིས་མེད་པ་དང༌། མིག་ཤེས་སོགས་འཛིན་པ་རང་བཞིན་གྱིས་མེད་པ་གཉིས་ལ་གསལ་སྣང་རིམ་པས་རྙེད་པ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་ནོ། །དེ་ནས་མཐོང་ལམ་ནས་བཟུང་སྟེ། ས་བཅུ་བའི་བར་ཏུ་ཆོས་ཉིད་བདེ་གཤེགས་སྙིང་པོ་ལ་ཀུན་རྫོབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པ་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་བྱའོ། །དེ་ནས་བདེ་གཤེགས་སྙིང་པོ་རྣམ་པ་ཀུན་དང་ལྡན་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི། དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་ཞེས་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་ཕྲ་མོ་ཙམ་ནི་ས་དང་པོ་ནས་བདུན་པའི་བར་དུ་ཡོད་ལ། དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་ནི་རིམ་པ་བཞིན་དུ་ས་བརྒྱད་པ་དང༌། དགུ་པ་དང་བཅུ་པ་རྣམས་ལ་ཡོད་དོ། །དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་མཐར་ཐུག་པ་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །གསུམ་པ་སྙིང་རྗེ་ལ་དབྱེ་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ་དང༌། དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་དང་གསུམ་མོ། །དེ་ཡང་བདག་དང་སེམས་ཅན་དང༌། གང་ཟག་ཏུ་འཛིན་པ་ཆེད་དུ་བཀག་པ་མ་ཡིན་
པར་སེམས་ཅན་ཙམ་ལ་དམིགས་ནས། རྣམ་པ་ད་ལྟར་ཡོད་པའི་སྡུག་བསྔལ་དང་བྲལ་ཞིང་ཕྱིན་ཆད་ཀྱང་སྡུག་བསྔལ་འབྱུང་བའི་སྒོ་འགོག་པར་འདོད་པའི་བརྩེ་བ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ་ནི་ཐེག་པ་ཆེན་པོའི་ཆོས་མདོ་སྡེའི་སྡེ་སྣོད་ལས་གསུངས་པ་ལྟར་གདགས་གཞི་ཕུང་སོགས་ལ་གང་ཟག་བཏགས་པ་ཙམ་དུ་ཤེས་ནས་ཆོས་ཕུང་པོ་སོགས་ཀྱི་[སྐད་གཅིག་མ་སྔ་ཕྱིའི་]རྒྱུན་ལ་དམིགས་ནས་རྣམ་པ་ཕུང་པོ་སོགས་ཀྱི་རྒྱུན་ལ་སྡུག་བསྔལ་བྲལ་འདོད་ཀྱི་བརྩེ་བ་དེ་ཡིན་གྱི། གཞན་གྱི་འདོད་པ་ལྟར་ཆོས་ལ་དམིགས་པར་འཇོག་པ་ལ། ཕུང་པོ་སོགས་ཆོས་སུ་བདེན་པར་འཛིན་པ་དགོས་ཟེར་བ་ནི་ཡང་དག་པ་མ་ཡིན་ནོ། །སེམས་ཅན་དང་ཕུང་པོ་སོགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་ནས། སེམས་ཅན་དང་ཆོས་སུ་སྣང་བ་ཙམ་དུ་འཁྲུལ་བ་རྣམས་གནས་ལུགས་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཟད་པར་བཞེད་པ་ཙམ་ནི་དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེའོ། །དམིགས་པ་མེད་པའི་དོན་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ལ་དམིགས་པའི་ཕྱིར་དམིགས་མེད་ལ་དམིགས་པ་དང༌། ཡང་ན་སེམས་ཅན་དང་ཆོས་སུ་སྣང་བའི་འཁྲུལ་བ་རྣམས་ནི་དམིགས་པ་ཡིན་ལ། དེ་དག་ཟད་པའི་སྙིང་རྗེ་ནི་དམིགས་པ་མེད་པའོ། །དེ་ཡང་སྡུག་བསྔལ་ཅན་གྱི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པ་དང༌། གང་ཟག་གི་བདག་མེད་དང་ཀུན་རྫོབ་ཀྱི་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་རྒྱུ་མཚན་
ཅན་ནམ་དེའི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལས། བདེ་གཤེགས་སྙིང་པོ་ལ་དམིགས་ནས་དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རེ་རྗེ་སྙམ་པ་ནི་གཞན་ལས་ཁྱད་པར་དུ་འཕགས་པའི་སྙིང་རྗེའོ། །དེ་བཞིན་དུ་མི་རྟག་པ་དང༌། གང་ཟག་གི་བདག་མེད་པ་དང༌། ཀུན་རྫོབ་ཀྱི་ཆོས་རྣམས་རང་བཞིན་གྱིས་སྟོང་པ་དང༌། བདེ་གཤེགས་སྙིང་པོ་སྤྲོས་པ་མཐའ་དག་གིས་སྟོང་པ་རྣམས་རང་རང་གི་དགག་བྱ་རྣམས་ཀྱི་སྟོང་པའི་སྟོང་པ་ཉིད་ཀྱི་ཚུལ་ལ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཡིན་ལ། སྒོམ་པ་ལ་ཡང་མི་རྟག་པ་སྒོམ་པ་ལས། གང་ཟག་གི་བདག་མེད་སྒོམ་པ་མཆོག་དང༌། དེ་ལས་ཀུན་རྫོབ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་སྒོམ་པ་མཆོག་དང་དེ་ལས་ཀྱང་བདེ་གཤེགས་སྙིང་པོ་སྤྲོས་བྲལ་རྣམ་པ་ཐམས་ཅད་པ་ལ་དམིགས་ནས་སྒོམ་པས་ནི་[ཇེ་བས་ཇེ་ཟབ་ཏུ་]ངེས་དོན་གྱི་ལམ་མཆོག་མཐར་ཐུག་ཡིན་པས་ཆེས་ཁྱད་པར་འཕགས་པའོ། །དེའི་ཕྱིར་ཐེག་པ་གསུམ་གྱིས་ས་སྟེ་རྟོགས་རིགས་ལ་ཡང་མཆོག་དམན་གྱི་དབྱེ་བའི་ཁྱད་པར་ཆེ་ལ། ཁྱད་པར་བདེ་གཤེགས་སྙིང་པོའི་རྣམ་པ་ཀུན་ལྡན་གྱི་རྣམ་པའི་ཁྱད་པར་རྟོགས་ཚུལ་གྱིས་ཐེག་པ་ཆེན་པོའི་ས་བཅུ་ལ་ཡང་མཆོག་དམན་གྱི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་དག་ལས་སྙིང་པོ་རྟོགས་པའི་ཡེ་ཤེས་འདི་ནི་མཐར་ཐུག་སངས་རྒྱས་པའི་ཚེ་ན་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུར་གནས་གྱུར་འགྲོ་བ་མ་གཏོགས་ནམ་
ཡང་འདོར་བ་མིན་ལ། གཞན་[དམིགས་པ་ཅན་]བདག་མེད་རྟོགས་པའི་ལམ་རྣམས་ནི་མཐར་རང་རང་གི་དགོས་པའི་དོན་ཡོངས་སུ་གྲུབ་པ་ན་གཟིངས་ལྟར་འདོར་བར་བྱ་བ་ཡིན་ནོ། །བཞི་པ་ཆོས་འདི་ལ་སྐྱོན་ལྔ་མེད་པའི་ཚུལ་བཤད་པ་ནི། འཁོར་ལོ་ཐ་མའི་མདོ་རྣམས་སུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པར་གསུངས་[པ་ན་མདོ་སྔགས་གཉིས་འདྲ་ཡང༌། སྔགས་ནས་ད་ལྟའི་འཁྲུལ་བའི་སེམས་འདི་ཐད་ཀར་གཅོད་པའི་ཐབས་མཁས་ཀྱིས་འཕྲུལ་གསང་ཟབ་མོའི་མན་ངག་ལ་བརྟེན་ནས་འོད་གསལ་རང་བྱུང་གི་གཉུག་སེམས་མངོན་དུ་ཕྱུང་ནས་རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་ཡིན་པར་བསྟན། མདོ་ལས་དེ་ལྟར་མི་བཞེད་པར་ལམ་ཚོགས་གཉིས་ལ་བརྟེན་ནས་སྐུ་གསུམ་གྱི་སྒྲུབ་གཞི་སེམས་ཡིན་པར་བྱ་སྤྱོད་རྣལ་འབྱོར་རྒྱུད་མན་ཆད་དུའང་འདྲ་བར་བསྟན་པས་མདོ་ལས་གསུངས་]པའི་དགོས་པ་ནི་སྐྱོན་ལྔ་མི་འབྱུང་ཞིང་ཕན་ཡོན་ལྔ་འབྱུང་བའི་ཕྱིར་དུ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མ་བསྟན་ན། སེམས་ཅན་རྣམས་དོན་དམ་པའི་སངས་རྒྱས་དེ་ཉིད་རང་ལ་ཡོད་པར་མི་ཤེས་པས་བདག་ལྟ་བུའི་བྱང་ཆུབ་སྒྲུབ་པར་མི་ནུས་སྙམ་དུ་སེམས་ཞུམ་ཞིང༌། ལམ་ལ་འཇུག་པར་མི་སྤྲོ་བའི་ཉེས་པ་དང༌། གཞན་ལ་ཡོད་པར་མ་ཤེས་པས་སེམས་ཅན་འདི་དག་ནི་དམན་པའོ་སྙམ་དུ་བསམས་ནས་དེ་དག་བརྙེས་པར་བྱེད་ཅིང་མི་གུས་པའི་ཉེས་པ་དང༌། སྙིང་
པོ་དེ་རང་གཞན་ཐམས་ཅད་ལ་ཡོད་པར་མ་ཤེས་པས་ཡང་དག་པ་མིན་པ་བཅོས་མ་གློ་བུར་གྱྀ་དྲི་མ་རྣམས་རང་བཞིན་གྱིས་བདེན་པར་མེད་པ་ལ་ཡོད་དམ་སྙམ་དུ་འཛིན་ཅིང་སྒྲོ་འདོགས་པའི་ཉེས་པ་དང༌། ཡང་དག་པའི་ཡོན་ཏན་རྣམས་དང༌། དབྱེར་མེད་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ཐམས་ཅད་ལ་ཁྱབ་པར་ཡོད་པ་ལ་མེད་དོ་སྙམ་དུ་འཛིན་ཅིང་སྐུར་པ་འདེབས་པའི་ཉེས་པ་དང༌། བདག་དང་གཞན་གྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་མཉམ་པར་མ་ཤེས་པས་བདག་ཉིད་ཆགས་པ་ལྷག་པར་འཕེལ་བའི་ཉེས་པ་སྟེ་སྐྱོན་ལྔ་པོ་འདི་རྣམས་ཆོས་འདི་ལ་མེད་དེ་ཐེག་པ་ཆེན་པོའི་ཆོས་འདིར་[མདོ་སྔགས་མཚམས་སྦྱོར་བའི་ཚུལ་དུ་]སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པ་ཀུན་དང་ལྡན་པ་ཞིག་གདོད་ནས་ལྷུན་གྲུབ་ཏུ་གསུངས་པའི་ཕྱིར་རོ། །གཞན་འཁོར་ལོ་བར་བ་ལྟ་བུའི་རང་སྟོང་ཁོ་ན་སྟོན་པའི་གཞུང་ཙམ་གྱིས་དེ་ལྟར་བཤད་པའི་སྐྱོན་ལྔ་པོ་འདི་དག་སེལ་མི་ནུས་ཏེ། ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་དེ་ཡང་[བདེན་གྲུབ་ཏུ་ཡོད་པར་མ་བསྟན་པར་]སྣང་ལ་རང་བཞིན་གྱིས་མེད་པ་[སྣང་སྟོང་གཉིས་ཚོགས་ཀྱི་]སྒྱུ་མ་དང་རྨི་ལམ་ལྟ་བུར་གསུངས་པའི་ཕྱིར་རོ། །ལྔ་པ་ཕན་ཡོན་ལྔ་ཐོབ་པའི་ཚུལ་ནི། ངེས་དོན་གྱི་མདོ་འདིར་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པར་གསུངས་ཤིང༌། གསུངས་པ་ལྟར་གཞན་ལས་ཐོབ་པ་ལས་རང་གི་རང་བཞིན་མངོན་དུ་གྱུར་པ་ནི་
བྱང་ཆུབ་ཆེན་པོའོ་སྙམ་པའི་ལམ་གྱི་དཀའ་སྤྱད་ལ་སྤྲོ་བ་ཆེ་བ་དང༌། གཞན་གྱི་རང་བཞིན་ཡང་སངས་རྒྱས་སུ་ཤེས་པའི་གཞན་ལ་སྟོན་པ་བཞིན་དུ་གུས་པ་དང༌། ཀུན་རྫོབ་གློ་བུར་གྱི་དྲི་མ་རང་བཞིན་གྱིས་མེད་པར་ཤེས་པའི་ཤེས་རབ་དང་དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཡོད་པར་རྟོགས་པའི་ཡེ་ཤེས་དང༌། བདག་གཞན་མཚུངས་པར་ཤེས་པའི་བྱམས་པ་ཆེན་པོ་རྣམས་རང་རྒྱུད་ལ་སྐྱེས་པ་ལས་ལམ་རིམ་གྱིས་བསྒྲུབས་པས་འབྲས་བུ་བླ་ན་མེད་པའི་སངས་རྒྱས་ཉིད་ནི་གདོན་མི་ཟ་བར་མྱུར་དུ་ཐོབ་པར་འགྱུར་བའོ། །དྲུག་པ་ཐེག་པ་ཆེན་པོའི་ལམ་ཇི་ལྟར་བགྲོད་པའི་རིམ་པ་བསྟན་པ་ལ་ལྔ་སྟེ། ཚོགས་ལམ་བཤད་པ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་ལམ་བཤད་པའོ། །དང་པོ་ལ་བཞི་སྟེ། མཚན་གཞི། མཚན་ཉིད། དབྱེ་བ། ཕན་ཡོན་དང་བཞིའོ། །དང་པོ་ནི། གང་ཞིག་ཐེག་པ་ཆེན་པོ་ལ་སློབ་པར་འདོད་པ་དག་གིས་དེ་ལྟར་བདེ་གཤེགས་སྙིང་པོ་ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་ཅན་རང་གཞན་ཀུན་ལ་ཡོད་པའི་ཡོད་པར་ཡིད་ཆེས་པའི་དད་པ་སྤྱི་དང༌། ཁྱད་པར་དཀོན་མཆོག་གསུམ་གྱི་ཡོན་ཏན་མཐོང་བས་དེ་ལ་དགའ་བ་དང་དང་བའི་དད་པ་དང༌། ཡོན་ཏན་དེ་ཐོབ་པར་འདོད་པས་འདུན་པའི་དད་པ་དང་དཀོན་མཆོག་ལ་ཡོན་ཏན་ཡོད་པར་ཡིད་ཆེས་པ་ཡིད་ཆེས་པའི་དད་པ་སྟེ་དད་པ་གསུམ་དང་བཅས་པས་
ཀུན་ནས་བསླངས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། འགྲུབ་ན་སོ་སོར་ཐར་པ་རིས་བདུན་གང་རུང་གི་སྡོམ་པ་བླང་ལ། གལ་ཏེ་སྡོམ་པ་འདི་ཐེག་ཆེན་གྱི་ལམ་སྐྱེ་བའི་རྒྱུར་མེད་དུ་མི་རུང་བ་རང་མ་ཡིན་མོད་ཀྱང༌། འདི་ལ་བསླབས་པར་མི་ནུས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བསླབ་མི་ནུས་པའི་ཕྱིར་དང༌། གཞན་ཕྱི་རོལ་པ་སོགས་དང་མི་འདྲེས་ཞིང་སེམས་ཅན་གྱི་དོན་སྤྱོད་པའི་མཐུ་དང་ལྡན་པ་སོགས་ཀྱི་དགོས་པ་ཡོད་དོ། །དེས་ན་ངེས་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སྐབས་སུ་བབ་པ་ན་སེམས་བསྐྱེད་ཀྱི་སྡོམ་པ་ཡང་བླངས་པར་བྱའོ། །བསྒོམ་བྱ་དངོས་ནི་ཐེག་པ་ཆེན་པོའི་སྡེ་སྣོད་གཅིག་ལ་དམིགས་པའམ་ཡང་ན་གསུང་རབ་སྤྱི་ལ་དམིགས་ཀྱང་རུང་སྟེ། ངེས་འབྱུང་གི་བསམ་པ་ལ་སོགས་པས་རྒྱུད་བསྐུལ་ཏེ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་དོན་སྒོམ་སྟེ། མཐར་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ལ་སྦྱོར་བར་བྱེད་དོ། །སྒོམ་ཚུལ་གྱི་ཐབས་དངོས་ནི་སེམས་གནས་དགུའི་རིམ་པས་སྟོང་པ་ཉིད་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་སྦྲེལ་ཏེ་བསྒོམ་ན་སྟོང་ཉིད་ལ་ངེས་པ་རྙེད་པར་འགྱུར་བ་ཡིན་ནོ། །ཐུན་ཐུང་ངུ་ལས་མི་བྱེད་ན་ཐུན་མཚམས་སུ་ཆོས་སྤྱོད་ལ་བརྩོན་པར་བྱ་བ་གལ་ཆེ་སྟེ། དེ་ཡང་ཐུན་མཚམས་ཀྱི་སྤྱོད་པ་ནི་སྤྱིར་ཆོས་སྤྱོད་སྒོ་ཐམས་ཅད་ནས་ཡིན་ཀྱང་ཁྱད་པར་དབུས་མཐའ་ནས་གསུངས་པའི་ཆོས་སྤྱོད་བཅུ་ལས་སྒོམ་པ་ནི་ཐུན་གྱི་སྐབས་ཡིན་ལ།
དེའི་ལྷག་མ་ཐེག་པ་ཆེན་པོའི་སྡེ་སྣོད་ཡི་གེར་འབྲི་བ་དང༌། དེའི་གླེགས་བམ་སོགས་ལ་མཆོད་པ་དང༌། ཐེག་པ་ཆེན་པོའི་སྡེ་སྣོད་ཀློག་པ་དང༌། དེ་ཁ་དོན་དུ་བྱེད་པ་དང༌། དེའི་དོན་གཞན་ལ་འཆད་པ་དང༌། ཐེག་པ་ཆེན་པོའི་སྡེ་སྣོད་ཉན་པ་དང༌། དེའི་དོན་ཡང་ཡང་བསམ་པ་དང༌། སློང་མོ་བ་ལ་ཟང་ཟིང་སྦྱིན་པ་དང༌། ཆོས་སྤྱོད་དེ་དག་ལ་སེམས་སྤྲོ་བའི་བརྩོན་པ་སྟེ་དགུ་ལ་ཅི་ནུས་སུ་བསླབ་པར་བྱ་བ་དང༌། སྤྱིར་ཐབས་མཁས་པའི་སྒོ་ནས་ཚོགས་བསགས་པ་དང༌། ཁྱད་པར་རང་གཞན་གྱིས་བསགས་པའི་དགེ་བ་ལ་རྗེས་སུ་ཡི་རང་བསྒོམས་པ་དང༌། སངས་རྒྱས་དང་དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་རྣམས་ལ་ཡིད་ཆེས་པའི་མོས་པ་དང༌། རང་གིས་བསགས་པའི་དགེ་རྩ་བླ་མེད་རྫོགས་བྱང་དུ་བསྔོ་བ་དང༌། གཞན་ཡང་ཕྱག་འཚལ་བ་སོགས་ཡན་ལག་བདུན་གྱིས་མཚོན་པའི་སྒོ་གསུམ་གྱི་དགེ་བ་རྒྱ་ཆེན་པོ་ལ་བསླབ་ཅིང་སྤེལ་བར་བྱའོ། ཁྱད་པར་ཡོན་ཏན་ཀུན་གྱི་གཞི་རྟེན་རྟག་ཏུ་ཚུལ་ཁྲིམས་བསྲུངས་ཤིང༌། དེ་ཡང་གཙོ་བོ་སྡོམ་པའི་ཚུལ་ཁྲིམས་སམ་བརྟུལ་ཞུགས་འཛིན་པར་བྱ་དགོས་པས། སྡོམ་པ་ནི་སོ་སོར་ཐར་བའི་སྡོམ་པ་དང༌། བསམ་གཏན་གྱི་སྡོམ་པ་དང༌། བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ཡིན་ནོ། །སྡོམ་མིན་གྱི་ཚུལ་ཁྲིམས་ནི། བར་མ་དགེ་བའི་ཚུལ་ཁྲིམས་སོ། །གང་དག་བསྟེན་ན་དགེ་བ་འགྲུབ་
ཅིང་མི་དགེ་བ་འཕེལ་བར་འགྱུར་བའི་སྡིག་པའི་གྲོགས་མི་དགེ་བའི་བཤེས་གཉེན་དང་འགྲོགས་པ་སྤངས་ཤིང་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པ་བསམ་པ་དང་སྦྱོར་བའི་ཚུལ་བཞིན་དུ་བསྟེན་པར་བྱ་བ་དང༌། དགེ་བའི་བཤེས་གཉེན་ལས་གདམས་ངག་ནོད་དེ། ནང་དུ་འཇོག་པ་སོགས་སེམས་གནས་པའི་ཐབས་དགུ་བསྟེན་པ་དང༌། བརྗེད་ངེས་སོགས་ཉེས་པ་ལྔ་བསལ་བ་སྟེ་སྤངས་པ་དང༌། དྲན་པ་སོགས་དེ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པར་བྱ་དགོས་ལ། བསྟེན་ཚུལ་ལ་སོགས་པ་ནི་གཞུང་ལུགས་སྤྱི་དང་མཐུན་པར་བྱ་བ་ཡིན་པས། དེ་ཡང་དང་པོ་སེམས་ཕྱི་རོལ་ཏུ་འཕྲོ་བ་ལས་བསྡུས་ནས་དམིགས་པ་ལ་སེམས་གཏོད་པ་ནང་དུ་འཇོག་པ་དང༌། དམིགས་པ་ལས་མི་གཡེང་བར་རྒྱུན་ཅུང་ཟད་འཐུད་པ་རྒྱུན་དུ་འཇོག་པ་དང༌། སེམས་འཕྲོ་བ་སླར་ཡང་བཀུག་ནས་འཇོག་པ་བསླན་ཏེ་འཇོག་པ་དང༌། དང་པོ་ཉིད་ནས་མི་འཕྲོ་བའི་ཆེད་དུ་དྲན་པས་བཟུང་དེ་འཇོག་པ་ཉེ་བར་འཇོག་པ་དང༌། ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ནས་སྤྲོ་བ་བསྐྱེད་དེ་བསྒོམ་པ་ནི་འདུལ་བར་བྱེད་པ་དང༌། རྣམ་གཡེང་དང་རྣམ་རྟོག་ལ་ཉེས་དམིགས་སུ་ཤེས་ནས་འཕྲོར་མི་འཇུག་པ་ཞི་བར་བྱེད་པ་དང༌། ཆགས་སྡང་དང་ཡིད་མི་བདེ་བ་སོགས་སྐྱེ་ན་དགའ་མི་དགའ་མེད་པར་འཕྲོ་གཅོད་པ་ཉེ་བར་ཞི་བར་བྱེད་པ་དང༌། བྱིང་རྒོད་སོགས་ཀྱིས་བར་ཆོད་མེད་པར་ཏིང་ངེ་འཛིན་ལ་རྒྱུན་
ཆགས་སུ་འཇོག་ནུས་པ་རྩེ་གཅིག་ཏུ་བྱེད་པ་དང༌། འབད་རྩོལ་མི་དགོས་པར་འབད་མེད་ལྷུན་གྲུབ་ཏུ་སེམས་གནས་པ་མཉམ་པར་འཇོག་པའོ། །སྐབས་འདི་དག་ཏུ་སྤོང་རྒྱུའི་ཉེས་པ་ལྔ་ནི། ལེ་ལོ་དང༌། གདམས་ངག་བརྗེད་པ། བྱིང་རྒོད། འདུ་མི་བྱེད་པ། ཧ་ཅང་འདུ་བྱེད་པ་དང་ལྔའོ། །དེ་ཡང་ཏིང་ངེ་འཛིན་གྱི་སྦྱོར་བའི་ཚེ་ལེ་ལོ་ཉེས་པ། ཏིང་ངེ་འཛིན་ལ་རྩོལ་ཚེ་གདམས་ངག་བརྗེད་པ་ཉེས་པ། མཉམ་གཞག་གི་ཚེ་བྱིང་རྒོད་ཉེས་པ། བྱིང་རྒོད་བྱུང་ཚེ་གཉེན་པོ་འདུ་མི་བྱེད་པ་ཉེས་པ། བྱིང་རྒོད་ཞི་བའི་ཚེ་ཧ་ཅང་འདུ་བྱེད་པ་ཉེས་པ་ཡིན་ལ། དེ་དག་སྤོང་བའི་འདུ་བྱེད་བརྒྱད་ནི་ལེ་ལོའི་གཉེན་པོ་ནི། གནས་དང་དེ་ལ་གནས་པ་དང༌། རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་པ་ལྟར་གནས་འདུན་པ་དང༌། དེ་ལ་གནས་པ་སྩོལ་བ་དང༌། འདུན་པའི་རྒྱུ་ཡིད་ཆེས་པའི་དད་པ་དང༌། རྩོལ་བའི་འབྲས་བུ་ཤིན་སྦྱངས་རྣམས་སོ། །བརྗེད་ངེས་ཀྱི་གཉེན་པོ་དྲན་པ། བྱིང་རྒོད་ཀྱི་གཉེན་པོ་ཤེས་བཞིན་དང༌། བྱིང་རྒོད་བྱུང་ཚེ་འདུ་མི་བྱེད་པའི་གཉེན་པོ་འདུ་བྱེད་པ་དང༌། ཧ་ཅང་འདུ་བྱེད་པའི་གཉེན་པོ་སེམས་རྣལ་དུ་འཇོག་པའི་བཏང་སྙོམས་རྣམས་སོ། །གཞན་ཡང་ལུས་འཚོ་བའི་ཕྱིར་དུ་ཁ་ཟས་ལ་ལོངས་སྤྱོད་པ་ན་ཧ་ཅང་ཉུང་ན་བཀྲེས་སྐོམ་གྱིས་ལུས་རིད་དེ་དགེ་བ་ལ་སྦྱོར་མི་བཟོད་ཅིང༌། ཧ་ཅང་མང་ན་དབུགས་མི་བདེ་བ་དང༌། མ་ཞུ་བའི་ནད་
བསྐྱེད་པ་སོགས་ཀྱིས་ཉེས་པ་ཡོད་པས་འཇུ་ཞིང་ལུས་གནས་པ་ལ་ཕན་པ་ཙམ་དུ་སྤྱོད་པ་ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་མི་སྡུག་པ་དང༌། བྱམས་སྙིང་རྗེ་སོགས་སྒྲིབ་པ་སྦྱོང་བའི་རྣལ་འབྱོར་ལ་བརྩོན་པ་དང༌། བླང་དོར་གྱི་གནས་མི་བརྗེད་པར་བྱེད་པའི་དྲན་པ་དང༌། རང་གི་སྒོ་གསུམ་གྱི་སྤྱོད་པ་ལ་ལེགས་པར་བརྟགས་ནས་རུང་བ་སྤྱོད་ཅིང་མི་རུང་བ་སྤོང་པ་ལ་ཤེས་བཞིན་དུ་གནས་པ་དང༌། དེའི་ཚེ་བག་ཡོད་ཀྱིས་དགེ་བའི་ཕན་ཡོན་དྲན་ནས་དང་དུ་བླང་ཞིང༌། མི་དགེ་བའི་ཉེས་དམིགས་དྲན་ནས་སྤང་བར་བྱ་བ་སོགས་དགེ་བ་ཁོ་ན་ལ་སྤྱོད་པར་བྱེད་པའོ། །དེ་དག་ཉམས་སུ་བླང་བ་ལས་དང་པོ་པའི་ལས་ཅན་དད་པའི་ས་ཚོགས་ལམ་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་མཚན་ཉིད་ནི། བྱང་སེམས་ལས་དང་པོ་པའི་རྒྱུད་ཀྱི་ཐར་བའི་ཆ་དང་མཐུན་པའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་ཚོགས་ལམ་གྱི་མཚན་ཉིད། ལས་དང་པོ་པའི་ས་དང༌། དད་པའི་ས་དང༌། ཐར་བ་ཆ་མཐུན་དང༌། ཚོགས་ལམ་རྣམས་མིང་གི་རྣམ་གྲངས་སོ། །གསུམ་པ་དབྱེ་བ་ནི། ཐེག་ཆེན་ཚོགས་ལམ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་རྣམས་སོ། །ཆུང་ངུ་ནི་སངས་རྒྱས་ཐོབ་པའི་རྒྱུ་བསྐལ་པ་གྲངས་མེད་གསུམ་གྱི་འགོ་བརྩོམ་པ་ལ་ཞུགས་པ། དྲན་པ་ཉེ་བར་བཞག་པ་བཞི་སྒོམ་པའི་དུས། སྦྱོར་ལམ་སྐྱེས་པའི་དུས་མ་ངེས་པའོ། །འབྲིང་
ནི། ཡང་དག་པར་སྤོང་བ་བཞི་སྒོམ་པའི་དུས། སྦྱོར་ལམ་ཚེ་ཕྱི་མ་ཕན་ཆད་དུ་སྐྱེ་ངེས་པའོ། །ཆེན་པོ་ནི་རྫུ་འཕྲུལ་གྱི་རྐང་བ་བཞི་སྒོམ་པའི་དུས། སྦྱོར་ལམ་ཚེ་དེ་ཉིད་ལ་སྐྱེ་བར་ངེས་པའོ། །དེ་ཡང་དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དམིགས་པ་ནི་ཕྱི་ནང་གི་ལུས་དང༌། ཟག་བཅས་ཀྱི་ཚོར་བ་དང༌། རྣམ་ཤེས་ཀྱི་སེམས་དང༌། འཁོར་འདས་ཀྱི་ཆོས་རྣམས་ལ་དམིགས་པ་དང༌། རྣམ་པ་ནི་རིམ་པ་བཞིན་དུ་མི་གཙང་བ་དང༌། སྡུག་བསྔལ་བ་དང༌། མི་རྟག་པ་དང༌། ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་དུ་ལྟ་བ་དང༌། ངོ་བོ་ནི། ལུས་སོགས་དེ་དག་གི་གནས་ལུགས་ཇི་ལྟ་བར་ཤེས་པའི་ཤེས་རབ་དང་དྲན་པ་ཉེ་བར་བཞག་པ་ཞེས་གསུངས་པས་ཤེས་རབ་ཀྱིས་རྟོགས་པའི་དོན་ལ་མི་བརྗེད་པར་གནས་པའི་དྲན་པའོ། །ཡང་དག་པར་སྤོང་པ་བཞིའི་དམིགས་པ་ནི། དགེ་བ་དང་མི་དགེ་བ་དང༌། རྣམ་པ་ནི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་རྣམས་གནས་པ་དང༌། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང༌། སྐྱེས་པ་རྣམས་སྤང་བའི་ཕྱིར་དུ་སྒོམ་པའོ། །ངོ་བོ་ནི། སྤང་གཉེན་ཤེས་ནས་བླང་དོར་བྱེད་པའི་བརྩོན་འགྲུས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་ནི། ཏིང་ངེ་འཛིན་གོམས་པ་ཉིད་ཀྱིས་འགྲུབ་པའི་བྱ་བ་སྤྲུལ་བསྒྱུར་ལ་སོགས་པའོ། །ངོ་བོ་ནི་བརྩོན་འགྲུས་བརྩོན་པ་ལས་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་
ཏེ། མངོན་ཤེས་ལ་སོགས་འགྲུབ་པའི་གནས་སམ་རྒྱུ་ཡིན་པས་ན་རྫུ་འཕྲུལ་གྱི་རྐང་པ་ཉིད་དོ། །དེ་ལ་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་ནི། འདུན་པ་དྲག་པོས་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི། རྟག་ཏུ་རྒྱུན་མི་འཆད་པ་ཉིད་དུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་དང༌། སེམས་ཀྱི་ཏིང་ངེ་འཛིན་ནི། སྐྱེ་བ་སྔ་མར་ཏིང་ངེ་འཛིན་བསྒོམས་པའི་ས་བོན་བརྟས་པ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་དང༌། དཔྱོད་པའི་ཏིང་ངེ་འཛིན་ནི། དགེ་བའི་བཤེས་གཉེན་བསྟེན་ནས་ཤེས་རབ་ཀྱིས་ཆོས་ཀྱི་གནས་ལུགས་རབ་ཏུ་འབྱེད་པའི་ལྷག་མཐོང་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཏོ། །བཞི་པ་ཕན་ཡོན་ནི། མདོ་སྡེ་རྒྱན་ལས། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྷག་པའི་བསམ་པ་དག་པའི་ས་ཐོབ་པའི་སྔ་རོལ་ཏུ་ཕན་ཡོན་ལྔ་ནི་ཐོབ་པར་འགྱུར་བ་ཡིན་ཏེ། དེས་ན་རྣམ་པར་དག་པའི་སྣོད་བླ་ན་མེད་པ་ཉིད་དུ་འགྱུར་རོ། །ཕན་ཡོན་ལྔ་གང་ཞེ་ན། ཞི་གནས་ཀྱིས་སྟོབས་ཀྱིས་ལུས་ལྕི་བ་ལ་སོགས་པ་དགེ་བའི་ལས་ལ་སྦྱོར་མི་བཟོད་པ་ལུས་ཀྱི་གནས་ངན་ལེན་དང༌། སེམས་བྱིང་རྒོད་དུ་གྱུར་ནས་དགེ་བའི་དམིགས་པ་ལ་གཏོད་མི་བཟོད་པ་སེམས་ཀྱིས་གནས་ངན་པ་ཀུན་སྐད་ཅིག་མ་རེ་རེ་ལ་རིམ་གྱིས་ཟད་པར་འགྱུར་རོ། །ལུས་ཀྱི་གནས་ངན་ལེན་ནི་ཚ་བཀྲེས་སྐོམ་སོགས་དང༌། སེམས་ཀྱི་གནས་ངན་
ལེན་ཆགས་སྡང་དང་ཡིད་མི་བདེ་བ་སོགས་དང་བྲལ་ནས་ལུས་དང་སེམས་ནི་དུས་ཀུན་ཏུ་ཡང་ཤིན་ཏུ་སྦྱངས་པའི་བདེ་བས་གང་སྟེ་ཇི་ལྟར་འདོད་པ་བཞིན་བཀོལ་དུ་རུང་བར་འགྱུར་བ་དང༌། མདོ་སྡེ་ལ་སོགས་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐམས་ཅད་དུ་ཡོངས་སུ་ཆད་པ་སྟེ་ཕྱོགས་ལྷུང་མེད་པར་རྟོགས་པ་དང༌། ཡང་དག་པའི་རྒྱུ་མཚན་ཏེ་མཐོང་ལམ་སྐྱེས་པའི་རྟགས་ནི་རྨི་ལམ་ན་ཡང་གཟུགས་ལ་སོགས་པ་ལ་དངོས་པོར་ཞེན་པ་ལྡོག་པ་ལ་སོགས་པ་དེ་ལྟ་བུ་འབྱུང་ངོ་སྙམ་དུ་མ་བརྟགས་པར་ཡང་རྟགས་ཉི་ཤུ་པོ་དེ་དག་རབ་ཏུ་མཐོང་བའོ། །དེ་ཡང་ལུས་དང་སེམས་ཤིན་ཏུ་སྦྱངས་པ་གཉིས་ནི་ཕན་ཡོན་རེ་རེར་བྱས་པ་ལྔའོ། །དེ་ལྟར་བསམ་གཏན་ཐོབ་ནས་མངོན་ཤེས་དོན་དུ་གཉེར་པའི་གང་ཟག་དེས། བསམ་གཏན་དེ་སྦྱངས་ཏེ་གོམས་པར་བྱས་ན་བསམ་གཏན་ལས་སུ་རུང་བའི་མཆོག་སྟེ་བསམ་གཏན་བཞི་ལ་ལུགས་མཐུན་དང་ལུགས་མི་མཐུན་ལ་སོགས་པ་ལ་ཇི་ལྟར་འདོད་པ་ལྟར་སྙོམས་པར་འཇུག་ནུས་པ་ཐོབ་བོ། །དེ་ལྟར་བསམ་གཏན་ལས་སུ་རུང་བ་དེ་ལ་བརྟེན་ནས་ཐོབ་པའི་མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་དཔག་ཏུ་མེད་པ་རྣམས་ལ་མཆོད་པ་དང༌། དེ་དག་ལ་ཆོས་མཉན་པའི་ཕྱིར་དུ་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོའོ་དེ་དག་ཕལ་ཆེར་ཚོགས་སྦྱོར་ཐུན་མོང་གི་ཕན་ཡོན་ཡིན་ལ། ཁྱད་པར་ཐེག་ཆེན་ཚོགས་ལམ་འདིར་
དབང་པོ་རྣོ་རྡུལ་གྱི་ཁྱད་པར་གྱི་དུས་ལ་ངེས་པ་མེད་ཀྱང་སྟོང་ཉིད་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ངེས་པར་འགྲུབ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཆུང་ངུ་ཐོབ་པས། སངས་རྒྱས་མང་པོའི་ཞལ་མངོན་སུམ་མཐོང་གསུང་གི་སྣང་བ་ཡང་འབྱུང་བ་སོགས་ཐོབ་པའོ། །གཉིས་པ་སྦྱོར་ལམ་བཤད་པ་ལ། མཚན་ཉིད། དབྱེ་བ། དབྱེ་བ་དེ་དག་གི་ཁྱད་པར་བཤད་པ་དང༌། ཡོན་ཏན་རྣམས་སོ། །དང་པོ་ནི། ཐེག་ཆེན་གྱི་ཐར་བ་ཆ་མཐུན་རྫོགས་རྗེས་སུ། བདེན་པ་རྣམས་མངོན་པར་རྟོགས་པ་ལ་རིམ་གྱིས་སྦྱོར་ཞིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པའི་དགེ་བ་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད། མོས་པ་སྤྱོད་པའི་ས་དང༌། ངེས་འབྱེད་ཆ་མཐུན་སྦྱོར་ལམ་རྣམས་མིང་གི་རྣམ་གྲངས་སོ། །གཉིས་པ་དབྱེ་ན། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞིའོ། །གསུམ་པ་དབྱེ་བ་དེ་དག་གི་དོན་བཤད་པ་ལ་བཞི་ལས། དང་པོ་སྦྱོར་ལམ་དྲོད་ནི་ཚོགས་ལམ་གྱི་རྗེས་དེ་ནས་ཚོགས་ལམ་ཆེན་པོའི་རྟོགས་པ་དེ་འདྲ་ཐོབ་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེས་བདེན་པ་བཞིའི་དོན་ལ་མཉམ་པར་བཞག་པས་ནང་འཛིན་པ་ཡིད་ཀྱི་བརྗོད་པ་ཙམ་མ་གཏོགས་པ་བཟུང་བ་ཕྱི་རོལ་གྱྀ་དོན་ཀུན་མི་མཐོང་ཞིང་མེད་པར་རྟོགས་པའི་སྣང་བ་ཐོབ་པར་གྱུར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་རྩེ་མོ་གང་ཞེ་ན། སྔར་བཞིན་ཡེ་ཤེས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་
རྣམས་ལ་དམིགས་ནས་བསྒོམས་པ་ན་བཟུང་བ་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་དེ་སྔ་མ་ལས་འཕེལ་བར་བྱ་བའི་ཆེད་དུ་བརྩོན་འགྲུས་བརྟན་པོ་ཀུན་ཏུ་བརྩོམ་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དྲོད་རྩེ་གཉིས་ཀྱི་སྐབས་སུ་རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར་དད་སོགས་དབང་པོ་ལྔ་སྒོམ་པ་སྟེ། དེ་ཡང་འདུན་པའི་རྒྱུ་དད་པ་དང༌། སྦྱོར་བ་བརྩོན་འགྲུས་ཀྱི་དབང་པོ་དང༌། དམིགས་པ་མི་བརྗེད་པ་དྲན་པའི་དབང་པོ་དང༌། མི་འཕྲོ་བ་ཏིང་ངེ་འཛིན་གྱི་དབང་པོ་དང༌། ཆོས་རྣམ་པར་འབྱེད་པ་ཤེས་རབ་ཀྱི་དབང་པོ་རྣམས་སོ། །གསུམ་པ་བཟོད་པ་གང་ཞེ་ན། བཟུང་བ་མེད་པའི་ཆོས་ཀྱི་སྣང་བ་དེ་འཕེལ་ནས་སྣང་བ་ཐམས་ཅད་སེམས་ཙམ་ཞེས་བྱ་བ་ལ་བློ་ནི་གནས་པར་འགྱུར་རོ། །དེ་ནས་དོན་ཀུན་ཏུ་སྣང་བ་འདི་ཐམས་ཅད་སེམས་ཁོ་ནར་ཟད་ཀྱི་སེམས་ལས་གཞན་ནི་མ་ཡིན་པར་རབ་ཏུ་མཐོང་བར་འགྱུར་ཏེ། དེའི་ཚེ་དེའི་བཟུང་བའི་རྣམ་པར་གཡེང་བ་དེ་སྤོང་བར་འགྱུར་ཞིང༌། དེ་ནས་བྱང་སེམས་དེ་ལ་འཛིན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་ཏེ་མ་སྤང་བས་ན་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །བཟོད་པ་ཆེན་པོ་ཐོབ་པ་དེའི་ཚེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཆོས་མཆོག་ལ་མྱུར་དུ་རེག་གོ །བཞི་པ་ཆོས་མཆོག་ལ་ཅིའི་ཕྱིར་བར་ཆད་
མེད་པ་ཞེས་བྱ་ཞེ་ན། འདི་ལྟར་གཟུང་བ་མེད་པར་རྟོགས་པ་དེའི་མཇུག་ཐོགས་སུ་ནི་ཡུལ་གཟུང་བ་མེད་པའི་ཕྱིར་དེ་འཛིན་པ་ཡང་མེད་དོ་ཞེས་རྟོགས་ནས་འཛིན་པའི་རྣམ་པར་གཡེང་བ་སྤོང་སྟེ། དེ་མ་ཐག་པའི་རྗེས་སུ་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །བཟོད་མཆོག་འདི་ཉིད་ཀྱི་སྐབས་སུ་སྟོབས་ལྔ་སྒོམ་པ་སྟེ། དེ་ཡང་དད་སོགས་ལྔ་སྟོབས་སུ་གྱུར་ཏེ། ལྔ་པོའི་མི་མཐུན་ཕྱོགས་མ་དད་པ་སོགས་ངེས་པར་བསྲབས་ཏེ། མངོན་གྱུར་དུ་མི་འབྱུང་བའི་གཉེན་པོ་ལ་མི་རྫི་བའི་ཕྱིར་སྟོབས་ཞེས་བྱ་བའོ། །འདི་དག་གོ་རིམ་བཞིན་དུ་ནི། དྲོ་བར་འགྱུར་བ་དང་སོགས་སྒྲས་རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་རྣམས་ཡིན་ཞེས་བྱ་ཞེས་པ་དེ་དག་གིས་བསྡུས་པའོ། །ལྔ་པ་ཡོན་ཏན་ནི། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་འདིས་ནི་ཡུལ་སངས་རྒྱས་དཔག་ཏུ་མེད་པ་ལ་དུས་བསྐལ་པ་དཔག་ཏུ་མེད་པར་བསྙཻན་བཀུར་བྱས་སོ། །དེ་དག་ལ་བསྙེན་བཀུར་བྱས་པའི་ཕྱིར་སྔར་བའི་ཀྱང་སེམས་ལས་སུ་རུང་བའི་མཆོག་ཏུ་གྱུར་ཏེ། དེའི་ཚེ་སངས་རྒྱས་དཔག་ཏུ་མེད་པ་ལས་ཆོས་ཀྱི་ཚིག་དང་དོན་འཛིན་ནུས་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ནི་ཡུལ་སངས་རྒྱས་རྣམས་ལ་དགོས་པ་ཞི་གནས་དང་ལྷག་མཐོང་ཡེ་ཤེས་ཡངས་པ་ཐོབ་པར་བྱ་བའི་ཕྱིར་ངོ་བོ་གདམས་ངག་རྒྱ་ཆེན་པོ་རྙེད་པར་འགྱུར་བའོ། །གཞན་ཡང་བྱང་སེམས་དེ་ཡིས་འབྱོར་བའི་ཆོས་ཀུན་དང་ལྡན་པར་སྣང་ཡང་བདེན་པ་མེད་པར་
སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་མཐོང་ནས་འབྱོར་བའི་དུས་དང་སྐྱིད་པའི་ཚེ་ན་ཉོན་མོངས་པ་ང་རྒྱལ་གྱྀས་སེམས་བསྐྱེད་ལྡོག་པས་འཇིགས་པ་མེད་ལ། འབྱོར་པ་ཐམས་ཅད་རྒྱུད་དེ་སྲོག་འགག་པ་ལ་ཐུག་ཀྱང་དགེ་བའི་ལས་ཀྱི་སྟོབས་ཀྱིས་གཞན་དོན་དུ་སྐྱེ་བ་ཕྱི་མར་འགྲོ་བ་ནི་སྐྱེད་མོའི་ཚལ་གྱི་དགའ་སྟོན་ལ་འགྲོ་བ་ལྟར་བློས་རྟོགས་ནས་རྒུད་པའི་དུས་ནའང་དེ་སྡུག་བསྔལ་དག་གིས་འཇིགས་པ་མེད་དེ། དེས་ན་འབྱོར་བ་དང་རྒུད་པའི་རྐྱེན་གྱིས་ཉམས་པ་མེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་སྒྲིབ་པ་ཐམས་ཅད་སྤངས་པའི་ཏིང་ངེ་འཛིན་གསུམ་སྒོམ་པར་བྱེད་ཅིང་ཆོས་ཀྱི་སྡོམ་བཞིས་ཕྱིན་ཅི་ལོག་བཞི་སྤོང་བར་བྱེད་དགོས་པས། ཏིང་ངེ་འཛིན་གྱི་དམིགས་པ་ནི་སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་ནི་གོ་རིམ་བཞིན་དུ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་པ་རྣམ་པ་གཉིས་པོ་དང༌། བདག་ཏུ་འཛིན་པའི་རྟེན་ཉེ་བར་ལེན་པའི་ཕུང་པོ་ལྔ་དང༌། དེའི་རྟེན་ཉེ་བར་ཞི་བ་སྟེ་ཉེར་ལེན་མེད་པར་གྱུར་པ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱའོ། །དབྱེ་ན་བཟུང་བ་སྤྱོད་ཡུལ་གསུམ་པོ་དེ་དག་འཛིན་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡང་གསུམ་དུ་ཡོད་པར་ཤེས་པར་བྱའོ། །རྣམ་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་བདག་གཉིས་སུ་རྣམ་པར་མི་རྟོག་པའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་བདག་ཏུ་འཛིན་པའི་རྟེན་ཉེ་བར་ལེན་པའི་ཕུང་པོ་
ལ་རྒྱབ་ཀྱིས་ཕྱོགས་པ་སྟེ་དེ་མི་སྨོན་པའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི་དེའི་རྟེན་དེ་ལ་ཉེ་བར་ཞི་བ་དེ་ལ་རྟག་ཏུ་དགའ་བ་དང་མཚུངས་པར་ལྡན་པའོ། །དེ་དག་གོམས་པའི་དགོས་པ་ནི་བདག་མེད་གཉིས་ཡོངས་སུ་ཤེས་པར་བྱ་བ་དང༌། བདག་འཛིན་གྱི་རྟེན་སྤོང་བ་དང༌། དེའི་རྟེན་ཉེ་བར་ཞི་བ་མངོན་སུམ་དུ་བྱ་བའི་ཕྱིར་གོ་རིམ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་དོན་རྣམ་པ་གསུམ་དུ་བསྟན་ཏོ། །ཏིང་ངེ་འཛིན་གསུམ་གྱི་རྗེས་སུ་ཆོས་ཀྱི་སྡོམ་བཞིར་བསྟན་ཏེ། དེ་ཡང་སེམས་ཅན་རྣམས་ལ་ཕན་པར་བཞེད་པ་སངས་རྒྱས་རྣམས་ཀྱིས་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ་ཆོས་ཀྱི་སྡོམ་ནི་རྣམ་པ་བཞིའི་ནང་ནས་འདུས་བྱས་ཐམས་ཅད་མི་རྟག་གོ །ཟག་བཅས་ཐམས་ཅད་སྡུག་བསྔལ་བའོ་ཞེས་པ་དང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྒྱུར་ཆོས་ཐམས་ཅད་བདག་མེད་པའོ་ཞེས་པ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པའོ། །སྡོམ་བཞི་པོ་དེ་དག་སོ་སོའི་མཚན་ཉིད་ནི། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྡོམ་བཞི་པོ་འདིའི་དོན་ནི་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་བྱ་བའི་དོན་ནི་འདུས་བྱས་རྣམས་རྟག་འཛིན་ཅན་གྱི་བླཽ་ཇི་ལྟར་བརྟགས་པ་བཞིན་དུ་མི་འགྱུར་བར་རྟག་ཏུ་གནས་པ་མེད་པའི་དོན་ཡིན་པ་དང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བ་ནི་
ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་གཞན་གྱི་དབང་གི་དོན་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་ནི་ཀུན་ཏུ་རྟོག་པ་སྟེ་བྱིས་པ་རྣམས་ཀྱིས་ཀུན་ཏུ་བཏགས་པའི་བདག་མེད་པའི་དོན་ཁོ་ན་ཡིན་པ་དང༌། ཁོ་ན་ཞེས་པའི་སྒྲས་ཀུན་བཏགས་པའི་བདག་ནི་མེད་ཀྱི་གཞན་དབང་ཀུན་རྟོག་ཙམ་ཞིག་ཀུན་རྫོབ་ཏུ་ཡོད་པར་བསྟན་པའོ། །མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བའི་ཆོས་ཉིད་ཡོངས་གྲུབ་ཀྱི་དོན་ཡིན་ནོ། །མདོར་ན་སྦྱོར་ལམ་བཞི་པོ་དེ་དག་གི་སྐབས་སུ་སྟོང་པ་ཉིད་ལ་གསལ་སྣང་སྐྱེས་ཚུལ་རིམ་ཅན་དུ་འབྱུང་སྟེ། སྤྱིར་ཀུན་བཏགས་ཐམས་ཅད་དང་ཁྱད་པར་གཟུང་བ་ཕྱི་རོལ་གྱི་དོན་རྣམས་གདོད་ནས་མ་གྲུབ་པ་གསལ་སྣང་ཆུང་ངུ་སྐྱེས་པ་སྦྱོར་ལམ་དྲོད་དང༌། གསལ་སྣང་འབྲིང་དུ་སྐྱེས་པ་སྦྱོར་ལམ་རྩེ་མོ་དང༌། དེ་ནས་དེ་གསལ་སྣང་མཐར་ཕྱིན་ཞིང་འཛིན་པ་བདེན་མེད་ལ་གསལ་སྣང་ཅུང་ཟད་སྐྱེས་པ་སྦྱོར་ལམ་བཟོད་པ་དང༌། དེ་ནས་མཉམ་གཞག་ཏུ་གཟུང་འཛིན་གྱི་རྟོག་པ་མངོན་འགྱུར་བ་འགགས་ཤིང་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཙམ་པོ་མཐར་སོན་པ་དང༌། རྗེས་ཐོབ་ཏུ་སྣང་བ་སྒྱུ་མ་ལྟ་བུ་འཆར་ཏེ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་ཐོབ་པ་ནི་སྦྱོར་ལམ་ཆོས་མཆོག་གོ །སྦྱོར་ལམ་རྩེ་མོ་ཐོབ་པའི་ཚེ་དེ་ཡང་ཏིང་ངེ་འཛིན་གྱི་ལུས་གསར་དུ་གྲུབ་པ་ཡིན་ལ་དེ་ཡན་ཆད་དུ་ཏིང་ངེ་འཛིན་དང༌། གཟུངས་ཀྱི་
སྒོ་བཞི་དང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་དང་ཤུགས་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོ་རིམ་ཅན་ཡིན་ཡང་མྱུར་པོར་བགྲོད་པར་ནུས་པ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་མོས་པ་སྤྱོད་པའི་ས་འདིར་ཐོབ་པ་ཡིན་ནོ། །དེ་ལ་གཟུངས་ཀྱི་ངོ་བོ་ནི་དྲན་པ་དང་ཤེས་རབ་ཡིན་ལ། ཚིག་དཔག་ཏུ་མེད་པ་མྱུར་དུ་འབད་མེད་དུ་འཛིན་ནུས་པ་ཚིག་གི་གཟུངས་དང༌། དོན་ཚད་མེད་པ་མྱུར་དུ་འབད་མེད་དུ་འཛིན་ནུས་པ་དོན་གྱི་གཟུངས་དང༌། ནད་ལ་སོགས་པ་ཞི་བར་བྱེད་པའི་གསང་སྔགས་ཀྱི་ཚིག་བྱིན་གྱིས་རློབས་པའི་ཏིང་ངེ་འཛིན་གྱི་གཟུངས་དང༌། མོས་སྤྱོད་ཀྱི་ས་འདིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་དགའ་བ་ཆེན་པོ་སྐྱེ་ཞིང༌། ས་དང་པོ་ཡེ་ཤེས་སྐྱེ་བ་དང་རྗེས་སུ་མཐུན་པའི་དོན་དམ་པའི་ཆོས་ལ་བཟོད་པ་ནི་ཐོབ་བཟོད་པ་ཐོབ་པར་བྱེད་པའི་རྒྱུར་གྱུར་པའི་གཟུངས་ཏེ་བཞིའོ། །དེ་ཡང་མོས་སྤྱོད་ཀྱི་ས་འདིར་ཐོབ་པའི་གཟུངས་ནི་ཆུང་ངུའོ། །གཞན་ཡང་དོན་དམ་ཆོས་སྐུ་ལ་ཡོད་པའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་སོགས་སྒྲས་བསྡུས་པ་ཀུན་རྫོབ་གཟུགས་སྐུའི་ཡོན་ཏན་རྣམས་མངོན་དུ་འགྱུར་བའམ་འགྲུབ་པར་བྱེད་པ་རྒྱུའི་དགེ་བ་སྒྲུབ་པར་བྱེད་པ་སོགས་རྗེས་ཐོབ་ཀྱི་སྐབས་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་མང་ངོ༌། །དེ་དག་གི་རྒྱུའི་དགེ་བ་རྣམས་ཤེས་པར་འདོད་ན་རྒྱུད་བླ་མའི་འགྲེལ་བ་ན་ཡོད་དོ། །ཉན་ཐོས་དད་སོགས་པའི་རང་རྒྱལ་དང་ཐུན་
མོང་གི་མཐོང་ལམ་གྱི་སྤང་བྱ་ཉོན་མོངས་ཀུན་བཏགས་རྣམས་དང༌། སྒོམ་ལམ་གྱི་སྤང་བྱ་ཉོན་སྒྲིབ་ལྷན་སྐྱེས་མངོན་དུ་རྒྱུ་སྟེ་མངོན་འགྱུར་ཕལ་ཆེར་ཐེག་ཆེན་གྱི་སྦྱོར་ལམ་སྐབས་འདིར་བཟློག་པར་འགྱུར་བ་ཡིན་ནོ། །གསུམ་པ་མཐོང་ལམ་བཤད་པ་ལ། མཚན་ཉིད། དབྱེ་བ། མཐོང་ལམ་གྱི་ངོ་བོའི་ཁྱད་པར། ཡོན་ཏན་བཤད་པ་རྣམས་སོ། །དང་པོ་ནི། ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་ཞིང༌། རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པའི་དགེ་བ་མཐོང་ལམ་གྱི་མཚན་ཉིད། བདེན་པ་མངོན་རྟོགས་དང༌། མཐོང་ལམ་དོན་གཅིག །གཉིས་པ་དབྱེ་ན་མཐོང་ལམ་ཆོས་བཟོད་བཞི་དང༌། ཆོས་ཤེས་བཞི་དང༌། རྗེས་བཟོད་བཞི་དང༌། རྗེས་ཤེས་བཞི་སྟེ་བཅུ་དྲུག་གོ །གསུམ་པ་མཐོང་ལམ་གྱི་ངོ་བོའི་ཁྱད་པར་ནི། མདོ་སྡེ་རྒྱན་ལས། ཐེག་ཆེན་གྱི་སྦྱོར་ལམ་གྱི་རྫོགས་པའི་རྗེས་དཔེ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པ་ཁྱད་པར་ལྔ་དང་ལྡན་པ་ཐོབ་བོ། །ལྔ་གང་ཞེ་ན། སྤངས་པའི་ཁྱད་པར་ནི་གཟུང་འཛིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མཐོང་སྤང་གི་ཉོན་མོངས་སྤངས་པས་དྲི་མ་མེད་པ་དང༌། ཡེ་ཤེས་ཀྱི་ཁྱད་པར་ནི་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གཉིས་སུ་འཛིན་པ་དང་བྲལ་བའི་ཡེ་ཤེས་ཐོབ་བོ། །གོང་མའི་གཟུང་འཛིན་དང་བྲལ་བ་ནི་སྤངས་པའི་སྒོ་ནས་བཞག་ལ། འདིར་དེ་གཉིས་དང་བྲལ་བའི་ཡེ་ཤེས་ཀྱི་
སྒོ་ནས་བཞག་པའོ། །གནས་འགྱུར་གྱི་ཁྱད་པར་ནི། དེ་ནི་འཇིག་རྟེན་པའི་ལམ་ལས་འཇིག་རྟེན་ལས་འདས་པའི་ལམ་འདིར་གནས་ཡོངས་སུ་འགྱུར་བ་སྟེ། འདས་པའི་ཡེ་ཤེས་གསར་དུ་ཐོབ་པའི་ཕྱིར་རོ། །སའི་ཁྱད་པར་ནི། མཐོང་ལམ་དེ་ཉིད་ས་ནི་དང་པོ་རབ་ཏུ་དགའ་བ་ཡིན་པར་འདོད་དོ། །རྒྱུའི་ཁྱད་པར་ནི། ས་དང་པོ་འདི་ཚོགས་སྦྱོར་གྱི་སྐབས་དེ་དག་ཏུ་བསྐལ་པ་དཔག་མེད་ཀྱིས་ཏེ་བསྐལ་བ་གྲངས་མེད་གཅིག་ཏུ་ཚོགས་བསགས་པ་ལས་ས་དང་པོ་ཡོངས་སུ་རྫོགས་པར་ཐོབ་སྟེ་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །གཞན་ཡང་མཐོང་ལམ་གྱི་སྐབས་འདིར་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱ་བ་སྟེ། དེ་ཡང་དེ་དག་གི་དམིགས་པ་ནི་བདེན་པ་བཞི་པོ་དག་གི་ཆོས་ཉིད་ལ་དམིགས་ནས་རྣམ་པ་དགེ་བའི་ཆོས་ཐམས་ཅད་མ་བརྗེད་པ་ལས་ཡན་ལག་ཕྱི་མ་རྣམས་འབྱུང་བའི་གནས་ཀྱི་ཡན་ལག་དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ངོ་བོ་ཉིད་ཀྱི་ཡན་ལག་དང༌། བརྩོན་འགྲུས་ནི་བགྲོད་བྱ་མཐར་ཐུག་པར་འགྲོ་བས་ངེས་པར་འབྱུང་བའི་ཡན་ལག་དང༌། དགའ་བ་ནི་སེམས་ཀྱི་རྒྱུད་རབ་ཏུ་ཚིམ་པར་བྱེད་པས་ཕན་ཡོན་གྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ནི་གནས་ངན་ལེན་ཐམས་ཅད་འཇུག་པའི་གཞི་གང་གིས་ཀྱང་ཀུན་ནས་ཉོན་མོངས་པ་མི་འགྱུར་བ་ཉོན་མོངས་མེད་པའི་གཞིའི་གནས་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ནི་གནས་འགྱུར་བ་ཐོབ་པས་གནས་གང་དུ་ཡང་ཀུན་
ནས་ཉོན་མོངས་པར་མི་འགྱུར་བ་ཉོན་མོངས་མེད་པའི་གཞིའི་ཡན་ལག་དང༌། བཏང་སྙོམས་ནི་འདོད་ཆགས་དང་ཞེ་སྡང་སོགས་དང་བྲལ་ནས་རང་གི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ་བདུན་ནོ། །དྲན་པས་དམིགས་རྣམས་མི་བརྗེད་པའི་ཚུལ་གྱི་བསྒོམས་པ་ཇི་ལྟ་བར་ཤེས་རབ་ཀྱིས་རྣམ་པར་འབྱེད་པའི་ཚུལ་དང༌། བརྩོན་འགྲུས་ཀྱི་སྤྲོ་བའི་ཚུལ་དང༌། དགའ་བའི་ཚིམ་པའི་ཚུལ་དང༌། ཤིན་ཏུ་སྦྱངས་པའི་ལས་སུ་རུང་བའི་ཚུལ་དང༌། ཏིང་ངེ་འཛིན་གྱིས་རྩེ་གཅིག་པའི་ཚུལ་དང༌། བཏང་སྙོམས་ཀྱིས་རྣལ་དུ་འཇོག་པའི་ཚུལ་གྱི་བསྒོམས་པའོ། །བཞི་པ་ཡོན་ཏན་ནི། མཉམ་པ་ཉིད་ཐོབ་པའི་ཁྱད་པར་ནི་ས་དེར་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད་རབ་ཏུ་རྟོགས་པ་དེའི་ཚེ་རྟག་ཏུ་སེམས་ཅན་ལ་བདག་དང་མཚུངས་པ་ལྔས་མཚུངས་པའི་སེམས་ཐོབ་སྟེ། ལྔ་གང་ཞེ་ན། བདག་དང་སེམས་ཅན་གཞན་རྣམས་ཀྱི་རྒྱུད་ལ་ཁྱད་པར་མེད་པར་བདག་མེད་པར་མཚུངས་པ་དང༌། བདག་གཞན་མཉམ་པར་མཚུངས་པས་བདག་གཞན་གྱི་སྡུག་བསྔལ་བདག་གིས་སྤངས་བྱར་མཚུངས་པ་དང༌། དེ་ན་བདག་གཞན་གྱི་སྡུག་བསྔལ་སྤོང་བའི་དོན་བདག་གིར་བྱ་དགོས་པར་མཚུངས་པ་དང༌། དེས་ན་རང་ལ་ལན་མི་རེ་བ་ལྟར་གཞན་གྱི་དོན་བྱས་ཀྱང་གཞན་ལ་ལན་མི་རེ་བ་མཚུངས་པས་ན་བཞི་པོ་དེ་ལ་བྱང་ཆུབ་
སེམས་དཔའ་འདི་སེམས་སྙོམས་པ་ཡིན་ཞིང་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་རྒྱལ་སྲས་མཐོང་ལམ་པ་གཞན་དང་བདག་ཉིད་ཆོས་ཉིད་རྟོགས་པར་འདྲ་བར་ཡིན་ཏེ། དེ་ལྟར་མཚུངས་པ་ལྔས་མཚུངས་པའོ། །གཞན་སྤངས་པའི་ཁྱད་པར་ནི། བྱང་སེམས་མཐོང་ལམ་པས་སེམས་རྒྱུད་མ་ཞི་བར་བྱེད་པའི་ཉོན་མོངས་དང༌། ཁྱད་པར་ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་རྣམས་བྱང་སེམས་མཐོང་ལམ་བར་ཆད་མེད་ལམ་གྱིས་ཆེད་དུ་གཉེར་ནས་སྤོང་ཞིང༌། སྤྱིར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་དང༌། བྱེ་བྲག་གཞན་དོན་འགྲུབ་བྱེད་ཀྱི་རྒྱུར་འགྱུར་བའི་འདོད་ཆགས་ལས་གྱུར་པའི་ཉོན་མོངས་ནི་ཆེད་དུ་གཉེར་ནས་མི་སྤོང་སྟེ། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་ངེས་པར་དགོས་པའི་ཕྱིར། འོ་ན་དེས་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་ཇི་ལྟར་བྱེད་ཅེ་ན་རྒྱུའི་ཀུན་སློང་སྙིང་རྗེ་དང༌། དེས་ཀུན་ནས་བསླངས་པའི་སྨོན་ལམ་ནི་ཡང་སྲིད་འཕེན་བྱེད་ཀྱི་ལས་དང་ཆ་མཚུངས་པ་ཡིན་ལ། དུས་ཀྱི་ཀུན་སློང་ཡང་སྲིད་ཕྱི་མའི་ཕུང་པོ་ལ་སྲེད་པའི་ཀུན་ནས་བསླང་བའི་ལས་ནི་འགྲུབ་བྱེད་ཀྱི་ལས་དང་ཆ་མཚུངས་པའོ། །འོན་ཀྱང་འཁོར་བར་འཆིང་བྱེད་ཀྱི་ལས་ནི་མི་འགྱུར་ཏེ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་རྟེན་འབྲེལ་མདོ་འགྲེལ་ལས་གསུངས་སོ། །དེས་ན་བྱང་སེམས་དེས་ཆེད་དུ་མི་སྤོང་ཞིང་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུའི་བྱང་ཆུབ་བསྒྲུབ་པའི་ལམ་དུ་སྒྱུར་
བའི་ཉོན་མོངས་རྣམས་མ་གཏོགས་པའི་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཁམས་ཏེ་ཁམས་གསུམ་དུ་རྟོགས་པའི་ཉོན་མོངས་ཐམས་ཅད་སྤོང་བ་དང༌། ཁྱད་པར་མཐོང་ལམ་གྱི་སྤང་བྱའི་རིགས་སུ་གྱུར་པའི་ཤེས་བྱའི་སྒྲིབ་པ་ཀུན་བཏགས་རྣམས་དང༌། བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ཙམ་ལ་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་བྱིང་རྒོད་སོགས་དང༌། ལས་སྒྲིབ་ལ་སོགས་པའི་སྒྲིབ་པ་མང་པོའི་ས་བོན་མངོན་འགྱུར་དང་བཅས་པ་མཐོང་ལམ་གྱི་སྐབས་དེར་བཟློག་པ་སྟེ་སྤངས་པར་འགྱུར་བའོ། །གཞན་ཡང་ས་དང་པོ་ཐོབ་མ་ཐག་ནས་འཇིགས་པ་ལྔ་དང་བྲལ་ཏེ། འཇིགས་པ་ལྔ་ནི། འཚོ་བ་མེད་པས་འཇིགས་པ་དང༌། ཚིགས་སུ་བཅད་པ་མེད་པས་འཇིག་པ་དང༌། འཆི་བས་འཇིགས་པ་དང༌། ངན་འགྲོས་འཇིགས་པ་དང༌། འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་དེ་དག་དེ་ལ་མེད་ལ། ས་འདིར་མ་དག་པ་འཁོར་བའི་ལུས་ངག་ཡིད་གསུམ་སྤངས་ཏེ། མིག་སོགས་དབང་པོ་ལྔ་གནས་གྱུར་ཏེ་མཚན་དཔེ་རྗེས་མཐུན་ཅན་ཡིད་ཀྱི་ལུས་དང་པོ་ཐོབ་པའི་ཕྱིར་རོ། །མཐོང་ལམ་དུ་ཆོས་ཉིད་ཀྱི་རང་བཞིན་མཐོང་ཞིང་སྤྲོས་པ་དང་བྲལ་བའི་རྣམ་བཅད་ཕྱོགས་ཀྱི་མཚན་ཉིད་མཐའ་དག་གསལ་བར་རྟོགས་ལ་ཡོངས་གཅོད་ཕྱོགས་རྟག་ཅིང་བརྟན་པ་དང༌། རྣམ་པ་ཐམས་ཅད་པའི་མཚན་ཉིད་ནི་རང་སྟོབས་ཀྱིས་མཐའ་དག་རྟོགས་པ་མ་ཡིན་མོད། ལུང་
ལ་བརྟེན་ནས་ནི་རྟོགས་སོ། །དེ་འདྲའི་མཐོང་ལམ་གྱི་ངོ་བོ་མཉམ་བཞག་ཡེ་ཤེས་ཡིན་པར་རིགས་གཅིག་མོད་ཀྱང༌། ལྡོག་ཆས་སྒོ་ནས་ཕྱེ་ན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཐ་དད་དུ་འཇོག་གོ །སྐད་ཅིག་ནི་བྱ་རྫོགས་ཀྱི་སྐད་ཅིག་ལ་བྱེད་དེ། སྡུག་བསྔལ་ཤེས་པར་བྱའོ་ཞེས་ལེགས་པར་ངེས་པའི་ཡིན་ནོ། །སྒོམ་ལམ་ནི་མཐོང་ལམ་དེའི་རྒྱུན་ཡིན་ལ། དེ་ཡང་སྒོམ་སྤང་མི་སྤོང་བའི་བར་དུ་དེ་མཐོང་ལམ་ཡིན་ཅིང་སྒོམ་སྤང་སྤོང་བའི་འགོ་རྩོམས་པ་ནས་སྒོམ་ལམ་ཡིན་ནོ། །བྱང་སེམས་འཕགས་པ་ནི་ཐབས་ལ་མཁས་ཤིང་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་མཐོང་ལམ་དེའི་རྗེས་ཐོབ་ལ་དུས་ཡུན་རིང་པོར་གནས་པའང་སྲིད་དོ། །བཞི་པ་སྒོམ་ལམ་ས་བཅུ་བཤད་པ་ལ། མཚན་ཉིད། དབྱེ་བ། སྒོམ་ལམ་གྱི་རང་བཞིན། ཡོན་ཏན་རྣམས་སོ། །དང་པོ་ནི། བདེན་པ་བཞིའི་གནས་ལུགས་མཐོང་ཟིན་གོམས་པར་བྱེད་པ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པའི་དགེ་བ་སྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དང༌། ཐེག་ཆེན་སྒོམ་ལམ་དོན་གཅིག །གཉིས་པ་དབྱེ་བ་ནི། ངོ་བོའི་སྒོ་ནས་མཉམ་རྗེས་གཉིས་སམ། ཆུང་འབྲིང་ཆེ་གསུམ་སྟེ་དགུའོ། །གསུམ་པ་སྒོམ་ལམ་གྱི་རང་བཞིན་ནི། མདོ་སྡེ་རྒྱན་ལས། མཐོང་ལམ་གྱི་རྗེས་དེ་ནས་བྱང་སེམས་འདི་ནི་མཐོང་ལམ་ས་དང་པོའི་ལྷག་མ་རྣམས་སུ་སྒོམ་པའི་
ལམ་འདི་ལ་ཡེ་ཤེས། [མཉམ་རྗེས་]རྣམ་པ་གཉིས་པོ་དག་སྒོམ་པའི་ཕྱིར་ན་སངས་རྒྱས་ཀྱི་ཆོས་དང་སེམས་ཅན་གྱི་སེམས་རབ་ཏུ་སྦྱོང་བར་བྱེད་དོ། །ཚུལ་ཇི་ལྟར་ན། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་ནི་རང་གིས་སངས་རྒྱས་ཀྱི་ཆོས་རྣམས་ནི་སྦྱོང་བར་བྱེད་དོ། །གཞན་པ་རྣམས་ནི་ཇི་ལྟ་བ་བཞིན་དུ་རྣམ་པར་འཇོག་པ་འཇིག་རྟེན་ལས་འདས་པའི་རྗེ་ཐོབ་དག་པ་འཇིག་རྟེན་པས་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བྱེད་དོ། །སྒོམ་ལམ་གྱི་སྐབས་རྣམས་སུ་འཕགས་ལམ་ཡན་ལག་བརྒྱད་བསྒོམ་པར་བྱ་བས། དེ་དག་གི་དམིགས་པ་ནི་བདེན་བཞྀའི་ཆོས་ཉིད་མཐོང་ཟིན་པ་ཉིད་ལ་དམིགས་པས་སོ། །རྣམ་པ་ནི་རིམ་གྱིས་གོམས་པར་བྱེད་པའོ། །བརྒྱད་པོ་དེ་ལས་ཡང་དག་པའི་ལྟ་བ་ནི། མཐོང་ལམ་དུ་ཇི་ལྟར་མྱོང་བའི་དེ་ཁོ་ན་ཉིད་ངེས་པར་འཛིན་པ་ཡོངས་སུ་གཅོད་པའི་ཡན་ལག་དང༌། ཡང་དག་པའི་རྟོག་པ་ནི་ཇི་ལྟར་རྟོག་པའི་དོན་ངག་ཏུ་བརྗོད་པའི་ཀུན་སློང༌། ཡིན་པས་གཞན་ལ་གོ་བར་བྱེད་པའི་ཡན་ལག་དང༌། ཡང་དག་པའི་ངག་ནི། དྲི་བ་དང་ལུང་སྟོན་པ་དང་འབེལ་གཏམ་གྱིས་གཏན་ལ་དབབ་པས་ལྟ་བ་རྣམ་པར་དག་པར་ཡིད་ཆེས་པ་དང༌། ལས་ཀྱི་མཐའ་ནི་སྤྱོད་ལམ་ཕུན་སུམ་ཚོགས་པ་སྟོན་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཤེས་པ་དང༌། ཡང་དག་པའི་འཚོ་བ་ནི། ཆོས་གོས་ལ་སོགས་པ་ཇི་ལྟར་གནང་བ་བཞིན་
འཚོལ་ཞིང་ལོག་ཚོ་ཐམས་ཅད་སྤངས་པས་འཚོ་བ་རྣམ་པར་དག་པ་ཤེས་པ་སྟེ། དེ་གསུམ་ནི་གཞན་རྣམས་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ །ཡང་དག་པའི་རྩོལ་བ་ནི། སྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་ལྷག་མ་རྣམས་རིམ་གྱི་སྤོང་བ་དང༌། ཡང་དག་པའི་དྲན་པ་ནི། ཞི་གནས་ལ་སོགས་པའི་རྒྱུ་མཚན་མི་བརྗེད་པའི་སྒོ་ནས་བྱིང་རྒོད་ཀྱི་སྐབས་མི་འབྱེད་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི་སྙོམས་འཇུག་གི་སྒྲིབ་པ་སྤང་ནས་མངོན་ཤེས་སོགས་སྒྲིབ་པ་སྟེ། དེ་ གསུམ་ནི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །དེ་ལྟར་བརྒྱད ་ཀ་འཚོགས་པ་ནི་སྒོམ་ལམ་གྱི་ངོ་བོ་ཡིན་ལ། ཆ་ཤས་སོ་སོ་ལ་དེའི་ཡན་ལག་གོ །མཐོང་ལམ་རྗེས་ཐོབ་དང་བཅས་པས་ས་དང་པོའི་ཕྱེད་ལ་སྦྱོར་ཞིང༌། ས་དང་པོའི་ཕྱེད་ཕྱི་མ་ནི་སྒོམ་ལམ་ཡིན་པར་ཤེས་པར་བྱའོ། །བཞི་པ་ཡོན་ཏན་བཤད་པ་ལ་དགུ་ལས། དང་པོ་ས་འཕོ་ཚུལ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཐོབ་ཀྱང་ལྟུང་བའི་རྣམ་རྟོག་ཆ་ཕྲ་མོ་རྣམས་ལ་ཤེས་བཞིན་དུ་གནས་པར་བྱེད་ནུས་པ་མིན་པར་ཇི་སྲིད་པ་དེ་སྲིད་དུ་ས་དང་པོ་ཉིད་ཡིན་ལ། དེ་སྤངས་པ་ནི་ས་གཉིས་པའོ། །དེ་ནས་ཇི་སྲིད་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་ཀུན་ལ་གཅིག་ཆར་དུ་སྙོམས་པར་འཇུག་པ་དང༌། ཐོས་པའི་དོན་ཀུན་འཛིན་ནུས་པ་ནི་ས་གསུམ་པ་ཡིན་པར་འདོད་པའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་ལ་དབང་ཐོབ་ནས་ལན་མང་དུ་གནས་པར་བྱེད་ནུས་ཤིང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལ་སྲེད་པ་དང་ལུང་གི་ཆོས་ལ་སྲེད་པ་ལོག་པ་ནི་ས་བཞི་པ་དང༌། དེ་ནས་བདེན་པ་བཞིའི་དོན་བསྒོམས་པ་ལ་བརྟེན་ནས་སེམས་ལ་དབང་བསྒྱུར་བ་ཐོབ་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གཅིག་ཏུ་ཕྱོགས་པ་དང་མངོན་དུ་ཕྱོགས་པ་མིན་པ་ས་ལྔ་པ་དང༌། དེ་ནས་དེ་བཞིན་དུ་རང་རྒྱལ་རྣམས་དང་ཐུན་མོང་མ་ཡིན་པའི་ཀུན་རྫོབ་པའི་དེ་བཞིན་ཉིད་དང༌། དོན་དམ་པའི་དེ་བཞིན་ཉིད་ཀྱི་རྟེན་འབྲེལ་འཇུག་ལྡོག་གི་རིམ་པ་དང༌། དེའི་གནས་ལུགས་ཆོས་ཤིན་ཏུ་སྒོམ་པས་འགོག་པ་ཆོས་ཀྱི་དབྱིངས་ལ་སྙོམས་པར་འཇུག་པ་ཐོབ་པ་ལས་འཁོར་བས་མི་སྐྱོ་ཞིང་ཆོས་ཀྱི་དབྱིངས་ལ་མངོན་དུ་ཕྱོགས་པ་ནི་ས་དྲུག་པ་དང༌། དེ་ལས་གཞན་ས་བདུན་པ་ལ་ནི་བསྒྲིམས་པའི་རྩོལ་བ་དང་བཅས་ཀྱང་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རྟག་ཏུ་གནས་པ་ལ་དབང་ཐོབ་པ་དང༌། ས་དང་པོ་དྲུག་ལ་མཚན་མའི་རྣམ་པར་རྟོག་པ་མི་འདོད་ཀྱང་འབྱུང་བའི་སྐབས་ཡོད་ལ། ས་འདིར་ནི་དེ་ལྟར་བུ་འབྱུང་བ་མེད་པས་འདོད་པ་བསྐྱེད་ན་མ་གཏོགས་མཚན་མ་མེད་པ་ཉིད་ལ་གནས་ནུས་པ་ཡིན་ནོ། །དེ་ནས་འབད་རྩོལ་མེད་པའི་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་གནས་པའི་རྒྱུ་མཚན་གྱིས་རྟོགས་པ་དང་ཡེ་ཤེས་རྒྱུན་ཆད་པ་མེད་པའི་ཕྱིར་ཕྱིར་མི་ལྡོག་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་
ཐོབ་པ་ནི་ས་བརྒྱད་པ་དང༌། དེ་ནས་སོ་སོར་ཡང་དག་པར་རིག་པ་བཞི་ཐོབ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཅིག་ཆར་ལུང་སྟོན་ནུས་པ་དང༌། སེམས་ཅན་ཀུན་གྱི་བསམ་པ་དང་མཐུན་པར་ཆོས་བསྟན་པས་དགའ་བ་བསྐྱེད་པ་ནི་ས་དགུ་པ་དང༌། དེ་ནས་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡོངས་སུ་རྫོགས་པ་རང་སྟོབས་ཀྱིས་མངོན་སུམ་དུ་མཐོང་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྟོགས་པ་ས་བཅུ་པའོ། །དེས་ན་ཡོན་ཏན་དེ་དག་ས་རང་རང་གི་སྐབས་སུ་བཤད་པ་བཞིན་ཡོད་པ་དང་མེད་པ་ལས་ས་དེ་ཐོབ་པ་དང་མ་ཐོབ་པའི་ཚུལ་ཤེས་པ་ལས་ས་རྣམས་གོང་ནས་གོང་དུ་འཕོ་ཚུལ་ཤེས་པར་བྱའོ། །དེ་ནས་ཇི་སྲིད་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་པར་བྱ་བའི་ཆོས་ཐམས་ཅད་ལ་གཅིག་ཆར་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་མ་ཐོབ་པར་དེ་སྲིད་དུ་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དེ་ཐོབ་པ་ན་རྫོགས་པའི་སངས་རྒྱས་དངོས་སོ། །འོན་ཀྱང་ས་བཅུ་པ་འདི་སངས་རྒྱས་དངོས་དང་རྗེས་སུ་མཐུན་པའི་མཛད་པ་རྣམས་སྟོན་ནུས་པས་རྫོགས་པའི་སངས་རྒྱས་ཀྱི་ས་ཞེས་བརྗོད་པའོ། །གཉིས་པ་རྟོགས་པའི་ཁྱད་པར་ནི། དབུས་མཐའ་ལས། དེ་ཡང་མཉམ་བཞག་ཏུ་ཆོས་ཉིད་རྟོགས་པས་རྗེས་ཐོབ་ཏུ་ངེས་པ་འདྲེན་པའི་ཚུལ་རྣམ་པར་བཞག་པ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་ཏེ་བདག་གཞན་ཀུན་ལ་ཆོས་ཉིད་ཀུན་ཁྱབ་ཀྱི་ཚུལ་དུ་རྟོགས་
པ་དང༌། ས་གཉིས་པ་ལ་ནི་མཆོག་གི་དོན་དུ་རབ་ཏུ་རྟོགས་ཏེ། ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བར་མཐོང་ནས་བདག་གི་ཆོས་དབྱིངས་ཀྱི་མཆོག་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཞིག་སྒྲུབ་པའི་ཕྱིར་འབད་པར་བྱའོ་སྙམ་པ་དང༌། ས་གསུམ་པ་ལ་རྒྱུ་མཐུན་པའི་དོན་གྱི་མཆོག་ཉིད་དུ་རྟོགས་ཏེ། ཆོས་དབྱིངས་རྟོགས་པ་ལས་གསུང་རབ་འབྱུང་ཞིང་གསུང་རབ་ལས་ཀྱི་ཆོས་དབྱིངས་རྟོགས་པར་འབྱུང་བས་གསུང་རབ་ནི་ཆོས་དབྱིངས་ཀྱི་རྒྱུ་མཐུན་པ་ཡིན་ལ། དེ་ཐོས་པ་མཆོག་ཏུ་རིག་ནས་ཆོས་ཚིག་བཞི་པ་གཅིག་གི་དོན་དུ་སྟོང་གསུམ་མེས་གང་པར་ཡང་མཆོང་བར་སྤྲོ་བ་དང༌། བཞི་པ་ལ་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་ཏེ། སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ཆོས་དབྱིངས་གཟུང་འཛིན་དང་བྲལ་ཞིང་མེད་པར་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐོབ་པ་དང༌། ས་ལྔ་པ་ནི། བདག་གཞན་གྱི་རྒྱུད་རྣམས་ཀྱི་ཆོས་དབྱིངས་ཐ་དད་དུ་མེད་པར་རྟོགས་པ་དང༌། ས་དྲུག་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་པ་མ་ཡིན་པའི་དོན་དུ་རྟོགས་ཏེ། ཆོས་དབྱིངས་རང་བཞིན་གྱིས་དག་པས་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་རྣམ་པར་རྟོགས་པའི་ཕྱིར་དང༌། བདུན་པ་ལ་ནི་ཐ་དད་དུ་མེད་པའི་དོན་དུ་རྟོགས་ཏེ། ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་མཚན་མ་མེད་པའི་ཚུལ་དུ་ཐ་དད་མེད་པར་རྟོགས་པའི་ཕྱིར་དང༌། བརྒྱད་པ་ལ་ནི་བྲི་བ་དང་འཕེལ་བ་མེད་
པའི་དོན་དུ་རྟོགས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནམ་ཡང་འཕེལ་བ་དང་བྲི་བ་མེད་པར་རྟོགས་པའི་ཕྱིར་དང༌། དབང་གི་རྣམ་པ་བཞི་ཡི་གནས་ཞེས་བརྗོད་དེ། དེ་ཡང་ས་བརྒྱད་པ་དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བའི་གནས་དང༌། ཇི་ལྟར་བཞེད་པ་བཞིན་སངསརྒྱས་ཀྱི་ཞིང་འཁོར་གྱི་བཀོད་པ་བསྟན་པའི་མཐུ་བརྙེས་པའི་ཕྱིར་དག་པ་ལ་དབང་བ་གཉིས་ནི་ས་བརྒྱད་པ་ཡིན་ལ། ས་དགུ་པ་ལ་ནི་སོ་སོ་ཡང་དག་པར་རིག་པ་ལ་དབང་བ་དང༌། ས་བཅུ་པ་ལ་ནི་རྗེས་ཐོབ་ཏུ་ཇི་ལྟར་འདོད་པ་བཞིན་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ལས་ལ་དབང་བ་ཡིན་ནོ། །འདི་དག་ནི་མཉམ་བཞག་ཏུ་ཆོས་དབྱིངས་བསྒོམས་པས་རྗེས་ཐོབ་ཏུ་ངེས་པར་འདྲེན་ཚུལ་བཅུ་འབྱུང་བས་སོ། །གཞན་ཡང་སྦྱིན་པའི་ཕར་ཕྱིན་ལ་སོགས་པའི་ཕར་ཕྱིན་བཅུ་ཡང་ས་དང་པོ་ནས་སྦྱིན་པའི་ཕར་ཕྱིན་ལ་ལྷག་པར་སྤྱོད་པ་ནི་ས་བཅུ་པར་ཡེ་ཤེས་ཀྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་པའི་བར་ཏེ། ས་བཅུ་ལ་ཕར་ཕྱིན་བཅུ་ལྷག་པར་སྤྱོད་པའོ། །གསུམ་པ་རྣམ་སྨིན་འཛིན་ཚུལ་གྱི་ཁྱད་པར་ནི། འཇིག་རྟེན་གྱི་ཞིང་རྣམས་དུ་མ་ལ་རྣམ་སྨིན་གྱི་ལུས་འཛིན་ཚུལ་ནི། ས་དང་པོ་ལ་གནས་པ་ནི་ཕལ་ཆེར་འཛམ་བུ་གླིང་གི་དབང་ཕྱུག་ཏུ་འགྱུར་བ་དང༌། དེ་ནས་བརྩམས་ནས་གླིང་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་
པོ་དང༌། སྟོང་གི་བདག་པོ་དང༌། སྟོང་གཉིས་ཀྱི་བདག་པོ་ཚངས་པ་དང༌། གནས་གཙང་གི་བདག་པོའི་བར་དུ་རིམ་བཞིན་སྐྱེ་བ་འཛིན་པའོ། །བཞི་པ་ཚོགས་ཀྱི་ཁྱད་པར་ནི། བྱང་སེམས་སོ་སོ་སྐྱེ་བོ་རྣམས་ཀྱྀས་བསྐལ་པ་གྲངས་མེད་གཅིག་ལ་བསགས་པའི་ཚོགས་ཀྱི་ཚད་དེ། ས་ཐོབ་པའི་བྱང་སེམས་རྣམས་ཀྱིས་སྐད་ཅིག་རེ་རེ་ལ་སྒྲུབ་པ་དང༌། ས་བདུན་པ་མན་ཆད་ཀྱི་བྱང་སེམས་འཕགས་པ་རྣམས་ཀྱིས་བསྐལ་པ་སྟོང་གི་བར་གྱི་ཚོགས་ཏེ། དག་པའི་ས་ལ་གནས་པའི་བྱང་སེམས་རྣམས་ཀྱིས་སྐད་ཅིག་གཅིག་ལ་བསྒྲུབས་ནུས་པའོ། །དབང་བསྐུར་བ་མ་ཐོབ་པའི་བྱང་སེམས་ས་དགུ་པ་མན་ཆད་ཀྱིས་བསྐལ་པ་གྲངས་མེད་པའི་ཚོགས་ཀྱང༌། དབང་བསྐུར་དེ་ཐོབ་པའི་བྱང་སེམས་དག་གིས་སྐད་ཅིག་རེ་རེ་ལ་བསྒྲུབས་ནུས་པ་ཡིན་ནོ། །གཞན་ཡང་ས་གསུམ་པ་བས་ཉན་རང་གི་སྤྱོད་ཡུལ་དུ་མ་གྱུར་པའི་འཇིག་རྟེན་པའི་ཏིང་ངེ་འཛིན་དང་རིགས་མཐུན་པའི་བསམ་གཏན་དང་གཟུགས་མེད་པའི་བསམ་གཏན་སོགས་ལ་སྙོམས་པར་འཇུག་ན་ཡང་ཁམས་གསུམ་གྱིས་བསྡུས་པའི་ཏིང་ངེ་འཛིན་མིན་གྱི། འདིར་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་སྤྱོད་ཡུལ་གྱི་ཏིང་ངེ་འཛིན་ཏོ། །དེ་ནས་ཉན་ཐོས་དང་རང་རྒྱལ་ཐམས་ཅད་ཀྱིས་མིང་ཙམ་དང་ཕྱོགས་ཙམ་ཡང་མ་རྟོགས་ཤིང་རྨོངས་པར་འགྱུར་བའི་ཏིང་ངེ་འཛིན་མི་འདྲ་བ་འབུམ་ཕྲག་བཅུ་རེ་ལ་སྐད་ཅིག་རེ་རེ་ནས་སྙོམས་པར་འཇུག་པ་ནས་ནི་ས་བདུན་པ་ནས་ཐོབ་ལ། ཏིང་ངེ་
འཛིན་དེ་དག་གི་སྤྱོད་ཡུལ་རྣམས་ཀྱང་ཤེས་པས་ཉན་རང་ཀུན་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པའོ། །ས་འདིར་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་དབང་བསྒྱུར་བའི་ཉོན་མོངས་མ་གཏོགས་པའི་ཉོན་སྒྲིབ་བག་ལ་ཉལ་ཐམས་ཅད་ས་འདིར་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །འདིའི་མཐར་གྱི་ས་རྣམས་ལ་ནི་མཚན་འཛིན་གྱི་རྣམ་རྟོག་ཐམས་ཅད་དག་པར་འགྱུར་བས། ཀུན་གཞི་རིགས་མཐུན་གཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་འགྲོ་བའི་ལུས་སྟོན་ནུས་པ་དང༌། ཁྱད་པར་ས་བཅུ་པའི་སྐབས་སུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོའི་མངོན་པར་དབང་བསྐུར་བ་ཐོབ་པ་ཡིན་ལ་དེ་ལ་མཐུན་མི་མཐུན་གྱི་རྣམ་དབྱེ་མེད་པར་ས་འདིར་ཁོ་ནར་ཐོབ་པ་ཡིན་གྱི་ས་གཞན་དུ་ཐོབ་པ་མི་སྲིད་དོ། །གཞན་ཡང་ཚེ་ལ་དབང་བ་སོགས་དབང་བཅུ་ཕྲ་མོ་ཙམ་ནི་རབ་ཏུ་དགའ་བའི་ས་ཐོབ་པ་ནས་ཐོབ་པ་ཡིན་ལ། དབང་བཅུ་ཆེན་པོ་ནི་ཕྱག་གི་དབང་སྟེ་སངས་རྒྱས་ཀྱི་ཕྱག་གཡས་པ་བྱང་སེམས་དེའི་སྤྱི་བོར་བཞག་སྟེ་ཁྱོད་སངས་རྒྱས་འདི་ལྟ་བུ་ཞིག་ཏུ་འཚང་རྒྱའོ་ཞེས་ལུང་བསྟན་པ་དང་བཅས་ཏེ་བརྒྱད་པ་མི་གཡོ་བའི་ས་ལ་ཐོབ་པའོ། །དབང་བཅུ་ནི། ཚེ་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོ་བྱད་ལ་དབང་བ་དང༌། ལས་ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། མོས་པ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང༌། ཆོས་ལ་དབང་བ་རྣམས་ཡིན་ལ། དེ་དག་
གི་དོན་ནི་གཞན་དུ་ཤེས་པར་བྱའོ། །ལྔ་པ་ཡོན་ཏན་གྱི་ཁྱད་པར་ནི། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང༌། དེ་བཞིན་དུ་ས་གཉིས་པ་ལ་ཡོན་ཏན་སྟོང་ཕྲག་དང༌། གསུམ་པ་ལ་འབུམ་ཕྲག་དང༌། བཞི་པ་ཁྲག་ཁྲིག་དང༌། ལྔ་པ་ལ་རབ་བཀྲམས་ཆེན་པོ་དང༌། དྲུག་པ་ལ་གཏམ་དཀྲིགས་དང༌། བདུན་པ་ལ་དེད་འདྲེན་གྱི་དེ། དེ་རེ་རེ་ལ་ཡོན་ཏན་བཅུ་གཉིས་རེ་ཡོད་པ་རྣམས་མ་དག་ས་བདུན་པ་ལ་འདོད་པའོ། །དེ་ནས་ས་ བརྒྱད་པ་ལ་སྟོང་གསུམ ་ས་ཡ་སྟེ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་དང༌། ས་དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང༌། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་དག་ཐོབ་པ་ཡིན་ལ། ས་དགུ་པ་དང་བཅུ་པ་གཉིས་པོ་ལ་ཡོན་ཏན་དེ་རྣམས་གྲངས་ཀྱི་གནས་ཀྱིས་བགྲང་པར་མི་ནུས་པས་དེ་དག་གི་ཡོན་ཏན་གྱི་ཚད་མོས་པའི་ངོར་གསུངས་པ་ཡིན་ནོ། །དེ་ཡང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི། ས་དང་པོ་ལ་དེ་ཉིད་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་སྙོམས་པར་འཇུག་པ་དང༌། སངས་རྒྱས་བརྒྱ་མཐོང་བ་དང༌། དེ་དག་གི་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང༌། སངས་རྒྱས་ཀྱི་ཞིང་གཡོ་བ་དང༌། སངས་རྒྱས་བརྒྱའི་ཞིང་དེར་འགྲོ་བ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་འོད་ཀྱིས་སྣང་བར་བྱས་པ་དང༌། སྤྲུལ་པ་བརྒྱས་སེམས་ཅན་བརྒྱ་ཕྲག་ཡོངས་སུ་སྨིན་པར་བྱེད་པ་དང༌། བསྐལ་པ་
བརྒྱར་གནས་པར་བྱེད་པ་དང༌། སྔོན་དང་ཕྱི་མའི་མཐའི་བསྐལ་པ་བརྒྱ་ལ་མངོན་ཤེས་འཇུག་པ་དང༌། ཆོས་སྒོ་བརྒྱ་རབ་ཏུ་སྟོན་པ་དང༌། འཁོར་བརྒྱ་དང་བཅས་པའི་ལུས་ཀྱང་བརྒྱ་སྟོན་པར་བྱེད་པའོ། །དེ་ལྟར་ས་གཉིས་པ་སོགས་ལ་གོང་གི་གྲངས་རྣམས་[རྣམ་པ་]བཅུ་གཉིས་པོ་འདི་ལྟར་རིམ་བཞིན་དུ་སྦྱར་ཤེས་པར་བྱའོ། །ས་བཅུ་པ་ཆོས་ཀྱི་སྤྲིན་ལ་ཡོད་པའི་ཡོན་ཏན་ནི་ཚད་ལས་འདས་པ་ཡིན་ཏེ། གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མཛད་པ་རྣམས་དེ་བཞིན་གཤེགས་པ་ཉིད་དང་རྗེས་སུ་མཐུན་པར་སྟོན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྲིད་པ་ཐ་མ་པའི་བྱང་སེམས་དེ་ནི་གསུང་གི་འཕྲིན་ལས་བསམ་པ་དང་མཐུན་པར་ཆོས་བསྟན་པ་དང༌། གཟུགས་ཀྱི་སྐུའི་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་དག་དང་ནི། གཞན་དོན་གྱི་སྤྱོད་པ་རླབས་པོ་ཆེ་དང༌། འཆག་པ་དང༌། བཞེངས་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་པ་རྣམས་ཀྱིས་ཀྱང་རུང་སྟེ། གདུལ་བྱ་གང་ཞིག་ཚུལ་ཇི་ལྟར་ཐབས་གང་གིས་འདུལ་བ་རྣམས་རྒྱལ་སྲས་དེས་ནི་ཕྲིན་ལས་དེ་ཇི་ལྟར་འོས་པ་དེ་ལྟར་ཉིད་དུ་ཡང་དག་པར་རབ་ཏུ་ཤེས་སོ། །དེ་ལྟར་ན་ཡུལ་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་མཐའ་ཡས་པ་རྣམས་ལ་དུས་རྟག་ཏུ་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པར་ཐམས་ཅད་དུ་ཡོད་ཅིང་ཐོགས་པ་མེད་པའི་སྒོ་ནས་བྱེད་པ་པོ་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་ཡིས་ནི། ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཡོངས་སུ་སྨིན་པའི་ཆེད་དུ་རང་གི་ངོ་བོ་དེ་དག་གི་དོན་སྒྲུབ་
པའི་ཕྲིན་ལས་ནི་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཚུལ་དུ་འགྲུབ་པ་དང༌། གཞན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེའི་ཕྲིན་ལས་འཇུག་པའི་ཚུལ་འདི་ནི་རྗེས་ཐོབ་ཏུ་གཞན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟོས་ནས་དེ་བཞིན་གཤེགས་པ་རྣམས་དང༌། ཡང་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བ་ལ་འཇིག་རྟེན་ན་ནི་ལྷུན་གྱི་གྲུབ་ཅིང་རྒྱུན་མི་འཆད་པས་མཉམ་པ་ཉིད་ཡིན་ཏེ། མངོན་པར་ཤེས་པ་དྲུག་དང༌། དབང་བཅུ་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་པའི་ཕྱིར་རོ། །གཞན་དོན་ལ་སངས་རྒྱས་དང་མཚུངས་ཀྱང་རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་སའི་དཀྱིལ་འཁོར་དང་རྡུལ་ཕྲན་གྱི་ཁྱད་པར་བཞིན་ནོ། །རབ་ཏུ་བྱུང་བའི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་ནི། མདོ་སྡེ་རྒྱན་ལས། ས་རྣམས་ཀུན་ལ་བློ་དང་ལྡན་པ་རྣམས་ཀྱི་རབ་ཏུ་བྱུང་བའི་ཚུལ་ནི་གསུམ་སྟེ། མཁན་སློབ་ལ་སོགས་པ་ལས་ཡང་དག་པར་ལེན་པའི་ཚོགས་ཐོབ་པ་དང༌། ས་དང་པོ་ཡན་ཆད་དུ་རྒྱུ་མཐོང་སྤང་ཟད་པའི་འབྲས་བུ་ཉེས་ལྟུང་མི་འབྱུང་བ་ཆོས་ཉིད་ཀྱིས་ཐོབ་པ་ནི་སྔ་མ་དེ་ལས་གཞན་པའི་རབ་ཏུ་བྱུང་བའི་ཚུལ་གཅིག་ཡིན་ལ་མཆོག་གི་སྤྲུལ་པའི་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བ་སྟོན་པར་བྱེད་པ་ལྟ་བུ་ཡང་ཚུལ་གཅིག་ཡིན་ནོ། །ལྔ་པ་སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
སྐྱེ་བ་ལེན་ཚུལ་ནི་མོས་སྤྱོད་ལ་གནས་པ་རྣམས་ལས་བཟང་པོ་འདོད་ཁམས་སུ་སྐྱེ་བ་དང༌། གཞན་ཡང་འཕགས་པའི་ས་ཐོབ་པ་ན་ངན་སོང་དུ་སྐྱེ་བའི་ལས་གཏན་ནས་མེད་ཀྱང་སྨོན་ལམ་གྱི་དབང་གིས་གཞན་དོན་དུ་ངན་སོང་དུ་སྐྱེ་བ་དང༌། བསམ་གཏན་གྱི་སེམས་ཐོབ་ཀྱང་སྙིང་རྗེའི་དབང་གིས་བསམ་གཏན་དུ་བཟློག་ནས་ཏིང་ངེ་འཛིན་གྱི་དབང་གིས་འདོད་ཁམས་སུ་སྐྱེ་བ་དང༌། དབང་འབྱོར་བའི་དབང་གིས་སྤྲུལ་སྐུ་དགའ་ལྡན་ལ་སོགས་པར་སྐྱེ་བ་སྟེ་བཞི་འདོད་པ་ཡིན་ནོ། །གཞན་ཡང་མོས་པ་སྤྱོད་པའི་ས་སྦྱོར་ལམ་རྩེ་མོ་ནས་ཏིང་ངེ་འཛིན་གྱི་ལུས་ཐོབ་པ་ཡིན་པས། ཡིད་ལུས་དངོས་ནི་མ་ཐོབ་སྟེ། དབང་པོ་ལྔ་གནས་མ་གྱུར་པས་སོ། །འཕགས་པ་ལ་ཡང་ས་དང་པོ་ནས་མ་དག་པའི་དབང་པོ་ལྔ་གནས་འགྱུར་ཞིང་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་སྟེ། རང་སྣང་གི་ཞིང་ཁམས་ཕུན་སུམ་ཚོགས་པ་འགྲུབ་པ་དང༌། ཏིང་ངེ་འཛིན་གྱི་བདེ་བ་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པ་ནི་མ་དག་ས་བདུན་གྱི་གནས་སྐབས་ལའོ། །མཚན་མ་དང་འབད་རྩོལ་མེད་པར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པ་དང༌། མཚན་དཔེ་ཕུན་སུམ་ཚོགས་པས་བརྒྱན་པའི་ལུས་མཆོག་དང༌། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྗེས་མཐུན་པ་ལ་སྤྱོད་པ་ནི་ས་བརྒྱད་པ་དང་དགུ་པ་གཉིས་ལའོ། །ས་བཅུ་པ་ནས་ཕྱོགས་དང་རིས་སུ་ཆད་པ་མེད་པའི་གདོད་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་པར་འདུ་བྱེད་པའི་བདེ་བ་ཆེན་
པོ་དང༌། འོད་ཟེར་ཆེན་པོས་དབང་བསྐུར་མཆོག་ཐོབ་ཏེ། སྟུག་པོ་བཀོད་པའི་ཞིང་དངོས་ལ་བགྲོད་པར་འགྱུར་བ་སོགས་ཐོབ་པ་དང༌། དེར་གཞན་དོན་འཕྲིན་ལས་སངས་རྒྱས་དང་འདྲ་བ་ཐོབ་པས་སངས་རྒྱས་ཀྱི་སར་ཞེས་བརྗོད་དོ། །ཡང་ས་བདུན་པ་ནས་དོན་དམ་འགོག་པ་ཡང་དག་པའི་མཐའ་ལ་སྐད་ཅིག་རེ་རེ་ལ་སྙོམས་པར་འཇུག་ལྡང་ཐོབ་པ་དང༌། ཐེག་ཆེན་གྱིས་ས་བརྒྱད་པ་ཐོབ་པ་དེ་སྲིད་དུ་ཉོན་ཡིད་ཀྱི་རིགས་རྒྱུན་ཙམ་ཞིག་ཡོད་ཀྱང༌། དེ་ཐོབ་པ་ནས་བདག་ཏུ་ལྟ་བའི་བག་ཆགས་ཉོན་མོངས་ཅན་གྱི་ཡིད་ལོག་པར་གྱུར་པ་ཡིན་པས། དེ་ཡན་ཆད་ཀྱི་བྱང་སེམས་རྣམས་ཀྱིས་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་དབང་བསྒྱུར་བའི་ཕྱིར་སྤྲུལ་གཞྀའི་རྩ་བ་དང་སྤྲུལ་པའི་ཚོགས་རྣམས་དབྱེར་མེད་པའི་ངང་ནས་ཞིང་ཁམས་ཀུན་ཏུ་ལུས་རྣ་ཚོགས་པ་སྟོན་པར་བྱེད་པ་དང༌། མཆོད་པའི་ཡོ་བྱད་དང༌། ཞིང་ཁམས་དཔག་ཏུ་མེད་པར་སྟོན་ནུས་པའོ། །དྲུག་པ་ཡིད་ལུས་ཀྱི་ཁྱད་པར་ནི། ཐེག་པ་དམན་པའི་དགྲ་བཅོམ་པ་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ན་ཕུང་པོ་རགས་པ་བོར་མ་ཐག་པའི་དང་པོར་དམན་པའི་ཡིད་ལུས་ཐོབ་སྟེ། ཞི་བདེའི་དབྱིངས་ལ་མཉམ་པར་བཞག་པ་ན་སངས་རྒྱས་རྣམས་ཀྱི་འོད་ཀྱིས་འགོག་པ་ལས་བསླངས་ཏེ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བསྐུལ་ཏེ། དེ་ཐེག་ཆེན་ལམ་དུ་ཞུགས་པའི་དེའི་ཚེ་མཐུ་དང་ལྡན་པའི་ཡིད་ལུས་ཐོབ་བོ་ཞེས་བྱ་བའོ། །ལྷག་བཅས་
དགྲ་བཅོམ་པ་རྣམས་དབང་པོའི་ལུས་རགས་པ་དེ་ཡང་ཐེག་ཆེན་གྱི་ལམ་ཐོབ་པ་ན། དབང་པོའི་ལུས་ཏེ་བྱིན་གྱིས་རླབས་ཏེ། ཚེ་ནི་བསྐལ་པར་གནས་པ་ཡོད་ལ། དེ་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལམ་གྱི་ཡིད་ཀྱི་ལུས་མཚན་ཉིད་པ་སྒྲུབ་པ་ཡིན་ནོ། །གཞན་ཉན་ཐོས་སློབ་པ་འཕགས་པ་ཐེག་ཆེན་ལམ་དུ་ཞུགས་པའི་ཚེ་ན་སེམས་ཅན་དོན་དུ་སྲིད་པར་སྐྱཻ་བ་མང་པོ་ལེན་དགོས་པས་ཚུལ་ཇི་ལྟར་སྐྱེ་བ་ལེན་ཞེ་ན། འཕགས་པ་སློབ་པ་དེ་ལ་འདོད་ཆགས་དང་བྲལ་བ་དང་མ་བྲལ་པ་གཉིས་ལས། འདོད་པར་འདོད་ཆགས་དང་མ་བྲལ་བ་ནི་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད་ལ་གཅིག་ཤོས་འདོད་ཆགས་དང་བྲལ་བ་ནི་ཕྱིར་མི་འོང་བའི་བསམ་གཏན་དང་ལྡན་པའི་ཕྱིར་བསམ་གཏན་དེའི་སྟོབས་ཀྱིས་སྐྱེ་བ་སྤྲུལ་བས་སེམས་ཅན་གྱི་དོན་རབ་ཏུ་སྒྲུབ་པར་བྱེད་དོ། །ཉན་རང་གི་ལྷག་མེད་དགྲ་བཅོམ་པ་རང་ཉིད་མི་རྟོགས་པའི་ཏིང་ངེ་འཛིན་འཐུག་པོའི་ནོན་པས་སེམས་ཅན་གྱི་དོན་སྒྲུབ་མི་ཤེས་ཤིང་སངས་རྒྱས་ཀྱི་འོད་ཀྱི་མ་བསྐུལ་ན་རང་སྟོབས་ཀྱིས་ཐེག་ཆེན་ལམ་དུ་འཇུག་པ་སོགས་ཀྱི་མཐུ་དང་བྲལ་བའོ། །མོས་པ་སྤྱོད་པའི་ས་ལ་རགས་པའི་ལུས་དབང་རྟེན་ཁོག་པ་དང་བཅས་པའི་དབང་པོ་ལྔ་གཞན་དུ་མ་གྱུར་པས། སྦྱོར་ལམ་ཕྱི་མ་གསུམ་གྱི་སྐབས་སུ་ཐོབ་པའི་ཏིང་ངེ་འཛིན་གྱི་ལུས་དེ་དག་ཡིད་ལུས་དངོས་སུ་མི་འཇོག་ལ། གཞན་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི་ཡེ་ཤེས་ཉག་གཅིག་ཡིན་ཏེ།
ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་པའི་ཕྱིར། གོང་དུ་བཤད་པའི་ཡིད་ལུས་དེ་དག་མིག་སོགས་དབང་པོའི་ཁམས་དྲུག་དང༌། བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་དང༌། ཡུལ་གཟུགས་ཀྱི་ཁམས་དྲུག་སྟེ་བཅོ་བརྒྱད་ཀྱི་ཁམས་དང་བྲལ་ཏེ། ཡེ་ཤེས་ཀྱི་མིག་སོགས་དབང་པོ་ལྔས་ཡེ་ཤེས་ཀྱི་གཟུགས་སོགས་འདོད་ཡོན་ལྔ་ལ་ཡིད་ལུས་དེ་དག་གིས་ལོངས་སྤྱོད་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང་སྐྱེ་བ་ནི། ཡིད་ལུས་དེ་ཉིད་མེད་པར་འགྱུར་བའི་འཆི་འཕོ་བ་མ་ཡིན་གྱི། སྤྲུལ་བསྒྱུར་ལ་ཡང་འཇུག་ཅིང་ཡང་ཡང་གཏོང་བ་ལ་འཆི་འཕོ་བའི་མིང་གིས་བསྟན་ལ། བསམ་གྱིས་མི་ཁྱབ་པའི་སྐྱེ་བ་ནི་ཡིད་ལུས་དེ་ཉིད་སྐད་ཅིག་རེ་རེ་ལ་སྤྲུལ་པ་དང་རྫུ་འཕྲུལ་སྣ་ཚོགས་སྟོན་པ་ལ་བྱེད་དོ། །ཡིད་ལུས་དེ་དག་ནི་འཇིག་རྟེན་ལས་འདས་པའི་བསྡུས་པ་ཡིན་ལ་དེའི་རྒྱུའི་དགེ་བ་ནི་བླ་མ་སྟེ་ཟག་པ་མེད་པའི་དགེ་བའི་རྩ་བ་ལས་བྱུང་ངོ་ཞེས་མདོ་ལས། བདེ་བ་ཅན་དང་མངོན་པར་དགའ་བ་སོགས་ཞིང་ཁམས་མང་པོའི་རྒྱུའི་དགེ་བ་འཆད་པའི་སྐབས་ལ་གསུངས་སོ། །ཡིད་ལུས་དེ་ཉིད་ཐོབ་པའི་འཕགས་པ་རྣམས་གང་དུ་གནས་པའི་ཞིང་དེ་ཉིད་དག་པའི་ཞིང་དང་དེ་ན་ཡོད་པའི་དུད་འགྲོའི་ལུས་ཀྱང་ཡིད་ལུས་སུ་འགྱུར་རོ། །དེས་ན་ཡིད་ལུས་དང༌། དབང་བསྒྱུར་གྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང༌། བདེ་བ་ཅན་དང་མངོན་པར་དགའ་བ་སོགས་རྣམ་བྱང་
ཕྱོགས་ཀྱིས་བསྡུས་པའི་ལམ་གྱིས་བདེན་པ་དང༌། སྤྱིར་སངས་རྒྱས་ཀྱི་རང་སྣང་ཐམས་ཅད་དང་ཁྱད་པར་སངས་རྒྱས་རང་སྣང་གི་ཆོས་སྐུའི་ཞིང་ཁམས་འོག་མིན་ཆེན་པོ་ནི་འགོག་པའི་བདེན་པའི་སྣང་བར་འདོད་དོ། །དོན་དམ་ཆོས་སྐུ་དངོས་ཡིན་པའི་ཕྱིར་རོ། །གཞན་ཏིང་ངེ་འཛིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་པར་དགའ་བའི་ཞིང་ཁམས་ལ་ལོངས་སྤྱོད་པར་དབང་བ་དང༌། ཡིད་ལུས་དང་པོ་ཐོབ་པའི་མ་དག་ས་བདུན་ལ་གནས་པའི་བྱང་སེམས་རྣམས་ནི་བདེ་བ་ཅན་གྱི་ཞིང་ལ་དབང་བ་དང༌། ཡིད་ལུས་གཉིས་པ་མཚན་དཔེ་ཕུན་སུམ་ཚོགས་པས་བརྒྱན་པའི་ལུས་ཐོབ་པའི་བྱང་སེམས་ས་བརྒྱད་པ་དང༌། དགུ་པ་གཉིས་ཀྱིས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞིང་འོག་མིན་ནི་སྟུག་པོ་བཀོད་པའི་ཞིང་ཁམས་རྗེས་མཐུན་པ་ལ་གནོན་པ་སྟེ་སྤྱོད་པའོ། །ཡིད་ལུས་གསུམ་པ་ས་བཅུ་པ་བའི་མཚན་དཔེས་བརྒྱན་པའི་ལུས་ཀྱིས་ནི་འོག་མིན་ཆེན་པོ་སྟུག་པོ་བཀོད་པ་དངོས་ལ་ཡང་ལོངས་སྤྱོད་པར་དབང་བ་ཡིན་ཏེ། ཞིང་དེ་ཉིད་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒྲུབས་ཏེ། ལོངས་སྐུའི་རྟེན་ལ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བས་སོ། །དེ་ལྟར་ས་བཅུ་པོའི་སྐབས་དེ་དག་ཏུ་ཁམས་གསུམ་དུ་སྐྱེ་བ་སྟོན་པ་སོགས་སེམས་ཅན་གྱི་འགྲོ་དོན་སྤྱོད་ཚུལ་དེ་དག་ནི་རྣམ་པར་འཕྲུལ་བ་ཁོ་ན་ཡིན་པར་ཤེས་པར་བྱའོ། །ཞིང་དེ་རྣམས་དེ་ན་བཞུགས་པའི་སངས་
རྒྱས་ཀྱི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་ནམ། འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འབྲས་ཡིན་ནམ་སྙམ་ན། དེ་ནི་ཞིང་དེར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཐུན་མོང་དུ་བསགས་པའི་དགེ་བའི་ལས་ཀྱི་བདག་འབྲས་ལ་ཞིང་དེ་དང་དེར་སྣང་བ་ཡིན་ཏེ། དེ་གཉིས་ཀྱི་ཐུན་མོང་གིས་ལོངས་སྤྱོད་བྱར་གྲུབ་པའི་ཕྱིར་རོ། །རྒྱལ་བ་རྫོགས་པའི་སངས་རྒྱས་ཁོ་ནའི་དགེ་བའི་ལས་ཀྱི་འབྲས་བུ་ནི་རང་སྣང་འོག་མིན་ཆེན་པོའི་ཞིང་དེའོ། །འདི་ནི་འབྲས་བུ་བཏགས་བ་པ་ལ་བྱེད་དོ། །བདུན་པ་མི་རྟོག་ཡེ་ཤེས་ཀྱི་འགལ་རྐྱེན་མཚན་མ་སྤངས་པ་ལ་རྣམ་པ་བཞི་སྟེ། ཕུང་པོ་ལ་གཟུང་འཛིན་དུ་བདེན་པར་འཛིན་པ་ནི་མི་མཐུན་པའི་མཚན་མ་ཡིན་ལ། དེ་མི་རྟོག་ཡེ་ཤེས་ཀྱིས་སྤངས་པ་དང༌། སེར་སྣ་སོགས་ཉོན་སྒྲིབ་ཀྱི་གཉེན་པོ་ཕྱིན་དྲུག་སོགས་ལ་ཞེན་པ་ནི། གཉེན་པོའི་མཚན་མ་དང༌། སྟོང་པ་ཉིད་ལ་དེ་བཞིན་དུ་དངོས་པོ་ཡོད་པར་ཞེན་པ་ནི་དེ་བཞིན་ཉིད་ཀྱི་མཚན་མ་དང༌། བདག་མེད་རྟོགས་པ་ནི། རྟོག་པའོ་སྙམ་དུ་ཞེན་པ་ནི་རྟོག་པའི་མཚན་མ་སྟེ་དེ་དག་རིམ་པ་བཞིན་དུ། མཚན་མ་དང་པོ་ནི་གནས་ངན་ལེན་གྱི་རྒྱུ་ཡིན་པའི་ཕྱིར་དང༌། མི་མཐུན་ཕྱོགས་སུ་རྟོགས་སླ་བའི་ཕྱིར་རགས་པ་དང༌། མཚན་མ་གཉིས་པ་ནི་སྔ་མའི་གཉེན་པོ་ཡིན་ལ། དེ་ལ་ཞེན་པ་ཤེས་སྒྲིབ་ཡིན་པ་སྔ་མ་ལས་ཅུང་ཟད་ཕྲ་བས་འབྲིང་
དང༌། མཚན་མ་གསུམ་པ་ནི་བདག་གཉིས་སུ་རྟོགས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་ཞིང༌། མི་མཐུན་ཕྱོགས་སུ་རྟོགས་དཀའ་བས་སྔ་མ་ལས་ཅུང་ཟད་ཕྲ་མོ་དང༌། མཚན་མ་བཞི་པ་ནི་ས་ཐོབ་ཀྱང་རེ་ཞིག་རྒྱུན་མི་ལྡོག་པས་རིང་དུ་སོང་བའི་བར་རྗེས་སུ་འབྲེལ་བ་སྟེ། དེ་ལྟར་རྟོགས་པ་བཞི་ནི་རིམ་བཞིན་སྤོང་བར་བྱེད་པའོ། །བརྒྱད་པ་སྐྱེ་བ་མེད་པའི་བཟོད་པ་ཐོབ་པ་ལ་ལུང་བསྟན་ཐོབ་ཚུལ་ནི། སྒྲ་ཡི་རྗེས་འགྲོ་སྟེ་ཐེག་པ་ཆེན་པོའི་གདམས་ངག་དགེ་བའི་གཤེས་གཉེན་དང་སངས་རྒྱས་ལས་ཐོབ་པ་ལས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ་འདི་བསྟན་པར་བྱ་སྟེ། དེ་ཡང་རང་གིས་གདམས་ངག་ཐོབ་པའི་དོན་དེ་ཉིད་བསམ་བྱུང་གིས་རིགས་པས་ཇི་ལྟར་གཏན་ལ་ཕབས་པ་ལྟར་སྒོམ་པ་ན་ཡང་དེ་དང་རྗེས་སུ་མཐུན་པར་བསྒོམས་པས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ་དང༌། དེ་ཡང་སྐྱེ་མེད་སྟོན་པའི་ཐེག་པ་ཆེན་པོའི་གདམས་ངག་ཐོས་པ་ལས་བྱུང་བ་དེ་ནི་སྐྱེ་བ་མེད་པ་དངོས་ཡིན་ལ། འདི་ལ་གང་ཟག་གང་གིས་བསླབ་ཀྱང་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་སློབ་པ་ཡིན་ནོ། །དེ་ལྟར་སྒོམ་བྱུང་གིས་ཐོབ་པའི་སྐྱེ་མེད་དེ་ལ་རྣམ་པ་གསུམ་སྟེ། དང་པོ་ནི། མོས་སྤྱོད་པ་སྦྱོར་ལམ་བཟོད་པ་ནས་ཐོབ་པའི་ནི་སྐྱེ་མེད་ཆུང་ངུ་དང༌། གཉིས་པ་ནི་ས་དང་པོ་རབ་ཏུ་དགའ་བ་ནས་ས་བདུན་པའི་བར་གྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་
ཐོབ་པ་ནི་འབྲིང་དང༌། གསུམ་པ་ས་བརྒྱད ་པ་མི་གཡོ་བའི་ས་ལ་ཐོབ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཡིན་ནོ། །བཟོད་པ་ཐོབ་པའི་བྱང་སེམས་དེ་གསུམ་ལས་རང་རང་གི་བློ་དང་འཚམས་པར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་མ་འོངས་པ་ན་སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ་ཞེས་སོགས་ལུང་སྟོན་པའོ། །རྒྱས་པར་ཤེས་འདོད་ན་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་དང་ས་བཅུ་པའི་མདོ་ཉིད་གསལ་བར་དགེ་བའི་བཤེས་གཉེན་ལས་མཉན་པར་བྱའོ། །སྤྱིར་གང་ཟག་གི་བྱེ་བྲག་གིས་ལུང་བསྟན་པ་གསུམ་སྟེ། ཐེག་པ་ཆེན་པོའི་རིགས་ལ་གནས་པའི་གང་ཟག་དབང་རྣོན་སེམས་མ་བསྐྱེད་པའང་ལུང་སྟོན་པ་སྲིད་པ་དང༌། དབང་རྟུལ་སེམས་བསྐྱེད་པ་སངས་རྒྱས་ཀྱི་འཁོར་དེར་འདུས་པ་མངོན་སུམ་དུ་ལུང་སྟོན་པ་དང༌། སེམས་བསྐྱེད་པ་ང་རྒྱལ་ཅན་འཁོར་དེར་མ་འདུས་པ་མངོན་སུམ་མ་ཡིན་པར་ལྐོག་ཏུ་ལུང་སྟོན་པ་ཡིན་ལ། དེ་གསུམ་ནི་དུས་འདི་ཙམ་ན་དང་སངས་རྒྱས་འདི་ཞེས་བྱ་བ་སོགས་མ་ངེས་པར་མ་འོངས་པ་ན་འཚང་རྒྱའོ་ཞེས་པ་ཙམ་མོ། །གཞན་ཡང་ལུང་སྟོན་པ་ཆེན་པོ་ནི་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པ་ནི་དངོས་སུ་ལུང་སྟོན་ལ། དེ་ཡང་ལུང་སྟོན་ཚུལ་ནི་རྒྱས་ཤིང་གསལ་ལ་ངེས་པ་ཅན་ཏེ། ཁྱོད་མ་འོངས་པ་ན་སངས་རྒྱས་མིང་འདི་ཞེས་བྱ་བར། དུས་འདི་ཉིད་ཅིག་ན། བསྐལ་པ་འདི་ཞེས་
བྱ་བ་ལ་འཚང་རྒྱ་སྟེ། དེའི་འཁོར་ནི་འདི་སྙེད་དོ། །དམ་པའི་ཆོས་ནི་ཡུན་འདི་སྲིད་གཅིག་ཏུ་གནས་པར་འགྱུར་རོ་ཞེས་ལུང་སྟོན་པའོ། །དགུ་པ་སྒོམ་ལམ་རྫོགས་པའི་དུས་ནི། མདོ་སྡེ་རྒྱན་ལས། སྒོམ་ལམ་དང་པོ་ནས་བདུན་པ་རྫོགས་ཀྱི་བར་ལ་གྲངས་མེད་གཅིག་དང༌། དག་པ་ས་གསུམ་ལ་གྲངས་མེད་གཅིག་སྟེ། །གྲངས་མེད་གཉིས་ནི་རྫོགས་པ་དེ་ཡིས་སྒོམ་པའི་ལམ་མཐར་ཕྱིན་པ་ཡིན་ཏེ། སྒོམ་པའི་ལམ་གྱི་ཐ་མ་སྒོམ་ལམ་ཆེན་པོའི་ཆེན་པོ་ཐོབ་ནས་དེའི་དུས་སུ་ནི་བྱང་ཆུབ་སེམས་དཔའ་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཡིན་ཞིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡང་ཐོབ་སྟེ་ཏིང་ངེ་འཛིན་དེ་ནི་རྟོགས་པས་ཚུར་མི་ཤིགས་ཤིང་ཕར་སྒྲིབ་པ་ཐམས་ཅད་བཤིགས་པར་ནུས་པའི་ཕྱིར་རོ། །ལྔ་པ་མི་སློབ་ལམ་ལ་མཚན་ཉིད། དབྱེ་བ། ངོ་བོ་རྣམས་སོ། །དང་པོ་མཚན་ཉིད་ནི། སྤང་རྟོགས་མཐར་ཕྱིན་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐར་ཐུག་མི་སློབ་ལམ་གྱི་མཚན་ཉིད། ཐེག་ཆེན་མི་སློབ་ལམ་དང༌། ཟད་མི་སྐྱེས་ཤེས་པ་དང༌། མཐར་ཕྱིན་པའི་ལམ་སོགས་དོན་གཅིག །གཉིས་པ་དབྱེ་བ་ནི། ཇི་ལྟ་བ་རྟོགས་པའི་ཡེ་ཤེས་དང༌། ཇི་སྙེད་པ་རྟོགས་པའི་ཡེ་ཤེས་སོ། །གསུམ་པ་ངོ་བོ་ནི། མཐར་ཕྱིན་པའི་ལམ་ནི། སྒོམ་པའི་ལམ་ཐ་མ་ཐོབ་པ་དེ་ནས་དེ་ནི་གནས་གཞན་དུ་གྱུར་པ་མཐར་ཐུག་པ། སྤངས་པའི་ཁྱད་པར་སྒྲིབ་པ་ཀུན་གྱི་དྲི་མ་མེད་པ་དང༌།
མཛད་པའི་ཁྱད་པར་རང་ཉིད་ཐུགས་ཆོས་ཀྱི་དབྱིངས་གང་ལ་གནས་ནས་མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སེམས་ཅན་ཀུན་ལ་ཚེ་འདིར་ཕན་པའི་ཕྱིར་དང་ཕྱི་མར་བདེ་བ་ཆེན་པོ་རབ་ཏུ་སྒྲུབ་པར་བྱེད་པ་ལ་ཐབས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་ཐོབ་པ་ཡིན་ནོ། །རྩ་བའི་ས་བཅད་གཉིས་པ་འབྲས་བུ་བཤད་པ་ལ། རྒྱས་པར་བཤད་པ་དང༌། མདོར་བསྟན་པའོ། །དང་པོ་ལ་ཡང་བཞི་སྟེ། སྐུ་བཤད་པ་དང། ཡེ་ཤེས་དང༌། ཡོན་ཏན་དང༌། འཕྲིན་ལས་བཤད་པ་རྣམས་སོ། །དང་པོ་སྐུ་བཤད་པ་ལ་བཞི་སྟེ། ཆོས་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུ་དང༌། ངོ་བོ་ཉིད་སྐུ་བཤད་པ་རྣམས་སོ། །དང་པོ་ཆོས་སྐུའི་ཡོན་ཏན་བཤད་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད་དང་གསུམ་ལས། དང་པོ་ནི། སངས་རྒྱས་རང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་དང་གཞན་ཕན་སྐུ་དང་འཕྲིན་ལས་སོགས་ཡོན་ཏན་དཔག་ཏུ་མེད་པའི་གཞིར་གྱུར་པ་གཟུང་འཛིན་གྱིས་སྤྲོས་པ་མཐའ་དག་དང་བྲལ་བའི་ཡེ་ཤེས། དོན་དམ་པའི་རྣམ་པ་ཀུ༷ན་གྱི་བདག་ཉིད་ཅན། ཀུན་རྫོབ་མ་དག་པའི་སྣང་བ་འཆར་བ་མེད་ཀྱང་ཤེས་བྱའི་ཆོས་ཀུན་མཁྱེན་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གདོད་མ་ནས་གནས་པའི་དག་པ་གཉིས་ལྡན་གྱི་དབྱིངས་དེ་ནི་ཆོས་སྐུའི་མཚན་ཉིད་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྐུ་གསུམ་བསྟོད་པ་ལས། གང་ཞིག་
གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་རྣམ་འགྱུར་མེད་པ་ཞི་ཞིང་མི་མཉམ་མཉམ་ལ་ཁྱད་པར་རབ་ཏུ་སྤྲོས་མེད་པ། །སོ་སོ་རང་གི་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དབྱེ་ན། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སོ། །དེ་གཉིས་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ཡུལ་མཁྱེན་ཚུལ་གྱི་ལྡོག་ཆས་གཉིས་སུ་དབྱེ་བ་ཡིན་ནོ། །དེ་ལ་དོན་དམ་གྱི་ཆོས་རྣམས་ནི་བདེན་གྲུབ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བ་དང། གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་དང་དོན་དམ་གྱི་ཆོས་རྣམས་གདོད་ནས་དབྱེར་མེད་ཀྱི་གཅིག་ཡིན་པའི་ཕྱིར། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་རང་ཉིད་རང་ལ་སྣང་ཞིང་རང་རིག་པའི་ཚུལ་དུ་མཁྱེན་པ་ཡིན་ནོ། །ཡང་ན་དོན་དམ་གྱི་བདེན་པ་ཆོས་ཅན། སངས་རྒྱས་ཀྱི་ཡེཤེས་ལ་སྣང་བ་ཡིན་ཏེ། བདེན་པར་གྲུབ་པའི་ཕྱིར་དང༌། དེ་ཆོས་ཅན། ཇི་ལྟ༷་བ་མཁྱེན་པའི་ཡེ་ཤེས་ཀྱི་རང་ཉིད་རང་ལ་སྣང་ཞིང་རང་རིག་པའི་ཚུལ་དུ༷་མཁྱེན་ཏེ། ཁྱོད་དང་དེ་གཉིས་དབྱེར་མེད་ཀྱི་གཅིག་ཡིན་པའི་ཕྱིར་རོ་ཞེས་དེ་ལྟར་བཀྲལ་ནའང་ཆོག་གོ །སངས་རྒྱས་ཀྱི་ཡེ་ཤེས་
ཀྱིས་ཇི་སྙེད་པའི་ཆོས་རྣམས་མཁྱེན་ཚུལ་ནི་དོན་དམ་རྣམ་པ་ཐམས་ཅད་པ་ཡིན་པའི་རྒྱུ་མཚན་གྱིས་ནི། ཀུན་རྫོབ་ཇི་སྙེད་པའི་ཆོས་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པ་ཡིན་ལ། དེ་ཡང་དོན་དམ་རྣམ་པ་ཐམས་ཅད་པ་དེ་ཀུན་རྫོབ་ཇི་སྙེད་པའི་ཆོས་ཉིད་དུ༷་སོང་བ་དང༌། ཀུན་རྫོབ་རྣམས་དེའི་ཆོས་ཅན་དུ་སོང་བའི་ཚུལ་གྱིས། ཀུན་རྫོབ་ཇི་སྙེད་པའི་ཆོས་དེ་དང་དེ་རྣམས་མཁྱེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ལ་དངོས་སུ་སྣང་བ་མིན་ཡང༌། འགྲོ་བ་རྣམས་ལ་དེ་དང་དེར་སྣང་བ་ངེས་པར་མཁྱེན་པ་ཉིད་ཡིན་པའི་ཕྱིར། དཔེར་ན་མངོན་ཤེས་དང་ལྡན་པ་ཞིག་གིས་གང་ཟག་གཞན་གྱི་རྨི་ལམ་ལ་ཇི་ལྟར་སྣང་བ་བཞིན་མཁྱེན་ཡང་མཁྱེན་མཁན་རང་ཉིད་ལ་གཉིད་མེད་པས་རྨི་ལམ་གྱི་སྣང་བ་དངོས་མེད་པ་བཞིན་ནོ། །དེས་ན་དོན་དམ་རྣམ་པ་ཐམས་ཅད་པ་ཡིན་པས། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དོན་དམ་པའི་ཀ་བུམ་སོགས་རང་རིག་པའི་ཚུལ་གྱིས་དངོས་སུ་མཁྱེན་ལ། དེའི་ཆོས་ཅན་དུ་སོང་བའི་ཀུན་རྫོབ་པའི་ཀ་བུམ་སོགས་ཤུགས་ལ་མཁྱེན་པ་ཡིན་པ་སོགས་ཆོས་ཐམས་ཅད་ལ་དེ་ལྟར་སྦྱར་ཏེ་མཁྱེན་ཚུལ་ཤེས་པར་བྱའོ། །གསུམ་པ་སྒྲ་བཤད་ནི། མ་ལུས་ཤིང་ལུས་པ་མེད་པའི་ཆོས་སམ་ཤེས་བྱ་ཐམས་ཅད་ཀྱི་རང་གཟུགས་སམ་གནས་ལུགས་ཡིན་པའི་ཕྱིར། ཆོས་ཀུན་གྱིལུས་སམ་སྐུ་ཞེས་པའོ། །
ཡང་ན་སྟོབས་དང་མི་འཇིགས་པ་ལ་སོགས་པ། དགེ་ཆོས་དང་ཡོན་ཏན་མ་ལུས་པ་ཐམས་ཅད་གཅིག་ཏུ་འདུས་པའི་སྤྱི་གཟུགས་ཡིན་པའི་ཕྱིར་ཆོས་སྐུ་ཞེས་བྱའོ། །གཉིས་པ་ལོངས་སྐུ་ལ་གཉིས་ཏེ། སངས་རྒྱས་རང་སྣང་གི་ལོངས་སྐུ་དང༌། གདུལ་བྱ་གཞན་སྣང་གི་ལོངས་སྐུའོ། །དང་པོ་ནི་དེ་ལྟ་བུའི་ཆོས་སྐུ་དེ་ཉིད་སངས་རྒྱས་རང་སྣང་ལ་ཆོས་སྐུའི་ཞིང་ཁམས་དང༌། སྐུ་མཚན་དཔེ་ཅན་རྣམ་པ་ཐམས་ཅད་པ་དང༌། འཁོར་དང་མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང། གསུངས་བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་དང་བཅས་པ་འཆར་བ་ནི་གནས་ཚུལ་གྱི་ལོངས་སྐུ་དངོས་དང་གཞི་གདོད་མའི་འགོག་བདེན་ཞེས་བྱ་བའོ། །གཉིས་པ་གདུལ་བྱ་གཞན་སྣང་གི་ལོངས་སྐུ་ནི། དམིགས་པའི་ཡུལ་གནས་ཚུལ་གྱི་ལོངས་སྐུ་དེ་ལ་དམིགས་ནས་རྣམ་པ་དེའི་གནས་ཚུལ་ལས་གཞན་དུ་འཆར་བ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ན། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། དུས་ངེས་པ་འཁོར་བ་མ་སྟོང་གི་བར་དུ་བཞུགས་ཏེ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་ཁོ་ནར་གསུངས་པ་སོགས་ངེས་པ་ལྔ་དང་ལྡན་པ་དེ་ནི། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བས་ན། གཞན་དོན་སྣང་ཚུལ་གྱི་ལོངས་སྤྱོད་རྫོགས་སྐུ་དང་ལམ་བདེན་ཞེས་བྱའོ། །ཇི་སྐད་དུ། སྐུ་གསུམ་བསྟོད་པ་ལས།
གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡིས་འབྲས་བུ་བདག་ཉིད་འབྱོར་བ་ནི། །བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་འཁོར་གྱི་ནང་དུ་རྣམ་པ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང༌། །སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་སྒྲ་རྒྱ་ཆེན་འཇིག་རྟེན་ཐམས་ཅད་དུ་ནི་རབ་ཏུ་སྤྲོ་མཛད་པ། །ལོངས་སྤྱོད་རྫོགས་སྐུ་འདིར་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་དེ་ལ་བདག་གིས་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་སྤྲུལ་སྐུ་བཤད་པ་ལ་གསུམ་སྟེ། མཆོག་གི་སྤྲུལ་སྐུ་དང༌། བཟོའི་སྤྲུལ་སྐུ་དང༌། སྐྱེ་བ་སྤྲུལ་སྐུ་རྣམས་སོ། །དང་པོ་ལ་གཉིས་ཏེ་མཆོག་གི་སྤྲུལ་སྐུ་ཆེན་པོ་དང༌། མཆོག་གི་སྤྲུལ་སྐུ་ཆུང་ངུའོ། །དང་པོ་ནི། ལོངས་སྐུ་དེ་དག་གི་གཟུགས་བརྙན་གྱི་ཚུལ་དུ་སྤྲུལ་པ་བྱུང་བ་ནི། གནས་གཙང་མའི་སྟེང་གི་ནམ་མཁའ་ལ་གནས་གཙང་མ་ཆེན་པོ་འོག་མིན་གཉིས་པ་དབང་ཕྱུག་ཆེན་པོའི་གནས་སུ། འོད་ལུས་རྫུས་ཏེ་སྐྱེས་པའི་ཚུལ་དུ་སངས་རྒྱས་ཀྱིས་སྤྲུལ་པའི་སྐུ་དེ་འབྱུང་བ་ཡིན་པ་ལས། དེས་ཀྱང་འཛམ་གླིང་བྱེ་བ་ཕྲག་བརྒྱ་རྣམས་སུ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་མཛད་པ་དང་བཅས་པ་གཟུགས་བརྙན་གྱི་ཚུལ་དུ་སྟོན་པར་མཛད་པ་དེ་ནི་ལུགས་འདིར་མཆོག་གི་སྤྲུལ་སྐུ་ཆེན་པོའོ། །གཞན་མང་པོས་འདི་ལ་ངེས་པ་ལྔ་ལྡན་གྱི་ལོངས་སྐུར་ཡང་འདོད་དོ། །གཉིས་པ་ནི། ནམ་མཁར་ཟླ་བ་གཅིག་ཤར་བ་ན་ཆུ་ཀླུང་བྱེ་བ་ཕྲག་
བརྒྱར་ཟླ་བའི་གཟུགས་བརྙན་རེ་རེ་འཆར་བ་བཞིན་དུ་མཆོག་གི་སྤྲུལ་སྐུ་ཆེན་པོ་དེ་ལས་འཛམ་གླིང་དང་སོགས་སྒྲས་བསྡུས་པ་གླིང་གཞན་རྣམས་ཏེ་གླིང་བཞི་བྱེ་བ་ཕྲག་བརྒྱ་རྣམས་སུ་མཛད་པ་བཅུ་གཉིས་སྟོན་པའི་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་དེའི་གཟུགས་བརྙན་གྱི་ཚུལ་དུ་འབྱུང་བ་ནི་མཆོག་གི་སྤྲུལ་སྐུ་ཆུང་ངུའོ། །འདིར་འཛམ་གླིང་དངོས་སུ་སྨོས་པ་ནི་མཆོག་གི་སྤྲུལ་སྐུའི་གདུལ་ཞིང་གི་གཙོ་བོ་ལ་དགོངས་པའོ། །དེ་ལྟར་ན་མཆོག་གི་སྤྲུལ་སྐུ་ལ་རྩ་བ་དང་ཡན་ལག་གཉིས་ལས། རྩ་བ་ནི་མཆོག་གི་སྤྲུལ་སྐུ་ཆེན་པོ་དེ་ཡིན་ལ། ཡན་ལག་ནི་མཆོག་གི་སྤྲུལ་སྐུ་ཆུང་ངུ་དེ་རྣམས་སོ། །གཉིས་པ་བཟོའི་སྤྲུལ་སྐུ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་དོན་དུ་པི་ཝཾ་ལེན་པའི་རྣམ་པར་བསྟན་པ་ལྟ་བུ་དང༌། གཞན་ཤིང་མཁན་དང་རྫ་མཁན་སོགས་ཀྱི་རྣམ་པར་སྟོན་པ་ལྟ་བུའོ། །སྐུ་གཟུགས་ལུག་མ་དང་བྲིས་མ་སོགས་ལ་འདོད་པའང་ཡོད་དོ། །གསུམ་པ་སྐྱེ་བ་སྤྲུལ་སྐུ་ནི། །རྒྱལ་རིགས་དང་བྲམ་ཟེ་རིགས་སོགས་མིའི་རྣམ་ཅན་དུ་སྟོན་པ་དང༌། རི་བོང་དང་རུ་རུ་སོགས་རི་དྭགས་ཀྱི་རྣམ་པར་བསྟན་ནས་སེམས་ཅན་གྱི་དོན་མཛད་པའོ། །དེ་ཡང་ཇི་སྐད་དུ། སྐུ་གསུམ་བསྟོད་པ་ལས། གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་འགའ་ཞིག་དག་ཏུ་མེ་བཞིན་འབར་བ་སྣང་བྱེད་ཅིང༌། གང་ཞིག་རྫོགས་པའི་བྱ་བ་ཆོས་ཀྱི་འཁོར་ལོ་ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བར་སྟོན། །
སྲིད་པ་གསུམ་གྱི་འཇིགས་པ་འཕྲཽག་པ་སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་རབ་འཇུག་པ། །ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སོ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གདུལ་བྱ་གཞན་སྣང་གི་སྤྲུལ་སྐུ་དེ་དག་གི་སྤྲུལ་པ་པོ་ནི། ཐུགས་སྙིང་རྗེ་ཆེན་པོའི་སྒོ་ནས་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་སངས་རྒྱས་རང་སྣང་གི་སྐུ་སོགས་ཀྱི་མཛད་པ་སྟོན་པ་པོའི་ཆོས་སྐུ་དེ་ཉིད་ཡིན་ལ། དེ་ཡང་ཆོས་སྐུ་དེ་ཉིད་སྟོང་པ་དང་གསལ་བ་དང་སྙིང་རྗེ་གསུམ་གདོད་ནས་དབྱེར་མེད་པའི་བདག་ཉིད་ཅན་ཡིན་པས། དེའི་སྟོང་པའི་ཡེ་ཤེས་ལས་ཆོས་སྐུ་དང༌། གསལ་བའི་ཡེ་ཤེས་ལས་ལོངས་སྤྱོད་རྫོགས་སྐུ་དང༌། སྙིང་རྗེའི་ཡེ་ཤེས་ལས་སྤྲུལ་པའི་སྐུ་སྣ་ཚོགས་པ་རྣམས་ཤར་བ་ཡིན་ནོ། །གཞན་ཡང་གདོད་ནས་ཆོས་སྐུ་དེ་ཉིད་སྒྲིབ་པ་དང་བྲལ་བའི་ཆ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཆ་ནས་ཆོས་སྐུ་དང༌། དེ་ཉིད་གསུངས་དབྱངས་སྒྲ་སྐད་ཐམས་ཅད་པའི་ངོ་བོ་ཡིན་ཞིང་གདུལ་བྱ་གཞན་སྣང་དུ་ཆོས་འཁོར་བསྐོར་བའི་བྱེད་པ་པོའི་ཆ་ནས་ལོངས་སྐུ་དང༌། སེམས་ཅན་སྣ་ཚོགས་པ་སྨིན་པའི་སླད་དུ་སྐུའི་བཀོད་པ་སྣ་ཚོགས་པ་སྟོན་པར་མཛད་པའི་ཆ་ནས་སྤྲུལ་སྐུའོ། །བཞི་པ་ངོ་བོ་ཉིད་སྐུ་ནི། ཆགས་རྟོག་བག་ཆགས་དང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཆོས་ཅན་ཆོས་ཉིད་ཡིན་པས། ལམ་སྒོམ་སྟོབས་ཀྱིས་ཆགས་རྟོག་བག་
ཆགས་ཀྱི་དྲི་མ་རང་སངས་ལ་སོང་སྟེ། དེའི་ཆོས་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་དྲི་མེད་དུ་གནས་གྱུར་པ་ནི་ངོ་བོ་ཉིད་སྐུའམ་བདེ་བ་ཆེན་པོའི་སྐུ་སྟེ། སྐུ་བཞིར་ཡང་འདོད་དོ། །གལ་ཏེ་བདེ་ཆེན་གྱི་སྐུ་ཞེས་པ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཡིན་གྱི། མདོ་ལུགས་ལ་དེའི་ཐ་སྙད་མི་འཐད་དོ་སྙམ་ན། ཐེག་ཆེན་གྱི་མདོ་སྡེའི་སྐབས་སུ་འགའ་ཞིག་རྣམས་སུའང་ངོ་བོ་ཉིད་སྐུ་ལ་བདེ་ཆེན་གྱི་སྐུའི་རྣམ་བཞག་བྱེད་པ་ཞིག་ངེས་པར་ཡོད་དེ། སྐུ་གསུམ་བསྟོད་པ་ལས། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་མཉམ་པར་གནས་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན། །དག་པ་ཞི་ཞིང་རྣམ་པར་དབེན་ལ་མཆོག་ཏུ་ཞི་བ་རང་བཞིན་རྣལ་འབྱོར་པ་ཡི་རྟོགས་བྱ་ཉིད། །རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་རང་དང་གཞན་ལ་ཕན་པར་ཁྱབ་པ་མཚན་མེད་རྣམ་རྟོག་དང༌། །བྲལ་བ་གཅིག་པུ་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་མཉམ་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་དོན་མདོར་བསྡུས་ན། མཚན་མ་མེད་པའི་ཆོས་ཐུགས་སུ་ཆུད་ནས། རང་གཞན་ལ་ཕན་པའི་ཡོན་ཏན་དགེ་ཚོགས་ཀྱི་གཞིར་གྱུར་པ་ནི་ཆོས་སྐུ་དང༌། དགེ་ཚོགས་ཐམས་ཅད་ཀྱི་རང་གཟུགས་ཕུན་སུམ་ཚོགས་པའི་འབྱོར་བ་ཤར་ཞིང། གསུང་ཆོས་ཀྱི་སྒོ་སྣ་ཚོགས་པ་ལོངས་སྐུ་དང༌། འགྲོ་བ་རྣམས་ལ་གང་འདུལ་གྱི་སྐུ་མཐའ་མེད་པར་སྟོན་
པ་སྤྲུལ་སྐུ་དང༌། ངོ་བོ་ཆོས་སྐུ་དེ་ཉིད་ཡིན་ཡང༌། མཚན་མ་མེད་པའི་སྒོ་ནས་མི་མཚོན་པར། ཕུན་སུམ་ཚོགས་པའི་བདེ་བ་ཆེན་པོར་གྱུར་པ་ནི་ངོ་བོ་ཉིད་སྐུའོ། །དེས་ན་རང་ལུགས་ལ་ཡེ་ཤེས་ཆོས་སྐུ་སྤྲོས་བྲལ་གྱི་ལྡོག་ཆ་ནས་བཞག་པ་དང༌། ངོ་བོ་ཉིད་སྐུ་བདེ་ཆེན་གྱི་ལྡོག་ཆ་ནས་བཞག་པ་ཡིན་གྱི། དབྱིངས་ངོ་བོ་ཉིད་སྐུ་དང༌། རྟོགས་པ་ཡེ་ཤེས་ཆོས་སྐུའི་རྣམ་བཞག་ནི་འདིར་མི་བྱེད་དོ། །གཉིས་པ་ཡེ་ཤེས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་དབྱེ་བ་དང༌། དབྱེ་བ་སོ་སོའི་ངོ་བོའི་བཤད་པ་གཉིས་ལས། དང་པོ་དབྱེ་བ་ནི། ཆོས་དབྱིངས་ཡེ་ཤེས་དང༌། མེ་ལོང་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་དང་ལྔའོ། །གཉིས་པ་དབྱེ་བ་སོ་སོའི་ངོ་བོ་བཤད་པ་ལ་བཞི་ཡོད་པ་ལས། དང་པོ་སོ་སོའི་རང་བཞིན་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་སྤྲོས་པ་མཐའ་དག་དང་བྲལ་བའི་རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་ནི། ཆོས་དབྱིངས་ཡེ་ཤེས་ཡིན་ཏེ། རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དོ། །ཞེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། ངོ་བོ་ཆོས་ལྔ་དང་ལྡན་པ་སྟེ། ངར་འཛིན་གྱིས་རིས་ཡོངས་སུ་བཅད་པ་མེད་པས་ཕྱོགས་རིས་སུ་མ་ཆད་པ་དང༌། ཤེས་བྱའི་ཡུལ་མཐའ་དག་
མཁྱེན་པས་ཡུལ་མ་ཆད་པ་དང༌། འཕོ་འགྱུར་དང་བྲལ་ཞིང་དུས་རྟག་ཏུ་ཡོད་པས། དུས་མ་ཆད་པ་དང༌། སྒྲིབ་པ་མ་ལུས་པར་སྤངས་པས་ཤེས་བྱ་ཀུན་ལ་མ་རྨོངས་པ་དང༌། ཡུལ་གྱི་རྣམ་པ་ཤར་བ་ལ་མི་ལྟོས་པས། ཤེས་བྱ་ལ་ཡོད་ཙམ་མཁྱེན་པས། རྣམ་པ་མ་ཆད་པ་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པས། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི། སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པར། འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་སྟེ། དེ་ཉིད་ལས། མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་སོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི། ཆོས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་ཅིང༌། གདུལ་བྱ་བ་ལ་ཆོས་སྟོན་པ་ལ་མངའ་བརྙེས་པས་ཡེ་ཤེས་ཏེ། དེ་ཉིད་ལས། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ནི། འཇིག་རྟེན་ཁམས་རྣམས་སུ་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་ནས། སེམས་ཅན་གྱི་དོན་སྣ་ཚོགས་བསྒྲུབ་པའི་ཡེ་ཤེས་ཡིན་ཏེ། མདོ་སྡེ་རྒྱན་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་
ཀུན་དོན་སྒྲུབ་པའོ། །ཞེས་སོ། །གཉིས་པ་དེ་རྣམས་རྒྱུ་གང་ལས་འབྱུང་ཚུལ་ནི། སློབ་ལམ་དུ་ཏིང་ངེ་འཛིན་ཟབ་མོ་སྒོམ་པ་ལས་ཆོས་དབྱིངས་ཡེ་ཤེས་འབྱུང་བ་ཡིན་ཏེ། རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ནས། །སྒོམ་པ་ལས་ནི་ཡང་དག་འབྱུང༌། །ཞེས་སོ། །དམ་པའི་ཆོས་མང་དུ་ཐོས་ཤིང་འཛིན་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བདག་གཞན་མཉམ་པ་ཉིད་དུ་སྒོམ་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཡང་དག་པའི་ཆོས་གསལ་བར་བསྟན་པ་ལས་སོ་སོར་རྟོག་པའི་ཡེ་ཤེས་དང༌། གཞན་གྱི་དོན་བསྒྲུབ་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་འབྱུང་བ་ཡིན་ཏེ། རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། །བྱ་བ་གྲུབ་པའི་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དེ་རྣམས་གནས་འགྱུར་ལས་འབྱུང་ཚུལ་ནི། ཀུན་གཞི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཉོན་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་དང༌། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ཏེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །
ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་རྣམ་ཤེས་རྣམས་གནས་འགྱུར་ཚུལ་ནི། དཔེར་ན་ལྕགས་ཀྱི་དངོས་པོ་གསེར་འགྱུར་གྱི་རྩིས་རོ་བཅུད་ཀྱིས་བཙོས་པ་ན། དེའི་ཁ་དོག་ནག་པོ་སོགས་མི་མཛེས་པ་དང༌། གྱོང་ཞིང་སྲ་བའི་དངོས་པོ་ནི་ཉམས་ཀྱང༌། ལྕགས་ཀྱི་དངོས་པོ་རྒྱུན་ནི་མ་ཉམས་ཏེ། དག་པའི་གསེར་ཁ་དོག་བཟང་ཞིང་རང་བཞིན་མཉེན་པར་འགྱུར་བ་བཞིན་དུ། ལམ་བསྒོམས་སྟོབས་ཀྱིས་གློ་བུར་གྱི་དྲི་མར་གྱུར་པ་རྣམ་ཤེས་རང་རང་གི་མཚན་ཉིད་རྣམས་སྤངས་ཀྱང༌། རྣམ་ཤེས་དེ་དག་གི་རིགས་རྒྱུན་གྱི་ཆ་ནམ་དུའང་མི་ལྡོག་པར་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་གྱུར་པ་ཡིན་ཏེ། དཔེར་ན་ཀུན་གཞི་རྣམ་ཤེས་ཀྱི་མཚན་ཉིད་ས་བོན་ཐམས་ཅད་པ་དང༌། རྣམ་པ་མི་གསལ་བ་སོགས་སྤངས་ཏེ། ང་ཡིར་འཛིན་པ་མེད་པ་སོགས་ཡོན་ཏན་ལྔ་དང་ལྡན་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པ་བཞིན་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། རྗེ་བཙུན་སྒྲོལ་བའི་མགོན་པོས། བསྟན་བཅོས་ཡིད་བཞིན་ནོར་བུ་སྙིང་པོ་ངེས་པ་ལས། དངོས་རྒྱུན་གཅིག་ལ་མཚན་ཉིད་ངན་པ་དོར། །བཟང་པོའི་གནས་སྐབས་འཛིན་པ་གནས་གྱུར་ཏེ། །སྲ་བའི་དངོས་པོ་གཅིག་ལ་ལྕགས་ཀྱི་མདོག །སྤངས་ནས་གསེར་དུ་འགྱུར་བ་ལྟ་བུ་ཡིན། །ཞེས་
གསུངས་པའི་ཕྱིར་རོ། །དེས་ན་དྲི་མ་མཐའ་དག་དང་བྲལ་ཏེ་སངས་རྒྱས་པ་ན་ལམ་སྒོམ་པ་པོའི་གང་ཟག་དང་དེའི་རྒྱུད་ཀྱི་རྣམ་པར་ཤེས་པ་རྣམས་གཏན་མེད་དུ་མི་འགྲོ་བར་དེ་དག་གི་རིགས་རྒྱུན་སངས་རྒྱས་ཀྱི་སྐྱེས་བུ་དང་ཡེ་ཤེས་སུ་གནས་གྱུར་པ་ཡིན་ཏེ། དེ་ཉིད་ལས། གང་ཟག་འཁྲུལ་བ་ཟད་ན་དེ་འཚངས་རྒྱ། །དེ་སྤངས་གང་ཟག་ཉིད་ཀྱང་སྤངས་འགྱུར་མོད། །སྔ་མའི་ཤུགས་ལས་གནས་འགྱུར་ཡེ་ཤེས་འབྱུང༌། །དེ་ནི་སངས་རྒྱས་སྐྱེས་བུ་རྗེས་སུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གང་ཟག་དང་རྣམ་ཤེས་རྣམས་གནས་གྱུར་པ་ན་དེ་ལ་སངས་རྒྱས་ཀྱི་སྐྱེས་བུ་དང་ཡེ་ཤེས་ཞེས་བརྗོད་ཀྱི། ཡིད་ཅན་གྱི་གང་ཟག་དང་རྣམ་ཤེས་ཞེས་མི་བརྗོད་དེ། དཔེར་ན་ལྕགས་ཀྱི་དངོས་པོ་གསེར་དུ་གྱུར་པ་ན་དེ་ལྕགས་མ་ཡིན་པ་བཞིན་ནོ། །གལ་ཏེ་ཀུན་རྫོབ་ཀྱི་ཆོས་རྣམས་སྤངས་བྱར་བཤད་པས། གསར་ཐོབ་ཀྱི་སངས་རྒྱས་ཡོན་ཏན་རྣམས་སྤངས་བྱར་འགྱུར་ཏེ། ཀུན་རྫོབ་ཡིན་པའི་ཕྱིར་རོ་སྙམ་ན། ཀུན་རྫོབ་ལ་སྤངས་བྱར་བཤད་པའི་སྐབས་མང་དུ་ཡོད་ཀྱང༌། དེ་ནི་སྤྱིར་བཏང་ངམ་གཙོ་ཆེ་བ་ལ་དགོངས་ནས་དེ་ལྟར་གསུངས་པ་ཙམ་ཡིན་གྱི། དམིགས་བསལ་གསར་ཐོབ་ཀྱི་སངས་རྒྱས་ཡོན་ཏན་རྣམས་སྤང་བྱའམ་སྦྱང་བྱ་མ་ཡིན་ཏེ། བསྐལ་པར་ཚོགས་བསགས་པའི་ལམ་གྱིས་སྐྱེད་འབྲས་དང་སྦྱངས་འབྲས་ཡིན་པའི་ཕྱིར་ཏེ། ཡན་ལག་དྲུག་པའི་ངོ་སྤྲོད་ནང་
མ་ལས། ལམ་བསྒོམས་པས་གསར་དུ་ཐོབ་པའི་ལྡོག་ཆ་གླཽ་བུར་གྱི་དྲི་མ་སྤངས་པའི་ཆ་རྣམས་དང༌། གདུལ་བྱ་གཞན་སྣང་དུ་སྟོན་པ་རྣམས་དང༌། གཞན་སྣང་དུ་འཆར་དུ་རུང་བ་རྣམས་ནི་ཀུན་རྫོབ་དང་སྦྱངས་འབྲས་ཡིན་ཞིང༌། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ནི། གོང་དུ་བཤད་པ་ལྟར་རྣམ་ཤེས་ཚོགས་བརྒྱད་ཀྱི་རིགས་རྒྱུན་གནས་གྱུར་པ་གཞན་བྱུང་གི་ཡེ་ཤེས་བཞི་དང༌། གཞི་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དྲི་མེད་དུ་གནས་གྱུར་པ་ཆོས་དབྱིངས་ཡེ་ཤེས་དང་ལྔ༷་ཡོད་པ་ལས་གཞན་བྱུང་གི་ཡེ་ཤེས་རྣམས་ནི། གདུལ་བྱ་གཞན་སྣང་གི་སྐུ་དང་འཕྲིན་ལས་སོགས་འགྲོ་དོན་རྒྱུན་མི་འཆད་པར་འབྱུང་བའི་རྒྱུ་ཡིན་ལ། དེ་ཡང་གློ་བུར་གྱྀ་དྲི་མ་མཐའ་དག་སངས་ཏེ་སངས་རྒྱས་པ་དང༌། དུས་མཉམ་དུ་གསར་ཐོབ་ཀྱི་ཡེ་ཤེས་རྣམས་དོན་དམ་ཆོས་ཀྱི་སྐུ་ལ་འདྲེས་པ་སྟེ། ཡེ་ཤེས་བཞི་ལ་གདོད་མ་ནས་བཞུགས་པའི་དོན་དམ་ཆོས་ཀྱི་སྐུ་མངོན་དུ་གྱུར་ཅིང༌། དེའི་སྐད་ཅིག་གཉིས་པར་གཞན་བྱུང་གི་ཡེ་ཤེས་ནི་གདུལ་བྱ་གཞན་སྣང་དུ་སྟོན་པའི་གཟུགས་སྐུ་གཉིས་སོགས་གསར་ཐོབ་ཀྱི་ཡོན་ཏན་རྣམས་ལ་ལྷན་ཅིག་འབྲེལ་མེད་དུ་འཇུག་པ་ཡིན་ཏེ། གཟུགས་སྐུ་གཉིས་ནི་ཡེ་ཤེས་བཞིའི་བདག་ཉིད་ཅན་དང༌། ཁྱད་པར་སངས་རྒྱས་ཐོབ་པའི་གང་ཟག་དེ་གཞན་དོན་ཕྲིན་ལས་ནམ་དགོས་འབྱུང་བའི་རྒྱུའམ་ནུས་པ་ཅན་ཡིན་པའི་ཕྱིར་རོ། །དངོས་གནས་
ལ་ཀུན་རྫོབ་གསར་ཐོབ་ཀྱི་གཟུགས་སྐུ་གཉིས་དང་ཡེ་ཤེས་སོགས་ནི་གདོད་ནས་ཆོས་སྐུ་དེར་རང་བྱུང་དུ་གནས་པ་ནི་མིན་ཏེ། ལམ་གྱི་ཡེ་ཤེས་ཀྱིས་གསར་དུ་བསྐྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །གཞན་ཡང་རྣམ་ཤེས་བདུན་གྱི་རྩ་བར་གྱུར་པའི་ཀུན་གཞི་རྣམ་ཤེས་དང་ཆོས་དབྱིངས་ཡེ་ཤེས་གཉིས་འཁོར་འདས་གཉིས་ཀྱི་གཞི་བྱེད་པ་སོགས་རྣམ་པ་འདྲ་ཞིང་མཚུངས་པ་དང༌། དོན་དམ་པའི་མེ་ལོང་ཡེ་ཤེས་དངོས་ནི་ཀུན་གཞི་རྣམ་སྨིན་གྱི་ཆ་དང་རྣམ་པ་འདྲ་ཞིང་མཚུངས་པ་རུ་འདོད་དོ། །དེས་ན་གདོད་ནས་བཞུགས་པའི་ཡེ་ཤེས་རྣམས་དང་རྣམ་ཤེས་རྣམ་པ་འདྲ་བའི་རྒྱུ་མཚན་གྱིས། རྣམ་ཤེས་རྣམས་ལམ་སྒོམ་པ་སོགས་ཐབས་ཀྱི་བསྒྱུར་ན། སྔར་གཞི་ལ་ཡོད་པའི་ཡེ་ཤེས་རྣམས་དང་འདྲ་བར་གནས་འགྱུར་བ་ཡིན་ཏེ། རྗེ་ཏཱ་ར་ནཱ་ཐས། བསྟན་བཅོས་ཡིད་བཞིན་ནོར་བུ་སྙིང་པོ་ངེས་པ་ལས། དེ་བཞིན་རྣམ་ཤེས་ཡེ་ཤེས་ཕྱོགས་འདྲ་དང༌། །རྣམ་ཤེས་ཐབས་ཀྱི་བསྒྱུར་ན་སྔར་ཡོད་ཀྱི། །ཡེ་ཤེས་རྣམས་དང་འདྲ་བར་འགྱུར་བའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་ལྔ་ནི། དོན་དམ་དང་ཀུན་རྫོབ་གང་ཡིན་སྙམ་ན། ཆོས་དབྱིངས་ཡེ་ཤེས་ནི་དོན་དམ་ཁོ་ན་ཡིན་ཏེ། དེ་ཉིད་སྔར་མེད་གསར་དུ་བསྐྱེད་པ་ཙམ་མ་ཡིན་པར་ཕྱི་རོལ་སྒྲིབ་བྱེད་ཀྱི་གློ་བུར་གྱི་དྲི་མ་སྤངས་ཏེ་སྔར་ཡོད་ཀྱི་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་
ཙམ་མ་གཏོགས། རང་གི་ངོ་བོ་ལ་ནམ་ཡང་འགྱུར་བ་མེད་པར་སྔ་ཕྱི་གཅིག་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡེ་ཤེས་ལྷག་མ་བཞི་པོ་རྣམས་ལ་དོན་དམ་དང་ཀུན་རྫོབ་གཉིས་སུ་དབྱེ་སྟེ། དོན་དམ་རང་བྱུང་གི་ཡེ་ཤེས་བཞི་དང༌། ཀུན་རྫོབ་གཞན་བྱུང་གི་ཡེ་ཤེས་བཞི་རྣམས་ཡོད་པའི་ཕྱིར་རོ། །དེ་ཡང་དོན་དམ་པའི་ཡེ་ཤེས་ལྔ་ནི་ངོ་བོ་གཅིག་དང༌། དེ་བཞིན་དུ་དོན་དམ་པའི་ཕུང་པོ་ལྔ་དང༌། ཁམས་ལྔ་དང་དབང་པོ་ལྔ་སོགས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་ཁོ་ནར་གནས་པ་ཡིན་ཡང༌། ཆོས་ཀྱི་ལྡོག་ཆས་ཕྱེ་ན་དོན་དམ་པའི་རྣམ་ཤེས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་དམ་པའི་ཚོར་ཕུང་དང༌། འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་དང་དོན་དམ་པའི་འདུ་བྱེད་ཀྱི་ཕུང་པོ་བྱ་བ་གྲུབ་པའི་ཡེ་ཤེས་དང༌། དོན་དམ་པའི་གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་དང༌། ཡང་ན་གཟུགས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་དང༌། དོན་དམ་པའི་རྣམ་ཤེས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་ལ་སྦྱོར་བའང་ཡོད་དོ། །གཞན་ཡང་དོན་དམ་པའི་ཆོས་ཀུན་གཟིགས་པའི་ཆ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཆོས་དབྱིངས་དེ་ཉིད་སྤྲོས་པ་མཐའ་དག་གི་དབེན་པའི་ཆ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཆོས་དབྱིངས་དེ་
ཉིད་ཀྱི་དོན་དམ་པའི་རྣམ་པ་ཀུན་མ་འདྲེས་པར་མཁྱེན་པའི་ཆ་ནས་སོ་སོར་རྟོག་པའི་ཡེ་ཤེས་དང༌། དོན་དམ་པའི་མཛད་པ་དང་འཕྲིན་ལས་སེམས་ཅན་གྱི་དོན་ཀུན་མཛད་པའི་ཚུལ་མཁྱེན་པའི་ཆ་ནས་བྱ་བ་གྲུབ་པའི་ཡེ་ཤེས་དང༌། ཆོས་དབྱིངས་ཡེ་ཤེས་རང་གི་ངོ་བོ་ནི་རྣམ་པར་མི་རྟོག་པ་དང་དོན་དམ་པའི་རྣམ་པ་ཐམས་ཅད་པའོ། །གཞན་ཀུན་རྫོབ་གསར་ཐོབ་ཀྱི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ཡེ་ཤེས་བཞི་ཡོད་ལ། དེ་དག་ཀྱང་ཇི་ལྟ་བའི་ཆོས་རྣམས་མཁྱཻན་པའི་ཆ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་གཉིས་ཀ་མཁྱེན་པའི་ཆ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཇི་སྙེད་པའི་ཆོས་ཀུན་མ་འདྲེས་པར་མཁྱེན་པའི་ཆ་ནས་སོ་སོར་རྟོག་པའི་ཡེ་ཤེས་དང༌། ཀུན་རྫོབ་ཀྱིས་བསྡུས་པའི་མཛད་པ་དང་འཕྲིན་ལས་སེམས་ཅན་གྱི་དོན་ཀུན་བསྒྲུབ་པའི་ཚུལ་མཁྱེན་པའི་ཆ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་པའོ། །སངས་རྒྱས་ཀྱི་སའི་ཀུན་རྫོབ་གསར་ཐོབ་ཀྱི་ཡོན་ཏན་རྣམས་ནི་ལམ་བདེན་དང་དངོས་པོ་ཡིན་ལ། དེ་ཡང་སེམས་ཀུན་གཞིའི་རྣམ་ཤེས་དང༌། ཉོན་ཡིད་དང༌། ཡིད་ཀྱི་རྣམ་ཤེས་དང༌། དབང་ཤེས་རྣམས་གནས་གྱུར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ཡེ་ཤེས་བཞིར་གྱུར། དེ་འདྲའི་ལམ་བདེན་ནམ་
ཡེ་ཤེས་སྐད་ཅིག་མ་དང་པོ་ཆོས་ཉིད་ཀྱི་སྐུ་མངོན་གསུམ་གྱི་ཡུལ་དུ་བྱས། དེ་འོག་སྐད་ཅིག་གཉིས་པར་གསར་ཐོབ་ཀྱི་གཟུགས་སྐུ་གཉིས་དང་མཛད་འཕྲིན་སོགས་ལམ་བདེན་གཞན་རྣམས་ལ་འདྲེས་པའི་ཚུལ་དུ་འཇུག་པ་དེའི་ཕྱིར་ཀུན་རྫོབ་གསར་བྱུང་གི་ཡེ་ཤེས་འདི་རྣམས་ནི་དངོས་པོ་ཡིན་པའི་ཕྱིར་སྐད་ཅིག་རེ་རེ་ནས་འཇིག་པའི་མི་རྟག་པ་ཁོ་ནའོ། །ཆོས་དབྱིངས་ཡེ་ཤེས་ནི་གདོད་མ་ནས་རང་བྱུང་ལྷུན་གྲུབ་ཡིན་པས། དེ་ལ་འཇིག་པ་མེད་པས་འདུས་མ་བྱས་དང༌། ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་ཡིན་པའི་ཕྱིར་སངས་རྒྱས་ཀྱི་སྐུ་དང༌། གསུང་དང་སོགས་པས་བསྡུས་པ་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀུན་ལ་ཁྱབ་པར་རུང་གིས། ཆོས་དབྱིངས་དེ་ཆོས་ཀུན་གྱི་རང་བཞིན་མིན་ན་གཞི་ལམ་འབྲས་གསུམ་གྱི་ཆོས་ཀུན་ལ་ཁྱབ་པར་རུང་བ་ནི་མིན་ནོ། །གལ་ཏེ་སེམས་ཅན་རྣམས་ཀྱིས་ལམ་སྒོམ་པའི་ངལ་བ་སོགས་བྱ་མི་དགོས་ཏེ། སེམས་ཅན་རྣམས་ལ་དོན་དམ་རང་བྱུང་གི་སངས་རྒྱས་ཞིག་འདོད་ནས་ལྷུན་གྲུབ་ཏུ་ཡོད་པའི་ཕྱིར་རོ་སྙམ་ན། གནས་ལུགས་ཀྱི་སངས་རྒྱས་དོན་དམ་པའི་ཡོན་ཏན་ཀུན་དང་ལྡན་པ་ཞིག་སེམས་ཅན་ཐམས་ཅད་ལ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པས། དེ་ལམ་གྱིས་སྐྱེད་མི་དགོས་པ་ཡིན་ཡང༌། གང་ཟག་གང་གིས་སངས་རྒྱས་དེ་ཐོབ་པ་དང་མངོན་དུ་གྱུར་པ་ལ་ལམ་གྱིས་བསྐྱེད་དགོས་པའི་ཕྱིར་འབྲས་བུ་གསར་དུ་ཐོབ་པ་རྣམས་རྣལ་འབྱོར་ཀུན་རྫོབ་པའི་བློ་དང་སྦྱར་ནས་རྣམ་པར་
བཞག་གོ །གཞན་ཡང་ཆོས་ཉིད་དེ་བཞིན་ཉིད་ནི་རང་དང་ངོ་བོ་དབྱེར་མེད་པའི་དོན་དམ་པའི་རྣམ་པ་ཀུན་འཆར་བ་དང༌། རང་གི་ངོ་བོ་རྟག་པ་ཡིན་པ་དང༌། དེ་ཉིད་ལམ་དུ་མ་ཞུགས་པའི་སེམས་ཅན་རྣམས་ལ་གཞིའི་ཆོས་སུ་སྣང་བ་དང་ལམ་དུ་ཞུགས་པའི་སེམས་ཅན་རྣམས་ལ་ལམ་གྱི་ཆོས་སུ་སྣང་བ་དང༌། སངས་རྒྱས་རྣམས་ལ་འབྲས་བུའི་ཆོས་སུ་སྣང་བ་སོགས་གཞི་ལམ་འབྲས་གསུམ་རིམ་པ་བཞིན་དུ་འབྱུང་བ་ལྟ་བུའི་རིམ་པ་མང་པོ་མཐའ་ཡས་པ་ཅན་དུ་སྣང་བ་ལ་ནི། འགལ་བ་འདུ་བ་ལྟར་ཡིན་ནའང༌། རིམ་པ་དེ་དག་ནི་ཡིད་ཅན་སྐྱེས་བུ་རྣམས་ཀྱི་བློ་ངོར་ཡིན་གྱི། དོན་དམ་པའི་རང་གི་ཕྱོགས་ལ་རིམ་པ་དེ་དག་དང་བྲལ་བས་འགལ་འདུ་སྐྱོན་མེད་ཁོ་ན་ཡིན་ཏེ། བྱིས་པའི་བློས་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཁོ་ན་ཡིན་པའི་ཕྱིར་རོ། །གསུམ་པ་ཡོན་ཏན་བཤད་པ་ལ། ཐུན་མོང་གི་ཡོན་ཏན་བཅུ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་དགུ་དང་བཅུ་དགུ་ཡོད་པ་ཡིན་ཏེ། དེ་ཡང་དང་པོ་བཅུ་ནི། ཚད་མེད་བཞི་དང༌། རྣམ་ཐར་བརྒྱད་དང༌། ཟད་པར་བཅུ་དང༌། ཟིལ་གནོན་བརྒྱད་དང༌། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང༌། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་དང༌། མངོན་ཤེས་དྲུག་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། ཡེ་ཤེས་ཡོངས་སུ་དག་པ་བཞི་དང༌། མཚན་དཔེའི་ཡོན་ཏན་
དང་བཅུའོ། །མཚན་དཔེ་ནི་བྱང་སེམས་ས་བརྒྱད་པ་ཡན་ཆད་དང་ཐུན་མོང་ཡིན་ཏེ། དེར་མཚན་དཔེ་རྗེས་མཐུན་པ་ཐོབ་པས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྡེ་ཚན་དགུ་ནི། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། སྲུང་བ་མེད་པ་རྣམ་པ་གསུམ་དང༌། བསྙེལ་བ་མེད་པའི་ཆོས་ཉིད་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་པའི་ཡེ་ཤེས་དང༌། འགྲོ་བ་རྣམས་ལ་ཉིན་མཚན་དྲུག་ཏུ་གཟིགས་པའི་ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དགུའོ། །སོགས་པས་བསྡུས་པས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་མཐའ་དག་གོ །དེ་ལ་ཚད་མེད་པ་ལ་སོགས་པའི་སྡེ་ཚན་དང་པོ་བཅུ་པོ་མཐར་ཐུག་པ་སངས་རྒྱས་ལ་མངའ་ཡང་གནས་སྐབས་སུ་གང་ཟག་གཞན་གྱིས་ཅི་རིགས་པ་ཐོབ་པ་ཡོད་པས་ཐུན་མོང་གི་ཡོན་ཏན་ཞེས་བྱ་ཞིང༌། སྟོབས་བཅུ་ལ་སོགས་པ་ཕྱི་མ་དགུའི་དོན་དམ་གྱི་ཆ་ནས་རང་བཞིན་རྣམ་དག་གི་ཚུལ་གྱིས་གཞན་ལ་ཡོད་ཀྱང་མངོན་དུ་མ་གྱུར་པའི་སྒོ་ནས་སངས་རྒྱས་ཁོ་ན་ལ་མངའ་བས་ན་ཐུན་མོང་མ་ཡིན་པའི་ཡོན་ཏན་ཞེས་བྱའོ། །དེ་དག་ལས་མཁྱེན་པའི་ཕྱོགས་ནས་སྟོབས་བཅུ་གཙོ་བོར་སྨོས་ན་སྨོན་གནས་མཁྱེན་པ་དང༌། མངོན་ཤེས་དྲུག་ནི་དེའི་ཁུངས་སུ་བསྡུས་ལ། གཞན་ལ་ཕན་པར་
མཛད་པའི་ཆ་ནས་ཐུགས་རྗེ་ཆེན་པོ་གཙོ་བོར་སྨོས་ན་བསྙེལ་བ་མི་མངའ་བ་དེའི་ཁུངས་སུ་བསྡུས་ཏེ། དེས་ན་རྣམ་གྲངས་ཀྱི་སྒོ་ནས་དབྱེ་བ་བཅུ་དྲུག་གི་དབྱེ་བར་འདོད་དོ། །བཞི་པ་འཕྲིན་ལས་བཤད་པ་ལ། མཚན་ཉིད། དབྱེ་བ། དབྱེ་བ་དེ་རྣམས་དཔེས་ངེས་པར་བྱ་བའོ། །དང་པོ་མཚན་ཉིད་ནི། ཆོས་སྐུའི་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་སངས་རྒྱས་ཀྱི་འཕྲིན་ལས་མཚན་ཉིད་ཡིན་ཏེ། སྤྱི་ཆོས་སྐུའི་བདག་རྐྱེན་དང་ཁྱད་པར་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་དེ་ལས་འཕྲིན་ལས་ཟད་པ་དང་རྒྱུན་ཆད་པ་མེད་པར་འཁོར་བ་ཇི་སྲིད་པར་འབྱུང་བས་སོ། །གཉིས་པ་དབྱེ་ན། མངོན་རྟོགས་རྒྱན་ལས་འཕྲྀན་ལས་ཉེར་བདུན་གསུངས་ཡང་འདིར་དེ་རྣམས་བསྡུས་ཏེ་གསུམ་དུ་དབྱེ་བ་དང༌། རྒྱུད་བླ་མ་ལས་གསུངས་པའི་འཕྲིན་ལས་དབྱེ་བ་དགུ་ཡོད་དེ། དང་པོ་གསུམ་ནི། འགྲོ་བ་རྣམས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ཆུང་བ་དང༌། གཏན་ནས་ཟད་པར་མཛད་དེ་འཁོར་བའི་བདེ་དགེ་ཕུན་སུམ་ཚོགས་པ་ལ་འགོད་པ་དང༌། བདེ་འགྲོ་བ་རྣམས་ཉན་ཐོས་དང་རང་རྒྱལ་གྱི་གོ་འཕང་ལ་འགོད་པ་དང༌། ཉན་རང་རྣམས་བླ་ན་མེད་པའི་བྱང་ཆུབ་མཆོག་ལ་གདུལ་བྱ་རྣམས་རང་རང་གི་ཁམས་དང་དབང་པོའི་རིམ་པས་འགོད་པར་མཛད་པའོ། །དེ་ཡང་གདུལ་བྱ་རང་རང་གི་ངོས་ནས་སྐལ་བ་དང་ལྡན་ན་སངས་རྒྱས་ཀྱིས་དེ་ཕན་བདེ་མཆོག་ལ་མི་སྦྱོར་བར་མི་སྲིད་དེ། སངས་རྒྱས་ཀྱི་འཕྲིན་ལས་དུས་ལས་ཡོལ་
བ་མི་སྲིད་པའི་ཕྱིར། གདུལ་བྱ་སྐལ་དམན་རྣམས་ནི་རང་རང་གི་ལས་དང་འཚམས་པར་ཕན་པ་དང་བདེ་བ་ཅི་རིགས་པ་ལ་སྦྱོར་བར་མཛད་པའོ། །འོ་ན་སངས་རྒྱས་ཀྱི་འཕྲིན་ལས་ངོ་བོ་དགེ་བ་དང་ལུང་མ་བསྟན་གང་ཡིན་ཞེ་ན། དགྲ་བཅོམ་པའི་སྒོ་གསུམ་གྱི་ལས་ལ་རེས་དགེ་བ་དང་རེས་ལུང་མ་བསྟན་ཡོད་ཀྱང༌། སངས་རྒྱས་ཀྱི་སྐུའི་འཕྲིན་ལས་རྫུ་འཕྲུལ་ལ་སོགས་པ་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། གསུང་གི་ཕྲིན་ལས་ཆོས་སྟོན་པ་སོགས་གསུང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང༌། ཐུགས་ཀྱི་ཕྲིན་ལས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་སོགས་ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་ནི་ཡེ་ཤེས་ཀྱིས་ཀུན་ནས་བསླངས་པས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ལྷན་ཅིག་ཏུ་རྒྱུ་བས་ཡེ་ཤེས་རྗེས་སུ་འབྲང་བའི་ཕྱིར་དགེ་བ་ཁོ་ན་ཡིན་ཏེ། སངས་རྒྱས་ཀྱིས་འཕྲིན་ལས་ཡིན་པའི་ཕྱིར་རོ། །གཞན་སེམས་ཅན་རྣམས་དོན་དམ་པའི་བདེ་བ་ལ་འགོད་པར་མཛད་པ་ནི་ཕྲིན་ལས་མཐར་ཐུག་གོ །གཉིས་པ་རྒྱུད་བླ་མ་ལས་དཔེ་དགུས་འཕྲིན་ལས་གསུངས་པ་ནི་མི་རྟོག་བཞིན་དུ་སྐུའི་སྣང་བ་སྟོན་པ་བརྒྱ་བྱིན་བཞིན་དང༌། འབད་པ་མེད་པར་ཆོས་གསུངས་པ་ནི་ལྷའི་རྔ་བཞིན་དང༌། མཁྱེན་བརྩེས་ཀུན་ལ་ཁྱབ་པ་སྤྲིན་བཞིན་དང༌། ཆོས་སྐུ་ཀུན་ལ་མ་གཡོས་བཞིན་སྤྲུལ་པ་སྟོན་པ་ཚངས་པ་བཞིན་དང་ཡེ་ཤེས་ཀྱི་སྣང་བ་འཕྲོ་བ་ཉི་མ་བཞིན་དང༌། ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུ་བཞིན་དང༌། གསུང་གི་གསུང་བ་སྒྲ་
སྙན་བཞིན་དང༌། སྐུའི་གསང་བ་ནམ་མཁའ་བཞིན་དང༌། ཐུགས་རྗེ་འཇུག་ཚུལ་ས་གཞི་བཞིན་སྟེ་དགུའོ། །གསུམ་པ་དེ་རྣམས་དཔེས་ངེས་པར་བྱ་བ་ནི། བརྒྱ་བྱིན་གྱི་དཔེས་ནི་གདུལ་བྱ་དང་མཐུན་པར་སྐུའི་རྣམ་འཕྲུལ་སྣ་ཚོགས་སྟོན་པ་དང། རྔ་བོ་ཆེས་དཔེས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་གསུང་གིས་དམ་པའི་ཆོས་ཀྱི་གདམས་ངག་གསུངས་པ་དང༌། སྤྲིན་གྱི་དཔེས་ནི་ཐུགས་ཀྱི་མཁྱེན་པ་དང་བཅས་བརྩེ་བས་ཐམས་ཅད་ལ་ཁྱབ་པ་དང༌། ཚངས་པའི་དཔེས་ནི་སྐུ་དང་གསུང་གིས་མཛད་པ་མཐའ་ཡས་པ་སྤྲུལ་པ་དང༌། ཉི་མའི་དཔེས་ནི་ཐུགས་ཀྱི་མཛད་པ་ཡེ་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་སྤྲོ་བ་དང༌། ནོར་བུའི་དཔེས་ནི་རྣམ་རྟོག་མེད་ཀྱང་དགོས་འདོད་རྩོལ་བའི་ཐུགས་ཀྱི་གསང་བ་དང༌། སྒྲ་བསྙན་གྱི་དཔེས་ནི་ཡི་གེ་མེད་ཀྱང་ལེགས་བཤད་སྟོན་པའི་གསུང་གི་གསང་བ་དང༌། ནམ་མཁའི་དཔེས་ནི་གཟུགས་སུ་མེད་ཀྱང་གདུལ་བྱ་མཐོང་བའི་སྐུའི་གསང་བ་དང༌། ས་གཞིའི་དཔེས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཐོབ་པ་ལ་འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་པ་སྟེ་ཕྲིན་ལས་དེ་རྣམས་ཀྱི་དོན་ནི་དཔེ་དགུའི་སྒོ་ནས་ངེས་པར་བྱ་བའོ། །དེ་དག་གི་དོན་རྒྱས་པར་ནི་རྒྱུད་བླ་མའི་འགྲཻལ་བ་ན་ཡོད་དོ། །གཉིས་པ་མདོར་བསྡུས།།།་ཏེ་བསྟན་པ་ནི། དེ་ལྟར་སྐུ་གསུམ་དང༌། ཡེ་ཤེས་ལྔ་དང༌། སྐུ་དེ་རྣམས་བཞུགས་པའི་གནས་ཞིང་ཁམས་རྣམས་ཀྱི་ནི་ཁྱད་པར་དང༌། སྡེ་ཚན་
བཅུ་དགུ་ལ་སོགས་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་དང༌། སངས་རྒྱས་ཀྱི་མཛད་པ་དང་འཕྲིན་ལས་རྣམས་ཏེ། དོན་ལྔ་པོ་འདི་རྣམས་ཀྱིས་འབྲས་བུ་རྣམས་རྫོགས་པར་བསྟན་པར་ཤེས་པར་བྱའོ། །ཞེས་ལམ་དང་འབྲས་བུ་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་བརྒྱད་པ་རྣམ་པར་བཤད་ཟིན་ཏོ། །གསུམ་པ་ཡོངས་སུ་རྫོགས་པའི་བྱ་བ་ནི། ཐེག་པ་ཆེན་པོའི་གཞུང་ལུགས་ཤིན་ཏུ་རྒྱ་ཆེ་བའི་ནང་ནས་དབུ་མའི་བཤད་པ་འདི་ཉིད་མདོར་བསྡུས་ཙམ་བླངས་ཏེ་ཚིག་ཉུང་དོན་གསལ་གྱི་ཚུལ་དུ་བཤད་པས་གཞན་ལ་ཕན་པར་ནུས་ཤིང༌། ཁྱད་པར་བདག་གི་རྣམ་པར་རྟོག་པའི་རིགས་པ་གསར་པ་འགའ་ཞིག་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱི་དོན་དང་མཐུན་ན་འགལ་བ་མེད་དོ་སྙམ་ནས་བྲིས་པའོ། །ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་མཆོག་གི་ཆོས་འདི་སྐལ་བ་མཆོག་བློ་གྲོས་དང་ལྡན་པ་འགའ་ཡིས་སྤྱོད་ཡུལ་ཁོ་ན་ཡིན་པ་ལས་གཞན་རྒྱ་བོད་ཀྱི་གྲུབ་པར་རློམ་པ་དང༌། མཁས་པར་ཆེན་པོར་གྲགས་པ་མང་པོའི་བསོད་ནམས་ཀྱིས་སྐལ་བར་ཟབ་དོན་མཐར་ཐུག་པའི་ཆོས་འདི་མ་གྱུར་པས་སེམས་ལ་མ་ཤོང་སྟེ། ཆོས་འདི་ལ་གཤེ་ཡང་ཆོས་སྤོང་གི་ལས་ཁུར་ལྕི་བས་ནི་ནོན་པ་སྲིད་དོ། །གཞན་ཡང་དོན་དམ་བདེན་པ་རང་སྟོང་དུ་ལྟ་བས་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རྣམས་སྐྱེ་བ་མང་པོར་སྦྱངས་པ་བས་ཀྱང་ཟབ་དོན་མཐར་ཐུག་སྟོན་པའི་འཁོར་ལོ་ཐ་མའི་ཆོས་ཚུལ་འདི་ལ་མོས་པ་ཆེན་པོའི་སྒོ་ནས་ལན་གཅིག་བཀླག་
པའང་ཆེས་མཆོག་ཏུ་གྱུར་པ་ཉིད་ཡིན་ཏེ། མི་མཐུན་པའི་ཕྱོགས་བདུད་བགེགས་ཀྱི་བར་ཆད་རྣམས་སེལ་བར་ཀུན་ཏུ་སྟེ་མངོན་སུམ་དུ་མཐོང་ནས་སོ། །ཕྱིས་བྱུང་གི་རང་སྟོང་གི་གྲུབ་མཐའ་འཛིན་པའི་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་གཞུང་ལ་ཐོས་བསམ་སྒོམ་པ་ལོ་བརྒྱར་འབད་པ་ལས་ཀྱང་རྗེ་བཙུན་བྱམས་པའི་གཞུང་ལུགས་གྲགས་ཆེ་བ་ལྔ་པོ་རྣམས་ཀྱི་གླེགས་བམ་དད་པས་སྤྱི་བོར་བླངས་པའང་བླ་མེད་ཐོབ་པ་ལ་ཉེ་བའོ། །རང་སྟོང་སྟོན་པའི་གཞུང་དེ་ལ་འབད་པ་ཆེན་པོས་ཉམས་སུ་བླང་ཡང་ངན་འགྲོའི་ལམ་ཙམ་ཡང་མ་ཁེགས་པ་དང༌། གཞན་སྟོང་སྟོན་པའི་གཞུང་ལུགས་འདི་ལ་མོས་པ་མཆོག་ཡོད་ན་ཉམས་ལེན་མེད་ཀྱང་བརྩོན་པ་དང་བྲལ་བ་ཡང་ཕྱི་མར་ལྷར་འགྲོ་བའི་མཚན་མ་མངོན་དུ་གྱུར་པ་གྲགས་ཤིང་གྲུབ་པའི་ཕྱིར་དང༌། གཞན་བདེ་བ་དང་ཕུན་སུམ་ཚོགས་པའི་ཐར་བ་ཐོབ་པ་ཡང་གོང་དུ་བཤད་པ་དེ་དང་མཚུངས་པས། སྐལ་བཟང་ཡོད་ན་ཐེག་པ་ཆེན་པོའི་ལམ་མཆོག་སྟོན་པའི་གཞུང་ལུགས་འདི་ལ་མོས་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འབད་པར་རིགས་པ་ཡིན་ནོ། །ཞེས་རྗེས་འཇུག་རྣམས་ལ་གདམས་པའོ། །དེ་ཡང་གཞུང་ལུགས་གཞན་ལ་སྐྱེ་བར་སྦྱངས་བ་ལས་ཀྱང་ཚུལ་འདི་ལ་མོས་པས་ཕན་ཡོན་ཆེ་ཚུལ་ནི་རང་ཕྱོགས་ཀྱི་གྲུབ་མཐའ་ལ་ཐུགས་ཞེན་ཙམ་མིན་པར། རྗེ་བཙུན་བྱམས་པ་མགོན་པོས་རྒྱུད་བླ་མ་ལས། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་
ན་འདི། །ཞེས་སོགས་གསུང་བ་བཞིན་འདིར་ཡང་དེ་ལྟར་བཀོད་པ་ཡིན་པར་ཤེས་པར་བྱོས་ཤིག །ཐེག་མཆོག་དབུ་མའི་གཞུང་ལུགས་དེ་སྐད་སྨྲ་བ་པོ་ཁོ་བོ་ཏཱ་ར་ནཱ་ཐ་ཞེས་འབོད་པ་སྟེ། བླུན་ཡང་ཞེས་པས། ཁེངས་པ་བསྐྱུངས་ཏེ་བདག་གིས་ཟབ་མོའི་དོན་འདི་ལྟ་བུ་ལ་མི་འཕྲོག་པའི་མོས་པའི་དགེ་བ་ཕུན་ཚོགས་ཀྱིས་མཐར་འབྲས་བུ་གྱ་ནོམ་པ་ཐོབ་པར་འགྱུར་བས། རང་ཉིད་ཟབ་མོའི་ཆོས་འདི་ལ་ཡིད་ཆེས་ཀྱི་དད་པ་དང༌། གཞན་ལ་ཕན་པའི་སེམས་བརྩེ་བར་ལྡན་པའི་དབང་གིས་བསྟན་བཅོས་འདི་བརྩམས་པར་བགྱིས་སོ་ཞེས་པའོ།། །།ཞེས་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ལས་རྩ་བའི་གྲུབ་མཐའ་བསྟན་པ་འདི་ནི། ༧ ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས་དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ།། །།སྨྲས་པ། ཐུབ་པའི་དབང་པོས་གདུལ་བྱའི་ཁམས་བཞིན་དུ། །འཁོར་ལོ་གསུམ་གྱི་བརྗོད་བྱ་སྟོན་པའི་ཚུལ། །ཡོད་དང་མེད་དང་ཡོད་མེད་ལེགས་པར་ཕྱེས། །རིམ་གསུམ་ཆོས་ལས་ཕྱི་མ་མཆོག་ཏུ་གསུངས། །རྒྱལ་གསུང་ཕྱི་མའི་དགོངས་པ་འགྲེལ་བ་ལ། །རྒྱལ་བས་ལུང་བསྟན་ཀུན་མཁྱཻན་ཇོ་ནང་བས། །རྒྱལ་བསྟན་ཡང་རྩེ་གཞན་སྟོང་དབུ་མའི་སྲོལ། །རྒྱལ་བ་བཞིན་དུ་གངས་ཅན་ལྗོངས་འདིར་ཕྱེས། །གང་དེའི་སྲོལ་འཛིན་སྒྲོལ་བའི་མགོན་པོ་ཡིས། །ཐར་འདོད་རྟག་ཆད་ལམ་དུ་མི་གཤེགས་
པར། །ངེས་དོན་དབུ་མའི་སྐྱེད་ཚལ་ཉམས་དགའ་བར། །འཁྲིད་ཕྱིར་ཐེག་མཆོག་དབུ་མ་རྣམ་ངེས་བརྩམས། །འདི་ཡི་གསུང་བཤད་རྗེ་བཙུན་རང་ཉིད་ཀྱིས། །སྔོན་དུ་ལོ་བསྟར་ལན་རེ་གནང་སྲོལ་ཡོད། །དེ་ཚེ་མཁན་ཆེན་ཡེ་ཤེས་རྒྱ་མཚོ་ཡིས། །ཟིན་བྲིས་བཏབས་པའི་འགྲེལ་པ་ཁྱད་འཕགས་ཡོད། །དེ་ཡང་རྩོམ་འཕྲོར་ལུས་སམ་དཔེ་འཁྱར་ཅི། །མཇུག་གི་རབ་དབྱེ་གཉིས་ལ་འགྲེལ་པ་མེད། །དེ་སླད་དོན་གཉེར་ཅན་འགས་བསྐུལ་བའི་ངོར། །རབ་བྱེད་གཉིས་ལ་འགྲེལ་པ་བདག་གིས་བྱས། ཁྱད་པར་ཇོ་ནང་ཀུན་མཁྱེན་ཡབ་སྲས་ཀྱི། །རྣམ་དག་གཞུང་ལུགས་དཔང་པོར་བགྱིས་པ་ལས། །བཞེད་པ་གཞན་དང་བསྲེ་བསླད་ཅུང་ཟད་མེད། །དེ་ཕྱིར་འདི་ལ་ཀུན་གྱིས་ཡིད་ཆེས་འོས། །འོན་ཀྱང་མཁས་པའི་ལེགས་བཤད་ཟབ་ཅིང་བརླིང༌། །ཕལ་བའི་བློ་ཡིས་ཇི་བཞིན་དཔོག་དཀའ་བས། །འགལ་དང་མ་འབྲེལ་ཉེས་པའི་ཆ་མཆིས་ན། །གཟུར་གནས་ཆོས་སྤྱན་ཡངས་པ་རྣམས་ལ་བཤགས། །དགེ་འདིས་སྐྱེ་ཀུན་བསྟན་པ་མཆོག་དང་མཇལ། །དམ་ཆོས་སྨྲ་ལ་འཇིགས་མེད་སེང་གེར་གྱུར། །བསྟན་ལ་རྒོལ་བའི་གླང་པོའི་ཚོགས་འཇོམས་དང༌། །ཐུབ་བསྟན་གངས་རི་སྐྱོང་བའི་བྱེད་པོར་ཤོག །ཅེས་དབུ་མའི་གཞུང་ལུགས་འདིའི་རབ་བྱེད་ཕྱི་མ་གཉིས་ཀྱི་འགྲེལ་པ་མདོ་སྨད་འདིར་མེད་སྟབས། དད་བརྩོན་ཤེས་རབ་ལྡན་པ་ཁང་རྒན་མཁས་དབང་གིས་ཆོས་འདི་ལ་སློབ་
གཉེར་བྱེད་སྐབས་སུ་རབ་བྱེད་ཐ་མ་གཉིས་ཀྱི་འགྲེལ་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར། ༧ ཤཱཀྱའི་དགེ་སློང་བློ་བཟང་མཆོག་གྲུབ་རྒྱ་མཚོས་ཐུབ་པའི་བསྟན་པ་ལོ་ཉིས་སྟོང་བདུན་བརྒྱ་ཉེར་བརྒྱད་འདས་པ། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟའི་ལོར་དགུན་ཟླ་འབྲིང་པོའི་དགའ་བ་གཉིས་པའི་ཉིན་ཚ་ཁོའི་སྟོད་རི་ཁྲོད་ཞིག་ནས་རྫོགས་པར་བགྱིས་པའོ།། །།ཨོཾ་སྭཱ་སྟི། འཁོར་འདས་ཀུན༵་ལ་ཉེ་རིང་མེད་པར་ཁྱབ༵་པའི་ཆོས་ཀྱི་དབྱིང༵༵༵ས་ནི༵་རྣམ་མེད་མེད་དགག་ལྟ་བུ་མ་ཡིན་པར་དོན་དམ་པའི་རྣམ༵་པ༵་ཐམ༵ས་ཅད༵་པ༵་བརྟན་གཡོ་ཀུན་གྱི་གཟུགས་ཅན། སེམ༵ས་ཉིད༵་རང་རིག་རང་གསལ་གྱི་རང༵་བཞིན༵། སྟོབས་སོགས་ཡོན༵་ཏན༵་ཀུན༵་གྱི༵་གཏེར༵་དུ་གྱུར་པ། སེམས་ཉིད་དེ་ལ་ཡོན་ཏན་རྣམས་ཡེ་ནས་ལྷུན་རྫོགས་སུ་ཡོད་པས་སེམས་ཉིད་དང་ཡོན་ཏན་རྣམས་དབྱེར༵་མེད༵། གདོ༵ད་ནས༵་གཟུང་འཛིན་སོགས་ཀྱི་སྤྲོས་པ་ཀུན་ལས་རྣམ༵་པར་གྲོལ༵་བའི་ཆོས༵་ཀྱི༵་སྐུ༵་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ནང༵་རི༵ག་འགྱུར༵་བ་མེ༵ད་པའི་དོན༵་དམ༵་དེ་ཉིད་རྒྱལ༵་བར་གྱུར༵་ཅིག༵་ཅེས་ཤིས་པ་བརྗོད་པའོ། །བླ་མ་དམ་པ་གང༵་གི་ཡང༵་ཐུགས་རྒྱུད༵་སྡེ༵་མཐའ་ཡས་པའི་མན་ངག་གི་ཆུ༵་བོ་༵འབུམ༵་ཕྲག༵་གི༵་རྒྱུན་གྱིས་གདམས་པའི་དཔལ་ལྡན་བླ་མ་དམ་པ་དེའི་བློ༵འི༵་རྒྱ་མཚོ༵ར་ཆེ༵ན་པོར་ཕྱོགས་ཀུན་ཏུ་བྲེ༵ས་པ་སྟེ། བཀྲམས་པ་ལས༵་བླ་ནས་བླར་མངོ༵ན་པར་འཕ༵གས་པ། དེ༵་ལ༵ས་བྱུང་བའི་མན་ངག་གི་བདུད་རྩིས་བདག་ཏཱ་ར་ནཱ་ཐའི་བློའམ་སྙིང༵་གི༵་བུམ༵་པ༵་རབ་ཏུ་
གང༵་བར་གྱུར༵་པ༵འི། གད༵མས་པ༵འི་ཆུ་བོའི་རྒྱུན༵་གྱིས༵་ཕྱོག༵ས་འདི༵ར་མོས་པ་དང་ལྡན་པའི་སྐྱེ་བོ་གཞན་རྣམས་ཀྱང་སྐལ༵་བ་བཟང༵་པོར་བདག་གིས་བྱ༵་ཞེས་རྩོམས་པར་དམ་བཅས་པའོ། །དེ་ལ་རང་སྟོང་གི་དོན་ནི། ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་ཡིན་ཞིང་ཞེས་འདོད་པའི་དོན་ཡིན་ལགས།གཞན་སྟོང་ནི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ཡིན་ཡང༌། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ཡིན་ཏེ། གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བའི་ཕྱིར་དོན་དམ་ནི་གཞན་སྟོང་ཡིན་ནོ། །ཞེས་བཞེད་པའི་དོན་ཡིན་པས། ཀུན་རྫོབ་རང་སྟོང་ཡིན་པ་ལ་མཐུན་ཡང༌། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡིན་ནོ། །ཀུན་རྫོབ་དང་དོན་དམ་ཡང་འཇོག་ལུགས་མི་འདྲ་སྟེ། རང་སྟོང་པ་རྣམས་ཀྱི་ནི་འཁོར་འདས་ཀྱི་བསྡུས་པའི་ཆོས་འདི་ལྟར་སྣང་བ་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་དོན་དམ་བདེན་པར་འཇོག་སྟེ། དོན་དམ་དེ་ཡང་སྤྲོས་པ་ཐམས་ཅད་བྲལ་ཙམ་ལ་འཇོག །གཞན་སྟོང་པ་རྣམས་ནི་དངོས་པོ་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་དབྱིངས་གཉིས་སྟོང་གིས་ཡེ་ཤེས་རང་རིག་པའི་དོན་དུ་འཇོག་
པས། དོན་དམ་སྤྲོས་པ་བྲལ་ཙམ་ལ་མི་འཇོག་པར་གཟུང་འཛིན་གཉིས་ཀྱིས་སྤྲོས་པས་དབེན་པའི་རིག་པ་ལ་འཇོག །སྤྲོས་པ་དང་བྲལ་ཙམ་ནམ་མཁའ་ལྟ་བུ་ནི་བེམ་སྟོང་དང་ཆད་སྟོང་ཡིན་པར་འདོད། དེས་ན་རང་སྟོང་པ་རྣམས་ཀྱི་དོན་དམ་དངོས་མེད་དང་མེད་དགག་ལ་འཇོག །གཞན་སྟོང་བ་རྣམས་ཀྱི་དོན་དམ་དངོས་པོ་ཡིན་པ་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པ་མ་ཡིན་པ། སྔ་ཕྱི་ཐམས་ཅད་དུ་འགྱུར་བ་མེད་པ་རྟག་བརྟན་གཡུང་དྲུང་ཡིན་པའི་ཆད་མཐར་མི་འགྱུར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྟག་པའི་མཐར་མི་འགྱུར་བའི་ཚིག་གིས་བརྗོད་པའི་ཡུལ་ལས་འདས་ཤིང༌། རྣམ་རྟོག་གི་འདི་ལྟ་བུའོ་ཞེས་བཞག་ཏུ་མེད་པའི་རྟོག་གེའི་ཡུལ་ལས་འདས་པ་དང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་པར་བཞེད་དོ། །ཞེས་པ་འདི་ནི་ཁྲིད་ཡིག་མཐོང་བ་ལྡན་གྱི་མཆོད་བརྗོད་དང་བཤད་པར་དམ་བཅའ་བ་ཤོ་ལོ་ཀ་གཉིས་ཀྱི་འབྲུ་འགྲེལ་ཞིག་དགོས་ཞེས་ཨ་སྐྱོང་བླ་མ་ཐུབ་བསྟན་རྒྱ་མཚོས་བསྐུལ་མ་བྱེད་པ་ལྟར། འབྲས་རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོས་བྲིས་པ་དགེ།། །། [ཐེག་མཆོག་རྒྱས་པའི་འགྲེལ་པ་དང་ཟུར་མཆན་འདི་ཉིད་སྐྱབས་མགོན་མ་ཏིའི་ཕྱག་མཆན་དང་ཕྱག་དཔེ་དངོས་ལ་གཏུགས་ནས་སྔ་ཕྱིར་དཔལ་ལྡན་རྒྱ་མཚོ་དང་མུན་སེལ་གཉིས་ཀྱིས་ཤིན་ཏུ་དག་པར་བྱས་པའོ།།] ཨོཾ་སྭ་སྟི། ལྷབ་བསམ་སྙིང་སྟོབས་མཆིག་གི་སེམས་བསྐྱེད་དེ། །རླབས་ཆེན་ཚོགས་གཉིས་རྒྱ་མཚོའི་ཡོངས་རྫོགས་ནས། །ངེས་པ་ལྔ་ལྡན་སྐུར་སངས་རྒྱས་ཚེ། །ཕྲག་བརྒྱའི་ཞིང་བཞུགས་ཐུབ་དབང་བདག་སྐྱོངས་ཤིག །སར་གནས་སེམས་དཔའི་ཚོགས་དང་ཐེག་གསུམ་གྱི། །འཁོར་ཚོགས་དབུས་སུ་སེང་གེའི་སྒྲ་དབྱངས་ཀྱིས། །ལེགས་པར་གསུངས་པའི་འཁོར་ལོ་རིམ་
པ་གསུམ། །བསྐོར་ཚེ་སྐྱེད་དགུའི་དགའ་བའི་དབུགས་དབྱུངས་ཞིང་། །དང་པོའི་སྐབས་སུ་ཕུང་ཁམས་སྟོང་བའི་གཞིར། །ཀུན་བཏགས་བདག་གཉིས་བཀག་པ་སྟོང་བ་ཉིད། །དགོངས་གཞིར་གཙོ་བྱས་གདུལ་བྱ་ཉན་རང་རྣམས། །ཉམས་སུ་བླངས་ཏེ་ཉོན་སྒྲིབ་བཟད་པར་སྤང་། །བར་ཐག་གཉིས་དང་རྡོ་རྗེ་ཐེག་པའི་སྐབས། །དགོངས་པ་མཐར་ཐུག་གཅིག་གྱུར་ཡིན་ནའང་། །ཡོད་མེད་བྱེད་དང་མ་བྱེད་སྒྲས་ཟིན་ཁྱད། །དོན་དམ་ཡང་དང་འཕགས་སོགས་སེམས་དཔའི་ཚོགས། །དྲང་ངེས་མདོ་སྡེའི་མཚན་གཞིར་དྲིས་པ་ན། །ངེས་དོན་མཐར་ཐུག་འཁོར་ལོ་ཐམ་ཞེས། །རྒྱལ་བའི་གསུང་ཕྱིར་དོན་ལའང་དེ་ལྟར་གནས། །དེ་ཡང་རྣམ་ཀུན་མཆོག་ལྡན་སྟོད་པ་ཉིད། །གློ་བུར་དྲི་མ་མཐའ་དང་དབེན་པ་དང་། །གདོད་མའི་ཡོན་ཏན་མཐའ་དག་རང་ཆས་སུ། །མི་སྟོང་ཚུལ་འདི་ལེགས་པ་ཉིད་ལ་སོགས། །གཞན་སྟོང་སྟོད་ཚུལ་བདེ་བླག་རྙེད་པར་འགྱུར། །འཁོར་ལོ་བར་བ་དྲང་དོན་འགྲེལ་མོད་ཀྱང་། །སྒྲས་ཟིན་ཙམ་ལས་དགོངས་པ་མཐར་ཐུག་ནི། །ཡོངས་གྲུབ་དགུ་དང་དེ་བཞིན་ཉིད་ལ་སོགས། །གཙོ་བོར་བསྟན་པས་ངེས་དོན་ནམ་མདོ་སྡེར་ངེས། །རྒྱལ་ཚབ་མགོན་དང་འཇམ་དཔལ་དབྱངས་ལ་སོགས། །ཀླུ་གྲུབ་ཡབ་སྲས་ཐོག་མེད་སྐུ་མཆེད་དང་། །དོན་ནམ་ཡང་དག་འཕགས་སོགས་སེམས་དཔའ་རྣམས། །དགོངས་འགྲེལ་ངེས་དོན་མཐར་ཐུག་ཕྱོགས་སུ་འགྲེལ། །གངས་ཅན་ཁྲོད་འདིར་གཞན་སྟོང་ཤིང་རྟའི་སྲོལ།
བསྟེན་པའི་བླ་ན་ཀུན་མཁྱེན་ཡབ་སྲས་རྣམས། །གནས་ལུགས་བསྒྲུབ་བྱེད་རིགས་བརྒྱ་ཕྲག་གིས། །མདོར་སྔགས་གཞུང་བརྒྱའི་དགོངས་པ་གཅིག་པ་འདྲིལ། །སྒྲིབ་གཉིས་ཟད་པའི་འདོད་བའི་སྐྱེ་བོ་རྣམས། །ཀུན་རྫོབ་ཆོས་རྣམས་བདེན་པས་སྟོང་བ་དང་། །གནས་ལུགས་མཐར་ཐུག་དོན་དམ་སྒྲུབ་པའི་ཚུལ། །ལེགས་པར་ཤེས་ཏེ་སྒྲོག་འདོགས་སྐུར་བའི་མཐའ། །བྲལ་བ་དབུ་མའི་ལམ་བཟང་འདི་ཉིད་ལ། །ཉམས་སུ་བླངས་ཏེ་ཚོགས་གཉིས་ཡོངས་རྫོགས་འགྱུར། །སླར་ཡང་སྒྲོལ་བའི་མགོན་པོའི་ཞལ་བཟང་ལས། །མདོ་སྔགས་གཞུང་ལུགས་ཆོས་སྒོ་མཐར་ཡས་བས། །སྐལ་བཟང་སྐྱེ་བོའི་བློ་གྲོས་འདབ་བརྒྱ་བཞད། །ངེས་དོན་ཟབ་མོ་སྦྲང་རྩིའི་བཅུད་ཀྱིས་གཏམས། །གང་དེའི་གསུང་གསང་དབུ་མ་ཐེག་པའི་མཆོག །སྒྲུབ་མཐའ་བཞི་ཡི་སར་རང་དབུ་མ་བར། །འདོད་པའི་ཚུལ་དང་སྤྲོ་བཀུར་སྤང་བའི་ཚུལ། །དྲང་ངེས་འཇོག་ཚུལ་དུ་མར་གསུན་ནའང་། །དབུ་མ་རྒྱན་ནས་གསུངས་ཚུལ་ཇི་བཞིན་ནོ། །གང་དེའི་ལེགས་བཤད་ཡིད་བཞིན་དབང་གི་རྒྱལ། །འདུ་བྱེད་སྤར་གྱི་རྒྱལ་མཚན་རྩེར་བཀོད་ནས། །འདུས་སྡེའི་ལྷག་བསམ་ཡུ་བས་ཉེར་བཏགས་ཏེ། །ལུང་རྟོགས་ཡོན་ཏན་མི་ཟད་ཆར་དུ་བསྐྱིལ། །ལྷག་བསམ་དག་པའི་ནོར་འཛིན་ཡངས་བའི་གཞིར། །ཐོས་བསམ་བསྒོམས་པས་ཉམས་མྱོང་བྱེ་བ་བརྒྱ། །འདབ་བརྒྱ་བཞད་པའི་བཅུད་མྱོང་རྐང་དྲུག་ཚོགས། །འཆད་ཉནའང་བཟུང་དབྱངས་ཀྱི་རོལ་མོ་གྲོགས། །ཤར་ཕྱོགས་
ཚ་བའི་རླུང་གི་སྟོད་ཀྱི་ཆར། །འཇམ་དཔལ་དབྱངས་དངོས་བློ་བཟང་མཚན་ཅན་རྗེའི། །གང་ནས་དབེན་ནས་བྱང་ཆུབ་ཆོས་རྫོད་དུ། །སྐྱེ་དགུའི་བསོད་ནམས་བསགས་བའི་ཞིང་དུ་བསྒྲུབས། །འདི་མཚོན་དུས་གསུམ་དགེ་ཚོགས་ནུས་པའི་མཐུས། །རྒྱལ་བསྟན་འཕྱོགས་དུས་མི་མཉམ་དར་ཞིང་རྒྱས། །དེ་འཛིན་སྐྱེས་བུའི་ས་སྟེང་ཁྱབ་པ་དང་། །སྐྱེ་རྒུ་ཡོད་ལ་ཕན་བདེ་རྒྱུར་གྱུར་ཅིག །འདི་ལ་ལུས་ངག་ཡིད་ཀྱིས་བརྩོལ་བྱས་པས། །ཡོན་སྦྱོར་མཐུན་རྐྱེན་འབྲེལ་བ་ཐོབ་ཚད་ཀུན། །ཚེ་རབས་སྲེང་བ་དལ་བའི་རྟེན་ཐོག་ནས། །ཐོས་བསམ་སྒོམ་པའི་ཉམས་ལེན་མཐར་ཕྱིན་ཤོག །ཁྱད་པར་རྗེས་བཙུན་བླ་མའི་གདན་ནས་འདིར། །བསྟན་པ་སྐྱོང་བཀུར་ཞལ་བཞེས་བསྲུང་མའི་ཚོགས། །མཐུན་རྐྱེན་གྲོགས་ལྡན་གཡེལ་བ་མེད་པ་དང་། །སྒྲུབ་སྡེ་གང་ཟག་བུ་བཞིན་སྦྱོང་བར་མཛོད། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །འཁོར་བའི་འདུ་འཛིན་རྣམས་གཡེང་རྒྱང་བསྲེངས་ཏེ། །ཁྱད་པར་རིམ་གཉིས་རྣལ་འབྱོར་སྒོམས་པ་ལ། །བླ་མ་དམ་པའི་གསུང་བཞིན་བསྒྲུབ་ལ་རེམ། །ཀུན་མཁྱེན་བླ་མའི་གསུངས་རབ་གླེག་བམ་དྲུག །རང་རེ་བླ་མའི་གདམ་ངག་ཡོད་དོ་ཅོག ། བསྟན་པའི་ནུབ་ཆ་རྐྱེན་སྤར་དུ་བསྒྲུབས། །བུ་སློབ་རྣམས་ཀྱི་ཐོབ་བསམ་མ་སྒྲུབ་ལ་རེམ། །དེ་ལྟར་ཕྱིས་འབྱུང་སྐལ་བཟང་སྐྱེ་བོ་རྣམས། །ཆོས་ཀུན་གཅིག་ཆར་ཤེས་པ་དཀའ་ན་ཡང་། །
གང་ཤེས་དེ་ཉིད་ཉམས་སུ་བླང་ན་ནི། །མཁས་པའི་གོ་འཕང་ཐོབ་ལ་གོར་མ་ཆགས། །ཅེས་པ་འདི་ནི་རང་ཅག་རྣམས་ཀྱི་དཔལ་ལྡན་བླ་མའི་སྒྲུབ་རྒྱུད་ཀྱི་བསྟན་བའི་སྙིང་པོ་ཁུར་དུ་འདེགས་ནུས་པའི་སློབ་བུ་བློ་བཟང་དགེ་ལེགས་ཀྱིས་དར་བཅས་བསྐུལ་ངོ། ༧ བླ་བྲང་བཀྲ་ཤིས་འཁྱིལ་གྱིར་འབྱམས་པ་བློ་བཟང་བསྟན་འཛིན་གྱིས་བྲིས་པ་དགེ། །སརྦ་མངྒལཾ། ༈ ལེགས་ཚོགས་ཕན་ཞུམ་མེད་ཤོག ཁྱད་པར་རྒྱལ་བའི་དགོངས་པ་མཐར་ཐུག་བ། །འཁོར་ལོ་ཕྱིར་མི་ལྡོག་པའི་བརྗོད་བྱའི་དོན། །ངེས་དོན་དབུ་མ་ཟབ་གསང་ཐེག་
པའི་ཕུལ། །བསྟན་པའི་སྙིང་པོ་མཆོག་དེ་རྟག་འཛིན་ཤོག །ཅེས་པའང་གཉིས་སོ། ༈ རྗེ་བཙུན་པད་དཀར་འཆང་བའི་རྣམ་འཕྲུལ་མགོན། །སྨྲ་བའི་དབང་ཕྱུག་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་དྲུག་བར། །བསྟན་པ་སྤྱི་དང་ཁྱད་པར་ཇོ་ནང་བའི། །བཤད་སྒྲུབ་བསླར་གསོ་བྱ་བ་སྤེལ་བའི་ཆད། །འཇམ་མགོན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི། །མི་ཟད་ཆོས་སྦྱིན་དཔལ་ལྡན་འཛམ་ཐང་པའི། །གཙང་བའི་ཆོས་སྨྲར་བསྐྲུན་པའི་དགེ་བ་ཡིས། །མ་གྱུར་འགྲོལ་གནས་སྐབས་བདེ་བ་དང་། །མཐར་ཐུག་གཏན་བདེ་བླ་མེད་བྱང་ཆུབ་མཆོག །རྒྱུར་དུ་ཐོབ་པའི་དབུང་གཉེན་དམ་པ་རུ། །གཞི་དབྱིངས་མཆོག་གསུམ་དམ་པས་ཤེས་པ་སྩོལ། །འདི་ཡང་བསོད་ནམས་དཔལ་གྱིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། དགེའོ། དགེའོ།