Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

2 occurrences of འཕེན་
[Clear Hits]


  
 
འདིར་རང་གཞན་ལ་བསླབ་བྱ་གྲོས་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ལྷག་བསམ་རབ་དཀར་པདྨའི་འཕྲེང་བ།
  
  
  
  
  
  


2 occurrences of འཕེན་
[Clear Hits]

 
previousའདིར་རང་གཞན་ལ་བསླབ་བྱ་གྲོས་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ལྷག་བསམ་རབ་དཀར་པདྨའི་འཕྲེང་བ།next

འདིར་རང་གཞན་ལ་བསླབ་བྱ་གྲོས་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ལྷག་བསམ་རབ་དཀར་པདྨའི་འཕྲེང་བ།


TR002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རང་གཞན་ལ་བསླབ་བྱ་གྲོས་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ལྷག་བསམ་རབ་དཀར་པདྨའི་འཕྲེང་བའོ། །


TR002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། མཁྱེན་རབ་ནམ་མཁའི་ཁྱོན་ཡངས་པར། །ཐུགས་རྗེའི་ཉི་གཞོན་འོད་འབར་བས། །བསྐལ་བཟང་ཡིད་ཀྱི་མུན་སེལ་བ། །དྲིན་ཅན་བླ་མའི་ཞབས་ལ་འདུད། །དེ་ཡང་བདག་ནི་དལ་འབྱོར་གྱི་མི་ལུས་ཙམ་ཞིག་སྟེས་དབང་གིས་ཐོབ་མོད་ཀྱང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་མི་ལྡན་ཞིང་། བླ་མ་དགེ་བའི་བཤེས་གཉེན་དམ་པ་འགའ་དང་མཇལ་ནས་དེ་དག་གིས་ཐུགས་རྗེས་འཛིན་པར་མཛད་ནའང་། རང་ཉིད་སྐལ་བ་དམན་ཞིང་ཤེས་རབ་ཞན་པའི་དབང་གིས། ཡོན་ཏན་གྱི་ཆ་ཤས་འགའ་ཙམ་ཡང་ཐོབ་པར་མ་ནུས་ཏེ། ཇི་སྐད་དུ། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབས་ཀྱང་། །ས་བོན་མི་རུངས་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་


TR002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པས་བཟང་མི་མྱོང་། །ཞེས་པ་ལྟར་དང་། ཁྱད་པར་དུ་ཟབ་ཁྲིད་གདམས་པའི་སྙིང་པོ་མང་ཞིག་ཞུ་ལོ་བགྱིས་ཀྱང་། དེ་དག་རང་ཉིད་ཀྱི་རྒྱུད་ཐོག་ཏུ་མ་ཁེལ་བར་སྒོ་གསུམ་རྣམ་གཡེང་དང་སྙོམ་ལས་ཀྱི་དབང་དུ་གྱུར་ཅིང་། ཟབ་ཆོས་ཉམས་ལེན་གཤའ་མ་ཞིག་བྱེད་པའི་ལོང་མེད་པར་ཚེ་འདིའི་ཁེ་གྲགས་དང་འདུ་འཛི་སོགས་ཆོས་མིན་གྱི་བྱ་བ་ཤ་སྟག་ལ་མི་ཚེ་བསྐྱེལ་བ་ཞིག་བདག་ལ་བབས་གདའ་བ་ད་ནི་དེ་དག་ལས་རྒྱང་བསྲིངས་ཏེ་རྒྱལ་བས་བསྔགས་པའི་རི་ཁྲོད་དབེན་པར། རིའི་བུ་བྱས། ན་བུན་ལ་གོས་བྱས། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་ཚེ་དང་བསྒྲུབ་པ་མཉམ་པ་གཅིག་ཨེ་ཡོང་དང་། ཐ་མ་ཡང་འཇིག་རྟེན་གྱི་ཆགས་སྡང་ཞེ་སྡང་དང་། དཀོར་ནག་ལ་བག་མེད་དུ་སྤྱོད་མི་དགོས་ཙམ་


TR002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་འདུན་པ་ནི་གཏན་དུ་ཡོད་ཀྱང་། རང་དབང་མེད་པར་འཆིང་བའི་ཞགས་པ་དམ་པོས་བཅིངས་ཞིང་ཁྲི་མུན་གྱི་ནང་དུ་ཆུད་པ་འདི་ལས་ཐར་ནས། རྗེ་མི་ལས། ང་ཤི་བ་དགྲ་ཡི་མ་ཚོར་ཞིང་། ན་བ་གཉེན་གྱི་མ་ཚོར་བར། རི་ཁྲོད་འདི་རུ་འཆི་ནུས་ན། སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ཅེས་གསུངས་པ་ལྟ་བུའི་ཆོས་ཚུལ་བཞིན་བྱེད་པའི་སྐལ་བ་དང་ལྡན་པ་ཞིག་བླ་མ་དཀོན་མཆོག་མཁྱེན་ཞེས་གསོལ་བ་བཏབ་ཅིང་། རང་གིས་རང་ཉིད་ལ་བསྐུལ་འདེབས་ཀྱི་ཚིག་འགའ་སྨྲས་པ་ནི།། ༈ །།རྗེ་འགྲོ་བའི་སྡེ་དཔོན་པདྨ་འབྱུང་། །མཚུངས་བྲལ་གྱི་བཀའ་རྒྱུད་བླ་མའི་ཚོགས། །ཆོས་མེད་ཀྱི་བུ་ངས་གསོལ་འདེབས་ཀྱིས། །རྒྱུད་བྱིན་གྱིས་རླབས་ཤིག་ཐུགས་རྗེ་ཅན། །བདག་སྙིགས་དུས་ཀྱི་བཙུན་གཟུགས་ཚུལ་ཆོས་མཁན། །བསོད་ནམས་ཀྱི་ལས་འཕྲོ་ཆུང་བའི་མཐུས། །རྩོད་ལྡན་གྱི་བསྟན་ཞབས་འདི་འདྲར་སྐྱེས། །ཆོས་མེད་ཀྱིས་བླ་མའི་ཚུལ་བཟུང་ཞིང་། །འཇིག་རྟེན་གྱི་བྱ་བ་ཁོ་ནས་མནར། །འདི་སྐྱུག་ནད་ཅན་གྱིས་


TR002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་མཐོང་བཞིན། །བློར་དྲན་པ་ཙམ་གྱིས་འཚངས་ལ་ཕོག །ལར་འཇིག་རྟེན་ལས་ཀྱི་བྱ་བྱེད་འདི། །བདག་སྔར་ནས་མི་འདོད་ཡོད་བཞིན་དུ། །དུས་དིང་སང་ལྷག་པར་སྐྱོ་ཤས་འཕེལ། །ཚེ་མི་རྟག་ལ་ཁའི་ན་བུན་འདྲ། །དུས་དོ་ནུབ་འཆིའམ་ཆ་མེད་པར། །ཚེ་འདི་ཉིད་ཀྱི་བྱ་བྱེད་བགྱིས་བགྱིས་ནས། །རང་ཕྱི་མའི་དོན་ཆེན་ཡལ་བར་འདོར། །ལར་སྐྱེས་པའི་ཕ་ཡུལ་རྒྱབ་བསྐྱུར་ཞིང་། །མགོན་ཤཀྱའི་བསྟན་ལ་རབ་བྱུང་ཀྱང་། །ཆོས་ཚུལ་བཞིན་བྱེད་པའི་ལོངས་མེད་ཅིང་། །གནས་དབེན་པ་བསྟེན་པའི་དབང་མེད་པར། །གཞན་མགུ་བྱེད་ཐབས་ལ་འབད་པ་འདི། །ཕུག་རང་གཞན་གཉིས་ཀ་ཕུང་བའི་རྒྱུ། །དེ་ཡིན་པར་གོ་ཡང་རང་དབང་མེད། །འཁོར་གཡོག་གི་སྐྱོང་བྲན་ཞེ་སྡང་གི་རྒྱུ། །ནོར་རྫས་ཀྱི་བརྩོལ་བསྒྲུབ་རྣམ་སྨིན་གྱི་ལས། །ཡོན་བདག་གི་ངོ་སྲུང་ཆགས་སྡང་གི་གཞི། །


TR002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྱེད་ཀུན་ཆོས་དང་མི་མཐུན་ཞིང་། །འཇིག་རྟེན་གྱི་བྱ་བས་གཡེངས་བ་ལ། །རྒྱལ་བསྟན་གྱི་ཞབས་ཏོག་ཡིན་པར་རློམ། །འདི་བསྐྱུར་ན་ནི་ཐེག་དམན་གྱི་ལྟ་བར་འགྲོ། །བྱས་ན་ནི་དགེ་སྦྱོར་གྱི་བར་ཆད་ཆེ། །བདག་འདི་འདྲའི་འཆིང་བས་མ་བཅིངས་པ། །ལས་ཅི་འདྲའི་རྣམ་སྨིན་འདིར་གྱུར་ཏམ། །སྐྱབས་མི་བསླུ་ངེས་པ་དཀོན་མཆོག་གསུམ། །རྗེ་སྐྱབས་གནས་དམ་པ་པདྨ་འབྱུང་། །ཁྱོད་ཐུགས་རྗེས་ནུས་པའི་དཔུང་བསྐྱེད་ལ། །བདག་འཁོར་བའི་འདམ་ནས་དྲངས་ཏུ་གསོལ། །དེ་ཡང་བདག་ནི་འཁོར་བའི་བྱ་བ་དང་འདུ་འཛིའི་ལས་ཀྱི་མནར་བ་འདི་ཉིད་སྤྱིར་ནི་རང་ལ་ཆོས་ཀྱི་བསོད་ནམས་དམན་པར་གོར་མ་ཆགས་ཤིང་། ཁྱད་པར་དུ་ནི་རང་གི་ཡིད་ལ་ཆོས་ཤ་སྟག་དེ་ལྟ་བུ་ཞིག་འདུན་པ་ཡོད་ཀྱང་། ད་དུང་ཅུང་ཞིག་བློ་ཐག་མ་ཆོད་པར་གཞན་གྱི་ངག་ལ་ཉན་པས་ལན་པ་དང་། ལེ་ལོ་ཕྱི་གཤོལ་གྱི་དབང་དུ་ཐལ་བར་འདུག་སྙམ་སྟེ། རང་གིས་རང་ཉིད་ལ་གྲོས་འདེབས་དྲན་པའི་ལྕགས་ཀྱུ་འདི་སྨྲས་སོ།། ༈ །།སྐྱབས་གནས་བླ་མའི་ཞབས་ལ་གུས་བཏུད་དེ། །


TR002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རང་གིས་རང་ལ་གྲོས་ཅིག་འདེབས། །དུས་མཐའི་སྤྲང་པོ་ཚུལ་འཆོས་མཁན་པོ་ཁྱེད། །བསྟན་པའི་སྒོར་ཞུགས་ལོ་མང་ལོན་མོད་ཀྱང་། །ད་དུང་ཆོས་དང་རང་རྒྱུད་མ་འདྲེས་པར། །རྣམ་རྟོག་བརྒྱུད་མར་སྤེལ་འདི་ཞེ་རེ་འཁྲེལ། །ད་ནས་ཆོས་དང་རང་རྒྱུད་བསྲེ་བ་འཐད། །ན་སོ་གཞོན་ཀྱང་ཚེ་ལ་ངེས་མེད་ཅིང་། །འབྱུང་འདུས་སྒྱུ་ལུས་ནམ་འདོར་ཆ་མེད་ཀྱང་། །ད་དུང་སྐྱིད་འདོད་ཚེ་འདིའི་ཞེན་པས་བཅིངས། །ད་ནི་ལོང་མེད་ཆོས་ལ་བརྩོན་པ་འཐད། །ཤི་དུས་ཆོས་མིན་ཅིས་ཀྱང་མི་ཕན་པར། །ཆ་ཡོད་བཞིན་དུ་ད་དུང་རྣམ་གཡེང་བྱེད། །ཆོས་མེད་ཆོས་པར་བརྫུ་འདི་ཞེ་རེ་འཁྲེལ། །ད་ནི་ཕྱི་མའི་དོན་མཆོག་སྒྲུབ་པ་འཐད། །འཁོར་གཡོག་ལོངས་སྤྱོད་ནོར་རྫས་ལ་སོགས་པ། །འདུ་འཛི་ཆོས་ཀྱི་བདུད་དུ་མི་བསམ་པར། །ད་དུང་འཇིག་རྟེན་ཁེ་གྲགས་ལོ་འདོད་སྒྲུབ། །ད་ནི་ངེས་པར་དབེན་པ་བསྟེན་པ་


TR002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཐད། །མཚན་ལྡན་བླ་མ་འགའ་དང་མཇལ་ན་ཡང་། །སྙིང་ནས་མོས་གུས་བཀུར་བསྟི་མི་བྱེད་པར། །འགྲན་སེམས་མཉམ་འགྲོགས་བྱེད་པ་ཞེ་རེ་འཁྲེལ། །ད་ནི་གུས་པས་གདམ་ངག་ཞུ་བ་འཐད། །དམ་ཚིག་སྡོམ་པ་ཚུལ་བཞིན་མི་སྲུང་ཞིང་། །དགེ་བའི་བཤེས་ཀྱི་མཚན་ཉིད་མི་ལྡན་པར། །ད་དུང་བཙུན་པའི་གྲལ་མགོར་བསྡོད་འདི་བླུན། །ད་ནི་གཅིག་པུར་རི་ཁྲོད་འགྲིམ་པ་འཐད། །ཐོས་པས་ཕྱི་ཡི་སྒྲོ་འདོགས་མ་ཆོད་ཅིང་། །སྒོམ་པས་ནང་གི་བཙན་ས་མ་ཟིན་པར། །ད་དུང་གཞན་ལ་ཆོས་བཤད་བྱེད་པ་བླུན། །ད་ནི་སྒྲུབ་པ་སྙིང་པོར་དྲིལ་བ་འཐད། །དབང་ཁྲིད་གདམས་པ་འགའ་ཞིག་ཐོབ་ན་ཡང་། །རང་རྒྱུད་ཐོག་ཏུ་མ་ཁེལ་ཞུ་ལོ་ཙམ། །ཆོས་དང་རང་སེམས་སོ་སོར་བསྡོད་འདི་བླུན། །ད་ནི་ཟབ་དོན་ཉམས་སུ་བླངས་བ་འཐད། །སྐྱེད་རིམ་ལྷ་ཡི་བསྙེན་སྒྲུབ་མ་རྫོགས་ཤིང་། །རྫོགས་རིམ་ལྟ་བའི་གདེངས་དང་


TR002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྡན་པར། །ཤི་གསོན་ཀུན་གྱི་སྐྱབས་གནས་བྱེད་པ་འཁྲུལ། །ད་ནི་ཐོག་མར་རང་སྐྱབས་འཚོལ་བ་འཐད། །སྨིན་བྱེད་དབང་གིས་རང་རྒྱུད་མ་སྨིན་ཅིང་། །གྲོལ་བྱེད་གདམས་པའི་རྩི་ཡི་མ་ཟིན་པར། །ད་དུང་གཞན་གྱི་འདྲེན་པ་བྱེད་པ་བླུན། །ད་ནི་ཐོག་མར་རང་དོན་བསྒྲུབ་པ་འཐད། །ནམ་ཞིག་བར་དོའི་འཕྲང་ལ་འགྲིམས་པའི་ཚེ། །འཁོར་གཡོག་མང་པོས་ཕན་པ་མེད་མོད་ཀྱང་། །ད་དུང་ཆོས་མེད་གྲོགས་མང་བརྟེན་འདི་བླུན། །ད་ནི་གཅིག་པུར་བསམ་གཏན་བསྒོམ་པ་འཐད། །འཆི་བདག་བདུད་ཀྱི་ཞགས་པས་བཏབ་པའི་ཚེ། །ལོངས་སྤྱོད་ནོར་གྱི་རྡུལ་ཙམ་ཕན་མེད་ནའང་། །ད་དུང་ནོར་རྫས་བསོགས་འཇོགས་བྱེད་འདི་བླུན། །ད་ནི་ཟང་ཟིང་སྲེད་པ་བསྐྱུངས་ན་འཐད། །འཁོར་འདས་གཉིས་ཀྱི་འདམ་ཁའི་སོ་མཚམས་སུ། །ད་རེས་འདམ་ཁ་ལོག་ན་གཏན་དུ་སྡུག །འཇིག་རྟེན་བྱ་བཞག་བྱས་པ་དོན་མེད་བོར། །


TR002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གཏན་གྱི་འདུན་མ་བསྒྲུབ་པ་འཐད། །འཁོར་བའི་ཆོས་ལ་སྤྲོས་པ་མ་ཆོད་ཅིང་། །དཀོན་མཆོག་གསུམ་ལ་བློ་གཏད་མ་བྱས་ན། །ད་དུང་རྟག་ཏུ་འཁོར་བར་འཁྱམ་འགྱུར་བས། །ད་ནི་དམ་པའི་ཆོས་ལ་འབུང་བ་འཐད། ཕ་ཡུལ་བདུད་ཀྱི་བརྩོན་རར་མ་ཤེས་ཤིང་། ཉེ་འབྲེལ་བདུད་ཀྱི་ཕོ་ཉར་མ་ཤེས་པར། །ཆགས་ཤིང་ཞེན་ན་ངན་འགྲོར་ འཕེན next hit་པའི་རྒྱུ། །ད་ནས་ཆགས་སྡང་རྩད་ནས་བཅད་པ་འཐད། །མཚན་ལྡན་བླ་མའི་ཞབས་ལ་མ་བཏུགས་ན། །ངན་སོང་འཁོར་བའི་སྐྱེ་སྒོ་སུ་ཡི་ཆོད། །ལུས་སྲོག་ལོངས་སྤྱོད་བླ་མའི་ཕྱོགས་བཏང་ནས། ཁ་ཞེ་མེད་པའི་སྐྱབས་གནས་བཅོལ་བ་འཐད། །རང་གིས་ཆོས་བཙལ་ཉམས་སུ་མ་བླངས་ན། །ཆོས་ཀྱིས་རང་ཉིད་འཚལ་བར་ག་ལ་འགྱུར། །ལུས་སྲོག་བློས་གཏང་དཀའ་བ་ལྷུར་བླངས་ནས། །ཟབ་མོའི་གདམ་ངག་ཉམས་སུ་ལེན་པ་འཐད། །དེ་ལྟར་ཆོས་མེད་དུས་མཐའི་སྙོམ་ལས་པས། །གནས་


TR002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཤིག་ཏུ་རང་གིས་རང་ཉིད་ལས། །བསླབ་བྱ་གྲོས་འདེབས་ཕྱིར་དུ་འདི་སྨྲས་པའི། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག། ༈ །།སྭསྟི། སྐྱབས་མཆོག་གསུམ་གྱི་ངོ་བོ་རྡོ་རྗེ་འཛིན། །མགོན་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །དེ་སྤྱི་གཙུག་ཏུ་མི་འབྲལ་རྒྱན་དུ་བཞུགས། །རྗེ་ཐུགས་རྗེའི་བདག་དེས་བྱིན་གྱིས་རློབས། །ང་སྙིགས་དུས་ཀྱི་ཆོས་གཟུགས་སྙོམ་ལས་པ། །ཡིད་སྐྱོ་བ་སོང་བའི་གླུ་འདི་བླངས། །ལྷ་དཔའ་བོ་མཁའ་འགྲོར་མཆོད་པ་འབུལ། །གྲོགས་རྡོ་རྗེའི་སྤུན་ཚོ་དགྱེས་པར་མཛོད། །ཕྱི་མཐའ་བྲལ་གྱི་ནམ་མཁའ་སྟོང་པ་དང་། །ནང་འཛིན་མེད་ཀྱི་རིག་པ་སྟོང་གསལ་གཉིས། །དེ་སྟོང་ཚུལ་འདྲ་ཡང་གསལ་བའི་ཁྱད། །སེམས་གསལ་སྟོང་ཟུང་གཅིག་མ་གོ་ན། །ལྷ་སྣང་སྟོང་དུ་གོ་བ་དེ་བས་དཀའ། །ལར་སྙིགས་དུས་ཀྱི་ཆོས་པའི་གཟུགས་འཛིན་པ། །བློ་གཉིས་འཛིན་གྱི་མདུད་པ་མ་གྲོལ་བར།


TR002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གསལ་སྟོང་སོགས་ངོ་སྤྲོད་བྱེད་པ་དེ། དེས་མུས་ལོང་གིས་ལམ་མཁན་བྱེད་པ་འདྲ། །ལར་གཉིས་འཛིན་འདི་འཁོར་བར་འཁྱམས་པའི་རྒྱུ། །ནམ་གཉིས་འཛིན་བྲལ་ན་སངས་རྒྱས་ཞེས། དེ་ལོགས་ནས་ཐོབ་རྒྱུ་ཞིག་མེད་པ་ལགས། འདི་རིག་པའི་ཁྱེའུ་ཆུང་ཁྱོད་མ་གོའམ། །ཞེས་སྙིགས་དུས་ཀྱི་བླ་མའི་ཚུལ་འཛིན་དེས། །ཚིག་སླབ་བྱ་རང་གི་རང་ལ་སྨྲས། རྟོགས་གྲོལ་གྱི་དོན་མཆོག་ཐོབ་པར་ཤོག །ཅེས་པ་འདི། འགའ་ཞིག་གི་ཆོས་སྐད་སེམས་དང་ནམ་མཁའ་གཅིག་ཟེར་བ་དང་། རྫོགས་རིམ་མི་ཤེས་ཀྱང་སྐྱེད་རིམ་ལས་སླ་ཟེར་བ་སོགས་ལ་ཅུང་ཟད་ཡིད་མ་རངས་ནས་སྨྲས་པ་སྟེ། དེ་ལྟར་འདི་ཡན་ཆད་རང་ལོ་གཞོན་ནུའི་ལོ་བཅོ་ལྔ་པ་དུས་འཁོས་ཀ་མེད་རུང་བླ་མའི་ཚུལ་བཟུང་ནས་འཇིག་རྟེན་གྱི་བྱ་བ་ལ་བསྟན་དོན་ཡིན་རྒྱུར་བསྒོམ་ཤིང་གྲྭ་འཁོར་ཡོན་བདག་གི་སྐྱོང་བསྟར་མི་ཡོང་བཞིན་དུ་བྱེད་དགོས་པའི་སྐབས་བྱུང་བའི་ཚེ་སྨྲས་པའོ། ཀྱཻ་མ། དལ་འབྱོར་བཅོ་བརྒྱད་ཀྱིས་བརྒྱན་པའི་མི་ལུས་དང་རིན་ཆེན། །ཐོབ་ནས་སྙོམ་ལས་སུ་བསྡད་ན་དོན་མེད་དུ་འགྱུར་བས། །མི་ཚེ་སྟོང་


TR002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་དུ་མ་བཏང་ལྷ་ཆོས་ལ་འབུངས་དང་། །འདིར་བདེ་ཕྱི་མ་སྐྱིད་པའི་འདུན་མ་རང་ཡིན་ནོ། །ཚེ་སྲོག་ཙྭ་ཁའི་ཟིལ་འདྲ་ངེས་མེད་ཀྱི་ཚེ་ལ། །ལོང་ཡོད་ཕྱི་གཤོལ་དུ་བསྡད་ན་འཆི་བདག་གི་སླེབས་ཡོངས། །བློ་སྣ་ཆོས་ཕྱོགས་སུ་དྲིལ་ལ་བརྩོན་འགྲུས་སུ་གྱིས་དང་། །ཤི་དུས་འགྱོད་མེད་ཀྱི་གྲབས་གཅིག་ད་ལྟ་ནས་དགོས་སོ། །དཀའ་ལས་རྩོལ་སྒྲུབ་ཀྱིས་བསགས་པའི་ནོར་རྫས་དང་ལོངས་སྤྱོད། །འཆི་དུས་འཁྱེར་དབང་མེད་པར་ལག་སྟོངས་སུ་འགྲོ་དགོས། །ཞེན་མེད་ཆོག་ཤེས་ཀྱི་བང་མཛོད་ནོར་རྫས་ཀྱི་དམ་པ། །ཕྱི་མའི་ལམ་རྒྱགས་ཤིག་བསྒྲུབ་ན་དེ་འདྲ་ཞིག་དགོས་སོ། །དགོས་འདོད་ཀུན་འབྱུང་གི་ནོར་བུ་མཚན་ལྡན་གྱི་བླ་མ། །མོས་གུས་གསོལ་འདེབས་ལ་འབད་ན་བྱིན་རླབས་ཀྱི་ཆར་འབེབས། །བློ་སྙིང་བྲང་གསུམ་གྱི་གཏད་པ་འདི་ལ་རང་གྱིས་དང་། །འདི་ཕྱིའི་བདེ་ལེགས་ཀྱི་ལམ་ཞིག་དེ་ན་རང་གདའོ། །འཁོར་འདས་ཆོས་


TR002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྩ་བ་རང་རིག་དང་སྟོང་གསལ། །འཁྲུལ་སྣང་ཨ་འཐས་སུ་མ་བཏང་དྲན་ཤེས་ཀྱིས་བཟུང་དང་། །འཛིན་མེད་རང་གྲོལ་དུ་འགྲོ་བ་ནམ་མཁའ་དང་སྤྲིན་ལྟར། །ལྟད་མོ་ངོ་མཚར་ཅན་གཅིག་དེ་ན་རང་གདའོ། །ཆོས་མེད་སྙོམས་ལས་ཀྱི་སྤྲང་པོ་སྣ་ཚོགས་དང་རང་གྲོལ། །གཏད་མེད་གང་ཤར་དུ་སྨྲས་པའི་ཤུགས་འབྱུང་གི་གླུ་འདི། །དབེན་པའི་མཚམས་ཁང་ནས་སྨྲས་འདི་དད་ལྡན་རང་རྣམས་ཀྱི། །ཡིད་ཀྱི་རེ་བ་སྐོང་བའི་དགའ་སྟོན་དུ་གྱུར་ཅིག། ༈ །།བླ་མ་དང་རང་སེམས་དབྱེར་མེད་དུ་འདྲེས་པས། །གསོལ་བ་ལ་འདེབས་བྱ་འདེབས་བྱེད་དང་བྲལ་ཞིང་། །བྱིན་རླབས་སུ་རང་སེམས་རང་ངོ་ཤེས་པས། །བཀའ་དྲིན་གྱི་མཆོག་ཏུ་འདི་རང་ཆེ་བྱུང་། །གང་ཤར་གྱི་རང་ངོར་ཅེར་གྱི་བལྟས་ཙ་ན། །ཤར་མཁན་གྱི་ངོ་བོ་ལོགས་སུ་མ་རྙེད། །བལྟ་བྱ་དང་ལྟ་བྱེད་དབྱེར་མེད་དུ་སོང་བས། །ངོ་སྤྲོད་ཀྱི་མཆོག་ཏུ་འདི་རང་ཟབ་བྱུང་། །སྩོལ་བྱས་ཀྱི་མིགས་པས་རྣམ་རྟོག་སྤེལ་ཞིང་། །


TR002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བླང་གི་སྒོམ་གྱིས་བོགས་སྐྱེད་མི་འདུག །སྒོམ་མེད་ཀྱི་ངང་དུ་ཡེངས་མེད་སྐྱོང་བ། །གདམས་ངག་གི་གནད་དུ་འདི་རང་ཆེ་བྱུང་། །ཆོས་མེད་ཀྱི་སྤྲང་པོ་གཏད་མེད་བདག་འདྲས། །ངེས་མེད་ཀྱི་ཚིག་འདི་གང་ཤར་དུ་སྨྲས་པས། །ཐར་མེད་ཀྱི་འགྲོ་བ་སྡུག་བསྔལ་ལས་གྲོལ་ཏེ། །སྤྲོས་མེད་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག །ཅེས་པ་རྣམས་རང་ལོ་ཉེར་གསུམ་པར་མཚམས་མལ་ནས་སྨྲས་པའོ།། ༈ །།ཨེ་མ། དལ་འབྱོར་རིན་ཆེན་རྙེད་པར་དཀའ་བ་ད་ལན་ལན་གཅིག་ཐོབ་དུས་འདིར། །དོན་མེད་ཚེ་འདིའི་བྱ་བ་བསྒྲུབ་ན་གཏན་གྱི་འདུན་མ་མི་འབྱུང་བས། །སྙིང་པོ་མེད་པའི་འཇིག་རྟེན་བྱ་བ་སྒྱུ་མའི་འཁྲུལ་འཁོར་འདྲ་བ་འདི། །སྤངས་ནས་དམ་པའི་ལྷ་ཆོས་བསྒྲུབ་པ་སྤྲང་པོ་ཁོ་བོའི་སྙིང་གཏམ་ཡིན། །ཚེ་འདི་མི་རྟག་རྩ་ཁའི་ཟིལ་དང་ལ་ཁའི་ན་བུན་ཇི་བཞིན་དུ། །ནམ་འཆི་ཆ་མེད་ངེས་མེད་ཚེ་ལ་རྣམ་གཡེང་བྱེད་དུ་མི་ཁོམ་པས། །སང་བྱེད་སྣང་བྱེད་ལོ་ཟླ་འདས་ནས་


TR002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་བདུད་ཀྱིས་ཏུག་གེ་འོངས། །ད་ལྟ་ཉིད་ནས་ཆོས་ལ་བརྩོན་པ་སྤྲང་པོ་ཁོ་བོའི་སྙིང་གཏམ་ཡིན། །གཉེན་དང་ཉེ་འཁོར་ནོར་རྫས་ལོངས་སྤྱོད་བདུད་ཀྱི་ཕོ་ཉ་ཆོས་ཀྱི་དགྲ། །ཅིས་ཀྱང་དགོས་མེད་ཞེན་ལོག་སེམས་ཤིག་ཁ་ཞེ་མེད་པར་མ་སྐྱེས་ན། །འདོད་པའི་རེ་བ་སྒྱུ་མའི་ནོར་གྱིས་གང་བའི་དུས་ཤིག་མི་ཡོང་བས། །སེར་སྣ་སྤོང་ཞིང་ཆོག་ཤེས་བྱེད་པ་སྤྲང་པོ་ཁོ་བོའི་སྙིང་གཏམ་ཡིན། །མཚན་ལྡན་བླ་མ་དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་རིན་ཆེན་ལ། །རྩེ་གཅིག་དད་པས་གསོལ་བ་བཏབ་ན་བྱིན་རླབས་དངོས་གྲུབ་ཆར་རྒྱུན་འབེབས། །མོས་པའི་བུ་ལ་ཐུགས་རྗེས་གཟིགས་པ་བླ་མ་ཀུན་གྱི་དམ་ཚིག་སྟེ། །དད་གུས་གསོལ་འདེབས་རྒྱུན་དུ་བྱེད་པ་སྤྲང་པོ་ཁོ་བོའི་སྙིང་གཏམ་ཡིན། །རྒྱལ་བའི་གསུང་རབ་མདོ་རྒྱུད་མན་ངག་དུ་མའི་བཅུད་གྱུར་དམ་པའི་ཆོས། །ཞི་ཕྱག་ལམ་རྫོགས་རྒྱ་ཆེན་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་མོད་ཀྱང་། །ཀུན་གྱི་དགོངས་མཐུན་མ་བཅོས་མཐའ་


TR002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་རང་རིགས་གསལ་སྟོང་ཟབ་མོའི་དོན། །སྒོམ་མེད་ཡེངས་མེད་རྒྱུན་དུ་སྐྱོང་བ་སྤྲང་པོ་ཁོ་བོའི་སྙིང་གཏམ་ཡིན། །ངོ་མཚར་སྤྲོ་བསྐྱེད་ཟབ་མོའི་གདམ་ངག་སྙིང་གཏམ་བསླབ་བྱ་མདོར་བསྡུས་འདི། །རང་ལ་སྤང་རྟོགས་ཡོན་ཏན་མེད་ཀྱང་ཕན་པའི་སེམས་ཀྱིས་སྨྲས་ལགས་པས། །སྐལ་ལྡན་ཁྱོད་ཀྱི་ཐུགས་ལ་འཆོང་ཞིག་བླངས་དོར་མ་ནོར་ཉམས་སུ་ལོངས། །འདི་ཡི་དགེ་བས་མཁའ་མཉམ་འགྲོ་ཀུན་སངས་རྒྱས་ས་ལ་མྱུར་འཁོད་ཤོག །ཅེས་པ་འདི་དགེ་བཤེས་བཀྲ་ཤིས་དོན་འགྲུབ་ཀྱི་བསྐུལ་ངོར་གདམས་པའོ། །དུས་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །སྲིད་གསུམ་འགྲན་ཟླ་ཀུན་བྲལ་པདྨ་འབྱུང་། ཁམས་གསུམ་འགྲོ་ལ་ཐུགས་རྗེ་རྩེར་དགོངས་ནས། །སྐུ་གསུམ་གོ་འཕང་མཆོག་ལ་འགོད་དུ་གསོལ། །ཀྱེ་མ་དིང་སང་སྙིགས་མའི་མཐར་ཐུག་པས། །སངས་རྒྱས་བསྟན་ཡང་ཕྱི་དྲོའི་ཉི་མ་བཞིན། །ནགས་ཕྱོགས་བདུད་རིགས་དབྱར་གྱི་ཆུ་ལྟར་རྒྱས། །དུས་ངན་


TR002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་ཤར་བས་སྐྱོ་ཤས་འཕེལ། །བསྟན་པ་འཛིན་པའི་བཤེས་གཉེན་ཚུལ་བཟུང་ཀུན། །བྱམས་དང་སྙིང་རྗེ་དག་སྣང་མོས་གུས་དང་། །ཐོས་བསམ་སྒོམ་དང་ཆོས་སྤྱོད་བཅུ་སོགས་ཀྱིས། །རང་གཞན་ཁ་ལོ་ཆོས་ལ་མི་བསྒྱུར་བར། །མདོ་རྒྱུད་མན་ངག་ཤེས་རྒྱ་གཞན་ལས་ཆུང་། །ཅུང་ཟད་ཤེས་ན་ཁེངས་པ་སུ་ལས་ཆེ། །ཆགས་སྡང་ཀུན་སློང་ཕྲག་དོག་འགྲན་སེམས་ཀྱི། །རང་དང་གཞན་རྒྱུད་རབ་ཏུ་ཚིག་བྱེད་ཅིང་། །ཡུལ་ལྗོངས་ཐམས་ཅད་ཀུན་ཏུ་མྱུལ་བྱས་ནས། ཁ་གསག་གཡོ་སྒྱུ་ཟོལ་ཟོག་དུ་མ་ཡིས། །བླུན་དད་ཅན་རྣམས་མགོ་བོ་བསྐོར་བྱེད་ཅིང་། །གཏོང་ཕོད་ཅན་གྱི་ནོར་རྣམས་བཟང་བཅོམ་བྱས། །ཇི་ཙམ་རྙེད་པའི་ཟང་ཟིང་དེ་དག་ཀྱང་། །སྦྱིན་དང་དཀོན་མཆོག་མཆོད་སོགས་མི་བྱེད་པར། །ལོག་པའི་ཕྱོགས་རྒྱར་དད་ཟས་ཆུད་གཟོན་ཞིང་། །ངན་སོང་གནས་སུ་རང་གཞན་ཁྱུ་དེད་པའི། །ཆོས་མིན་བླ་གཟུགས་མཐོང་ཚེ་སྐྱོ་ཤས་འཕེལ། །ངོ་ཤེས་འདྲིས་མེད་ཕྱོགས་མེད་


TR002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁམས་སུ། །མི་མེད་དབེན་པའི་རི་ཁྲོད་འགྲིམ་བྱེད་ཅིང་། །དཀར་ནག་ལོག་འཚོའི་ཟས་རྣམས་སྤངས་ནས་སུ། །དཀའ་ཐུབ་དག་ལ་མེལ་ཚེ་བསྐྱལ་ན་བསམ། །དགེ་འདུན་སྡེ་དང་དགོན་གནས་འཛིན་རྣམས་ཀྱང་། །བསྟན་པའི་གཞིར་གྱུར་འདུལ་ཁྲིམས་བག་ཡོད་དང་། །སློབ་གཉེར་ཁ་སྟོན་བཟླས་པ་བསམ་གཏན་སོགས། །འདི་ཕྱིའི་དོན་གཉེར་བསྒྲུབ་ལ་མི་བརྩོན་པར། །དམ་ཚིག་སྡོམ་དང་ཐོས་བསམ་རྒྱབ་ཏུ་བསྐྱུར། །གཡོ་ཁྲམ་རང་མཐོང་འགྲན་སེམས་དང་དུ་ལེན། །དམན་ས་འཛིན་དང་བཙུན་ཚུགས་རིང་དུ་འདོར། །ཤ་ཆང་ལོངས་སྤྱོད་གོས་རྒྱན་གཙོ་བོར་འདོན། །བསྟན་དང་ཕྱི་མའི་དོན་ལ་མི་བསམ་པར། །ལོ་འདོད་གཏམ་སོགས་བྱུང་ན་ཆོག་པར་སེམས། །མིག་གི་འབྲས་ལྟར་བསྲུངས་ལ་འདུལ་ཁྲིམས་ཉིད། །མཆིལ་མའི་ཐལ་བ་བཞིན་དུ་བོར་བྱས་ནས། །བག་མེད་སྤྱོད་པས་དུས་ཀུན་འདའ་བཞིན་དུ། །དགེ་སྦྱོང་།།།།


TR002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་དུ་མས་བརྒྱན། །འདི་ཕྱིའི་སྐྱབས་གནས་རྩ་བའི་བླ་མ་ལ། །གུས་པས་ཅི་གསུངས་རྗེས་སུ་མི་བསྒྲུབ་པར། །ཅི་མཛད་དག་ལ་ལོག་ལྟ་སྐྱེད་བྱེད་ཅིང་། །གསུང་གཅོག་ཐུགས་ཀྲུག་སྐུར་འདེབས་ཁོ་ན་བྱེད། །རང་ལ་ནོར་རྫས་གནང་སྦྱིན་བྱུང་བའི་ཚེ། །བླ་མ་སངས་རྒྱས་དངོས་སུ་མཐོང་བྱེད་ཅིང་། །རང་མི་འདོད་པའི་ཚིག་གཅིག་གསུངས་ཙམ་ལའང་། །སྲང་མདོའི་ཁྱི་རྒན་ལས་ཀྱང་ལོད་པར་བལྟ། །ཚིག་ཙམ་ལའང་འཐབ་རྩོད་དུ་མ་བྱེད། །དཀོར་ཟས་ཆེད་དུ་སྡིག་པ་གང་ཡང་ཕོད། ཁེ་གྲགས་བསྒྲུབ་ཕྱིར་ཟོལ་ཟོག་ཅི་ཡང་ཤེས། །ཚུལ་མིན་བཙུན་གཟུགས་མཐོང་བས་སྐྱོ་ཤས་འཕེལ། །བསྟན་དོན་ཡིན་རྒྱུའི་ཆོས་མིན་བྱ་བྱེད་ཀྱིས། །དལ་འབྱོར་ཆུད་ཟོས་བྱེད་པ་འདི་སྤངས་ནས། །དབེན་པའི་གནས་སུ་སྤྲོས་མེད་སྤྱོད་ཞུགས་ཏེ། །སྨྲ་བཅད་འདག་སྦྱར་དག་ལ་གནས་ན་བསམ། །སྦྱིན་བདག་རྣམས་དང་སྐྱེ་བོ་ཕལ་ཀུན་ཀྱང་། །


TR002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་དང་བསླུ་བྱེད་ཟོག་པོའི་རིགས། །ལེགས་པར་རྟགས་ནས་བཀུར་སྟིའི་འོས་གྱུར་རྣམས། །འགྱུར་མེད་དད་པས་སྤྱི་བོར་མི་འཁུར་བར། ཁ་མཁས་གཡོ་ཆེ་ཟོལ་ཟོག་ལ་གོམས་པས། །ངོ་སྲུང་ཁ་ལན་གཙོ་བོར་འདོན་རྣམས་དང་། །གནས་འགྱུའི་སེམས་ངོ་ཞིབ་ཏུའང་མི་ཤེས་པར། །འཁྲུལ་ཞིག་རྟོགས་ལྡན་གྲུབ་ཐོབ་ཡིན་ནོ་ཞེས། །མི་ཆོས་བླ་མའི་བརྫུན་གྱིས་མངོན་ཤེས་དང་། །ཁྲེལ་མེད་ཐོ་ཅོ་བྱེད་པའི་ཟོག་པོ་ལ། །དད་པས་སངས་རྒྱས་དངོས་ལྟར་མཐོང་བྱེད་ཅིང་། །ཞབས་གཏོགས་ལོངས་སྤྱོད་རྒྱ་མཚོ་ཆེར་བསྐྱིལ་ནས། །གཅེས་དགུའི་ནོར་རྫས་རི་ལྟར་སྤུངས་ཏེ་འབུལ། །གང་དྲན་བྱེད་པའི་སྤྱོད་ལ་ཡ་མཚན་དང་། །ཅི་དྲན་ཟེར་བའི་གཏམ་ལ་ཡིད་ཆེས་བྱེད། །ལོག་ལམ་འཁྲིད་པ་དེ་འདྲའི་རྗེས་འབྲངས་ནས། །ཆོས་མཐུན་དམ་པ་རྣམས་ལ་བརྙས་བྱེད་ཅིང་། །ཞབས་གཏོགས་མཐུན་རྐྱེན་ཅུང་ཟད་སྦྱར་ཚེ་ཡང་། ཚོགས་གཉིས་རྫོགས་དང་དགེ་ལ་མི་


TR002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར། །ཟས་ལན་གནང་སྦྱིན་བཟང་དུ་བྱུང་ན་བསྟོད། །མ་བྱུང་བླ་མཆོད་རིང་དུ་སྤོང་བྱེད་པའི། །ཚུལ་མིན་ཡོན་བདག་མཐོང་ཚེ་སྐྱོ་ཤས་འཕེལ། །རྒྱལ་བས་བསྔགས་པའི་རི་ཁྲོད་ཉམས་དགའ་བར། །གཞན་ངོ་སྲུང་བའི་བྱ་བྱེད་ཀུན་སྤང་ནས། །སྲོག་འཚོ་ལྷག་སྐྱོབས་ཙམ་ལ་གཞི་བརྟེན་ཅིང་། །དམ་ཆོས་བསྒྲུབ་ལ་གཅིག་ཏུ་དྲིལ་ན་བསམ། །སྦྱང་ཡོན་ཀུན་གྱི་ཁྱད་པར་གྲགས་རྣམས་ཀྱང་། །སྡེ་སྣོད་རྒྱུད་གཞུང་བསྟན་བཅོས་གང་དང་གང་། །ཤེས་པ་དེ་དག་མ་ནོར་མཐར་ཕྱིན་ཅིང་། །རང་གི་རྒྱུད་ལས་འཁེལ་བར་མི་བྱེད་པར། །ཇི་ཙམ་ཤེས་བཞིན་ང་རྒྱལ་ལྷག་པར་ཆེ། །རང་ཉིད་མ་གཏོགས་གཞན་ཀུན་དུད་འགྲོར་མཐོང་། །ཁོ་བོས་ཡོན་ཏན་འདི་ཙམ་ཤེས་སོ་ཞེས། །ཀུས་འདེབས་དར་འཕྱར་དུང་འབུད་བྱེད་ལ་མཁས། །ཐོས་པའི་འགགས་དོན་རྒྱུད་ཐོག་བཀལ་ནས་ནི། །རང་གཞན་དོན་མཆོག་བསྒྲུབ་ལ་མི་འབད་པར། །མཁས་པར་གྲགས་དང་རྙེད་བཀུར་བྱུང་བ་


TR002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དོན་གྱི་སྙིང་པོ་དེ་ཀ་ཡིན་པར་རློམ། །དོན་མ་འབྱོར་ན་ཚིག་གི་འཕྲེང་བ་ལ། །མཁས་ཀྱང་མཁས་པའི་མཚན་ཉིད་མི་འབྱུང་ཏེ། །འདབ་ཆགས་ནེ་ཙོས་ཡིག་དྲུག་ལ་སོགས་པ། །སྨྲ་བར་ཤེས་མོད་དོན་དུ་ཅི་ཞིག་རྟོགས། །དོན་མེད་ཚིག་ལ་མཁས་པའི་རློམ་སེམས་ཅན། །ཕྲག་དོག་ཆེན་པོས་གཞན་ཡིད་དཀྲུག་ག་བྱེད་པ། །སྔོན་བྱུང་ལེགས་སྐར་གཏམ་རྒྱུད་དང་མཚུངས་པའི། །མཁས་རློམ་དྲེགས་ལྡན་མཐོང་ཚེ་སྐྱོ་ཤས་འཕེལ།། ༈ །།མི་ཚེ་བར་སྣང་གློགས་འདྲ་ཡུད་ཙམ་འདིར། །ཟད་མཐའ་མེད་པའི་ཚིག་ལ་སྦྱངས་པ་ལས། །ཆོས་ཀུན་སྙིང་པོ་གཅིག་ཤེས་ཀུན་གྲོལ་དོན། །བླ་མའི་གདམ་ངག་གཅིག་ཐོག་དྲིལ་ན་བསམ། །ཟབ་ཁྲིད་ཞུས་ཤིང་བསྒོམ་པར་རློམ་རྣམས་ཀྱང་། །མཚན་ལྡན་ཉམས་མྱོང་ལྡན་པའི་བླ་མ་ལ། །སེམས་ཀྱི་ཕུ་ཐག་ལེགས་པར་ཆོད་བྱས་ནས། །སྙིང་རུས་ཆེན་པོས་ཉམས་སུ་


TR002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལེན་པར། །དང་པོར་མི་རྟག་ངེས་འབྱུང་མི་སྐྱེས་པར། །སྔོན་འགྲོའི་ཁྲིད་རྐང་དམིགས་རིམ་བསྒོམ་ལོ་ཙམ། །བར་དུ་སེམས་ཀྱི་བརྡར་ཤ་མ་ཆོད་པར། །གནས་འགྱུ་རིག་པའི་རང་འཚང་ཤེས་པར་རློམ། །མཐའ་མར་ངོ་སྤྲོད་གནད་དུ་མ་འཁེལ་བར། །བདག་གི་ཟབ་མོའི་བསྒོམ་ཁྲིད་ཐོབ་བོ་ཞེས། །མང་པོའི་ཁྲོད་དུ་ངོམ་ཞིང་སྒྲོག་པར་བྱེད། །གནད་དོན་ཕྱོགས་ཙམ་གོ་བའང་མེད་པ་ལ། །ཉམས་ཁྲིད་ཐོས་ལོ་ཙམ་གྱིས་མཆོག་པར་འཛིན། །སེམས་ཀྱི་མཚན་ཉིད་ཙམ་ཡང་མི་ཤེས་རུང་། །ཆང་གྲལ་རྣམས་སུ་ཁ་ལྟ་གཞན་ལས་མཐོ། །ཆོས་དོན་རྒྱུད་ལ་མ་འབྱོར་དངོས་རྟགས་སུ། །ཉོན་མོངས་དུག་ལྔའི་ཟུར་མགོ་སུ་ལས་རག །ལུས་ངག་དགེ་སྦྱོར་ཚོགས་བསགས་སྒྲིབ་སྦྱོང་ཀུན། །བྱིས་པའི་རྩེད་མོ་འདྲ་ཟེར་རྒྱབ་ཏུ་བསྐྱུར། །རྒྱུ་འབྲས་བླང་དོར་བྱ་བ་མ་ལུས་ལ། །ཐེག་དམན་ཉན་རང་ཆོས་ཞེས་ཁྱད་དུ་གསོད། །


TR002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་མེད་པའི་མུན་སྒོམ་དོན་མེད་ལ། །སྒོམ་གྱི་སྙིང་པོར་རློམ་སྟེ་ཡིད་གཏན་བྱེད། །འགའ་ཞིག་གིས་ནི་འཁྲུལ་སྣང་ལུག་རྒྱུད་ལ། །གང་ཤར་རང་གྲོལ་ཡིན་ཟེར་རྗེས་སུ་འབྲང། །ཞག་གསུམ་ཙམ་ཡང་དབེན་པར་མ་སྡད་པར། །སྒོམ་ཆེན་ཡིན་ཞེས་རང་མཐོང་དྲི་ལས་མཐོ། །སྟོང་ལྟའི་ཚིག་གི་ཀུ་ཅོ་ཁྱི་ལས་ཆེ། །ནོར་རྫས་མཐོང་ན་འདོད་ཐག་གཞན་ལས་ཉེ། །རྐྱེན་ངན་བྱུང་ན་བློ་ཕུགས་སུ་ལས་རྒྱུག །རང་གི་སེམས་ལ་འཇོག་སོ་གཏན་མེད་པར། །གཞན་ལ་ཁྱད་གསོད་བརྙས་ཆོས་ལྷག་པར་ཆེ། །བླ་མའི་ཞབས་འདྲེན་མཆེད་གྲོགས་དམའ་འབེབས་པའི། །ཚུལ་མིན་སྒོམ་ཆེན་མཐོང་བས་སྐྱོ་ཤས་འཕེལ། །ཟབ་དོན་གནད་འགགས་ཚུལ་བཞིན་མ་རྟོགས་ཀྱང་། །སྲིད་པའི་ངང་ཚུལ་སྒྱུ་མར་རིག་བྱས་ནས། །ངེས་འབྱུང་སྐྱོ་ཤས་རྒྱུད་ལ་བརྟེན་བྱེད་ཅིང་། །བླ་མར་


TR002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཁོ་ན་འབད་ན་བསམ། །དེ་ལྟར་སྤྱི་ཡི་གནས་ཚུལ་དེ་བཞིན་ལས། །དགོས་སུ་རང་ཕྱོགས་འཁོར་སློབ་ཕལ་ཆེར་ཡང་། །དམ་པའི་ཆོས་དང་མཐུན་པ་དཀོན་པའི་ཚུལ། །ལེགས་པར་བརྟགས་ན་ཡིད་ཀྱི་སྐྱོ་ཤས་འཕེལ། །དང་པོར་འཕྲད་ཚེ་མོས་གུས་གཞན་ལས་ཆེ། །ལྷན་ཅིག་འབྲོག་ཚེ་མགུ་འཁང་བྱེད་རྒྱུ་མང་། །འཇུག་ཏུ་ནམ་ཡང་འཁོན་གྱོད་བྱེད་པར་བརྩམས། །སྙིགས་དུས་སློབ་དཔོན་ཀུན་གྱི་ངང་ཚུལ་ཡིན། །ཅི་ཡང་མ་སྨྲས་ཁ་རོག་བསྡད་ཙ་ན། །ཞལ་ཏ་སློབ་སྟོན་བཀའ་ཁྱབ་དགོས་སོ་སྐད། །དྲང་པོའི་གཏམ་དང་ཤ་ཚའི་ཚིག་སྨྲས་ན། །བཀའ་ཀྱོན་བྱུང་ཞེས་ཁོང་ཁྲོ་མེ་ལྟར་འབར། །ནོར་དང་ལོངས་སྤྱོད་ཕུགས་སུ་བཞག་པའི་ཚེ། །རྒྱུ་སྲེད་འཕང་སེམས་འཛིན་ཆགས་ཆེའོ་སྐད། །གང་འོས་གཞན་ལ་སྦྱིན་སོགས་བྱས་གྱུར་ན། །ཐམས་ཅད་མེད་པར་བྱས་ཞེས་འབར་ཞིང་བཤེ། །རང་གཞན་དོན་དང་ཕྲལ་ཕུགས་བྱ་བྱེད་


TR002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །གང་འཐད་འགྱོད་མེད་གྲོས་སུ་བྱས་གྱུར་ན། །ཉིད་ཀྱིས་གང་མཛད་དེ་ལ་འདུན་ནོ་སྐད། །གང་ཤར་ཐོག་ཏུ་གང་བབས་བྱས་པའི་ཚེ། །འདི་འདྲ་མིན་ཟེར་འབར་ཞིང་གྱོད་ཁ་བརྡུང་། །བྱེས་སུ་བསྒྲོད་དང་གཞན་ཡུལ་མྱུལ་ཙ་ན། །འགྲོ་འདུག་མང་པོ་ཚིག་པ་ཟ་ཞེས་བསུན། །ཟླ་ཤས་ཙམ་གཅིག་མཚམས་ལ་སྡད་གྱུར་ན། །ཟང་ཟིང་ནོར་གྱི་གདུལ་བྱ་མ་བྱུང་ལོ། །དབང་བསྐུར་ལ་སོགས་གཞན་དོན་བྱས་པ་ན། །དགེ་སྦྱོར་མ་བྱས་བར་ཆད་འོང་ཞེས་སྨྲ། །གཞན་དོན་བསྐྱུངས་ནས་འཚམས་ལ་འདུག་ཙ་ན། །དེས་ཀྱང་མི་ཐུས་ཡང་ནི་ཁང་ར་གདུང་། །ལྷན་ཅིག་བསྡད་ནས་ཟབ་ཆོས་བཤད་ན་ནི། །ཉན་མི་ཁོམ་པར་ཕྱོགས་སུ་འཐོར་ཞིང་འགྲོ། །དབེན་པར་རང་དོན་བསྒྲུབ་པའི་སྐབས་སུ་ནི། །བདག་ལ་དམ་ཆོས་ཞུ་ཞེས་ནན་གྱིས་བསྐུལ། །མཉམ་པོར་འགྲོགས་ཚེ་ཅི་ལས་ལོས་མཐོང་ཞིང་། །རྨི་ལམ་ཙམ་དུའང་


TR002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དད་གུས་མི་སྐྱེ་བར། །སོ་སོར་འགྱེས་ཚེ་ཁྱེད་མེད་བདག་ཅག་རྣམས། །ཅི་ལྟར་བྱེད་ཅེས་འཁང་པའི་རྣམ་འགྱུར་སྟོན། །སྙིགས་དུས་སྐྱེ་བོ་བློ་སྣ་རབ་ཏུ་མང་། །དུག་ལྔ་རག་ཅིང་བློ་གཏད་མི་ཐུབ་པར། །ཅི་ལྟར་བྱས་ཀྱང་མགུ་བའི་དུས་མེད་པའི། །ཚུལ་འདི་མཐོང་ཚེ་སྐྱོ་ཤས་ལྷག་པར་འཕེལ། །རང་ལ་བླ་མའི་མཚན་ཉིད་མི་ལྡན་ཞིང་། །ཁོང་ཅག་སློབ་མའི་མཚན་ཉིད་མི་ལྡན་ཞིང་། །ཁོང་ཅག་སློབ་མའི་མཚན་ཉིད་དེ་བས་དཀའ། །རང་གཞན་གཉིས་ཕུང་མི་ཚེ་སྟོང་ཟད་ཀྱི། །བླ་མ་འདི་འདྲ་བྱེད་པར་ཅི་ལ་སྤྲོ། །དམ་པ་གོང་མའི་མཛད་སྲོལ་ཇི་བཞིན་དུ། །རྒྱལ་བས་བྱིན་གྱིས་བརླབས་པའི་ཡང་དབེན་མཆོག །གངས་ཁྲོད་གཡའ་སྤང་ནགས་འདབས་ལ་སོགས་སུ། །གྲོགས་མེད་གཅིག་པུར་བསྒྲུབ་ལ་བརྩོན་ན་བསམ།། ༈ །།དེ་ལྟར་གཞན་གྱི་སྐྱོན་འཚང་མང་བརྗོད་ཀྱང་། །གཙོ་བོར་རང་ཉིད་སྐྱོན་གྱི་ཕུང་པོ་སྟེ། །གཞན་སྐྱོན་སྨྲ་བའང་སྐྱོན་


TR002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆེ་ཤོས་ཡིན། །དེ་ཕྱིར་རང་སྐྱོན་ཐོབ་པར་མི་རིགས་སམ། །དལ་འབྱོར་ཐོབ་པ་ཡིད་བཞིན་ནོར་ལས་དཀོན། །ཐོབ་པ་འདི་ཡང་མི་རྟག་འཇིགས་པར་ངེས། །སྙོམ་ལས་ལེ་ལོར་བསྡོད་པར་མི་རིགས་ཀྱང་། །རྣམ་གཡེང་བྱེད་འདི་རང་སྐྱོན་མ་ཡིན་ནམ། །འཆི་དུས་ལྷ་ཆོས་དགོས་པར་ཤེས་བཞིན་དུ། །མི་ཚེ་ཡུད་ཙམ་ལོང་མེད་དུས་འདི་རུ། །ཆོས་ལ་མི་བརྩོན་ལྟོ་གོས་དོན་གཉེར་ཞིང་། །ཆོས་མིན་སྤྱོད་འདིའང་རང་སྐྱོན་མ་ཡིན་ནམ། །ཐོས་པ་བྱེད་ཚེ་སྒོམ་ལ་འབད་ན་བསམ། །བསྒོམ་པའི་ཚེ་ན་སྤྲོས་བཅས་ཚིག་ཕྱིར་འབྲེང་། །གཉིས་འཛིན་བློ་སྣས་དགོས་དོན་ཆལ་པ་རུ། །གཏོང་བ་འདི་ཡང་རང་སྐྱོན་མ་ཡིན་ནམ། །རང་དོན་སྒྲུབ་ཚེ་གཞན་ཕན་བྱེད་པར་སྤྲོ། །གཞན་དོན་བྱེད་ན་སྐྱོ་ངལ་བསྲན་མི་བཟོད། །དོན་གཉིས་བསྒྲུབ་པའི་བརྩོན་འགྲུས་གོ་ཆ་མཆོག །མེད་པ་འདི་ཡང་རང་སྐྱོན་མ་ཡིན་ནམ།


TR002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྩ་བ་བཟོད་དང་བྱམས་སྙིང་རྗེ། །ཡིན་པར་གོ་ཡང་རྒྱུད་ལ་མི་སྟོན་པར། །རང་གི་འདོད་དོན་ཡིད་བཞིན་མ་བྱུང་ན། །ཁྲོ་ཞིང་འཁྲུག་པའང་རང་སྐྱོན་མ་ཡིན་ནམ། །གཞན་ལ་ཕན་པ་བསྒྲུབ་པར་རློམ་ན་ཡང་། །བདག་པས་གཞན་ཅེས་ལྷུར་ལེན་མི་བྱེད་པར། །གཞན་བདེ་འདོད་ཀྱང་རང་སྡུག་མི་འདོད་པར། །བདག་འཛིན་ཆེ་བའང་རང་སྐྱོན་མ་ཡིན་ནམ། །གཞན་ལ་དམ་ཆོས་འཆད་པར་རློམ་བྱེད་ཀྱང་། །རང་གི་རྒྱུད་ལ་ཆོ་དོན་མ་འབྱོར་པས། །ཆོས་དང་ཆོས་མིན་འདྲེས་མའི་ལས་ཉིད་ལ། །སྤྱོད་པ་འདི་ཡང་རང་སྐྱོན་མ་ཡིན་ནམ། །རང་ཉིད་ཕྱི་ནང་སྒྲོ་འདོགས་མ་ཆོད་པར། །གཞན་ལ་ཟབ་ཆོས་བཤད་པར་རློམ་པ་འདི། །རྒྱུད་མེད་མིའམ་ལོང་བས་ལམ་འཁྲིད་ལྟར། །གྱུར་པ་འདི་ཡང་རང་སྐྱོན་མ་ཡིན་ནམ། །ཚེ་འདིའི་རྐྱེན་སེལ་ཕྱི་མའི་གཏན་སྲིད་སོགས། །རང་དོན་བསྒྲུབ་པའི་ནུས་པའང་མེད་མོད་ཀྱང་། །གཞན་


TR002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དད་རྫས་གཤིན་སྐོར་བག་མེད་སྤྱོད། །ཚུལ་འདི་དག་ཀྱང་རང་སྐྱོན་མ་ཡིན་ནམ། །མཁྱེན་བརྩེ་ནུས་མཐུ་མངོན་ཤེས་རྫུ་འཕྲུལ་སོགས། །ལྡན་པར་མ་གྱུར་གཞན་དོན་འགྲུབ་པར་དཀའ། །གོ་ཞིང་རིག་ཀྱང་དོན་མེད་བྱ་བ་ལ། །འཇུག་པ་འདི་ཡང་རང་སྐྱོན་མ་ཡིན་ནམ། །དབེན་པའི་གནས་སུ་བསྒྲུབ་པ་ལྷུར་བླངས་ནས། །དམ་པའི་ཆོས་ལ་བརྩོན་པར་སྨོན་བཞིན་དུ། །ཐོག་ཏུ་མི་འགེལ་གཡེང་བའི་ངང་ཉིད་ལས། །བསྡོད་པ་འདི་ཡང་རང་སྐྱོན་མ་ཡིན་ནམ། །རང་ཉིད་འཁྲུལ་པའི་སྐྱོན་གྱི་རྒྱ་མཚོ་ཆེར། །ལས་ཉོན་རྦ་རླབས་ཤུགས་ཀྱིས་འཁྱེར་བཞིན་དུ། །ད་དུང་གཞན་གྱི་སྐྱོན་འཚང་སྨྲ་བྱེད་པ། །འདི་ནི་སྐྱོན་གྱི་ནང་ནས་སྐྱོན་ཆེན་ཡིན། །སྔོན་ཆད་རྣམ་གཡེང་འཁྲུལ་པ་ངང་དུ་སོང་། །ད་ནི་ཡིན་ལུགས་དོན་ལ་མི་བརྩོན་ན། །འཁོར་བར་སྐྱོ་ཡང་ཆོས་ཀྱི་མདོ་དོན་དེ། །


TR002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་གདའམ་རང་གིས་རང་ལ་བསོམ། །གཞན་དོན་འཚོལ་བའི་ཀུན་རྟོག་ངན་པ་དེ། །རྒྱང་དུ་བསྐྱུར་ལ་རང་སྐྱོན་རྩད་ནས་ཆོད། །དྲེད་པོ་ཁ་ཆོས་མཁན་གྱི་སྤྲང་པོ་ཁྱོད། །ད་ནི་ཕན་པའི་གྲོས་འདེབས་འདི་ལ་ཉོན། །སྙིགས་དུས་སྐྱེ་བོ་རྨུ་རྒོད་དུག་ལྔ་ཧྲག །ཕར་ལ་ཕན་པའི་སླབ་བྱ་བྱས་གྱུར་ཀྱང་། །ཉན་པར་མི་བྱེད་སླར་ཡང་ལོག་ལྟ་སྐྱེ། །དེ་བས་རང་གྲོས་རང་ལ་གདབ་པར་གྱིས། །ཚེ་འདིའི་བྱ་བྱེད་སྒྱུ་མའི་རོལ་པ་འདི། །ཟིན་པའི་མཐའ་མེད་བྱས་ཀྱང་སྙིང་པོས་དབེན། །ཅམ་གྱི་ཞོག་ལ་ཆོས་ཕྱོགས་བྱ་བ་ཀུན། །ཧུར་གྱི་ཐོང་ལ་རྒྱུན་དུ་འབད་པར་གྱི། །རིག་གནས་ལ་སོགས་ཐོས་པའི་བྱེ་བྲག་རྣམས། །ཇི་ཙམ་བསླབ་ཀྱང་ཟད་མཐའ་མི་ཡོང་ཞིང་། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་འདིར། །ཟབ་དོན་སྙིང་པོར་དྲིལ་ལ་བརྩོན་པར་གྱིས། །དལ་འབྱོར་འཚོ་བའི་མཐུན་རྐྱེན་ཟས་


TR002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོས། །མེད་ཐབས་མེད་ཀྱང་ཆོ་ཤེས་མ་བྱས་ན། །ཇི་ཙམ་ཡོད་ཀྱིན་ཞེན་འདོད་འཕེལ་འགྱུར་བས། །སྲེད་པ་སྤོང་ལ་ཆོག་ཤེས་ལྡན་པར་གྱིས། །བྱེས་སུ་འཁྱམ་པ་སྟོང་སྐོར་ཡིན་མོད་ཀྱང་། །ས་གཅིག་བསྡོད་ཚེ་ཆགས་སྡང་འདུ་འཛི་འཕེལ། །དེ་བས་ཆགས་སྡང་རྣམ་གཡེང་བྲལ་བའི་ས། །ངེས་མེད་རྣམས་སུ་ཆོས་ལ་འབད་པར་གྱིས། །སྙིགས་དུས་ལྟར་སྣང་འདུ་འཛིའི་འགྲོ་དོན་དང་། །དད་ཅན་ཚོགས་པའི་ཟང་ཟིང་འདུ་ལོང་ཀུན། །བདུད་ཀྱི་གཡབ་མོ་ཆོས་ཀྱི་བགེགས་ཡིན་པས། །སྤངས་ནས་སྤྲོས་མེད་སྤྱོད་ལ་གནས་པར་གྱིས། །ཅིས་ཀྱང་ལས་ཀྱི་previous hit འཕེན ་པས་འདུས་གྱུར་ཀྱང་། །རང་གི་དགེ་སྦྱོར་ཆོས་ཚུགས་མི་འདོར་ཞིང་། །གཞན་ཀྱང་ཅི་ནུས་ཆོས་ཕྱོགས་ཉིད་ལ་སྦྱོར། །གང་འབྲེལ་ལེགས་པའི་ལམ་ལ་གཟུད་པར་གྱིས། །རྒྱལ་བས་སེམས་ཅན་མོས་བློ་ཐ་དད་ལ། །དགོངས་ཏེ་ཆོས་སྒོ་མཐའ་


TR002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་གསུངས་དེའི་ཕྱིར། །གྲུབ་མཐའི་ཆོས་ལུགས་སྣ་ཚོགས་ཐམས་ཅད་ལ། །སྐུར་འདེབས་སྤོང་ལ་དག་སྣང་འབྱོངས་པར་གྱིས། །མང་པོའི་འཁྲོ་དང་གྲོགས་ཀྱི་ནང་འདུག་ཚེ། །ལུས་ཀྱི་སྤྱོད་འགྲོས་ངག་གི་གླེང་བརྗོད་སོགས། །ཞི་ཞིང་དུལ་ལ་གཞན་ལ་མི་གནོད་པའི། །བག་ཡོད་སྤྱོད་ལ་རྒྱུན་དུ་གནས་པར་གྱིས། །དབེན་པར་ནང་དུ་ཡང་དག་འཇོག་པའི་ཚེ། །དོན་མེད་སྤྲས་སྤྲོས་བྱ་བྱེད་ཀུན་སྤངས་ནས། །ལོང་མེད་བརྩོན་འགྲུས་དྲག་པོའི་གོ་བགོས་ཏེ། །སྒྲུབ་པའི་དམ་བཅའ་མཐའ་རུ་འཁྱོལ་བར་གྱིས། །ཆོས་ལ་གནོད་པའི་རྐྱེན་ངན་མང་བ་དང་། །འཁྲུལ་པའི་སྣང་བ་བསླུ་ཁྲིད་མཁས་པའི་ཕྱིར། །ཡེངས་མེད་དྲན་པས་རྒྱུན་དུ་བསྐྱངས་བྱས་ནས། །ད་ལྟ་ཤི་ཡང་འགྱོད་མེད་གྲབ་ཆུད་ཀྱིས། །འདི་དང་ཕྱི་མ་བར་དོ་ཐམས་ཅད་ཀྱི། །གཏན་གྱི་སྐྱབས་གནས་དཔལ་མགོན་བླ་མ་ལ། །སྒོ་གསུམ་ཟོལ་མེད་གུས་པས་མཉེས་བྱས་ཤིང་།


TR002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་གསོལ་བ་འདེབས་ལ་བརྩོན་པར་གྱིས། །རང་དོན་གཙོ་བོར་སྡོམ་དང་དམ་ཚིག་བསྲུང་། །གཞན་དོན་གཙོ་བོར་དག་སྣང་བྱང་སེམས་སྦྱོངས། །ཀུན་གྱི་གཙོ་བོར་སྐྱེད་རྫོགས་ཟུང་འཇུག་བསྒོམ། །ཡེངས་མེད་དགེ་སྦྱོར་དག་ལ་འབད་པར་གྱིས། །དེ་སྔ་ཕན་ཆད་གཡེང་བས་མི་ཚེ་འདས། །ད་ནས་ཚེ་ལྷག་ཇི་ཙམ་ཐུབ་པའི་བར། །ལེ་ལོ་འཁྲུལ་འབྱམས་དབང་དུ་མ་གཏང་བར། །གྲོས་འདེབས་སླབ་བྱ་དེ་རྣམས་མཉན་པར་གྱིས། །དོན་མེད་འཇིག་རྟེན་འཁྲུལ་པའི་ལས་སྤངས་ནས། །དམ་པའི་ཆོས་ལ་ཡང་དག་བརྩོན་པ་ན། །རང་གཞན་དོན་ཀུན་འབད་མེད་ལྷུན་གྲུབ་ཅིང་། །སྐྱིད་པའི་ཉི་མ་ནང་ནས་འཆར་བར་འགྱུར། །རང་གཞན་འཁྲུལ་སྣང་སྐྱོན་གྱི་བྲག་རི་མཐོན་པོ་ཉིད། །སྐད་ཅིག་ཉིད་ལ་རྡུལ་དུ་རློག་བྱེད་གནམ་ལྕགས་ཐོག །ཚིག་དོན་ཟབ་མོའི་མེ་སྤུང་འབར་བས་


TR002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཏམས་པ་ཡིས། ཉོན་མོངས་འཁྲུལ་པའི་རི་བོ་རྩེད་ནས་གཅོད་གྱུར་ཅིག དེ་ལྟར་རང་གཞན་རྨོངས་པའི་འགྲོ་བ་མ་རིག་པའི་མུན་པ་ཆེན་པོས་འཐུམས་ཤིང་ལོག་པའི་ལམ་དུ་ཞུགས་པ་དག་ལས་བཟློག་ཏེ། འདི་ཕྱིར་ཕན་ཞིང་བདེ་བའི་ལམ་བཟང་མཆོག་ཏུ་གྱུར་པ་དམ་པའི་ཆོས་ཁོ་ན་བྱ་བ་ལ་ཞུགས་པར་གྱུར་ན་ཅི་མ་རུང་མཉམ་པའི་འདུན་པ་དྲག་པོས་ཆེད་དུ་བསྐུལ་ཞིང་། དོན་མེད་འཁྲུལ་པའི་ལས་ཀྱི་རང་གཞན་རྟག་ཏུ་མནར་བ་ལ་མི་བཟོད་པའི་སྐྱོ་ཤས་ཆེན་པོས་སྨྲས་པའི་ཚིགས་སུ་བཅད་པ་འདི་དག་གི་དོན་ལ་དཔྱོད་ལྡན་སྐལ་པ་ཅན་གྱི་སྐྱེས་བུ་བློ་གསལ་དག་གི་ལེགས་པར་རྟོགས་ཤིང་བསམ་རྒྱུད་ལ་ཕན་པའི་གདམ་ངག་དམ་པ་མཆོག་ཏུ་འགྱུར་བར་གོར་མ་ཆགས་ཤིང་། ཡང་། སྙིགས་དུས་ཀྱི་སྐྱེ་བོ་ལོག་ལྟའི་མེ་འབར་ཞིང་ཕྲག་དོག་གི་རླུང་མཚུབས་གི་བསམ་ཡུལ་དུ་འདི་སྙམ་དུ་འཆར་ཏེ། །ཀྱེ་མའོ། །འདི་ནི་ངེས་པར་གཞན་དག་ལ་སྐུར་པ་འདེབས་ཤིང་སྐྱོན་ཚང་བརྗོད་པའི་བསྟན་བཅོས་ངན་པའོ་སྙམ་དུ་སེམས་ཏེ་ཁྲོ་ཞིང་འཁྲུགས་ནས་ཚིག་དོན་འདི་དག་སྤོང་བར་བྱེད་པར་འགྱུར་ཏེ། དེ་དག་ནི་དམ་པའི་ཆོས་ལ་འཇུག་པའི་སྐལ་པ་མེད་པ་ནི་ཉིད་དེ། མགོན་པོ་བྱམས་


TR002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདི་ནི་སྤྲོ་བྱ་མིན། །ཅེས་གསུངས་པ་དང་མཐུན་ཞིང་། དེ་ལྟར་མ་ཡིན་པའི་སྐྱེས་བུ་བློ་ལྡན་རྣམས་ལ་ཕན་པའི་ཕྱིར་དང་། གཙོ་བོར་རང་ཉིད་ཀྱི་སྐྱོན་འཚངས་དྲུང་ནས་འབྱིན་ཅིང་བློ་རྒྱུས་ཆོས་ལ་བསྐུལ་བའི་སྙིང་གཏམ་གདམ་ངག་ཟབ་དོན་གནད་ཀྱི་མདོ་འགགས་དམ་ཆོས་བདུད་རྩི་བུམ་བཟང་དམ་པར་སྨྲས་པ་ཡིན་གྱི། ཕྲག་དོག་སྡང་བའི་སེམས་ཀྱི་ཤུགས་ལས་བྱུང་བའི་ཚིག་རྩུབ་དུག་མདའ་རྣོན་པོས་གཞན་དག་ཕམ་པར་བྱ་ཕྱིར་སྨྲས་པ་ནི་མ་ཡིན་ནོ།། ༈ །།འདིར་སྨྲས་པ། ཐོགས་མེད་དུས་ནས་གོམས་ཤིང་འཐས་པ་ཡི། །བག་ཆགས་འཁྲུལ་པའི་རྒྱ་མཚོ་ཆེན་པོ་རུ། །དལ་འབྱོར་གྲུ་དང་རིག་པའི་འཚོང་པ་དག །ཉོན་མོངས་ལས་ངན་རླུང་གིས་རབ་བསྐྱེད་ནས། །ངན་སོང་སྲིན་པོའི་གླིང་དུ་ཕྱོགས་པར་གྱུར། །དེ་ལ་ལྷག་བསམ་དག་པས་རླུང་གཡོས་ཤིང་། །ཟབ་དོན་གདམས་པའི་བ་དན་འདི་འཕྱར་བས། །ཐར་པའི་རིན་ཆེན་གླིང་དུ་བདེར་ཕྱིན་བྱེད། །དེ་ཕྱིར་འདི་དོན་བླངས་དོར་འབད་པར་བྱོས། །སུ་ཞིག་འདི་ལ་ལོག་པར་བལྟ་བྱེད་པའི། །སྐྱེ་བོ་དེ་ལ་དགེ་ལེགས་ལམ་དག་ནི། །བྲག་ཕུག་བྱང་བལྟའི་ཉི་མ་


TR002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དུ། །རེ་བར་མ་བྱེད་རང་རང་ལས་འབྲས་སྤྱོད། །འོན་ཀྱང་འདི་ཡི་དགེ་ཚོགས་ཇི་སྙེད་ཀྱིས། །མཁའ་མཉམ་འགྲོ་དང་ཁྱད་པར་ལས་ངན་གྱི། འདམ་དུ་བྱིངས་བའི་འགྲོ་རྣམས་མྱུར་ཐར་ནས། །བྱང་ཆུབ་གོ་འཕང་མཆོག་ལ་རེག་གྱུར་ཅིག །ཅེས་པ་འདི། རང་གཞན་གྱི་སྐྱོན་འཚང་ངོས་འཛིན་ལ་བསམ་ནས། །སྨིན་གྲོལ་སྐྱེད་རྫོགས་གླིང་གི་ཡངས་ཐོག་ཆོས་དབྱིངས་རྩེར། རང་ལོ་ཉེར་གསུམ་པའི་སྐབས་ཤིག་ཏུ་ཡི་གེར་བཀོད་པ་འདི་ཡི་དགེ་བས་འགྲོ་བ་ཐམས་ཅད་སྐྱོན་བྲལ་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་དམ་པ་ཐོབ་པར་གྱུར་ཅིག །དཀོན་མཆོག་བླ་མེད་སྲིད་ཞིའི་དཔལ་མགོན་མཆོག །ཡིད་བཞིན་ནོར་ལྟར་འདོད་དགུའི་རེ་བསྐོངས་ཤིང་། །ལྷ་བཅས་འགྲོ་བའི་སྤྱི་བོའི་རྒྱན་གྱུར་བ། །མཚུངས་མེད་བླ་མའི་ཞབས་ལ་གུས་ཕྱག་འཚལ། །དད་པ་ཅན་གྱི་སྐལ་ལྡན་ཕོ་མོ་ལ། །ཕན་པའི་གྲོས་འདེབས་བཤད་ཀྱི་ཡིད་ལ་བཟུང་། །འདུས་བྱས་མི་རྟག་སྙིང་པོ་མེད་པའི་ཚུལ། །མི་སྡོད་འགྱུར་བའི་བརྡའ་སྟོན་འདི་ལ་གཟིགས། །རྟ་བདུན་ཉི་མ་གླིང་བཞི་བསྐོར་


TR002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞུད། །མུན་པའི་གྲིབ་སོས་ཕྱོགས་ཀུན་ཁྱབ་ཏུ་ཉེ། །སྔ་དྲོ་ཕྱི་དྲོའི་འགྱུར་ལྡོག་འདི་འདྲས་ཀྱང་། །མི་རྟག་འཆི་བའི་བརྡའ་རུ་མི་འདུག་གམ། །དཀར་གསལ་ཟླ་བའང་ནུབ་རིའི་ཕག་ཏུ་སོང་། །ཆུ་འཛིན་ལྷོ་སྤྲིན་ནམ་མཁའི་ཀློང་དུ་ཐིམ། །འཇའ་ཚོན་བཀྲ་ཡང་བར་སྣང་ཁམས་སུ་ཡལ། །དེས་ཀྱང་མི་རྟག་བསྐུལ་མར་མི་འདུག་གམ། །རི་བོ་ཀུན་ཀྱང་དར་དཀར་ཐོད་ཀྱིས་གཡོག །ལྗོན་ཤིང་ལོ་འདབ་རང་བཞིན་ས་ལ་ལྷུང་། །གསུང་སྙན་སྒྲོགས་པའི་བྱ་ཚོགས་ཕྱོགས་སུ་གྱེས། །འདིས་ཀྱང་མི་རྟག་བསྐུལ་མར་མི་འདུག་གམ། །ནེ་སིང་ལྗོངས་ཀྱི་ཁ་དོག་དུས་ཀྱི་བསྒྱུར། །མདངས་ལྡན་མེ་ཏོག་དོག་མོའི་ས་ལ་ཐིམ། །རྐང་དྲུག་བུང་བའི་པི་ཝང་སྒྲ་རྒྱུན་ཆད། །འདི་ཡང་མི་རྟག་བསྐུལ་མར་མི་འདུག་གམ། །ལོ་ཟླ་ཞག་དང་དུས་ཚོད་འགྱུར་ལྡོག་དང་། །དབྱར་དགུན་སྟོན་དཔྱིད་ནམ་ཟླའི་འགྱུར་ལྡོག་དང་། །ཉིན་མཚན་སྔ་ཕྱིའི་དུས་ཀྱི་


TR002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལྡོག་སོགས། །འདིས་ཀྱང་མི་རྟག་བསྐུལ་མར་མི་འདུག་གམ། །རྒན་གཞོན་བར་གསུམ་ཀུན་ཀྱང་འཆི་ཚུལ་དང་། །ཕྱི་ནང་སྣོད་བཅུད་མི་རྟག་འགྱུར་ཚུལ་འདིས། །གཅིག་ཤི་གཉིས་ཤིའི་རེ་མོ་རང་ལ་བབས། །ནམ་འཆི་ཆ་མེད་ཡིན་པར་མ་ཤེས་སམ། །གསོན་པར་འདོད་ཀྱང་འཆི་བདག་བདུད་ཀྱིས་ཟིན། །འདུག་པར་འདོད་ཀྱང་འགྲོ་བའི་རི་མོ་བབས། །རྟག་ཏུ་རེ་ཡང་མི་རྟག་ངང་ཚུལ་སྟོན། །དེ་འདྲའི་དུས་ཤིག་མྱུར་དུ་མི་འོང་ངམ། །བསགས་པའི་ནོར་རྫས་ཕན་མེད་ཤུལ་དུ་ལུས། །བརྩིགས་པའི་ཁང་ཁྱིམ་གཞན་གྱིས་བདག་ཏུ་བཟུང་། །གཅེས་པའི་ལུས་ཀྱང་བྱ་ཁྱིའི་ཁ་ཟས་བྱེད། །གང་ལ་ཆགས་ཀྱང་སྙིང་པོ་ཅང་འདུག་གམ། །འཆི་དུས་ཕན་པའི་ལྷ་ཆོས་མི་བྱེད་ན། །ནོར་རྫས་ཕྱུག་ཀྱང་ཡི་དྭགས་གཏེར་བསྲུང་འདྲ། །རང་གི་རང་གིས་བསླུ་བའི་སྙིང་མེད་པོ། །འགྱོད་ཀྱང་ཕྱིས་པའི་དུས་གཅིག་མི་ཡོང་ངམ། །


TR002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འབྲོག་དང་ས་ཞིང་འཛོམ་པ་ཡི། །ཕྱི་རོལ་གྱི་ཡུལ་ལ་ཕར་བལྟས་ཚེ། །བདེ་སྐྱིད་དུ་འཛོམ་ཡང་སྡོད་དབང་མེད། །བར་དོ་རུ་འཁྱམས་པའི་དུས་གཅིག་འོང་། །བཀྲག་མདངས་དཔའ་རྩལ་འཛོམ་པ་ཡི། །ཤ་ཁྲག་གི་ལུས་ལ་ཚུར་བལྟས་ཚེ། །འཆི་བདག་གི་བདུད་ཀྱི་བཅོམ་ནས་ཀྱང་། །ལུས་སེམས་གཉིས་བྲལ་བའི་དུས་ཤིག་འོང་། །དཀའ་ལས་ཀྱིས་རྩོལ་སྒྲུབ་བྱས་པ་ཡི། །ལོངས་སྤྱོད་དང་ནོར་ལ་ཕར་བལྟས་ཚེ། །སྦྲང་མ་ཡི་སྦྲང་རྩི་ཇི་བཞིན་དུ། །རང་དབང་དུ་མེད་པའི་དུས་ཤིག་འོང་། །ཡུན་རིང་དུ་འགྲོགས་པའི་གྲོགས་རྣམས་དང་། །མཛའ་བཤེས་དང་གཉེན་ལ་འཕར་བལྟས་ཚེ། །དགོས་དུས་སུ་མི་ཕན་སོ་སོར་གྱེས། །གཅིག་པུ་རུ་འགྲོ་བའི་དུས་ཤིག་འོང་། །འདུས་བྱས་ཀྱི་ཆོས་ལ་སྙིང་པོ་མེད། །མི་རྟག་ཅིང་འགྱུར་བའི་ཆོས་ཉིད་དེ། །ལྷ་ཆོས་གཅིག་སྙིང་ནས་མ་བྱས་ན། །ཅི་བྱས་ཀྱང་སྡུག་བསྔལ་


TR002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནའི་རྒྱུ། །ཚངས་པ་དང་བརྒྱ་བྱིན་ལ་སོགས་དང་། །འཁོར་སྒྱུར་གྱི་རྒྱལ་པོ་ཐམས་ཅད་ཀྱང་། །འཆི་བདག་གི་བདུད་ཀྱིས་ཟིན་པའི་ཚེ། །དབང་མེད་དུ་འགྲོ་བ་མ་ཐོས་སམ། །མི་ལུས་འདི་ལན་ཅིག་ཐོབ་གྱུར་ཅིང་། །རང་དབང་ཉིད་རང་གིས་ཐོབ་དུས་འདིར། །དོན་མེད་དུ་སྟོང་ལོག་མ་བྱེད་པར། །ནམ་གཞག་གི་འདུན་མ་སྒྲུབ་རེ་རན། །སྐྱེས་པའི་མཐའ་དེ་འཆི་ལས་འོས་མེད་པས། །ཚེ་ལ་བློས་གཏད་མེད་དོ་ཤེས་ལྡན་རྣམས། །ཕ་ཡུལ་བཟང་ཀྱང་བསྐྱུར་ནས་འགྲོ་བར་ངེས། །ཡུལ་ལ་ཞེན་པ་མ་ཆེ་ཤེས་ལྡན་རྣམས། །མཁར་ཁྱིམ་ལེགས་ཀྱང་དྲི་ཟའི་གྲོང་ཁྱེར་འདྲ། །གཏན་དུ་འདུག་དབང་མེད་དོ་ཤེས་ལྡན་རྣམས། །སྒྱུ་མའི་ནོར་རྫས་བསགས་ཀྱང་ཁྱེར་དབང་མེད། །སྦྱིན་པ་ཕྱོགས་མེད་མཐོང་དང་ཤེས༴ །གཅེས་པར་གསོས་ཀྱང་ཐལ་བའི་ཕུང་པོར་འགྱུར། །ལུས་ལ་སྙིང་པོ་མེད་དོ་ཤེས༴ །རིམ་འགྲོ་བྱས་ཀྱང་འཆི་བདག་བདུད་ཀྱིས་འཕྲོག །ཚེ་ལ་


TR002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཐུད་ཐབས་མེད་དོ༴ །སང་ཤི་སྣང་ཤི་སུས་ཀྱང་མི་ཤེས་པས། །བཤོམ་རའི་བློ་སྣ་མ་མང་༴ །སངས་རྒྱས་བསྟན་པ་ནུབ་ཁའི་ཉི་མ་འདྲ། །སྙོམ་ལས་སྡོད་ལོང་མེད་དོ༴ །མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་ལ། །རྩེ་གཅིག་གསོལ་བ་ཐོབ་དང་༴ །དམ་ཆོས་བདུད་རྩི་འཆི་གསོས་སྨན་མཆོག་འདྲ། །གུས་པས་དང་དུ་ལོང་དང་༴ །ད་ལྟ་མི་འབུང་འབུང་དུས་ནམ་ཞིག་བྱེད། །ཚེའི་དུས་ཚོད་ཟིན་ནམ༴ །དུས་ངན་ཁྱིམ་ཐབས་སྐྱིད་པའི་གོ་སྐབས་མེད། །འཁོར་བའི་ཞེན་པ་སྤོང་དང་༴ དིང་སང་མི་རྣམས་རི་མགོའི་ཉི་མ་འདྲ། །སུ་ལའང་བློ་གཏད་མི་ཐུབ༴ །རང་གི་འདུན་མ་རང་གིས་མ་སྒྲུབ་ན། །གཞན་གྱིས་ཕན་པར་དཀའོ༴ །ཕར་ལ་བློ་གཏད་ཆོས་ན་ཚུར་ལ་བསླུ། །གཞན་ཟེར་ཁ་ལ་མ་ཉན༴ །ཆོས་ཕྱོགས་མི་འབུངས་ཅི་བྱས་དོན་མེད་ཡིན། །དལ་འབྱོར་སྟོང་ཟད་མ་བྱེད༴ །སང་བྱ་སྣང་བྱའི་མི་ཚེ་ཟད་འགྱུར་བས། །


TR002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་བརྩོན་འགྲུས་གྱིས་དང་༴ །ཤི་དུས་དགོས་པ་ཆོས་ལས་གཞན་མེད་པས། །གྲབས་བཤོམ་ཐོགས་མེད་གྱིས་དང་༴ །དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་བྱ་བྱེད་ཀུན། །བྱས་ཀྱང་ཟིན་པ་མེད་དོ༴ །རང་གིས་བྱས་པའི་ལས་འབྲས་རང་ལ་སྨིན། །སྡིག་སྤོང་དགེ་བ་བསྒྲུབ་ཅིག༴ །སེར་གཟུགས་བྱས་ཀྱང་རྒྱུ་འབྲས་མི་འཛེམ་རྣམས། །བསྟན་པའི་ཞབས་འདྲེན་ཡིན་ནོ༴ །ཁ་ཆོས་མཁས་ཀྱང་རང་རྒྱུད་མ་འཐུལ་ན། །ཆོས་པའི་ཕུང་འདྲེ་ཡིན་ནོ༴ །རྒྱུ་འབྲས་ཤེས་རུང་ཁྱད་དུ་གསོད་བྱེད་ན། །དེ་ལས་ལྷོད་པ་མེད་དོ༴ །དིང་སང་སྐྱ་སེར་ཐམས་ཅད་ཆགས་སྡང་ཆེ། །སྐྱོ་ཤས་གཏིང་ནས་སྐྱེའོ༴ །ཕན་པར་སྨྲས་པའི་ཚིག་ལ་ཉན་མཁན་དཀོན། །དེ་བས་ཡིག་དྲུག་བགྲོང་དང་༴ །བླ་མ་མ་གཏོགས་རེ་ས་གང་ཡང་མེད། །གསོལ་བ་སྙིང་ནས་ཐོབ་དང་༴ །དམ་ཆོས་མ་གཏོགས་གང་ལའང་སྙིང་པོ་མེད། །བློ་སྣ་ཆོས་ལ་དྲིལ་དང་༴ །བློ་ཐག་རང་གིས་མ་བཅད་འགྲུབ་


TR002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མེད། ཐེ་ཚོམ་རྦད་ཀྱི་ཆོད་དང་༴ །ངན་སོང་སྡུག་བསྔལ་བཟོད་པའི་གོ་སྐབས་མེད། །ལམ་སྣ་ད་ལྟ་འཚོལ་གཅིག༴ །བླ་གཟུགས་མང་ཡང་མཚན་ལྡན་ཤིན་ཏུ་དཀོན། །སྐྱབས་གནས་ལེགས་པར་འཚོལ་གཅིག༴ །སྐྱེས་བུ་དམ་པ་སུ་ཡིན་མི་ཤེས་པས། །གཞན་ལ་སྐུར་པ་མ་འདེབས༴ །འགྲོ་ཀུན་ཕ་མར་མ་གྱུར་གཅིག་ཀྱང་མེད། །ངན་ལོང་སྙིང་རྗེས་སྐྱོངས་ཤིག༴ །ཕྱི་མའི་ལམ་རྒྱགས་ད་ལྟ་བསྒྲུབ་དགོས་པས། །ནོར་རྫས་མཆོད་སྦྱིན་གྱིས་དང་༴ །ལབ་ལབ་མང་པོ་ངག་སྒྲིབ་བསོགས་པའི་རྒྱུ། །གསོལ་འདེབས་ཡིག་དྲུག་ཐོན་གཅིག༴ །གཞན་སྐྱོན་མཐོང་ཡང་རང་སྐྱོན་མི་ཚོར་བས། །ང་རྒྱལ་རང་མཐོང་སྤོངས་ཤིག༴ རང་སྣང་དག་ན་སངས་རྒྱས་ཐམས་ཅད་དངོས། །དག་སྣང་ཕྱོགས་མེད་གྱིས་ཤིག༴ །ཆོས་མཐུན་སླབ་བྱ་ཟབ་མོའི་གདམ་ངག་ཡིན། །མ་རྗེད་ཡིད་ལ་ཞོག་ཅིག་ཤེས་ལྡན་རྣམས། །ཨེ་མ་མདངས་གསུམ་རྨི་ལམ་


TR002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་རིང་ཉིན་གང་སྣང་བ་ལ། ཁྱད་པར་རྡུལ་ཙམ་མ་མཆིས་ཏེ། །ཐམས་ཅད་འགྱུར་བའི་རང་བཞིན་ཉིད། །འཇིག་རྟེན་སྒྱུ་མའི་བསླུ་བྲིད་ལ། །ཨ་ཐས་ཞེན་ཆགས་བྱེད་པ་ཀུན། །བྱིས་པ་ནམ་མཁའི་འཇའ་ཚོན་ལ། །ཞན་དང་ཁྱད་པར་མ་མཆིས་སོ། །ད་ལྟར་མི་རྣམས་ཕལ་ཆེར་ཀུན། །དོ་ནུབ་འཆིའམ་ཆ་མེད་ཀྱང་། །ལོ་བརྒྱའི་བར་དུ་བསྡོད་རྩིས་ཀྱིས། །འཁོར་བའི་བཤོམ་ར་མང་པོ་བྱེད། །དགོས་ངོ་ཤེས་པའི་ལྷ་ཆོས་དེ། ཁོམ་ན་བྱེད་ཅིང་མི་ཁོམ་འཇོག །དགོས་མེད་འཇིག་རྟེན་བྱ་བྱེད་རྣམས། །རྟག་ཏུ་ཁོམ་རུང་མ་ཁོམ་རུང་། །སྙིང་རུས་བྱས་ནས་འབད་པ་འདི། །འཁྲུལ་ཚབས་དེ་ལས་ཆེ་བ་མེད། །ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །ལུས་ནི་མེ་ཏོག་སད་ཁྱེར་འདྲ། །སེམས་ནི་བྱ་སྒྲོ་རླུང་ཁྱེར་འདྲ། །འཇིག་རྟེན་བར་དོའི་འཕྲང་རིང་ལ། །རང་དབང་མེད་པར་འཁྱམས་དུས་སུ། །སྡིག་ཅན་འགྱོད་པའི་དུས་གཅིག་འོང་། །དེ་ཚེ་འགྱོད་


TR002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱ་ཐབས་མེད། །ལས་ཀྱི་རླུང་གིས་དེད་བྱས་ཤིང་། །རྔམ་ཞིང་འཇིགས་པའི་ལས་མཁན་གྱིས། དམྱལ་བའི་གནས་སུ་འཁྲིད་པའི་ཚེ། །བུ་དང་ནོར་གྱིས་ཅི་ལ་ཕན། །གཤིན་རྗེའི་ཚོགས་པའི་ཁྲིམ་ར་ན། །ལས་ཀྱི་མེ་ལོང་སྟོན་པའི་ཚེ། །དགེ་སྡིག་སལ་ལེར་མཐོང་ཙ་ན། །ཟོལ་ལོ་ཟོག་བརྫུན་གྱིས་ག་ལ་ཐུབ། །རང་བྱས་ལས་ཀྱི་རྣམ་སྨིན་གྱིས། །དམྱལ་བའི་སྡུག་བསྔལ་མྱོང་དུས་སུ། །ཡུལ་དང་འཁོར་འབངས་ལོངས་སྤྱོད་ཀྱིས། །དེ་ཚེ་ཕན་པ་ག་ལ་ཡོད། །ད་ལྟ་རང་དབང་ཡོད་དུས་འདིར། །དགེ་བའི་ལས་ལ་མི་འབད་པར། ཤུལ་དུ་ཁ་ཆེམ་འཇོག་པ་ཀུན། །རང་གིས་རང་བསླུས་མ་ཡིན་ནམ། །མི་ཚེ་སྐད་ཅིག་ཡུད་ཙམ་ལ། །གཏན་གྱི་འདུན་མ་མི་བསྒྲུབ་པར། །འཇིག་རྟེན་བྱ་བས་གཡེང་བྱེད་པ། །ཕུང་ལ་དེ་བས་ཆེ་བ་མེད། །བླ་མ་སངས་རྒྱས་མཇལ་དུས་འདིར། །དད་པ་བརྩེ་གཅིག་མི་བྱེད་


TR002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པར། །སྐུར་འདེབས་ལོག་བལྟ་བྱེད་པ་རྣམས། །སྡིག་ལ་དེ་བས་ཆེ་བ་མེད། །དལ་འབྱོར་ལན་ཅིག་ཐོབ་དུས་འདིར། །དཀར་པོ་དགེ་བ་མི་བསྒྲུབ་པར། །སྡིག་ལ་མེལ་ཚེ་སྐྱེལ་བ་ཀུན། །གྲོས་ལ་དེ་ལས་ཉེས་པ་མེད། །ཚེ་ལ་ལོང་མེད་དུས་འདི་ལ། །ཉིན་མོ་ཁ་ཡེངས་མིག་ཡེངས་དང་། །མཚན་མོ་གཉིད་ལ་བསྐྱལ་བྱེད་པ། །ནོར་ཚབས་དེ་ལས་ཆེ་བ་མེད། །རང་མགོ་རང་གི་འདོན་དུས་འདིར། །འགྱོད་མེད་གྲབས་སུ་མི་བྱེད་པར། །མི་ཚེ་སྟོང་ཟད་བྱེད་པ་ཀུན། །གྱོང་ལ་དེ་བས་ཆེ་བ་མེད། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ལན་ཅིག་སྐྱེས་པའི་མཐའ་མ་དེ། །འཆི་བ་མ་གཏོགས་འགྲོ་ས་མེད། །དེ་ཚེ་ཕན་པ་ཆོས་ལས་མེད། །འདུས་བྱས་ཆོས་ལ་སྙིང་པོ་མེད། །འཁོར་བའི་ལས་ལ་ཟིན་པ་མེད། །ཇི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །འདོད་པའི་བློ་ལ་གང་དུས་མེད། །བསགས་ཀྱང་ཤི་དུས་ཁྱེར་ཐབས་


TR002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ངན་སོང་སྡུག་བསྔལ་བཟོད་གླག་མེད། །བླ་མ་མ་གཏོགས་རེ་ས་མེད། །སྙིགས་དུས་ཚེ་ལ་ལོང་གླག་མེད། །དེ་རིང་འཆིའམ་ངེས་པ་མེད། །ཤི་ཁར་འགྱོད་ཀྱང་ཕན་པ་མེད། །ལམ་མཆོག་ཆོས་ལས་ལྷག་པ་མེད། །ལམ་སྣ་ད་ལྟ་ཟིན་པར་མཛོད། །རྙེད་པར་དཀའ་ཞིང་འཇིགས་པར་སླ་བའི་ལུས། །ཆུ་བུར་འདྲ་བ་འདི་ཉིད་འཚོ་བའི་ཕྱིར། །ཟས་སྐོམ་གོས་ཀྱིས་རྒྱུན་དུ་བསྐྱངས་བྱས་ནའང་། །ཤི་ཚེ་རོ་ཞེས་དུར་ཁྲོད་འདོར་བར་བྱེད། །དཀའ་བ་དུ་མས་རབ་ཏུ་འབད་བྱས་ཤིང་། །ལུས་སྲོག་བློ་ཡིས་བཏང་ནས་བཙལ་བའི་ནོར། །འཆི་དུས་ཤུལ་དུ་ལུས་ལུགས་འདི་མཐོང་ཚེ། །སྙིང་པོ་སྤུ་ཙམ་གང་ལའང་མི་འདུག་གོ། ཤ་ཁྲག་འབྲེལ་བའི་གཉེན་དང་བུ་སྲིང་སོགས། །ཤ་ཚ་སྙིང་ནས་བྱས་ཏེ་བསྐྱངས་ན་ཡང་། །མགུ་བའི་དུས་མེད་མཐའ་མ་དགྲ་རུ་ལྡང་། །བློ་གཏད་ཐུབ་པ་གང་ལའང་མི་སྣང་ངོ་། །ཚེ་འདིའི་


TR002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བློ་ཡིས་བཏང་བྱས་ནས། །མི་མེད་རི་ཁྲོད་འགྲིམ་གཅིག་མ་ནུས་ན། །གང་ལ་བལྟས་ཀྱང་སྙིང་པོ་ཅི་ཡང་མེད། །བློ་སྣ་གཅིག་ཐོག་དྲིལ་བ་མི་འཐད་དམ། །ཤ་ཚ་སྙིང་གཏམ་བསླབ་བྱ་འདི་རྣམས་ཀྱི། །ཚིག་དོན་ཡིད་ལ་བསོམ་དང་དད་ལྡན་རྣམས། །ཕན་པའི་གདམ་ངག་ཡིན་ནོ་སེམས་ལ་འཆོང་། །དགེ་བས་འགྲོ་ཀུན་ཐར་ལམ་འདྲེན་པར་ཤོག །ཅེས་རང་གཞན་གྱི་བློ་སྣ་ཆོས་ལ་བསྒྱུར་ཕྱིར་སྨིན་གྲོལ་སྐྱེད་རྫོགས་གླིང་དུ་སྨྲས་པའོ།། ༈ །།ཀོང་རོང་ཤིང་ལོའི་ཚལ་གྱི་ཆར་གནས་པའི། །ཁོ་བོ་སྒྱུ་མའི་སྐྱེས་བུའི་བསམ་ཡུལ་དུ། །གོ་དོན་འདི་ལྟ་བུ་ཞིག་བྱུང་བའི་ཚུལ། །ངོ་མཚར་ཡ་མཚན་མེད་ཀྱང་ཅུང་ཟད་ཞུ། །ཅ་ཅོ་བྲག་ཆ་ལྟ་བུའི་ངག་འདི་ཡི། །ཆ་མེད་བརྫུན་གྱི་གཏམ་གྱི་མི་མགོ་བསྐོར། །ཇ་ཆང་ལོངས་སྤྱོད་འདུ་ལོང་གཙོ་བོར་སྟོན། །ཉ་མ་མགོ་སྐོར་ཙམ་ཞིག་ཡིན་པར་གོ། །ཏ་ཐཱ་ག་ཏའི་བསྟན་ལ་རབ་བྱུང་ཞིང་། །ཐ་དད་


TR002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའི་ཚིག་ལ་སྦྱངས་བྱས་ཀྱང་། །ད་དུང་ཆོས་དང་རང་རྒྱུད་མ་འདྲེས་རྣམས། །ན་ཚོད་རྒས་ཀྱང་བསམ་མེད་ཡིན་པར་གོ། །པུ་ཏི་མང་པོའི་སློབ་གཉེར་བྱས་བྱས་ཀྱང་། །ཕུ་ཐག་སྒྲོ་འདོགས་སེམས་ལ་མ་ཆོད་ན། །ཐ་ཚ་སྨིག་རྒྱུའི་ཆུ་ལ་ཞེན་པ་ལྟར། །མུ་མེད་ཚིག་ལ་འབྱམས་ན་ཕུང་བར་གོ། །ཙ་ཐིག་རླུང་སེམས་གནད་རྣམས་མ་ཤེས་ཤིང་། །ཚ་གྲང་བཀྲེས་སྐོམ་ལམ་ཁྱེར་མི་ནུས་པར། །ཇ་ལང་ཐོ་ཅོ་བྱེད་པའི་རྟོགས་ལྡན་རྣམས། །ཝ་སོགས་དུད་འགྲོ་ལས་ཀྱང་ལོད་པར་གོ། །ཞ་ལར་སྲན་མ་ཆགས་འདྲའི་མི་ལུས་འདི། །ཟག་མེད་འོད་ཕུང་བསྒྲུབ་ལ་མི་བརྩོན་ན། །འར་རེ་འུར་རེའི་ངང་དུ་མི་ཚེ་ཟད། །ཡང་ཡང་དལ་འབྱོར་ཐོབ་པ་དཀའ་བར་གོ། །རང་རིག་གསལ་སྟོང་རང་ངོ་མ་ཤེས་ན། །ལང་ཚོ་རྒྱས་ཀྱང་ནམ་འཆིའི་ངེས་པ་མེད། །ཤངས་ཀྱི་ཟབ་བུ་ལུང་སོགས་གནས་ཆེན་དུ། །སངས་རྒྱས་


TR002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ལ་བརྩོན་པ་དགོས་པར་གོ། །ཧ་ལའི་དུག་འདྲའི་འཁོར་བ་སྤངས་བྱས་ནས། །ཨ་ཏི་རྫོགས་ཆེན་བསྒོམ་ལ་བརྩོན་པ་ན། །འདི་ཕྱིར་སྐྱིད་པའི་འདུན་མ་དམ་པ་དང་། །རང་གཞན་དོན་གྱི་མཐར་ཐུག་ཡིན་པར་གོ། །ཡི་གེ་སུམ་ཅུའི་ཚིགས་སུ་བཅད་པ་འདི། །ཆོས་མེད་སྙོམ་ལས་ལེགས་གྲུབ་མིང་ཅན་གྱིས། །སྨིན་གྲོལ་སྐྱེད་རྫོགས་གླིང་དུ་བྲིས་པ་འདིའི། །དགེ་བས་འགྲོ་ཀུན་ཡིད་ཀྱི་མུན་སེལ་ཤོག །ཕྱོགས་དུས་ཀྱི་རྒྱལ་བ་གཅིག་བསྡུས་པའི། ཁམས་གསུམ་གྱི་སྐྱབས་མཆོག་པདྨ་འབྱུང་། །མོས་གུས་དང་ལྡན་པས་གསོལ་འདེབས་ན། །རྒྱུན་ལྡན་དུ་ཐུགས་རྗེས་བཟུང་དུ་གསོལ། །དལ་འབྱོར་གྱི་མི་ལུས་ཐོབ་དུས་འདིར། །དོན་མེད་དུ་སྟོང་ཟད་མ་གཏང་བར། །རང་དབང་ཉིད་རང་གི་ཐོབ་དུས་འདིར། །སངས་རྒྱས་ཞིག་བསྒྲུབ་པ་མི་འཐད་དམ། །ན་གཞོན་གྱི་དུས་སུ་གཡེང་བས་འཁྱེར། །རྒན་ཁོག་གི་དབང་པོ་འགྲིབ་


TR002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གུད། །བྱེད་འདོད་ཀྱི་ངང་ལ་མི་ཚེ་འདས། །དམ་ཆོས་ལ་ཆིག་དྲིལ་མི་འཐད་དམ། །མདོ་རྒྱུད་དང་མན་ངག་བསྟན་བཅོས་སོགས། །ཆོས་སྒོ་ལ་གྲངས་ལས་འདས་མོད་ཀྱང་། །དགོས་དུས་སུ་ཕན་པར་དཀའ་བས་ན། །གདམ་ངག་གི་སྙིང་པོ་མི་འཚོལ་ལམ། །ཤེས་ཤེས་ཀྱི་རྣམ་གྲངས་མང་པོ་དང་། །གཞུང་ལུགས་ཀྱི་བཤད་པ་མཁས་གྱུར་ཀྱང་། །འཆི་དུས་སུ་བཤད་པས་མི་འཁོ་བས། །ཉམས་ལེན་ལ་བརྩོན་པས་འབད་པ་འཐད། །སྙིང་གཏམ་གྱི་བསླབ་བྱ་ཚིག་གསུམ་འདི། །ཤེས་འདོད་དང་གྲགས་འདོད་མ་ཡིན་ཏེ། །གཞན་རྒྱུད་ལ་ཕན་དང་རང་ཉིད་ལ། །གསལ་འདེབས་སུ་སྨྲས་པའི་དགེ་བ་དེས། །འགྲོ་ཀུན་ཀྱང་འདི་བཞིན་སྤྱོད་པར་ཤོག །དཔལ་ཐོད་འཕྲེང་སྩལ་དང་དབྱེར་མེད་པའི། །སྐྱབས་མཆོག་ཏུ་གྱུར་པ་བླ་མར་འདུད། །བདག་ཐོས་བསམ་སྦྱངས་པ་དམན་གྱུར་ཀྱང་། །རྗེ་མཚན་ལྡན་བླ་མའི་བཀའ་དྲིན་


TR002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཆོས་ཐེག་པའི་ཡང་རྩེ་རྫོགས་ཆེན་དོན། །འདི་རྟོགས་པས་གུ་ཡང་བློ་སེམས་བདེ། །ཁོང་སྒོམ་ལ་ཉམས་ལེན་བྱེད་མཁན་འགའ། །དོན་ཀ་དག་བློ་འདས་ཆོས་སྐུ་ལ། །སླར་ཡིད་དཔྱོད་འཛིན་པས་བཅིང་བ་ཡི། །སེམས་བཅོས་མ་ཞིག་ལ་སྒོ་དུ་རེ། །དེ་ཡང་དག་སྒོམ་དུ་ངས་མ་མཐོང་། །གཞི་བདེ་གཤེགས་སྙིང་པོ་ཀ་དག་དེ། །སེམས་བློ་བུར་དྲི་མས་སྒྲིབ་པ་ལས། །རྗེ་བླ་མས་རང་རིག་རང་ངོ་སྤྲོད། །དོན་ཀ་དག་ཆོས་སྐུ་ཅེར་གྱི་མཐོང་། །དེ་མ་ཡེངས་ཙམ་དུ་སྐྱོང་བ་ལས། །སྒོམ་དམིགས་གཏད་བྱེད་རྒྱུ་ཅི་ཞིག་ཡོད། །སྒོམ་མེད་ལ་ཡེངས་མེད་རོལ་པ་འདི། །རྫོགས་ཆེན་གྱི་ཉམས་ལེན་མ་ཡིན་ནམ། །ཡིད་དཔྱོད་དང་བྲལ་བའི་ལྟ་བ་ལ། །ཡོངས་འཛིན་དང་བྲལ་བའི་སྒོམ་པས་བརྒྱན། །དགག་སྒྲུབ་བྲལ་བར་སྤྱོད་པ་ཡི། །རེ་དོགས་དང་བྲལ་བའི་འབྲས་བུ་ཐོབ། །ཐོབ་ཤར་དུ་བཏགས་པ་མིང་དང་ཚིག །མིང་ཚིག་ཀྱང་བློ་ཡིས་


TR002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མ་སྟེ། །མ་བཅོས་པའི་རང་སེམས་རིག་སྟོང་འདི། །རང་བབས་སུ་ཞོག་ཅིག་རྣལ་འབྱོར་པ། ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །ད་དུང་ཐུགས་རྗེས་གཟུང་དུ་གསོལ། །རྗེ་བླ་མ་སངས་རྒྱས་ཀུན་ལས་ལྷག །ཡིད་བརྩེ་གཅིག་གུས་པས་གསོལ་བ་ཐོབ། །ལས་རྒྱུ་འབྲས་བསླུ་མེད་ཡིད་ལ་བསོམ། །དོན་བླང་དོར་གྱིས་ཤིག་རིགས་ཀྱི་བུ། །ཆོས་གསང་སྔགས་ཟབ་དོན་སྐྱེད་རྫོགས་གཉིས། །ཚུལ་བཞིན་དུ་སྤྱོད་གཅིག་སྐལ་ལྡན་པ། །ཚེ་མི་རྟག་ནམ་འཆིའི་ངེས་པ་མེད། །ཆོས་ལོང་མེད་སྒྲུབ་ཤིག་བྱ་བྲལ་བ། །དུས་ད་ལྟ་རང་དབང་ཡོད་དུས་འདིར། །ལམ་བྱང་ཆུབ་སྒྲུབ་ཤིག་རྣལ་འབྱོར་པ། །ཆོས་ཐེག་པའི་ཡང་རྩེ་རྫོགས་པ་ཆེ། །དོན་བློ་འདས་སྐྱོང་ཤིག་རྣལ་འབྱོར་པ། །ཚེ་འདིར་སྣང་འདུན་མ་ཡད་ཡུད་འདི། །ཕུགས་སྙིང་པོས་དབེན་པའི་གྲོགས་པོ་དག །དུས་དིང་སང་རང་མགོ་མ་སྒྲིམ་ན། །བདུད་བསླུ་བྲེད་མང་ངོ་ཤེས་ལྡན་རྣམས། །བློ་བརྩེ་གཅིག་


TR002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མར་མ་གཏད་ན། །གཞན་ཕན་པར་དཀའོ་སྐྱེས་བུ་ཀུན། ཚིག་འདི་དག་ཡིད་ལ་འཆང་བ་ན། །དོན་ཟབ་ཆོས་ཡིན་ནོ་དད་ལྡན་རྣམས། །དགེ་འདི་དང་དུས་གསུམ་བསགས་པའི་མཐུས། །མ་ཁམས་སུམ་འགྲོ་ཀུན་སངས་རྒྱས་ཤོག །ཅེས་པའི་ལེ་མཚན་གོང་འོག་གསུམ་པོ་འདི་རྣམས་ནི། །ལྷོ་ཕྱོགས་མོན་གྱི་ཡུལ་ཕྱོགས་སུ་སྔ་འགྱུར་འོད་གསལ་སྙིང་པོའི་བསྟན་པ་གསལ་བར་མཛད་པའི་ཆོས་ཀྱི་རྗེ་རིན་པོ་ཆེ་པདྨ་དཀོན་མཆོག་གི་ཞལ་སྔ་ནས་ཀྱི་བཞེད་པ་ལྟར་བཀོད་པའོ། གྲོས་འདེབས་སྙན་པའི་རོལ་དབྱངས་བདུད་རྩིའི་ཆར་ཟིམ་ཞེས་བྱ་བ། སྲིད་ཞི་མ་ལུས་པའི་འདྲེན་པ་གཅིག་པུ་པར་གྱུར་པ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཀྱེ་མ། དལ་འབྱོར་མི་ལུས་ནི་ཕུན་སུམ་ཚོགས་པ་ཐོབ། །རྣམ་རིག་བློ་གྲོས་ནི་གཟའ་སྐར་ལས་ཀྱང་བཀྲ། །དབང་པོ་སྒོ་ལྔ་ནི་ཤེལ་སྒོང་ལས་ཀྱང་དྭངས། །དཔལ་འབྱོར་བསོད་ནམས་ཀྱི་དཔག་བསམ་ལོ་འདབ་རྒྱས། །མངའ་ཐང་ལོངས་སྤྱོད་ཀྱི་འབྲས་བུ་ཡོངས་སུ་སྨིན། །འདི་


TR002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་གནས་སྐབས་ནི་ཡང་ཡང་འཛོམ་པར་དཀའ། །ལེགས་ཉེས་སྤང་བླངས་ཤིག་ད་ལྟ་བསམ་དགོས་པས། །ལེགས་པར་བསོམ་མཛོད་དང་མི་དབང་རྣམ་པར་རྒྱལ། ཀྱེ་མ། སངས་རྒྱས་བསྟན་པ་ནི་མཁའ་ལྟར་རྒྱ་རེ་ཆེ། །བསྟན་འཛིན་སྐྱེས་བུས་ནི་ཉི་བཞིན་ཀུན་ལ་ཁྱབ། །ཐེག་པའི་འཇུག་སྒོ་ནི་སྐར་ཚོགས་ལས་ཀྱང་མང་། །ཟབ་མོའི་དམ་ཆོས་ནི་རྙིང་མའི་བཀའ་གཏེར་ཕྱུག །སྤྲོས་བྲལ་ཕྱག་ཆེན་ནི་དག་པོ་བཀའ་བརྒྱུད་མཁས། །དཀའ་སྤྱད་སྙིང་རུས་ནི་དཔལ་ལྡན་འབྲུག་པ་ཆེ། །སྙིང་རྗེ་བྱང་སེམས་ནི་བཀའ་གདམས་སློབ་རྒྱུད་བཟང་། །གཞུང་ལུགས་བཤད་བསྲོལ་ནི་ས་སྐྱ་འགྲན་ཟླ་བྲལ། །ཉན་ཐོས་འདུལ་ཁྲིམས་ནི་དགེ་ལྡན་སློབ་རྒྱུད་བརྩོན། །རྐྱེན་ངན་ལམ་ཁྱེར་ནི་ཞི་བྱེད་ཆོས་ཀྱིས་བྱེད། །རྣམ་རྟོག་དངོས་འཛིན་ནི་གཅོད་ཡུལ་ཟབ་མོས་འཇོམས། །དུས་འཁོར་སྦྱོར་དྲུག་ནི་ཇོ་ནང་ཆོས་ལུགས་མཁས། །


TR002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་དེ་སོགས་ཀྱི་ཆོས་ལུགས་མཐའ་ཡས་ཀུན། །རྒྱལ་བ་ཐབས་མཁས་ཀྱིས་གང་འདུལ་གསུངས་པའི་ཕྱིར། །མཐར་ཐུག་འབྲས་བུ་ནི་སངས་རྒྱས་ཐོབ་པར་གཅིག །དག་སྣང་ཕྱོགས་མེད་གཅིག་ཀུན་ལ་མ་འབྱོང་ན། །གྲུབ་མཐའི་ཁ་འཛིན་གྱིས་སྡིག་ཆེན་བསོགས་པའི་རྒྱུ། །དེ་ལྟར་བསོམ་མཛོད་དང་མི་དབང་རྣམ་པར་རྒྱལ། ཀྱེ་མ། ལྷ་ཆོས་ཤ་སྟག་ཅིག་བྱེད་པ་མ་བྱུང་ཀྱང་། །འཇིག་རྟེན་ཆོས་ལུགས་དང་མཐུན་པའི་ངང་ཉིད་ནས། །དགེ་སྡིག་བླང་དོར་གྱི་གནས་ལ་བརྩོན་བྱས་པས། །ཐར་ལམ་ཟིན་པ་ཞིག་ད་རེས་མ་འབད་ན། །ལུས་འདི་མི་རྟག་པ་མེ་ཏོག་སད་ཁྱེར་འདྲ། །ནོར་རྫས་མི་རྟག་པ་སྦྲང་མའི་སྦྲང་རྩི་འདྲ། །གྲོགས་འཁོར་མི་རྟག་པ་ཚོང་འདུས་མགྲོན་པོ་འདྲ། །ཀུན་ཀྱང་མི་རྟག་སྟེ་མདངས་ཀྱི་རྨི་ལམ་འདྲ། །སང་འཆི་སྣང་འཆི་ཡང་ངེས་པ་མེད་པས་ན། །དམ་ཆོས་མ་གཏོགས་པ་ཅིས་ཀྱང་ཕན་པར་དཀའ། །གྲབ་བཤོམ་


TR002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་གཅིག་ད་ལྟ་མ་བྱས་ན། །ཤི་ཁར་འགྱོད་པས་ནི་ཕན་པ་སྤྱི་ཡང་མེད། །ཐུགས་ལ་ཞོག་མཛོད་དང་མི་དབང་རྣམ་པར་རྒྱལ། ཀྱེ་མ། །ད་ལྟ་དལ་འབྱོར་དང་རང་དབང་ཐོབ་དུས་འདིར། །གཏན་གྱི་མདུན་མ་ཅིག་འགྲུབ་པར་མ་བྱས་ཚེ། །འཁོར་བ་གར་སྐྱེས་ཀུན་སྡུག་བསྔལ་གྱི་རང་བཞིན་ཡིན། །མེ་སྟག་ཙམ་ལ་ཡང་བག་ཟོན་བྱེད་ལུགས་ལ། །དམྱལ་བ་ཚ་གྲང་གི་སྡུག་བསྔལ་ག་ལ་བཟོད། །ཉིན་གཅིག་བཀྲེས་སྐོམ་ཀྱང་བཟོད་པར་མི་ནུས་ན། །ཡི་དྭགས་བཀྲེས་སྐོམ་རྣམས་སེམས་ཀྱིས་བཟོད་དམ་ཅི། །འཁུར་པོ་ལྗི་བ་གཅིག་འཁུར་བའི་སྡུག་བསྔལ་ལ། །དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་ཨེ་བཟོད་བསོམ། །ད་ལྟ་ཚེར་མ་ཞིག་ཟུག་པའི་ཟུག་རྔུ་ལ། །ལྷ་མིན་ཐབ་རྩོད་ཀྱི་མཚོན་ཆར་ཅི་ཕྱིར་བཟོད། །ཐག་རིང་ཞག་འགའ་ཞིག་འགྲོ་བའི་སེམས་ཁྲལ་ལ། །འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ག་ལ་བཟོད། །ཨེ་


TR002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁོར་བ་འདི་དེ་འདྲའི་རང་བཞིན་ལ། །ཅེས་ཀྱང་ད་ལེན་ནས་ལམ་སྣ་མ་ཟིན་ན། །ཟོ་ཆུའི་འཁྱུད་མོ་ལྟར་མཐའ་མེད་འཁོར་འགྱུར་བས། །དེ་ལྟར་མཁྱེན་མཛོད་དང་མི་དབང་རྣམ་པར་རྒྱལ། ཀྱེ་མ། འཁོར་བའི་སྡུག་བསྔལ་ལས་ཐར་བྱེད་ཕ་རོལ་ཕྱིན། །དགེ་བ་བཅུ་སོགས་དང་ཆོས་སྤྱོད་རྣམ་པ་བཅུ། །འདི་དག་ཐར་ལམ་གྱི་ཤིང་རྟ་ཆེན་པོ་སྟེ། །འབད་པས་བསྒྲུབ་པ་ན་མངོན་ཐོའི་དམ་པ་འགྲུབ། །སྦྱིན་པ་འདོད་འབྱུང་གི་བང་མཛོད་བཟང་པོ་འདྲ། །ཚེ་རབ་ཐམས་ཅད་དུ་མི་ཟད་གཏེར་ལ་སྤྱོད། །ཚུལ་ཁྲིམས་ཅང་ཤེས་ཀྱི་རྟ་མཆོག་རིན་ཆེན་འདྲ། །མཐོ་རིས་ཐར་ལམ་གྱི་ཞིང་དུ་བསྒྲོད་པར་བྱེད། །བཟོད་པ་འཇིགས་མེད་ཀྱི་གོ་ཆ་བཟང་པོ་འདྲ། །གཞན་རྐྱེན་གནོད་པ་ལས་སྐྱོབ་པའི་དམ་པའོ། །བརྩོན་འགྲུས་གཡུལ་བཟློག་གི་དཔའ་བོ་མཐུ་ལྡན་འདྲ། །ལེ་ལོ་རྣམ་གཡེང་གི་དམག་དཔུང་བཟློག་པར་བྱེད། །བསམ་གཏན་ཡུལ་མཁར་གྱི་བཙན་རྫོང་བཟང་པོ་འདྲ། །


TR002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་དགྲ་ཀུན་གྱི་འཚེ་བ་བྲལ་བར་བྱེད། །ཤེས་རབ་རྣོ་དབལ་གྱི་རལ་གྲི་ངར་ལྡན་འདྲ། །ཐེ་ཚོམས་ལོག་རྟོག་གི་དྲ་བ་གཅོད་པར་བྱེད། །ཕ་རོལ་ཕྱིན་དྲུག་གི་ལམ་བཟང་དམ་པ་ལ། །རྟག་ཏུ་བརྩོན་མཛོད་མི་དབང་རྣམ་པར་རྒྱལ། །སྲོག་གཅོད་སྤོང་བ་ནི་འཆི་མེད་སྨན་མཆོག་འདྲ། །མ་སྦྱིན་ལེན་སྤོང་ནི་མ་རྨོས་ལོ་ཐོག་འདྲ། །ལོག་གཡེམ་སྤོང་བ་ནི་རྒྱལ་སྲས་མཐུ་བོ་འདྲ། འཆི་བའི་འཇིགས་ལས་སྐྱོབ། བརྫུན་ཚིག་སྤོང་བ། ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར། ས་ལེ་སྦྲམ་དང་འདྲ། །ཕྲ་མ་སྤོང་བ་ནི་འགྲོ་ཀུན་ཕ་མ་འདྲ། ཀུན་གྱི་སྤྱི་བོར་འཁུར། ཚིག་རྩུབ་སྤོང་བ་ནི་རྨ་བྱ་ འགྱུར་བ་མེད་པས་བཟང་ གཞོན་ནུ་འདྲ། ངག་ཁྱལ་སྤོང་བ་ནི་ ཐམས་ཅད་ཀྱི་བྱམས་པར་འགྱུར། འཁོར་ལོ་བསྒྱུར་རྒྱལ་འདྲ། ཀུན་གྱི་ཡིད་དུ་འོངས། རྣབ་སེམས་སྤོང་བ་ནི་རྫོགས་ལྡན་སེམས་ཅན་འདྲ། །ཡིད་ལ་གང་བསམ་འགྲུབ། གནོད་སེམས་སྤོང་བ་ལྷ་ཡི། རྟག་རུ་བདེ་སྐྱིད་དང་ལྡན་ གཞན་ལ་ཅི་སྨྲ་བསྟན།


TR002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་འདྲ། །ལོག་ལྟ་སྤོང་བ་ནི་རིན་ཆེན་གསེར་ཞུན་འདྲ། །དགེ་བའི་ལས་བཅུ་འདི་ཡིད་བཞིན་ནོར་བུ་འདྲ། །རྟགས་པར་འབྲལ་མེད་དུ་རྒྱུད་ལ་བསྟེན་པར་མཛོད། །ངན་པར་མི་འགྲོ་ཞིང་རྟག་ཏུ་ལེགས། །གཞན་ཡང་ཆོས་སྤྱོད་ཀྱི་རྣམ་གྲངས་བཅུ་རྣམས་ནི། །རྒྱལ་བ་སྲས་བཅས་ཀྱི་གཤེགས་ཤུལ་དམ་པ་སྟེ། །ཡི་གེ་འདྲི་བ་དང་མཆོད་དང་སྦྱིན་པ་དང་། །དམ་ཆོས་ཉན་པ་དང་ཀློག་དང་འཛིན་པ་དང་། །གཞན་ལ་འཆད་པ་དང་ཁ་ཏོན་དོན་སེམས་པ། །ཏིང་ངེ་འཛིན་བསྒོམ་པ་སྟེ་ཆོས་སྤྱོད་རྣམ་པ་བཅུ། །བློ་གྲོས་པད་ཚལ་གྱི་འདབ་སྟོང་རྒྱས་བྱེད་པའི། །མ་རིག་མུན་སེལ་གྱི་ཉི་མའི་སྙིང་པོ་འདྲ། །ལེགས་པར་རྟོགས་མཛོད་དང་མི་དབང་རྣམ་པར་རྒྱལ། །དོན་གྱི་སྙིང་པོ་རུ་ཧྲིལ་གྱི་དྲིལ་བ་ན། །ཡ་རབ་གོང་མ་བཀུར་སྟི་ཆེ་བ་དང་། །ངན་ལོངས་འབངས་འཁོར་སྐྱོང་བྲན་མཁས་པ་དང་། །རང་གཞན་ཐམས་ཅད་ཀུན་དགེ་བའི་ལམ་ལ་འགོད། །ཡ་རབ་


TR002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆེན་གྱི་སྤྱོད་པ་མཐར་ཐུག་ཡིན། །ཤེས་བྱའི་གནས་ཀུན་ལ་བློ་མིག་ཡངས་པ་དང་། །བླ་མ་དཀོན་མཆོག་ལ་དད་གུས་ཆེ་བ་དང་། །རྒྱུ་འབྲས་བླང་དོར་ལ་ཞིབ་ཏུ་འབད་པ་སྟེ། །ཤེས་རབ་བློ་ལྡན་གྱི་མཚན་ཉིད་མཐར་ཐུག་ཡིན། །ལེགས་ཉེས་བྱ་བྱེད་ཀུན་ལེགས་པར་གཞིག་པ་དང་། །མངའ་ཐང་སྟོབས་སྩལ་ལ་རང་ཚོད་ཟིན་པ་དང་། །ནོར་རྫས་ལོངས་སྤྱོད་ཀུན་དགེ་ཕྱོགས་སྤུང་བ་སྟེ། །མི་དབང་རྗེ་དཔོན་གྱི་འདུན་མའི་མཐར་ཐུག་ཡིན། །ཆོས་ཀྱི་རང་རྒྱུད་ལ་ཕན་པར་མ་ནུས་ན། །སེར་གཟུགས་བྱས་པ་ལ་དགོས་པ་ཅི་ཡང་མེད། །ཆོས་མེད་བཙུན་གཟུགས་ཀྱིས་རང་གཞན་བསླུ་བ་ལས། །ཁྱིམ་པ་བྱང་སེམས་ཉིད་མཆོག་ཏུ་ཁྱད་པར་འཕགས། །དེ་ལྟར་དགོངས་མཛོད་དང་མི་དབང་རྣམ་པར་རྒྱལ། ཀྱེ་མ། ད་ནི་ཐུབ་བསྟན་ཡང་ནུབ་རིའི་ཕྱོགས་སུ་ཉེ། །བསྟན་འཛིན་སྐྱེས་ཆེན་ཡང་ཕལ་ཆེར་ཞིང་གཞན་གཤེགས་


TR002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་པའི་གཟུགས་བརྙན་ཀུན་ཆོས་མིན་ཁོ་ན་སྤྱོད། །ཟབ་མོའི་དམ་ཆོས་ལ་ཚུལ་བཞིན་སྤྱོད་མཁན་དཀོན། །སྐྱེ་བོ་ཐམས་ཅད་ཀྱང་མི་དགེ་སྤྱོད་ལ་རེམ། །ནད་མུག་འཁྲུག་རྩོད་ཀྱིས་སེམས་ཅན་བདེ་སྐབས་མེད། །གང་ལ་བསམ་ན་ཡང་སྙིང་ནས་སྐྱོ་ཤས་འཕེལ། །ཉམ་ཆུང་བདག་འདྲས་ནི་ཇི་ལྟར་འབད་བྱས་ཀྱང་། སྲིན་བུ་མེ་ཁྱེར་གྱིས་མུན་པ་མི་བསལ་ལྟར། །ངལ་བ་དོན་མེད་ལས་འབྲས་བུ་ཅང་མ་མཆིས། །མཁས་གྲུབ་བཤེས་གཉེན་རྣམས་གྲུབ་མཐའི་ཁ་འཛིན་ཆེ། །བླ་མའི་གཟུགས་འཛིན་ཀུན་ཆོས་བརྒྱད་རྟ་བང་འགྲན། །བྱ་བཏང་སྒོམ་ཆེན་ཀུན་ཟོག་གི་མི་མགོ་བསྐོར། །ཡོན་བདག་ཕལ་ཆེར་ཀུན་མི་ཆོས་མཁན་ལ་དད། །གང་ལ་བལྟས་ན་ཡང་སྙིགས་མའི་མཐའ་ལ་ཐུག །ཅི་ལ་བསམ་ནའང་མི་མེད་ལུང་སྟོང་སུ། །ལྷ་ཆོས་ཁོ་ན་ཆིག་དྲིལ་མ་གཏོགས་པ། །ཅི་བྱས་དོན་མེད་ཀྱིས་མི་ཚེ་ཟད་པར་མཐོང་། །དེས་ན་རང་སེམས་ལ་


TR002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་ཡོད་དུས་འདིར། །སྡིག་སྤོང་དགེ་བ་ཅི་ནུས་འབད་པར་ཞུ། །སླབ་བྱ་སྙིང་གཏམ་གྱི་གདམ་ངག་དགོས་ཞེས་པ། །བདག་ལ་ཡང་ཡང་དུ་བསྐུལ་བར་མཛད་པའི་ངོར། རང་གི་བསམ་ཡུལ་གང་དྲན་སྨྲས་པ་ལས། །སྙན་ངག་སྡེབ་སྦྱོར་སོགས་མཁས་པ་དགྱེས་པའི་ཚིག །བདག་འདྲ་བླུན་རྨོངས་གིས་ཤེས་པར་མ་གྱུར་མོད། །འོན་ཀྱང་ལྷག་བསམ་གྱི་སྤྲིན་ཕུང་འཁྲིག་ལས། །སྙིང་གཏམ་གདམ་ངག་སྦྲང་ཆར་ཕབ་པའི་མཐུས། །ཁྱོད་ཡིད་བློ་གྲོས་ཀྱི་པད་ཚལ་རྒྱས་པ་དང་། །འགྲོ་ཀུན་ཐར་ལམ་ལ་འདྲེན་བྱེད་མཆོག་ཏུ་ཤོག །ཅེས་པ་འདི། ཀོང་ཡུལ་སྣོད་མཛེས་མཁར་ནས་ས་སྐྱོང་གཞོན་ནུ་ལྷ་དབང་རྣམ་པར་རྒྱལ་བ་དེ་ཉིད་ལྷ་ཆོས་བྱ་དབང་མེད་པའི་མྱ་ངན་གྱི་མཆི་མ་གླགས་ཤིང་། བདག་ལ་སྙིང་གཏམ་གྱི་གདམ་ངག་སླབ་བྱ་ཚིག་སུ་བཅད་པ་སེམས་ལ་ཕན་པ་ཞིག་ཅིས་ཀྱང་དགོས་ཞེས་བསྐུལ་བའི་ངོར། དེ་ཉིད་ཀྱི་ཕོ་བྲང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།དཔེ་དོན་ཟུང་


TR002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྲེལ་བའི་གདམ་ངག་ནོར་བུའི་འཕྲེང་བ་ཞེས་བྱ་བ། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི། ཀྱེ་མ། །བདག་ནི་རྣལ་འབྱོར་མི་ལུས་རིན་པོ་ཆེ། །ཡིད་བཞིན་ནོར་བུ་ལས་ལྷག་འདི་ཐོབ་ནས། །དམ་པའི་ཆོས་ལ་བརྩོན་པར་མ་བྱས་ན། །རིན་ཆེན་གླིང་ནས་སྟོང་ལོག་བྱེད་དང་འདྲ། །དེ་ཕྱིར་རང་གི་རང་ལ་ལེགས་བསམ་ནས། །འདི་ཕྱིའི་དོན་ཆེན་སྒྲུབ་ལ་འབད་པར་འཚལ། ཀྱེ་མ། །འཆི་བདག་བདུད་འདི་ནུབ་ཁའི་གྲིབ་པ་འདྲ། །བྲོས་པས་མི་ཐར་བཟློག་པའི་ཐབས་མེད་ན། །ད་དུང་ལོང་ཡོད་ངང་དུ་སྡོད་ཁོམ་མམ། །ད་ལྟ་ཉིད་ནས་བསྒྲུབ་ལ་བརྩོན་པར་འཚལ། ཀྱེ་མ། དགེ་བའི་ཤེས་གཉེན་སྨན་པའི་རྒྱལ་པོ་འདྲ། །འཁོར་བའི་གཅོང་ནད་འབྱིན་པའི་དྲིན་ཅན་ལ། །རྟག་ཏུ་བསྟེན་པས་དོན་གྱི་སྙིང་པོ་འབྱུང་། །སྐྱོ་ངན་མེད་པར་གུས་པས་བསྟེན་པར་འཚལ།


TR002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ། །ཟབ་མོའི་གདམ་ངག་ནོར་བུ་རིན་ཆེན་འདྲ། །དགོས་འདོད་འབྱུང་བ་རང་གི་རྙེད་དུས་འདིར། །དོན་མེད་འཇིག་རྟེན་བྱ་བ་ཀུན་སྤང་ནས། །མི་ཤེས་དབུལ་བ་བསེལ་ལ་འབད་པར་འཚལ། ཀྱེ་མ། སྒྱུ་མའི་ནོར་འདི་སྦྲང་མའི་སྦྲང་རྩི་འདྲ། །འདོད་པ་འཕེལ་ཞིང་སྡུག་བསྔལ་མ་ལུས་བསྐྱེད། །འཆི་ཚེ་ཐམས་ཅད་ཤུལ་དུ་ལུས་པ་ལ། །ད་ལྟ་ཉིད་ནས་ཞེན་པ་སྤོང་བར་འཚལ། ཀྱེ་མ། །གཉེན་བཤེས་གྲོགས་ཀུན་ཚོང་འདུས་མགྲོན་པོ་འདྲ། །སྐྱིད་དུས་འཛོམ་ལ་སྡུག་ན་སོ་སོར་གྱེས། འཆི་བའི་ཚེ་ནི་འབྲལ་བར་ཐག་ཆོད་ལ། །དེང་ནས་གཅིག་པུར་རི་ཁྲོད་འགྲིམ་པར་འཚལ། ཀྱེ་མ། །གཅེས་པའི་ལུས་ཀྱང་གཡར་པོའི་ནོར་དང་འདྲ། །མྱུར་དུ་དོར་ཞིང་འབྲལ་བའི་ཆོས་ཉིད་ལ། ད་ལྟ་བདག་འཛིན་ཞེན་ཆགས་བྱས་བྱས་ནས། །བསྐྱངས་ཀྱང་དོན་མེད་ཞེན་འཛིན་སྤང་བར་འཚལ། ཀྱེ་མ། འདྲ་འདྲ་མང་


TR002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འདུས་བྱས་འདུས་མ་བྱས། །སྣ་ཚོགས་ཆོས་ལ་དགག་བསྒྲུབ་བྱས་ན་ཡང་། །ངེས་པའི་དོན་གྱི་སྙིང་པོ་མ་རྟོགས་ན། །ཅི་ལྟར་བྱས་ཀྱང་ཀུན་རྫོབ་འཁྲུལ་པའི་ངང་། ཀྱེ་མ། །སེམས་ཀྱི་ངོ་བོ་སྟོང་པ་ནམ་མཁའ་འདྲ། །ནམ་མཁའ་ཉིད་ལ་དངོས་པོ་ངོས་བཟུང་མེད། །མེད་ཅེས་ཆད་ལྟ་ཅང་མེད་མ་ཡིན་པས། །རིག་སྟོང་ནམ་མཁའ་ལས་ཀྱང་ཁྱད་པར་འཕགས། ཀྱེ་མ། །སེམས་ཀྱི་གསལ་ཆ་ཉི་མའི་འོད་དང་འདྲ། །དེ་ཡང་ངོས་བཟུང་མཚན་བཅས་ཉིད་མ་ཡིན། །མཐོང་དང་རེག་དང་རེག་བྱ་ཅན་གྱི་ཉི་འོད་ལས། ཁྱད་པར་འཕགས་ཤིང་གསལ་ལ་འཛིན་མེད་ཉིད། ཀྱེ་མ། །སེམས་ཀྱི་འགྱུ་ཆ་རླུང་དང་འདྲ་བ་ཡང་། ཁང་ཁྱིམ་སོགས་ཀྱིས་སྒྲིབ་པར་ནུས་པ་ཡི། །མཚན་མའི་འགྲོ་འོང་ཅན་དེ་མ་ཡིན་པས། །དེ་ཕྱིར་འདྲ་ལ་མི་འདྲའི་ཁྱད་པར་འཕགས། ཀྱེ་མ། ཡོད་མེད་རྟག་ཆད་འགྲོ་དང་འོང་བ་སོགས། །ཀུན་བཏགས་དུ་མས་


TR002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་འཚང་མི་རྙེད། །ཐག་བརྒྱའི་མདུད་པ་གཅིག་གིས་འཁྲོལ་བ་ལྟར། །མ་བཅོས་ཀློང་ཡངས་རྟོགས་ན་གུ་རེ་ཡང་། ཀྱེ་མ། དིང་སང་ཆེན་པོར་གྲགས་པའི་བཤེས་གཉེན་འགའ། །ལྟ་སྒོམ་སྤྱོད་ལ་རྩོད་པའི་གཞི་བྱེད་ཀྱང་། །རང་གཞན་ཕྱོགས་ཆ་ཁས་ལེན་དགག་བསྒྲུབ་ཀྱི། །ལྟ་སྒོམ་སྤྱོད་པས་གྲོལ་བ་ཐོབ་བམ་ཅི། ཀྱེ་མ། མཐོ་དང་དམའ་བར་གླེང་བའི་ལྟ་བ་དེ། །ནམ་མཁའི་ཐོངས་ལ་སྦར་ཚོད་བྱེད་པ་འདྲ། །རིག་པ་དྲི་མེད་གཅེར་མཐོང་མ་ཤེས་ན། །ལྟ་བ་མཐོ་ཞེས་དཔག་ཚད་ཇི་ལྟར་གཞལ། ཀྱེ་མ། སྒོམ་པ་ཤེས་དང་མི་ཤེས་བརྟན་མི་བརྟན། །སྣ་ཚོགས་བརྗོད་ཀྱང་འཇའ་ཚོན་འཛིན་འདོད་འདྲ། །ཡང་དག་དོན་ལ་བསྒོམ་རྒྱུའི་དམིགས་གཏད་གང་། །རིག་པ་རང་སོ་ཟིན་ན་དེ་ཀ་རང་། ཀྱེ་མ། སྤྱོད་པའི་བྱེ་བྲག་བླང་དོར་བསམ་འདས་ཀྱང་།


TR002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་དོན་ཤེས་སྤྱོད་པ་རྩིས་གདབ་བྲལ། །ཉམས་རྟོགས་རང་མདངས་སྤྱོད་པར་ཤར་བ་ལ། །རུང་དང་མི་རུང་འཛིན་པའི་བརྟོད་ཕུར་བུ། ཀྱེ་མ། འབྲས་བུ་ཐོབ་ཏུ་རེ་བས་བྱས་བྱས་ཀྱང་། །བྱས་ཆོས་འདུས་བྱས་ཟད་ཅིང་འགྱུར་བའི་རྒྱུ། །འདུས་བྱས་བསྒྲུབས་པས་འདུས་མ་བྱས་ཐོབ་བམ། །དེ་ཕྱིར་རེ་དོགས་ཡོད་ན་འབྲས་བུ་མིན། ཀྱེ་མ། སྤྲོས་མེད་བློ་འདས་བྱར་མེད་ལ་སོགས་པ། །ལྟ་བའི་ཕྱོགས་སུ་སྤྱོད་པ་འབྲངས་པ་ན། །མྱོང་མེད་ཁ་ལྟས་རུ་དྲར་གོལ་བ་མང་། །བདེན་པ་གཉིས་ལྡན་དོན་ལ་སྤྱོད་པར་འཚལ། ཀྱེ་མ། དོན་གྱི་སྙིང་པོར་ཧྲིལ་གྱི་དྲིལ་བ་ནི། །ཕྱོགས་སུ་མ་ལྷུང་ལྟ་བའི་ཡང་རྩེ་ལ། །སྒོམ་མེད་ཡེངས་མེད་སྒོམ་གྱི་གནད་འགགས་ཉིད། །དུས་ཚོད་ཤེས་པ་སྤྱོད་པའི་རྒྱལ་པོ་ལགས། ཀྱེ་མ། འཁྲུལ་མེད་ལམ་འདི་རྟག་ཏུ་བསྟེན་པ་ན། །


TR002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོར་མེད་པའི་འབྲས་བུ་མངོན་དུ་འགྱུར། །རེ་དགོས་མེད་པའི་ཆོས་ཀྱི་རྒྱལ་སྲིད་ལ། །རང་གཞན་དོན་གཉིས་འགྲུབ་པའི་དཔལ་འབྱོར་ཐོབ། ཀྱེ་མ། ད་ནི་ཐུབ་པའི་བསྟན་པའང་མཐའ་ལ་ཐུག །བཤེས་གཉེན་དམ་པ་རྣམས་ཀྱང་ཞིང་གཞན་གཤེགས། །ནགས་ཕྱོགས་བདུད་རིགས་རྣམས་ནི་མཐུ་སྩལ་རྒྱས། །གང་ལ་བསམས་ཀྱང་སྐྱོ་ཤས་འཕེལ་བའི་རྒྱུ། ཀྱེ་མ། སྙིགས་དུས་ཀྱི་མི་ཚེ་ཡུད་ཙམ་འདི་ཉིད་ལ། །ཤེས་ཤེས་ཁེ་གྲགས་བསྒྲུབ་ཏུ་མི་ཁོམ་པས། །ཉམས་ལེན་སྙིང་པོའི་དོན་ལ་དྲིལ་ནས་ཀྱང་། །གཏན་གྱི་འདུན་མ་བསྒྲུབ་ལ་ཤིན་ཏུ་རན། ཀྱེ་མ། སྦྱོར་དངོས་རྗེས་ཀྱི་དགེ་སྦྱོར་གཞུང་བསྲང་ནས། །སྙོམ་ལས་ལེ་ལོ་མེད་པར་མ་འབད་ན། །ཡིན་ཡིན་མང་ལ་བློ་གཏད་མི་ཁེལ་བའི། །ཆོས་དེས་རང་གཞན་གང་ལའང་ཕན་པར་དཀའ། ཀྱེ་མ།


TR002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་སྐྱོ་ཤས་ལས་འབྲས་བསམ་བྱས་ནས། །སྐྱབས་འགྲོ་སེམས་སྐྱེད་ཡིག་བརྒྱ་མཎྜལ་དང་། །བླ་མའི་རྣལ་འབྱོར་གསོལ་འདེབས་དབང་གཞི་བླངས། །ཆོས་སྤྱིའི་སྔོན་འགྲོ་ཡིན་པས་གནད་བསྣུན་གཅེས། ཀྱེ་མ། བར་དུ་ཆོས་སྤྱོད་གཏོར་མ་ཕྱི་ནང་དང་། །ཡི་དམ་བསྙེན་བསྒྲུབ་བཟླས་བརྗོད་རྫོགས་རིམ་ལ། །ཡེངས་མེད་བརྩོན་ཞིང་དེ་ཡང་ཆོས་བརྒྱད་སོགས། གནད་དུ་མི་འགྲོའི་སྐྱོན་དང་མ་འདྲེས་གཅེས། ཀྱེ་མ། དགེ་སྦྱོར་གང་བྱེད་ཀུན་གྱི་འཇུག་ཏུ་ཡང་། །སྤྲོས་མེད་བསྔོ་བ་སྟོང་ཉིད་དོན་ལ་བལྟ། །དེ་ལྟར་མ་རྟོགས་འཁྲུལ་པའི་འགྲོ་རྣམས་ལ། །སྙིང་རྗེས་ཀུན་བླངས་སྨོན་ལམ་རྒྱ་ཆེར་གདབ། ཀྱེ་མ། སྦྱོར་དངོས་རྗེས་ཀྱི་ཉམས་ལེན་ཁྲིག་རིམ་འདི། །རིག་འཛིན་གྲུབ་ཐོབ་རྣམས་ཀྱི་གཞུང་ལམ་ཉིད། །སྙིང་གཏམ་གདམ་ངག་ལྷུག་པར་སྨྲས་པ་ལགས། །རྩེ་གཅིག་ཉམས་སུ་ལོང་དང་དོན་ཆེན་འགྲུབ། ཀྱེ་མ། འདི་ལྟར་གདམས་པའི་


TR002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བས་འགྲོ་བ་ཀུན། དོན་མེད་འཁོར་བའི་བྱ་བ་རིང་དོར་ནས། དོན་གཉིས་ལྷུན་གྲུབ་གདོད་མའི་གཏན་སྲིད་ཟིན། ཁམས་གསུམ་འཁོར་བའི་རྒྱ་མཚོ་སྟོང་པར་ཤོག །ཅེས་པ་ནི། གཙང་ཉང་སྟོད་ཀྱི་ཕྱོགས་ནས་རིག་པ་འཛིན་པ་ནམ་མཁའ་རྡོ་རྗེ་ཞེས་བྱ་བའི་དགོངས་བཞེད་ལྟར་དུ་བཀོད་པའོ། ཀྱེ་མ། མི་ལུས་རིན་ཆེན་ཐོབ་དུས་འདིར། །དོན་མེད་སྟོང་ཟད་མ་བཏང་བུ། །ཚེ་སྲོག་རྩྭ་ཁའི་ཟིལ་འདྲ་ལ། །ལོང་ཡོད་ལེ་ལོ་མ་བྱེད་བུ། །དོན་མེད་འཇིག་རྟེན་བྱ་བ་ལ། །ཨ་འཐས་ཞེན་པ་མ་ཆེ་བུ། །ཟང་ཟིང་སྒྱུ་མའི་ནོར་རྫས་ལ། །སེར་སྣ་སྡུག་སྒུར་མ་བྱེད་བུ། །དགོས་མེད་ཚེ་འདིའི་བྱ་བྱེད་ལ། །མངོན་ཞེན་འཁྲི་བ་ཆོད་དང་བུ། །ནམ་ཀྱང་བློ་གཏད་མི་ཐུབ་པས། །གཉེན་ལ་གདུང་སེམས་མ་ཆེ་བུ། །མི་ཚེ་ཡུད་ཙམ་འདི་ཉིད་ལ། །དགྲ་ཞེས་འཁོན་འཛིན་སྤོང་ཞིག་བུ། །གཏན་དུ་ནམ་ཡང་མི་འགྲོགས་པས། །ཀུན་དང་མཐུན་པར་གྱིས་ཤིག་


TR002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བུ། །སྐྱེས་ཆེན་སུ་ཡིན་མི་ཤེས་པས། །གཞན་ལ་སྐུར་པ་མ་བཏབ་བུ། །ཆོས་ཀུན་རང་སར་བདེན་པའི་ཕྱིར། །གྲུབ་མའི་ཁ་འཛིན་མ་བྱེད་བུ། །བློ་རྩེ་བླ་མར་མ་གཏད་ན། །རེ་ས་གཞན་ན་མེད་དོ་བུ། །སྙིང་རུས་ཆོས་ལ་མ་བྱས་ན། །ཅེས་ཀྱང་ཕན་པ་མེད་དོ་བུ། །རང་རྒྱུད་རང་གི་མ་བཏུལ་ན། །སེར་གཟུགས་དགོས་པ་མེད་དོ་བུ། །ལྟ་རྟོགས་སེམས་ལ་མ་བྱས་ན། །གཞན་ཀུན་ཀུན་རྫོབ་ཡིན་ནོ་བུ། །གཅིག་ཤེས་ཀུན་གྲོལ་མ་རྟོགས་ན། །ཆོས་ཀྱི་སྙིང་པོ་གཞན་མེད་བུ། །རང་ལ་རང་ཉིད་མ་འཁྲེལ་བའི། །སྡོམ་པ་མིག་ལྟར་སྲུངས་ཤིག་བུ། །ཚེ་དང་སྒྲུབ་པ་མ་གཉམ་ན། །ལོ་ཟླས་སངས་རྒྱས་མི་ཐོབ་བུ། །ཕྱི་མ་དོན་དུ་མི་གཉེར་བའི། །ཆོས་སྡེ་ཁ་ཆོས་ཡིན་ནོ་བུ། །ད་རེས་ལམ་སྣ་མ་ཟིན་ན། །དལ་འབྱོར་ཆུད་ཟོས་འགྱུར་རོ་བུ། །འཆི་བ་སྙིང་ནས་མ་དྲན་ན། །མི་ཚེ་སྟོང་ཟད་འོང་


TR002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བུ། །གཏན་གྱི་འདུན་མ་དམ་པའི་ཆོས། །འདི་ལ་རྩེ་གཅིག་འབུངས་དང་བུ། །སྙིང་གཏམ་གདམ་ངག་ཡིད་ལ་འཆོངས། །བླང་དོར་ཚུལ་བཞིན་མཛོད་དང་བུ། ཅེས། དད་ལྡན་བཟང་པོའི་མིང་ཅན་ལ་གདམས་པ་ཨྠིྀ།། ༈ །།གྲོགས་གསོན་དང་སྐལ་མཆོག་སྒྲུབ་པ་པོ། །ལམ་བླ་ན་མེད་པའི་རྫོགས་པ་ཆེ། །དོན་མ་ནོར་ཉམས་སུ་བླངས་ནས་ཀྱང་། །གནད་ཟབ་གསང་རྟོགས་པ་རྗེས་ཡི་རངས། །ཡོང་ད་དུང་བླ་མར་མོས་གུས་དང་། །ཡིད་དྲན་རིག་མ་ཡེངས་བྱ་ར་དང་། །སེམས་རྣམ་རྟོག་འགྱུ་བ་འོག་འབྱམས་ཀྱི། །དགྲ་རྐུན་བུ་འདི་ལ་བག་ཟོན་སོགས། །ལམ་མ་ནོར་གནད་དང་ལྡན་པར་འཚལ། །རང་རིག་ཆོས་སྐུ་ཡང་དག་ཀྱང་། །གོ་ཉམས་དང་ཤེས་སྒྲིབ་ཡིད་དཔྱོད་སོགས། །འདྲ་མིན་ནོར་ས་རབ་མང་བས། །ཞེན་འཛིན་དང་བྲལ་བ་ཞིག་གནད་དུ་ཆེ། །ཐ་མལ་གྱི་རིག་པ་བཅོས་མིན་དེ། །ཀ་དག་གི་ངོ་བོར་ལྷུན་གྲུབ་ཀྱང་། །


TR002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདེབས་ཀྱི་སྒོམ་ཞེས་བློས་བཏང་གྱི། །རྣམ་རྟོག་གིས་སྒོམ་ཆེན་བསླུས་པ་མང་། །རིག་སྟོང་དང་ཀ་དག་ཆོས་སྐུ་དང་། །སྟོང་ཉིད་དང་སྤྲོས་མེད་སྒོམ་མེད་སོགས། །མིང་སྙན་ལ་གོ་བས་མ་གཞིག་པར། །རང་བབས་སུ་གློད་པ་ཞིག་གནད་དུ་ཆེ། །སངས་རྒྱས་དང་སེམས་ཅན་བཟང་ངན་སོགས། །རྣམ་རྟོག་གི་འཕྲེང་རྒྱུད་ཡིན་མོད་ཀྱང་། །ཚད་ཕེབས་ཀྱི་བཙན་ས་མ་ཟིན་པར། །གོ་ཡུལ་ཙམ་ཡིན་གྱི་དབྱེར་མེད་མིན། །ཉོན་མོངས་ཀྱི་དགྲ་བོ་དཔུང་ཆེན་འདི། །དྲན་རིག་གི་འབུར་འཇོམས་མ་བྱས་ན། །ཤར་གྲོལ་གྱི་ཡིན་ལུགས་ཤེས་ཙམ་གྱིས། །རང་གྲོལ་དུ་འགྲོ་བའང་ཅུང་ཟད་དཀའ། །བདེ་ཉམས་དང་གསལ་དང་མི་རྟོག་ཉམས། །ལམ་རྟགས་ཀྱི་འཆར་སྒོ་མཐའ་དག་ལ། །དགའ་བྲོད་དང་ཞེན་པས་མ་སླད་པར། །གང་བྱུང་དུ་བསྐྱུར་བ་ཞིག་གནད་དུ་ཆེ། །ཉམས་མྱོང་གི་འཆར་སྒོ་ཡིན་ཡིན་འདྲས། །རྣལ་འབྱོར་གྱི་ཐུགས་དམ་བཅོམ་པ་མང་། །ཅིར་ཤར་ལ་ཆེད་འཛིན་མི་


TR002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར། །ཡེངས་མེད་དུ་སྐྱོང་བ་ཞིག་གནད་དུ་ཆེ། །སྐྱིད་སྡུག་དང་བསྟོད་སྨད་ཆགས་སྡང་སོགས། །གཉིས་འཛིན་ཀུན་གཏན་ཟད་མ་སོང་བར། །སྒོམ་ཆེན་གྱི་གེགས་འཕྲང་མི་གྲོལ་བས། །དྲན་རིག་དང་རྟག་པར་འབྲལ་མེད་འཚལ། །མཉམ་གཞག་དང་རྗེས་ཐོབ་ལ་སོགས་དང་། །བློ་ཟད་དང་ཆོས་ཟད་སྒོམ་མེད་སོགས། ལམ་རིམ་གྱི་ཁ་སྐད་མཐའ་ཡས་ཀྱང་། །རེ་དོགས་དང་བྲལ་བ་ཞིག་གནད་དུ་ཆེ། །སྒོམ་ཆེན་དང་སྒྱུ་ལུས་འདི་མ་བྲལ་བར། །ཉམས་ལེན་ལ་རྒྱུན་དུ་མ་བརྩོན་ན། །གོལ་ས་དང་ནོར་ས་ཤོར་ས་སོགས། །གེགས་སྐྱོན་ཚོགས་མང་ངོ་རྣལ་འབྱོར་པ། །ད་དུང་དུ་བླ་མའི་མོས་གུས་རེམ། ཅེས་བསྟན་འཛིན་མཐར་ཕྱིན་ལ་གདམས་པ་ཨྠིྀ། །རྗེ་རྒྱལ་བ་ཀུན་འདུས་ཀྱི་པད་འབྱུང་། །དུས་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར། །ཡིད་རྩེ་གཅིག་མོས་གུས་ཀྱི་གསོལ་འདེབས་ན། །དོན་སྙིང་པོ་གསང་ཆེན་གྱི་དངོས་གྲུབ་སྩོལ། །


TR002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་དྲི་མེད་གྲུབ་མཆོག་གི་རིགས་ལས་འཁྲུངས། །ལམ་མཐའ་དག་ཐོས་བསམ་ལ་རང་བྱན་ཆུད། །དོན་ཉག་གཅིག་ཟབ་དོན་ལ་བརྩོན་པ་ཁྱེད། །གནད་ངེས་དོན་གདམ་ངག་ཅིག་དགོས་སོ་སྐད། །བདག་ཐོས་བསམ་བསྒོམ་གསུམ་གྱི་ནོར་གྱིས་དབེན། །ཕྲལ་རྣམ་གཡེང་དཀོར་ཟས་ཀྱི་གྲིབ་ཀྱིས་འཐུམ། །རྒྱུ་དེ་ཕྱིར་གནད་གདམས་དང་མི་ལྡན་ཀྱང་། །ཁྱེད་གཞེད་དོན་ཅུང་ཟད་ཅིག་འབུལ་གྱི་དགོངས། །གཞི་རིག་སྟོང་ཀ་དག་གི་ཡིན་ཚུལ་ལ། །ཚིག་དཔེ་དོན་སྦྱར་བཤད་ཀྱི་ཐབས་གནད་ལ། །སེམས་རིག་སྟོང་རང་བྱུང་གི་ཡེ་ཤེས་དོན། །རྗེ་བླ་མས་འཛུབ་ཚུགས་སུ་སྩལ་བ་གང་། །གནས་སྒོམ་མེད་ཡེངས་མེད་དུ་གློད་ཤེས་ན། །ལས་ཅི་བྱས་ཆོས་ཉིད་ཀྱི་རོལ་པ་ཉིད། །བཀའ་མདོ་རྒྱུད་གདམ་ངག་གི་བཤད་ཚིག་དང་། །རྗེ་གྲུབ་ཐོབ་གསར་རྙིང་གི་སྐྱེས་ཆེན་ཀུན། །དགོངས་གཅིག་མཐུན་གསལ་སྟོང་གི་ཟུང་འཇུག་དོན། །དེ་ངོ་ཤེས་འཛིན་མེད་དུ་སྐྱོང་བ་


TR002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བསྒོམ་མི་བསྒོམ་ཡེངས་འཕྲུལ་གྱི་ཐ་སྙད་བྲལ། །འཕྲལ་ཉོན་མོངས་ཕྲ་རག་གི་རྟོགས་ཚོགས་ཀུན། །གནད་མ་སྤང་རང་ཐོག་ཏུ་ལམ་དུ་ཁྱེར། །དོན་སྟོང་གསལ་སྤྲོས་བྲལ་གྱི་གནད་རིག་བཞིན། །ལས་རྒྱུ་འབྲས་ཕྲ་ཞིབ་ཀྱི་སྤང་བླང་སོགས། །ཀུན་ཁ་ཞེ་སྙིང་མཐུན་དུ་མཛད་པར་འཚལ། །དུས་དེང་སང་སྙིགས་དུས་ཀྱི་མཐའ་མ་འདིར། །ཚིག་ཐ་སྙད་རྣམ་གྲངས་ཀྱི་ལོངས་མེད་པས། །དོན་ཟབ་དྲིལ་ལ་མ་འབད་ན། །ལུས་དལ་འབྱོར་དོན་མེད་དུ་འཆི་ཉེན་ཡོད། །རྒྱུད་དེ་སླད་ཉམས་ལེན་ལ་རྒྱུན་བརྩོན་དང་། །དགེ་མ་ལུས་སེམས་ཅན་ལ་བསྔོ་སྨོན་གདབ། །ལས་ཅི་བྱེད་དམ་ཆོས་དང་མཐུན་ངེས་ཞུ། ཅེས་པ་འདི་ནི། གུ་རུ་རིན་ཆེན་ཆོས་ཀྱི་དབང་ཕྱུག་གི་གདུང་རིགས་ལས་འཁྲུངས་ཤིང་། །རིག་གྲོལ་གྱི་ཡོན་ཏན་དུ་མས་ཕྱུག་པའི་བླ་མ་དགེ་སློང་བསྟན་འཛིན་རྒྱ་མཚོ་དཔལ་གྱི་བཞེད་པ་ལྟར་བྲིས་པའོ།། ༈ །།ཨེ་མ་ཨ་ལ་ལ། །སྔོན་ཚེ་རབ་དཔག་མེད་ནས་ལེགས་སྦྱངས་ཤིང་།


TR002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་བླ་མ་སངས་རྒྱས་སུ་ངེས་མཐོང་བས། །ཆོས་ཟབ་གནད་ངེས་དོན་གྱི་ལོངས་སྤྱོད་ལ། །དོན་མ་ནོར་ཉམས་ལེན་གྱི་སྲོག་ཤིང་ཁྱེད། །ལུས་དལ་འབྱོར་དོན་ལྡན་དུ་ཡང་དག་བྱས། །རྗེ་བླ་མའི་དྲིན་ལན་ཀྱང་མཆོག་ཏུ་གྱུར། །དེང་མི་ལུས་ལན་ཅིག་གི་དུས་ཚོད་འདིར། །གཏན་འདུན་མའི་ཡང་རྩེ་དེ་གྲུབ་པ་ལེགས། །ལུས་ན་ཚ་རྐྱེན་ངན་གྱི་སྣང་ཚུལ་དང་། །གནས་ཡུལ་གྲོགས་ཉེ་འབྲེལ་གྱི་འགལ་རྐྱེན་སོགས། །ཕྲལ་བར་ཆོད་དགེ་སྦྱོར་ལ་གནོད་འདྲ་བར། །བྱུང་ཐམས་ཅད་ལམ་རྟགས་ཀྱི་རྩལ་ལྷོངས་ཉིད། །མཐོ་སྲིད་རྩེ་ཚངས་པ་དང་བརྒྱ་བྱིན་ནས། །དམའ་ཐེའུ་རང་གྲོང་རྒྱུན་གྱི་བར་ཆད་སོགས། །གེགས་ཅིར་སྣང་ལྟས་ངན་ཉིད་གཡང་ཁུག་གི། །གནད་གང་བྱུང་བྱིན་རླབས་སུ་ཤེས་འདི་མཆོག །དོན་སྙིང་པོ་ཉམས་ལེན་གྱི་རྣལ་འབྱོར་པ། །འཕྲལ་བཟང་ངན་རྐྱེན་ཚོགས་ལ་ཉམ་ང་ན། །ཆོས་ཟབ་མོ་རྫོགས་ཆེན་གྱི་དགོས་པ་ཅི། །དཔལ་མི་ལ་རྣལ་འབྱོར་


TR002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་ཕྱུག་ལའང་། །རྩ་རོ་རྐྱང་དང་དྷུ་ཏིར་རླུང་ཞུགས་རྐྱེན། །ཕྱི་ལིང་བ་བྲག་སྲིན་སོགས་ཆོ་འཕྲུལ་འཆར། །ཁོང་སྣང་སྲིད་ཕྱག་ཆེན་དུ་ལེགས་རྟོགས་པས། །གདོན་རང་རིག་སྲོག་རྙིང་དང་རང་འཚང་ཕུལ། །དེས་དེ་བཞིན་ཐོགས་བཅས་དང་ཐོགས་མེད་བདུད། །ཀུན་རྩ་རླུང་རྟེན་འབྲེལ་འཆར་སྒོ་ལས། །དོན་བདེན་པར་གྲུབ་ངེས་སུ་རྡུལ་ཙམ་མེད། །གནད་ཟབ་མོ་དམ་ཆོས་ཀྱི་ཡང་སྙིང་མཆོག །ལམ་མཐར་ཐུག་རྫོགས་ཆེན་གྱི་སྣང་མཆེད་ཐོབ། །དུས་དེང་སང་ཇི་ལྟར་དུ་འཆར་བ་ལ། །ཚུལ་ཉམས་ལེན་མཛད་ལུགས་ཀྱང་དེ་ཀ་ཉིད། །མིང་སྣང་མཆེད་ཐོབ་སོགས་དང་ཅིར་བཏགས་ཀྱང་། །གཉིད་མ་གཉིད་ཉིན་མཚན་སོགས་ནམ་དུ་ཡང་། །སེམས་མ་ཡེངས་དྲན་རིག་གིས་ཟིན་ཕྱིན་ཆད། །དེ་རིག་སྟོང་བཅོས་མིན་དུ་ལམ་ལམ་དུ་འཆར། །དེ་ནམ་འཆར་འོད་གསལ་གྱི་རང་བཞིན་ལགས། །ཉིན་སྐྱིད་སྡུག་ལེགས་ཉེས་སོགས་གང་ཤར་ཀུན། །དོན་སྟོང་ཉིད་བློ་བྲལ་


TR002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བློ་ཐག་ཆོད། །རྩ་བ་རྣམ་རྟོགས་ཅིར་ཤར་ལ་ངོས་ཟིན་ན། །སླར་བཅོས་མའི་དགག་བསྒྲུབ་ཀྱིས་སླད་མི་དགོས། །རྐྱེན་བཟང་ངན་གང་བྱུང་གི་འཆར་སྒོ་ལ། །མདངས་རྨི་ལམ་འཁྲུལ་སྣང་དང་ཁྱད་མེད་པར། །ནམ་རྟོགས་ཚེ་ཆོས་ཉིད་ཀྱི་རོལ་པ་ལགས། །དོན་ཟབ་མོ་ཐོད་རྒལ་གྱི་འཆར་སྒོ་ནི། །སྐུ་ཐིག་ལེ་པདྨ་སོགས་ཅིར་འཆར་ཡང་། །བཟང་མི་བཟང་མཚན་བཅས་ཀྱི་སྤྲོས་དང་བྲལ། །གང་ཤར་ཡང་ཤར་ཐོག་ཏུ་མ་བཅོས་བཞག །དེ་མ་ཤར་ཡང་རང་བབས་སུ་ལྷན་ནེར་གློད། །ཀུན་མ་བཅོས་རང་རིག་ཏུ་ཤེས་པ་གནད། །དེ་རིག་པ་ཚད་ཕེབས་ཀྱི་སྣ་ཟིན་ཙམ། །ཡོང་ད་དུང་ཉམས་ལེན་ལ་མ་འབད་ན། །ཉམས་བོགས་སྐྱེད་གོང་འཕེལ་དེ་འགྲིབ་དོགས་ཡོད། །དེས་ད་དུང་གང་ཤར་ལ་ངོ་ཤེས་འཚལ། །ངོས་ཟིན་ན་དེ་ཀ་སངས་རྒྱས་ཉིད། །ཉམས་འཕེལ་སྐྱེད་འཆར་སྣང་གང་བྱུང་ལ། །དགའ་མི་དགའ་ཆགས་སྡང་སྣ་ཚོགས་ཀུན། །


TR002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྤྲོས་མེད་མ་བཅོས་ལམ་ཁྱེར་མཛོད། །ཅེས། རིག་པ་འཛིན་པ་ཚུལ་ཁྲིམས་བཟང་པོ་ལ་ཉམས་ལེན་གྱི་བོགས་འདོན་དུ་གདམས་པའོ། །གདོད་ནས་མ་བཅོས་འོད་གསལ་སྙིང་པོའི་དོན། །རང་རིག་ཆོས་ཀྱི་སྐུ་ལ་རབ་བཏུད་ནས། །སྐལ་ལྡན་ཁྱོད་ཀྱི་ཇི་ལྟར་དྲིས་པའི་ལན། །ཅུང་ཟད་བཤད་ཀྱི་ཐུགས་ལ་དགོངས་པར་མཛོད། །བདེ་གཤེགས་སྙིང་པོ་རང་རིག་ཆོས་ཀྱི་སྐུ། །ཀུན་ལ་ཡོད་ཀྱང་ཤེས་པ་ཤིན་ཏུ་དཀོན། །བླ་མའི་གདམས་པ་མཆོག་གི་མ་ཟིན་ན། །དབུལ་པོའི་ཁྱིམ་གྱི་རིན་ཆེན་གཏེར་དང་མཚུངས། །དེ་ལ་ལྟ་སྒོམ་སྤྱོད་འབྲས་མང་བཤད་ཀྱང་། །གནད་དོན་ཡིན་ལུགས་སྙིང་པོར་བསྡུས་པ་ནི། །བལྟ་བྱའི་ཡུལ་དང་ལྟ་མཁན་རིག་པ་གཉིས། །དབྱེར་མེད་གཅིག་པ་དེ་ཀ་ལྟ་བ་དངོས། །དེ་དོན་ཚུལ་བཞིན་རྟོགས་པའི་དོན་དེ་ཉིད། །མ་བཅོས་རང་བབས་དྲན་པས་སྐྱོང་བ་ལ། །སྒོམ་པ་ཞེས་བྱ་མིང་དུ་བཏགས་ལ་ལགས། །གང་


TR002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་སེམས་དེ་མི་སྒོ་མ་ཡེངས་པར། །རྒྱུན་ལྡན་སྤྱོད་ལམ་ཀུན་ཏུ་འཁྱེར་བ་ལ། །སྤྱོད་པའི་མིང་དུ་བཏགས་པ་དེ་ཀ་ལགས། །དེ་དོན་མངོན་དུ་གྱུར་པའི་མཐར་ཐུག་ཚེ། །འབྲས་བུ་སངས་རྒྱས་ཐོབ་ཅེས་དེ་ལ་ཟེར། །ཧྲིལ་གྱི་དྲིལ་ན་ད་ལྟའི་ཐ་མལ་སེམས། །བཟང་ངན་འཕྲོ་གནས་འགྱུ་དྲན་ཅིར་ཤར་བ། །དེ་ཀའི་ངོ་བོར་རིག་པས་ངོས་ཟིན་ན། །སྒོམ་གྱི་མཆོག་གྱུར་དེ་ཉིད་གཅིག་པུས་ཆོག །ཨེ་མ་སྐྱེས་མཆོག་རྣལ་འབྱོར་པ། །སེམས་ཀྱི་འགྱུ་རྟོགས་སྣ་ཚོགས་ལ། །རྗེས་འབྲང་བརྟག་དཔྱད་བྱས་ན་ཡང་། །བུང་བས་ནམ་མཁའི་མཐའ་འཚོལ་འདྲ། །རང་སེམས་ཇི་ལྟར་ཤར་ཀྱང་རུང་། །ཤར་མཁན་དེ་ཀ་སྟོང་པ་ཉིད། །སྟོང་པ་ཉིད་དེ་གདོད་མ་ནས། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལགས། །རྣམ་རྟོག་ཇི་ཙམ་འཕྲོ་ཡང་ལེགས། །འཕྲོ་མཁན་ངོ་བོ་བརྩད་བཅད་ན། །ཐམས་ཅད་ཆོས་སྐུའི་རོལ་རྩལ་ལས། །མ་དག་བླང་དོར་བྱ་རྒྱུས་དབེན། །སེམས་རིག་


TR002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྣང་སྣ་ཚོགས་ཀྱང་། །ཐམས་ཅད་རིག་པའི་རྩལ་མདངས་ཉིད། །དགག་བསྒྲུབ་རེ་དོགས་བྱེད་དོན་ཆུང་། །རང་ངོ་རིག་ན་དེ་ཀས་ཆོག །བདེ་སྡུག་ཚོགས་དྲུག་ཆགས་སྡང་རྣམས། །ཤར་ཡང་རིག་པས་ཟིན་ཐོག་གློད། །མ་ཤར་ན་ཡང་གང་གར་བསྐྱུར། །ཡེངས་པ་མེད་པ་གནད་ཀྱི་མཆོག །མནར་མེད་དམྱལ་བའི་སྡུག་བསྔལ་དང་། །དཔག་མེད་ཞིང་ཁམས་བདེ་སྐྱིད་ཀུན། །རང་སེམས་སྣང་ཚུལ་ཁོ་ན་ལས། །རྡུལ་ཙམ་མེད་པར་རྒྱལ་བས་གསུངས། །སངས་རྒྱས་གོ་འཕང་མཐར་ཐུག་ལའང་། །རེ་དོགས་བྱས་ན་འཆིང་བའི་རྒྱུ། །གང་བྱུང་བླ་མའི་ཐུགས་རྗེའི་ལས། །བློ་གཏད་གཞན་དུ་བྱེད་དོན་ཆུང་། །ཨེ་མ་ད་དུང་རང་སེམས་ལ། །ཡེངས་འཛིན་མེད་པར་གློད་པ་དང་། །འགྲོ་ཀུན་ཕ་མའི་རང་བཞིན་ལ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང་། །དགེ་སྦྱོར་ཡེངས་མེད་སྐྱོང་བ་མཁྱེན། །དེ་ལྟར་གདམས་པ་ལ་བརྟེན་ནས། །


TR002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་གོང་དུ་འཕེལ་བར་ཤོག །ཅེས་པ་འདི་ཡང་། བསྟན་འཛིན་མཐར་ཕྱིན་གྱི་ལྟ་གོམས་སྤྱོད་འབྲས་ཀྱི་གནད་འགགས་ཀྱི་ཚིག་འགའ་ཞིག་དྲི་བའི་ལན་དུ་སྦྱིན་པའོ།། ༈ །།ཨེ་མ་དད་ལྡན་རྣལ་འབྱོར་པ། །བྱང་ཆུབ་ལམ་བཟང་བསྒྲུབ་འདོད་ན། །ཐེག་པའི་མཐར་ཐུག་སྙིང་པོའི་སྙིང་། །དམ་ཆོས་རྫོགས་ཆེན་བསྒོམ་པར་ཞུ། །སྙིགས་དུས་ལོངས་མེད་མི་ཚེ་ཐུང་། །ཡུད་ཙམ་འདི་ལ་རྩེ་གཅིག་ཏུ། །ཟབ་དོན་སྙིང་པོ་མི་ལེན་ན། །ཐོས་ཐོས་ཤེས་རྒྱ་གྲངས་མང་ཀྱང་། །དགོས་དུས་ཕན་པ་དཀའ་མོར་མཆི། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །མཐའ་དག་གཅིག་བསྡུས་གསལ་སྟོང་དོན། །རིག་པ་བྱང་ཆུབ་སེམས་སངས་རྒྱས། །མ་རྟོགས་ཚིག་ཚོགས་བརྒྱ་ཡོད་ཀྱང་། །འབྲས་བུའི་དམ་པ་གཞན་ན་མེད། །བླ་མ་ཡིད་བཞིན་ནོར་བུ་བརྙེད། །གདམ་ངག་བདུད་རྩིའི་ཆར་རྒྱུན་ཐོབ། །དལ་འབྱོར་སྙིང་པོ་ལེན་དུས་འདིར། །འཇིག་རྟེན་སྒྱུ་མའི་འཁྲུལ་འཁོར་སྤོངས། །ད་ལྟ་རང་དབང་ཡོད་


TR002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདིར། །གཏན་གྱི་འདུན་མ་འཆུགས་པས་ན། །རྙེད་དཀའི་དལ་འབྱོར་རིན་ཆེན་འདིར། །སྟོང་ཟད་འགྲོ་བ་ཨ་རེ་འཕང་། །དེ་ཕྱིར་ཚེ་ལྷག་གང་ཐུབ་འདིར། །སྒྲུབ་ལ་གཅིག་ཏུ་དྲིལ་བ་དང་། །སྒོམ་མེད་ཡེངས་འཛིན་བྲལ་བའི་དོན། །རང་བབས་རང་རིག་སྐྱོང་བར་ཞུ། །དེ་སྐད་ལྷག་བསམ་དགེ་བ་ཡིས། །ཁྱེད་ལ་སྙིང་གཏམ་སྨྲས་པའི་དགེས། །མར་གྱུར་འགྲོ་བའི་ཁམས་ཐམས་ཅད། །རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །ཅེས། འཕྱོངས་རྒྱས་པ་རིག་འཛིན་དབང་དྲག་ལ་གདམས་པའོ།། ༈ །།གདོད་མ་ཉིད་ནས་རང་བཞིན་འོད་གསལ་བའི། །བོན་ཉིད་ཀ་དག་ཆེན་པོར་ཕྱག་འཚལ་ནས། །བོན་ཆོས་དབྱེར་མེད་གཞི་ལམ་འབྲས་བུའི་དོན། །ལྟ་སྒོམ་སྤྱོད་འབྲས་ཚུལ་གྱིས་མདོ་ཙམ་བཤད། །འཁོར་འདས་ཀུན་གྱི་སྔོན་རོལ་བྱང་ཆུབ་པའི། །གདོད་མའི་མགོན་པོ་ཞེས་གྲགས་དག་པ་གཉིས། །དབྱེར་མེད་བདེ་གཤེེགས་སྙིང་པོ་


TR002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་གྱི། །རྒྱུད་ལ་ཡེ་ནས་གནས་ཀྱང་མ་རིག་པའི། །ལྷན་ཅིག་སྐྱེས་དེས་བསྒྲིབས་ཏེ་མ་གཏོགས་པ། །སེམས་ཅན་ཀུན་གྱི་མཚན་ཉིད་གཞིའི་གནས་ལུགས། །དེ་དོན་དྲི་མེད་བལྟ་བྱ་ལྟ་བྱེད་དང་། །བྲལ་བ་བོན་ཉིད་ལྟ་བའི་མཐར་ཐུག་སྟེ། །དེང་སང་མཁས་པར་བརློམ་པའི་བླུན་པོ་འགའ། ལྟ་བ་ཆོས་སྐུ་ཡོད་མེད་མཐོ་དམན་བརྩོད། །མཐའ་བྲལ་དོན་ལ་ཚིག་གིས་བརྩོད་པ་འཁྲུལ། །བརྩོད་གཞི་ཅན་གྱི་ལྟ་བས་རྣལ་འབྱོར་བསླུ། །རང་བྱུང་རང་རིག་ལྟ་བ་མ་རྟོགས་པར། །ཚིག་མཐའ་བཙལ་བས་ལྟ་བའི་གཏིང་མི་དཔོག །དེ་ཕྱིར་མ་ནོར་བླ་མའི་གདམས་པ་གཅེས། །ལམ་གྱི་བསྒོམ་ཚུལ་རྒྱ་ཆེ་གྲངས་མང་ཡང་། །བོན་ཆོས་དབྱེར་མེད་རང་གི་གསལ་སྟོང་འདི། །ཆེད་དུ་བཅོས་པས་སྒོམ་པ་མ་ཡིན་ཞིང་། །རྣམ་རྟོགས་འཁྲུལ་པ་རང་གར་མ་ཤོར་བ། །རང་ངོ་རིག་ཐོག་གློད་པ་རྫོགས་ཆེན་ལམ། །དྲན་རིག་ཡེངས་


TR002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྐྱོང་བ་ཕྱག་རྒྱ་ཆེ། །གང་ཤར་རང་བབས་བསྐྱུར་བ་གཅོད་ཡུལ་མཆོག །སྡུག་བསྔལ་སེམས་སུ་གྲོལ་བ་ཞི་བྱེད་བཞེད། །གང་གིའང་མཐའ་ལ་མི་ཞེན་དབུ་མ་དངོས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་བློ་སྦྱོང་དོན། །ཐམས་ཅད་དགོངས་མཐུན་སྒོམ་མེད་ཡེངས་མེད་ཀྱི། །གནད་འདི་བོན་ཆོས་དབྱེར་མེད་སྒོམ་གྱི་མཆོག །བླ་མའི་གདམས་པ་ཚུལ་བཞིན་ཉམས་བླངས་ནས། །བསྒོམ་བྱུང་ཤེས་རབ་ནང་ནས་ཤར་བའི་ཚེ། །ཐེག་དགུ་བརྒྱད་ཁྲི་བཞི་སྟོང་དགོངས་དོན་ཀུན། །རང་རིག་ཐིག་ལེ་ཉག་གཅིག་གཅིག་པུར་འདུས། །དུ་མ་རོ་གཅིག་རང་བྱུང་ཡེ་ཤེས་དོན། །གསལ་བ་བསྐྱེད་རིམ་སྟོང་པ་རྫོགས་རིམ་དང་། །ཟུང་འཇུག་བོན་སྐུ་ཀུན་བཟང་རིག་པའི་གཤིས། །དེ་ཉིད་མངོན་སུམ་རང་ངོ་མ་རིག་ན། །ཐོས་ཐོས་ཤེས་ཤེས་བྱས་ཡུས་ཆེ་ན་ཡང་། །ཚེ་གཅིག་བྱང་ཆུབ་ཐོབ་པའི་ཐབས་གཞན་མེད། །དེས་ན་སྒོམ་པའི་གནད་འདི་ལྷག་པར་གཅེས།


TR002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་རིམ་པ་སྣ་ཚོགས་བསམ་འདས་ཀྱང་། །མདོར་བསྡུས་དུས་ཚོད་ཤེས་པ་གནད་དུ་ཚེ། །ཐོས་བསམ་དུས་སུ་བུང་བ་ལྟ་བུ་དང་། །ཉམས་ལེན་དུས་སུ་རི་དྭགས་ལྟ་བུ་དང་། །རང་དོན་དུས་སུ་ལྐུག་པ་ལྟ་བུ་དང་། །གཞན་དོན་དུས་སུ་གཉན་པ་ལྟ་བུ་གཅེས། །ཧྲིལ་གྱི་དྲིལ་ན་བསྟན་པའི་སྒོར་ཞུགས་ནས། །མཐར་ཐུག་བྱང་ཆུབ་སྙིང་པོར་ཐུག་གི་བར། །བདག་བས་གཞན་གཅེས་ཁོ་ན་ལྷུར་ལེན་ཅིང་། །འཇིག་རྟེན་ཁེ་གྲགས་དོན་གཉེར་མ་ཡིན་པར། །བླ་མེད་རྫོགས་བྱང་རྩེ་གཅིག་བསྒྲུབ་ནུས་པའི། །སྤྱོད་པ་དེ་ལ་གེགས་དང་གོལ་ས་བྲལ། །སྙན་གྲགས་ལོངས་སྤྱོད་ཚེ་འདི་དོན་གཉེར་བ། །དེ་ལ་སངས་རྒྱས་ཐོབ་པའི་སྐལ་བས་དབེན། །སྙིང་རྗེ་གཞན་ཕན་གོ་ཆ་རབ་བགོས་ནས། ཁ་ཞེ་མེད་པར་ཉམས་ལེན་རྩེ་གཅིག་འབད། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཀྱང་། །གང་བྱུང་ལམ་ཁྱེར་དགེ་སྦྱོར་གནས་ཐོག་དྲིལ། །ཅིར་སྣང་ལམ་ཁྱེར་གནད་དང་


TR002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡན་པའི། །སྒོམ་ཆེན་སྒོམ་གྱི་མུ་གེ་ཕོག་ཉེན་ཡོད། །བླང་དོར་ལས་འདས་སྤྱོད་པའི་རྒྱལ་པོ་སྟེ། །སྤྱོད་པའི་གནད་མེད་དོན་གྱི་སྙིང་པོ་ཅི། །དེ་ཕྱིར་ལམ་ཁྱེར་གནད་འདི་ཤིན་ཏུ་གཅེས། །མཐར་ཐུག་འབྲས་བུའི་དབྱེ་བ་གྲངས་མངས་ཀྱང་། །བོན་ཉིད་ཆོས་སྐུའི་རང་ངོ་མ་རིག་ན། །ཐོབ་དུ་རེ་བའི་འབྲས་བུ་ཡིད་སྨོན་ལུས། །ཐོབ་དང་མ་ཐོབ་མིང་གི་ཐ་སྙད་ཙམ། །ཐ་སྙད་མིང་ལ་ཞེན་པ་འཁྲུལ་པའི་བློ། །བོན་ཆོས་དབྱེར་མེད་སྐུ་གསུམ་འདུས་མ་བྱས། །སྐུ་གསུམ་ངོ་བོ་རང་རིག་སྟོང་གསལ་ཉིད། །སྟོང་གསལ་འཛིན་མེད་མངོན་དུ་གྱུར་པའི་ཚེ། །སྐུ་གསུམ་ཞིང་ཁམས་རང་ལ་ལྷུན་གྱིས་རྫོགས། །རང་བྱུང་རང་རིག་མཐའ་བྲལ་ཀ་དག་དོན། །འདི་ལས་གཞན་པའི་སངས་རྒྱས་གང་དུ་འཚོལ། །བཙལ་བས་བརྙེད་ན་ཀུན་རྫོབ་འདུས་བྱས་ཉིད། །ཀུན་རྫོབ་འདུས་བྱས་འཇིགས་ཅིང་འགྱུར་


TR002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས། །མི་འཇིག་འགྱུར་མེད་བརྩན་ས་མ་ཟིན་ན། །ཀུན་རྫོབ་ཆོས་ཀྱི་དོན་དམ་རྟོགས་མི་འགྱུར། །དོན་དམ་མི་ཤིག་སྤྲོས་བྲལ་མངོན་གྱུར་ཆེ། །འབྲས་བུའི་མཆོག་གྱུར་བོན་ཉིད་ཀ་དག་དོན། །དོན་དེ་གཞན་ལས་མི་འབྱུང་རང་འབྱུང་ཉིད། །རང་རིག་གསལ་སྟོང་ཟུང་འཇུག་རྟོགས་པ་ན། །ས་ལམ་དྲོད་རྟགས་ཡེ་རྫོགས་ལྷུན་གྱི་གྲུབ། །སྐུ་གསུམ་དབྱེར་མེད་རང་ཆས་ཚང་བའི་ཚེ། །མཆོག་དངོས་གྲུབ་ན་ཐུན་མོངས་དངོས་གྲུབ་ཀུན། །མི་འདོད་རང་བཞིན་ཐོགས་མེད་ཆར་ལྟར་འབབ། །རང་དོན་སྤྲོས་མེད་ཟད་སར་འཁྱོལ་བའི་ཚེ། །གཞན་དོན་ཕྱོགས་མེད་ཡང་དག་བདེ་བླག་འགྲུབ། །དེ་ཕྱིར་རེ་དོགས་བྲལ་བའི་འབྲས་བུ་ལ། །རང་གཞན་གཏན་དོན་འགྲུབ་པར་འབད་པ་གཅེས། །དེ་ལྟར་བོན་ཆོས་དབྱེར་མེད་གདམས་པའི་དོན། །རང་ཉིད་ཇི་ལྟར་གོ་ཚུལ་ཅུང་ཟད་ཙམ། །ཡི་གེར་བཀོད་འདིས་ཁམས་གསུམ་འགྲོ་ཀུན་ཀྱང་། །བོན་ཆོས་གཉིས་


TR002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཆོས་སྐུར་གྲོལ་བར་ཤོག །ཅེས་བོན་ཆོས་གཉིས་ཀྱི་གཞི་ལམ་འབྲས་བུའི་ཚུལ་མདོར་བསྡུས་པ་འདི་ནི་རིག་པ་འཛིན་པའི་བླ་མ་དམ་པ་ནམ་བསོད་ནམས་ཀྱིས་བསྐུལ་བར་མཛད་པའི་ངོར་བཀོད་པ་དགེ་ལེགས་འཕེལ།། ༈ །།ཨེ་མ། སྔོན་བསགས་ཚོགས་གཉིས་འབྲས་བུ་ལེགས་སྨིན་པས། །རྣམ་དཔྱོད་དཔལ་འབྱོར་དགེ་ལེགས་ལང་ཚོ་ཅན། །ལུགས་གཉིས་བློ་གྲོས་སྐལ་པ་མཆོག་ལྡན་པའི། །སྐྱེས་བུ་ཁྱེད་ཀྱི་སྙན་དུ་འདི་སྐད་གསོལ། །ད་དུས་ངན་པ་རྩོད་ལྡན་མཐར་ཐུག་ཅིང་། །སངས་རྒྱས་བསྟན་པ་རྒོངས་ཁའི་ཉི་བཞིན་གྱུར། །བླ་མ་ཕལ་ཆེར་ཆོས་བརྒྱད་རྟ་བང་འགྲན། །ཆོས་པའི་གཟུགས་རྣམས་ཆགས་སྡང་མེ་རླུང་འཚུབས། །སྐྱེ་འགྲོ་མཐའ་དག་བདེ་བའི་གོ་སྐབས་བྲལ། །ནད་མཚོན་མུ་གེ་རྐྱེན་ངན་ཆར་ལྟར་འབབ། །གང་ལ་བལྟས་ཀྱང་སྐྱོ་ཤས་འཕེལ་བའི་རྒྱུ། །ཅི་ལ་བསམ་ཀྱང་དམ་པའི་ལྷ་ཆོས་ལས། །འདི་ཕྱིར་ཕན་པ་གཅིག་ཀྱང་མི་གདའ་བའི། །


TR002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདིར་གཟིགས་ནས་དགེ་ལ་འབད་པར་ཞུ། ཀྱེ་མ། དལ་འབྱོར་མི་ལུས་ཡང་ཡང་ཐོབ་པ་དཀའ། །ཐོབ་པ་འདི་ཡང་ནམ་འཆིའི་ངེས་པ་མེད། །ཤི་བར་མ་ཟད་ངན་སོང་འཁོར་བར་འཁྱམས། །གང་དུ་སྐྱེས་ཀྱང་བདེ་བའི་གོ་སྐབས་མེད། །དེ་ཕྱིར་ད་ལྟ་རང་དབང་ཡོད་དུས་འདིར། །གང་ནུས་དགེ་ལ་འབད་ན་དོན་ཆེན་འགྲུབ། ཀྱེ་མ། །ནོར་རྫས་རྣམ་ཐོས་བུ་ལྟར་ཡོད་གྱུར་ཀྱང་། །མཆོད་སྦྱིན་མི་ནུས་སྦྲང་མའི་སྦྲང་རྩི་འདྲ། །བར་དོའི་འཕྲང་ལ་ལག་སྟོང་འགྲོ་བའི་ཚུལ། །བསམ་ནས་ཚོགས་གཉིས་བསགས་ན་སྙིང་པོ་ལོན། །འཁོར་ལོ་བསྒྱུར་འདྲའི་མངའ་ཐང་ཡོད་ཚེ་ཡང་། །རང་ཚོད་ཆོག་ཤེས་ངོམ་པ་མི་འབྱུང་ཞིང་། །གཤིན་རྗེའི་ཁྲིམས་རར་དབང་མེད་འགྲོ་ཙ་ན། །སྡིག་པ་བསགས་པའི་མི་རྣམས་འགྱོད་ཀྱང་ཕྱིས། ཀྱེ་མ། །འཇིག་རྟེན་འདི་ཡི་སྣང་བ་རྨི་ལམ་ཙམ། །དགྲ་འདུལ་གཉེན་སྐྱོང་མ་ཟིན་


TR002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆོག་པའི། །སྡུག་བསྔལ་ངང་ལ་རྟག་འཛིན་ཞེན་བྱས་ཀྱང་། །སྙིང་པོ་མེད་ཕྱིར་དོན་མེད་མི་ཚེ་ཟད། །རང་དབང་ཡོད་རིན་དགེ་ལ་མི་བརྩོན་པར། །མཆི་མ་ཕྲུམ་མེ་ཁ་ཆེམ་འཇོག་པའི་ཚེ། །ཉན་མཁན་དཀོན་ཞིང་ཕན་ཐོག་ཤིན་ཏུ་དཀའ། །དེ་བས་རང་དོན་རང་མགོ་བསྒྲིམ་པར་ཞུ། ཀྱེ་མ། །དོན་གྱི་སྙིང་པོ་ཧྲིལ་གྱི་དྲིལ་བ་ནི། །ཟང་ཟིང་ཅི་ཡོད་དགེ་ཕྱོགས་འབུང་བ་དང་། །ནང་ནུབ་སྐྱབས་འགྲོ་ཡིག་དྲུག་འབད་པ་དང་། །ཅི་ནུས་སྡིག་པའི་ལས་ལ་འཛེམ་པ་སྟེ། །ཁྱིམ་པའི་ཆོས་ཀྱི་ཉམས་ལེན་མཐར་ཐུག་ཡིན། །གཞན་ལ་ཁ་མང་ཕུང་ཀྲུག་མི་བྱེད་ཅིང་། །རང་གིས་མི་འགྲུབ་བློ་མང་མི་བྱ་བར། །ཀུན་དང་མཐུན་ཞིང་སེམས་བཟང་བློ་དྲང་བ། །འཇིག་རྟེན་ཆོས་ལུགས་བཟང་པོའི་མཚན་ཉིད་ཡིན། །དཔོན་ལ་ཉི་མགོའི་ཉི་འོད་མི་བྱེད་ཅིང་། །གཡོག་


TR002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཞུང་ངན་གསར་འགྲོགས་མི་བྱ་དང་། །རང་ཉིད་ང་རྒྱལ་ཕྲག་དོག་སྤོང་བ་ནི། །ཡ་རབ་སྤྱོད་པ་ཀུན་གྱི་གཙོ་བོ་ཡིན། །ཕྱོགས་མེད་ཆོས་ལ་དག་སྣང་འབྱོང་པ་དང་། །ཉེ་རིང་ཀུན་ལ་ཕན་སེམས་ཆེ་བ་དང་། །ངན་སྤྱོད་གཡོ་ཁྲམ་ཟོལ་ཟོག་སྤོང་བ་ནི། །སྐྱ་སེར་ཀུན་གྱི་འདུན་མའི་ཡང་རྩེ་ཡིན། ཀྱེ་མ། དུས་རྣམས་ཀུན་གྱི་ཉམས་ལེན་སྙིང་པོ་ནི། །རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །བླ་མ་ཀུན་འདུས་ཐུགས་རྗེ་ཆེན་པོ་བསྒོམ། །དེ་ཡི་ཐུགས་ཀར་ཟླ་སྟེང་ཧྲཱིཿདཀར་གྱི། །མཐའ་སྐོར་ཡིག་དྲུག་སྔགས་ཀྱིས་བསྐོར་བར་དམིགས། །སྔགས་ལས་འོད་འཕྲོས་རང་གཞན་འགྲོ་ལ་ཁྱབ། །འགྲོ་ཀུན་སྡིག་སྒྲིབ་སྡུག་བསྔལ་ཀུན་བྲལ་བསམ། །རྟག་ཏུ་ཡི་གེ་དྲུག་པ་ཅི་ནུས་བཟླ། །འདི་ནི་ལྷ་དང་བླ་མ་དབྱེར་མེད་ཀྱི། །བསྒོམ་བཟླས་ཟབ་པའི་སྙིང་པོ་མཐར་ཐུག་ཡིན། །གལ་ཏེ་འཆི་བའི་དུས་ལ་བབས་པ་ན། །རང་སེམས་བརྩེ་


TR002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལྷ་དེའི་ཐུགས་ཀར་གཏད། །ལྷ་ཉིད་དག་པའི་ཞིང་དུ་གཤེགས་པར་བསམ། །སྡིག་ཅན་བརྩན་ཐབས་སངས་རྒྱས་འཕོ་བའི་ཆོས། །འདི་ཀས་ཆོག་གི་རྩེ་གཅིག་འབད་པ་གཅེས། ཀྱེ་མ། །དེ་ལྟར་ཆོས་དང་འཇིག་རྟེན་བྱ་བྱེད་ཀྱི། །འདུན་མའི་སྙིང་པོར་འདི་དག་འབད་གྱུར་ན། །ཆོས་མེད་སེར་གཟུགས་དཀོར་ཟན་བྱེད་པ་བས། །ཁྱིམ་པ་བྱང་སེམས་ཁོ་ན་འདུན་མ་བརྟན། ཀྱེ་མ། །སྙིང་གཏམ་གདམ་ངག་ཕན་པའི་གྲོས་འདེབས་འདི། །དད་ལྡན་ཁྱེད་ལ་བརྩེ་བས་གདམས་པའི་དགེས། །འགྲོ་བ་ཀུན་ཀྱང་ཐར་པའི་ལམ་བཟང་ལ། །མྱུར་དུ་འཁོད་པའི་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི། །དལ་འབྱོར་ལྡན་པའི་སྦྱིན་བདག་ཨོ་རྒྱན་བསྟན་འཕེལ་ལ་གདམས་པའོ།། ༈ །ཁམས་གསུམ་འདི་ན་འགྲན་གྱི་ཟླ་བྲལ་བ། །རྒྱལ་མཆོག་པདྨ་ཐོད་ཕྲེང་ཞབས་བཏུད་དེ། །སྐལ་ལྡན་དམ་ཆོས་སྙིང་ནས་མཛད་རྣམས་ལ། །


TR002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གཏམ་གདམ་ངག་ཅུང་ཟད་གསོལ་གྱི་དགོངས། །དིང་སང་སྙིགས་མ་ལྔ་བརྡོའི་མཐའ་མ་འདིར། །ཚེ་ལ་ལོང་མེད་དེ་ཡང་སྡིག་ལ་སྐྱེལ། །མཚན་ལྡན་བླ་མ་སྣོད་ལྡན་སློབ་མའང་དཀོན། །བདུད་རིགས་ཟོག་པོས་འགྲོ་བའི་ཁ་ལོ་བསྐྱོད། །གང་ལ་བསམ་ཀྱང་མི་མེད་རི་ཁྲོད་དུ། །འཆི་བ་སྙིང་དྲན་དམ་ཆོས་རྩེ་གཅིག་ལས། །སྙིང་པོར་གྱུར་པ་ཅི་ཡང་འདུག་གམ་བསོམ། །མངའ་ཐང་ལོངས་སྤྱོད་ལྡན་ཀྱང་ལག་སྟོང་འཆི། །ཤེས་ཡོང་ང་རྒྱལ་ཆེ་ཡང་ཤི་ཁར་འགྱོད། །ངས་བྱས་སྡུག་ཡུས་མང་ཀྱང་དགོས་དུས་བསླུ། །གང་ལ་ལྟས་ཀྱང་སྐྱོ་བར་མི་གདའམ། །དེས་ན་རང་རྒྱུད་རང་གིས་ལེགས་བཏུལ་ནས། །བླ་མ་སངས་རྒྱས་མཐོང་བའི་མོས་གུས་དང་། །གདམ་ངག་ནོར་བུར་ཤེས་པའི་དང་བ་དང་། །ཅིས་ཀྱང་དགོས་མེད་ཤེས་པའི་ཞེན་ལོག་རྣམས། ཁ་དང་ཞེ་རུ་མཐུན་པར་མཛད་པར་ཞུ། །ཐམས་ཅད་གོང་དུ་འཁུར་


TR002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དག་སྣང་དང་། །ངོས་ལྐོག་སྤུ་ཙམ་བྲལ་བའི་དམ་ཚིག་སྡོམ། །ཅི་བྱེད་ཆོས་དང་མཐུན་པའི་སྤྱོད་ལམ་སོགས། །རང་སེམས་འགྱོད་པ་མེད་པའི་དཔང་གཙུག་འཚལ། །དཀའ་སྤྱད་ཆོས་ལ་ནུས་པའི་སྙིང་རུས་དང་། །མཚན་ལྡན་བླ་མ་མཉེས་པའི་སྒྲུབ་པ་དང་། །སྒོམ་ཡུན་ཤི་དང་མཉམ་པའི་དམ་བཅའ་རྣམས། །རྟག་ཏུ་འགྱུར་ལྡོག་མེད་པར་མཛད་པར་འཚལ། །རྒྱུ་འབྲས་ཕྲ་ཞིང་ཕྲ་བའི་བླང་དོར་དང་། །གང་བྱུང་ཐུགས་རྗེར་ཤེས་པའི་དད་པ་དང་། །གཅིག་ཤེས་ཀུན་གྲོལ་རྟོགས་པའི་ཐག་ཆོད་བཅས། །ཆོས་ཀུན་ཉམས་ལེན་སྙིང་པོར་དྲིལ་བར་ཞུ། །དེ་ལྟར་ལྷག་བསམ་དག་པའི་སྙིང་གཏམ་འདིས། །རང་གཞན་དམ་པའི་ཆོས་ལ་འཁོད་གྱུར་ཅིག །ཅེས་པ་འདི་ནི། གྲུབ་ཐོབ་ཆེན་པོ་ཀུན་རྣམ་པའི་གྲ་པ་རྣམས་ལ་གདམས་པ་ཨྠིྀ།། ༈ །།ཨེ་མ་གསོན་དང་སྐལ་མཆོག་རྣལ་འབྱོར་པ། །དལ་འབྱོར་སྙིང་པོ་ལེན་དུས་ད་རེས་


TR002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །འདི་ལ་དོན་མེད་སྟོང་ཟད་མ་བཏང་བར། །གཏན་འདུན་བྱང་ཆུབ་རྩེ་གཅིག་བསྒྲུབ་རེ་རན། །ཐོས་པ་ཆེ་ཡང་འཆི་ཁར་ཕན་ངེས་དཀའ། །ཐོབ་ཐོབ་མང་ཡང་རྒྱུད་ལ་ཁེལ་བ་དཀོན། །དེ་བས་དྲིན་ཅན་བླ་མའི་ཞལ་གྱི་བཅུད། །རྩེ་གཅིག་ཉམས་སུ་བླངས་ཏེ་མཐར་ཕྱིན་ཞུ། །ཆོས་ཀྱི་རྣམ་གྲངས་མང་ཡང་སྙིང་པོའི་བཅུད། །ཕྱག་རྫོགས་གནད་དོན་གཅིག་དྲིལ་གནས་ལུགས་དོན། །སྒོམ་མེད་ཡེངས་བྲལ་མ་བཅོས་གཉུག་མའི་གཤིས། །རྒྱུན་ཆད་མེད་པར་ཉམས་ལེན་བརྩོན་པར་འཚལ། །ཞེ་གཏིང་འགྱུར་མེད་དད་པས་བླ་མ་བསྟེན། །ཅིས་ཀྱང་དགོས་མེད་ཞེན་ལོག་རྒྱུད་ལ་དྲན། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་སྦྱོང་། །ཆོས་དོན་རྒྱུད་ལ་ལེགས་པར་འབྱོར་པ་ཞུ། །དེ་ལྟར་གདམས་པའི་མཁའ་མཉམ་འགྲོ་དྲུག་ཀྱང་། །འདི་བཞིན་སྤྱོད་པ་རྣམ་མཁྱེན་མངོན་


TR002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཤོག །ཅེས་པ་ནི་སྟོན་སྒོམ་ཀརྨ་ཆོས་འཁོར་གྱི་བཞེད་པ་ལྟར་བཀོད་པའོ། ཨེ་མ་ཀྱཻ་ལགས། ཕུན་སུམ་ཚོགས་པའི་དལ་འབྱོར་ལེགས་ཐོབ་ཐེགས་ཆེན་ཟབ་མོའི་བསྟན་དང་མཇལ། །རིམ་གཉིས་སྙིང་པོའི་དོན་གྱི་བཅུད་ལ་རང་དབང་འབྱོར་པའི་དུས་གཅིག་འདིར། །རྣམ་པ་སྣ་ཚོགས་སྒྱུ་མའི་འཁྲུལ་འཁོར་ཤིང་རྟའི་འཕང་ལོ་བསྐྱོད་མིན་པར། །ངེས་དོན་སྙིང་པོ་ནང་དུ་ཡང་དག་འཇོག་ལ་བརྩོན་པར་མཛོད་དང་ཀྭོ། ༡ །རྒྱལ་བ་གཉིས་མེད་གསུང་བ་དེ་ཡིས་འདུས་བྱས་མི་རྟག་གང་བསྟན་དང་། །དུས་གསུམ་སྒྲིབ་མེད་གཟིགས་པ་མངའ་བའི་སངས་རྒྱས་པདྨ་རྒྱལ་པོས་ཀྱང་། །སྙིགས་མ་ལྔ་བརྒྱ་མཐའ་མའི་རྣམ་འགྱུར་ལུང་དུ་སྩལ་གང་མངོན་སུམ་དུ། །གྱུར་བའི་ཚུལ་འདི་ཀྱེ་མ་ཀྱི་ཧུད་སྙིང་ནས་སྐྱི་གཡའ་གཟིགས་སམ་ཀྱཻ། ༢ །རིན་ཆེན་བསྟན་པ་གཟུགས་བརྙན་ལ་སྤྱོད་བསྟན་འཛིན་རྣམ་ཀྱང་ལུས་


TR002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི། །ནུས་པས་རབ་གཟིར་ཆགས་སྡང་རྨོངས་པའི་རྦ་ལ་གཡེང་ཞིང་སྐྱོ་ངོག་ལ། །རབ་སྤྱོད་ད་དུང་བསྟན་བརློམ་བདག་ལྟའི་རི་བོར་བསྒྱིངས་ཤིང་ངོ་མཐོན་སྨྲ། །འདི་མཐོང་ད་ནི་སྡེ་དགོན་གྲྭ་འཁོར་སྦྱིན་བདག་ངོ་ལྟ་སུ་ཞིག་སྤྲོ། ༣ །དམན་པའི་ས་བཟུང་གྱི་ན་ལྷགས་སྐྱོབ་ཙམ་ལ་རྟེན་བྱས་ཁ་འོག་ལུས། །བཙུད་ཀྱང་ད་དུང་མཐོ་དོགས་བསམ་སྦྱོར་ནག་པོའི་རྩོལ་བ་ལ་ཞུགས་མང་། །ལྷག་བསམ་ཟླ་བ་ལོག་ལྟའི་རཱ་ཧུ་ལ་གདོང་མཇུག་ལས་དབང་མེད་བཅོམ། །དེ་སླད་ཉམས་ཆུང་དབེན་པའི་མལ་དུ་གནས་ཀྱང་ད་དུང་ཅི་ཞིག་དགུ། ༤ །ངེས་འབྱུང་སྙིང་ནས་མ་ལྡན་ལྟོ་གོས་བདེ་ཐབས་གྲོགས་སྟོབས་ལ་སོགས་ཀྱིས། །ཉེ་བར་འཁོར་ཞིང་འདུས་པའི་སློབ་མའི་ཚོགས་བཅས་དེ་དང་དེ་དག་ཀྱང་། །ཐོས་བསམ་དོན་ཐོག་མི་འབེབས་དམ་སྡོམ་མོས་གུས་ཀ་ལིང་ནགས་གླང་བཞིན། །ཚུལ་འདིས་ད་ནི་


TR002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྒན་སྐྱུག་ལོག་གཏིང་ནས་སྐྱེས་སོ་མཆི་མ་དཀུ། ༥ །ངེས་ལེགས་ལམ་ལ་གཞན་བཙུད་དོན་བྲལ་རང་ཉིད་ཨ་ཐང་ཆད་པར་བས། །གཞན་དོན་ཡིན་རྒྱུའི་གཡེང་བ་དུ་མས་མི་ཚེ་ཕལ་ཆེར་གསོག་གསོབ་ཟད། །ཕྱི་དང་ནང་གསང་གང་ལའང་འཕྲེངས་དང་ཆགས་པའི་བློ་ཡི་གྲུ་གུ་བརྡོག །ད་ནི་ལྔ་པའི་གནས་ལའང་འཚེར་བའི་འདུ་ཤེས་ཆུང་གྱུར་དགོངས་ལགས་སམ། ༦ །འོན་ཀྱང་སྙིང་གཏམ་སླབ་བྱ་གྱིས་ཞེས་གང་བསྒོ་བ། །མཐའ་དག་བརྗོད་པའི་སྤོབས་བྲལ་སྙིང་པོའི་དོན་ཀྱང་དབེན། །དེ་ལྟ་ནའང་རང་སེམས་དཀར་པོའི་ཀུ་མུཏྟ། །གང་གི་མགུལ་པའི་རྒྱན་དུ་དགྱེས་སམ་བཞེད་གྱུར་འབུལ། ༧ །རྟག་ཏུ་རང་བཞིན་བཟང་པོའི་གདེང་འཆང་ཞིང་། །ཟོལ་ཟོག་གཡོ་རྒྱུ་རྣམ་སྤངས་དགེ་འབད་ཀྱི། །མཐུན་མོངས་རྣམ་ཐར་བཟང་པོ་མཐའ་དག་ལ། །ཁྱེད་ཀྱིས་རང་དང་གཞན་ཡང་དཀྲི་བར་མཛོད། ༨ །


TR002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཟིང་ནོར་ཕྱིར་འཇིག་རྟེན་བཤེས་ཀྱི་ཕྱིར། །གྲུབ་མཐའི་ཞེན་ཕྱིར་དགོན་གནས་འཁོར་གྱི་ཕྱིར། །རང་གི་ལུས་སྲོག་ཕྱིར་ཡང་འཁྲུག་ལོང་བརྩོད། །སྡིག་སྤོང་ཀུན་མཐུན་སྤྱོད་ཀྱིས་འཚོ་བར་མཛོད། ༩ །རིག་དང་རུས་དང་ཐོས་བསམ་རྣམ་དཔྱོད་སྒོམ། །ནོར་རྫས་ཡུལ་འཁོར་ཡོན་ཏན་ཇི་རྙེད་པ། །འཁོར་འདས་གཉིས་ཀྱིས་བསྡུས་པའི་རང་ཆེའི་བློ། །ནམ་ཡང་ཞེ་ནས་སྤོང་ལ་འབད་པར་མཛོད། ༡༠ །རང་དང་གཞན་ཕྱོགས་གཉིས་འཛིན་ཞེན་སེམས་ཀྱི། །ནང་མདངས་ཕྱི་རོལ་གསལ་བའི་ལུས་ངག་ཡིད། །ཉམས་འགྱུར་ཕྲ་རག་དུ་མའི་འཕྲལ་ཡུན་གྱི། །འདུན་མ་ཆུ་བོར་གཤེགས་འགྱུར་མཁྱེན་པར་མཛོད། ༡༡ །རང་སེམས་བཟང་རློམ་ཉེ་རིང་འཁོར་འདབས་སོགས། །སྣ་ཚོགས་རྣམ་འགྱུར་དུ་མས་བསྐྱངས་ན་ཡང་། །མགུ་མེད་ལོག་ལྟ་སྒྲོ་སྐུར་སླར་འཕེལ་བར། །གཟིགས་བཞིན་སྤྲོས་པའི་འཁོར་ལོ་གཞོམ་པར་མཛོད། ༡༢ །ནམ་དུའང་འཆི་བ་སྙིང་


TR002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བློ་སྣ་ཆོས་ལ་དྲིལ། །ཅི་བྱས་སྙིང་པོས་དབེན་གཟིགས་ཟབ་མོའི་གདམ་ངག་བསྒོམ། །ཉོན་མོངས་ངན་གོམ་ཤུགས་ཆེ་རང་སེམས་རང་གིས་འཐུལ། གྲུབ་ཐོབ་རྒྱུད་པའི་རྣམ་ཐར་རྗེས་སུ་བསྙེགས་ངེས་མཛོད། ༡༣ །སུ་འགྲོགས་ཆགས་སྡང་འཕེལ་ལས་ལེགས་པའི་ཡོན་ཏན་དཀའ། །རྣམ་མང་བློ་སྣ་རག་པོས་དོན་གྱི་ཐོག་འཁེལ་དཀོན། །ཡིན་ཡིན་མཛེས་འཐད་འདྲ་མང་རང་བློ་བདུད་ཀྱིས་ཁྱེར། །འཆི་ཁར་འགྱོད་མེད་གྲབས་བཤོམ་ད་ལྟ་བསྒྲུབ་པར་མཛོད། ༡༤ །ངེས་པར་ཕན་ངེས་བསླུ་བ་མེད་ངེས་གཏན་གྱི་འདུན་མ་འགྲུབ་ངེས་དམ་ཆོས་གཅིག་པུ་ཉིད། །མ་འབད་མི་ཚེ་གློག་ཙམ་འར་འུར་བུས་པའི་རྩེད་མོ་འདྲ་ལ་རང་གཞན་ཀུན་མགོ་འཁོར། །ཐུབ་བསྟན་ཉི་མ་ནུབ་རིར་ཕྱོགས་ཤིང་སྙིགས་མའི་རང་ཚུལ་ཡོངས་རྫོགས་མྱོང་འདིར་ལ་གོར་དུ། །ཡང་དག་བྱང་ཆུབ་སྙིང་པོ་བསྒྲུབ་ལས་ཅི་བྱས་


TR002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་རྒྱལ་སྲིད་ཡིན་པར་མཁྱེན་གཟིགས་མཛོད། ༡༥ །རང་སེམས་རང་དབང་རང་གི་གཟུགས་ནས་ཀྱང་། །སྒོ་གསུམ་ལས་སྤྱོད་དམ་ཆོས་གཞུང་མཐུན་པ། །ཡེ་ཤེས་སྤྱན་ལྡན་གཟིགས་པ་མི་ཁྲེལ་བར། །མཛོད་དང་སུ་མ་མགུ་ཡང་འགྱོད་པ་བྲལ། ༡༦ །བདག་ཉིད་མི་ཡི་ཁྱུ་ལས་རབ་འཐོན་ཏེ། །བས་མཐར་འཆི་བ་བསྒུགས་ཤིང་མཆིས་བཞིན་དུ། །མང་པོར་སྨྲས་ཀྱང་ཕན་མེད་ངལ་བའི་རྒྱུ། །དེ་ཕྱིར་འདི་ཙམ་དགོངས་པར་ཉེར་བསྟིམ་གསོལ། ༡༧ །སླད་མར་དངོས་སུ་མཇལ་སྨོན་གཞན་དུ་ན། །འདུས་བྱས་རང་འཚངས་བསྟན་ནའང་དམ་ཚིག་གཞུང་། །ལེགས་པར་བསྲང་ན་སྐྱེ་དང་སྐྱེ་བར་ཡང་། །འབྲལ་མེད་ཐེག་ཆེན་ཆོས་ལ་ལྷན་སྤྱོད་སྨོན། ༡༨ །ཅེས་པ་འདི། རྒྱལ་སྲས་ཀརྨ་ལས་གྲུབ་ཀྱིས། སྙིང་གཏམ་བསླབ་བྱ་དགོས་གསུང་བ་ལ་གདམས་པའོ།། ༈ །།ཆོས་དབྱིངས་ནམ་མཁའ་ཡངས་པ་ཀློང་ཆེན་གྱི་རབ་འབྱམས། །


TR002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་ཉི་གཞོན་འབུམ་ཕྲག་བྱིན་རླབས་ཀྱི་གཟི་འབར། །སྨོན་ལམ་ལས་འཕྲོའི་སྣང་བསྙན་གདུལ་བྱའི་ཞིང་དུ། །རྨད་བྱུང་རྫོགས་ཆེན་འོད་བརྒྱས་མ་རིག་གི་མུན་བསེལ། །ངོ་མཚར་གར་བསྒྱུར་གྱི་ལྟད་མོ་ནམ་མཁའ་ཡི་འཇིགས་མེད། །སྣ་ཚོགས་རང་གྲོལ་གྱི་ཟླ་དཀར་ཐུགས་ཡིད་ཀྱི་དབྱིངས་སུ། །ཆུ་ལ་ཆུ་བཞག་དང་མཚུངས་བདེ་ཆེན་དུ་རོ་གཅིག །འདི་བཟུང་སྐྱེས་རབས་འཕྲེང་བའི་ཞིང་ཁམས་ཀྱི་རྒྱན་དུ། །རྡོ་རྗེའི་གླུ་དབྱངས་ཀྱི་དགའ་སྟོན་རྒྱུན་ཆགས་སུ་སྒྲོགས་ཅིང་། །ཉམ་ཐག་མ་རྒན་གྱི་ཚོགས་རྣམས་ཕན་བདེ་ལ་འགོད་པའི། །རླབས་ཆེན་ཕྲིན་ལས་ཀྱི་སྒྱུ་འཕྲུལ་ཐབས་གཅིག་ཏུ་བྱའོ། །གུ་ཡངས་ཁྱབ་གདལ་གྱི་བྲོ་གར་ལྷུག་སྩོལ་དུ་མཛོད་ཅིག །ཅེས། འཁྲུལ་ཞིག་ཆེན་པོ་ནམ་མཁའ་འཇིགས་


TR002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དྲུང་དུ་ཕུལ་བའོ། །སྲིད་གསུམ་འདི་ན་འགྲན་གྱི་ཟླ་བྲལ་བ། །རྒྱལ་བའི་དབང་པོ་པདྨ་འབྱུང་གནས་ཞེས། །བྱིན་རླབས་ཐུགས་རྗེ་འོད་འབར་ལྷམ་མེ་བ། །གང་གི་ཞབས་ཟུང་ནོར་བུ་གཙུག་གིས་མཆོད། ཨེ་མ། །སྙིང་ནས་བརྩེ་གཅིག་བྱང་ཆུབ་བསྒྲུབ་བཞེད་ན། །འཇིག་རྟེན་འདི་ཡི་འདུན་མས་བསླུ་བསླུ་འདྲ། །བྱ་བ་རྙིང་ནས་ཐོངས་པར་མ་བྱས་ན། །ཆོས་པའི་གཟུགས་ཀྱི་རང་མགོ་བསླུ་བར་ངེས། །མཁས་མཁས་ཤེས་ཤེས་བྱས་ཡུས་ཆེ་ན་ཡང་། །རང་སེམས་ཁ་ལོ་ནང་དུ་མ་ཁུགས་ཚེ། །སྒོམ་ཆེན་སྒོམ་གྱིས་འཆིང་བ་མི་ཚོར་བས། །སྣང་སྲིད་ཆོས་ཉིད་རྒྱ་ཡན་ཀློང་དུ་གློད། །ཡུལ་སྣང་སེམས་སུ་ཤེས་པས་འཛིན་ཞེན་བསྐྱུར། །དུག་ལྔ་ཆོས་ཉིད་ཡེ་ཤེས་རང་ངོ་རིག །ཅིར་སྣང་མཉམ་ཉིད་ཆེན་པོར་ལ་ཟློས་པས། །མཉམ་རྗེས་ཐ་དད་འཛིན་པའི་བཏོད་ཕུར་བུད། །ལྟར་མེད་ཕྱོགས་བྲལ་ཆེན་པོའི་ལྟ་བ་ལ། །སྒོམ་


TR002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡེངས་འཁྲུལ་བྲལ་བ་སྒོམ་པའི་མཆོག །གཏད་མེད་ཡོང་གྲོལ་སྤྱོད་པའི་རྒྱལ་པོ་ཡིས། །ཐོབ་ཤོར་བྲལ་བའི་འབྲས་བུ་རང་ལ་རྙེད། །བླ་མ་ཡི་དམ་ཕྱི་ནང་གཉིས་འཛིན་སྤངས། །སངས་རྒྱས་སེམས་ཅན་བཟང་ངན་བདག་གཞན་མེད། །སྐྱིད་སྡུག་ལེགས་ཉེས་རྨི་ལམ་རྒྱལ་སྲིད་འཇིགས། ཁྱབ་གདལ་རྫོགས་ཆེན་བརྩན་ས་ཟིན་པར་ཞུ། །ཅེས། རིག་པ་འཛིན་པའི་དབང་ཕྱུག་ཁྲག་འཐུང་ཧཱུྃ་དཀར་གྱི་བཞེད་པ་ཀོང་ཕྱིར་ཕུལ་བའོ།། ༈ །།ཀྱེ་མ་དེང་སང་སྙིགས་མའི་རང་ཚུལ་གྱི། །རྣམ་འགྱུར་འདི་ལ་གཟིགས་མཛོད་ལ། །ཅིས་ཀྱང་དགོས་མེད་བློ་སྣ་ལྟུང་། །མི་མེད་རི་ཁྲོད་འགྲིམ་པར་ཞུ། །མི་ཚེ་རྨི་ལམ་ཡུད་ཙམ་འདིར། །རྣམ་མང་ཚིག་ཚོགས་ལོང་མེད་པས། །ཟབ་དོན་རྫོགས་ཆེན་ཡང་སྙིང་ལ། ཁ་ཞེ་རྙིང་མཐུན་ཉམས་བཞེས་ཞུ། ཁ་ལྟ་གོ་དྲེད་མ་ཤོར་བར། །རང་རིག་རྗེན་པ་ཧྲིག་གེ་


TR002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བཟོ་བཅོས་ལྷད་ཀྱིས་མ་སླད་པར། །མ་བཅོས་ལྷུག་པ་སྐྱོང་བར་ཞུ། །ལམ་རྟག་ཡོན་ཏན་འཆར་སྒོ་སོགས། །རེ་དོགས་སྦུན་པས་མ་སྒྲིབ་པར། །ཤི་དང་མཉམ་པའི་སྒོམ་ཡུན་དང་། །གྲུབ་ཐོབ་ཁྱུ་ཕྱིར་བསྙེགས་པར་ཞུ། །དམ་ཚིག་སྡོམ་པ་དད་གུས་དང་། །དག་སྣང་སྙིང་རྗེ་རྒྱུ་འབྲས་ཀྱི། །རྟེན་འབྲེལ་ཁྱད་དུ་མི་གསོད་པར། །དོན་གཉིས་ཡོངས་གྲུབ་མཛད་པར་ཞུ། ཅེས་དབང་པོ་ནམ་མཁའ་ཕྲིན་ལས་ལྷུན་གྲུབ་ལ་གདམས་པའོ།། ༈ །།གསོན་དང་དགེ་བའི་བཤེས་གཉེན་མཆོག །ཐོས་བསམ་ཡོན་ཏན་མཐར་ཕྱིན་ནས། །ཡང་དག་སྙིང་པོའི་ལམ་ཞུགས་ཏེ། །དལ་འབྱོར་དོན་ལྡན་མཛད་པ་ལེགས། །ད་དུང་ཚེ་འདི་བློ་ཡིས་ཐོང་། །ལོངས་མེད་བསྒྲུབ་ལ་མྱུར་དུ་བརྩོན། ཁེ་གྲགས་ལོ་འདོད་རྙེད་བཀུར་དང་། །ཚེ་འདིའི་ཞེན་འཁྲིས་རྦད་ཀྱི་ཆོད། །རང་རིག་གདོད་ནས་དག་པའི་ཀློང་། །འཁོར་འདས་གཉིས་མེད་གཞི་རྩ་བྲལ།


TR002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཀློང་ནས་འགགས་མེད་འཆར། །འགྱུར་མེད་ལྟ་བའི་ཡང་རྩེ་ལགས། །བློ་འདས་སྟོང་ཉིད་ཆེན་པོ་ལས། །གསལ་རིག་མ་བཅོས་ཧྲིག་གེ་བར། །རང་བཞིན་རང་བབས་ཟུང་འཇུག་ཆེ། །བཅོས་མིན་གསལ་སྟོང་སྒོམ་པའི་ཆོག །གནས་སྐབས་ཅིར་འཆར་གང་བྱུང་ཀུན། །ཆོས་ཉིད་ངང་དུ་ཁྱབ་གདལ་གློད། །དག་སྣང་མོས་གུས་སྙིང་རྗེ་དང་། །དམ་སྡོམ་སྤྱོད་པ་འཛིན་མེད་སྤྱོད། །རང་རིག་རང་བབས་མངོན་གྱུར་ལས། །མཚན་བཅས་འབྲས་བུ་ཅི་ཞིག་བྱ། །ཐོབ་ཤོར་རེ་དོགས་ལས་འདས་པའི། །སྤྲོས་མེད་ཆོས་སྐུའི་གཏན་སྲིད་ཟིན། །མདོར་ན་རང་སེམས་གསལ་སྟོང་གི། །རང་གཞན་བཟོ་མེད་མཇལ་བ་ལས། །འཇུར་འཛིན་སྒོམ་གྱིས་མ་བཅིངས་པར། །གུ་ཡངས་ཁྱབ་དལ་མཛད་པར་ཞུ། །བདག་ནི་ཐོས་བསམ་སྒོམ་པའི་ནོར། །གང་གི་ཕྱོགས་ཀྱང་མི་ལྡན་པས། །གདམས་པའི་


TR002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གནད་སྟོན་ནུས་མིན་ཀྱང་། །བཞེད་པ་སྐོང་ཕྱིར་གང་དྲན་སྨྲས། །དགེ་བས་འགྲོ་ཀུན་གྲོལ་བར་ཤོག །ཅེས་རིག་གྲོལ་དབང་ཕྱུག་ཀརྨ་མདོ་སྡེ་ལ་གདམས་པའོ།། ༈ །།རྒྱལ་ཀུན་ཐུགས་རྗེ་ཟབ་ཡང་ལྷ་ལམ་ལས། །རྨད་བྱུང་བསྟན་པའི་སྙིང་པོ་ཉི་གཞོན་འབུམ། །སྣང་མཛད་རིག་འདུས་བླ་མ་ཧེ་རུ་ཀ །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་སྐྱོང་། དེ་ཡང་ཐོས་བསམ་སྒོམ་འབྲས་ཀྱི་འབྱོར་པ་མི་དམན་ཅིང་། དཔལ་ལྡན་རྗེ་བཙུན་བླ་མ་མཆོག་གི་ཐུགས་རྗེ་བྱིན་རླབས་ཀྱིས་བློའི་པདྨོ་མངོན་པར་བྱེ་བའི་སྐལ་ལྡན་ཚུལ་ཁྲིམས་སྙིང་པོ་ཉིད་ཀྱིས་ཇི་ལྟར་གསུངས་པའི་དོན་གྱི་རྟོགས་ཚུལ་དེ་ལས་ལྷག་པ་ཞིག་ནི་བདག་འདྲར་མ་ཟད་སྐལ་བཟང་གི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱོན་ཀྱང་གསུང་དུ་མེད་པར་འཁུམས་ལགས་ཤིང་། ཁྱད་པར་རྗེ་བཙུན་གྲུབ་ཐོབ་ཆེན་པོ་རྟོགས་པའི་མངའ་བདག་དེ་ལྟ་བུའི་ཞབས་དྲུང་དུ་གདར་ཤ་ལེགས་པར་བཅད་ནས། དཀའ་དཔྱད་སྙིང་


TR002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཀྱི་གོ་ཆ་ཆེན་པོ་དང་ལྡན་པས་ཉམས་སུ་བླངས་པ་དེ་ལས་ཁྱད་པར་དུ་འཕགས་པའི་བོག་འདོན་ནུས་པ་ཞིག་ནི་ཁོ་བོ་ལྕགས་ལ་ནམ་ཡང་མ་མཆིས་ཤིང་འོན་ཀྱང་ད་དུང་ཡང་། རང་རིག་པ་ཡེ་གདོད་མ་ནས་དག་པ་ཆེན་པོར་ལྷུན་གྱི་གྲུབ་པའི་ངོ་བོ་ལ། བློ་བུར་ལྷན་སྐྱེས་ཀྱི་དྲི་མས་འཐུམས་པ་དབུལ་པོའི་ཁྱིམ་གྱི་ནོར་བུ་དེ་ཉིད་དང་། བླ་མས་ཐབས་མཁས་སྣ་ཚོགས་པའི་སྒོ་ནས་རང་ངོ་སྤྲད་དེ་སངས་རྒྱས་ལག་བཅངས་སུ་སྩལ་བ་འདི་ཉིད། ཐོག་མར་ཞི་གནས་ཀྱི་བྱེ་བྲག་གི་སྐབས་མཚོར་བསྒྲིམ་བཅུར་རྩད་དཔྱོད་སྣ་ཚོགས་པའི་རྟོགས་པར་བྱས་མོད་ཀྱི། ད་ནས་རང་བྱུང་གི་རང་འགྲོས་ཆོས་ཉིད་རྣམ་རོལ་ཆེན་པོའི་ངང་ནས། རང་ཤར་རང་རིག་རང་གྲོལ་ཆེན་པོར་ཉམས་སུ་བླངས་བ་ལས་སྤྲོས་པ་ཞིག་ནི་མི་དགོས་པར་ཐག་ཆོད་ལ། གནས་ན་ཆོས་ཉིད་ཀྱི་རང་ལུགས། འགྱུ་ན་ཡེ་ཤེས་ཀྱི་


TR002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྩལ། ཅིར་སྣང་དོན་དམ་གྱི་བླ་མ་དང་ལྷའི་རང་བཞིན་ཁོ་ན་མ་གཏོགས། །བཟང་ངན་གྱི་བྱེ་བྲག་བདེན་གྲུབ་རྡུལ་ཙམ་མེད་པར་གང་ཤར་ཆོས་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ། །དེ་ཉིད་ཀྱང་ཡེ་ནས་ཡིན་པ་མ་གཏོགས་གནས་སྐབས་བློས་བྱས་གོ་ཡུལ་གྱིས་བཅོས་པ་མ་ཡིན་པ་དང་། འཕྲལ་སྣང་རྣམ་རྟོག་གི་འཕྲོ་འདུ་རྣམས་ཀྱང་། གཞི་ལམ་རྒྱུ་སེམས་ཅན་གྱི་སྐབས་སུ་འཁྲུལ་རྟོགས་སྣ་ཚོགས་ཀྱི་འཆར་ཚུལ་ལམ་རྣལ་འབྱོར་པའི་སྐབས་སུ་ཉམས་མྱོང་འཆར་སྒོའི་བྱེ་བྲག །འབྲས་བུ་སངས་རྒྱས་ཀྱི་སྐབས་སུ་མཁྱེན་བརྩེ་མཛད་ཕྲིན་གྱི་རྣམ་རོལ་ཡིན་ཕྱིར། །དེས་ན་རྣམ་པར་རྟོག་པ་སྤོང་ཡང་མི་སྤོང་། བསྒྱུར་ཡང་མི་བསྒྱུར། དགག་ཀྱང་མི་དགག་པར། །རང་ཤེས་རིག་པའི་རྒྱལ་པོས་ངོས་ཟིན་ན་ཐམས་ཅད་ཀྱི་རོལ་པར་ལྷུན་གྱིས་གྲུབ་ཚེ་སྒོམ་དུ་མ་གྱུར་པའི་དངོས་པོ་སྐྲ་རྩེ་ཙམ་ཡང་མ་ལུས་ཤིང་། སྣང་གྲགས། སྐྱིད་སྡུག་


TR002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན། ལེགས་ཉེས་སོགས་མཐའ་དག་བདེན་མེད་སྒྱུ་མ་ཡེ་ཤེས་འཁོར་ལོ་ཉིད་དུ་ལ་བཟློས་ཤིང་། དེ་ཚེ་ཆོས་གཞན་བྱ་རྒྱུས་དབེན་ལ། འཁོར་འདས་བདེ་སྡུག་རེ་དོགས་ཀྱི་རྫུན་ཁུངས་དིབ་ཅིང་འབྲས་བུ་ཡེ་རྫོགས་ཆེན་པོར་གཏན་སྲིད་ཟིན་དེ་ལྟ་བུ་ཉམས་བཞེས་ལས་རྣམ་པ་ཀུན་ཏུ་མ་གཡོས་པར་གནང་འཚལ་ལགས།། ༈ །།ཐེག་ཆེན་བསྟན་དར་འགྲོ་རྣམས་བདེ་ལ་འཁོད། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་མཐར་ཕྱིན་ཅིང་། །ཕྱོགས་དུས་གནས་སྐབས་དགེ་ལེགས་ཕུན་ཚོགས་འཕེལ། །མ་ལུས་ཀུན་བཟང་དགོངས་པའི་ཀློང་གྲོལ་ཤོག །བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ། །དཔའ་བོ་རྣལ་འབྱོར་མ་ཚོགས་ཆོས་སྲུང་བཅས། །བྱིན་རླབས་ཐུགས་རྗེ་ཕྲིན་ལས་ནུས་སྟོབས་མཐུས། བཀྲ་ཤིས་རབ་འབྱམས་ཕྱོགས་མཐར་ཁྱབ་གྱུར་ཅིག །ཅེས་པ་ནི། སྟོན་སྒོམ་ཚུལ་ཁྲིམས་སྙིང་པོའི་རྟོགས་པ་ཕུལ་བའི་ལན་དུ་གདམས་པ་ཨྠྀི།


TR002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་སྐལ་ལྡན་སྙིང་གི་བུ་ཁྱོད། །དལ་འབྱོར་དམ་པ་ལན་ཅིག་ཐོབ་འདི། །དོན་མེད་སྟོང་ཟད་ཡེངས་ལམ་མ་གཏངས། །རྩེ་གཅིག་སྒྲུབ་པ་སྙིང་པོར་དྲིལ་བས། །བླ་མའི་སྐུ་དྲིན་ཆོས་ཀྱིས་འཁོར་མཛོད། །འཇིག་རྟེན་བྱ་བ་སྨིན་ལམ་ཇི་བཞིན། །ཟང་ཟིང་སྙན་གྲགས་ཤེས་ཤེས་ཕེར་ཡོང་། །ཐམས་ཅད་བདུད་ཀྱི་གཡབ་ཤིང་ཁོ་ནར། །མཁྱེན་བཞིན་བྱ་བ་སྙིང་ནས་མཐོང་མཛོད། །རང་སེམས་ཡེ་ནས་སྐུ་གསུམ་ལྷུན་གྲུབ། སྣང་གྲགས་ལྷ་སྔགས་ཆོས་ཉིད་འཁོར་ལོ། །གང་ཤར་འཛིན་མེད་ཅེར་གྲོལ་ཀློང་ནས། །སྒོམ་མེད་ཡེངས་མེད་འཁོར་ཡུག་སྐྱོང་མཛོད། །འཇིག་རྟེན་བྱ་བློ་ཡིས་ཐེངས་ཀྱང་། །འཁོར་འདས་རེ་དོགས་གཉིས་འཛིན་སྒྲོགས་ཀྱིས། །རང་སེམས་འཆིང་བས་སྲིད་ལས་མི་འཕགས། །རེ་དོགས་ཞེན་འཛིན་ཐག་པ་ཆོད་མཛོད། །གང་བྱུང་བླ་མའི་ཐུགས་རྗེར་ཤེས་ཤིང་། །དཀའ་ཐུབ་སྙིང་རུས་ཡུས་ཀྱིས་མ་དྲེགས། །སྒོམ་ཡུན་ཤི་དང་མཉམ་པ་མཛོད་


TR002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འཁོར་བའི་གཡུལ་ལས་རྒྱལ་བར་ངེས་སོ། །སྙིང་གཏམ་ཚིག་གསུམ་གདམ་ངག་འདི་ཉིད། །རྣལ་འབྱོར་འཇའ་ལུས་བསྟན་འཛིན་མཆོག་ལ། །སྣ་ཚོགས་རང་གྲོལ་གང་དེས་སྨྲས་པའི། །དགེ་བས་མཁའ་ཁྱབ་འགྲོ་གྲོལ་གྱུར་ཅིག །ན་མོ་གུ་རུ། དེ་ཡང་ཆོས་ཐམས་ཅད་ཡང་སྙིང་རྫོགས་ཆེན་ཟབ་པའི་མཐར་ཐུག་གི་དགོངས་དོན་བླ་ན་མེད་པ་ཉིད། རྗེ་མཚན་ལྡན་བླ་མས་ལྷུག་པར་བསྟན་ཅིང་ངོ་སྤྲད་པའི་གནད་འགགས་དེ་ཉིད་ཁོ་ན་ལ་ཆིག་དྲིལ་དུ་འབད་ན། ཐེག་པའི་བྱེ་བྲག་གང་གདམས་པའི་གནད་གསང་མཐའ་དག་གི་རང་འཚང་ལོན་ལོན་ཕྱིར། ཀུན་རྫོབ་འཁྲུལ་པའི་ར་རི་བྱིས་པ་མགོ་སྐོར་གྱི་ཆོས་རྣམས་ཐམས་ཅད་རྨི་ལམ་གྱི་ལྟད་མོ་ལྟར་འགྱུར་བ་གོར་མ་ཆགས་ཤིང་། དེའི་ཚེ་ལམ་གྱི་ཆ་རྐྱེན་རྨི་ལམ་འོད་གསལ་རོ་སྙོམ་ཐབས་ལམ་སོགས་ཀྱི་ཟབ་གནད་རྣམས་ཀྱང་གནས་སྐབས་སུ་ལམ་རྟགས་ཀྱི་ཡོན་ཏན་དང་བོགས་འདོན་ཆེ་བར་གཞིར་བཅས་


TR002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། མཐར་ཐུག་དོན་གྱི་སྙིང་པོ་གནད་གསང་འདི་ཉིད་མ་རིགས་ན་ཁམས་གསུམ་གྱི་གོ་འཕང་ལས་མི་འདའ་བས། དེས་ན་ཀ་དག་རང་རིག་རང་བབ་ཆེན་པོར་བསྒོམ་མེད་མ་བཅོས་ལྷུག་པ་ཡེ་ཇི་བཞིན་པའི་གནས་ལུགས་ལ་བཟོ་བཅོས་ཀྱི་ལྷད་དང་མ་འདྲེས་པར། གུ་ཡངས་ཁྱབ་གདལ་ཆེན་པོའི་ངང་ལས་མ་གཡོས་ཤིང་། འགྲོ་འདུག་ཟ་ཉལ་སྐྱིད་སྡུག་དལ་བྲེས་ལེགས་ཉེས་ཐམས་ཅད་དང་བསྲེ་ཞིང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཆེན་པོའི་ཀློང་ནས། དཔལ་ལྡན་བླ་མ་མཆོག་གི་ཞབས་འབྲིང་ལ་བརྩོན་པར་ཞུ། འདིས་མཚོན་དགེ་བ་མ་ལུས་གཅིག་བསྡོམས་པའི། །དགེ་འབྲས་མི་ཟད་མཐུ་ཡིས་འགྲོ་ཀུན་ཀྱང་། །འདི་དོན་རྟོགས་ནས་འཁོར་བ་དོང་སྤྲུག་ཅིང་། །ཀུན་བཟང་ཡངས་པ་ཆེན་པོར་གྲོལ་བར་ཤོག །ཅེས་པ་ནི། བདེ་ཆེན་སྟོང་གསལ་མེ་དཔུངས་རྩལ་ལ་གདམས་པའོ།། ༈ །།ན་མོ་གུ་རུ་རཏྣ་བྷྱཿ སྐལ་ལྡན་སྤྲུལ་


TR002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེས་མཆོག་གསོན་མཛོད་དང་། །དམ་ཆོས་གཤའ་མ་སྙིང་ནས་མཛད་དགོངས་ན། ཁ་ཤས་ཚིག་གི་དགོས་དུས་ཕན་པར་དཀའ། །རང་ཉིད་མ་སྨིན་གཞན་དོན་སྐལ་བས་དབེན། །བྱ་བྱེད་བློ་མང་མི་ཚེ་སྟོང་ཟད་རྒྱུ། །དགོན་འཛིན་འཁོར་སྐྱོང་རང་དོན་རླག་པར་ཟད། །བྱ་བཏང་རི་ཁྲོད་གྲུབ་ཐོབ་ཕ་ཕོག་ཡིན། ཅིས་ཀྱང་བླ་མའི་གདམ་ངག་བསྒོམ་པར་ཞུ། །གདོད་པའི་གནས་ལུགས་ཆོས་སྐུ་རང་ལ་མཆིས། །མ་རྟོགས་འཁྲུལ་པས་འཁོར་བའི་གཏིང་རྡོ་བྱེད། །རིག་དང་མ་རིག་འཁོར་འདས་ལམ་གྱིས་ཕྱེས། །རང་རིག་རྗེན་པ་རྟོག་ན་དེ་ཀ་རང་། །གནས་ལུགས་རང་བབ་སྐྱོང་གནད་མི་ཤེས་ན། །འཇུར་སྒོམ་སྡུག་བཙིར་སྲོག་རླུང་ལྡང་བའི་རྒྱུ། །འཕྲོ་གནས་འགྱུ་རྟོགས་གང་ཤར་གདོད་དེད་ལས། །དགགས་བསྒྲུབ་རེ་དོགས་སྒོམ་གྱི་བྱུར་རྡོ་ལགས། །སྣང་གྲགས་རྒྱལ་བའི་དཀྱིལ་འཁོར་རང་སེམས་


TR002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མདངས། །ལྷུན་གྲུབ་འོད་སྣང་སྣོད་བཅུད་དག་པའི་དབྱིངས། །ཐམས་ཅད་ཟུང་འཇུག་མཉམ་ཡང་ཁྱབ་གདལ་ཀློང་། །ཡོངས་འཛིན་ཞེན་པ་མེད་པར་སྐྱོང་མཛོད་དང་། །བདག་འཛིན་ཟད་ན་བར་ཆད་ཡུལ་དང་བྲལ། །དག་སྣང་འབྱོངས་ན་འགྲོ་དོན་ལྷུན་གྱི་གྲུབ། །ཉམས་རྟོག་མཐར་ཕྱིན་སངས་རྒྱས་བསྒྲུབ་རྒྱུས་དབེན། ཚེ་གཅིག་བྱང་ཆུབ་གཏན་སྲིད་འཛིན་པར་ཞུ། །ཅེས། སྤྲུལ་པའི་སྐུ་མཆོག་ཀུན་བཟང་ཆོས་དབྱིངས་རྣམ་རོལ་ལ་ཕུལ་བའོ། ཨེ་མ། སྐལ་ལྡན་རིག་པ་འཛིན་པ་ཁྱེད་ཀྱིས། །ཇི་ལྟར་བྲིས་པའི་དོན་འབྲས་དེ་བཞིན། །ཐེག་པའི་མཐར་ཐུག་རྫོགས་པ་ཆེན་པོའི། །ཉམས་ལེན་སྐྱོང་ཚུལ་འདི་བཞིན་མཛོད་དང་། །གཞི་ལམ་འབྲས་སོགས་ཁ་བཤད་མང་པོས། །སྒོམ་ཆེན་ལྟ་བ་ཁ་ཁྱེར་མིན་པར། །རང་རིག་སོ་ལ་མ་བཅོས་གནས་ལུགས། །དེ་ཉིད་བཟོ་མེད་ལྷུག་པར་ཞོག་དང་། །དེ་ལས་སྣང་བ་རྣམ་རྟོགས་ཅིར་འཆར། དགགས་བསྒྲུབ་


TR002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བསྒྱུར་ཞེན་འཛིན་མེད་པར། །དེ་ཀའི་ངོ་ཐོག་ཅེར་གྱི་ལྟོས་དང་། །རྦ་རླབས་རྒྱ་མཚོའི་ངང་ལས་མི་འདའ། །རྐྱེན་ངན་ན་ཚ་སྡུག་བསྔལ་གང་བྱུང་། །སྟོང་ཉིད་ཡེ་ཤེས་དོན་དང་བསྲེ་ཞིང་། །ཀུན་རྫོབ་རྨི་ལམ་ལྟ་བུའི་ཚོར་བ། །འགྲོ་བའི་སྡིག་སྡུག་འཁུར་བློར་སེམས་བསྐྱེད། །སེམས་ཉིད་གནས་སམ་མཉམ་གཞག་ངོ་བོ། །འཕྲོ་བར་སྣང་ཡང་ཆོས་ཉིད་རང་རྩལ། །གནས་འགྱུ་གང་ཡང་རང་ངོ་རིག་ན། །ཐམས་ཅད་སྐུ་གསུམ་ལྷུན་གྲུབ་ཆེན་པོ། །ཉོན་མོང་ངན་གོམ་རང་ཁར་མི་གཏང་། །བཟང་ལོད་ངར་འཛིན་མངའ་ཐང་མི་བསྐྱེད། །རང་བབ་ཆོས་སྐུ་སྤྲོས་བྲལ་ཀློང་ནས། །དག་སྣང་མོས་གུར་སྙིང་རྗེར་རྩལ་སྦྱངས། །ཉིན་མཚན་རྨི་ལམ་འཆི་ཁ་བར་དོ། །ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པས། །འཁོར་བའི་རུ་ལོག་ཆོས་སྐུ་ཁོར་ཡུག །ཀ་དག་ལྷུན་གྲུབ་བརྩན་ས་བཟུང་མཛོད། །ཉམས་ལེན་འགགས་དོན་ཚིག་


TR002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གནད་དྲིལ། །མཁའ་འགྲོའི་ཚོགས་ཁང་རྒོད་ཚང་ཕུག་ནས། །མགུར་དབྱངས་སྙན་པོའི་གདབ་ལེན་ཕུལ་བས། །འདི་ཡི་དགེ་བས་འགྲོ་བ་གྲོལ་གྱུར་ཅིག །ཅེས་དབོན་པོ་ཀརྨ་དོན་འགྲུབ་ལ་གདམས་སོ།། ༈ །།སྲིད་པ་གསུམ་ན་ཟླ་བྲལ་བའི། །བླ་མ་ཡིད་བཞིན་ནོར་བུ་མཆོག །དམིགས་མེད་བརྩེ་ཆེན་ཐུགས་རྗེ་ཡིས། །དུས་དང་རྣམ་པ་ཐམས་ཅད་དུ། །གཡེལ་བ་མེད་པར་གཟིགས་སུ་གསོལ། །འཁོར་བ་མཐའ་མེད་གཏན་འཁྱམས་པའི། །ཉམས་ཐག་རྨོངས་པའི་འགྲོ་བ་ཀུན། །བདེ་ཆེན་བྱང་ཆུབ་སྙིང་པོའི་ཞིང་། །མྱུར་བ་ཉིད་དུ་བསྒྲོད་པར་ཤོག །ཀྱཻ། སྐལ་ལྡན་གྱི་རྣལ་འབྱོར་པ་གསོན་དང་། འཁོར་བའི་སྡུག་བསྔལ་ནི་ཤུགས་དྲག ཚེ་འདིའི་སྣང་བ་ནི་ཡུན་ཐུང་། བག་ཆགས་ངན་པ་ནི་ཚན་ཆེས། ཉམས་ལེན་སྙིང་པོ་རྩེ་གཅིག་ཏུ་དྲིལ་ནས་འཁོར་བའི་གཡུལ་ལས་ད་རེས་རྒྱལ་བ་ཞིག་མ་བྱུང་ན། ཅི་བྱས་དོན་མེད་ཀྱི་རང་བཞིན་ཁོ་ན་ལས་མ་འདས་


TR002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེས་ན། གང་ལའང་ཞེན་པ་མེད་པར་ཚེ་འདི་བློ་ཡིས་ཐོང་ལ་ཅིས་ཀྱང་དགོས་མེད་བསོམ། རང་རིག་ཆོས་སྐུའི་རང་ཞལ་མ་མཐོང་ན་མི་ཚེ་ཆོས་ལ་བསྐྱལ་བར་བརློམ་ཀྱང་འཆི་ཁར་ཕན་པ་མེད། ཡེངས་མེད་དྲན་རིག་མ་བསྐྱངས་ན་རྣམ་རྟོག་རང་དགར་འཆོར། རྐྱེན་ངན་ལམ་དུ་མ་ལྷོངས་ན་སྒོམ་གྱི་བོག་མི་འཐོན། བླ་མ་སངས་རྒྱས་སུ་མ་མཐོང་ན་བྱིན་རླབས་ཀྱི་མཚན་ཁ་མི་འབབ། སྙིང་རུས་རྩེ་གཅིག་མ་བྱས་ན་ཉམས་རྟོགས་ཀྱི་དྲོད་རྟགས་མི་འབྱུང་བས། དེས་ན་སྐྱིད་སྡུག་ལེགས་ཉེས་བཟང་ངན་གྱི་འཆར་སྒོ་སྙེད་པ་གང་ཤར་རང་གྲོལ་ཁྱབ་གདལ་ཆེན་པོར་ཐག་ཆོད་པའི་ངང་ནས། དག་སྣང་མོས་གུས་སྙིང་རྗེ་བྱང་སེམས་དམ་སྡོམ་ཐམས་ཅད་རང་སེམས་དཔང་དུ་ཚུགས་པའི་ངང་ནས། དོན་གཉིས་ལྷུན་གྲུབ་ཏུ་མཛད་འཚལ། ཅེས་རྣལ་འབྱོར་མཐོང་གྲོལ་རྒྱལ་


TR002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གདམས་སོ།། ༈ །།ཀྱེ་མ་དལ་འབྱོར་མི་ལུས་ཡང་ཡང་མི་ཐོབ་ད་རེས་སྟོང་ལོག་མ་བྱེད་དོན་དང་ལྡན་པར་མཛོད། འདུས་བྱས་མི་རྟག་མྱུར་དུ་འཆི་དུས་ཆོས་མིན་ཅིས་ཀྱང་ཕན་པ་མེད། འཁོར་བ་སྡུག་བསྔལ་ཁོ་ན་འདི་ལས་མྱུར་དུ་ཐར་ཐབས་དམ་པའི་ལྷ་ཆོས་འབད་ཆོས་ཀྱི་ རྣམ་གྲངས་མང་ཀྱང་སངས་རྒྱས་ཐོབ་པའི་ཉེ་ལམ་སྒོམ་ལས་གཞན་མ་ཡིན། སྒོམ་ཞེས་མིང་དུ་བཏགས་པ་དེ་ཡང་དོན་ལ་དམིགས་གཏད་བསྒོམ་རྒྱུ་རྡུལ་ཙམ་མེད། མ་རིག་འཁྲུལ་སྣང་འདི་ཡི་རྗེས་སུ་འབྲེང་ན་འཁོར་བའི་ས་བོན་ཉིད་དུ་འགྱུར། རང་སེམས་སྐུ་གསུམ་དབྱེར་མེད་ཡེ་ནས་ལྷུན་གྲུབ་རྟོགས་པས་ཅིར་ཤར་སྒོམ་གྱི་རང་བཞིན་ལགས། ཞེན་འཛིན་འཇུར་སྒོམ་མིན་པར་རང་རིག་རང་འགྲོས་བབ་ལུགས་སྐྱོང་བ་གནད་ཀྱི་དམ་པ་སྟེ། བློ་གྲོས་བཅོས་རྒྱས་འདེབས་མི་བྱེད་གང་སྣང་ཅིར་ཤར་རིག་པས་ངོ་ཤེས་ཙམ་གྱིས་ཆོག །རང་ངོ་ཤེས་པའི་


TR002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཁྱབ་གདལ་ཀློང་ནས་སྣང་གྲགས་བཟང་ངན་རྟོག་ཚོགས་ཐམས་ཅད་ལམ་དུ་ཁྱེར། ཀུནབཟང་ཐིག་ལེ་ཉག་གཅིག་དབྱིངས་ནས་དག་སྣང་མོས་གུས་སྙིང་རྗེའི་རྩལ་ཆེན་སྦྱོངས། ད་ལྟ་ཤི་ཡང་འགྱོད་མེད་གདེང་ཚད་ཀ་དག་ལྷུན་གྲུབ་བརྩན་ས་ཟིན་པར་མཛོད། འདི་ལྟར་གདམས་པའི་དགེ་བས་འགྲོ་ཀུན་འདི་དོན་རྟོགས་ནས་ཆོས་སྐུར་གྲོལ་བར་ཤོག །ཅེས་པ་ནི། དད་ལྡན་ནམ་མཁའ་ཆོས་དབང་ལ་གདམས་པ་ཨིྀྠ།། ༈ །།མཉམ་མེད་བླ་མའི་ཞབས་ལ་བཏུད་ནས། །དད་ལྡན་མཁའ་སྤྱོད་དབང་པོས་བསྐུལ་ངོར། །སྙིང་གཏམ་གདམ་ངག་ཅུང་ཟད་བཤད་ཀྱི། ཁ་ཁྱེར་མ་ཡིན་སེམས་ལ་སྦྱོར་མཛོད། །དལ་འབྱོར་མི་ལུས་སྐྱོན་མེད་ཐོབ་ཅིང་། །ཐེག་ཆེན་དགེ་བའི་བཤེས་དང་མཇལ་དུས། །རྣམ་གཡེངས་ལེ་ལོ་ཆོས་མིན་སྤངས་ཏེ། །བཀའ་སྤྱད་སྙིང་རུས་ཆོས་ཕྱོགས་གྱིས་དང་། །སྙིགས་དུས་ཆོས་པའི་གཟུགས་བརྙན་མང་ཀྱང་། །ཆོས་མཐུན་


TR002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མོའི་སྐར་མ་ཇི་བཞིན། །སྡིག་སྤྱོད་བསྟན་པའི་ཆོམ་རྐུན་མང་བའི། ཚུལ་འདིར་བསོམ་ལ་རང་མགོ་སྒྲིམ་རན། །འཇིག་རྟེན་བྱ་བ་དོན་མེད་ལས་ལ། །ལུས་སྲོག་ལོངས་སྤྱོད་ཆུ་ལ་འཕོ་ལུགས། །འདི་འདྲ་བསམ་ནས་ཆོས་ཕྱིར་བརྩོན་འགྲུས། །འགྱོད་པ་མེད་ཅིག་ཅིས་ཀྱང་བགྱིས་དང་། །རང་སེམས་སངས་རྒྱས་རང་ངོ་ཤེས་ནས། །ཀ་དག་ལྷུན་གྲུབ་ཉམས་ལེན་རྩེ་གཅིག །གྲུབ་ཐོབ་གོང་མའི་རྣམ་ཐར་འཁྱོངས་ཤིང་། །འཆི་ཁར་འགྱོད་མེད་གྲབ་ཆུད་ཀྱིས་དང་། །རྣམ་རྟོག་འགྱུ་དྲན་ཕྲ་རག་ཀུན་ལ། །མི་འགེགས་མི་བསྒྱུར་རྗེས་སུ་མི་འབྲངས། །རང་བབས་མ་བཅོས་ལྷུག་པར་ཞོག་ལ། །ཅིར་སྣང་ཆོས་ཉིད་ཀློང་དུ་གློད་དང་། །དད་དང་དམ་ཚིག་བླ་མ་མཉེས་ཤིང་། །ཉམས་རྟོག་གོང་འཕེལ་དོན་གཉིས་འགྲུབ་པའི། །བྱ་བཏང་ཆོས་པའི་ཡང་རྩེ་གྱིས་ཞེས། །སྙིང་གཏམ་ཟབ་མོ་ཡིད་ལ་ཞོག་ཅིག །ཅེས་མཁའ་སྤྱོད་དབང་མོ་ལའོ། །


TR002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་ཀྱི། །ཐུགས་རྗེ་མཁྱེན་རྩེ་མ་ལུས་གཅིག་བསྡུས་པའི། །དཔལ་ལྡན་བླ་མ་རིག་ཀུན་ཁྱབ་བདག་མཆོག །ཞབས་ལ་རྣམ་པ་ཀུན་ཏུ་ཕྱག་བགྱིའོ། ཨེ་མ། སྐལ་ལྡན་གྱི་རྣལ་འབྱོར་པ་ལེགས་པར་གསན་འཚལ། འོ་སྐོལ་ད་ལན་དལ་འབྱོར་གྱི་མི་ལུས་ཕུན་ཚོགས་ནི་ཐོབ། ཐེག་ཆེན་གྱི་བསྟན་མཆོག་རིན་པོ་ཆེ་དང་ནི་མཇལ། དམ་ཆོས་ཚུལ་བཞིན་སྤྱོད་པའི་སྐལ་བ་དང་རང་དབང་ཡོད་པའི་དུས་འདིར་མི་ཚེ་སྟོང་ཟད་དོན་མེད་དུ་མ་སོང་བར་གཏན་གྱི་མདུན་མ་ཡང་དག་འགྲུབ་པ་ཞིག་མཛད་འཚལ། བསྟན་པའི་རྣམ་གྲངས་ནི་མཐའ་ཡས། ཐེག་པའི་འཇུག་སྒོ་ནི་གྲངས་མང་། བཤད་པའི་ཚིག་ཚོགས་ནི་རྒྱ་ཆེ་ཡང་དོན་གྱི་སྙིང་པོ་ཉམས་ལེན་ཞིག་མ་ནུས་ན་ཆོས་ཀྱི་གླེགས་བམ་འབུམ་ཕྲག་བློ་ལ་ཡོད་ཀྱང་འཆི་ཁར་ཕན་ངེས་


TR002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཞིང་། ཐོས་བསམ་ཤེས་བྱའི་ཡོན་ཏན་དཔག་མེད་མཆིས་ཀྱང་སེམས་རྒྱུད་ཆོས་དང་མ་མཐུན་ན་ཉོན་མོངས་ཀྱི་དགྲ་བོ་མི་འཐུལ་ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་ནང་ནས་མ་བསྟུང་ན་སྟོང་ཁམས་ལ་རང་དབང་བསྒྱུར་ཀྱང་འདོད་པ་མཆོག་ཤེས་མི་འབྱུང་། ནམ་འཆི་ཆ་མེད་ཀྱི་སྔ་གྲབ་མྱུར་དུ་མ་བྱས་ན་ཤི་ཁར་དགོས་ངེས་ཀྱི་དོན་ཆེན་མི་འགྲུབ། རང་སྐྱོན་རང་གིས་འདུལ་ཞིང་དག་སྣང་ཕྱོགས་མེད་མ་སྦྱངས་ན་ཆགས་སྡང་ཀུན་སློང་ཅན་ནི་ཐེག་ཆེན་གྱི་ཁྱུར་མི་ཆུད། ཁམས་གསུམ་རིས་དྲུག་གི་སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མར་མ་གྱུར་པ་སུ་ཡང་མེད་པས་སྙིང་རྗེ་བྱང་སེམས་རྒྱུན་ཆད་མེད་པའི་སྒོ་ནས་སྨོན་ལམ་རྣམ་དག་མ་བཏབ་ན་གཞན་གྱི་གཏེར་ཁ་མི་ཕྱེད། དྲིན་ཅན་གྱི་བླ་མ་ལ་སངས་རྒྱས་ལས་ལྷག་པའི་མོས་གུས་མ་བྱས་ན་བྱིན་རླབས་ཀྱི་མཚན་ཁ་མི་འབྱུང་། བྱིན་རླབས་ཤ་མ་ཞིག་


TR002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞུགས་ན་ཉམས་རྟོགས་ཀྱི་མྱུ་གུ་མི་སྐྱེ། རྟོགས་པ་ནང་ནས་མ་ཤར་ན་ཁ་བཤད་དང་གོ་ཡུལ་སྐམ་པོས་བྱང་ཆུབ་ཀྱི་འབྲས་བུ་མི་སྨིན་ཅིང་། མདོར་ན་ཆོས་དང་རང་རྒྱུད་མ་འདྲེས་ན་ཆོས་པའི་གཟུགས་བརྙན་ཙམ་གྱིས་ནི་དགོས་པ་མི་ཡོང་ཚེ། སྲོག་འཚོ་ལྷག་སྐྱོབ་ཙམ་ལ་བརྟེན་ཅིང་ཅིས་ཀྱང་དགོས་མེད་བསམ། བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་འདེབས་ལ་བརྩེ་གཅིག་ཏུ་འབད། དགེ་སྦྱོར་ཅི་བྱེད་ཐམས་ཅད་ཕ་མ་སེམས་ཅན་གྱི་དོན་དུ་དམིགས། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་དཀོན་མཆོག་གི་ཐུགས་རྗེར་བསྒོམ། རང་རིག་གང་ཤར་འཛིན་མེད་ཀྱི་ཀློང་ནས་མ་བཅོས་བཟོ་མེད་ལྷུག་པར་གཞག །རྣམ་རྟོག་གང་སྐྱེས་རང་ངོ་ཤེས་པར་བྱས་ན་ཐམས་ཅད་ཀྱི་རོལ་པར་གྲོལ། དམིགས་གཏད་མཚན་མའི་སྒོམ་རྒྱུ་སྤུ་ཙམ་མེད་ཀྱང་ཐ་མལ་འཁྲུལ་འབྱམས་ཀྱི་དབང་དུ་སྐད་


TR002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཀྱང་མི་བཏང་བར་སྤྱོད་ལམ་ཀུན་དུ་དྲིན་པ་ཡེངས་མེད་བྱ། །སྣང་གྲགས་ཚོགས་དྲུག་གང་བྱུང་ཅིར་ཤར་ཐམས་ཅད་བདེན་མེད་རྨི་ལམ་སྒྱུ་མའི་རྩལ་སྦྱངས་བྱས་ལ་བར་དོ་ཉམས་འོག་ཏུ་འཇུག །མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་ཅི་བྱེད་དམ་པའི་ཆོས་སུ་འགྲོ་བར་བྱས་ལ་དགེ་རྩ་འགྲོ་ཀུན་བྱང་ཆུབ་ཏུ་བསྔོ། དེ་ལྟར་མཛད་ན་བླ་མའི་དགོངས་པ་རྫོགས་ཤིང་། བསྟན་པའི་ཞབས་གཏོགས་འགྲུབ། བླ་མའི་དྲིན་ལན་འཁོར་ཞིང་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་བས་འདི་བཞིན་ཐུགས་ལ་བཞག་པར་ཞུ་ཞིང་། བདག་དང་དངོས་སུ་འཕྲད་ཀྱང་གདམས་པ་འདི་ལས་ལྷག་པ་བཤད་རྒྱུ་མེད་པས། དུས་དང་རྣམ་པ་ཀུན་ཏུ་ཐུགས་ཉམས་སུ་བཞེད་འཚལ། །ཅེས། དགེ་སློང་ཀརྨ་དབང་ཕྱུག་ལ་གདམས་པའོ།། ༈ །།སྲིད་པ་གསུམ་ན་འདྲན་ཟླ་མ་མཆིས་པའི་སྐྱབས་གནས་མཆོག་གི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་


TR002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རླབ་ཏུ་གསོལ། ཨེ་མ་སྐལ་ལྡན་གྱི་དགེ་སྦྱོངས་ལེགས་པར་གསན་འཚལ། །དལ་འབྱོར་ཕུན་ཚོགས་བརྙེད་པར་དཀའོ་ད་རེས་དོན་དང་ལྡན་པར་མཛོད། །ནམ་འཆི་ཆ་མེད་སྙིང་ནས་མ་བསམ་ལོང་ཡོས་ལེ་ལོས་མི་ཚེ་ཟད། །ཅིས་ཀྱང་དགོས་མེད་གཏིང་ནས་མ་དྲན་བདུད་ཀྱི་བསླུ་བྲིད་གཡོ་ཐབས་མཁས། །ཚེ་འདི་བློ་ཡིས་བཏང་ནས་གྲུབ་ཐོབ་གོང་མའི་རྣམ་ཐར་རྗེས་ཞུགས་མཛོད། །ཐོས་བསམ་སློབ་གཉེར་ཚིག་ཚོགས་མང་པོས་ངེས་དོན་སྙིང་པོའི་རང་ཞལ་བསྒྲིབས། །ལྟར་སྣང་མཛེས་པའི་སྤྲོས་བཅས་ཆོས་་ཀྱིས་སེམས་ཀྱི་བྱིའུ་ཆུང་སྒྲོག་ཏུ་འབད། །ང་བཟང་གྲུབ་མཐའ་ཞེན་ཕྱོགས་དག་གིས་རང་རྒྱུད་ལྐོ་སྐམ་རེངས་པའི་རྒྱུ། །བློ་ཡི་གཞུ་མོ་ནང་དུ་བཀུགས་ནས་ཆོས་དང་སེམས་སུ་འདྲེས་པར་མཛོད། །སྲོག་འཚོ་གྱི་ན་ལྷག་སྐྱབས་ཙམ་ལ་ཆོག་ཤེས་རང་ཚོད་རང་གིས་


TR002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་། །དོ་ནུབ་ཨེ་འཆི་དེ་བར་གཡེལ་མེད་དགེ་ལ་འབད་པ་ངང་གིས་བསྐུལ། །ཆོས་པའི་མལ་དུ་ཐ་མལ་རོ་ཁོག་ལུས་ན་སེར་གཟུགས་དགོས་པ་ཅི། །བླ་མའི་གདམ་ངག་རྩེ་གཅིག་ཉམས་བླངས་སྒྲུབ་པའི་ཞབས་གཏོགས་མཐར་ཕྱིན་མཛོད། །ཟབ་ཟབ་ཡིན་སྣ་ཁ་མང་ཀྱང་རང་སེམས་རང་ངོ་ཤེས་པ་དཀོན། ཐོབ་ཐོབ་ཞུ་ལོ་བསྒོམ་མོ་མཁན་ཚོ་རྐྱེན་ངན་བྱུང་དུས་རང་འཚངས་སྟོན། །མ་བཅོས་ཀློང་ཡང་རང་བབ་ངང་ནས་དྲན་རིག་ཡེངས་མེད་བྱ་རས་བསྐྱངས། །སྟོང་ཉིད་རང་རྩལ་མོས་གུས་དག་སྣང་སྙིང་རྗེའི་གྲོགས་དང་མ་བྲལ་མཛོད། །དམ་ཚིག་སྡོམ་པ་ངོས་ལྐོག་མེད་པར་ཚེ་དང་སྒྲུབ་པ་ལྷན་ཅིག་འགྲོགས། །ང་རྒྱལ་ཁེ་གྲགས་ལོ་འདོད་སྤངས་ཤིང་བཟང་ངན་འབྲིང་ཀུན་སྤྱི་བོར་འཁུར། །ཀུན་དང་མཐུན་པ་རང་འཚོ་ཐུབ་པས་ལོག་ལམ་མ་གོལ་བླ་མའི་དྲིན། །ལེགས་པར་བསམ་ནས་ཐར་པའི་


TR002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་ད་ལན་ཐོབ་མཛོད་སྙིང་གཏམ་ལགས། །དེ་ལྟར་ལྷག་བསམ་དགེ་བ་ཡིས། །ལེགས་པར་གདམས་པ་འདིས་མཚོན་དགོས། །མ་གྱུར་མཁའ་མཉམ་འགྲོ་ཀུན་ཀྱང་། །མ་ནོར་བྱང་ཆེན་ལམ་ཞུགས་ཤོག །ཅེས་པ་འདི་ནི་དགེ་སྦྱོངས་ཀརྨ་རིག་འཛིན་ལ་གདམས་པའོ།། ༈ །།སྐྱབས་མཆོག་བསླུ་མེད་ཀྱི་བླ་མ་དང་། །དབྱེར་མེད་རང་རིག་ཆོས་ཀྱི་སྐུ། །ཡིན་ལུགས་རྟོགས་པའི་མནྜལ་དང་། །འདུ་འབྲལ་མེད་པ་ཕྱག་གིས་མཆོད། །སྲིད་ཞི་གཏན་སྒྲོལ་གྱི་དངོས་གྲུབ་ཞུ། ཨེ་མ། གསོན་དང་སྐྱེས་མཆོག་བླ་མའི་བུ། །སྔོན་འཁོར་བ་ཐོག་མེད་ད་བར་དུ། །ལུས་དེ་ཙམ་བླངས་ཤིང་དོར་བྱས་ཀྱང་། །སེམས་འཁྲུལ་པའི་བག་ཆགས་མ་སངས་པས། །འཁོར་བར་གཏན་འཁྱམས་འདི་ཨ་རེ་སྐྱོ། །དལ་འབྱོར་ཕུན་ཚོགས་ཐོབ་ནས་ཀྱང་། །མཚན་ལྡན་རྗེ་དང་མཇལ་གྱུར་ཞིང་། །རྒྱལ་བསྟན་


TR002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ་ཞུགས་བྱས་ཀྱང་། །ཚེ་འདི་དོན་འབའ་ཞིག་བསྒྲུབ་པ་ལས། །ཆོས་སྙིང་པོར་དྲིལ་བ་དཀའ་བར་ཟད། །ཚིག་ཐོས་བསམ་ཀུན་ཐ་སྙད་ཀྱི་མགོ་སྐོར་དང་། །དོན་ཉམས་ལེན་ཡང་རེ་འདོད་ཀྱི་སྒྲོགས་ཀྱིས་བཅིངས། །ལས་བྱས་ཚད་རྣམས་ལྟོ་གོས་ཀྱི་ཁོལ་པོར་སོང་། །གང་ཅི་ལ་བསམ་རུང་ལྷ་ཆོས་དེ། །རྒྱུད་ཐོག་ཏུ་ཁོལ་བ་དིང་སང་དཀོན། །གཞན་དོན་དུ་བཏང་བའི་ཟར་ཟིར་ཀུན། །སག་ཤི་བྲོ་བའི་རྩེ་མོ་འདྲ། །ཐང་ཆད་ཆད་འབུངས་ཀྱང་དོན་གྱིས་དབེན། །འདི་བསམ་ཞིང་སྙིང་གི་དཀྱིལ་ནས་འགྱོད། །གོས་དམར་སེར་གྱོན་ཅིང་སྐྲ་བྲེག་པའི། །མི་རྨུ་རྒོད་ཚོགས་པའི་ཕོ་ཁྲོམ་ལ། །མིང་བསྟན་པར་བཏགས་ནས་ཆོས་མིན་འབད། །ད་འདི་འདྲའི་བླ་མར་མི་སྐྱེ་བར། །སྨོན་ལམ་དེ་ཁ་ཞེ་མེད་པར་འདེབས། །བློ་ཆགས་སྡང་དུག་ལྔའི་མེ་སྤུངས་སྟེང་། །དཀོར་ཟས་ནོར་གྱི་ཤིང་ཚན་ཆེར་


TR002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན་པས། །བླ་མ་ལོག་ལྟས་བསྲེག་པའི་གྲྭ་སློབ་ལ། །བལྟས་ཀྱིན་བློ་ཕུག་སྤྲང་ལ་གཏོད་པར་སྤྲོ། །ལར་རྨི་ལམ་ཙམ་གྱི་མི་ཚེ་འདིར། །ལས་སྡིག་པའི་ས་བོན་དགོན་འཛིན་དང་། །རང་གཞན་གཉིས་ཕུང་གི་འཁོར་སྐྱོང་དེ། །སྔར་བྱས་པ་འགྱོད་ཅིང་འཁྲུལ་བས་སྐྱོ། །ད་རང་མགོ་འདོན་པ་ཡོང་ལ་རེ། །དེ་བདག་འདྲའི་ལོ་རྒྱུས་ཞུས་པ་ལགས།། ༈ །ཁྱེད་མཚུངས་བྲལ་པདྨ་བློ་གྲོས་སོགས། །ཕ་མཚན་ལྡན་གྱི་ཞལ་གདམས་ཐོབ་ངེས་ཚེ། །བློ་ཁ་འཇིག་རྟེན་འཁྲུལ་ཕྱིར་མ་འབྲངས་པར། །སེམས་ཆོས་དང་འདྲེ་ངེས་མཛད་པར་ཞུ། །ཆོས་གྲུབ་མའི་ཆགས་སྡང་ཁ་འཛིན་དང་། །རང་རྒྱལ་འདོད་མཐོ་འདོད་བཟང་འདོད་སོགས། །ངར་འཛིན་འདིས་ཆོས་པ་ཀུན་བཅོམ་པས། །དག་སྣང་གི་མིག་རྒྱ་ཆེ་བར་མཛོད། །ཐོས་བསམ་དང་བསླབ་ཤེས་ཡོན་ཏན་འདིས། །


TR002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་སྐམ་རེང་དུ་གཏང་བ་མང་། །ཀུན་ཉོན་མོངས་ཀྱི་གཉེན་པོར་འགྱུར་ཐབས་ཞིག །གཏིང་དམ་པ་ནས་མཛོད་དང་སྙིང་གཏམ་ལགས། །སྙན་གྲགས་གདུལ་བྱའི་འདུ་ལོང་ལ། །མིང་འགྲོ་དོན་དུ་བཏགས་པའི་ནོར་སྡུད་དང་། །དམ་མེད་གཡོ་ཅན་ཚོགས་པའི་གྲྭ་འཁོར་སོགས། །བླ་མའི་སྐུ་ཚེ་བསྟུང་བའི་དུག་ཆེན་ལགས། །འཆི་བ་སྙིང་དྲན་གྱི་ངེས་འབྱུང་དང་། །ཅིས་ཀྱང་དགོས་མེད་ཀྱི་ཞེན་ལོག་དང་། །ཅི་མཛད་ལེགས་མཐོང་གི་མོས་གུས་སོགས། །ཞེ་ཐག་པར་བསྐྱེད་མཛོད་སྙིང་གཏམ་ལགས། །སྡོམ་དམ་ཚིག་ལ་རང་སེམས་དཔང་གཙུག་དང་། །ཆོས་ཉམས་ལེན་ལ་རང་རྒྱུད་འཐུལ་ནུས་དང་། །གཞན་འགྲོ་ཕན་ལ་རང་འདོད་འཁྲིས་མེད་རྣམས། །དགོས་ངེས་ཀྱང་དཀོན་པར་གཟིགས་ལགས་སམ། །ཆོས་ཐོབ་ཀྱང་ཉམས་སུ་མི་ལེན་དང་། །གཞན་ལ་འཆད་ཀྱང་རང་མ་སྨིན། །མཚོ་འགྲམ་དུ་སྐོམ་གྲིར་ཤི་


TR002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། །སྨན་པ་རང་ནད་ཀྱིས་འཆི་དང་མཚུངས། །རང་དོན་བརྩན་ས་ཟིན་པའི་ཚེ། །གཞན་དོན་མ་འབད་ལྷུན་གྱིས་གྲུབ། །དུས་དིང་སང་གི་གཞན་དོན་ཕལ་མོ་ཆེ། །ལོང་བས་ལོང་ཁྲིད་དུ་གདའ་ལགས་མོད། །ལམ་བསྐྱེད་རིམ་ལ་བརྡའ་དོན་རྟགས་གསུམ་གྱི། །གནད་ཚུལ་བཞིན་ཤེས་པའི་ཉམས་ལེན་དགོས། །ཨ་འཐས་ཀྱི་བསྐྱེད་བཟླས་ཅི་འབད་ཀྱང་། །དངོས་གྲུབ་འབྱུང་བའི་རེ་ཐག་ཆོད། །ཆོས་ཕྱག་རྫོགས་དབུ་མ་ཞི་བྱེད་སོགས། །རྣམ་གྲངས་ཀྱི་བྱེ་བྲག་བསམ་འདས་ཀྱང་། །མ་བཅོས་རང་རིག་ཆོས་སྐུ་དངོས། །རྗེན་པར་མཐོང་མཁན་དཀོན་པར་ཟད། །སེམས་འགྱུ་བ་བཀག་པའི་སྡུག་བརྩིར་དང་། །རྣམ་རྟོག་རྗེས་འབྲེང་གི་འཁྲུལ་བློ་དང་། །སྒོམ་བྱེད་དོ་སྙམ་པའི་བློས་བྱས་སོགས། །ཀུན་བྱང་ཆུབ་ཀྱི་རྒྱུ་རུ་ག་ལ་འགྲོ། །ལྟ་བ་མཐོ་འདོད་ངར་འཛིན་ཡིན། །སྒོམ་


TR002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟང་འདོད་བཅོས་མ་ཉིད། །འབྲས་བུ་ཐོབ་འདོད་རེ་དོགས་ཏེ། །དེ་ཐམས་ཅད་འདོད་བློའི་བདུད་ཀྱི་ཟིན། །བདུད་རང་སེམས་ཀྱི་ཕུགས་སུ་བཅངས་བྱས་ནས། །ཕྱི་བསྲུང་འཁོར་བགེགས་བསྐྲད་འདྲེ་འདུལ་གྱི། །ཐབས་རྟེན་འབྲེལ་འབུམ་ཕྲག་བྱས་ན་ཡང་། །གེགས་བར་ཆད་བཟློག་པར་ཅི་ལ་འགྱུར། །ལར་འཁོར་འདས་དགྲ་གཉེན་ནད་གདོན་དང་། །སྐྱིད་སྡུག་སོགས་བག་ཆགས་འཁྲུལ་སྣང་ཙམ། །འདི་བདེན་པར་མི་བཟུང་ཁྱད་མི་གསད། །སེམས་རྩལ་མདངས་སུ་ཤེས་ན་གཞན་ཅི་དགོས། །ཕྱི་སྣང་གྲགས་ལྷ་སྔགས་ཕུང་ཁམས་ཀུན། །ཡེ་གདོད་ནས་དཀྱིལ་འཁོར་ཆེན་པོར་འགྲུབ། །དེ་མ་རྟོགས་འཁྲུལ་ངོའི་སྣང་བ་འདིར། །ཞེན་འཛིན་གྲོལ་ན་དབང་བཞི་ཐོབ། །མགོ་རྡོལ་རྡོལ་དུ་དབུ་མར་ཞུས་བྱས་ཤིང་། །རྣ་བ་ཚ་ཚར་ཆོས་ཉན་ཀྱང་། རང་སྣང་ལོག་པའི་སོལ་གདོང་དེ། །དངུལ་ཤུགས་ཀྱང་དཀར་པོ་འགྱུར་བར་དཀའ། །ཚེ་བསྐལ་པར་ཐོས་བསམ་སྒོམ་སྒྲུབ་ལ། །


TR002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འབད་རློམ་ཀྱང་རང་རིག་གནས་ལུགས་གཤིས། །འདི་ཇི་བཞིན་མ་རྟོགས་ཐབས་གཞན་གང་། །ཅི་འབུངས་ཀྱང་བྱང་ཆུབ་ཐོབ་པར་དཀའ། །གནད་བླ་མའི་གདམ་ངག་བྱིན་རླབས་བཅུད། །དེས་གསེར་འགྱུར་རྩི་ཐོབ་བཞིན་དུ་གྲོལ།། ༈ །།ཀྱཻ། མང་དུ་བརྗོད་ཀྱང་ཚིག་ལ་ཟད་པ་མེད། །གནད་དོན་སྙིང་པོར་བསྐྱེད་རྫོགས་དབྱེར་མེད་དུ། །མ་ཡེངས་མི་སྒོམ་ཚོགས་དྲུག་ལྷུག་པར་ཞོག །སངས་རྒྱས་ཉེ་ལམ་ཐབས་གནད་འདི་ཀ་ཟབ། །བླ་མ་སངས་རྒྱས་ཐག་ཆོད་གསོལ་བ་གདབ། །འགྲོ་ཀུན་ཕ་མར་ཤེས་པའི་བྱམས་བརྩེ་བསྐྱེད། །ཅིར་སྣང་སེམས་སུ་རྟོགས་པས་ལམ་ཁྱེར་བྱ། །རྒྱུ་འབྲས་ཁྱད་དུ་མི་གསད་དགེ་བ་བསྒྲུབས། །འདི་སྐྱིད་ཞེན་འཛིན་མི་བྱ་ཐུགས་རྗེར་བསམ། །སྡུག་བསྔལ་སྐྱོན་དུ་མི་ལྟ་སྒྲིབ་པ་སྦྱོང་། །རྣམ་རྟོག་བཀག་པའི་མི་ཁེགས་རང་ངོ་ལྟོས། །ཉམས་ལ་བརློམ་སེམས་མི་བྱ་རང་བབས་གློད། །ཉམས་ལེན་རེས་འཇོག་མི་བྱ་རྒྱུན་


TR002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཐུད་འབུངས། །འབྲས་བུ་ཐོབ་རིངས་མི་འགོས་སྒྲུབ་སྙུགས་སྲིང་། །འབྲེལ་ཚད་དགེ་ལ་འཁོད་པའི་སྨོན་ལམ་ཐོབ། །ཉམས་ལེན་སྙིང་པོར་དྲིལ་དང་དོན་མཆོག་འགྲུབ། །བདག་འདྲའི་སྙིང་གཏམ་ཡིན་ནོ་ཐུགས་ལ་བསྟིམ། །དངོས་སུ་མཇལ་ཡང་བཤད་རྒྱུ་དེ་བས་མེད། །བྱང་ཆུབ་བར་དུ་མི་འབྲལ་སྨོན་ལམ་འཚལ། །འདི་ལྟར་གདམས་པའི་དགེ་དེས་འགྲོ་ཕན་ཤོག །ཅེས་ཁམས་ཀ་ཐོག་པ་བླ་མ་བཀྲ་ཤིས་བློ་གྲོས་པོས་བསྐུལ་ངོར་གདམས་པའོ།། ༈ །།ཀྱེ་མ། ལུས་དལ་འབྱོར་གྱི་ལྗོན་པ་ལེགས་བྱས་ཀྱང་། །རྐྱེན་བློ་བུར་གྱི་དགྲ་མགོ་མང་ལ་རྒོད། །འཆི་བ་ཐོག་བབས་སུ་བྱུང་ན་འགྱོད་མེད་ཀྱི། །གདེངས་ཆེན་གྲབས་ཆུད་མཛོད་དང་སྙིང་གཏམ་ལགས། ༡ །འཕྲལ་སྐྱིད་འདོད་ཀྱི་ལྟོ་གོས་རྩོལ་སྒྲུབ་ཀྱི། །ཕུག་དགོས་ངེས་ཀྱི་ལྷ་ཆོས་ཕྱི་བཤོལ་ལུས། །བར་དོའི་འཕྲང་རིང་ལ་འགྲོ་ཚེ་གཏན་རྒྱགས་སུ། །བླ་མའི་གདམ་ངག་སྒོམ་དང་སྙིང་གཏམ་ལགས། ༢ །ཚེ་འདིར་སྣང་


TR002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཛེས་པའི་ཆོས་བརྒྱད་དང་། །མི་ཐམས་ཅད་གང་བའི་ཟང་ཟིང་གིས། །རང་བློ་བཅོལ་ཆུང་གི་ཁ་ལོ་བསྒྱུར་ཉན་ཆེ། །ཞེན་ལོག་གཏིང་ནས་བསྐྱེད་མཛོད༴ ༣ །ཚིག་ཁ་བཤད་རྒྱ་ཆེའི་ཐོས་པ་དང་། །འཕྲལ་ཤེས་ཤེས་རྣམ་གྲངས་མང་པོ་ཀུན། །དགེ་སྦྱོར་རླུང་ཚུབས་ལ་བཀུར་བའི་ཉེར་ལེན་ཡིན། །སྤྲོས་མེད་ཆིག་དྲིལ་གྱིས་དང་སྙིང་༴ ༤ །རྗེ་བླ་མའི་དྲུང་དུ་སྡོད་ཙ་ན། །ཡིད་འགྱུར་མེད་མོས་གུས་མི་བྱེད་པར། །ཅི་མཛད་ལོག་ལྟ་རུ་མཐོང་བའི་གྲྭ་སློབ་མང་། དད་པའི་སྙིང་ཕུར་ཚུགས་དང་སྙིང་གཏམ༴ །གྲོགས་མང་པོའི་དབུས་ན་རང་འདོད་ཀྱི། །བློ་ང་རྒྱལ་མགོ་འཕངས་ཐོན་པོ་ཡིས། །མཆེད་ལྕམ་དམ་སེལ་གྱི་ཐལ་བས་མ་བྱུགས་པར། །དམན་ས་རྟག་ཏུ་བཟུང་མཛོད་སྙིང་གཏམ་ལགས། ༦ ཁོང་ཡོན་བདག་གི་གོ་སར་འགྲིམ་དུས་སུ། །རྒྱུ་ནོར་རྫས་འདོད་པའི་ཟོང་རིན་དུ། །ཟོལ་ཟོག་རྫུན་ཁྲམ་གྱིས་


TR002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མི་མགོ་མ་བསླུ་བར། །རང་སེམས་དྲང་པོར་སྲོང་བ་སྙིང་༴ ༧ །གནས་དབེན་པའི་རི་ཁྲོད་འགྲིམ་ན་ཡང་། །སེམས་ཡེངས་མེད་དྲན་རིག་མ་ལྡན་ན། །ཕྱི་བ་སྤང་ཕུགས་སུ་ཉལ་འདྲས་དགོས་པ་མེད། །གར་འདུག་དགེ་སྦྱོར་འབུངས་མཛོད་སྙིང་༴ །ཆོས་རང་སེམས་ཀྱི་ཐོག་ཏུ་མ་འཁེལ་ན། །མིང་ཆོས་པར་བཏགས་ཀྱང་སྐྱེ་བོ་རང་། །ལུས་ཆས་ཇི་ལྟར་དུ་བསྒྱུར་ཀྱང་འཇིག་རྟེན་པ། །བློ་རྒྱུད་ནང་ནས་འཐུལ་ཅིག་སྙིང་༴ ༩ །སེམས་གང་ཤར་གྱིས་རང་ངོ་མ་ཤེས་ན། །སྒོམ་བློས་བྱས་ཀྱི་ལྷན་པ་ཅི་བཏབ་ཀྱང་། །གནས་ལུགས་ཆོས་ཉིད་ཀྱི་གཏིང་མཐའ་མི་རྟོགས་པས། །གང་ཤར་ལམ་དུ་ལྷོངས་མཛོད་སྙིང་གཏམ༴ ༡༠ །དོན་སྟོང་ཉིད་གཉུགས་མར་ཐག་ཆོད་ཀྱང་། །ལས་རྒྱུ་འབྲས་ཁྱད་དུ་མ་གསད་པར། །སྤྲོས་བཅས་སྤྲོས་མེད་ཀྱིས་ཉམས་ལེན་ཟུང་འཇུག་གིས། །མཁའ་མཉམ་སེམས་ཅན་དོན་མཛད་སྙིང་༴ ༡༡ ༈ །།སྙིང་གཏམ་བཅུ་གཅིག་གདམ་ངག་


TR002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ལྷུན་གྲུབ་ཡེ་ཤེས་འགྱུར་མེད་ལ། །མི་རྒན་སྣ་ཚོགས་རང་གྲོལ་གྱིས། །གདམས་སོ་ཐུགས་ལ་ལེགས་པར་འཆོངས། །དགེ་སྡེས་འགྲོ་ཕན་མཐའ་ཡས་ཤོག །རྗེ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །ཕ་མཚན་ལྡན་བླ་མའི་ཞབས་པད་ལ། །ཡིད་དད་བརྒྱའི་འདུས་པས་ཕྱག་བགྱིད་ན། །མཐུ་མཁྱེན་བརྩེའི་གཟིགས་པ་གཡེལ་མེད་སྩོལ། །རིགས་གྲོལ་གྱི་ཡོན་ཏན་ཕུན་ཚོགས་པའི། ཡོངས་འཛིན་གྱི་བཤེས་གཉེན་རྡོ་རྗེ་འཛིན། །མཚན་གྲགས་པ་འགྱུར་མེད་འཆང་བ་གང་། །གནད་ཟབ་མོའི་སྙིང་གཏམ་བསྐུར་ཞིག་གསུངས། །ཁྱེད་ཐོས་བསམ་སྒོམ་ལ་མངའ་དབང་ཕྱུག །བདག་རྨོངས་པའི་ཚིག་ལ་མི་ལྟོས་ཀྱང་། །བཀའ་ཕེབས་སྒོ་བཟློག་པར་མི་རིགས་ཕྱིར། །གཏམ་ཅལ་ཅོལ་འགའ་ཞིག་གསོལ་བགྱིད་ན།། ༈ །།ཀྱེ་མ་ཐུབ་བསྟན་གྱི་ཉི་མ་ནུབ་རིར་གཞོལ། །རྩོད་ལྡན་གྱི་ཡངས་མཐའི་དུས་འདི་འདྲར། །


TR002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་དང་རྣམ་གཡེངས་རྗེས་པ་ན། །འཆི་དུས་ལག་སྟོང་འགྲོ་བར་ངེས། །ཤི་ནས་ཀྱང་ཁམས་གསུམ་རིས་དྲུག་གི། །བརྩོན་དོང་དུ་ཆུད་ཡུན་དེ་སྔས་ཆོག །ད་དུང་དུ་འཁོར་བའི་སྒོ་གཤོམ་ལ། །འབུང་ནུས་པའི་མི་རྣམས་ཅི་ཞིག་བསམ། །ལས་འབྲས་ལ་བསླུ་བ་མེད་པ་དང་། །འཁོར་འདས་ཀྱི་སྐྱོན་ཡོན་བདེ་སྡུག་སོགས། །གསུང་རབ་ནས་ལན་བརྒྱར་བཤད་མཐོང་བཞིན། །སྤང་བླང་དེ་གོ་ལོག་བསྒྲུབ་མཁན་མང་། ཆོས་པ་རྣམས་ཆོས་ལ་བརྟེན་པའི་སྡིག །ནན་ན་དུ་བསྒྲུབ་པའི་སྙིང་ཁམས་དང་། །ཆགས་སྡང་གི་ལས་ཀྱི་སྙིང་རུས་ཙམ། །ཆོས་ཕྱོགས་སུ་འབད་ན་ཅི་མ་རུང་། །དེ་བས་ན་ད་ནི་དམ་ཆོས་ཀྱང་། །སྤྲོས་མེད་ལ་ཆིག་དྲིལ་མ་ནུས་ན། །སྤྲོས་བཅས་ཀྱི་རྣམ་དཔྱོད་ཅི་ཆེ་ཡང་། །རང་རྒྱུད་ཀྱི་ལྐོ་སྐམ་ཐུལ་བར་དཀའ། ཁ་བཤད་ཀྱི་འབྲུག་སྒྲ་ལྡིར་ཆེ་ཡང་། །ཉམས་ལེན་གྱི་སྦྲང་ཆར་མི་འབེབས་ན། །ལས་ཉོན་


TR002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐ་བ་སྲ་མོ་ནས། །བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་པར་དཀའ། །མདོ་རྒྱུད་དང་ཐེག་པའི་རིམ་པ་དང་། །གྲུབ་མཐའ་སོགས་ཆོས་སྒོ་གྲངས་མེད་ཀུན། །རང་སེམས་ཀྱི་འདུལ་ཐབས་འབའ་ཞིག་ཏུ། །སངས་རྒྱས་ཀྱི་ཐབས་མཁས་ཕྲིན་ལས་ཉིད། །བཀའ་བརྒྱུད་པའི་གསལ་སྟོང་ཟུང་འཇུག་དང་། །ས་ལུགས་ཀྱི་འཁོར་འདས་དབྱེར་མེད་དང་། །རྙིང་མ་བའི་ཀ་དག་ལྷུན་གྲུབ་སོགས། །མཚན་མང་གི་དབྱེ་བསྡུ་ཅི་མཛད་ཀྱང་། །ཡིན་ལུགས་ཀྱི་ངོ་སྤྲོད་མཛུབ་ཚུགས་དེ། །རང་སེམས་ཀྱི་ཐོག་ཏུ་མ་ཕེབས་ན། །ཚིག་ཚོགས་ཀྱི་སྒྲུང་གཏམ་འབུམ་གླེང་ཀྱང་། །གང་ཟག་དང་ཆོས་གཉིས་ཐ་དད་ལུས། །དེ་ཕྱིར་དུ་ཆོས་ཀྱི་སྙིང་པོའི་གནད། །བླ་མ་དང་སློབ་མ་གདམ་ངག་གསུམ། །རྟེན་འབྲེལ་དུ་འཛོམ་པའི་འོག་རོལ་ན། །ཉམས་ལེན་ལ་འབད་པ་གནད་དུ་ཟབ། །མཚོན་བྱེད་ཀྱི་བླ་མའི་སྐུ་དྲིན་ལས།


TR002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བྱའི་བླ་མའི་རང་ཞལ་དངོས། །སྒྲིབ་མེད་དུ་མཐོང་ཚེ་སྣང་སྲིད་ཀུན། །དོན་དམ་གྱི་བླ་མར་ལྷུན་གྱི་གྲུབ། །ཕུང་ཁམས་དང་སྐྱེ་མཆེད་འབྱུང་བ་ལྔ། །སྣོད་བཅུད་ཀུན་གདོད་ནས་དཀྱིལ་འཁོར་ལྷ། །ཡིན་ལུགས་ལ་ཡིན་པར་ཤེས་པའི་ཚེ། །རྒྱུ་ལམ་འབྲས་དབང་གི་འཁོར་ལོ་ཐོབ། །དབང་དོན་ཉིད་སེམས་ལ་མ་ཤར་ན། །བུམ་པ་བརྒྱ་མགོ་བོར་བཏང་བྱས་ཤིང་། །དབང་གཞུང་ལ་འབུམ་ཐེར་ཀླག་ན་ཡང་། །སྨིན་བྱེད་ཀྱི་ནུས་པ་ག་ལ་འཇོགས། གསང་སྔགས་སྙིང་པོ་རིམ་གཉིས་དོན། །གཉིས་པོ་ཡང་དོན་ལ་ངོ་བོ་གཅིག །གཅིག་ཚུལ་ནི་སྣང་སྟོང་དབྱེར་མེད་ཕྱིར། །ཟུང་འཇུག་ཏུ་རྟོགས་པས་ཉམས་ལེན་འཚལ། །འགག་མེད་ཀྱི་ཆ་ནས་རྣམ་པ་གསལ། །སྐྱེ་མཆེད་ཀྱི་རང་བཞིན་རྣམ་དག་དྲན། །ཟུང་འཇུག་གི་ཀློང་དུ་ང་རྒྱལ་བསྟན། །བསྐྱེད་རིམ་གྱི་གནས་གསུམ་སེམས་ལ་འཚངས། །ཡིན་ཚུལ་གནད་དོན་མ་རྟོགས་པར། །ཀུན་བརྟགས་ཀྱི་ལྷ་


TR002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བསྒོམས་བསྒོམས་ཀྱང་། །སོལ་ནག་ལ་དངུལ་དུ་བསྒོམ་པ་ལྟར། །མཆོག་མཐུན་གྱི་དངོས་གྲུབ་ག་ལ་འབྱུང་། །སྒྲ་གྲགས་ཀུན་སྔགས་ཀྱི་རང་བཞིན་ཉིད། །འབྱིན་འཇུག་གནས་འབྲུ་གསུམ་རྡོ་རྗེའི་བཟླས། །རྒྱུན་ལྡན་གྱི་བསྙེན་སྒྲུབ་རང་བྱུང་ལ། །རྩོལ་མེད་དུ་འགྲུབ་པའི་ཡ་མཚན་ལགས། །རྣམ་རྟོག་གི་རྦ་རླབས་ཟད་མེད་ཀྱང་། །ཆོས་ཉིད་ཀྱི་རྒྱ་མཚོ་ལས་མ་གཡོས། །བསྒོམ་མེད་ལ་བསྒོམ་བློའི་ལྷན་པ་ནི། །མི་དགོས་ཀྱང་ནན་གྱི་འདེབས་མཁན་མང་། །གནས་པ་ཅེས་བཟང་པོར་འཛིན་བྱེད་ཅིང་། །འགྱུ་བ་ཞེས་ངན་པར་བཟུང་བཟུང་བས། །བཟུང་འཛིན་གྱི་སྒྲོགས་གིས་སྒོམ་ཆེན་བཅིངས། །གཉིས་འཛིན་གྱི་ལམ་དུ་འོ་རེ་རྒྱལ། །ཚོགས་དྲུག་མིག་རྒྱུའི་ཆུ་རླུང་ལ། །བདེན་བཞེན་གྱི་རི་དྭགས་འབྲང་འབྲང་ཡང་། །ལོག་སྲེད་ཀྱི་སྐོམ་ཚད་སླར་ལ་འཕེལ། །རང་སྣང་གི་རོལ་པར་


TR002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གནས། །དྲན་འཛིན་གྱི་འཇུར་མདུད་དམ་པོ་ཡིས། །ནན་བཙིར་དུ་བསྡམས་ཀྱང་ངལ་བའི་རྒྱུ། །བཟོ་མེད་ཀྱི་ཤེས་པ་ཅང་ཤེས་རྟ། །རང་འགྲོས་ཀྱི་བཏང་ན་ཆུགས་པ་མེད། །བདེ་གསལ་དང་མི་རྟོག་ཉམས་སྣང་གི། །འཇའ་ཚོན་ལ་ཞེན་པའི་བྱིས་པ་འཁྲུལ། །འཁོར་འདས་ཀུན་སེམས་སུ་འདུས་པ་ལ། །ཉམས་སྣང་ལ་བདེན་འཛིན་ཅི་ཕྱིར་བྱེད། །བདེན་མེད་ལ་བདེན་པར་འཛིན་པའི་བློས། །ང་མེད་ལ་ངར་འཛིན་ས་བོན་བསྐྲུན། །ཁེངས་སེམས་ཀྱི་ཡལ་འདབས་འཕེལ་གྱུར་པའི། །དུག་སྡོང་གིས་རང་གཞན་ཕུང་བར་བྱེད། །མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་ནས། །དངོས་འཛིན་ལས་བཟློག་ཕྱིར་སྟོང་ཉིད་གསུངས། །སྟོང་ཉིད་ལ་ཞེན་པའི་སྐྲན་འདྲིལ་ན། །དེ་ཉིད་ལ་བཤིག་ཐབས་ཇི་ལྟར་བྱེད། །ཡོད་མཐའ་ཞེན་པའི་རྟག་མཐའ་དང་། །མེད་མཐའ་ནི་ཆད་པའི་ཕྱོགས་སུ་ལྷུང་། །དབུས་མ་ཡང་ཞེན་པར་མི་བྱེད་པའི། །མཐའ་


TR002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་སྒྲོག་བྲལ་ལྟ་བར་གསུངས། །གསུང་རབ་བལྟས་པའི་དཔྱད་སྒོམ་དང་། །ཉམས་ཐོག་ཏུ་ཕབས་པའི་འཇོག་སྒོམ་སོགས། །བསྒོམ་ཚུལ་དང་བཞེད་ཚུལ་མང་མོད་ཀྱི། །བྱིན་རླབས་ཀྱི་ལམ་ཉིད་ཟབ་པར་གསུངས། །ལྟ་བ་དང་སྒོམ་པ་སྤྱོད་པ་འབྲས། །མིང་སྙན་གྱི་སྒྲིག་རིམ་མང་མོད་ཀྱང་། །སེམས་ཉིད་ཀྱི་རང་ཚུལ་རང་རིག་གིས། །གཅེར་མཐོང་ཞིག་བྱུང་ན་ཆོག་པར་གདའ། །བལྟ་བྱ་དང་ལྟ་བྱེད་མ་གྲུབ་པར། །བསྒོམ་བྱ་དང་སྒོམ་བྱེད་ག་ལ་འབྱུང་། །སྤྱད་བྱ་དང་སྤྱོད་བྱེད་དངོས་པོས་དབེན། །དེ་ཕྱིར་དུ་ཐོབ་བྱ་ཐོབ་བྱེད་མེད། །མེད་བཞིན་དུ་སྣ་ཚོགས་སྣང་བའི་འཕྲུལ། །འཁོར་འདས་ཀྱི་བཀོད་པ་བསམ་ཡས་འདི། །ཇི་རྙེད་ཀུན་རྨི་ལམ་ཇི་ལྟ་བར། །སྐུ་གསུམ་གྱི་རྣམ་རོལ་ཆོས་ཉིད་དབྱིངས། །དབྱིངས་དོན་དེ་མངོན་དུ་གྱུར་པའི་ཚེ། །གཉིད་སད་པའི་རྨི་ལམ་ཇི་བཞིན་


TR002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཞེན་འཛིན་གྱི་འཁྲུལ་པ་རང་སར་སངས། །ལྷུན་གྲུབ་ཀྱི་ཡེ་ཤེས་རྩལ་ཆེན་རྒྱས། །སངས་རྒྱས་ཅེས་གཞན་ནས་ཐོབ་མིན་པར། །རང་རིག་ཉིད་ཆོས་སྐུའི་གཏན་སྲིད་ཟིན། །རྩོལ་མེད་ཀྱི་འགྲོ་དོན་ཤུགས་འབྱུང་ཚེ། །སྐུ་གཉིས་ཀྱི་གོ་འཕང་མི་ཟེར་རམ།། ༈ །།ཨེ་མ། དེ་ལྟར་ཅལ་ཅོལ་བྱུང་རྒྱལ་སྨྲས་པའི་ཚིག །འདི་ལ་མཁས་ཁྱོད་འཁྲོལ་བར་མི་མཛད་ཅིང་། །འགལ་དང་མ་རྟོགས་སྐྱོན་ལ་མ་དགོངས་པར། །དགོངས་དབྱིངས་སྤྲོ་བ་བསྐྱེད་པའི་རོལ་མོར་མཛོད། །མ་ནོར་གདམས་པའི་ལེགས་བཤད་སྟོན་ནུས་པའི། །ཉམས་རྟོགས་དྲི་ཙམ་བདག་ལ་མ་མཆིས་ཀྱང་། །གཞན་ཕན་དཀར་པོའི་བསམ་པས་འདི་སྨྲས་པའི། །དགེ་བས་འགྲོ་ཀུན་ཆོས་ཉིད་དོན་རྟོགས་ཤོག །ཅེས་པ་ནི་བླ་མ་གྲགས་པ་འགྱུར་མེད་ལ་ཕུལ་བའོ།། ༈ །།ཀྱེ་ཧོ། །སེམས་ཀྱི་གནས་ལུགས་གདོད་ནས་མཁའ་ལྟར་


TR002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ། །འཁོར་བ་མྱང་འདས་བདག་གཞན་དངོས་པོར་དབེན། །དངོས་པོ་མེད་ལས་སྣ་ཚོགས་དངོས་སྣང་བ། །ཆུ་ཟླའི་གཟུགས་བརྙན་འདྲ་འདི་མཚར་བའི་གནས། །སྣང་ཡང་བདེན་མེད་སྒྱུ་མའི་ལྟད་མོ་ལ། །མི་ཤེས་བྱིས་པ་རྣམས་ཀྱི་ཨ་འཐས་བརྩོད། །ཁྲོན་པའི་ནང་གི་སེང་གེའི་གཟུགས་ཀྱི་དཔེ། །ཇི་བཞིན་འཁྲུལ་ལ་འཁྲུལ་བསྣན་ལས་ཉོན་བསགས། །ཆོས་ཀུན་མཐར་ཐུག་དོན་དམ་བདེན་པའི་གནད། །གནད་ཀྱི་སྙིང་པོ་རང་སེམས་མ་བཅོས་ཤིས། །ཡིན་ལུགས་ཇི་བཞིན་རྟོགས་པའི་དོན་ཉིད་ལ། །གོམ་ན་ཐག་བརྒྱའི་མདུད་པ་གཅིག་འཁྲོལ་ཡང་། །དེ་ལྟར་མི་བརྩོན་ཐ་སྙད་ཚིག་མཐར་འཁོར། །གྲུབ་མཐའི་ཕྱོགས་རེར་ཨ་ཐང་ཆད་ཆད་འཐེན། །འཐེན་ཀྱང་དུ་མ་རོ་གཅིག་མ་ཐོབ་པར། །ཆོས་ཁམས་ཆེ་ཆེའི་སྐད་ཀྱིས་མགོ་བོས་འཁོར། །རྒྱལ་བའི་བཀའ་ལ་བཟང་དང་ངན་མ་


TR002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །གྲུབ་ཐ་མཐའ་དག་རང་རང་ངོས་ནས་ཟབ། །ཀུན་ཀྱང་འབྲས་བུ་སངས་རྒྱས་བསྒྲུབ་པར་གཅིག །ང་ཞེན་ཆགས་སྡང་བྱེད་རྣམས་སྙིང་རྗེའི་གནས། །མི་ཚེ་རྒོངས་ཁའི་ཉི་མ་ཡུད་ཙམ་འདིར། །གཏན་གྱི་འདུན་མ་བསྒྲུབ་ལ་ཤིན་ཏུ་རན། །རན་ཡང་མི་བརྩོན་ཚེ་འདིའི་དོན་བསྒྲུབ་པའི། །ཆོས་གཟུགས་ཁོ་ན་མང་བ་གཟིགས་ལགས་སམ། །གླེགས་བམ་འབུམ་ཕྲག་སློབ་གཉེར་བྱས་ན་ཡང་། །སེམས་གསང་ཇི་བཞིན་ཤེས་པ་ཤིན་ཏུ་དཀོན། །ལོ་བརྒྱར་མཚམས་སྒྲུབ་བྱས་པའི་ཡུས་ཅན་ཡང་། །རང་རྒྱུད་མར་ལྐོག་སྣུམ་གྱི་འཐུལ་མིན་འདྲ། །ཆོས་ཀྱི་སྙིང་པོར་རང་རྒྱུད་མ་འཐུལ་ན། །ཅི་བྱས་ལམ་དུ་འགྲོ་བ་སྲིད་མིན་ཚེ། །རང་སེམས་གཞུ་མོ་ནང་དུ་བཀུག་ནས་ཀྱང་། །ཆོས་དང་སེམས་སུ་འདྲེས་མཛོད་སྙིང་༴ །སེམས་ལ་སེམས་ཀྱིས་བརྩོན་དུ་མ་བཟུངས་བར། །གནས་སམ་འགྱུའམ་གང་ལྟར་


TR002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཀྱང་རུང་། །འཆར་མཁན་ཁོ་རང་ངོ་རིག་མཛོད་དང་། །སྒྲོག་ཐག་ནང་ནས་གྲོལ་བའི་དུས་ཅིག་འོང་། །ཆོས་སྐུའི་རང་ཞལ་རང་ལ་འཆར་བཞིན་དུ། །མི་ཤེས་བཅོས་མའི་སྒོམ་གྱིས་བསླད་མཁན་མང་། །ཉམས་རྟོགས་རེ་བས་བསྒྲུབ་དང་དགོས་པས་བཅིངས། །དེ་འདྲས་ནམ་ཡང་བྱང་ཆུབ་ཐོབ་མི་འགྱུར། །ཡར་མཐའ་དྲུག་པ་རྡོ་རྗེ་འཆང་ཆེན་ནས། །མར་མཐའ་འཇའ་མིག་སྲིན་བུ་ཡན་ཆད་ལ། །བདེར་གཤེགས་སྙིང་པོ་བཟང་ངན་མ་མཆིས་ཚེ། །རེ་དོགས་ཞེ་འདོད་བྲལ་བའི་ཉམས་ལེན་འཚལ། །གཞི་ཡི་སྙིང་པོ་གསལ་སྟོང་ཟུང་འཇུག་དང་། །ལམ་གྱི་སྙིང་པོར་ཚོགས་གཉིས་ཟུང་འཇུག་འབད། །འབྲས་བུའི་སྙིང་པོར་སྐུ་གཉིས་ཟུང་འཇུག་འགྲུབ། །སྙིང་པོའི་ཉམས་ལེན་རྟག་ཏུ་བརྩོན་འཚལ་ལོ། །ཅེས། དགེ་སློང་ཀུན་དགའ་དབང་རྒྱལ་ལ་གདམས་པའོ།།


TR002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།མཁྱེན་པའི་ནམ་མཁར་བརྩེ་བའི་འོད་སྟོང་རྒྱས། །མཛད་པའི་ཕྲིན་ལས་གདུལ་བྱའི་བློ་མུན་སེལ། །སྨིན་གྲོལ་པད་ཚལ་རྒྱས་མཛད་བླ་མ་མཆོག །བརྒྱུད་པར་བཅས་ཞབས་སྙིང་ནས་ལན་བརྒྱར་འདུད། །དམ་པ་དུ་མས་རྗེས་བཟུང་སྐལ་བ་ཅན། །ལུང་རྟོགས་ཡོན་ཏན་གྱིས་ཕྱུག་དགེ་བའི་བཤེས། །མཚོ་སྐྱེས་ལྷུན་གྲུབ་གང་གི་བཞེད་པའི་དོན། །སྐོང་ཕྱིར་ཟབ་དོན་ཚིག་འགའ་སྙན་དུ་གསོལ། །འཁོར་བ་མྱང་འདས་མ་ལུས་ཀུན་གྱི་གཞི། །སེམས་ཉིད་འདུས་མ་བྱས་པའི་གནད་ལུགས་ཉིད། །ཡེ་ནས་མ་འཁྲུལ་རང་ངོ་རིགས་ནས་གྲོལ། །དེ་ལ་ཆོས་སྐུའི་གྲོལ་གཞིའམ་ཀ་དག་ཟེར། །དེ་ལྟར་མ་རིག་རང་སྣང་འཆར་སྒོ་ལ། །གཞན་དུ་བཟུང་བའི་གཉིས་འཛིན་འཁྲུལ་པའི་རྐྱེན། །གཅིག་ལས་གཅིག་འཕེལ་ལུག་རྒྱུད་འཁོར་བར་འཁྱམས། ཁམས་གསུམ་འགྲོ་བའི་འཁྲུལ་གཞི་ཞེས་སུ་


TR002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །དེ་ལྟར་འཁོར་བ་ཐོག་མེད་ད་བར་དུ། །ཇི་ཙམ་འཁྲུལ་ཡང་རིག་པའི་ངོ་བོ་ལ། །འཕོ་འགྱུར་བྲི་གང་སྤུ་ཙམ་མ་མཆིས་ཚེ། །བདེ་གཤེགས་སྙིང་པོ་ཡོངས་གྲུབ་ཅེས་པ་ལགས། །རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཀུན། །མཐའ་དག་སེམས་ཉིད་འདུལ་ཐབས་ཁོ་ན་རུ། །བསྟན་ཡང་གང་ཟག་སོ་སོའི་སྐལ་བའི་མཐུས། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་སྣ་ཚོགས་འགྱུར། །ལམ་རིམ་ཐེག་པའི་དབྱེ་བ་བསམ་ཡས་ཀྱང་། །སྐབས་འདིར་ཐེག་མཆོག་སྙིང་པོའི་ཉེ་ལམ་ཉིད། །ཕྱག་རྫོགས་དབྱེར་མེད་ལྟ་སྒོམ་སྤྱོད་གསུམ་གྱི། །འགག་དོན་སྙིང་པོར་དྲིལ་ནས་བརྗོད་བགྱི་ན། །ཐ་མལ་ཤེས་པ་མ་བཅོས་རང་བབས་ཀྱི། །གཤིས་ལ་བཟང་ངན་དགེ་སྡིག་བདག་གཞན་སོགས། །ཀུན་རྫོབ་མཚན་མའི་ལྷད་ཀྱི་མ་བསླད་པར། །ངོ་བོ་ངོས་བཟུང་མེད་པའི་སྟོང་པ་ཉིད། །རང་བཞིན་གསལ་


TR002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་འགགས་མེད་ཅིར་ཡང་འཆར། །དེ་ཉིད་ཐ་དད་མ་ཡིན་ཟུང་འཇུག་ཆེ། །རྟག་ཆད་ཡོད་མེད་ཡིན་མིན་ལ་སོགས་ཀྱི། །སྒྲོ་བཀུར་གང་ཡང་མ་བྱས་མ་བཅོས་པའི། །གནས་ལུགས་ཡིན་ཚུལ་ཇི་བཞིན་རིག་པ་ལ། །ལྟ་བའི་དོན་ཆེན་རྟོགས་པ་ཅེས་སུ་བརྗོད། །དེ་ལྟར་རྟོགས་པར་བྱ་བའི་ཐབས་ཆོག་ནི། །ཐ་སྙད་ཚིག་མཐའ་གཅོད་པའི་ཐོས་བསམ་དང་། །འགྱུ་དྲན་བློ་བཟོ་མང་པོས་མི་འབྱུང་གི། །ཚོགས་རྫོགས་སྒྲིབ་པ་དག་པའི་རྒྱུ་རྐྱེན་དང་། །བླ་མའི་བྱིན་རླབས་ཞུགས་པ་ཉིད་ལ་རག །དོན་ལ་ལྟ་བ་ཟེར་ཡང་རང་སེམས་ཡིན། །རང་སེམས་བཟོ་མེད་རང་ངོ་མ་རིག་ན། །ལྟ་བ་མཐོན་པོར་བརློམ་ཡང་ཡིད་དཔྱོད་ཡིན། །ཡིད་དཔྱོད་ཚིག་གི་ལྟ་བས་འཚང་མི་བརྒྱ། །དེ་ཕྱིར་རང་རིག་རང་ངོ་ཤེས་པར་བྱ། །བསྒོམ་པའི་ཐབས་དང་ཁྲིད་ཚུལ་མཐའ་ཡས་ཀྱང་། །གང་ཟག་དབང་


TR002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་སོ་སོར་དགོངས་པ་སྟེ། །ཀུན་གྱི་སྙིང་པོ་ཞི་ལྷག་ཟུང་འཇུག་ཏུ། །ཡང་དག་དྲན་རིག་ཡེངས་མེད་ཉིད་ལ་འདུས། །ཞི་གནས་ལྷག་མཐོང་རྣམ་དབྱེ་མང་མོད་ཀྱང་། །ཕྲ་རག་འགྱུ་རྟོག་ཞི་བ་ཞི་གནས་ལ། །གནས་མཁན་རང་ངོ་རིག་པ་ལྷག་མཐོང་ཉིད། །མཉམ་གཞག་རྗེས་ཐོབ་བཞེད་ཚུལ་མང་པོ་ཡང་། །གདུལ་བྱ་ཐ་དད་དཀྲི་ཐབས་བྱེ་བྲག་ཙམ། །མཐར་ཐུག་དོན་ལ་མཉམ་རྗེས་ཟུང་འཇུག་སྟེ། །སེམས་ཉིད་གནས་སམ་འགྱུའམ་གང་འཆར་ཀྱང་། །ཤར་མཁན་འགྱུ་མཁན་གནས་མཁན་ཁོ་རང་ཉིད། །གཅིག་པུ་དེ་ཀའི་རང་ངོ་རིག་པ་ན། །ཐམས་ཅད་མཉམ་གཞག་འབའ་ཞིག་ཁོ་ན་ཡིན། །རིག་པ་རྗེན་པའི་རང་ངོ་མ་རིག་ན། །གནས་ཀྱང་དམན་པའི་ཞི་གནས་ཙམ་ཉིད་དང་། །འགྱུ་ན་ཐ་མལ་འཁྲུལ་པ་ཨ་འཐས་ཏེ། །གང་ཡང་མཉམ་རྗེས་མ་ཡིན་


TR002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་རང་། །དེ་ཕྱིར་དྲན་རིག་ཡོད་མེད་གཅིག་པུར་འདུས། །རྫོགས་པ་ཆེན་པོ་ངོ་བོ་ལམ་བྱེད་དང་། །ཕྱག་རྒྱ་ཆེན་པོ་རྣམ་པ་ལམ་བྱེད་ཅེས། །ཅི་ལ་གྲགས་མོད་དེ་ཡི་ཁྱད་པར་ནི། །རྫོགས་ཆེན་རིག་ཐོག་གློད་པ་གཙོར་བྱེད་ཅིང་། །ཕྱག་ཆེན་དྲན་པ་ཁོ་ནར་རྩིས་སུ་བྱེད། །དེ་གཉིས་ཀྱང་ནི་དོན་ལ་ཁྱད་མེད་དེ། །ཕྱག་ཆེན་ཉིད་ནས་ཨ་འཐས་འཇུར་དྲན་སོགས། །བཅོས་མའི་ཡིད་བྱེད་མཐའ་དག་རྒྱང་བསྲིངས་སྟེ། །རྟོགས་ཆོས་ཡང་དག་རང་རིག་དྲན་པ་ལ། །སྒོམ་གྱི་དངོས་གཞིར་མཛད་ཕྱིར་དེ་ཉིད་ནི། །རྫོགས་ཆེན་ལུགས་ཀྱི་རིག་པའང་དེ་ཀ་ལགས། །དེས་ན་འགྲོ་འཆག་ཟ་ཉལ་འདུག་ལ་སོགས། །སྤྱོད་ལམ་ཀུན་དང་ཚོགས་དྲུག་གང་ལ་ཡང་། །མ་ཞེན་མི་དག་རྗེས་འབྲེངས་མི་བྱ་བར། །དྲན་ཙམ་རིག་ཙམ་ཅེར་མཐོང་བཟོ་མེད་སྐྱོང་། །རྣམ་རྟོག་སྐྱེས་ལ་སྐྱོན་དུ་མི་


TR002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་ཞིང་། །མི་རྟོག་པ་ལ་དགའ་བར་མི་སེམས་པར། །གང་དྲན་གང་སྣང་གང་ཤར་དེ་ཀའི་ངོར། །དྲན་རིག་རྗེན་པས་བསྐྱངས་བ་གཅིག་པུས་ཆོག །ཉོན་མོངས་དུག་ལྔ་ཆེད་དུ་མི་སྤོང་ཞིང་། །བདེ་གསལ་མི་རྟོག་ཆེད་དུ་མི་སྒྲུབས་པར། །གང་ཤར་ཐམས་ཅད་སྒོམ་དུ་ཁྱེར་བའི་གནད། །དྲན་རིག་ཅེར་རེ་འདི་ཀ་གཅིག་པུ་ལགས། །འདི་དོན་ཚུལ་བཞིན་རྟོག་ལ་ལྟ་བ་ཟེར། །དེ་ཉིད་རྒྱུན་དུ་སྐྱོང་བ་སྒོམ་པ་ཡིན། །སྤྱོད་ལམ་ཀུན་དང་བསྲེ་བ་སྤྱོད་པ་སྟེ། །བརྟན་པ་ཐོབས་ལ་འབྲས་བུའི་མིང་དུ་བཏགས། །གནས་སྐབས་རྐྱེན་ངན་སྣང་ཚུལ་ན་ཚ་དང་། །འདྲེ་དོན་རྣམ་རྟོག་ཉོན་མོངས་སྡུག་བསྔལ་དང་། །འཆི་བ་ལ་སོགས་བར་ཆོད་ཅི་བྱུང་ཡང་། །ཐབས་དང་གཉེན་པོ་གཞན་ནས་མི་འཚོལ་ཏེ། །གང་ཤར་ཀུན་གྱི་སེམས་ཉིད་ལས་མ་འདས། །སེམས་ཉིད་ཡེ་ནས་སྐུ་གསུམ་ངོ་བོར་


TR002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །དེ་ལ་ན་རྒྱུ་ན་མཁན་སྡུག་མཁན་དང་། །འཆི་རྒྱུ་འཆི་མཁན་ཐ་དད་ག་ལ་ཡོད། །དགྲར་སྣང་འདྲེར་འཛིན་འཁྲུལ་པའི་འཆར་སྒོ་ཙམ། །རྨི་ལམ་སྣང་ཚུལ་དག་དང་མཚུངས་བཞིན་དུ། །ཨ་འཐས་བདེན་འཛིན་བྱེད་པ་རྒོད་རེ་བྲོ། །འཁྲུལ་མཁན་རང་ངོ་བལྟ་བ་གནད་དུ་ཟབ། །རོ་སྙོམས་གདམ་ངག་ཟེར་ཡང་འདི་ཀ་ལགས། །ཕྱག་ཆེན་གཤིས་ལ་སྐྱེ་མེད་གདངས་འགགས་མེད། །རྩལ་སྣང་སྤྱིར་ཡང་འཆར་རྣམས་སྐུ་གསུམ་བཞེད། །དེ་མཐུན་རྫོགས་ཆེན་ངོ་བོ་ཀ་དག་དང་། །རང་བཞིན་ལྷུན་གྲུབ་ཐུགས་རྗེ་ཀུན་ཁྱབ་སྟེ། །སྐུ་གསུམ་དབྱེར་མེད་ཁྲེག་ཆོད་ཉམས་ལེན་ཡིན། །དེ་ཡི་ངང་ནས་འོད་གསལ་ཐོད་རྒལ་དོན། །ལས་རླུང་འཆིང་བྱེད་སྐུ་གསུམ་ཞུགས་སྟང་དང་། །སྒོ་གནད་ཡུལ་གནད་རླུང་རིག་གནད་དང་བཅས། །གནས་གསུམ་ཆོས་ཉིད་འཁོར་ལོའི་ཉམས་ལེན་ལ། །ཚུལ་བཞིན་བརྩོན་ན་ཆོས་ཉིད་མངོན་སམ་འཆར། །ཉམས་སྣང་


TR002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འཕེལ་རིག་གདངས་ཚད་ལ་ཕེབས། །བལྟ་བྱ་ལྟ་བྱེད་འཆར་དང་མི་འཆར་སོགས། །ཆོས་ཅན་མཐའ་དག་ཆོས་ཉིད་ཀློང་དུ་ཟད། །ཐོས་པ་གསུམ་དང་གདེངས་བཞི་ལ་སོགས་ཀྱི། །ཡོན་ཏན་མཐར་ཕྱིན་ཟག་མེད་འོས་ལུས་འགྲུབ། །གང་འདུལ་ཐུགས་རྗེ་མཁའ་མཉམ་འགྲོ་ལ་འགྱེད། །ཐོས་རྒལ་འདི་ནི་སྐལ་ལྡན་འགའ་ཙམ་ལས། །ཀུན་གྱིས་ཡིད་ཆེས་དཀའ་ཞིང་ཉམས་ལེན་དཀོན། །ཞལ་རྒྱུན་ལག་ཁྲིད་གནད་བསྣུན་གལ་ཆེར་གདའ། །དེ་ལྟར་ཕྱག་རྫོགས་ཉམས་ལེན་བརྩོན་རྣམས་ཀྱི། །ཤོར་ས་བཞི་དང་གྲོལ་ས་གསུམ་ལ་སོགས། །རྣམ་དབྱེ་མཐའ་ཡས་བཀའ་རྒྱུད་གོང་མ་ཡིས། །གསུངས་པ་མང་ཕྱིར་བདག་འདྲས་བརྗོད་མི་དགོས། །དོན་ཀྱང་གེགས་དང་གོལ་སའི་ཆེ་ཤོས་ནི། །སེམས་ངོ་རྗེན་པར་མ་འཕྲོད་ལྟ་བ་མིན། །བློས་བྱས་ཉམས་སྣང་ལ་ཞེན་སྒོམ་པ་མིན། །


TR002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་དྲན་རིག་མ་ཟིན་སྤྱོད་པ་མིན། །རེ་དོགས་གཉིས་འཛིན་ཡོད་ན་འབྲས་བུ་མིན། །བླ་མ་སངས་རྒྱས་མ་མཐོང་དད་གུས་མིན། །སྙིང་རྗེ་བྱང་སེམས་མེད་ན་ཐེག་ཆེན་མིན། །གཡོ་རྒྱུ་ངོས་ལྐོག་ཡོད་ན་མ་སྡོམ་མིན། །བློ་རྒྱུད་ཆོས་དང་མ་འདྲེས་ཆོས་པ་མིན། །རྐྱེན་ངན་སྒོམ་དང་མི་བསྲེ་སྒོམ་ཆེན་མིན། །རང་འདོད་ཕུག་སུ་བཅང་ན་འགྲོ་དོན་མིན། །ཤི་རུང་གསོན་རུང་མི་འབད་ཉམས་ལེན་མིན། །མིན་ཀྱང་ཡིན་པར་བརློམས་མཁན་མང་བར་གདའ།། ༈ །།ལྟ་བ་ཇི་ལྟར་མཐོ་བཞིན་རྒྱུ་འབྲས་ཞིབ། །ཉམས་རྟོགས་གོང་དུ་འཕེལ་བཞིན་ཐོ་ཅོ་ཆུང་། །རང་རྒྱུད་ཇི་ལྟར་དུལ་བཞིན་དག་སྣང་ཆེ། །ཡོན་ཏན་སྐྱེས་བཞིན་དམན་ས་ཟིན་དུ་འགྲོ། །བླ་མ་ཡུན་རིང་བསྟེན་བཞིན་མོས་གུས་འཕེལ། །ཐོས་བསམ་རྒྱ་ཆེ་བཞིན་དུ་ཁེངས་སེམས་མེད། །རྙེད་བཀུར་གྲགས་འདོད་ཆུང་དུ་གང་སོང་བ། །


TR002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་གྲུབ་རྟགས་ཀུན་གྱི་མཆོག་གྱུར་ཡིན། །ལམ་རྟགས་ཡོན་ཏན་འདི་བཞིན་མ་ལྡན་ན། །ཐོས་པ་ཇི་ཙམ་ཆེ་བ་ང་རྒྱལ་འཕེལ། །བསྒྲུབ་ཡུན་ཇི་ཙམ་རིང་བཞིན་སྡུག་ཡུས་ཆེ། །ཡི་དམ་ལྷ་ཞལ་མཐོང་ཡང་བཟང་འཁྲུལ་ཙམ། །མངོན་ཤེས་ཐོག་མེད་ཡོད་ཡང་མོ་མ་འདྲ། །རྫུ་འཕྲུལ་སྣ་ཚོགས་སྟོན་ཡང་མིག་འཁྲུལ་མཚུངས། །འགྲོ་དོན་ཟེར་ཡང་རྙེད་གྲགས་བསྒྲུབ་ཐོབས་རང་། །ལྷ་བུའི་བདུད་ཀྱི་ཆོས་པ་བསླུས་པ་མང་། །ཟག་བཅས་ཡོན་ཏན་ཕྲན་བུ་སྐྱེས་པ་ལ། །ངར་འཛིན་ཁེངས་སེམས་རང་མཐོང་ཆེར་སྐྱེས་ཏེ། །གེགས་ལ་གེགས་སུ་མ་ཤེས་འཕྲུལ་ཕྱིར་འབྲེང་། །ཆོས་པའི་ཕུང་ས་ཐམས་ཅད་འདི་ན་གདའ། །ཤོར་ས་གོལ་ས་ཆེ་ཤོས་འདི་འདྲས་བྱེད། །རྐྱེན་དང་བར་ཆོད་ཐམས་ཅད་འདི་ལས་འབྱུང་། །དེ་ཕྱིར་ངར་འཛིན་འདུལ་ཐབས་གལ་རེ།། ༈ །།གང་ཞིག་གེགས་སྐྱོན་


TR002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཉམས་བླངས་ན། །རྣལ་འབྱོར་བཞི་དང་ས་བཅུ་ལམ་ལྔ་སོགས། །ཡོན་ཏན་མ་ལུས་དབྱར་གྱི་རྩི་ཐོག་བཞིན། །དུས་ལ་བབས་པས་འབད་མེད་ལྷུན་གྱི་གྲུབ། །མཐུན་མོངས་ཐེག་པའི་ལམ་ལྔ་ས་བཅུ་སོགས། །བྱང་ཕྱོགས་སོ་བདུན་ཡོན་ཏན་མཐའ་དག་ཀུན། །སྔགས་ཀྱི་ཐེག་ཆེན་མྱུར་ཟབ་སེས་ལམ་འདིར། །གྲངས་མེད་གསུམ་སོགས་མི་འགྱངས་གཅིག་ཆར་འགྲོད། །རྩེ་གཅིག་གསུམ་ལ་མཉམ་གཞག་རང་དབང་ཐོབ། །སྤྲོས་བྲལ་གསུམ་གྱི་མཉམ་རྗེས་དབྱེར་མེད་འགྲུབ། །རོ་གཅིག་གསུམ་ལ་སྣང་སེམས་གཉིས་སྣང་བགྲོད། །བསྒོམ་མེད་གསུམ་གྱིས་ཤེས་སྒྲིབ་མཐའ་དག་བྲལ། །ཚོགས་ཀྱི་ལམ་གསུམ་སྔོན་འགྲོའི་སྐབས་ནས་གྲོལ། །སྦྱོར་ལམ་གསུམ་ནི་རྩེ་གཅིག་གསུམ་གྱིས་བགྲོད། །སྤྲོས་བྲལ་དུས་ཚེ་མཐོང་ལམ་ཡེ་ཤེས་བརྙེས། །སྒོམ་ལམ་ས་བཅུ་རོ་གཅིག་གསུམ་གྱིས་ཐོབ། །བསྒོམ་མེད་མི་སློབ་མཐར་སོན་ནང་གི་ས། །


TR002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་བཅུ་གཉིས་བཅུ་གསུམ་སྐད་ཅིག་བགྲོད། །སྐུ་གསུམ་གོ་འཕང་མཆོག་བརྙེས་གཞན་དོན་མཛད། ༈ །འགའ་ཞིག་ཕར་ཕྱིན་ཐེག་པའི་ས་ལམ་གྱི། །ཡོན་ཏན་བརྒྱ་ཕྲག་མང་པོ་གསུངས་པ་རྣམས། །སྔགས་ཀྱི་ཉེ་ལམ་འདིར་བཞུགས་རྣལ་འབྱོར་ལ། །མངོན་པར་མི་སྣང་ཞེས་སུ་བསྐུར་འདེབས་ཀྱང་། །ཕྱི་རོལ་ཕལ་པའི་ངོ་ལ་མི་སྣང་མང་། ཁྱུང་ཕྲུག་སྒོ་ངར་གཤོག་དྲུག་རྒྱས་པ་དང་། །སེང་གེ་མངལ་ན་རྩལ་གསུམ་རྫོགས་པ་ལྟར། །རྣལ་འབྱོར་ལུས་རྒྱ་གྲོལ་དང་ཡོན་ཏན་སྣང་། །དེ་སྐད་ཟབ་མོའི་རྒྱུད་སྡེ་རྣམས་ལས་གསུངས། །རྣལ་འབྱོར་བཞི་དང་ས་ལམ་སྦྱར་བཤད་སོགས། །ཞིབ་རྒྱས་མ་ལུས་སྒྲུབ་རྒྱུད་གོང་མ་རྣམས། །ཇི་བཞིན་མངོན་དུ་གྱུར་ནས་གསུངས་པ་ལས། །ལྷག་པ་བདག་འདྲས་བརྗོད་རྒྱུ་ག་ལ་མཆི། །ཚུལ་བཞིན་ཉམས་སུ་ལེན་པའི་སྐལ་ལྡན་ལ། །ཡོང་ཡོང་ཐོབ་ཐོབ་བཤད་པ་མི་དགོས་པར། །


TR002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མངོན་གྱུར་རང་ལ་འབྱུང་བས་ན། །དེ་ཕྱིར་ཉམས་ལེན་ཁོ་ནས་ཆོག་པར་འགྲོ།། ༈ །།དེ་ལྟའི་ལམ་རྟགས་མཐའ་རུ་མ་ཕྱིན་པར། །ཚེ་ཡི་འདུ་བྱེད་ཟད་པར་ཉེ་བ་ན། །འཆི་རྐྱེན་མ་ངེས་འཆི་དུས་མི་ཐིངས་བས། །རྟག་ཏུ་འཆི་ཁའི་ཉམས་ལེན་གྲབ་ཆུད་བྱ། །རིང་བའི་འཆི་ལྟས་རིམ་གྲོས་ལྷུས་ཚུལ་སོགས། །འདི་རུ་མ་བརྗོད་ཉེ་བའི་འཆི་ལྟས་ནི། །རླུང་ལྔ་མལ་འཆུག་འཁོར་བའི་རྩ་མདུད་འཇིགས། །ས་ཁམས་ཆུར་ཐིམ་ལུས་ཀྱི་འཚོ་མི་ཐུབ། །ཤེས་པ་བྱིང་ཞིང་སྨིག་རྒྱུའི་འོད་གསལ་འཆར། །ཆུ་ཁམས་མེར་ཐིམ་ཁ་སྣའི་ཆུ་ཆད་སྐམ། །ཤེས་པ་རབ་འཚུབས་འོད་གསལ་དུ་བ་འཆར། །མེ་ཁམས་རླུང་ཐིམ་ཕྱི་རོལ་སྣང་བ་འགག །འོད་གསལ་སྲིན་བུ་མེ་ཁྱེར་ལྟ་བུ་འཆར། །རླུང་ཁམས་རྣམ་ཤེས་ལ་ཐིམ་དབུགས་བརྩེགས་སྡུད། །འོད་གསལ་སྒྲོན་མེ་འབར་བ་ལྟར་མཐོང་ཞིང་། །ཟུག་རྔུ་ཆེ་དང་འཁྲུལ་


TR002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྣ་ཚོགས་འཆར། །དཀར་ཆ་ཐུར་འབབ་དཀར་ལམ་སྣང་བའི་ཚེ། །ཞེ་སྡང་ལས་གྱུར་རྟོག་པ་སོ་གསུམ་འགག །དམར་ཆ་གྱེན་ལྡོག་དམར་ལམ་སྣང་བ་འཆར། །འདོད་ཆགས་ལས་གྱུར་རྟོག་པ་བཞི་བཅུ་འགག །སྙིང་ཁར་ཕྲད་པས་ནག་ལམ་སྣང་བ་ན། །གཏི་མུག་རྟོག་པ་བདུན་འགག་དེ་ཡི་ཚེ། །དཀར་དམར་རླུང་སེམས་ལྷན་ཅིག་འདུས་པའི་མཐུས། །གཞི་ཡི་འོད་གསལ་དར་གཅིག་འཆར་འགྱུར་བས། །དེ་ལ་ད་ལྟའི་སྒོམ་གྱིས་སླབ་ནུས་ན། །ཡར་གྱི་ཟང་ཐལ་མཆོག་ཏུ་སྐད་ཅིག་གྲོལ། །དེ་ཚེ་སྒོམ་གྱི་དྲན་རིག་མ་སླབ་ན། །དཀར་ཆ་གསང་ལམ་དམར་ཆ་སྣ་སྒོར་བབས། །རྣམ་ཤེས་དབང་པོའི་སྒོ་དགུ་གང་རུང་འཐོན། །ལུས་ནང་དབུགས་ཆད་ལུས་སེམས་སོ་སོར་གྱེས། །སྒྲ་འོད་ཟེར་གསུམ་སྣ་ཚོགས་འཆར་བ་དང་། །རྙིང་ལུགས་ལྟར་ན་ཞི་ཁྲོའི་ལྷ་ཚོགས་འཆར། །གཞན་ཡང་སོ་སོའི་གོམ་འདྲིས་


TR002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་དང་། །དགེ་སྡིག་གང་ལ་འགྲིས་པ་དེ་ཚུལ་དང་། །མཐུན་པའི་འཆར་སྒོ་བརྗོད་ཀྱི་མི་ལངས་མོད། །ཐམས་ཅད་ཀུན་ལ་རང་སེམས་འཆར་སྒོ་ཉིད། །ཡིན་པར་ཤེས་ན་ནམ་ཤེས་གྲོལ་འགྱུར་ཡང་། །བག་ཆགས་ངན་པའི་སྟོབས་ཤུགས་དབང་བཙན་པས། །སྒོམ་གྱིས་མི་སློབ་ཨ་འཐས་འཁྲུལ་མཁན་མང་། །ཆོས་ཉིད་བར་དོ་རང་ངོ་མ་ཤེས་པས། །སྣང་བ་དེ་དག་གར་སོང་ཆ་མེད་ཡལ། །དེ་ནས་སྲིད་པ་བར་དོའི་སྣང་བ་ཤར། །ཡིད་ལུས་དབང་པོ་ཀུན་ཚངས་ཐོགས་མེད་རྒྱུ། །ཟས་སུ་དྲི་ཟ་རྫུ་འཕྲུལ་མངོན་ཤེས་ལྡན། །ཡ་ངའི་གཡང་གསུམ་འཇིག་པའི་དགྲ་གཞིས་མནར། །མ་ངེས་རྟགས་དྲུག་ལ་སོགས་ཀུན་འབྱུང་ཞིང་། །བྱ་སྒྲོ་རླུང་ཁྱེར་བཞིན་དུ་དབང་མེད་འཁྱམས། །སྣ་ཚོགས་སྡུག་བསྔལ་ཚོར་བ་གཞན་ལས་རག །བདུན་ཚིགས་བདུན་གྱི་ཕྱེད་ཙམ་ཚུན་ཆོད་དུ། །ཚེ་འདིའི་བག་ཆགས་ཤས་ཆེ་ཟིན་སླ་ཞིང་། །དེ་འདས་ཕན་ཆད་


TR002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཕྱི་མ་ཡི། །སྣང་བ་དབང་བཙན་དེ་ནས་བསྒྱུར་བར་དཀའ། །དེ་ཕྱིར་དགེ་བ་མྱུར་ཁྱད་གནད་འདི་ཡིན། །འདི་དུས་འགྲོ་བ་རིས་དྲུག་གར་སྐྱེ་རྒྱུའི། །རྣམ་བྱང་འོད་ཀྱི་ལམ་དང་སྐྱེ་གནས་ཀྱི། །བཀོད་པ་མཐའ་དད་མཐོང་ཚུལ་འདི་ལྟ་སྟེ། །ལྷ་རུ་སྐྱེ་ན་གཞལ་ཡས་ཁང་པ་དང་། །ལྷ་མིན་དམག་འཁྲུག་མི་ལ་ཡུལ་གྲོང་སྣང་། །བྱོལ་སོང་བྲག་ཕུག་ཡེ་དགས་གྲོགས་སྟོང་དང་། །དམྱལ་བ་ལྕགས་ཁང་ལ་སོགས་མཐོང་འགྱུར་ཞིང་། ཁྱད་པར་ཕ་མ་ཆགས་སྤྱོད་མཐོང་བ་ལ། །ཆགས་སྡང་རྟོགས་པ་སྐྱེས་ནས་མངལ་འཇུག་པས། །དེ་ལ་མངལ་སྒོ་དགག་པའི་གདམས་པ་ཡང་། །རང་ཉིད་ཉམས་ལེན་གང་ལ་གོམས་པ་ཡི། །རབ་ཀྱིས་རྫོགས་རིམ་ཕྱག་རྫོགས་སྟོང་ཉིད་དང་། །འབྲིང་གིས་སྐྱེད་རིམ་ཐ་མས་ཞེན་ལོགས་སྒོམ། །ཡང་ན་བླ་མ་ཡབ་ཡུམ་བསྒོམ་པ་སོགས། །ཐ་མལ་ཆགས་སྡང་མི་སྐྱེའི་


TR002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་འབད། །མངལ་སྒོ་ཁེགས་པར་མ་ནུས་སྐྱེ་གནས་འདམས། །མི་ལུས་ཆོས་ལྡན་སྐྱེ་བའི་རྟེན་འབྲེལ་བསྒྲིགས། །ཡང་ན་དག་པའི་ཞིང་དུ་འདུན་པས་འཕོ། །དེ་ལྟར་བར་དོའི་གདམས་པ་ཐམས་ཅད་ཀྱི། །གཙོ་བོར་སྐྱེ་གནས་བར་དོའི་སྐབས་འདིར་རེམ། །དེ་བས་ད་ལྟ་རང་དབང་ཡོད་དུས་འདིར། ཤི་ནས་དགེ་ལ་རེ་ཡང་ཕྱིས་ཏེ་ཐལ། །དེས་ན་ཟབ་ལམ་ཆོས་དྲུག་གདམས་པ་དང་། །བར་དོའི་འཕྲང་སྒྲོལ་དགྲ་བཞི་ལམ་ཁྱེར་དང་། །ཐོས་གྲོལ་ལ་སོགས་གདམས་པ་གང་མོས་རྣམས། །ལོང་ཁྱབ་ཡོད་རིང་རྒྱུད་ལ་འགྲིས་པར་བྱ། །མདོར་ན་འདི་ཕྱི་བར་དོ་ཐམས་ཅད་དུ། །དགོས་ངེས་ཤེས་པ་རང་སེམས་གཉུག་མའི་གཤིས། །བཟོ་མེད་ལྷུག་པའི་སྐྱོང་ཚུལ་འདི་ཉིད་ནི། །གདམས་པ་ཀུན་གྱི་ནང་ནས་མཆོག་རབ་ལགས། །དེ་ཉིད་ངང་ནས་སྒོ་གསུམ་སྐད་ཅིག་ཀྱང་། །སྙོམ་ལས་མི་བྱ་སྤྲོས་བཅས་སྤྲོས་མེད་ལ།


TR002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་བརྩོན་པས་འཆི་ཁར་འགྱོད་མེད་འཚལ། །དགེ་སྦྱོར་གང་བྱེད་འགྲོ་ལ་ཕན་ཕྱིར་དུ། །སེམས་བསྐྱེད་རྩིས་ཟིན་བསྔོ་སྨོན་རྒྱ་ཡིས་གདབ། །རང་གིས་རང་ཉིད་ཆོས་ལ་དགོས་པར་མཛོད། ༈ །དེ་ལྟར་ཁྱེད་ཀྱི་ཇི་སྐད་བསྐུལ་བ་བཞིན། །གདམས་པའི་ཟབ་གནད་འགག་དོན་མདོར་བསྡུས་ཙམ། །ཡི་གེ་བྲིས་ནས་ཕུལ་བ་འདི་བཞིན་དུ། །ཐུགས་ལ་སྦྱོར་མཛོད་རྒྱུད་ལ་འདྲེས་ངེས་མཛོད། །རྒྱས་བཤད་སྤྲོ་བར་བདག་གི་ནུས་མིན་ཀྱང་། །ཉམས་སུ་ལེན་ཚུལ་འདི་ཀས་མ་ཆོག་མེད། །དངོས་སུ་ཕྲད་ཀྱང་བསྟན་རྒྱུ་འདི་ལས་ཅི། །དེས་ན་འདི་ཉིད་ཐུགས་ལ་བཅགས་པར་ཞུ། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །མི་འབྲལ་ཟབ་དོན་ཆོས་ཀྱི་དགའ་སྟོན་ལ། །ལྷན་ཅིག་སྤྱོད་པས་མཁའ་ཁྱབ་སེམས་ཅན་ཀུན། །སྐུ་གསུམ་གོ་འཕངས་མཆོག་ལ་འཁོད་པར་སྨོན། །ཞེས། བྱང་ཕྱོགས་རྔོད་


TR002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུལ་ནས། བླ་མ་དགེ་སློང་མཚོ་སྐྱེས་ལྷུན་གྲུབ་པའི་བཞེད་པ་སྐོང་ཕྱིར་ཕུལ་བ་དགེའོ།། ༈ །།ཨེ་མ་གསོན་དང་སྐལ་ལྡན་ཛྙཱ་ན་བ། །དད་མོས་གདུང་བས་བླ་མ་དྲན་པ་འདི། །ཀུན་རྫོབ་རྩོལ་བྱས་བླ་མའི་རྣལ་འབྱོར་ཡིན། །བླ་མའི་ཐུགས་དང་རང་སེམས་འདྲེ་བ་ནི། །དོན་དམ་རྩོལ་མེད་བླ་མའི་རྣལ་འབྱོར་ཡིན། །རིག་པ་མ་བཅོས་ལྷུག་པར་འཇོག་པ་འདི། །ཀུན་ཁྱབ་ཆོས་སྐུའི་བླ་མའི་རྣལ་འབྱོར་ཡིན། །ཚོགས་དྲུག་སྣང་བ་གང་ཤར་ཞེན་མེད་འདི། །གསལ་མདངས་ལོངས་སྐུ་བླ་མའི་རྣལ་འབྱོར་ཡིན། །རྣ་རྟོག་འགྱུ་དྲན་རང་ངོ་ཤེས་པ་འདི། །སྣ་ཚོགས་སྤྲུལ་སྐུ་བླ་མའི་རྣལ་འབྱོར་ཡིན། །སངས་རྒྱས་ཐམས་ཅད་བླ་མའི་ངོ་བོར་གཅིག །དེ་ལྟར་ཤེས་ན་བྱིན་རླབས་ངང་གིས་འཇུག །ལྷ་ཚོགས་མ་ལུས་བླ་མའི་རྣམ་འགྱུར་ཚུལ། །ཡིན་པར་ཤེས་ན་དངོས་གྲུབ་ཟད་མེད་འབྱུང་། །མཁའ་འགྲོ་ཆོས་སྐྱོང་བླ་མའི་སྤྲུལ་པ་ཡིན། །དེ་བཞིན་གོ་ན་ཕྲིན་ལས་རང་བཞིན་འགྲུབ།


TR002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཀུན་ཀྱང་བླ་མའི་དཀྱིལ་འཁོར་ཡིན། །དག་སྣང་འབྱོངས་ན་ཐུགས་རྗེ་ཀུན་ལ་ཡོད། །ཕྱི་རོལ་འབྱུང་བ་ཐམས་ཅད་བླ་མའི་སྤྲུལ། །གང་ལ་གང་མཁོའི་འགྲོ་དོན་མཛད་པ་ཡིན། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་བླ་མའི་སྤྲུལ། །ཆོས་སྐུ་བདེ་གཤེགས་སྙིང་པོས་མ་ཁྱབ་མེད། །བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་བླ་མའི་དྲིན། །གང་བསམ་ཡིད་བཞིན་དངོས་གྲུབ་སྩལ་བ་ཡིན། །ན་ཚ་རྐྱེན་ངན་ཀུན་ཀྱང་བླ་མའི་ཕྲུལ། །སྡུག་བསྔལ་མྱོང་བས་སྡིག་སྒྲིབ་ཟད་པར་བྱེད། །ཀུན་ཁྱབ་ཀུན་བྱེད་ཀུན་འབྱུང་ཀུན་ཏུ་བཟང་། །དེ་ཕྱིར་བླ་མའི་ལམ་ཁྱེར་གནད་དུ་ཟབ།། ༈ །།ཡང་ཅིག་གསོན་དང་དད་ལྡན་ཛྙཱ་ན་བ། །བླ་མ་རང་སེམས་དབྱེར་མེད་མ་རྟོགས་ན། །ཀུན་རྫོབ་གཟུགས་སྐུའི་བླ་མར་འདུ་འབྲལ་ཡོད། །རང་རིག་བླ་མ་ཆོས་སྐུར་ཤེས་པ་གནད། །བཟང་ངན་མཐའ་དག་བླ་མར་མ་རྟོགས་ན། །དག་སྣང་ཕྱོགས་མེད་འཆར་བའི་


TR002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གཞན་མེད། །དག་སྣང་མ་འབྱོངས་སྣང་སྲིད་དགྲ་རུ་ལྡང་། །དེ་བས་གང་འདུལ་སྤྲུལ་པར་ཤེས་པ་གནད། །དགྲ་འདྲེ་རྐྱེན་ངན་བླ་མར་མ་ཤེས་ན། །བར་ཆད་གཅིག་ལ་གཟུར་ཡང་གཅིག་དང་འཕྲད། །བདག་འཛིན་བློ་ཡིས་མ་ཐེངས་འདི་ཀས་ལན། །གང་བྱུང་བླ་མའི་ཐུགས་རྗེར་ཤེས་པ་གནད། །འཆི་ཁའི་དུས་ནའང་བླ་མ་མ་དྲན་ན། །ཤེས་ཤེས་བྱས་བྱས་མང་ཡང་རྨི་ལམ་འདྲ། །རྣམ་ཤེས་གཅིག་པུ་བར་དོར་འཁྱམས་པའི་ཚེ། །རེ་ས་སྐྱབས་ཡུལ་གཞན་ན་གང་ཡང་མེད། །དེ་ཕྱིར་བླ་མའི་ལམ་ཁྱེར་ཟབ་གནད་འདི། །ཚིག་དང་ཡི་གེར་མ་བཞག་སེམས་ལ་འཆོང་། །བརྒྱད་ཁྲི་བཞི་སྟོང་ཆོས་ལས་འདི་ཉིད་ཟབ། །ཟབ་དང་མི་ཟབ་ཉམས་སུ་ལེན་ལ་རན། །ཉམས་ལེན་མི་བྱེད་ཟབ་ཀྱང་ཕན་པར་དཀའ། །དེ་ཕྱིར་བློ་སྙིང་བྲང་གསུམ་འདི་ལ་གཏོད། །ཟབ་དང་མི་ཟབ་ཉམས་སུ་ལེན་ལ་རན། །ཉམས་ལེན་མི་བྱེད་ཟབ་ཀྱང་ཕན་པར་དཀའ། །དེ་ཕྱིར་བློ་སྙིང་བྲང་གསུམ་འདི་ལ་གཏོད། །གདམས་པ་འདི་ཡིས་དད་ལྡན་སྨིན་པར་ཤོག །


TR002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས། བླ་མའི་ལམ་ཁྱེར་གྱི་གདམས་པ་སྙིང་པོར་དྲིལ་བའི་ཞལ་གདམས་སྙིང་གཏམ་འདི་ཉིད་རྣལ་འབྱོར་པ་ཛྙཱ་ན་ཀིརྟི་ལ་གདམས་པ་ཨིྀྠ། །ཨེ་མ་ཧོ། །རབ་བྱམས་རྒྱལ་བའི་ཞིང་གི་སྒྲོན་མ་ཀུན། །གཅིག་ཏུ་བསྡུས་པའི་མཐུ་སྟོབས་ནུས་ཐུགས་རྗེ། །ཟླ་མེད་མ་ཧཱ་གུ་རུ་ཐོད་འཕྲེང་རྩལ། །གང་དེའི་སྒྱུ་འཕྲུལ་ཟློས་གར་སྙིགས་དུས་མགོན། །ཁམ་ཁྲུག་ཧེ་རུ་ནམ་མཁའ་འཇིགས་མེད་ཀྱི། །ཞབས་པད་སྲི་ཞུས་གཙུག་ཏུ་མཆོད་མཁས་པ། །སྡོམ་བརྩོན་རྣལ་འབྱོར་ཡེ་ཤེས་ཕུན་ཚོགས་པས། །ཐུགས་ཀྱི་ལྷག་བསམ་ལང་ཚོ་དཀར་པོ་དང་། །ལྷན་ཅིག་དཀར་ལ་འགྲན་པའི་ལྷ་གོས་མཆོག །དྲི་འཛིན་སེམས་བདེ་སྟེར་བའི་སྡོང་བུར་བཅས། །འཆི་མེད་ཤིས་བརྗོད་དབྱངས་ཀྱི་རྒྱུད་མང་སྒྲོ། །རབ་གསལ་ཡི་གེར་རྣམ་པར་སྤྲུལ་པའི་ཕྲེང་། །མི་གཤིག་ཕྱག་རྒྱས་ལེགས་བཏབས་མ་ཉམས་པར། །ཐ་འཁོབ་མུན་པའི་རོང་དུ་བདེར་


TR002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བས། །ཡིད་དབང་སྤྲོ་བའི་འདབ་བརྒྱ་རྒོད་པར་གྱུར། །དེ་དང་མཚུངས་པར་ཉེ་གནས་ཟུང་གནས་ལའང་། །ཕྱག་ཐམ་རྟེན་ལྡན་བསྩལ་བའི་དོན་ཆའང་ངེས།། ༈ །།ཀྱེ་ཧོ། སྲིད་པའི་བདེ་བ་རྨི་ལམ་ལས། །ཆོས་ཆེར་བསླུ་བའི་རྨིས་ཆེན་འདིར། །ཨ་འཐས་རྡོ་རྗེའི་སྲོག་འཛིན་བཞིན། །ངལ་བ་འབྲལ་མེད་བསྒྲུབ་རེམས་པའི། །རྩོད་ལྡན་འགྲོ་འདི་ཅི་ཞིག་བསམ། །དགྲ་གཉེན་འཇིག་རྟེན་བྱ་བྱེད་ཀྱི། །ལས་ལ་འབད་པའི་སྙིང་སྟོབས་ཙམ། །དམ་པའི་ཆོས་ཕྱོགས་ཁ་བསྟན་ན། །ཅི་མ་རུངས་ཏེ་གོ་ལོག་འཁྲུལ།། ༈ །།དེས་ན་དགེ་བའི་བཤེས་མཆོག་ཁྱེད། །ངོ་མཚར་གནས་མཆོག་དེ་ལྟ་བུར། །ཚེ་དང་སྒྲུབ་པ་མཉམ་པ་ཡི། །གོ་ཆ་དེ་བཞིན་ཨ་ལ་ལ།། ༈ །།འཁོར་འདས་ཀྱི་བྱེད་པོ་སེམས་ཉིད་ཀྱི། །གཤིས་ངོ་ལ་འགྱུར་


TR002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་བཞིན་དུ། །སྣང་ངོ་རུ་སྣ་ཚོགས་འཆར་བ་འདིས། །གང་ཟག་རྣམས་ཅིར་ཡང་བྱེད་དུ་བཅུག །འགའ་ཞིག་གི་རྣམ་རྟོག་སྤོང་བསྒྱུར་བགེགས། །ཆུ་ཉིད་ཀྱི་ཆུ་རེག་བྱེད་པ་འདྲ། །འགག་ཞིག་ནི་བཅོས་མའི་དམིགས་པས་གཟིར། །ཆབ་རོམ་ལ་ཤེལ་དུ་ཞེན་དེ་མཚར། །ལ་ལ་དག་རྟོག་པའི་རྗེས་འབྲེང་བྱེད། །སྐྱི་སེར་གྱི་རྟ་ལ་ཞོན་པ་འདྲ། །ཕལ་ཆེར་ནི་སེམས་ལ་སེམས་ཀྱིས་བསྒོམ། །རང་ཉིད་ལ་རང་དུ་ཅི་ཕྱིར་བསྒོམ། །ལར་བཟང་བཟང་ཞིག་འདོད་པའི་སྒོམ་བློ་དང་། །ངན་ངན་ཞིག་སྤོང་བློའི་ལྷན་པ་འདི། །མི་དགོས་ཀྱང་ནན་གྱིས་འདེབས་བྱེད་པས། །སྒོམ་ཆེན་རྣམས་སྒོམ་གྱི་འོ་རྒྱལ་ལྷན། །བཅོས་མིན་ཀྱི་རིག་པ་ཅང་ཤེས་རྟ། །རང་འགྲོས་ལ་བཏང་ན་འཆུག་མི་སྲིད། །ཟབ་ཟབ་དང་ཡིན་ཡིན་ཁམས་ཆེ་ཆེའི། །གྲུབ་མཐའ་དང་


TR002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལུགས་ཞེན་ཕྱོགས་ཀྱི། །ཐང་འཐེན་དེ་ཤི་ལ་ཐུག་བྱེད་ཀྱང་། །སེམས་ཉིད་ཀྱི་རང་འགྲོས་ཤེས་པ་དཀོན། ཧ་ཧ། གཅིག་ཤེས་ཀུན་གྲོལ་གནད་ཀྱི་འཚང་རིག་ན། །ཅི་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས་ཉིད་དེ། །སྣོད་བཅུད་ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ། །ཡིན་ཚུལ་ཤེས་ན་སྐྱེད་རིམ་ལོགས་ན་མེད། །འགྲོ་ཀུན་བླ་མའི་རྣམ་འཕྲུལ་འབའ་ཞིག་པ། །ཡིན་པར་རྟོགས་ན་དག་སྣང་སྦྱང་དགོས་ཅི། །སྐྱིད་སྡུག་ཐམས་ཅད་བྱིན་རླབས་ཁོ་ན་རུ། །གོ་ན་བར་ཆད་རྐྱེན་ངན་ག་ནས་བྱུང་། །ཚོགས་དྲུག་གང་ཤར་འཛིན་མེད་ཞེན་མེད་དུ། །བསྐྱུར་ན་འགལ་མཐུན་དགག་བསྒྲུབ་དགོས་མེད་གྲོལ། །ཐ་མལ་ཤེས་རིག་ཟང་ཐལ་རྗེན་པ་ལ། །བསྒོམ་རྒྱུ་སྒོམ་བྱེད་གཉིས་སུ་དབྱེ་དོན་མེད། །ཡེངས་ཀྱི་དོགས་དང་མ་ཡེངས་སྐྱོང་སྙམ་པའི། །ཆུ་ལ་རི་མོ་འབྲི་ནས་ཅི་ཞིག་བྱ། །རང་ལུགས་རང་བབས་རང་སར་ལྷོད་


TR002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གློད། །བསྒོམ་རྒྱུ་མེད་ལ་རང་ངོ་ཤེས་རྒྱུ་ཡོད། །རང་ངོ་ཤེས་རྒྱུ་ཤེས་མཁན་གཉིས་མིན་པར། །གཅིག་ཐོག་བློ་ཐག་ཆོད་པ་གནད་དུ་ཟབ། །གཅིག་དང་དུ་མའང་མིང་ཙམ་ཚིག་ཙམ་སྟེ། །མིང་ཚིག་བརྗོད་པ་མང་པོས་མགོ་བོ་འཁོར། །རྣམ་རྟོག་ཆོས་སྐུར་བཞེད་དང་མི་བཞེད་དང་། །དྲན་པ་སྒོམ་དུ་རུང་དང་མི་རུང་དང་། །ཉམས་རྟོགས་ཤན་འབྱེད་མཉམ་རྗེས་དབྱེ་བསྡུ་དང་། །ཤོར་གོལ་གེགས་སེལ་ས་ལམ་བགྲོད་མཚམས་སོགས། །མིང་སྙན་ཚིག་གི་འཕྲེང་ཚོགས་མང་པོ་ཡིས། །སེམས་ཁྲལ་གཉེར་ཁག་མ་ལུས་ལིང་དོར་ནས། །བཟོ་མེད་ཆོས་སྐུའི་མལ་དུ་གཟིམས་མཛོད་དང་། །གཅིག་ཆོག་བློ་བདེའི་རྒྱལ་ས་ཟིན་པར་འགྱུར།། ༈ །།དེ་སྐད་ཅལ་ཅོལ་སྨྱོན་པའི་གཏམ་འདྲ་འདི། །མང་ཐོས་མཁྱེན་ལྡན་ཁྱེད་ཐུགས་མགུ་མིན་ཀྱང་། །དཀྱིལ་འཁོར་དམ་ཚིག་གཅིག་པའི་ནང་


TR002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དུ། །འབུལ་གྱི་དབྱིངས་འཁྲེལ་མེད་པར་རོལ་དུ་གསོལ། །ཡི་གེའི་འདེགས་བྱེད་སྒྱུ་མའི་ནོར་རྫས་རིགས། །ལམ་རིང་དགྲ་ཡི་གཡབ་མོར་འགྱུར་དེས་ཅི། །དེ་ཕྱིར་བྱིན་རླབས་རྟེན་ཙམ་ཕྱི་ཚས་ལ། །རྟགས་ཀྱི་བཀྲ་བར་ས་གའི་ཚེས་ལ་ཕུལ། །ཞེས་པ་འདི་གནས་ཆེན་ཡར་ཀླུང་ཤེལ་ཕྲག་རུ། བླ་མ་དགེ་སློང་རིན་པོ་ཆེ་ཡེ་ཤེས་ཕུན་ཚོགས་ལ་ཕུལ་བའོ། །ཀྱེ་མ་གྲོགས་དག་དལ་འབྱོར་ཕུན་ཚོགས་ཀྱི། །མི་ལུས་ཐོབ་ཀྱང་ནམ་འཆིའི་ངེས་མེད་པ། །དོ་ནུབ་ཙམ་ཡང་མི་འཆིའི་གདེངས་མེད་པས། །སྙིང་ནས་ལོང་མེད་ཚུལ་འདི་གོ་ལགས་སམ། །འཆི་བར་གྱུར་པ་ཙམ་གྱིས་མི་ཆོག་པ། ཁམས་གསུམ་རིགས་དྲུག་གར་སྐྱེར་བདེ་བ་ནི། །ཅུང་ཟད་ཙམ་ཡང་གོ་སྐབས་མ་མཆིས་ན། །དེ་བས་སྐྱོབ་པའི་བློ་གཏད་གང་ལ་བྱེད། །རྒྱུ་འབྲས་ལས་ཀྱིས་བསླུ་བར་མི་སྲིད་ཚེ། །ཉིན་ཞག་རེ་ལའང་སྒོ་གསུམ་མི་དགེ་བ། །ཞོར་ལ་ཅི་ཙམ་འགྲོ་འདུག་ལེགས་བསོམ་དང་།


TR002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱི་གཡའ་སྙིང་ནས་ཟ་བར་མི་གདའམ། །བསླབ་གསུམ་སྡོམ་པ་བསྲུང་ཀྱང་ཚུལ་འཆོས་འདྲེས། །ཐོས་བསམ་སློབ་གཉེར་བྱེད་ནའང་ཟ་ཐབས་ཙམ། །མཚམས་བསྒྲུབ་དགེ་སྦྱོར་བྱེད་རློམས་ཆོས་བརྒྱད་སྤེལ། །གང་ནའང་རང་རྒྱུད་ཐུལ་བའི་ཆོས་པ་དཀའ། །སྐྱེད་རིམ་བསྒོམ་ཡང་ཀུན་བཏགས་དྲི་མས་སྦགས། །བཟླས་བརྗོད་འབུངས་ཀྱང་བསྲུང་ཟློག་གསད་དོན་གཉེར། །རྫོགས་རིམ་བསྒོམ་འདོད་རྣམ་རྟོག་རྫིང་ཆུར་བསྐྱིལ། །བྱང་ཆུབ་ལམ་དུ་གང་གིས་བསྒྲོད་པར་བྱེད། །ཐོབ་ཐོབ་ཤེས་ཤེས་བགྲང་ཡང་རྒྱུད་མ་ཁེལ། །གཞན་སྐྱོན་མཐོང་མིག་རྣོ་ཡང་རང་མ་རིག །གྲབ་ཡུལ་ཡིད་སྨོན་ངང་ལ་མི་ཚེ་འདས། །དེང་སང་ཆོས་པའི་རྣམ་ཐར་དེ་འདྲར་ལགས། ༈ ཀྱེ་མ། སྙིང་ཐག་པར་ཆོས་ཅིག་བྱེད་པ་ན། །ཚེ་འདི་བློ་ཡི་ཐེངས་པ་དང་། །ལྟོ་གོས་སྐྱིད་འདོད་སྤོང་བ་དང་། །ཞེན་པ་ནང་ནས་


TR002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་པར་འཚལ། །སངས་རྒྱས་དངོས་ཀྱི་བླ་མ་དཀོན། །རྙེད་ཀྱང་དམ་ཚིག་སེལ་མེད་དཀོན། །ཅི་གསུངས་ཆོས་བཞིན་བསྒྲུབ་ནུས་དཀོན། །ཉམས་ལེན་རྩེ་གཅིག་བྱེད་པ་དཀོན། །དཀོན་དྲག་པས་དིང་སང་མི་རྙེད་པར། །ཆོས་ཁ་ལ་ཡོད་ཀྱང་གཏིང་ལ་མེད། །ཕྲལ་སྐྱིད་པོའི་ཆོས་ཅིག་མ་གཏོགས་པ། །ཕུགས་བྱང་ཆུབ་བསྒྲུབ་ནུས་སུ་ལའང་མེད། །ཕྲལ་རྣམ་དཔྱོད་ལྡན་པའི་ཆོས་ཙམ་ལ། །མི་སྐྱ་སེར་མེད་པ་ཡིད་སྨོན་ཡང་། །སེམས་ཚེ་འདིའི་དོན་ལ་ཞེན་ཞེན་ནས། །ནམ་འཆི་ཁར་འགྱོད་ཀྱང་ཕྱིས་ན་ཐལ། །གཅིག་ཤེས་ཀུན་གྲོལ་མ་བྱུང་ན། །མདོ་རྒྱུད་མན་ངག་མཐའ་དག་ལ། །མ་ཤིའི་བར་དུ་བསླབ་སྦྱངས་ཀྱང་། །ཀུན་ཤེས་གཅིག་སྡུགས་ལས་འགྲོ་ས་མེད། །ཆོས་མ་ཤེས་ཀྱི་དོགས་པ་བྱེད་མཁན་མང་། །མ་ནུས་ཀྱི་དོགས་མཁན་ཤིན་ཏུ་ཉུང་། །ཉམས་ལེན་ལ་འབུངས་ནུས་གཅིག་ཀྱང་


TR002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དོན་དེ་ཕྱིར་སྙིང་གཏམ་ཚིག་འདི་གསོན།། ༈ །།ཨེ་མ། འདི་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ། །སྐྱིད་སྡུག་ལེགས་ཉེས་ན་ཚ་འཆི་རྐྱེན་སོགས། །གང་ལའང་བློ་རྩེ་དཀོན་མཆོག་ཁོ་ནར་གཏད། །སྐྱབས་སུ་འགྲོ་བའི་ཉམས་ལེན་རྩ་བ་ཡིན། །སེམས་ཅན་མཐའ་དག་དྲིན་ཅན་ཕ་མ་ལ། །དགྲ་གཉེན་ཆགས་སྡང་ཕྱོགས་འཛིན་ཉེ་རིང་སེམས། །སུ་ལ་བྱས་ཀྱང་ཕ་མ་གསད་དང་མཚུངས། །ཀུན་དང་མཐུན་པ་སེམས་བསྐྱེད་རྩ་བ་ཡིན། །བག་ཆགས་ངན་པ་ཐོགས་མེད་དུས་ནས་གོམས། །གཡོ་རྒྱུ་ཟོལ་ཟོག་སུས་ཀྱང་མ་བསླབ་ཤེས། །བཙན་དུག་ལྐོག་ཏུ་བཟོས་ཀྱང་འཆི་བ་བཞིན། །ངོས་ལྐོག་སྤོང་བ་དམ་སྡོམ་རྩ་བ་ཡིན། །བླ་མ་མཆེད་གྲོགས་སྣོད་བཅུད་ལྷ་སྔགས་དང་། །ཕུང་ཁམས་རྒྱལ་བའི་ཞིང་བསྒོམ་ལོག་ལྟ་སྤངས། །འཁྱེར་སོ་རྣམ་གསུམ་རྒྱུད་ལ་འགྲིས་བྱེད་པ། །དབང་བཞིའི་ཉམས་ལེན་ཀུན་


TR002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྩ་བ་ཡིན། །སངས་རྒྱས་ཀུན་ཀྱང་བླ་མའི་ངོ་བོར་གཅིག །མཛད་ཚུལ་ཅིར་བསྟན་གང་འདུལ་ཕྲིན་ལས་ཉིད། །སྐྱོན་དུ་མཐོང་བ་རང་ཉིད་འཁྲུལ་ཚབས་ཆེ། །དག་སྣང་སྦྱོང་བ་བྱིན་རླབས་རྩ་བ་ཡིན། །འགྲོ་བའི་ཕུང་ཁམས་སྐྱེ་མཆེད་བཟོད་མ་ནས། །ལྷ་ཡི་ངོ་བོར་གྲུབ་ཀྱང་དེར་མ་རིག །དེ་ཉིད་རིག་པས་གསལ་གདབ་ཨ་འཐས་སྤོང་། །བརྡ་དོན་ཤེས་པ་སྐྱེད་རིམ་རྩ་བ་ཡིན། །གདོད་ནས་དག་པའི་ཡེ་སྟོང་མཐའ་བྲལ་གྱི། །གསལ་མདངས་འགགས་མེད་རོལ་རྩལ་ཅིར་ཡང་འཆར། །ཤར་ཡང་དོན་ལ་འཆར་བྱ་འཆར་བྱེད་མེད། །ཟུང་འཇུག་རྟོགས་པ་རྫོགས་རིམ་རྩ་བ་ཡིན། །ཡོད་མེད་རྟག་ཆད་དབུས་མཐའ་ལ་སོགས་པ། །གཉིས་ཆོས་ཐམས་ཅད་མ་སྤངས་ཡེ་གྲོལ་གྱི། །སེམས་ཉིད་གནས་ལུགས་ཇི་བཞིན་ཤེས་པ་ནི། །ཆོས་རྣམས་ཀུན་གྱི་ལྟ་བའི་མཐར་ཐུག་ཡིན། །དམིགས་པས་བཅོས་ནས་བསྒོམ་


TR002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྡུལ་ཙམ་མེད། །ཐ་མལ་འཁྲུལ་འབྱམས་སྐད་ཅིག་མི་འཆོར་བར། །མ་ཡེངས་མི་སྒོམ་ངང་ལ་དུས་འདའ་བར། །ཕྱག་རྫོགས་ཀུན་གྱི་སྒོམ་པའི་རྩ་བ་ཡིན། །ཆོས་ཀུན་རྨི་ལམ་སྒྱུ་མ་འདྲར་ཤེས་ནས། །དགག་བསྒྲུབ་མཚན་འཛིན་སྒྲོག་གིས་མ་བཅིངས་ཤིང་། །ཀུན་རྫོབ་རྒྱུ་འབྲས་ཁྱད་དུ་མི་གསོད་པར། །ཞེན་མེད་རྩོལ་བྲལ་སྤྱོད་པའི་རྩ་བ་ཡིན། །ཉོན་མོངས་དུག་ལྔ་རྩ་བ་ཡན་ལག་བཅས། །ལམ་དུ་མ་ལྷོངས་ཁ་ཆོས་སྟོང་སྐད་ཀྱིས། །གསང་སྔགས་བསྟན་པའི་ཞབས་ནས་མི་དྲང་བར། །ཆོས་དང་སེམས་འདྲེས་ལམ་ཁྱེར་རྩ་བ་ཡིན། །གང་དུ་སྡོད་ཀྱང་ཆོས་མིན་མི་བྱེད་ཅིང་། །ནམ་གྱི་དུས་ནའང་དགེ་སྦྱོར་མི་བཤོལ་དང་། །སྐད་ཅིག་ཙམ་ཡང་ལེ་ལོར་མི་འཆོར་བར། །ཉམས་ལེན་མཚམས་སྒྲུབ་ཀུན་གྱི་རྩ་བ་ཡིན། །ཅི་བྱེད་བླ་མེད་བྱང་ཆུབ་བསྒྲུབ་དོན་ལས། །ཚེ་


TR002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཆེད་དུ་སྤུ་ཙམ་མི་སེམས་པར། །དགེ་བ་མ་ལུས་འགྲོ་བའི་དོན་དུ་བསྔོ། །ཐེག་ཆེན་གཞན་དོན་ཀུན་གྱི་རྩ་བ་ཡིན། །ཉམས་ལེན་ཆོས་ཀྱི་རྩ་བའི་སྙིང་པོ་ཀུན། །མདོ་རུ་བསྡུས་ནས་གདམས་པའི་དགེ་བ་གང་། །མཁའ་མཉམ་འགྲོ་བ་ཀུན་ཀྱང་འདི་ལྟའི་དོན། །མ་ནོར་རྟོགས་ནས་འབྲས་མཆོག་འགྲུབ་གྱུར་ཅིག །ཅེས། ཆོས་དབང་ཡེ་ཤེས་ཀྱིས་བསྐུལ་ངོར་རྒོད་ཕུག་བྱ་སྐྱིབས་ནས་གདམས་སོ།། ༈ །།ཀྱེ་ཧོ་མདོ་རྒྱུད་མན་ངག་རྒྱ་ཆེན་ཆོས་ཀྱིས། །སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། །ཀུན་གྱི་རྩ་བ་རང་སེམས་འདི་ཉིད། །འདུལ་ཐབས་གཅིག་བུ་མ་གཏོགས་གཞན་མེད། །སྨིན་བྱེད་དབང་གི་རྣམ་གྲངས་མང་པོའི། །བརྡ་ཐབས་རྟེན་འབྲེལ་སྣ་ཚོགས་དུ་མས། །བསྐུར་ཡང་རང་རིག་ཡེ་ཤེས་ངོ་བོ། །འདི་ཉིད་དབང་དོན་དངོས་གཞི་ཡིན་ནོ། །གྲོལ་བྱེད་གདམས་པའི་ཁྲིད་རིམས་ཀུན་གྱི། །ཕྱག་བཞེས་མན་ངག་ཟབ་ཟབ་མང་


TR002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །སེམས་ཉིད་རྗེན་པ་བཟོ་བཅོས་མེད་འདི། །རང་ལ་རང་ངོ་སྤྲོད་ཐབས་ཁོ་ནར། །ཐམས་ཅད་མཐུན་ཡང་འཕྲོད་མཁན་དཀོན་ནོ། །གཤིས་ཀྱི་ངོ་བོ་སྤྲོས་བྲལ་ཆོས་སྐུ། །དེ་ཡི་རང་མདངས་འོད་གསལ་ལོངས་སྐུ། །འགག་མེད་ཅིར་ཡང་འཆར་གྲོལ་སྤྲུལ་སྐུ། །དེ་གསུམ་དོན་ལ་དབྱེར་མེད་རོ་གཅིག། ད་ལྟའི་ཐ་མལ་ཤེས་པ་འདི་ཡིན། །གནས་པའི་སེམས་ལ་བཟང་དུ་མ་ཞེན། །འགྱུ་བའི་རྣམ་རྟོག་ངན་དུ་མ་འཛིན། །གཉིས་ཀའི་རང་ངོར་ཅེར་གྱི་ལྟོས་དང་། །ལྟ་བ་ལྟ་མཁན་གཉིས་སུ་མེད་དོ། །མེད་ཀྱང་འཆར་ཚུལ་ཅིར་ཡང་མ་ངེས། །ནམ་མཁའི་སྤྲིན་དང་ཆུ་ཡི་རྦ་རླབས། ཤར་དང་ཐིམ་ཀུན་རང་ལས་མ་གཡོས། །དེ་བཞིན་རྣམ་རྟོག་བྱུང་ཚོར་ཐམས་ཅད། །རང་ལས་བྱུང་ཞིང་རང་གི་རང་གྲོལ། །དེ་ཡང་མིང་གི་བཏགས་ཚུལ་ཙམ་ཡིན། །དོན་ལ་སེམས་ཉིད་དངོས་པོ་མེད་ཕྱིར། །ཤར་དང་གྲོལ་བའི་


TR002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཅི་འབྱུང་། །མེད་བཞིན་སྣང་བའི་སྒྱུ་འཕྲུལ་འདི་ལ། །ཨ་འཐས་ཞེན་འཛིན་དགག་སྒྲུབ་མ་བྱེད། །གུ་ཡངས་ཁྲོལ་ལེ་ལྷོད་དེར་ཞོག་དང་། །རིག་སྟོང་ཆོས་སྐུའི་རང་ཞལ་འཇོལ་དང་། །ཙབ་ཙུབ་བློ་སྣ་སྤན་སྤུན་མང་པོས། །རང་སེམས་རང་གིས་འཁྲུལ་དུ་མ་འཇུག །ཝལ་ལེ་ཁྱུག་མཆོག་ཅི་གར་ཐོང་དང་། །རྣམ་རྟོག་ལས་ལྷག་བསྒོམ་རྒྱུ་མི་དགོས། ཁོ་རང་བླ་མའི་མཆོག་ཏུ་འཆར་རོ། །ངེས་ཤེས་ཟབ་མོ་ནང་ནས་སྐྱེ་བོ། །སྐྱེས་ཀྱང་སྐྱེ་མཁན་ཁོ་རང་ཡིན་གྱི། །གང་ཤར་རང་ངོ་རིག་ལས་ལྷག་པའི། །སྒོམ་འདོད་སྒོམ་བློའི་ལྷན་པ་མ་རྒྱགས། །བསྒོམ་མོ་སྙམ་པའི་ཤེས་པ་དེ་ལས། །གཞན་པའི་སྒོམ་མཁན་སྒོམ་རྒྱུ་གར་འདུག །ཡེངས་སོ་འཕྲོས་སོ་འཁྲུལ་ལོ་སྙམ་མཁན། །དེ་ཉིད་ལས་གཞན་ཡེངས་མཁན་སུ་འདུག །དེ་ཕྱིར་སེམས་ཉིད་གཅིག་གི་རོལ་པར། །གང་ཡང་


TR002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་མོད་ཤར་ཡང་སྟོང་ཉིད། །ཇི་ཙམ་འཆར་ཀྱང་དགག་སྒྲུབ་རྗེས་འབྲང་། །ཅི་ཡང་མི་བྱ་རང་སར་གློད་ལ། །མི་སྤྲོ་མི་བསྡུ་སྐྱུར་ལ་ཞོག་ཅིག །ཡང་དག་དོན་གཅིག་འདི་ལས་འབྱུང་ངོ་། །ལོ་བརྒྱའི་བར་དུ་ནན་གྱིས་བསྒོམས་པའི། །སྒོམ་ཆེན་སྒོམ་གྱིས་བཅིངས་པ་མང་ངོ་། །མི་བསྒོམ་བསྒྱུར་བའི་ཉམས་ལེན་འདི་ཡིས། །གཏན་འདུན་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་སྐད་གདམ་ངག་རྗེན་པར་ཕྱུངས་འདི། །ཚིག་ལ་མ་འབྱམས་རྒྱུད་ཐོག་འཁོལ་མཛོད། །ཅེས་པ་འདི་ཡང་ཉེ་གནས་པ་བསྟན་འཛིན་དར་རྒྱས་ལ་སྙིང་གཏམ་གདམས་པའི་སྙིང་ཁུར་སྨྲས་པ་ཨིྀྠ།། ༈ །།བསམ་གྱིས་མི་ཁྱབ་ཐུགས་རྗེའི་ཟློས་གར་གྱིས། །མཐའ་ཡས་འགྲོ་ལ་ཕན་བདེ་སྦྱིན་མཛད་པ། །མཚུངས་བྲལ་མ་ཧཱ་གུ་་མཉམ་རྡོར་བ། །རྩ་བའི་བླ་མ་དབྱེར་མེད་ལ་བཏུད་ནས། །གསོ་རིག་འཛིན་མཛད་བསོད་ནམས་རབ་བརྟན་མཚན། །གང་གི་སྙིང་


TR002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་བསླབ་བྱ་དགོས་གསུངས་བའི། །བཞེད་དོན་ཚིག་འགའ་སྙན་དུ་གསོལ་བགྱི་ན། ཁ་ཆོས་མ་མཛད་རྒྱུད་ལ་སྦྱོར་བར་ཞུ། །ཀྱེ་མ། །སྙིགས་དུས་རྩོད་ལྡན་མཐའ་མའི་ཡང་མཐའ་འདིར། །སྐྱེ་དགུ་ཐམས་ཅད་ལོག་ལམ་བློ་ཁ་ཕྱོགས། །ལེགས་པའི་ལམ་ལ་མདུན་མཁན་རབ་ཏུ་དཀོན། །རང་སྐྱོན་རང་གིས་ཚོར་མཁན་མ་མཆིས་ལགས། །སྨན་པར་མཚན་གསོལ་ས་སྟེང་ཁྱབ་ན་ཡང་། །སྙིང་ནས་ཕན་སེམས་ལྡན་པ་ཉིན་སྐར་ཙམ། །བློ་བཞག་དྲུག་གི་དམ་ཚིག་བསྲུང་མཁན་མེད། ཁེ་གྲགས་ཟས་ནོར་བསྒྲུབ་མཁན་མང་བ་ལག །ཡོན་ཏན་ལྡན་པའི་སློབ་དཔོན་བསྟན་ཡུན་ཐུང་། །སྙན་བརྒྱུད་ཕྱག་བཞེས་གདམས་པའི་གཏིང་མ་ལོན། ཁ་རྗེ་ཟ་ཐང་ལ་རོའི་སྨན་པ་མང་། །འགྲོ་ལ་ཕན་བདེ་སྟེར་ངེས་དཀོན་པ་ལགས། །དཔལ་ལྡན་རྒྱུད་བཞི་ཡིད་བཞིན་ནོར་བུ་དང་། ཁྱད་པར་ཟབ་མོ་མན་ངག་རྒྱུད་ཆེན་ཉིད། །


TR002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ནས་ཤོག་དྲིལ་ཐང་ཐུང་བློ་གཏོད་པ། །རྒྱུད་པའི་བྱིན་རླབས་ཆུ་ཀླུངས་མི་འབྱུང་ལགས། །སྨན་པ་གཞན་ལ་དག་སྣང་མི་བྱེད་ཅིང་། །རང་གི་ཡོན་ཏན་ནོར་གྱི་ཟོང་དུ་བྱེད། །ཉོམས་ཆུང་ནད་པ་སྙིང་རྗེས་མི་སྐྱོང་བ། །གསོ་རིག་ཤེས་པའི་ཕན་ཡོན་མ་མཆིས་ལགས། །མདོ་རྒྱུད་ཀུན་ནས་གཞན་ཕན་སྨོན་ལམ། །འབད་པར་གསུངས་ན་དངོས་སུ་ཕན་ངེས་ནི། །གསོ་དཔྱད་ལས་ལྷག་གང་ཡང་མ་མཆིས་ན། །རང་འདོད་སྤངས་ནས་གཞན་ཕན་བསྒྲུབ་འཚལ་ལགས། །ཁྱེད་ཉིད་ཐུགས་དམ་ཡི་དམ་ལྷ་སྐལ་ནི། །སངས་རྒྱས་གླིང་དང་ཞིག་གླིང་ཆོས་སྐོར་ལ། །དད་མོས་ལྡན་པ་ཤིན་ཏུ་ལེགས་མོད་ཀྱང་། །གུ་འི་བླ་བསྒྲུབ་སྐབས་སུ་བབས་འོས་ལགས། །མཚན་ཉིད་ལྡན་པའི་བླ་མ་མཆོག་ཞིག་ལ། །སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི། །དབང་ལུང་ཁྲིད་ཞུས་ཉམས་སུ་ལེན་ནུས་ན། །ཆོས་


TR002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཞན་ལ་རེ་ལྟོས་མི་དགོས་ལགས། །ཕྱག་རྫོགས་ཉམས་བཞེས་སྔར་ནས་མཛད་མཆིས་ན། །དེ་ལས་སྤྲོས་པ་བདག་གི་ཅི་ཞིག་གསོལ། །བླ་མ་རེ་ལ་ཁྲིད་ཚུལ་མི་འདྲ་མང་། །གང་ལ་གོམས་བདེ་གདམ་ངག་ཟབ་པ་ལགས། །ཞུ་ཞུ་ཐོབ་ཐོབ་ཁ་གྲངས་བསགས་ན་ཡང་། །རང་རིག་རྗེན་པ་རང་ངོ་མ་ཤེས་ན། །ལྟ་སྒོམ་ཆོས་སྐད་བཟང་ཡང་དགོས་དུས་བསླུ། །རང་རྒྱུད་ལྐོ་སྐམ་འཐུལ་བར་དཀའ་བ་ལགས། །བྱིན་རླབས་ཚུལ་བཞིན་སྙིང་ལ་མ་ཞུགས་ན། །གདམས་པ་ཟབ་ཀྱང་རྒྱུད་ལ་སྐྱེ་མི་ནུས། །བྱིན་རླབས་འཇུག་ལ་དད་པའི་སྟོབས་ཤུགས་དགོས། །དད་པ་ཚུལ་ལྡན་དིང་སང་དཀོན་པ་ལགས། །འཁོར་འདས་ཀུན་གྱི་བྱེད་པོ་སེམས་ཉིད་འདི། །རྟག་ཆད་ཡོད་མེད་སྐྱེ་འགག་འགྲོ་འོངས་མེད། །མེད་བཞིན་སྣང་བའི་ཆོ་འཕྲུལ་ཟད་མེད་འཆར། །འཆར་མཁན་འཆར་རྒྱུ་སོ་སོར་མ་གྲུབ་ལགས།


TR002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་དག་པའི་སྟོང་དབྱིངས་ཆེན་པོ་ཡི། །རྩལ་མདངས་རྣམ་པར་རྟོག་པའི་འཕྲོ་འདུ་འདི། །བཀག་པས་མི་ཁེགས་རྗེས་སུ་འབྲང་ན་འཁྲུལ། །གང་ཤར་རང་ངོ་རིག་པ་གལ་ཆེ་ལགས། །འཇུར་སྒྲིམ་གནས་ཆ་སྒྲུབ་པའི་སྡུག་ཙིར་གྱིས། །སྲོག་རླུང་རིན་གྱིས་ཉོ་བའི་སྒོམ་ཆེན་མང་། །རྣམ་རྟོག་རང་གར་ཤོར་ན་འཇིག་རྟེན་པ། །དེ་བས་རང་རིག་རང་བབས་སྐྱོང་བ་ལགས། །ཐ་མལ་འཁྲུལ་ཕྱིར་མི་འབྲེང་ཕྱག་རྒྱ་ཆེ། །བཟོ་མེད་རིག་ཐོག་གློད་པ་རྫོགས་ཆེན་དོན། །རྐྱོན་སྣང་དགག་སྒྲུབ་མི་དགོས་གཅོད་ཡུལ་དང་། །མཚན་འཛིན་ཕྱོགས་ལྷུང་མེད་པས་དབུ་མ་ལགས། །རྒྱལ་བ་ཐབས་མཁས་གདུལ་བྱ་སྣ་ཚོགས་ལ། །གང་འདུལ་ཆོས་ཀུན་མི་ཟབ་འགའ་མེད་ཀྱང་། །ཚིག་དང་ཡི་གེར་ལུས་ནས་རྒྱུད་མ་ཁོལ། །ཆོས་དང་གང་ཟག་སོ་སོར་སོང་བ་ལགས། །རང་རྒྱུད་ཆོས་ཀྱིས་


TR002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མ་དུལ་ནོར་ལ་སྲེད། །གཞན་ལ་དག་སྣང་མི་འབྱོངས་ཁེགས་སེམས་ཅན། །ཆགས་བྲལ་ཆོས་གཏམ་སྟོང་ལྟ་ཁ་ཁྱེར་མཁན། །དེ་འདྲ་གསང་སྔགས་ཆོས་ཀྱི་ཞབས་འདྲེན་ལགས། །དེ་ཕྱིར་ཐོས་བསམ་ཡང་སྙིང་ཉམས་ལེན་གཙོ། །ཉམས་ལེན་སྙིང་པོར་སྐྱེད་རྫོགས་ཟུང་འཇུག་ཟབ། །ཤི་རུང་གསོན་རུང་བླ་མར་བློ་ཕུགས་གཏད། །བློ་སྣ་མང་པོས་ཕན་པ་མ་མཆིས་ལགས། །ལྟ་སྒོམ་སྙིང་པོར་ཕྱག་རྫོགས་དབྱེར་མེད་སྐྱོང་། །སྤྱོད་ལམ་སྙིང་པོར་སྒོ་གསུམ་ཆོས་མཐུན་བསྒྲུབ། །གཞན་དོན་སྙིང་པོར་གསོ་རིགས་ཕྱོགས་མེད་བསྐྱངས། །སྙིང་གཏམ་སླབ་བྱ་ལགས་སོ་ཐུགས་ལ་བསྟིམ། །ཞེས་དྭགས་པོ་དྲུང་འཚོ་བ་བསོད་ནམས་རབ་བརྟན་ལ་གདམས་པ་ཨྠིྀཿ །རྗེ་བཀའ་བརྒྱུད་ཀྱི་གཙུག་རྒྱན་སྒམ་པོ་པའི། །གདུང་དྲི་མེད་ལས་འཁྲུངས་པའི་ཆོས་ཀྱི་རྗེས། །བདག་མཐའ་ཁོབས་ཀྱི་བྱ་བྲལ་རྒན་པོ་ལ། །ཆོས་ཟབ་དོན་གྱི་སྙིང་གཏམ་སྨྲོས་ཤིག་


TR002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཁྱེད་སྔོན་སྦྱངས་དང་རིགས་ཀྱིས་གྲུབ་པའི་མཐུས། །ཐུགས་མཁྱེན་རབ་ཀྱི་ཉི་གཞོན་གསལ་བས་ན། །བདག་མི་ཁྱེར་གྱི་འོད་ལ་ཅི་ཞིག་ལྟོས། །བཀའ་མི་ཆོག་པའི་ཕེབས་སྒོའི་ལན་འདི་ཕུལ། །སྤྱིར་ཐེག་པའི་རིམ་པ་བསམ་ཡས་དང་། །ཆོས་གྲུབ་མཐའི་བཞེད་གཞུང་དཔག་མེད་ཀུན། །དོན་དགོས་རྒྱུའི་སྙིང་པོ་གལ་ཆེ་བ། །སེམས་རང་རྒྱུད་འདི་འདུལ་ཐབས་འབའ་ཞིག་ལགས། །ཆོས་ང་བཟང་འགྲན་པའི་བང་རྩལ་དེ། །བློ་ཆགས་སྡང་གི་ཐང་ལ་རྒྱུག་རྒྱུགས་ཀྱང་། །སེམས་ངར་འཛིན་ཞི་བའི་མགྱོགས་དར་ནི། །མི་ངར་འཛིན་སུ་ཆོས་ལེན་པ་བྱེད། །ཕྲལ་འཇིག་རྟེན་གྱི་འདུན་མ་མཁས་འགྲན་དང་། །རྒྱུ་ནོར་རྫས་ཀྱི་བསྡུ་ཐབས་གང་མཁས་ལ། །མིང་ཆོས་པ་དང་ཡོངས་འཛིན་དུ་འབོད་དུས་འདིར། །སྒོམ་ཉམས་ལེན་དེ་ནམ་ལངས་ཀྱི་སྐར་མ་འདྲ། །ཟས་ཤ་


TR002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གི་དགའ་སྟོན་སྤྱོད་ཕྱིར་དུ། །མ་སེམས་ཅན་གྱི་སྲོག་དབུགས་འགམ་རེམས་པས། །གོས་ངུར་སྨྲིག་གི་ལྷབ་ལྷུབ་ཆེར་གཡོ་བ། །ཆོས་ལས་འབྲས་ལ་དབང་ཡོད་ཧ་ཅང་ཆེས། །ཕྱོགས་སྡེ་རིས་རྩོད་པའི་སྙིང་སྟོབས་དང་། །འབངས་མངའ་ཞབས་སྐྱོང་བའི་བློ་རྒྱ་དང་། །དཀོར་དད་ཟས་སྒྲུབ་པའི་སྒོ་བཤོམས་སོགས། །མིང་བསྟན་དུ་བཏགས་འདི་སུ་ཡིས་དྲན། །ཟས་བཏུང་བ་ཙམ་ཞིག་འཚོལ་ཐབས་སུ། །ལ་ལས་ཆོས་བཤད་དང་དབུ་མར་བཙོངས། །ལ་ལ་རྔ་བརྡུང་དང་དྲིལ་འཁྲོལ་འབད། །ལ་ལ་ཤོག་སློག་དང་བམ་སློག་རེམས། །ལ་ལས་གླུ་གར་དང་མཆམས་བྲོ་བརྩེ། །ལ་ལ་ལྟ་སྟངས་དང་སྒོམ་རྫུ་བྱེད། །ལ་ལས་མངོན་ཤེས་དང་རྫུ་འཕྲུལ་སྟོན། །ཕལ་ཆེར་ཐབས་ཀ་དང་ངོ་སྲུང་བརྩོན། །ཕྲལ་ཡོན་བདག་གི་མགོ་བསྐོར་འབད་འབད་ནས། །ཕུག་རང་མགོ་རང་གི་བསྐོར་བར་འཆི། །ལམ་བར་དོའི་འཕྲང་


TR002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རིང་འགྲིམ་དུས་དེར། །རྒྱུ་ནོར་རྫས་རྣམས་གང་དུ་འགྲོའམ་ཅི། །ཕྱི་འབྱུང་བ་སྣོད་ཀྱི་གཡོ་འཁྲུགས་དང་། །ནང་སྐྱེ་འགྲོ་བཅུད་ཀྱི་རྣམ་འགྱུར་སོགས། །ཡིད་ཁོང་སྙིང་འདར་བའི་ཚུལ་འདི་འདྲར། །བློ་རྟག་འཛིན་ཅན་རྣམས་ཅི་བསམ་ན། །ལགས་དེ་ཕྱིར་མི་ཚེ་ཡུད་ཙམ་འདི། །གཏན་འདུན་མའི་རྩ་བར་མ་དྲིལ་ན། །རྐྱེན་འཆི་བ་ཐོག་བབས་འབྱུང་ངེས་པས། །གནད་སྙིང་པོའི་ཉམས་བཞེས་བརྩོན་པར་འཚལ། །དལ་འབྱོར་འདི་ཐོབ་པའི་དགའ་ཚོད་ལ། །སྟོང་ཟད་དུ་བཏང་ན་ཕུང་ཚབས་ཆེས། །འཆི་བ་ལ་རྒན་གཞོན་མ་ངེས་ཚེ། །ནམ་བྱུང་དུ་ཐོགས་མེད་གྲབས་ཆུད་དགོས། ཁམས་གསུམ་དུ་གར་སྐྱེ་སྡུག་བསྔལ་གྱི། །བཙོན་དོང་དུ་གོ་བས་འབྲོས་ཐབས་འབད། །རྒྱུ་འབྲས་ཀུན་བསླུ་མེད་ངེས་ཤེས་ཀྱིས། །རང་སེམས་ལ་དཔང་གཙུག་སྤང་བླང་འཚལ། །དཀོན་མཆོག་ལ་བློ་གཏད་སྙིང་གཏད་ཀྱི།


TR002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་ནི་ཆོས་ཀྱི་གཞི་རྟེན་ལགས། །སེམས་ཅན་ཀུན་ཕ་མར་བློ་ངེས་པས། །སྨོན་འཇུག་གི་སྲབ་ཁ་ཐར་ལམ་བསྒྱུར། །སྡིག་སྒྲིབ་ཀྱིས་ངན་འགྲོའི་གཏིང་རྡོ་བྱེད། །འགྱོད་བཤགས་དང་ཡིག་བརྒྱས་དག་པར་སྦྱངས། །སྣོད་བཅུད་དང་སྒོ་གསུམ་གཏན་འདུན་བཅས། །མཎྜལ་དུ་ཕུལ་བས་ཚོགས་སོགས་འབད། །བྱིན་རླབས་ཀྱི་འབྱུང་གནས་བླ་མ་ལ། །གདུང་ཤུགས་ཀྱིས་གསོལ་བ་རྒྱུན་དུ་གདབ། །ཕུང་ཁམས་ཀུན་གཟོད་ནས་ལྷར་ཤེས་པའི། །སྐྱེད་རིམ་གྱིས་ཐ་མལ་ཞེན་རྟོག་དགག །ལོང་གཏམ་གྱིས་ངག་སྒྲིབ་མི་གསོག་པར། །རྡོར་བཟླས་དང་བསྙེན་པ་ཁ་ཏོན་རེམས། །འཁྲུལ་པ་ལ་འཁྲུལ་རྒྱུན་འཐུད་པ་འདིས། །ཐོགས་མེད་འཁོར་བར་འཁྱམས་ལགས་པས། །འཁྲུལ་མཁན་ཉིད་རང་ངོ་ཤེས་མཛོད་དང་། །འཁྲུལ་སྣང་གི་རྫུན་ཕུགས་དིབ་པར་འགྱུར། །རྣམ་རྟོག་གི་རྦ་གློང་སྙོལ་བའི་ཕྱིར། །ཞི་གནས་ཀྱི་རྨངས་གཞི་བརྟན་


TR002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགོས། །གནས་ཆ་ལ་ཧ་ཅང་ཞེན་པ་ན། །ཐེག་དམན་གྱི་འགོག་པར་གོལ་ཉེན་མཆིས། །ལྷག་མཐོང་གི་རང་ཞལ་མ་རིག་ན། །ཞི་གནས་ཀྱི་ཉམས་མྱོང་ཅི་བཟང་ཡང་། །ཕྲལ་རྐྱེན་གྱི་རླུང་འཚུབས་ལྡང་ཙ་ན། །སྒོམ་ཆེན་པ་སྒོམ་དང་བྲལ་བ་མང་། །བློས་བྱས་ཀྱི་སྒོམ་པ་བཟང་ལགས་ཀྱང་། །ཕྱག་ཆེན་གྱི་དོན་ལ་ཉེ་བར་དཀའ། །སྒོམ་རྒྱུ་ཞིག་ཡོད་ན་ཕྱག་ཆེན་མིན། །ཡིན་ལུགས་ཀྱི་ལྟ་བ་ངོ་ཕྲོད་ན། །རང་བབས་སུ་གློད་པ་སྒོམ་པའི་གནད། །གློད་རྒྱུ་དང་གློད་མཁན་གཉིས་མིན་ཀྱང་། །བཅོས་སྒོམ་དུ་མི་བྱ་རང་བབས་བཞག །མ་ཡེངས་པ་གནད་དུ་ཆེ་མོད་ཀྱི། །ཡེངས་དོགས་ཀྱི་རྟོགས་པས་གཡེང་བ་མང་། །དྲན་པ་ལ་སྒོམ་དུ་བྱེད་ན་ཡང་། །ཡེངས་མཁན་དང་དྲན་མཁན་ཐ་དད་འཛིན། །ཐ་དད་དུ་བཟུང་ལ་གཉིས་འཛིན་ཟེར། །གཉིས་འཛིན་ནི་སྒོམ་


TR002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གེགས་སུ་ཆེ། །གངས་ཅན་འདིར་ཕྱག་ཆེན་ཆུ་མགོ་ནི། །རྗེ་ཟླ་འོད་གཞོན་ནུར་མ་ཐུག་མེད། །དིང་སང་གི་ཕྱག་ཆེན་སྒོམ་མཁན་ཕལ། །བློས་བྱས་ཀྱི་གནས་ས་སྐྱོང་མཁན་མང་། །རྗེ་དེས་གསུངས་གབ་པ་མངོན་ཕྱུངས་སོགས། །གནད་ཞལ་གདམས་རྣམས་དང་ཅུང་མ་མཐུན། །མཆུ་མགོ་དང་མ་མཐུན་ཆུ་འཇུག་དེ། །འདམ་རྙོག་གི་ལྷད་ལས་འོས་ཅི་ཞིག །བཅོས་མིན་གྱི་ངོ་བོ་སྐྱོང་བ་ལས། །འཇུར་འཛིན་གྱི་གནས་པ་སྒྲུབ་དོན་མེད། །གནས་འགྱུ་ལ་སྤང་བླང་བྱེད་བྱེད་ནས། །བྱེད་པ་པོ་འཁྲུལ་པའི་ངང་དུ་འབྱམས། །གང་ཤར་གྱི་རང་ངོ་ཕྱག་ཆེན་དུ། །ལམ་ཁྱེར་གྱི་ཉམས་ལེན་མ་ཤེས་ན། །གནས་དུས་ཉིད་སྒོམ་དུ་བཟུང་བཟུང་ནས། །བར་མཚམས་ཀུན་འཁྲུལ་པའི་ཡོ་ལང་ཉིད། །རྣམ་རྟོགས་དང་ཆོས་སྐུ་ཅིག་མི་ཅིག །རྩོད་གཞི་དེ་ཤི་ལ་ཐུག་བྱེད་ཀྱང་། །རྣམ་རྟོག་ཉིད་ཆོས་སྐུར་མ་ཤར་བ། །


TR002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཐ་དད་འཛིན་པ་ངལ་བར་ཟད། །གནས་འགྱུ་ཀུན་སྒོམ་དུ་ཁྱེར་ཤེས་ན། །སྒོམ་མིན་གྱི་འཁྲུལ་རྟོག་ལུས་རྒྱུ་མེད། །གསེར་གླིང་ན་ས་རྡོ་མི་རྙེད་བཞིན། །ཆོས་ཉིད་ལས་གཞན་པ་གང་ཡང་མེད། །གནས་ཆ་ལ་སྒོམ་དུ་བྱེད་ན་ཡང་། །གནས་ཉམས་དེ་སྒོམ་གྱི་ངོ་བོ་མིན། །གནས་མི་གནས་རང་ངོ་ཤེས་པ་དགོས། །དེ་ཤེས་ཚེ་འགྱུས་ཀྱང་སྒོམ་གྱི་ངང་། །གནས་འགྱུ་ལ་དགའ་འདམ་མ་དགོས་ཚེ། །ཚོགས་དྲུག་ཀྱང་སྒོམ་དུ་མ་གྱུར་མེད། །ཡིན་ཚུལ་ལ་ཉམས་མྱོང་མ་སྐྱེས་ན། །དེ་ཡིན་ནོ་སྙམ་ཀྱང་གོ་སྐམ་ཙམ། །གོ་བ་དང་ཚིག་ལ་ཞེན་པ་དང་། །རྒྱས་འདེབས་ཀྱི་ལྷན་པ་མི་གདབ་པར། །ཐ་མལ་གྱི་ཤེས་རིག་རྗེན་པ་འདི། །རང་བབས་སུ་སྐྱོང་དང་དེ་ཀས་ཆོག །ཐུན་མཚམས་ཀྱི་བཞག་ལེན་མི་བྱེད་ཅིང་། །གོ་ཡུལ་དང་ཁ་ལྟས་མ་བསླུས་པར། །མོས་གུས་དང་གསོལ་


TR002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ནན་ཏན་བྱ། །དངོས་གྲུབ་དེ་ཚེ་གཅིག་སངས་རྒྱས་ཞུ། །མི་ཚེ་ནི་རྨི་ལམ་ཙམ་འདི་ལ། །སྐྱིད་སྡུག་གི་མདུན་མ་ཅི་དགར་བཏང་། །གཏན་འདུན་དེ་ཡལ་བར་མ་དོར་ན། །འཇིག་རྟེན་གྱི་འདུན་མ་བཅུགས་ཀྱང་བཟོད། །མཁའ་ཁྱབ་ཀྱི་འགྲོ་དོན་མི་སྒྲུབ་ན། །རང་ཕྱོགས་ཀྱི་འགྲོ་དོན་ཕྱོགས་ཆར་ཟད། །རླབས་ཆེན་གྱི་གཞན་དོན་སྒྲུབ་པ་ལ། །མཁྱེན་རྟོགས་ཀྱི་ནུས་པ་མཐར་ཕྱིན་དགོས། །དགེ་སྦྱོར་ཀུན་རང་འདོད་ཀྱིས་མ་སླད་པར། །སེམས་སྐྱེད་དང་བསྔོ་སྨོན་བཟང་པོས་སྤེལ། །སྐད་ཅིག་ཀྱང་ཐ་མལ་མི་སྡོད་པར། །རྩོལ་བཅས་དང་རྩོལ་མེད་ཉམས་ལེན་འཚལ། །དེ་སྐད་དུ་གསོལ་བའི་ཚིག་ཕྲེང་འདི། ཁ་ཆོས་སུ་མ་མཛད་རྒྱུད་ལ་སྦྱོར། །བདག་མི་རྒན་དངོས་སུ་ཕྲད་ན་ཡང་། །དོན་འདི་ལས་ལྷགས་སུ་ཞུ་རྒྱུ་མེད། །ཐུགས་མཁྱེན་དབྱིངས་ཟབ་མོར་བསྟིམ་པར་གསོལ། །ཚུལ་འདི་སྨྲས་དགེ་


TR002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་མཆིས་མཐུས། །མ་མཁའ་མཉམ་འགྲོ་བ་བྱང་ཆུབ་ཤོག །ཅེས། ཤར་དྭགས་ལྷ་སྒམ་པོ་ནས་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་བགྲེས་པའི་དྲུང་གི་བཞེད་པ་སྐོང་ཕྱིར་ཕུལ་བ་མང་ག་ལམ།། ༈ །།དོན་རྒྱུད་བྱིན་རླབས་འབྱུང་གནས་རྩ་རྒྱུད་བླ་མའི་ཞབས། །གུས་པས་ལན་བརྒྱད་བཏུད་ནས་སྐྱབས་མཆི་གསོལ་བ་འདེབས། །བསྟན་པའི་ཞབས་འདེགས་བརྩོན་མཛད་བསྟན་རྡོར་སྐྱེས་མཆོག་གང་། །བཞེད་དོན་སྐོང་བའི་ཚིག་གསུམ་སྙན་དུ་གསོལ་ལ་དགོངས། །ཕུན་ཚོགས་དལ་འབྱོར་ཐོབ་འདི་རྨི་ལམ་སྣང་བ་ཙམ། །ནམ་མཁའི་ཐོག་ལས་འཇིགས་པའི་འཆི་བདག་མྱུར་དུ་འོང་། །ཚེ་འདིའི་སྣང་བས་བསླུས་ཤིང་ཤི་དུས་ལག་སྟོང་འགྲོ། །ལོང་མེད་དགེ་སྦྱོར་འབད་རབ་གྲབས་བཤོམ་མ་མཆིས་མཛོད། །ཐོས་པ་རྒྱ་མཚོས་ངོམས་ཀྱང་དགོས་དོན་ཉམས་ལེན་ཉིད། །མི་ཚེ་ཆོས་ལ་འབུངས་རློམས་སེམས་རྒྱུད་ཐུལ་མ་


TR002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ། །རྐྱེན་ངན་ཕྲ་མོ་ཙམ་གྱིས་ཆོས་པའི་ཚ་རྡོ་འབོར། །རང་སྐྱོན་ནན་གྱིས་བརྟུལ་བ་གལ་གྱི་ཆེ་ཤོས་ལགས། །རྒྱུ་འབྲས་ཁ་ནས་བཤོད་པའི་སྟོན་ཆེན་སྒོམ་ཆེན་མང་། །རང་སེམས་དཔང་དུ་འཛུག་མཁན་རིན་ཆེན་གསེར་ལས་དཀོན། །འདོད་པའི་ལོངས་སྤྱོད་མཐོང་ན་ལས་འབྲས་འཇའ་ལྟར་ཡལ། །རང་ཟོག་རང་ལ་འཚོང་བའི་ཆོས་པ་མང་ལ་གཟིགས། །ལྟོ་འབྲངས་ཉི་མས་དྲོས་ནས་འབོལ་བདེ་བཤོམས་པའི་ཚེ། །ཆོས་དང་མཐུན་མཐུན་འདྲ་བའི་སེམས་ཀྱི་ཁྱིའུ་ཆུང་འདི། །སྡུག་བསྔལ་ཨེན་ཙམ་བྱུང་དུས་ཆོས་དང་བླ་མ་བརྗོད། །བྱིས་པའི་རྣམ་ཐར་སྟོན་ན་འཆི་ཁར་ཅིར་འགྱུར་བསོམ། །འདུལ་སྡོམ་ཀུན་གྱི་རྩ་བ་དགེ་སྦྱོང་ཆོས་བཞི་དང་། །བྱང་ཆུབ་སེམས་ཀྱི་སྙིང་པོ་བདག་ལས་གཞན་ཅེས་བློ། །གསང་སྔགས་ལམ་གྱི་མཐར་ཐུག་ཁྱེར་སོ་རྣམ་པ་གསུམ། ཁ་ཚིག་ཙམ་ལ་མ་ལུས་རྒྱུད་ལ་འདྲེ་ངེས་ཞུ། །


TR002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་ཐོབ་བཞིན་དུ་ཤ་ཆང་བུད་མེད་དང་། །ཉོན་མོངས་ལམ་དུ་འཁྱེར་བའི་ཐོ་བཅོས་བསླུས་པ་མང་། །སྐྱོ་ཚའི་ཞིམ་ངར་ཙམ་ལའང་འཛིན་པ་ཆེ་ལུགས་ལ། །དུག་ལྔ་ལམ་ཁྱེར་ནུས་པ་རེ་ཤིག་འགོར་བ་ལགས། །གྲུབ་མཐའ་ཆོས་རྒྱུད་བརྩོད་པའི་བསྟན་པའི་གཞོགས་འཐེན་དང་། །ཆོས་ལ་བཟང་ངན་འཛིན་པའི་ཅལ་སྒྲོག་རྗེས་འབྲེང་དང་། །རང་ཕྱོགས་རྒྱལ་ན་དགའ་བའི་ཆགས་སྡང་ཁ་འཛིན་སོགས། །ཀུན་གྱི་ནན་ལྟར་འབད་མོད་སྤང་བྱའི་གཙོ་བོ་ལགས། །ཟང་ཟིང་རྙིང་ལ་གདུང་པ་ལན་ཚྭའི་ཆུ་འཐུང་འདྲ། །མི་ཆོས་ཕེར་ཡོང་མཁས་བཞིན་སྡིག་སྒྲིབ་ཁྲེས་པོ་ལྗི། །གདུལ་བྱ་ཕྲིན་ལས་གང་ཆེ་བུབ་པའི་སྔ་ལྟས་ཡིན། །བློ་ཁ་ནང་དུ་བཟློག་ན་གཏན་འདུན་འགྲུབ་པར་མཆི། །བླ་མའི་བཀའ་དང་མ་མཐུན་དམ་ཚིག་རྩ་བ་རུལ། །དམ་མེད་ཆོས་ལ་མཁས་ཀྱང་རུ་འདྲའི་


TR002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་འགྲུབ། །རྟག་ཏུ་བླ་མ་མཉེས་བྱས་ཆོས་སྒོ་དེ་ཀས་ཆོད། །དད་དམ་དག་སྣང་ཅན་ལ་བྱིན་རླབས་ལྷུག་པར་འབབ། །གཞི་བྱེད་ལམ་གསུམ་མེད་པའི་ཉིན་མཚན་ནམ་དུ་ཡང་། །སྒོ་གསུམ་ཆོས་མིན་སྤང་ཞིང་སྙོམ་ལས་མི་བྱ་བར། །ཆོས་སྤྱོད་བཅུ་པོ་གང་རུང་ལག་ཏུ་བླང་བྱ་ཞིང་། །རྩི་བྱེད་མཁའ་མཉམ་འགྲོ་ལ་སེམས་བསྐྱེད་བསྔོ་སྨོན་སྤེལ། །གྲོགས་འཁོར་སློབ་མ་སྦྱིན་བདག་འབྲེལ་ཐོགས་ཐམས་ཅད་ལ། །ཅི་ནུས་ལྷག་བསམ་ཟོལ་མེད་སྡིག་སྤོང་དགེ་ལ་སྦྱོར། །རང་འདོད་ཕུག་བཅུག་མིན་པས་བསྟན་པའི་ཞབས་ཏོག་དང་། །དགེ་སྦྱོར་ཟུང་དུ་འབྲེལ་ལ་བརྩོན་པ་མཐའ་ཁྱོལ་ཞུ། །མི་རྒན་དབང་པོ་གུད་པའི་ཅལ་ཅོལ་གཏམ་ཚིག་འདི། །གང་ཁྱེད་ཐུགས་ལ་འཕྲོད་དང་དོན་ལ་འབབ་པ་དཀའ། །གལ་ཏེ་ཕན་སེམས་དཀར་བའི་ནུས་པའི་ཆ་མཆིས་ན། །དེ་མཐུས་སྐྱེས་


TR002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཁྱེད་སོགས་ཀུན་ལ་ཕན་པ་ཤོག །ཅེས་བླ་མ་སྐུ་སྐྱེས་པ་མི་ཕམ་བསྟན་པའི་རྡོ་རྗེ་ལ་ཕུལ་བའོ།། ༈ །།སྐལ་ལྡན་དད་ཅན་ནོར་བཟང་པས། །བཀའ་ཕྱག་ཆུ་བོ་ཉམས་འདྲེས་ཀྱི། །གདམས་པའི་སྙིང་པོ་མདོར་དྲིལ་བའི། །སྙིང་གཏམ་སྨྲོས་ཞེས་གང་གསུངས་བཞིན། །རྒྱལ་བས་གསུངས་པའི་ཆོས་སྒོ་ནི། །བརྒྱད་ཁྲི་བཞི་སྟོང་ལ་སོགས་ཀྱང་། །ཉམས་སུ་བླངས་བྱའི་སྙིང་པོ་ནི། །ལྟ་སྤྱོད་གཉིས་སུ་མ་ལུས་མེད། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །སྤྱོད་པའི་མཆོག་རབ་བློ་སྦྱོངས་ཆོས། །ཟུང་དུ་འབྲེལ་བའི་ཟབ་བཞེས་འདི། །སྒམ་པོ་པ་ཡི་ཁྱད་ཆོས་ལགས།། ༈ །།ལྟ་བའི་མིང་དུ་བཏགས་མང་ཡང་། །ལྟ་རྒྱུའི་དངོས་པོར་གྲུབ་པ་མེད། །བལྟ་བྱའི་ཡུལ་དང་ལྟ་བྱེད་སེམས། །གཉིས་སུ་མེད་པའི་ངོས་བཟུང་བྲལ། །གཉིས་མེད་གཅིག་དང་དུ་མའང་མིན། །མེད་བཞིན་


TR002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་སྣང་བཞིན་འཆར། །ཤར་ཡང་བདེན་པར་མ་གྲུབ་པའི། །རང་སེམས་འདི་ལ་ལྟ་བ་ཟེར། །བལྟས་པས་མཐོང་དུ་མ་མཆིས་ཀྱང་། །ཉམས་སུ་མྱོང་རྒྱུའི་ངེས་ཤེས་འབྱུང་། །ཉམས་མྱོང་ཞེན་པས་མ་བཅིངས་པར། །རིག་པ་རྗེན་པ་རང་བབས་སྐྱོང་། །རང་ངོ་རང་གི་ཤེས་པ་དེ། །ལྟ་བ་ཕྱག་རྒྱ་ཆེན་པོ་ཡིན། །ལྟ་བའི་དོན་ལས་མ་ཡེངས་པ། །སྒོམ་པ་ཀུན་གྱི་སྙིང་པོ་སྟེ། །ལྟ་སྒོམ་དབྱེར་མེད་གཉུག་མའི་ངང་། །མ་བཅོས་མ་ཡེངས་བསྐྱང་བར་འཚལ། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། །ལྟ་བ་འདི་ལ་འགྲིས་པར་མཛོད། །སྤྱོད་པ་བློ་སྦྱོང་གདམས་པ་ལ། །དོན་བདུན་ཐུན་བརྒྱད་དོན་བཞི་སོགས། །ས་བཅད་དབྱེ་ཚུལ་མང་ན་ཡང་། །སྙིང་པོར་རང་རྒྱུད་གདུལ་ཐབས་ཉིད། །ངར་འཛིན་འགོང་པོ་མ་ཐུལ་ན། །ཐོས་བསམ་སྒོམ་པ་བཟང་རློམས་ཀྱང་། །དུག་དང་འདྲེས་པའི་


TR002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཟས་བཞིན། །རང་གཞན་གང་ལའང་ཕན་པ་མེད། །ཐུབ་པས་ཆོས་རྣམས་གང་བསྟན་ཡང་། །གདུལ་བྱའི་སེམས་རྒྱུད་འདུལ་ཕྱིར་ཡིན། །བདག་འཛིན་སླར་ལ་འཕེལ་བ་ཡི། །ཤེས་ཤེས་མང་པོའི་ཆོས་ཀྱིས་ཅི། །ཚིག་ཟུར་མཐོ་དམན་ཙམ་ལ་ཡང་། །མི་བཟོད་ཁོང་ཁྲོའི་མེ་འབར་ཞིང་། །ལས་འབྲས་ཁྱད་དུ་གསོད་བྱེད་པའི། །བདག་འཛིན་འདི་ཡིས་འཕྲལ་ཡུན་ཕུང་། །ཀུན་ལས་རང་ཉིད་ལྷག་པར་དུ། །བཟང་འདོད་རྒྱལ་འདོད་གྲགས་འདོད་དང་། །བདེ་སྐྱིད་འདོད་པའི་བློ་ངན་འདིས། །འཁོར་བ་ངན་སོང་གཞི་མར་བྱས། །ད་ནས་རྣམ་པ་ཐམས་ཅད་དུ། །སྐྱིད་ཀྱང་ཆོག་ལ་སྡུག་ཀྱང་ཆོག །གང་བྱུང་བླ་མ་དཀོན་མཆོག་དྲིན། །ཐུགས་རྗེར་ཤེས་པས་མོས་གུས་བསྐྱེད། །མཁའ་ཁྱབ་རིས་དྲུག་སེམས་ཅན་ཀུན། །ཕ་མར་མ་གྱུར་སུ་ཡང་མེད། །ཁྲོ་འཁྲུག་གནོད་འཚེ་ཅི་ཕྱིར་བྱེད། །ཐར་ལམ་འཁོད་པ་བསམ་སྦྱོར་འབད། །


TR002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སོ་མཐར་དགེ་སྦྱོང་ཆོས་བཞི་དང་། །ཐེག་ཆེན་སྨོན་འཇུག་བྱང་སེམས་དང་། །གསང་སྔགས་དག་སྣང་ཞིང་སྦྱོང་སོགས། །གནད་དོན་མ་ལུས་འདི་རུ་གཞོལ། །དམ་ཆོས་བྱས་པའི་དོན་པོ་དེ། །རང་སྐྱོན་ཐུལ་བ་འབའ་ཞིག་དགོས། །སྐྱོན་ཟད་ཡོན་ཏན་རྫོགས་པ་ལ། །སངས་རྒྱས་ཞེས་སུ་བརྗོད་པ་ལགས། །ཕྱག་རྒྱ་ཆེ་དང་བློ་སྦྱོང་གི། །དམིགས་རིམ་ཙམ་ཞིག་ཤེས་སླ་ཡང་། །དོན་འདི་རྒྱུད་ལ་མ་འབྱོར་ན། །ཐོབ་ཐོབ་ཚིག་གི་ལམ་དུ་ཟད། ཁ་ལ་ཁྱེར་རྒྱུའི་ཆོས་མ་ཡིན། །ལག་ཏུ་བླངས་ཞིང་སེམས་ལ་སྦྱོར། །སྙིང་གཏམ་གོ་བདེར་སྨྲས་པ་འདིས། །ཁྱེད་ཐུགས་ཆོས་ཀྱིས་སྨིན་གྱུར་ཅིག །ཅེས་པ་འདི། སྐལ་ལྡན་མ་ི་བྷ་དྲ་ལ་གདམས་པ་ཤུ་བྷམ།། ༈ །།སྭསྟི་སིདྡྷི། རྒྱལ་བ་གང་ཞིག་འགྲོ་བའི་དོན། །ཆགས་ཐོག་མེད་པའི་ཕྲིན་ལས་ཀྱིས། །མངོན་མཐོ་ངེས་ལེགས་སྟེར་མཛད་པའི། །སྐྱབས་གནས་བླ་མ་དཀོན་མཆོག་ལ། །བདག་སོགས་


TR002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་སེམས་ཅན་ཀུན། །སྙིང་ནས་ཕྱག་འཚལ་སྐྱབས་མཆི་ན། །དམིགས་བྲལ་ཐུགས་རྗེ་ཆེན་པོ་ཡིས། །རྟག་པར་རྗེས་སུ་བཟུང་དུ་གསོལ། །བོད་ཡུལ་ཤར་ཕྱོགས་ཀོང་རོང་མཐིལ། །ཟད་མཐར་ཐུག་པ་རྒྱལ་བའི་གནས། །སྙིང་པོ་དཔལ་རི་གངས་ཆེན་འདིའི། །ཕྱོགས་བཞིར་གུ་རུའི་སྒྲུབ་ཕུག་ཡོད། །ཤར་ན་ཞི་བ་ཆོས་ཀྱི་ཕུག །ལྷོ་རུ་བདེར་གཤེགས་ཚེ་ཡི་ཕུག །ནུབ་ཏུ་མཁའ་འགྲོ་གསང་བའི་ཕུག །བྱང་ན་ཕྱག་རྡོར་འོག་མིན་ཕུག །ཕྲིན་ལས་བཞི་འགྲུབ་གནས་ཆེན་ཡིན། །དེ་ལས་བདེར་གཤེགས་ཚེ་ཕུག་འདིར། །གུ་རུས་བྱ་རྒོད་སྤྲུལ་ནས་བཞུགས། །རྒོད་ཚང་ཕུག་ཅེས་ཕལ་ལ་གྲགས། །སྐྱེས་ཆེན་མང་པོའི་བཞུགས་གནས་མཛད། །དཔའ་བོ་མཁའ་འགྲོ་ངང་གིས་འདུ། །སྐྱོ་ཤས་ངེས་འབྱུང་ཤུགས་ལ་འཆར། །ཏིང་འཛིན་ཉམས་རྟོགས་


TR002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་འཕེལ། །ཕྱག་མཆོད་བསྐོར་བས་སྡིག་སྒྲིབ་འདག །འབྲེལ་ཚད་དོན་ལྡན་གནས་མཆོག་འདིར། །བདག་འདྲ་བན་ཆུང་བླ་མའི་གཟུགས། །སྣ་ཚོགས་རང་གྲོལ་མིང་འཆང་བས། །མི་ལོ་ཉི་ཤུ་རྩ་བཞིའི་བར། །མི་དང་མ་འཕྲད་དབེན་མཚམས་བགྱིས། །སྐྱབས་གནས་རྗེ་ལ་གསོལ་བ་བཏབས། །མཁའ་མཉམ་འགྲོ་ལ་སྙིང་རྗེ་བསྒོམ། །སྒོ་གསུམ་དམ་པའི་ཆོས་ལ་དྲིལ། །སྐྱེད་རིམ་སྣོད་བཅུད་དག་སྣང་སྦྱང་། །རྫོགས་རིམ་རླུང་རིག་ཡེ་ཤེས་བསྲེས། །ཟུང་འཇུག་རང་སེམས་བཟོ་མེད་གློད། །ཅིར་སྣང་ཆོས་སྐུའི་དཀྱིལ་འཁོར་ལ། །དགག་སྒྲུབ་མཚན་འཛིན་མ་བཅིངས་པར། ཁྱབ་གདལ་ཡེ་ཤེས་རོལ་པར་སྤྱད། །སྤྲོས་བཅས་སྤྲོས་མེད་དགེ་སྦྱོར་ཀུན། །མཁའ་ཁྱབ་འབྲེལ་ཚད་ལྟོས་བཅས་སོགས། །བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོས། །མི་རྒན་བསམ་པ་མཐའ་རུ་ཕྱིན།


TR002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་འདིར་བཞུགས་ཆོས་མཛད་ཀུན། །དབེན་པའི་སྒྲུབ་གནས་འདི་ལྟ་བུར། །འཇིག་རྟེན་བྱ་བས་མ་སླད་པར། །ཚེ་དང་སྒྲུབ་པ་མཉམ་མཛད་ཞུ། །གནས་འདི་མཇལ་དང་ཕྱག་སྐོར་བྱེད། །མཆོད་འབུལ་ཚོགས་འཁོར་བཤོམས་ལ་སོགས། །མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང་། །ནད་གདོན་སྡིག་སྒྲིབ་བར་ཆད་ཞི། །ཚེ་དཔལ་བསོད་ནམས་འབྱོར་པ་འཕེལ། །ཅི་བསམ་ཆོས་མཐུན་ཉིད་དུ་འགྲུབ། །ཚེ་གཅིག་སངས་རྒྱས་ཐོབ་གྱུར་རིག །རྒྱལ་ཁམས་བདེ་ཞིང་སྐྱེ་འགྲོ་སྐྱིད། །བསྟན་པ་དར་དང་བསྟན་འཛིན་མཐུན། །ཇི་ལྟར་སྨོན་པ་ཀུན་འགྲུབ་པར། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས། །མངྒ་ལཾ། །ཅེས་པ་འདི། དཔལ་གྱི་གནས་མཆོག་རྒོད་ཚང་ཕུག་ནས་བཅད་རྒྱ་གྲོལ་ཏེ་ཐང་འབྲོག་འོད་གསལ་རྩེ་མོའི་སྒྲུབ་གནས་སུ་འགྲོ་གདོང་ལ་ཡི་གེར་བཀོད་པའོ།། ༈ །།གྲུབ་རིགས་བཟང་པོའི་རྒྱུད་ལས་ལེགས་འཁྲུངས་པའི། །སྔགས་འཆང་རྡོ་རྗེ་འཛིན་པ་དོན་གྲུབ་པས། །སེམས་


TR002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པའི་སླབ་བྱ་དགོས་གསུང་བའི། །བཞེད་དོན་སྐོངས་ཕྱིར་སྙན་དུ་འདི་ལྟར་ཕུལ། །མི་ལུས་ཙམ་ཞིག་ཐོབ་པ་མང་ན་ཡང་། །དལ་འབྱོར་དོན་ལྡན་འགྲུབ་མཁན་ཤིན་ཏུ་དཀོན། །ཆོས་མེད་རྣམ་རིག་བཀྲ་ཡང་བླུན་པོར་ཟད། །ཐར་ལམ་ད་རེས་ཟིན་པ་གལ་ཆེ་ལགས། །སྐྱེས་ནས་མི་འཆི་བ་ནི་སུ་ཡང་མེད། །འཆི་བ་ཐོག་བབ་རྒན་གཞོན་མ་ངེས་ཚེ། །ཤི་ནད་ཕོག་ནས་འགྱོད་ཀྱང་བྱ་ཐབས་ཟད། །སྔ་གྲབས་འགྱོད་མེད་ཆུད་པ་གལ་ཆེ་ལགས། །རྒྱུ་འབྲས་དགེ་སྡིག་བདེ་སྡུག་བསླུ་བ་མེད། །ངོས་ལྐོག་ཡོ་རྒྱུ་མཁས་ཀྱང་རང་ཕུང་ཉིད། །བདེ་འདོད་སྡུག་བསྔལ་མི་འདོད་ཀུན་མཐུན་བཞིན། །བླང་དོར་གོ་ལོག་མ་སོང་དགོས་པ་ལགས། །ཚེར་མ་ཙམ་ཞིག་ཟུག་ཀྱང་མི་བཟོད་ན། །ངན་སོང་དམྱལ་བའི་སྡུག་བསྔལ་ཅི་ཞིག་བཟོད། །འཁོར་བ་གར་སྐྱེས་བདེ་བ་སྤུ་ཙམ་མེད། །མྱང་འདས་བྱང་ཆུབ་ཅི་འགྲུབ་རེམས་དགོས་ལགས། །


TR002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་འཁོར་བའི་འཇིགས་ཆེན་སྐྱབས་ནུས་ནི། །བླ་མ་དཀོན་མཆོག་ལས་གཞན་མ་མཆིས་ཚེ། །དད་གུས་དྲག་པོས་སྐྱབས་འགྲོ་གསོལ་འདེབས་ལ། །འབད་ན་དཀོན་མཆོག་ཐུགས་རྗེས་མི་བསླུ་ལགས། །མཁའ་ཁྱབ་སེམས་ཅན་ཐམས་ཅད་ཚེ་རབས་ཀྱི། །ཕ་མ་དྲིན་ཅན་མ་བྱས་སུ་ཡང་མེད། །དྲིན་ལན་མ་འཁོར་གནོད་སེམས་ཅི་ལ་བྱེད། །སྙིང་རྗེ་བྱང་སེམས་ཅི་སྒྲུབ་དགོས་ལགས། །བདེར་གཤེགས་མ་ལུས་ཚོགས་གཉིས་རྫོགས་ལས་བྱུང་། །ཚོགས་བསགས་སྒྲིབ་པ་མ་སྦྱང་དོན་མི་འགྲུབ། །རྟག་པར་ལུས་དང་ལོངས་སྤྱོད་སྒོ་གསུམ་ཀུན། །དཀར་ཕྱོགས་དགེ་ལ་སྦྱོར་བ་བརྩོན་དགོས་ལགས། །སངས་རྒྱས་ཐམས་ཅད་ངོ་བོ་དབྱེར་མེད་གཅིག །སོ་སོའི་དད་མོས་གར་ཡོད་བྱིན་རླབས་མྱུར། །བྱིན་རླབས་ཅེས་བྱ་དད་མོས་རང་གཟུགས་ཡིན། །དག་སྣང་གང་ཆེར་བྱིན་རླབས་འཇུག་པ་ལགས། །རང་ལ་སྐུ་དྲིན་གང་ཆེའི་བླ་མ་དེ། །ཨོ་རྒྱན་དངོས་ཡིན་ཐེ་ཚོམ་བྱ་མི་རུང་། །སྐྱིད་སྡུག་


TR002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚ་འཆི་རྐྱེན་གང་བྱུང་ཡང་། །བློ་གཏད་སྙིང་ནས་བྱེད་ནུས་དགོས་པ་ལགས། །གསང་སྔགས་ཟབ་མའི་ཆོས་སྒོར་ཞུགས་ཕྱིན་ཆད། །སྒོ་གསུམ་ཐ་མལ་འཁྲུལ་རྗེན་འབྲང་མི་རུང་། །ལུས་ལྷ་གསང་སྔགས་སེམས་ཉིད་ཆོས་དབྱིངས་སུ། །ཡེ་ནས་ཡིན་པའི་ངེས་ཤེས་དགོས་པ་ལགས། །འགྲོ་འདུག་བཟང་ཉལ་སྤྱོད་པ་གང་བྱེད་ཀྱང་། །ལྷ་དང་བླ་མ་ཡིད་ལ་དྲན་པ་དང་། །དགེ་བ་ཐམས་ཅད་སེམས་ཅན་དོན་དུ་བསྔོ། །རང་སེམས་རང་ཚོ་ཟིན་པ་གལ་ཆེ་ལགས། །མདོར་ན་ཉིན་མཚན་དུས་ཀུན་ཐམས་ཅད་དུ། །རང་སེམས་དཔང་ཚུག་དཀོན་མཆོག་མི་འཁྲེལ་བར། །ལུས་ངག་ཡིད་གསུམ་ཆོས་དང་ཅི་མཐུན་ལ། །མི་ཚེའི་ལྷག་མ་གང་བྱུང་འཁྱོལ་བར་མཛོད། །ཅེས་པ་ནི་སྔགས་འཆང་རྡོ་རྗེ་འཛིན་པ་དོན་འགྲུབ་ཚེ་རིང་ལ་གདམས་པའོ། །ན་མོ་གུ་རུ། །གང་གིས་མཚན་ཙམ་དྲན་པས་ཀྱང་། །བྱིན་རླབས་ནུས་པ་བསམ་ཡས་ཀྱིས། །གདུལ་བྱའི་རེ་བ་སྐོངས་མཛད་པའི། །པདྨ་འབྱུང་གནས་ཞབས་ལ་འདུད། །དད་ལྡན་


TR002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རྒྱ་མཚོ་ཡིས། །ཞལ་གདམས་དགོས་བཞེས་བསྐུལ་བ་ལས། །བྱ་གྲལ་སྣ་ཚོགས་རང་གྲོལ་གྱི། །སྙིང་གཏམ་ཚིག་གསུམ་འདི་སྐད་ལོ། །མི་ལུས་ལན་ཅིག་ཐོབ་པ་འདི། །དོན་མེད་སྟོང་ཟད་བྱེད་མཁན་མང་། །ཡང་ཡང་དལ་འབྱོར་མི་ཐོབ་པས། །དགེ་ལ་འབད་པ་སྙིང་གཏམ་ཡིན། །མི་ཚེའི་ཉི་མ་རྨི་ལམ་ཙམ། །གཅིག་ཤི་གཉིས་ཤིའི་རེ་མོད་དེ། །རང་ལ་མྱུར་དུ་བབ་ངེས་པས། །འགྱོད་མེད་གྲབས་ཆུད་སྙིང་གཏམ་ཡིན། །དགེ་སྡིག་རྒྱུ་འབྲས་མི་བསླུ་བས། །སྐྱིད་དུ་རེ་ནས་སྡིག་བྱས་ཏེ། །ལྟོ་གོས་ནོར་རྫས་བསྒྲུབ་ན་ཡང་། །ཕན་མེད་གནོད་དོ་སྙིང་གཏམ་ཡིན། །ཕ་མ་བུ་ཚ་གཉེན་འཁོར་ལ། །ཤ་ཚའི་སེམས་ཀྱིས་འཇིག་རྟེན་འདིའི། །བྱ་བས་རང་དོན་རླགས་པ་མང་། །གཏན་འདུན་སྒྲུབ་པ་སྙིང་གཏམ་ཡིན། །འཇིག་རྟེན་ཕེར་ཕེར་ཡོང་ཡོང་གི། །བྱ་བྱེད་མང་ན་ཕུང་བའི་རྒྱུ།


TR002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཐུན་སྙོམ་ཆུང་སྤྱོད་པ་དང་། །དམན་པ་བཟུང་བ་སྙིང་གཏམ་ཡིན། །རང་སེམས་དྲང་པོའི་གཞུང་བསྲང་ན། །སུ་མ་མགུ་ཡང་འགྱོད་པ་མེད། །གཡོ་ཁྲམ་ཟོལ་རྫུན་མི་བྱ་བར། །བློ་ཐུབ་བྱེད་པ་སྙིང་གཏམ་ཡིན། །བླ་མ་དཀོན་མཆོག་མ་གཏོགས་པ། །གཏན་གྱི་སྐྱབས་གནས་ཐུབ་པ་མེད། །སྐྱིད་སྡུག་གང་བྱུང་བླ་མ་ལ། །གསོལ་བ་གདབ་པ་སྙིང་གཏམ་ཡིན། །བློ་རྒྱུད་ལས་སུ་མ་རུང་ན། །བཙུན་གཟུགས་བྱས་ཀྱང་ཆོས་པ་མིན། །དཀོར་གྱི་འཁུར་བཅས་ཐར་ལམ་མེད། །རང་རྒྱུད་ཐུལ་བ་སྙིང་གཏམ་ཡིན། །ཉམས་ལེན་གང་ཡང་མི་ནུས་པར། །ཤེས་ཤེས་མང་པོས་ཕན་པ་མེད། །ནུས་པ་ཡིག་དྲུག་གཅིག་པུས་ཀྱང་། །སངས་རྒྱས་འགྲུབ་པོ་སྙིང་༴ །དག་སྣང་ཕྱོགས་མེད་མ་བྱས་ན། །ཆགས་སྡང་ཀུན་སློང་སྒྲིབ་པ་ཆེ། །ཆོས་དང་གང་ཟག་ཐམས་ཅད་ལ། །སྐུར་པ་མི་འདེབས་སྙིང་༴ །སངས་རྒྱས་ཐམས་ཅད་བླ་མར་འདུས། །བླ་མའི་མཆོག་གྱུར་པདྨ་འབྱུང་། །གསོལ་


TR002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྩེ་གཅིག་བཏབ་ནུས་ན། །ཆོས་གོ་ཆོད་དོ་སྙིང་གཏམ་ཡིན། །མདོར་ན་འདི་ཕྱི་བར་དོ་གསུམ། །བླ་མ་དྲན་ཞིང་དགེ་ལ་འབད། །གཏན་གྱི་འདུན་མ་དེ་ཡིས་འགྲུབ། །ཐུགས་ལ་ཞོག་མཛོད་སྙིང་གཏམ་ཡིན། །སྙིང་གཏམ་བཅུ་གཉིས་ཚིག་བཅད་འདི། །མ་རྗེད་སྙིང་གི་དཀྱིལ་དུ་བསྟིམ། །འདི་ཡི་དགེ་བས་འགྲོ་ཀུན་ཀྱང་། །དམ་པའི་ཆོས་ལ་འཁོད་པར་ཤོག །ཅེས་མཁས་གྲུབ་རྒྱ་མཚོ་ལ་གདམས་པའོ།། ༈ །།གང་ལ་བརྟེན་ན་སྲིད་པའི་སྡུག་བསྔལ་ཀུན། །ཡང་དག་ཞི་མཛད་དཔལ་ལྡན་བླ་མའི་ཞབས། །འདི་བཟུང་ཚེ་རབས་ཀུན་ཏུ་བཏུད་བྱས་ནས། །སྙིང་གཏམ་ཚིག་གསུམ་བཤད་ཀྱི་ཡིད་ལ་བཟུང་། །དལ་འབྱོར་ལེགས་ཐོབ་སངས་རྒྱས་བསྟན་དང་མཇལ། །དབང་པོ་ཀུན་ཚང་རང་དབང་ཡོད་དུས་འདིར། །འཇིག་རྟེན་གཡེང་བ་བྱེད་པར་མི་ཁོམ་པས། །སྒོ་གསུམ་དགེ་ལ་འབོད་ཅིག་གཏན་འདུན་ཡིན། །ནམ་འཆི་ཆ་མེད་རྒན་གཞོན་ལ་མ་ལྟོས། །


TR002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་རྐྱེན་ཅི་འདྲས་བྱེད་པ་མ་ངེས་ཚེ། །མི་ཚེ་རིང་པོའི་རྒྱགས་གྲབས་བྱ་དོན་མེད། །འཆི་དུས་འགྱོད་མེད་དགོས་སོ་བློ་སྣ་སྟུངས། །ཚེ་འདིར་ནོར་རྫས་གཉེན་འཁོར་འཇིག་རྟེན་གྱི། །ཕེར་ཡོང་ཇི་ཙམ་ཡོད་བཞིན་རྣམ་གཡེང་ཆེ། །ཆོས་དང་འགལ་བའི་རྒྱུ་རྐྱེན་དེ་ལས་འབྱུང་། །བློ་སྣ་ནང་དུ་ཁུག་དང་བསམ་པ་འགྲུབ། །དམ་ཆོས་སྙིང་པོར་རང་རྒྱུད་ཐུལ་དགོས་པས། །གཞན་གྱི་སྐྱོན་ལ་མ་བལྟ་རང་སྐྱོན་བརྟག །སྡོམ་པ་དམ་ཚིག་ཀུན་གྱི་རྩ་བ་ནི། །རང་སེམས་རང་གིས་འདུལ་བ་གལ་དུ་ཆེ། །བསླབ་ཤེས་ཡོན་ཏན་ཇི་ལྟར་ཆེ་བཞིན་དུ། །ངར་འཛིན་ཁེངས་སེམས་འཕེལ་ཞིང་དཀོར་ལ་ཧམ། །སྙིགས་དུས་ཆོས་པའི་བུབ་ས་འདི་ཡིན་པས། །སྙོམ་ཆུང་སྤྲོས་མེད་བྱས་ན་ཆོས་དང་མཐུན། །ལུས་སྲོག་འཚོ་ཙམ་ཇི་ལྟར་བྱས་ཀྱང་འོངས། །བག་མེད་ཆང་དང་དགེ་འདུན་དཀོར་ཟས་ལ། །ཅི་ཐོབ་བྱེད་པའི་བཙུན་གཟུགས་རྒྱལ་འགོངས་དངོས། །ཉེས་


TR002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་འཁུར་བཅས་ཐར་ལམ་རེ་ཐག་ཆད། །རྒྱུ་འབྲས་དགོ་ཞིང་ཤེས་ཀྱང་ཁྱད་གསད་ནས། །གཡོ་རྒྱུ་ཟོག་ཁྲམ་ཁོ་ནས་དུས་འདའ་ཡང་། །ཆོས་གོས་ཤམ་ཐབས་བཟང་པོས་བརྒྱན་བྱེད་པ། །རང་གིས་རང་ཉིད་བསླུ་ཞིང་ཕུང་ཚབས་ཆེ། །ཉིན་ཞག་རེ་ལ་སྐྱབས་འགྲོ་ཚར་གཅིག་ཀྱང་། །མི་ནུས་བཞིན་དུ་ལྟོ་གོས་འཚོལ་ཐབས་ལ། །ཉིན་མཚན་བར་མེད་རྒྱུགས་ཅིང་རེམས་པ་ཡི། །ཆོས་གཟུགས་འདི་འགྲོ་ས་ངན་སོང་ཡིན། །བླ་མ་དཀོན་མཆོག་རྣམས་ལ་བློ་ཁེལ་ན། །འདི་ཕྱིའི་དོན་ཆེན་དེ་ཡིས་འགྲུབ་ན་ཡང་། །ལོག་མིན་དྲན་རྒྱ་ཆེ་བས་དམ་ཚིག་རུལ། །དད་མེད་བྱིན་རླབས་འཇུག་པ་ཅི་ལ་སྲིད། །ཆོས་ལ་བཟང་ངན་ཡོད་པ་མ་ཡིན་ཀྱང་། །གང་ཟག་རང་སྣང་དག་དང་མ་དག་ཁྱད། །དེས་ན་རང་སེམས་དག་སྣང་ཕྱོགས་མེད་སྦྱོངས། །བློ་གཏད་གཅིག་ཐོག་དྲིལ་ན་དེ་ཀས་ཆོག །གཞིས་བྱེས་ལམ་དང་འགྲོ་འདུག་


TR002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་དུ་ཡང་། །སྒོ་གསུམ་དགེ་སྦྱོར་ཞོར་ལ་མ་འབད་ན། །དལ་ཁོམ་ཤོམས་ལ་བསྒུགས་རིང་མི་ཚེ་ཟད། །འཆི་བདག་དལ་ཁོམ་བརྩི་བ་མི་སྲིད་དོ། །སྐྱིད་སྡུག་གང་བྱུང་བླ་མའི་བྱིན་རླབས་སུ། །ཤེས་ན་བར་ཆད་འབྱུང་བའི་རྒྱུ་རྐྱེན་ཟད། །ན་ཚ་སྡུག་བསྔལ་གང་ཡང་སྒྲིབ་སྦྱོང་དུ། །གོ་བར་བྱ་ཞིང་སྨོན་ལམ་བཟང་པོ་གདབ། །ཞེ་སྡང་ལ་སོགས་ཉོན་མོངས་དུག་ལྔའི་སེམས། །ནམ་སྐྱེས་ཉོན་མོང་རང་གར་མི་བཏང་བར། །རྒྱུ་འབྲས་དམ་སྡོམ་ཡིད་ལ་དྲན་པ་ཡིས། །ཆོས་པའི་ཞབས་འདྲེན་མི་འགྱུར་གཉེན་པོ་བསྟེན། །རང་ཉིད་རྒྱལ་འདོད་མཐོ་འདོད་གྲགས་འདོད་ཀྱི། །འཕྲལ་ཡུན་འདུན་མ་འཆུགས་ཅིང་ཆོས་དང་འགལ། །དེ་ཕྱིར་བཟང་ངན་འབྲིང་གོང་དུ་འཁུར། །དམན་པ་སྙིང་ནས་བཟུང་ན་དོན་ཆེན་འགྲུབ། །ཆོས་འདི་ལོ་ཟླ་གཅིག་གཉིས་མ་ཡིན་པར། །མི་ཚེ་གང་བྱུང་དེ་སྲིད་འཁྱོལ་དགོས་པས། །ན་སོ་སོང་བཞིན་ཆོས་དྲེད་


TR002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མཁན་མང་། །རྒས་ཁ་ཤི་ཁར་ཞན་དུ་མ་སོང་དགོས། །མདོར་ན་འདི་ཕྱི་བར་དོ་ཐམས་ཅད་དུ། །བླ་མ་དྲན་ཞིང་ཉམས་ལེན་བརྩོན་པ་དང་། །དམ་སྡོམ་རྒྱུ་འབྲས་ངོ་ལྐོག་མེད་པ་རུ། །རང་སེམས་དཔང་འཇུག་དཀོན་མཆོག་མི་ཁྲེལ་བྱ། །སྒོ་གསུམ་སྙོམ་ལས་མི་བཞག་དགེ་ལ་འབད། །དག་སྣང་མོས་གུས་སྙིང་རྗེ་གོང་འཕེལ་བསླབ། །དོ་ནུབ་ཤི་ཡང་དམ་ཆོས་མ་གཏོགས་པ། །བསམ་མནོ་གཞན་དུ་མ་བྱེད་སྙིང་གཏམ་ཡིན། །སྙིང་གཏམ་སེམས་ལ་བཞག་ན་གདམ་ངག་ཡིན། །དོན་དེ་ལག་ཐོག་འཁེལ་ན་དམ་ཆོས་ཡིན། །ཆོས་དང་སེམས་སུ་འདྲེས་ན་ཆོས་པ་ཡིན། །འདི་བཞིན་ཐུགས་ལ་བཞོག་ཅིག་མ་བརྗེད་ཅིག །མི་རྒན་ལྷག་བསམ་བཟང་བའི་དྲང་གཏམ་འདི། །གཞན་ལ་སྐུར་ཞུས་མ་ཡིན་ཕན་ཕྱིར་ཡིན། །འདི་ལས་བྱུང་བའི་དགེ་ཚོགས་ཇི་སྙེས་མཐུས། །འགྲོ་ཀུན་དམ་པའི་ཆོས་ལ་འཁོད་གྱུར་ཅིག །ཅེས་དོན་གཉིས་


TR002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲུབ་ལ་གདམས་པའོ།། ༈ །།དལ་འབྱོར་མི་ལུས་ཐོབ་པ་ད་རེས་ཙམ། །དོན་མེད་སྟོང་ཟད་མ་བྱེད་དོན་ལྡན་མཛོད། །འཆི་བ་ནམ་ཡོང་ངེས་པ་ཅི་ཡང་མེད། །ཤི་ཁར་འགྱོད་པ་མེད་པའི་གྲབས་ཆུད་མཛོད། །དགེ་སྡིག་རྒྱུ་འབྲས་བསླུ་བར་མི་སྲིད་པས། །དཀར་ནག་གོ་ལོག་མ་བསྒྲུབ་སྤང་བླང་མཛོད། །ཁ་ཡེངས་མིག་ཡེངས་ངང་ལ་མི་ཚེ་འགྲོ། །ནམ་ཁོམ་དགེ་སྦྱོར་གང་ལ་གང་འགྲོ་འབུངས། །རང་གི་སེམས་རྒྱུད་ཐུལ་བར་མ་ནུས་ན། ཁ་བཤད་མཁས་ཀྱང་ཆོས་པའི་ཞབས་འདྲེན་མང་། །དག་སྣང་མེད་ན་ཞོར་ལ་སྡིག་སྒྲིབ་སོགས། །དག་སྣང་ཕྱོགས་མེད་སྦྱང་བ་གནད་དུ་ཆེ། །ལྟོ་གོས་མ་འཛོམ་དགོས་པ་ཀུན་གྱིས་བྱེད། །དམ་ཆོས་མ་འགྲུབ་དགོས་པ་བྱེད་མཁན་དཀོན། །བླ་མའི་བྱིན་རླབས་དད་པ་ཁོ་ནར་རག །ལོག་ལྟ་མཁན་ལ་བྱིན་རླབས་འཇུག་ཡུལ་མེད། །དད་པ་ཟེར་ཡང་ཅི་མཛད་ལེགས་མཐོང་དགོས། །


TR002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལྡོག་ཅན་གྱི་དད་པས་གོ་མི་ཆོད། །དམ་ཚིག་ཟེར་ཡང་ངོས་ལྐོག་མེད་གལ་ཆེ། །ཉིས་ལྟུང་ལྐོག་བསགས་རང་གི་རང་བསླུ་ཡིན། །འཇིག་རྟེན་འདུན་འགྲོས་ཤེས་པ་མང་ན་ཡང་། །ཆོས་ཀྱི་འདུན་གྲོས་བསླབ་མཁན་ཉན་མཁན་དཀོན། །དེ་ཕྱིར་ཚེ་འདིའི་དཀའ་ལས་མ་བསམ་པར། །ཕྱི་མའི་ལམ་སྣ་བསྒྲུབ་ཐབས་བསམ་པར་མཛོད། །འགྲོ་འདུག་ཉིན་མཚན་དུས་རྣམས་ཐམས་ཅད་དུ། །རྩ་བའི་བླ་མ་ཨོ་རྒྱན་ཆ་བྱད་ཅན། །སྤྱི་བོའི་སྟེང་གི་འཇའ་འོད་ཀློང་བཞུགས་བསམ། །ལེ་བདུན་ལ་སོགས་གསོལ་འདེབས་གང་ནུས་བྱ། །བཛྲ་གུ་རུའི་བཟླས་པ་རྒྱུན་དུ་བགྲངས། །ཅི་ཟ་ཅི་འཐུང་བླ་མ་མཆོད་པར་བསམ། །ན་ཚ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །བསམ་པ་རེ་ས་བླ་མ་གཅིག་བུས་མཆོག །ཤི་ཁར་རིག་པ་བླ་མའི་ཐུགས་ཀར་གཏད། །ལམ་བཟང་འཕོ་བ་ཟེར་ཡང་འདི་ཉིད་ལགས། །ཉམས་ལེན་གཅིག་


TR002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བློ་ཐག་མ་བཅད་ན། །ཐོབ་ཐོབ་ཤེས་ཤེས་མང་ཡང་ཕན་པར་དཀའ། །དེ་བས་མོས་གུས་རྩེ་གཅིག་འདི་ལ་འབད། །མི་གཅིག་ཆོས་གཅིག་གཅིག་ཐོག་འདི་ལ་དྲིལ། །ངེས་ཤེས་འགྲོངས་པ་གནད་ཀྱི་མཐར་ཐུག་ཡིན། །ཤི་རུང་གསོན་རུང་ཉམས་ལེན་འདི་ཀས་ཆོག །ཁ་ལ་མ་ཁྱེར་སེམས་ལ་འདྲེ་བར་མཛོད། །ཅེས་ཡོན་ཏན་དབང་ཕྱུག་ལ་གདམས་སོ།། ༈ །།གང་ཞིག་དད་པས་གསོལ་བཏབ་ན། །བསླུ་བ་མེད་པའི་བྱིན་རླབས་མཆོག །ངེས་སྩོལ་སྒྲུབ་རྒྱུད་བླ་མའི་ཞབས། །འབྲལ་མེད་གུས་པས་བསྡུད་བྱས་ནས།། ༈ །།རིགས་རུས་མཆོག་ལས་ལེགས་བལྟམས་ཤིང་། །དམ་ཆོས་སྐལ་བ་བཟང་མོ་ཅན། །དགེ་བའི་ཐུགས་ལྡན་ཆོས་ཟུང་ལ། །རིང་མོའི་ས་ནས་མཆིད་འདི་གསོལ། །དད་པའི་སྙིམ་པས་ལེགས་འཐོར་བའི། །ཤིས་པ་བརྗོད་ཚིག་ཡིག་ཕྲེང་གིས། །གེ་སར་ཟེའུ་འབྲུ་རྣམ་གསལ་ནི།


TR002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གོས་འདབ་བརྒྱ་གཡོ་བ་འབྱོར།། ༈ །།འཁོར་བ་དུག་གི་འདམ་རྫབས་ལ། །དུག་ཏུ་ཤེས་པས་རབ་སྤངས་ཏེ། །ཐར་གླིང་བྱང་ཆུབ་སྐམ་ས་རུ། །རིང་པར་བགྲོད་པ་ངོ་མཚར་ཆེ།། ༈ །།ཕྱོགས་དུས་རྒྱལ་བ་གངྒའི་ཀླུང་། །བྱེ་སྙེད་རྣམས་ཀྱི་སྤྱི་གཟུགས་ནི། །མཚན་ལྡན་བླ་མ་གང་དེ་ཡི། །ཞབས་པད་བསྟེན་པའི་སྐལ་བཟང་མ།། ༈ །།དད་པའི་མྱུ་གུ་སྐྱེ་འཕྲོ་ལ། །ལོག་ལྟའི་ཐན་པ་འབྱུང་ཉེན་ཡོད། །མོས་གུས་ཆུ་ལུད་མ་ཞན་ན། །ཐུགས་རྗེའི་ལོ་འབྲས་འབྱུང་བར་ངེས།། ༈ །།ཚེ་གཅིག་ཐར་ལམ་སྙེགས་དུས་འདིར། །ལས་ཉོན་བག་ཆགས་འཕྲང་འགག་དམ། །དུག་ལྔ་འཁྲུལ་ཞེན་ཇག་པ་རྒོད། །ངེས་འབྱུང་སྐྱེལ་མ་འབྲལ་མེད་མཛོད།། ༈ །།སེམས་ཉིད་ཕྱག་རྒྱ་ཆེན་པོ་ནི། །ཡེ་ནས་རང་ལ་ལྷུན་གྲུབ་ཀྱང་། །དབུལ་པོའི་ཁྱིམ་གྱི་གཏེར་ལྟ་བུ། །རང་ལ་རང་གི་མ་རིག་སྒྲིབ།། ༈ །།བླ་མའི་


TR002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་གྱིས་རྙེད་དུས་འདིར། །གཡེང་བའི་དགྲ་ལ་མ་ཤོར་བའི། །ཡེངས་མེད་དྲན་པའི་མེལ་ཚེ་དང་། །སྙིང་རུས་མཁར་པོ་བཟུང་འཚལ་ལོ།། ༈ །།ཚོགས་དྲུག་ཡུལ་སྣང་འཆར་སྒོ་འདི། །རང་སེམས་རྩལ་ལས་གཞན་མིན་ཡང་། །བྱིས་པ་འབག་འཆམ་མཐོང་བ་ལྟར། །བདེན་པར་འཛིན་པས་རྣམ་པར་འཁྲུལ།། ༈ །།འཁྲུལ་པའི་རང་འཚང་རིག་ཐབས་ལས། །གཞན་པའི་ལྟ་སྒོམ་མེད་ན་ཡང་། །སྒོམ་བློའི་ཞེན་པས་བཅིངས་པ་མང་། །མི་སྒོམ་མ་ཡེངས་མཁྱེན་པར་མཛོད།། ༈ །།སངས་རྒྱས་དངོས་ཀྱི་བླ་མ་བསྙེད། །གདམས་ངག་བདུད་རྩིའི་གཏེར་སྒོ་ཕྱེས། །ཕུན་སུམ་ཚོགས་པའི་དུས་གཅིག་འདིར། །ཉམས་ལེན་རན་པ་གལ་དུ་ཆེ།། ༈ །།ཆོས་སྒོར་ཞུགས་པ་མང་ལགས་ཀྱང་། །ཆོས་བཞིན་སྤྱོད་པ་ཉུང་ལུགས་དང་། མཐའ་རུ་ཕྱིན་པ་དཀོན་ཚུལ་དང་། །གཟིགས་ནས་ཚེ་དང་བསྒྲུབ་མཉམ་ཞུ།། ༈ །།མི་རྒན་


TR002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མིག་དབང་མི་གསལ་བའི། །ཡིག་གཟུགས་སྲིན་པོའི་རྗེས་འདྲ་འདི། །གཟིགས་པར་དཀའ་ཡང་དོན་ལ་དཔྱོད། །ཐུགས་ལ་བཅག་ངེས་མཛད་པར་གསོལ།། ༈ །།དེ་སྐད་བྱིན་རླབས་མྱོང་གྲོལ་དང་། །བཅས་ཏེ་དབོ་ཟླའི་དཀར་ཚེས་ལ། །ཆོས་དབྱིངས་འོད་གསལ་རྩེ་མོ་ནས། །ཕུལ་འདིར་མཆེད་གཉིས་དགྱེས་ཅིག །ཅེས་པ་འདི། མཉམ་མེད་སྒམ་པོོ་པའི་རིགས་དབོན་སྐུ་མདུན་རྗེ་བཙུན་མ་མཆོད་གཉིས་ལ་ཕུལ་བའོ།། ༈ །།སྐལ་ལྡན་ཛྙཱ་ན་ཕ་ལ་ཡིས། །ཞལ་གདམས་དགོས་ཞེས་གང་གསུང་བ། །སངས་རྒྱས་མངོན་སུམ་དེར་བཞུགས་བཞིན། །བདག་འདྲའི་ཞལ་གདམས་ཅི་ཞིག་བྱ། །འོན་ཀྱང་བཞེད་པ་སྐོངས་སླད་དུ། །གང་དྲན་ཚིག་འགའ་སྨྲས་པ་འདི། །ཁྱེད་ཐུགས་རྒྱུད་དང་འདྲེས་པ་ཡི། །ལག་ལེན་ཐོག་ཏུ་ཁེལ་མཛད་ཞུ། །ཀྱེ་མ། ཚེ་འདི་མི་རྟག་ནམ་ཀྱང་འཆི། །ན་སོ་རྒན་གཞོན་མ་ལྟོས་པས། །བློ་སྣ་རིང་


TR002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྒོ་བཤོམ་སྤོང་། །འཆི་དུས་འགྱོད་མེད་གྲབས་མཛོད་ཅིག །དབང་པོ་དྭངས་ཤིང་རིག་གསལ་ཡང་། །ཆོས་འདི་ཤེར་ལ་ཤེས་པ་དཀའ། །ཆོས་མིན་མ་སླབས་ཤེས་འགྱུར་བས། །བློ་རྒྱུད་ཆོས་དང་མཐུན་མཛོད་ཅིག །བླ་མའི་གཟུགས་ཙམ་འཛིན་པ་མང་། །མཚན་ཉིད་ལྡན་པ་གསེར་ལས་དཀོན། །སངས་རྒྱས་མངོན་གསུམ་མཇལ་དུས་འདིར། །ཞབས་ཏོག་ཅི་གསུངས་སྒྲུབ་མཛོད་ཅིག །རང་གི་འོད་དང་མཐུན་པ་ན། །དད་པ་ཆེ་སྐད་བྱེད་ན་ཡང་། །རང་འདོད་ཅུང་ཟད་མ་བྱུང་ན། །ལོག་ལྟ་སྐྱེ་བས་གཟབས་མཛོད་ཅིག །བླ་མའི་ཅི་གསུངས་བསྒྲུབ་ནུས་ན། །ཆོས་ཀྱི་སྐལ་བ་དེ་ཡིས་ཆོག །བླ་མ་མི་དགྱེས་ཐོས་བསམ་སྒོམ། །དོན་མེད་ཡིན་ནོ་དགོངས་མཛོད་ཅིག །སངས་རྒྱས་བསྟན་ལ་ཞུགས་ཕྱིན་ཆད། །དམ་ཚིག་སྡོམ་པ་གཙང་ངེས་དགོས། །རྒྱུ་འབྲས་མི་འཛེམས་བཙུན་གཟུགས་དེ། །རུ་འདྲ་ཡིན་


TR002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཁྱེན་མཛོད་ཅིག །ཟ་འཐུང་དཀོར་གྱི་རང་བཞིན་ལ། །ཆོག་ཚོད་མེད་ན་ཁྱི་ལྟོགས་འདྲ། །ལུས་སྲོག་ཚེ་ཐུབ་ཁོ་ནས་ཆོག །འདོད་ཞེན་སྲེད་པ་སྤོང་མཛོད་ཅིག །ཐོབ་ཐོབ་ཞུས་ཞུས་མང་པོའི་ཆོས། །ཉམས་ལེན་མེད་ན་ཕན་པར་དཀའ། །བློ་གཏད་ཐུབ་པའི་ཆོས་ཅིག་ལ། །སྨར་འཇུས་ཉམས་སུ་ལོངས་མཛོད་ཅིག །གཞི་བྱེས་ལམ་གསུམ་ཉིན་མཚན་ཀུན། །ཅི་ནུས་དགེ་སྦྱོར་མ་བྱས་ན། །མཚམས་དང་དལ་ཁོམ་སྒུག་རིང་ལ། །མི་ཚེ་ཟད་པ་ཚོར་མཛོད་ཅིག །བླ་མ་མཆེད་གྲོགས་དྲག་ཞན་སུ། །གང་གི་སྐྱོན་ལ་མི་ལྟ་བར། །རང་སྐྱོན་བརྟག་ཅིང་ནན་གྱིས་སྤོངས། །ཀུན་ལ་དག་སྣང་འབྱོངས་མཛོད་ཅིག །མདོར་ན་མི་ཚེ་ཡུད་ཙམ་འདི། །དོན་མེད་ཟད་དུ་མ་བཅུག་པར། །བླ་མ་མཉེས་པའི་ཞབས་ཏོག་དང་། །མདོ་དོན་ཆོས་ལ་དྲིལ་མཛོད་ཅིག །


TR002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྒན་བསླབ་བྱ་ཚིག་གསུམ་འདི། །སྙན་ངག་སྡེབ་སྦྱོར་མི་ལྡན་ཡང་། །དོན་ལ་དགོས་པའི་གནས་འགག་ཡོད། །ཐུགས་ལ་ལེགས་པར་བསྟིམ་མཛོད་ཅིག །སྙིང་གཏམ་སྙིང་ལ་བཅག་པ་དང་། །ལག་ལེན་ལག་ཐོག་འཁེལ་གྱུར་ནས། །ཚེ་འདི་ཚེ་རབས་ཀུན་ཏུ་ཡང་། །དོན་གཉིས་དོན་མཆོག་འགྲུབ་གྱུར་ཅིག །ཅེས་སྐྱབས་མཆོག་མཚུངས་པ་མ་མཆིས་པ་ལྷའི་ལྷར་གྱུར་པ་གང་གི་ཞབས་པད་ཉེ་བར་བསྟེན་པ་ཛྙཱ་ན་ཕ་ལའི་བཞེད་སྐོངས་སུ། རྒན་པོ་པདྨ་ལེགས་གྲུབ་ཀྱིས། འོད་གསལ་རྩེ་མོའི་དབེན་ཁྲོད་དུ་བྲིས་པ་ཨ་ཐཱ།། ༈ །།རིག་རུས་ཆོ་འབྲང་འཇིག་རྟེན་གྱི། །ཞེན་སྤངས་དམ་པའི་ཆོས་ཁོ་ནར། །ལེགས་བརྩོན་ངེས་དོན་མཆོག་གྲུབ་པའི། །མིང་དང་དོན་མཐུན་བསྐལ་བཟང་ཉིད།། ༈ །།ཇི་སྐད་གསུངས་ལྟར་འཁོར་འདས་ཆོས་མ་ལུས། །སེམས་གཉིས་གཅིག་པུའི་རོལ་པ་ལས་མ་འདས། །དེ་ལྟའང་རང་སེམས་རང་ཚོ་མ་ཟིན་པས། །རྨི་ལམ་


TR002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་འཁྲུལ་འཁོར་འདི་ཡིས་བསླུས།། ༈ །།རང་སེམས་ནོར་བུ་རིན་ཆེན་ལ། །ཡེངས་མེད་དྲན་པས་མ་ཆོད་ན། །ཉམས་རྟོགས་འདོད་དགུ་མི་འབྱུང་ཕྱིར། །རང་ངོ་རང་རིག་བྱི་དོར་འཚལ། ༈ །གནས་སྐབས་ལྟར་སྣང་གཡེང་བའི་བྱེ་བྲག་དང་། །རྗེ་བཙུན་བླ་མའི་བཀའ་ཡི་ཁོལ་པོ་སོགས། །ཀུན་ཀྱང་རང་རིག་དྲན་པས་ཁྱབ་ངོས་ནས། །ལྷག་བསམ་དག་པས་ལྷུར་བླངས་ཟོལ་མེད་འབུངས།། ༈ །།དྲན་པ་སྐྱོང་བའི་མཁན་པོ་དང་། །སྐྱོང་རྒྱུའི་ཤེས་པ་པོ་ལ་ནི། །ཐ་དད་མིན་ཕྱིར་གང་སྣང་གི། །འཆར་ཚུལ་ཝལ་པོ་འདི་ཀ་ལ།། ༈ །།མི་འཛིན་མ་ཞེན་དགག་སྒྲུབ་བཅོས་སླད་ཀྱིས། །བསྒྱུར་བཀོད་གང་ཡང་མི་བྱ་རང་གི་རང་། །རིག་ཙམ་དྲན་ཙམ་གུ་ཡངས་ཁྲོལ་ལེ་བ། །ཤེས་རིག་རྗེན་པ་འདི་ཀ་མ་བརྗོད་བྱ།། ༈ །།སེམས་ལ་སེམས་ཀྱིས་བཅིངས་པའི་ཉམས། །སྡུག་


TR002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཙིར་བསྒོམ་མཁན་མང་མོད་ཀྱི། །ཅི་ལྟར་འཆར་བའི་སྣང་སེམས་ཀུན། །ཤར་མཁན་རིག་ན་དེ་ཀས་ཆོག། ༈ །།དྲན་པ་རྒྱུན་ཆགས་རེ་ཞིག་དཀའ་ན་ཡངས། །འཁྲུལ་པའི་ཆོས་ལ་ཞེན་འཛིན་ཅི་ཆུང་གིས། །རྣམ་པར་རྟོག་པ་གཅིག་སྐྱེས་གཉིས་སྐྱེས་ལ། །ཅེར་ཅེར་ཧྲིག་ཧྲིག་ངོ་ཡིས་ཟིན་པར་མཛོད།། ༈ །།མཚན་སྣང་ཇི་བཞིན་ཟིན་པ་ལ། །ཉིན་སྣང་དྲན་རིག་འཁོར་ཡུག་དགོས། །དེ་ཡང་གཉིད་ཀྱི་ཐིམ་རིམ་གྱིས། །བར་དུ་ཆོད་པས་ཅུང་ཞིག་དཀའ།། ༈ །།འོན་ཀྱང་འོད་གསལ་འཛིན་ལ་གོམ་པའམ། །སྔོན་སྦྱངས་ཤུགས་དང་བླ་མའི་བྱིན་རླབས་སོགས། །རྟེན་འབྲེལ་མཚམས་སྦྱོར་མཐུ་ལ་མ་ངེས་ཏེ། །གཙོ་བོར་ཉིན་སྣང་འཕྲོ་མཐུད་གལ་ཆེ་ལགས།། ༈ །།རྟག་ཏུ་འཆི་བ་བསམ་ཞིང་ཅིས་ཀྱང་དགོས་མེད་དྲན། །བླ་མས་རང་སེམས་དབྱེར་མེད་རིག་པ་ཡེངས་མེད་བསྐྱངས། །རྒྱུ་འབྲས་


TR002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་མེད་བསམ་ཞིང་དམ་སྡོམ་སྲོག་བཞིན་བསྲུང་། །སྒོ་གསུམ་དགེ་ལ་རེམས་པའི་དགེ་རྩ་འགྲོ་ལ་བསྔོ།། ༈ །།རྒན་པོའི་སྙིང་གཏམ་ཚིག་གསུམ་འདི། །སྲིན་བུའི་རྗེས་འདྲའི་ཡིག་གཟུགས་སུ། །བཀོད་དེ་ཕུལ་འདིའི་རྣམ་དཀར་མཐུས། །ཁྱེད་ཐུགས་ཕྱག་རྒྱ་ཆེ་འགྲུབ་ཤོག། ༈ །།ཅེས་ཟབ་མོ་ངེས་པའི་དོན་བཟང་མཆོག་ཏུ་གྲུབ་པའི་སྐལ་པས་མངོན་པར་མཐོ་བ་གང་གི་བཞེད་དོན་སྐོངས་ཕྱིར་ལ་གཅིག་ཏུ་བསམ་ཏེ། སྣ་ཚོགས་རང་གྲོལ་གྱི་མིང་ཙམ་འཆང་བའི་རྨོངས་རྒན་གྱི། ཆོས་དབྱིངས་འོད་གསལ་རྩེ་མོའི་རི་བོར་བྲིས་པ་དགེ། ༈ །།སྙིང་གཏམ་ཚིགས་སུ་བཅད་པ་ལགས། །ཆོས་ཀུན་སྙིང་པོའི་མཐར་ཐུག་ཕྱག་རྒྱ་ཆེ། །སྟོན་མཛད་སྒྲུབ་རྒྱུད་བླ་མར་གུས་བཏུད་ནས། །ངེས་པའི་དོན་ལ་བརྩོན་པའི་རབ་གསལ་བ། །སྙིང་གཏམ་བཤད་འདི་ཐུགས་ལ་གཅེས་པར་ཟུང་། །བསྐལ་པ་གྲངས་མེད་སྐྱེ་བའི་འཕྲེང་རྒྱུད་ཀྱང་། །བསྟན་པའི་སྙིང་པོར་ཞུགས་པ་ད་རེས་ཙམ། །ད་དུང་ཕྱིས་ནས་འདི་ལྟར་འབྱོར་པ་དཀའ། །ད་ལྟ་གཏན་འདུན་སྒྲུབ་དུས་ལན་


TR002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལགས། །དལ་འབྱོར་ལུས་འདིའི་ལང་ཚོ་འཕྲལ་འཕྲལ་རྒུད། །ཚེ་ཡི་དབང་སྐལ་ལོ་ཟླ་ཞག་གི་ཟད། །མ་ཚོར་འཆི་བའི་དུས་ལ་ཏུག་གི་སླེབས། །འགྱོད་མེད་གྲབས་ཆུད་བྱ་བའི་དུས་ལ་བབས། །རིགས་རུས་སྟོབས་འབྱོར་གང་ཆེ་སྡིག་པའི་རྒྱུ། །ཡོན་ཏན་ཤེས་རྒྱའི་ཁེངས་པས་ངན་སོང་བསྒྲུབ། །འཇིག་རྟེན་ཕེར་ཡོང་ཅན་ཚོ་གཏན་ཕུང་འགྲོ། །རྩེ་གཅིག་སྒྲུབ་པ་ལས་གཞན་སྙིང་པོས་དབེན། །སྐྱིད་འདོད་ལྟོ་གོས་འཛོམ་ཆ་སྒྲུབ་སྒྲུབ་ནས། །དགོས་ངེས་ཕྱི་མའི་དོན་ཆེན་མ་གྲུབ་པས། །ཤི་ཁར་ཁ་ཆེམ་འཇོག་པའི་ཆོས་པ་འཁྲུལ། །བློ་སྣ་ཐུང་བའི་མི་ལ་ཁེ་གཅིག་ཡོད། །དམ་ཆོས་བྱེད་འདོད་ཡོད་པ་ཤིན་ཏུ་མང་། །བྱས་པར་རློམ་པའི་ཆོས་གཟུགས་དེ་བས་མང་། །སྙིང་ནས་རྩེ་གཅིག་ནུས་མཁན་རབ་ཏུ་ཉུང་། །ཆོས་དེ་རྒྱུད་ལ་ཁེལ་ངེས་དགོས་པ་ལགས། །འགྲོ་བའི་མགོན་པོ་མཉམ་མེད་འཛམ་གླིང་གྲགས། །གང་སྐུའི་


TR002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་དངོས་སུ་མཇལ་དུས་འདིར། །ཅི་མཛད་ལེགས་མཐོང་མོས་གུས་རྩེ་གཅིག་པ། །གདམ་ངག་ཕུ་ཐག་གཅོད་ལ་འབད་དགོས་སོ། །རང་སེམས་བླ་མ་ཆོས་སྐུར་དབྱེར་མེད་ཀྱང་། །འདུས་བྱས་གཟུགས་སྐུའི་བླ་མར་འདུ་འབྲལ་ཡོད། །སྐུ་འབུམ་འདྲ་འབག་མཇལ་ཚེ་ཅུང་ཟད་ཕྱིས། །ད་ལྟ་ཅི་གསུང་བསྒྲུབ་པ་གལ་རེ་ཆེ། །ཚེ་འདིའི་སྐྱིད་སྡུག་རྨི་ལམ་སྣང་བ་ཙམ། །བསམ་མནོ་སྒོ་བཤོམ་མང་པོའི་ཐོག་བབས་དཀའ། །གང་འབྱུང་བླ་མའི་ཐུགས་རྗེར་ལམ་དུ་འཁྱེར། །བསམ་རྒྱུ་དགེ་སྦྱོར་ཁོ་ནར་ཧྲིལ་གྱི་དྲིལ། །རྣམ་རྟོག་འཆར་སྒོ་མང་བ་སྐྱོན་མེད་ཀྱང་། །དེ་ལ་ཞེན་འཛིན་བྱས་ན་ལས་ངན་གསོག །གཅིག་ཤར་གཉིས་ཤར་རང་ངོ་ཤེས་ཀྱིས་དང་། །རྣམ་རྟོག་ཆོས་སྐུར་ཤར་བ་དཀའ་ལས་མེད། །ལམ་རྟགས་ཉམས་རྟོགས་ཡོན་ཏན་ནམ་འོང་སྙམ། །རེ་འདོད་བྱས་ཚད་བདུད་ཀྱི་བསླུ་བྲིད་བྱུང་། །ཤི་རུང་གསོན་རུང་རིག་པ་


TR002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྗེན་པ་བསྐྱངས། །ནོར་འཁྲུལ་ཤོར་གོལ་དེ་ལ་ཡོང་དོན་མེད། །རོ་སྙོམས་བརྟུལ་ཞུགས་སྤྱོད་མཁན་མང་ལགས་ཀྱང་། །ཆོས་བརྒྱད་དྲི་མས་མ་སྦགས་གར་ཡང་དཀོན། །ཚིག་ཟུར་མཐོ་དམན་སྐྱོ་ཚའི་ཞིམ་མངར་ཙམ། །མི་བཟོད་རང་འཚང་སྟོན་པའི་སྒོམ་ཆེན་མང་། །རྒྱལ་བའི་ཆོས་ཀུན་རང་རྒྱུད་འདུལ་ཐབས་ཉིད། །མདོ་སྔགས་གཉིས་ཀ་ཉོན་མོངས་རང་དག་ཏུ། །མ་ཤོར་ཐབས་སུ་དགོངས་པ་གཅིག་པས་ན། །དོན་གྱི་གནད་འགག་ཟིན་པ་གལ་ཆེར་གདའ། །གཞི་བྱེས་ལམ་དང་ཚོགས་དབེན་ནམ་དུ་ཡང་། །རྒྱུ་འབྲས་དམ་སྡོམ་ངོས་ལྐོག་མེད་པ་ཡི། །སྤང་བླང་ཕྲ་མོའང་ཁྱད་དུ་མི་གསོད་པར། །ལྷ་དང་བླ་མ་མཉེས་པའི་སྤྱོད་པ་སྤྱད། །ཉིན་མཚན་སྙོམ་ལས་མི་སྡོད་དགེ་སྦྱོར་རེམས། །གཞན་གྱི་སྐྱོན་ལ་མི་རྟོག་རང་སྐྱོན་བརྟག །དགེ་འདུན་འགྲོ་བའི་དོན་བསྔོ་རང་འཁྲིས་སྤངས། །རྟག་ཏུ་དེ་བཞིན་མཛོད་


TR002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྙིང་གཏམ་ཡིན། །མང་དུ་བཤད་ཀྱང་ཚིག་ལ་ཟད་མཐའ་མེད། །དགོས་དོན་སེམས་ལ་ལེན་ན་གདམ་ངག་ཡིན། །གདམ་ངག་ཁ་ཁྱེར་མ་མཛད་ལག་ཐོག་ལོངས། །འདི་ཡིས་དགེ་བས་མཐོང་ཐོས་སྨིན་གྲོལ་ཤོག །ཅེས་དད་ལྡན་སྒམ་པོ་ཡེ་ཤེས་རབ་གསལ་ལ་དགེ་སྦྱོར་གྱི་གཞན་བསྐུལ་དུ་དམིགས་ནས། རྒན་པོ་པདྨ་ལེགས་གྲུབ་སྩལ་གྱིས་ཐང་འབྲོག་འོད་གསལ་རྩེ་མོའི་མཚམས་མལ་དུ་བྲིས་ཏེ་ཕུལ་བ་མངྒ་ལམ།། ༈ །།ཨེ་མ་སྐལ་ལྡན་ཐར་པ་སྒྲུབ་བཞེད་པའི། །རྒྱལ་བའི་ཞབས་འབྲིང་རབ་དགའ་གསོན་མཛོད་དང་། །དལ་འབྱོར་ལན་གཅིག་ཐོབ་འདི་སྟོང་ཟད་དུ། །ཤོར་ལེན་ཆོས་པས་ཆོས་ལ་འབད་རེ་རན། །རྟག་ཙམ་བསྒྱུར་ཞིང་བྱེད་བློའི་ཆོས་གཟུགས་འདིས། །འཆི་ཁར་མི་ཕན་དཀོར་གྱི་གཡབ་ཤིང་ལགས། །རྒྱལ་བ་སྒྲུབ་རྒྱུད་གོང་མའི་མཛད་སྲོལ་ལྟར། །སྒྲུབ་ལ་སྙིང་རུས་འབད་ན་དོན་ཆེན་འགྲུབ། །བླ་མ་སངས་རྒྱས་དངོས་དང་།


TR002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་དུས་འདིར། །ཅི་མཛད་ལེགས་མཐོང་དམ་ཚིགས་གཙང་མ་གཅེས། །རང་སེམས་ཆོས་ཀྱི་འཐུལ་བར་མ་གྱུར་ན། །ཤེས་ཤེས་མང་པོ་ཁེངས་པ་འཕེལ་བྱེད་ཡིན། །རྟག་ཏུ་རང་སེམས་གཙང་མར་མ་བྱས་ཚེ། །སྡོམ་པ་དམ་ཚིག་ཕྱི་དཀར་ནང་ནག་འབྱུང་། །རང་ཟོག་རང་ལ་འཚོང་པའི་བཙུན་གཟུགས་ཀྱིས། །ཆོས་གོས་རྣམ་དཔྱོད་གཙང་ཡང་རྒྱལ་འགོང་ཡིན། །རྒྱུ་འབྲས་བསླུ་མེད་རང་རྒྱུད་འདྲེས་ངེས་པས། །འཆི་ཁར་འགྱོད་པ་མེད་པའི་མདུན་གྲོས་འཚལ། །ཐོས་བསམ་སྒོམ་པའི་དོན་པོ་སེམས་འདུལ་ཐབས། །ཉོན་མོངས་ཁ་རྒྱལ་མི་བཏང་གཉེན་པོ་བསྟེན། །སྐྱིད་རུང་སྡུག་རུང་བླ་མར་བློ་འཁེལ་ན། །མོ་བོན་རྩིས་གསུམ་མི་དགོས་གཏན་དོན་འགྲུབ། །བླ་མས་གང་གསུང་ཐེ་ཚོམ་མེད་སྒྲུབ་པའི། །དམ་ཚིག་ཅན་ལ་བྱིན་རླབས་ངང་གིས་འཇུག །ཆོས་ཀྱི་སྙིང་པོ་ངེས་དོན་མ་རྟོགས་ན། །


TR002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་གཟི་བརྗིད་ཆེ་ཡང་སངས་མི་རྒྱ། །འཁོར་བའི་ས་བོན་བདག་འཛིན་རྣམ་རྟོག་འདི། །ཕྱག་རྒྱ་ཆེན་པོར་འཁྱེར་ཐབས་གཅིག་དྲིལ་འབུངས། །ཉིན་མཚན་སྙོམ་ལས་སྤངས་ནས་དགེ་སྦྱོར་མཛོད། །རང་གཞན་དོན་ཀུན་ལྷུན་གྲུབ་འབྱུང་བ་ལགས། །ཅེས་ཁམས་གསུམ་འདྲེན་མཆོག་རྒྱལ་བ་སྤྲུལ་པའི་ཟླ་སྣང་བཟང་པོའི་མཚན་གྱི་ཞབས་འབྲིང་བ་ཐུབ་བསྟན་རབ་དགའི་བཞེད་པ་སྐོངས་ཕྱིར། སྤོང་བ་པ་རྒན་པོ་སྣ་ཚོགས་རང་གྲོལ་གྱི་ཕུལ་བ་དགེ།། ༈ །།དྲན་པ་ཙམ་གྱི་འཁོར་བའི་བག་ཆགས་ཞི། །མཐོང་ཐོས་རེག་པས་ཐར་པའི་ས་བོན་ཐེབས། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བ་ཡི། །མཚུངས་བྲལ་བླ་མའི་ཞབས་ཕྱག་འཚལ་ནས།། ༈ །།འདུས་མའི་མཐའ་མ་བྲལ་བའི་ཆོས་ཅན་གྱི། །རང་བཞིན་སྐྱེ་འགྲོ་ཀུན་གྱི་མཚན་ཉིད་ལས། །རིང་དུ་འགྲོགས་ནས་སོ་སོར་གྱེས་པ་ཡིས། །གྲོགས་ལ་སྙིང་གཏམ་འགྲོ་ཆོས་འདི་སྐད་གདམས།། ༈ །།དལ་


TR002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཕུན་ཚོགས་ཐོབ་ཀྱང་རྟག་མི་ཐུབ། །ན་སོ་གཞོན་ཡང་ཚེ་ལ་ངེས་པ་མེད། །ཡོང་སྙམ་མེད་པར་འཆི་བ་ཐོག་བབ་འོང་། །ལོང་ཡོད་སྙོམ་ལས་བློ་སྣ་མ་རིང་མཛོད།། ༈ །།ལེགས་ཉེས་སྐྱིད་སྡུག་ཐམས་ཅད་སྔོན་གྱི་ལས། །ཕེར་ཡོང་སྒོ་བཤོམ་མཁས་ཀྱང་བཀོས་ཚད་རག །འདུན་མ་ཆོས་ཕྱོགས་དྲིལ་ན་བུབས་མི་སྲིད། །བློ་གཏད་བླ་མར་བགྱིས་དང་བསླུ་བ་མེད།། ༈ །།མི་ཁྱུར་སྡོད་ན་ལེགས་ལེགས་མཛེས་མཛེས་ཀྱི། །ཆོས་བརྒྱད་སྣང་ཤས་འདི་ལ་ཀུན་སྤྲོ་ཡང་། །མི་ཚེ་སྟོང་ཟད་གཏན་ཕུང་རྒྱུ་ཡིན་པས། །སྤྲོས་མེད་བྱ་བཏང་རི་ཁྲོད་འགྲིམ་ན་ལེགས།། ༈ །།བཟའ་བཏུང་གོས་རྒྱན་འབོལ་འབོལ་བཤོམ་བཤོམ་གྱི། །འདོད་པ་རྩོལ་སྒྲུབ་བྱས་བཞིན་ཆོག་ཤེས་མེད། །བེམ་དུགས་སྐྱོ་ཚ་རྣམས་ལ་བློ་ཐག་བཅད། །སྒྲུབ་རྒྱུད་སྐྱེས་ཆེན་རྣམས་ཀྱི་མཛད་སྲོལ་ལྟོས།། ༈ །།འཇིག་རྟེན་འཁོར་བའི་གཉེན་ལ་ཞེན་ཆགས་ཀྱིས། །གྲོང་ཡུལ་


TR002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ལྟར་བྲན་ནས་རྒྱུགས་བྱེད་པས། །མཐའ་མར་ཁྱི་རྒན་ལས་ཀྱང་ལོད་དེ་འཆི། །བཙུན་པའི་རྐང་འདྲེན་ཡིན་ནོ་རང་ཚུགས་བཟུང་།། ༈ །།གྲོགས་ངན་སྐྱེ་བ་དམན་པའི་བུད་མེད་དང་། །ཟས་ངན་སྨྱོ་བྱེད་རྫས་ཆེན་ཆང་རག་ལ། །ཞེན་སྲེད་གཏིང་ནས་སྤོང་བར་མི་བྱེད་ན། །ཐར་པའི་སྲོག་རྩ་ཆད་དོ་སྙིང་རུས་སྐྱེས།། ༈ །།གཉིད་དང་རྣམ་གཡེང་ལོང་གཏམ་དལ་འདུག་དང་། །ཉིན་པར་ཉལ་དང་དོན་མེད་བྱ་བྱེད་རིགས། །ཐོས་བསམ་སྒོམ་པའི་བར་ཆད་ཀུན་ལ་འཛེམ། །རང་ཁྲིམས་རང་ལ་བཅའ་བ་ཆོས་པའི་གནད།། ༈ །།རང་གིས་གཞན་སྐྱོན་མཐོང་བ་ཇི་ཙམ་ལས། །ལྷག་པ་གཞན་གྱིས་རང་ལ་མཐོང་འགྱུར་བས། །གཞན་སྐྱོན་མི་ལྟ་རང་སྐྱོན་འདུལ་ལ་འབད། །རང་སྣང་དག་ན་གཞན་སྐྱོན་མཐོང་མི་སྲིད།། ༈ །།ཆོས་ཀྱི་རྩ་བ་རྒྱུ་འབྲས་བསླུ་མེད་ཚུལ། །མདོ་རྒྱུད་མན་


TR002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཀུན་མཐུན་སྤང་བླང་བྱ། །དགེ་སྡིག་ཕྲ་མོ་ཙམ་ལའང་ཁྱད་མི་གསད། །ངོས་ལྐོག་མེད་པ་དམ་སྡོམ་རྩ་བ་ཡིན།། ༈ །།བླ་མའི་མཛད་པ་གང་འདུལ་སྒྱུ་འཕྲུལ་ལ། །སྐྱོན་དུ་བལྟས་ན་བྱིན་རླབས་སྐལ་བ་ཆད། །བླ་མ་མཆེད་གྲོགས་ཅི་མཛད་ལེགས་མཐོང་གི། །དག་སྣང་ཅན་ལ་ཐུགས་རྗེ་རྒྱུན་མི་ཆད།། ༈ །།རྟག་ཏུ་ལུས་ངག་ཡིད་གསུམ་ཆོས་མིན་ལས། །སྤངས་ནས་དགེ་སྦྱོར་ཆོས་སྤྱོད་བཅུ་ལ་འབད། །གཞིས་བྱེད་ལམ་གསུམ་ཁྱད་མེད་དགེ་སྦྱོར་ལ། །བརྩོན་ན་མི་ཚེ་ཆོས་ལ་འཁྱོལ་བར་འགྱུར།། ༈ །།ན་ཚ་རྐྱེན་ངན་སྡུག་བསྔལ་ཅི་བྱུང་ཡང་། །སྐྱབས་དང་རེ་ས་བླ་མ་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་ལིངས་བསྐྱུར་མི་ནུས་པར། །ཕན་ཐབས་གཞན་དུ་འཚོལ་ན་མིན།། ༈ །།རང་ཉིད་ཐོས་བསམ་སྒོམ་པ་ཕྱོགས་རེ་ཙམ། །གང་གིའང་ངེས་པ་བརྙེས་པ་མེད་བཞིན་དུ། །གྲུབ་མཐའ་ཆོས་རྒྱུད་གང་ཟག་སུ་དང་


TR002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སུར། །ལོག་ལྟ་ཆགས་སྡང་སྐུར་འདེབས་བྱར་མི་རུང་།། ༈ །།ཅི་ཕྱིར་ཞེ་ན་རྒྱལ་རྣམས་ཐབས་མཁས་དང་། །ཐུགས་རྗེས་གདུལ་བྱའི་སྐལ་བ་གང་འཚམས་པར། །ཆོས་ཀྱི་རྣམ་གྲངས་གང་འདུལ་བསྟན་པས་ན། །ཆོས་ལུགས་ང་བཟང་ཕྱོགས་ཞེན་བྱར་མི་རུང་།། ༈ །།ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱང་། །མཐར་ཐུག་རང་སེམས་འདུལ་ཐབས་ཁོ་ན་ཡིན། །དོན་ལ་སྣང་སྲིད་འཁོར་འདས་སེམས་སུ་གཅིག །བྱེ་བྲག་དུ་མར་སྣང་ཡང་རྨི་ལམ་ཙམ།། ༈ །།སེམས་ཉིད་སྟོང་པ་ངོས་བཟུང་བྲལ་བ་ལ། །ལྷ་དང་འདྲེ་རུ་བཟུང་བ་འཁྲུལ་འཛིན་ཡིན། །འཁྲུལ་ལ་འཁྲུལ་པར་མ་ཤེས་བདེན་འཛིན་འདིས། །འཁོར་བར་གཏན་འཁྱམས་གྱུར་པ་དེ་ཡིས་ལན།། ༈ །།ད་ནས་འཁྲུལ་མེད་རང་རིག་རྗེན་པ་འདི། །ཡེངས་མེད་འཛིན་བྲལ་མ་བཅོས་རང་བབས་སྐྱོང་། །ཚོགས་དྲུག་སྣང་བ་བཟང་ངན་ཅི་ཤར་ལ། །བདེན་ཞེན་མ་


TR002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཡས་མེད་བསྐྱུར་ལ་ཞོག། ༈ །།འཛིན་པ་མ་བྱས་འཁྲུལ་པའི་རྒྱུ་རྐྱེན་མེད། །འཁྲུལ་སྣང་ཟད་ན་ཆོས་སྐུ་རང་སེམས་ཡིན། །རང་སེམས་སངས་རྒྱས་མངོན་དུ་གྱུར་པའི་ཚེ། །ཆོས་ཀྱི་དགོས་དོན་གྲུབ་པ་ཡིན་ནོ་བུ།། ༈ །།མདོར་ན་དུས་དང་རྣམས་པ་ཐམས་ཅད་དུ། །མི་རྟག་འཆི་བ་དྲན་བྱ་སྦྱོར་འབུངས། །འཇིག་རྟེན་ཞེན་པ་བསྐྱུར་ལ་བྱ་བཏང་དྲིལ། །ཉོན་མོངས་དུག་ལྔ་རང་གར་མི་བཏང་ངོ་།། ༈ །།བླ་མ་སངས་རྒྱས་མཐོང་བས་གསོལ་བ་གདབ། །འགྲོ་ཀུན་ཕ་མར་ཤེས་པས་བྱང་སེམས་སྦྱོངས། །གང་ལའང་གནོད་འཚེ་སྤང་ཞིང་ཕན་པ་སྒྲུབ། །རང་རྒྱུད་ཆོས་ཀྱིས་ཐུལ་ཞིག་སྙིང་གཏམ་ཡིན།། ༈ །།ད་ནི་སྐལ་པའི་ཐ་མ་དུས་ངན་གྱི། །རྣམ་འགྱུར་མི་རུང་སྣ་དགུ་ཚང་ལུགས་ལ། །མི་ཚེ་རིང་པོའི་བློ་སྣ་མི་ཁོམས་པས། །སེམས་རྒྱུད་ནང་དུ་ཁུག་ཅིག་སྙིང་གཏམ་ཡིན།། ༈ །།སྣ་ཚོགས་རང་གྲོལ་རྒན་པོ་འཆི་ཁ་མས། །སེམས་ལ་བཅགས་པའི་སྙིང་གཏམ་ཟབ་


TR002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འདི། ཁྱེད་ལ་བརྩེ་བས་གདམས་སོ་མ་བརྗེད་པར། །སྙིང་ལ་ཕན་པའི་བདུད་རྩིར་འགྱུར་བར་ཤོག །ཅེས་རང་གི་རྩ་གྲ་འཕྲིན་ལས་དོན་གྲུབ་པའི་སྐྱེ་བ་ལ་གདམས་པའོ།། ༈ །།རིགས་རུས་ལོངས་སྤྱོད་འཇིག་རྟེན་བདེ་འབྱོར་ལ། །མ་ཆགས་ངེས་པར་འགྱུར་བས་ཡིད་དྲངས་ཏེ། །བླ་མེད་བྱང་ཆུབ་སྒྲུབ་པའི་སྐལ་བ་ཅན། །གྲུབ་ཆེན་དྷརྨ་མ་ི་གསན་མཛོད་དང་། །དལ་འབྱོར་ཐོབ་ཅིང་ཆོས་སྒོར་ཞུགས་ན་ཡང་། །ནམ་འཆི་ཆ་མེད་སྙིང་ནས་མ་དྲན་ན། །ཀུན་རྫོབ་ཚེ་འདིའི་བྱ་བས་བསླུས་པ་མང་། །ལོང་མེད་རྒྱུད་ལ་བསྐྱེད་པ་གལ་དུ་ཆེ། ༡ །མདོ་རྒྱུད་མན་ངག་ཆོས་ཀུན་གདུལ་བྱ་ཡི། །བློ་རྒྱུད་གདུལ་ཐབས་ཁོ་ནར་གསུངས་ན་ཡང་། །ཐོས་བསམ་སྒོམ་ཡུས་ཁེང་སེམས་ཆེ་བ་མང་། །རང་རྒྱུད་གཏིང་ནས་ཐུལ་བ་གལ་དུ་ཆེ། ༢ །བླ་མ་མཚན་ལྡན་རྙེད་དཀའ་བརྙེད་ནས་ཀྱང་། །གདམ་ངག་བདུད་རྩིའི་བཅུད་ལ་སྤྱོད་དུས་འདིར། །མཉམ་འགྲོགས་ལོག་ལྟས་དམ་སེལ་


TR002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་མང་། །ཅི་མཛད་ལེགས་མཐོང་མོས་གུས་གལ་དུ་ཆེ། ༣ །བག་ཆགས་འཁྲུལ་འཛིན་དབྱིངས་སུ་མ་ཐིམ་པར། །དེ་སྲིད་དགེ་སྡིག་རྒྱུ་འབྲས་བསླུ་བ་མེད། །སྒོམ་ཆེན་ལས་འབྲས་ཁྱད་དུ་གསད་མཁན་མང་། །དམ་སྡོམ་རྒྱུ་འབྲས་ཞིབ་པ་གལ་དུ་ཆེ། ༤ །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཇི་རྙེད་པ། །ཡང་སྙིང་ཕྱག་རྒྱ་ཆེན་པོར་མ་འདུས་མེད། ཁ་བཤད་ཚིག་གིས་དོན་ལ་སྒྲིབས་པ་མང་། །ངེས་དོན་སེམས་ལ་འབྱོར་པ་གལ་དུ་ཆེ། ༥ །སེམས་ཀྱི་འགྱུ་དྲན་རྟོག་ཚོགས་ཕྲ་རག་ལ། །མ་ཞེན་མ་དགག་རང་རིག་དྲན་པས་བསྐྱངས། །ནམ་མཁར་སྤྲིན་དང་རྦ་རླབས་ཆུར་ཐིམ་བཞིན། །རང་ཤར་རང་གྲོལ་གཏོང་བ་གལ་ཏུ་ཆེ། ༦ །རྐྱེན་དང་མ་ཕྲད་བདེ་བདེ་འདྲ་བའི་སྒོམ། །རྐྱེན་ངན་བྱུང་ཚེ་འཁྲུལ་དབང་ཤོར་མཁན་མང་། །འཁོར་འདས་ཐམས་ཅད་སེམས་སུ་ཐག་ཆོད་པས། །གང་ལའང་རེ་དོགས་སྤོང་བ་གལ་དུ་ཆེ། ༧ །མདོར་


TR002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལུས་སེམས་མ་བྲལ་རིང་འདི་ལ། །བསམ་རྒྱུ་བླ་མ་བྱ་རྒྱུ་དམ་པའི་ཆོས། །ད་ལྟ་འཆི་ཡང་བླ་མའི་གདམ་ངག་ལས། །གཞན་པའི་བསམ་བློ་མི་བྱེད་གལ་དུ་ཆེ། ༨ །ཚེ་འདིའི་བྱ་བའི་ཁོ་ཐག་རྦད་ཀྱི་ཆད། །ཉིན་མཚན་ནང་ཡང་དགེ་སྦྱོར་རྩེ་གཅིག་འབད། །བླ་མར་གསོལ་གདབ་འགྲོ་ཀུན་སྙིང་རྗེས་བསྐྱངས། །ཚེ་དང་སྒྲུབ་པ་མཉམ་པ་གལ་ཆེ་ལགས། ༩ །གལ་ཆེན་དགུ་ཡི་སྙིང་གཏམ་མདོར་བསྡུས་ནི། །དད་ལྡན་ཆོས་མཛད་དམ་ཆོས་ནོར་བུ་ལ། །ཆོས་དབྱིངས་འོད་གསལ་རྩེ་མོའི་རི་ཁྲོད་ནས། །པདྨ་ལེགས་གྲུབ་སྩལ་གྱིས་གདམས་པ་དགེའོ། །རྒྱལ་བ་ཐམས་ཅད་བླ་མ་ཁོ་ནའི་འཕྲུལ། །ཡིན་ལ་ཡིན་པར་ཤེས་པའི་མོས་གུས་ཀྱིས། །རྟག་ཏུ་བཏུད་ནས་སྐལ་བཟང་དོན་གཉེར་བ། །ཡོན་ཏན་མིང་ཅན་དེ་ལ་འདི་ལྟར་གདམས། །དལ་འབྱོར་ཐོབ་འདི་སྟོང་ཟད་མ་བྱེད་པར། །ཅི་ནུས་དགེ་སྦྱོར་འབད་པ་གལ་


TR002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཆེ། །འཆི་བའི་ནམ་མཁའི་ཐོག་ལྟར་མྱུར་དུ་འོང་། །འཇིག་རྟེན་ཞེན་པ་མ་ཆེ་བློ་སྣ་བསྟུངས་། །ཚེ་འདིའི་བྱ་བ་ཟིན་པའི་དུས་ཚོད་མེད། །སྤྲོས་པ་བཅད་ན་ཟིན་པ་དེ་ཀ་ཡིན། །དགེ་སྡིག་སྤང་ཞིབ་མོར་མ་འབད་ན། །དཀར་ནག་བདེ་སྡུག་འབྲས་བུ་བསླུ་མི་སྲིད། །སངས་རྒྱས་ཀུན་དངོས་བླ་མའི་རྣམ་པར་ཐར། །ཅི་མཛད་ལེགས་མཐོང་མོས་གུས་འགྱུར་མེད་བྱ། །གསོལ་འདེབས་ནུས་ན་བྱིན་རླབས་ངང་གིས་འབྱུང་། །ཐུགས་རྗེ་ཆེ་ཆུང་དད་པ་ཉིད་ལ་རག །སྐྱིད་སྡུག་ལེགས་ཉེས་གང་བྱུང་བླ་མ་རྗེའི། །བྱིན་རླབས་ཁོ་ནར་ཤེས་ན་གཏན་མདུན་འགྲུབ། །གྲུབ་མཐའ་ཕྱོགས་འཛིན་ཆོས་པའི་ཕུང་འདྲེ་ཡིན། །དག་སྣང་ཕྱོགས་མེད་སྦྱང་ན་དོན་གཉིས་འགྲུབ། །འཁོར་འདས་ཀུན་གྱི་རྩ་བ་རང་སེམས་འདི། །འཁྲུལ་པའི་ངན་ལང་མི་བཏང་དྲན་པ་བསྟེན། །རྣམརྟོག་བཀག་པས་མི་ཁེགས་རང་ངོ་ལྟོས། །ལྟ་ས་ལྟ་མཁན་སེམས་ཉིད་ཁོ་རང་ཡིན། ཁོ་རང་


TR002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་རིག་ཐོག་ལྷོད་ཀྱི་གློད། །སྒོ་གསུམ་ཞེན་འཛིན་མེད་པ་གནད་དུ་ཆེ། །ཚོགས་དྲུག་ཡུལ་ཕྱིར་མ་འབྲང་རང་སར་ཞོག །ཞེན་པ་མེད་ན་འཆིང་བ་ཀུན་དང་བྲལ། །ན་ཚ་རྐྱེན་ངན་འཇིག་སྐྲག་ཅི་བྱུང་ཡང་། །སེམས་ཀྱི་འཆར་ཚུལ་ཡིན་པར་བློ་ཐག་བཅད། །ཤི་རུང་གསོན་རུང་ཆོས་དང་བླ་མ་ལས། །གཞན་པའི་བསམ་རྒྱུ་མེད་པར་ཐག་ཆོད་བྱ། །དགེ་བ་གང་བྱེད་མཁའ་ཁྱབ་སེམས་ཅན་རྣམས། །བྱང་ཆུབ་ཐོབ་ཕྱིར་བསྔོ་བ་སྨོན་ལམ་གདབ། །སྙིང་གཏམ་ཚིག་འདི་ཁ་ཁྱེར་མ་བྱེད་པར། །སེམས་ལ་འདྲེས་ངེས་མཛོད་ཅིག་དགེ་ལེགས་འཕེལ། །ཞེས་པ་འདི་ནི། མི་རིགས་སྐད་རིགས་མི་གཅིག་པའི་ཡུལ་ཁམས་ནས་འོངས་པའི་དད་ཅན་ཀརྨ་གུ་འི་མིང་ཅན་གྱིས་བསྐུལ་ངོར་གདམས་པའོ།། ༈ །།ན་མོ་གུ་རུ་རཏྣ་བྷྱཿ། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །གནས་ལུགས་ཇི་བཞིན་གཟིགས་


TR002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱལ་དགོངས་ཉིད། །འགྲོ་ལ་མངོན་སུམ་སྟོན་པའི་ཐུགས་རྗེའི་དཔལ། །གང་ལ་མངའ་བའི་སྒྲུབ་རྒྱུད་བླ་མའི་ཞབས། །གུས་པས་ལན་བརྒྱར་བཏུད་ནས་དེ་དོན་གྱི། །སྙིང་པོའི་ཡང་བཅུད་སྙན་ནས་སྙན་རྒྱུད་པའི། །ངེས་དོན་ཟབ་མོ་སྨྲོས་ཞེས་གང་གསུངས་ལྟར། །ཅི་ནུས་ཕུལ་འདི་ཐུགས་ལ་ཉེར་བསྟིམ་གསོལ། །དེ་ལ་སྤྱིར་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་མཛད་པ་ཐམས་ཅད་དོན་བཟང་པོ་ཚིག་འབྲུ་བཟང་པོ། སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཀུན་དང་ལྡན་པ། ཐོག་ཐ་བར་གསུམ་དུ་དགེ་བའི་གཏེར་གྱིས་གཏམ་པ་འབའ་ཞིག་ཉིད་ལས། བཟང་ངན་ནམ། མཐོ་དམན་ནམ། ཟབ་མི་ཟབ་སོགས་ཀྱི་ཁྱད་པར་ཅན་ཞིག་ནམ་ཡང་མ་ཡིན་མོད་ཀྱང་། ཆོས་དེ་དག་གིས་གདུལ་བར་བྱ་བའི་འགྲོ་བ་རྣམས་དབང་པོ་དང་ཁམས་དང་བསམ་པ་དང་སྐལ་བའི་རིག་ཐ་དད་


TR002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཆོས་ཀྱིས་ཚིག་གཅིག་ཁོ་ན་ལ་ཡང་སོ་སོའི་རྒྱུད་ལ་གོ་མྱོང་རྟོགས་པའི་ཚུལ་མི་གཅིག་པ་མཐའ་ཡས་པ་ཞིག་ཏུ་འགྱུར་ལ། དེའི་མཐུས་ལམ་དང་འབྲས་བུ་མངོན་དུ་གྱུར་ཚུལ་ཡང་རིང་བ་དང་ཉེ་བ་དང་ཤིན་ཏུ་ཉེ་བ་དག་འབྱུང་བའི་དབང་གིས་ཐེག་པ་དམན་འབྲིང་ཆེན་པོའི་བྱེ་བྲག་ཏུ་ཐ་སྙད་བཏགས་མོད་ཀྱི། །དོན་དམ་པའི་མཐར་ཐུག་ཏུ་ནི་ཆོས་ཀྱི་དབྱིངས་གདོད་མའི་གནས་ལུགས་ཉིད་ལས་ནམ་ཡང་གཡོ་བ་མེད་ཅིང་འཁོར་འདས་དུས་གསུམ་གྱི་མཚན་མའི་སྤྲོས་པ་ཐམས་ཅད་ལས་འདས་པ་ཁོ་ན་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་འདི་ལྟ་བུར་གདོད་ནས་ལྷུན་གྱིས་གྲུབ་པའོ། །དེ་ལྟ་མོད་ཀྱི་སངས་རྒྱས་རྣམས་ཐབས་མཁས་ཤིང་ཐུགས་རྗེའི་ནུས་པ་བསམ་མི་ཁྱབ་པས། གདུལ་བྱ་ཐ་དད་པའི་སྐལ་བ་དང་མོས་པ་ཇི་སྙེད་པ་དེ་དང་མཐུན་པའི་དམ་པའི་ཆོས་ཀྱི་སྒོ་དང་རྣམ་གྲང་མཐའ་ཡས་པ་བདག་གིས་སྙིང་པོ་ནི་མདོ་སྔགས་གཉིས་


TR002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྔགས་ཀྱི་ཐེག་པ། །དེ་ལ་རྒྱུད་སྡེའི་རིམ་པ་བཞིའི་དྲུག་ལས། འདིར་ཆད་པར་བྱ་བ་ནི་འབྲས་བུ་བླ་ན་མེད་པ་ཐམས་ཅད་ཀྱི་སྤྱི་ཕུད་དམ་པར་གྱུར་པ་ངེས་དོན་ཟབ་མོ་ཚེ་གཅིག་སངས་རྒྱས་ལག་བཅངས་སུ་སྟོན་པར་བྱེད་པའི་གདམས་པ། དེ་ལའང་ཕྱག་རྫོགས་གཉིས་ལས་སྐབས་འདིར་རྫོགས་པ་ཆེན་པོ་དང་། དེ་ཉིད་ལའང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ། ཡང་གསང་བླ་ན་མེད་པ། ཨ་ཏི། སྤྱི་ཏི། ཡང་ཏི་དང་བཅས་པའི་ཟབ་མོ་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་མེད་ཀྱི་རྒྱུད་དང་མན་ངག་མཐའ་ཡས་པའི་ནང་ནས། འདིར་ནི་ཡང་གསང་བླ་མེད་སྙིང་ཐིག་ཟབ་མོའི་ཉམས་ལེན་གྱི་འགག་བསྡུས་རྒྱུན་ཁྱེར་གྱི་ཚུལ་བརྡ་མཚོན་ས་བོན་ཙམ་ཞིག་སྟོན་པར་བྱེད་པ་ལགས།། ༈ །།བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་ལས། །ངེས་དོན་སྙིང་པོའི་ནོར་བུ་མ་བླངས་ན། །ཚེ་གཅིག་བྱང་ཆེན་འབྲས་བུ་མི་ཐོབ་


TR002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ངེས་གསང་སྙིང་པོའི་ཉམས་ལེན་འབད་འཚལ་ལོ།། ༈ །།དེ་ལ་ཐོག་མར་གདམས་པ་འདི་ལྟ་བུ་སྟོན་པར་བྱེད་པའི་བླ་མ་ནི་གང་བྱུང་བྱུང་གིས་རུང་བ་མ་ཡིན་ཏེ། རྫོགས་པའི་རིམ་པ་སྤྱི་དང་ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པ་ལ་གོམ་པ་མངོན་དུ་གྱུར་པས་བླ་མའི་རྒྱུད་བྱིན་གྱིས་རླབས་ནུས་པ་གཅིག་ལ་བསྟན་དགོས་ལ། དེས་ཀྱང་ཐོག་མར་སློབ་མའི་གཤིས་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བཞིའི་རིམ་པ་བསྐུར་ནས་དབང་དོན་གྱི་ཡེ་ཤེས་ཅུང་ཟད་ཉམས་སུ་མྱོང་བ་ཞིག་གལ་ཆེ་སྟེ། འདི་ནི་དཔེར་ན་ཞིང་ལ་ལོ་ཏོག་འདེབས་པའི་དང་པོར་རྨོ་ཁྲོལ་ཆུ་ལུད་ས་བོན་འདེབས་པ་སོགས་དང་ཚུལ་མཚུངས་པ་སྟེ། དེ་དག་ཚུལ་བཞིན་མ་བྱས་པར་ནི་ལོ་འབྲས་ཇི་ལྟ་བ་སྐྱེ་བ་དང་འབྱུང་བའི་གནས་མེད་པ་བཞིན་ནོ། །དེ་ལྟར་སྨིན་བྱེད་ཀྱི་དབང་ཐོབ་པའི་


TR002_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ལ་གྲོལ་བྱེད་ཀྱི་ཁྲིད་རིམ་དངོས་སྟོན་པར་བྱེད་པ་ལ་ཡང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྲང་ནས་འདོན་དགོས་ཕྱིར། དེ་ཡང་། དལ་འབྱོར་རྙེད་དཀའ་བསམ་ནས་དམ་པའི་ཆོས་ལ་སྤྲོ་བ་བསྐྱེད། འཆི་བ་མི་རྟག་པ་བསམ་ནས་ཆོས་མ་གཏོགས་ཅིས་ཀྱང་དགོས་མེད་དང་། ཕྱི་བཤོལ་སྙོམ་ལས་ལ་མི་ཤོར་བར་ལོང་མེད་བརྩོན་འགྲུས་ཀྱི་ལྕགས་ཀྱིས་བསྐུལ། དཀར་ནག་གི་རྒྱུ་འབྲས་བསམ་ཞིང་དགེ་སྡིག་ཕྲ་ཞིང་ཕྲ་བ་ཚུན་གྱི་བླངས་དོར་ལ་བསླབ། རིས་དྲུག་འཁོར་བའི་སྡུག་བསྔལ་བསམ་ནས་འཁོར་བའི་ཞེན་པ་སྤང་ཞིང་ཐར་པའི་ཕན་ཡོན་ལ་ཡིད་ཆེས་པར་བྱ་བ་རྣམས་ནི་ཐུན་མོང་གི་སྔོན་དུ་འགྲོ་བ་སྟེ། ཆོས་ལ་བློ་འཇུག་ཅིང་ཁྲིད་པར་བྱེད་པའི་ཐབས་ཡིན་པས་རྒྱུད་ལ་འཁེལ་ངེས་ཤེས་པར་བྱའོ། །དེ་ནས་ཚོགས་བསགས་ཅིང་སྒྲིབ་པ་སྦྱོང་བར་མ་བྱས་ན་ཆོས་ཅི་བྱས་ལམ་དུ་མི་འགྲོ་བས། དང་པོར་


TR002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་མ་ལུས་མངོན་སུམ་ཏུ་ཁྲོམ་ཚོགས་པ་ལྟར་བཞུགས་དམིགས་ཏེ། རང་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལྷན་ཅིག་ཏུ་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་ཐར་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ལ་འཁོད་པ་ཅིག་བླ་མ་དཀོན་མཆོག་ཁྱེད་རྣམས་མཁྱེན་སྙམ་པའི་དད་གུས་དྲག་པོས་སྐྱབས་འགྲོ་བྱ་ཞིང་། སྐྱིད་སྡུག་ཅི་བྱུང་ཡང་རེ་ས་ལྟོས་ཡུལ་དཀོན་མཆོག་མ་གཏོགས་གཞན་ལ་མི་རེ་བར་བློ་ཐག་བཅད་ལ་ཕྱག་མཆོད་སྐྱབས་འགྲོ་ཁ་ཏོན་ལ་འབད། སྐྱེ་བ་འདིའི་ཕ་མའི་དྲིན་གྱི་ཆེ་ལུགས་ལ་བསམ་ནས་འགྲོ་བ་རིགས་དྲུག་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་འཁོར་བ་ཐོག་མེད་ནས་ཕ་མ་དྲིན་ཆེན་མ་བྱས་པ་སུ་ཡང་མེད་པས། འདི་དག་ལ་དྲིན་ལན་ཆོས་ཀྱི་མ་གཞལ་ན། གཞན་གང་གིས་ཀྱང་དྲིན་ལན་འཁོར་བའི་ཐབས་མ་མཆིས་པ་ན། བདག་གི་ཚེ་གཅིག་བྱང་


TR002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྒྲུབ་ཏེ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བར་སེམས་བསྐྱེད་ཅིང་སྨོན་ལམ་བཟང་པོའི་མཚམས་སྦྱོར་བྱ། སངས་རྒྱས་ཐོབ་པ་ལ་བགེགས་དང་བར་དུ་གཅོད་པ་ནི་སྡིག་སྒྲིབ་ཉམས་ཆག་ཁོ་ན་ལན་པ་ཡིན་པས་དེ་དག་བཤགས་སྦྱངས་གལ་ཆེ་བའི་ཕྱིར། རང་གི་སྤྱི་གཙུག་པད་ཟླའི་གདན་སྟེང་ན་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྡོ་རྗེ་སེམས་དཔའི་ཆ་ལུགས་སྣང་ལ་རང་བཞིན་མེད་པ་འཇའ་འོད་ཀྱི་སྐུར་བསྐྱེད་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་གྱི་མཐར་ཡིག་བརྒྱས་བསྐོར་བར་བསམ་ཞིང་ངག་ནས་བཟླས་པས། སྔགས་འཕྲེང་ལས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་བབས་པ་རྡོར་སེམས་ཀྱི་ཞབས་ཀྱི་མཐེ་བོང་ལས་བདུད་རྩི་བརྒྱུད་ཅིང་རང་གི་སྤྱི་གཙུག་ཏུ་ཚངས་པའི་བུ་གར་ཞུགས་ནས་ལུས་ནང་ཐམས་ཅད་མེར་གྱི་གང་བ་དང་། ཉེས་ལྟུང་སྡིག་སྒྲིབ་ཀྱི་དངོས་པོ་མཐའ་དག་སོལ་ཁུ་ལྟ་བུ་ནག་འདུར་གྱི་དབང་པོ་དང་བ་སྤུའི་སྒོ་ཐམས་ཅད་ནས་ཕྱིར་འཐོན་ཏེ་


TR002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསམ། ཉམས་རྟོགས་རྒྱུད་ལ་སྐྱེ་བ་བྱེད་པ་ནི་བླ་མའི་བྱིན་རླབས་ཞུགས་པ་ལ་རག་ཅིང་། བྱིན་རླབས་འཇུག་ཐབས་ནི་མོས་གུས་གསོལ་འདེབས་ལ་རག་ལུས་པ། དད་པའི་མོས་གུས་ཞེན་པ་དེ་ཡང་ཁ་ཙམ་ཚིག་ཙམ་གསོལ་འདེབས་བྱེད་ལོ་ཙམ་གྱིས་ནི་ཅི་ཡང་མི་ཕན་གྱི། སངས་རྒྱས་ཐམས་ཅད་བླ་མའི་ངོ་བོར་འདུས་པ་ཡིན་ཕྱིར། བླ་མ་ནི་སངས་རྒྱས་ཀུན་ལས་ལྷག་པའོ་སྙམ་པའི་དག་སྣང་ཞེ་ཐག་པ་ནས་མེད་ན། བླ་མ་མི་རུ་བཟུང་བའི་སློབ་མ་ལ་བྱིན་རླབས་འཇུག་པར་མདོ་རྒྱུད་མན་ངག་གང་ནས་ཀྱང་མ་བཤད། བླ་མ་ལ་ཚོད་ཡོད་མཉམ་ལོག་ལྟ་བྱས་ན་མནར་མེད་པའི་དམྱལ་བར་ལྟུང་བར་རྒྱུད་ལུང་མན་ངག་ཐམས་ཅད་ཞལ་མཐུན་ཕྱིར། དིང་སང་གི་བླ་མ་དང་སློབ་མ་ཕལ་ཆེར་ཕན་ཚུན་ཟོལ་འགྲོགས་དང་བསྟུན་རེས་སུ་བྱ་དགོས་པའི་དུས་འདི་


TR002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འདྲར་བྱིན་རླབས་ཚུལ་བཞིན་ཞུགས་པར་ཡང་ཤིན་ཏུ་དཀའ་བར་གདའ་མོད་ཀྱི། དེ་བས་ན། རང་ཉིད་ཡི་དམ་གྱི་ལྷ་གང་རུང་གི་སྐྱེད་རིམ་མོས་པ་ལམ་བྱེད་ཙམ་གྱི་སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་གདན་སྟེངས་སུ། རང་ལ་སྐུ་དྲིན་ཆེ་བའི་རྩ་བའི་བླ་མ་དེ་ཉིད་ཆོས་སྐུ་ཀུན་ཏུ་བཟང་པོའམ། རྡོ་རྗེ་འཆང་ངམ། པདྨ་འབྱུང་གནས་ཀྱི་ཆ་བྱད་དུ་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། ཕྱོགས་དུས་ཀྱི་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་རྩ་རྒྱུད་ཀྱི་བླ་མ་བཀའ་གཏེར་བཤད་སྒྲུབ་མན་ངག་དོན་རྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སོགས་མདོར་ན་བྱིན་རླབས་དངོས་གྲུབ་ཀྱི་མངའ་བདག་མ་ལུས་ཆར་བབ་པ་ལྟ་བུར་བྱོན་ཏེ་སྤྱི་བོའི་བླ་མ་ཉིད་ལ་དབྱེར་མེད་དུ་ཐིམ་པས་བླ་མ་སྐྱབས་གནས་ཀུན་འདུས་ཡེ་ནས་ཡིན་བཞིན་པ་ལས་ཀྱང་ཐུགས་རྗེ་ནུས་པ་བྱིན་རླབས་གོང་འཕེལ་དུ་གྱུར་པའི་ངེས་ཤེས་བསྐྱེད་


TR002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྣང་སྲིད་སྣོད་བཅུད་བདག་ལུས་ལོངས་སྤྱོད་སྒོ་གསུམ་གཏན་དང་བཅས་པ་མཆོད་པའི་མཎྜལ་དུ་འབུལ་ཞིང་། དད་གདུང་མཆི་མ་འཁྲུག་པའི་མོས་གུས་ཀྱི་གསོལ་བ་གདབ། གསོལ་བ་འདེབས་རྒྱུའི་དོན་པོ་ཡང་གནས་སྐབས་ཚེ་འདིའི་འདོད་ཡོན་ཙམ་དོན་དུ་གཉེར་བར་མི་བྱ་སྟེ། རྩ་རྒྱུད་ཀྱི་བླ་མ་དཀོན་མཆོག་རྣམས་ཀྱི་ཐུགས་རྒྱུད་ལ་མངའ་བའི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས། སྐྱབས་པའི་ནུས་མཐུ་ཉམས་རྟོགས་ཡོན་ཏན་ཅི་མཆིས་པ་དེ་ཐམས་ཅད་བདག་ཉིད་ཀྱི་རྒྱུད་ལ་བསྟིམ་ཞིང་འཕོས་ཏེ། སྐྱབས་གནས་དེ་དག་དང་དབྱེར་མ་མཆིས་པའི་གོ་འཕང་བདག་གིས་ཐོབ་ནས་མཁའ་ཁྱབ་འགྲོ་བའི་དོན་རླབས་ཆེན་རྒྱུན་ཆད་མེད་པ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་འབའ་ཞིག་ཏུ་གསོལ་བ་གདབ། དེ་ལྟ་བུས་གསོལ་བ་བཏབ་ན་


TR002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དངོས་གྲུབ་རྩོལ་མེད་དུ་ཐོབ་པར་འགྱུར་ལ། མཆོག་ཐོབ་ན་ཐུན་མོང་ཞར་ལ་འབྱུང་བ་ཆོས་ཉིད་ཡིན་པ་དང་། མདོར་ན་བྱིན་རླབས་ཞེས་པ་ནི་དད་པའི་རང་གཟུགས་ཡིན་ཕྱིར། དད་མོས་ཀྱི་སྟོབས་ཤུགས་ཆེ་ཆུང་དང་མཐུན་པའི་བྱིན་རླབས་ཀྱི་ཚན་ཁ་ཆེ་ཆུང་འབྱུང་བ་ཉིད་དོ། དེ་ལྟར་གསོལ་བ་རྩེ་གཅིག་བཏབ་པས་བླ་མའི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ཏེ། རང་ཉིད་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་ཉེས་སྒྲིབ་ཐམས་ཅད་བྱང་ཞིང་དག །དབང་བཞི་ཡོངས་རྫོགས་ཐོབ་ཅིང་འབྲས་བུ་སྐུ་བཞི་འགྲུབ་པའི་ས་བོན་རྒྱུད་ལ་འཇོགས་པའི་ངེས་ཤེས་དང་། སླར་ཡང་སྤྱི་བོའི་བླ་མ་ཉིད་རང་ལ་གཉིས་སུ་མེད་པར་ཐིམ་སྟེ་རང་སེམས་བླ་མའི་ཐུགས་དང་དབྱེར་མེད་པའི་ངང་ནས་རང་རིག་མ་བཅོས་བཟོ་མེད་དུ་མཉམ་པར་བཞག་པ་སྟེ། དེ་ལྟར་འདི་ཡན་ཆད་ཀྱི་


TR002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་འདི་དག་ནི་གང་ཟག་ལས་དང་པོ་པ་ཉམས་ཁྲིད་ལ་འཇུག་པའི་སྔོན་འགྲོ་ཡང་ཡིན་ལ། རྒྱུན་དུ་ཉམས་སུ་ལེན་རྒྱུའི་ཁྲིད་རིམ་ཡང་ཡིན་ཕྱིར། །ཐུན་གྱི་ཐོག་མར་མེད་དུ་མི་རུང་བའི་གདམས་པ་ལགས་སོ།། ༈ །།སྐྱབས་འགྲོ་སེམས་སྐྱེད་ཆོས་ཀྱི་གཞི་མ་ཡིན། །ཡིག་བརྒྱ་མཎྜལ་ལམ་གྱི་མཐུན་རྐྱེན་ཡིན། །བླ་མའི་རྣལ་འབྱོར་ལམ་གྱི་སྙིང་པོ་སྟེ། །གསར་རྙིང་གྲུབ་ཐོབ་ཀུན་གྱི་གཤེགས་ཤུལ་ལགས།། ༈ །།དེ་ནས་དངོས་གཞི་ངེས་དོན་རང་བྱུང་གི་ཡེ་ཤེས་དངོས་ཇི་ལྟར་ཉམས་སུ་བླངས་བའི་ཐབས་ལ། གསང་སྔགས་གསར་རྙིང་གི་ངེས་དོན་སོ་སོར་ཁྲིད་ཚུལ་དང་ཕྱག་བཞེས་མི་འདྲ་བ་སྣ་ཚོགས་ཡོད་མོད་ཀྱང་། རྫོགས་ཆེན་སྙིང་ཏིག་ཟབ་མོའི་མན་ངག་ལས་ནི་སྐབས་འདིར་ཐོག་མར་ཕྱི་ནང་གསང་གསུམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་རྒྱས་


TR002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་ཅིང་ཕྱག་ལེན་ལ་འདེབས་པ་ཡིན་མོད་ཀྱི། སྐབས་འདིར་ནི་དངོས་གཞིའི་ཉམས་ལེན་སྨར་འཇུས་ཉིད་སྟོན་པ་ཡིན་ཕྱིར་གཞན་རྣམས་བརྗོད་དགོས་པར་མ་གྱུར་ལ། དེ་ཡང་སྒོམ་ཐོག་ནས་ལྟ་བ་གཏན་ལ་འབེབས་པ་དང་། ལྟ་ཐོག་ནས་སྒོམ་པ་ངོས་ཟུང་བའི་ཕྱག་སྲོལ་གཉིས་ཡོད་པ་ལས། འདིར་ནི་སྒོམ་ཐོག་ནས་ལྟ་བ་ངོ་སྤྲོད་པའི་ལུགས་བཞིན་ཡིན་པས་ན། དེ་ལ་ཡང་ཆོས་སྤྱི་ནས་ཞི་གནས་ལྷག་མཐོང་རིམ་ཅན་དུ་སྟོན་པའི་དགོངས་པ་ལྟར། འདིར་ཡང་རྣལ་དུ་དབབ་པ་དང་། གསོར་འཇུག་པ་ཅེས་པའི་མིང་གིས་བསྟན་པར་མཛད་དེ། དང་པོ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་ལུས་ངག་ཡིད་གསུམ་ཟོ་གློད་དེ། བྱ་བ་གཞན་དང་མ་འདྲེས་པའི་ངང་ནས་སེམས་ཉིད་འདས་མ་འོངས་ད་ལྟར་གྱི་བསམ་མནོ་འགྱུ་འཕྲོ་དགག་སྒྲུབ་བཟོ་བཅོས་གང་ཡང་


TR002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་བར། རང་སེམས་ལྷད་མེད་དུ་རྗེན་ནེ། གསལ་ལེ། ལྷན་ནེ་བར་བཞག་ཅིང་། དེ་ཡང་ཧ་ཅང་བསྒྲིམས་ན་སེམས་ཀྱིས་སེམས་བཅིངས་པ་རུ་སོང་ནས་བཅོས་མར་འགྲོ། ཧ་ཅང་རང་ལྷོད་དྲག་ན་མ་ཚོར་བར་འོག་འགྱུ་ཕྲ་མོ་ཤོར་བའམ་བྱིངས་རྨུགས་གཉིད་ཀྱི་དབང་དུ་ཐལ་བ་སོགས་ཀྱི་སྐྱོན་འབྱུང་ཕྱིར་གྲིམ་ལྷོད་རན་ཞིང་རང་ཚོ་ཟིན་པར་བསྐྱངས་པས། རང་སེམས་ཀྱི་གནས་ལུགས་ཇི་ལྟ་བ་རང་རྒྱུད་ལ་འཆར་བར་འགྱུར་བ་དེ་ནི་མཆོག་གི་ཞི་གནས་སམ། བསམ་གཏན་གྱི་གནས་པ་ཅེས་བྱ་བ་ཡིན་ནོ། །འདིས་སྒོམ་དངོས་ཀྱི་གོ་ཆོད་པ་མ་ཡིན་ཀྱང་སྒོམ་རྒྱུད་ལ་སྐྱེ་བར་བྱེད་པའི་གཞི་མར་མེད་མི་རུང་བ་ལྟ་བུ་ལགས།། ༈ །།དེ་ནས་ལྷག་མཐོང་གི་ངང་དུ་གསེར་འཇུག་པ་ནི། གནས་པའི་བསམ་གཏན་དེ་ཉིད་ཀྱི་ཐོག་ནས་གནས་མཁན་གྱི་སེམས་ཁོ་རང་ཇི་འདྲ་


TR002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འདུག་བལྟས་པས། འདི་ལྟ་བུ་ཞིག་འདུག་གི་དངོས་པོ་ངོས་བཟུང་གང་ཡང་མེད་པའི། དྲན་བསམ་འགགས་མེད་དུ་འཆར་རྒྱུ་ཡོད་པ་ཤར་རྒྱུའི་རྣམ་རྟོག་དང་འཆར་མཁན་གྱི་རང་སེམས་དངོས་གཞི་ཡང་ཐ་དད་དུ་མ་གྲུབ་པ་ཞིག་འབྱུང་བ་དེ་ནི་སེམས་ཀྱི་ངོ་བོ་ཡིན་ཏེ། གོང་དུ་གནས་མཁན་དང་སླར་དེ་ལ་ལྟ་མཁན་གཉིས་ཀ་ཁོ་རང་ཁོ་ན་མ་གཏོགས་གཉིས་སུ་ནམ་ཡང་མེད་དོ། དེ་ལྟར་ལྟ་མཁན་ནམ་གནས་མི་གནས་འགྱུས་མ་འགྱུས་སོགས་ཚོར་མཁན་གྱི་ཤེས་པ་ཧྲིག་གེ་ཡེར་རེ་བ་ཞིག་ཡོད་པ་དེ་ཉིད་ལ་རིག་པ་ཅེས་བྱ་སྟེ། མདོ་སྡེ་དག་ལས། དྲན་དང་ཤེས་བཞིན་ཞེས་པ་དེ་ཡང་དེ་ཉིད་ཡིན་པ་དང་། ཕྱག་རྒྱ་ཆེན་པོ་སོགས་ལས་ནི་དྲན་པ་ཅེས་པའི་མིང་དུ་བཏགས་ལ། ཞི་བྱེད་ཀྱི་མན་ངག་རྣམས་སུ་ནི་ཐུགས་ཕྲད་ཀྱི་ཤེས་པ་ཅེས་ཟེར་བ་སྟེ། མདོར་ན་སེམས་ཀྱི་མཚན་ཉིད་ཉིད་ཇི་ལྟ་བར་ཤེས་པའི་ལྷག་


TR002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གི་ཡེ་ཤེས་ཡིན་པས། སྒོམ་ཉམས་སུ་ལེན་རྒྱུའི་ངོ་བོ་དངོས་ཀྱང་ལྷག་མཐོང་གི་རིག་པ་རྗེན་པ་དེ་ཉིད་ཡིན་གྱི་ཞི་གནས་ཀྱི་ཉམས་སྣང་གནས་ཆ་རྐྱང་པ་ཙམ་ལ་ནི་མ་ཡིན་ནོ། །ལྷག་མཐོང་གི་རིག་པ་རྗེན་པ་དེ་ནི། དཔེར་ན་མཉམ་བཞག་ལ་བསྡད་ཐོག་དེར་གཞན་རྐྱེན་གཟུགས་སྒྲ་སོགས་ཀྱིས་སེམས་བསྐྱེད་པའི་རྐྱེན་མེད་རུང་རྣམ་རྟོག་ཞིག་ལྷག་གིས་ཤར་ཙ་ན་ལྷག་མཐོང་གི་རིག་པ་དེ་ཡོད་ན་རྣམ་རྟོག་གང་སྐྱེས་ཏེ་ངོ་ཡིས་ཙིར་གྱི་ཟིན་ནས། རྣམ་རྟོག་དེ་འཕྲོ་འཐུད་དབང་མེད་པར་སྒོམ་ཐོག་ཏུ་ལྷན་གྱི་འགྲོ་བ་ཡིན་ཞིང་། དྲན་རིག་དེས་མ་ཟིན་ན་རྣམ་རྟོག་གང་སྐྱེས་ཨ་འཐས་ལུ་གུ་རྒྱུད་དུ་འཁྲུལ་ནས་ཉོན་མོངས་འབའ་ཞིག་འཕེལ་བར་འགྱུར་བ་སྟེ། དེས་ན་སྒོམ་ཡོད་མེད་དམ། ཐུགས་དམ་གནད་དུ་སོང་མ་སོང་ནི་སེམས་གང་ཤར་ངོས་མི་ཟིན་


TR002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར་རག་པ་དང་། འཁོར་འདས་ཀྱི་སོ་མཚམས་འདི་གཅིག་པུས་ཀྱང་ཕྱེ་བ་སྟེ། རང་ངོ་རིག་ན་སངས་རྒྱས་མ་རིག་ན་སེམས་ཅན་ཞེས་བྱ་བས་སོ། སྤྱིར་ཡང་སྒོམ་ཆེན་ཕལ་ཆེར་སྒོམ་ཞེས་གནས་གནས་སོ། བཟང་བཟང་པོ། བདེ་དང་གསལ་དང་མི་རྟོག་སོགས་རྒྱུད་ལ་འཆར་བ་ཞིག་འདོད་མཁན་རང་མང་མོད་ཀྱང་། དེ་དག་ནི་ཞེ་འདོད་ཀྱི་རྟོག་པ་ཁོ་ནས་བསླད་པ་ཡིན་ལ། སྒོམ་དངོས་ནི་ཞེ་འདོད་བློས་བྱས་ཡིད་བྱེད་གང་གིས་ཀྱང་མ་བསླད་པའི་ཐ་མལ་ཤེས་རིག་སོ་མ་རང་ངོ་རང་གིས་རིག་པ་ཉིད་དགོས་པ་དང་། དེ་ལྟ་བུའི་རིག་པ་ལྷད་མེད་དེ་ནི་ལྟ་བའི་དོན་དངོས་གཞི་ཡིན་ཕྱིར། དེ་ལས་ལྷག་པའི་ལྟ་བ་ཞེས་གཞན་ཞིག་དགོས་པ་མ་ལགས་སོ། །ལྟ་བའི་དོན་དེ་ཉམས་སུ་ལེན་པ་ནི་སྒོམ་པ། ཉམས་ལེན་དེ་སྤྱོད་ལམ་ཐམས་ཅད་དང་བསྲེ་བ་ནི་སྤྱོད་པ། དེ་དོན་མངོན་དུ་མ་གྱུར་ཚེ་


TR002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མཐར་ཕྱིན་པ་ཡིན་པས་ན། ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་གྲངས་མང་པོ་དང་། གཞན་ཡང་སངས་རྒྱས་ཆོས་དང་ས་ལམ་གྱི་ཡོན་ཏན་མང་པོ་མཐའ་དག་ཀུན་སེམས་ཉིད་དྲི་མེད་ཀྱི་ཐོག་ཏུ་འདུས་པ་ཉིད་ལས་གཞན་མ་མཆིས་ཀྱང་། འདོད་ཞེན་བཟང་འཛིན་རློམ་སེམས་ཀྱིས་མ་བཅིངས་པ་གལ་ཆེ་བས། སེམས་ཉིད་གནས་ན་གནས་མཁན་རང་ངོ་ཤེས་པས། འགྱུ་ན་འགྱུས་པར་ངོ་ཤེས་པ། ཚོགས་དྲུག་གི་སྣང་བ་གང་དང་ཅིར་ཤར་བ་ཐམས་ཅད་ལ་ཡང་ཤར་མཁན་ཁོ་རང་ངོ་ཤེས་ན་འཆར་སྒོ་གང་ལའང་དགག་སྒྲུབ་བྱ་དགོས་པར་གང་ཤར་རང་གྲོལ་དུ་འགྲོ་བ་ཆོས་ཉིད་ལགས། མདོར་སྡུ་ན་གནས་པ་དང་འགྱུ་བ་གཉིས་ཀ་ལ་རང་རིག་པས་ངོས་ཟིན་ན་ནི་གཉིས་ཀ་སྒོམ་གྱི་རང་བཞིན་ལས་མ་འདས་ལ། ངོས་མ་ཟིན་ན་གནས་ཀྱང་དམན་པའི་ཞི་གནས་ཙམ་ཡིན་ཞིང་། འཕྲོ་ན་


TR002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་བག་ཆགས་ལས་མ་འདས་ཚེ་ཆོས་སུ་ནམ་ཡང་མ་སོང་བའི་ཕྱིར། དེས་ན་རྣམ་པ་ཐམས་ཅད་དུ་རང་རིག་རྗེན་ཅེར་རེ། ཧྲིག་གེ ཝལ་ལེ། ཁྱུག་གེ་བ་འདི་མ་བརྗེད་པར་སྐྱོང་བ་ལ་ཉམས་ལེན་གྱི་སྙིང་པོར་བྱའོ། །གལ་ཏེ་ཉོན་མོངས་པ་ཞེ་སྡང་ལྟ་བུ་ཞིག་སྐྱེས་པ་ན། ཞེ་སྡང་ལྷང་ངེ་བ་དེ་ཀའི་ངོ་བོ་ལ་རིག་པ་མདུང་ཚུགས་སུ་གཏད་ནས་ཉམས་སུ་བླངས་པས། ཞེ་སྡང་ཁོ་རང་ཚོ་མི་ཐུབ་པར་གཏད་མེད་དུ་ཕལ་འགྲོ་བ་ལས་གཞན་པའི་ལས་མི་གསོག་པ་ཡིན། དེ་བཞིན་ཉོན་མོངས་དུག་ལྔ་གཞན་རྣམས་ལའང་མཚུངས་ཏེ། གང་སྐྱེས་དེའི་རྗེས་སུ་ཕར་མི་འབྲང་ཞིང་། དེ་སྤོང་བའམ་དགག་པའམ་གཉེན་པོ་གཞན་བསྟེན་པ་སོགས་ཆོས་གཞན་དང་ཐེག་པ་འོག་མའི་ལུགས་ལྟར་བྱ་མི་དགོས་པར། དེ་ཉིད་ཀྱི་རང་ངོ་མ་རིག་པ་ཡེངས་མེད་རྩེ་གཅིག་ཏུ་གཏད་པས། དེ་ཉིད་ཀྱི་རང་ངོ་ལ་རིག་པ་ཡེངས་མེད་རྩེ་གཅིག་ཏུ་གཏད་


TR002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྦ་རླབས་རྒྱ་མཚོར་ཐིམ་པའམ། འཁྱགས་རོམ་ཆུ་ནང་དུ་ཞུ་བ་ལྟར་རང་སར་ཐིམ་ཞིང་གྲོལ་བར་འགྱུར་བ་སྟེ། ཅིའི་ཕྱིར་ན་ཉོན་མོངས་དང་རྣམ་རྟོག་དེ་ཐམས་ཅད་དོན་དམ་པར་རིག་པ་ཁོ་རང་གི་རྩལ་ལས་ཤར་བ་མ་གཏོགས་གཞན་ནས་བྱུང་བ་མ་ཡིན་པས་རང་ངོ་ཤེས་ན་རང་གྲོལ་དུ་འགྱུར་བ་ནི་དཔེར་ན། སྤྲིན་ནམ་མཁའ་ལས་བྱུང་ཞིང་ནམ་མཁར་ཐིམ་པ་བཞིན། ཉོན་མོངས་དུག་ལྔ་རང་བྱུང་རང་གྲོལ་ལམ་དུ་འཁྱེར་བ་འདི་ནི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་གནད་ཁོ་ན་ལགས།། ༈ །།དེ་ལྟ་བུ་རང་སེམས་རང་ངོ་རིག་པའི་ཉམས་ལེན་དང་མ་བྲལ་བའི་ངང་ནས། ནུབ་མོ་གཉིད་དུ་འགྲོ་ཁར་ཡང་རྣམ་པར་རྟོག་པ་ཐ་མལ་འཁྲུལ་འབྱམས་སུ་མི་བྱ་བར། རིག་པ་གསལ་ལེ་ཡེར་རེ་བའི་ངང་གི་འཕྲོ་ལ་གཉིད་དུ་འགྲོ་བ་ལ་སླབ། གཉིད་སད་པའི་ཚེ་དེ་མ་ཐག་རིག་པའི་ངོས་ཟིན་པར་བྱས་ལ། འཁྲུལ་པ་ལུག་རྒྱུད་ཀྱི་


TR002_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པ་འདི་གང་ཐུང་ཐུང་ལ་གོམས་སུ་བཅུག་པ་གལ་ཆེ་བ་དང་།། ༈ །།གནས་སྐབས་ཀྱི་བྱ་བ་ཟ་འཐུང་སྨྲ་བརྗོད་འགྲོ་འདུག་ལ་སོགས་གང་ལ་ཡང་ཨ་འཐས་བདེན་འཛིན་ཞེན་ཆགས་ཀྱིས་བདག་ཏུ་བཟུང་བའི་བློ་ཀད་ཀད་ཁྲིག་ཁྲིག་ཏུ་བྱས་ཀྱང་། གང་ལའང་སྙིང་པོ་མེད་ཅིང་རྟག་མི་ཐུབ་ཕྱིར་དགོས་དོན་སྤུ་ཙམ་མ་མཆིས་པས་ཅི་ལ་ཡང་དངོས་འཛིན་དང་དགའ་མི་དགའ་ཞིམ་མངར། སྐྱིད་སྡུག །ལེགས་ཉེས་བཟང་ངན་སོགས་སུ་འཛིན་པའི་འཁྲུལ་རྟོག་འདི་ཅི་ཆུང་ཅི་ཟད་ཀྱི་ཐབས་ལ་རེམས་དགོས་ཏེ། འཁོར་བར་གཏན་དུ་འཁྱམས་པའི་རྒྱུ་རྐྱེན་ནི་ཆགས་སྡང་གི་རྟོགས་པ་ལ་བདག་འཛིན་ཨ་འཐས་ཀྱི་མཚམས་སྦྱར་ཏེ། མི་བདེན་པ་ལ་བདེན་པར་བཟུང་། མི་རྟག་པ་ལ་རྟག་པར་འཛིན། འདུས་བྱས་སྙིང་པོ་མེད་པ་ལ་སྙིང་པོ་རེ་བས། བདག་གཞན་དགྲ་གཉེན། ཁང་ཁྱིམ། ནོར་རྫས། གཉེན་འཁོར་ལ་སོགས་པའི་ཆེད་དུ་མི་


TR002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགུ་བྱེད་ཀྱི་བསམ་སྦྱོར་འཁྲུལ་པའི་ཡོ་ལངས་སྣ་ཚོགས་པ་ཅིག་བྱས་ཀྱང་། ཡིད་ལ་མེད་པ་གཅིག་ཏུ་འཆི་ནད་ཀྱིས་ཕོག་སྟེ། ཚེ་འདིའི་བྱ་བྱེད་སྔར་བྱས་པ། ད་བྱེད་རྒྱུ་ཐམས་ཅད་ལ་དོན་སྒོ་སྤུ་ཙམ་ཡང་མེད་པར་ཤུལ་དུ་ཅམ་གྱི་བཞག་ནས། རང་སེམས་འདི་གཅིག་བུ་བར་དོའི་ཕྲང་རིང་གཤག་དགོས་པའི་དུས་ཤིག་མྱུར་དུ་འོང་བར་ཐག་ཆོད་པའི་ཚུལ་ཡིད་ལ་བསམ་སྟེ། སྐྱབས་བླ་མ་དཀོན་མཆོག་ལ་ཁ་ཞེ་མེད་པར་བློ་བཀལ་ཞིང་ཕྱག་མཆོད་གསོལ་འདེབས་བྱ། མཁའ་མཉམ་ཕ་མ་སེམས་ཅན་ཀུན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་གནོད་སྤང་ཕན་པ་སྒྲུབས། འཁོར་འདས་ཐམས་ཅད་སེམས་སུ་ཤེས་ཤིང་སེམས་སྟོང་པ་ཉིད་དུ་ཐག་ཆོད་ཀྱང་སྟོང་ཉིད་ཀྱི་རང་མདངས་རྒྱུ་འབྲས་སུ་ཤར་བ་བསླུ་མེད་ཡིན་པས་དགེ་སྡིག་གི་བླངས་དོར་ཞིབ་ཏུ་བྱ། ལྟོ་གོས་དང་འཇིག་རྟེན་འཁྲུལ་པའི་བྱ་བ་ལ་ནི་སུས་ཀྱང་


TR002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དལ་ཁོམས་མི་བརྩི་བར་ལུས་སྲོག་དཀའ་བ་ཁྱད་དུ་བསད་ནས་འབུངས་ནུས་པ་ལ། ཆོས་དང་དགེ་སྦྱོར་ལ་ཁོམས་མི་ཁོམས་བརྩི་ཞིང་ཆད་ལྷག་བསྡོམ་པ་ཙམ་དུ་བྱེད་པ་འདི་འདྲས་ཆོས་གོ་མི་ཆོད་པས། དལ་ཁོམས་སྐྱིད་སྡུག་མི་བརྩི་བར་སྤྲོས་བཅས་སྤྲོས་མེད་ཀྱི་དགེ་སྦྱོར་ལ་སྙིང་རུས་བསྐྱེད། ཉམས་ལེན་གྱི་སྙིང་པོ་ནི། རང་སེམས་འཁྲུལ་འབྱམས་སུ་མ་ཤོར་བར། བཅོས་མའི་སྒོམ་རྒྱུ་མེད་ཀྱང་ཡེངས་སུ་སྐད་ཅིག་ཀྱང་མི་རུང་བས། སེམས་ཉིད་རྗེན་པའི་རང་ངོ་ལྟ་བ་ལ་ཉིན་མཚན་རྟག་ཏུ་འབད། སྤྲོས་བཅས་ཀྱི་དགེ་སྦྱོར་ཕྱག་སྐོར། ཁ་ཏོན་བསྙེན་སྒྲུབ་བཟླས་བརྗོད་ཅི་ལྟ་བུ་ཞིག་བྱེད་ནའང་རིག་པ་མ་ཡེངས་ཙམ་གྱི་ངང་ནས་བྱས་ན། སྐྱེད་རྫོགས་ཟུང་འཇུག་གམ། འདུས་བྱས་འདུས་མ་བྱས་དབྱེར་མེད་དུ་འགྲོ་བའི་གནད་ཀྱིས། ཉམས་ལེན་ལ་གོལ་ས་དང་བར་ཆད་རྐྱེན་བགེགས་ཀྱི་ཡུལ་ལས་འདས་ཤིང་། རྒྱུ་བསོད་ནམས་དང་


TR002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་གོང་འཕེལ་དུ་རྫོགས་ནས། འབྲས་བུ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་ཐོབ་པའི་ཐབས་ཀྱི་མཆོག་ཏུ་འགྱུར་བ་ལགས། དེའི་ཕྱིར་དགེ་བ་ཆེ་ཆུང་གང་དང་ཅི་བྱས་ཀྱི་ཕན་ཡོན་མ་ལུས་མཁའ་ཁྱབ་འགྲོ་ཀུན་བྱང་ཆུབ་ཐོབ་པའི་རྒྱུ་རྐྱེན་ཁོ་ནར་བསྔོ་ཞིང་སྨོན་ལམ་བཟང་པོའི་མཚམས་སྦྱོར་ལ་བརྩོན་པར་བྱའོ།། ༈ །།ནམ་ཞིག་འཆི་བའི་དུས་ལ་བབས་པའི་ཚེ། ཚེ་འདིའི་བྱ་བྱེད་ཀྱི་ལྷག་མའམ། ནོར་རྫས་ཉེ་དུ་སོགས་ལ་ཆགས་ཞེན་གྱི་བློ་ཐག་རྦད་ཀྱི་བཅད་ལ། སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་ལམ་གྱི་གསལ་བཏབ་སྟེ། རྩེ་གཅིག་དད་གདུང་གི་ཡིད་ཀྱི་གསོལ་བ་བཏབ། འཆི་ཁའི་ཐིམ་རིམ་གྱི་ཟུག་ངུ་གནད་གཅོད་སྣ་ཚོགས་པ་དང་། རྟག་དང་དོན་གྱི་འོད་གསལ་གྱི་བྱེ་བྲག་དུ་མ་དང་། བར་དོ་དང་པོ་གཉིས་པ་གསུམ་པའི་


TR002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྣང་སོགས་ངེས་མེད་ཇི་ལྟར་ཤར་ཡང་། ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་ལས་གཞན་གང་ཡང་མ་གྲུབ་པར་གདིང་ཐག་རྩ་བ་ནས་ཆོད་པར་བྱས་ལ། བླ་མ་རང་སེམས་དབྱེར་མེད་པའི་དྲན་རིག་མ་ཡེངས་པ་གཅིག་པུ་ལ་རྩེ་གཅིག་ཏུ་དྲིལ་ནུས་ན། འཆི་ཁ་དང་བར་དོ་སྔ་ཕྱི་ཐམས་ཅད་ཀྱི་གདམ་ངག་ཉམས་ལེན་འདི་གཅིག་པུས་ཆོག་ངེས་ལགས་པས་དགོངས་པའི་དབྱིངས་ཟབ་དམ་པར་ནན་ཏན་དུ་བསྟིམ་ཞིང་བཅགས་པར་མཛད་དུ་གསོལ།། ༈ །།ཨེ་མ་རྒྱལ་བའི་གསུངས་རབ་རྒྱ་མཚོ་མཐའ་དག་ཀུན། སེམས་ཅན་སངས་རྒྱས་བསྒྲུབ་པའི་ཐབས་སུ་གཅིག །དེ་ཡི་ཡང་རྙིང་ངེས་གསང་རྫོགས་པ་ཆེ། །བླ་མེད་ཐེག་པ་ཀུན་གྱི་ཡང་རྩེར་འབར། །ཐུགས་རྗེ་ཀུན་ཁྱབ་འགྲོ་ལ་ཡེ་བཞུགས་ཀྱང་། །ལྷན་སྐྱེས་དྲི་མས་བསྒྲིབས་གང་བསམ་བྱའི་ཕྱིར། ཁྲེག་ཆོད་ཐོད་རྒལ་གདམས་པའི་ཉིན་བྱེད་གསལ། །ཆོས་ཚུལ་འདི་ཡི་ཚིག་དོན་རབ་


TR002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས། །རྒྱུད་ལུང་མན་ངག་བསྟན་བཅོས་དུ་མ་ལས། །རིག་འཛིན་བརྒྱུད་པས་རྒྱ་ཆེར་བསྟན་མཛད་པས། །རྨོངས་རྒན་བདག་འདྲས་བཤད་པས་དགོས་པ་ཅི། །དེ་ལས་ཉམས་ལེན་སྙིང་པོ་ཉུང་བསྡུས་ཤིག །སྨྲ་བར་གྱིས་ཞེས་བཀའ་སྩལ་ཇི་བཞིན་དུ། །མིག་དབང་རྣམ་རིག་ནུས་པ་རྒུད་རྒུད་ན་ཡང་། །ལྷག་བསམ་དཀར་པོས་ཀུན་བླངས་ཕུལ་ལགས་པས། །བསོད་ནམས་སྟོབས་ཀྱི་འབྱོར་པའི་ས་སྐྱོངས་མ། །མཁྱེན་པ་སྤྱན་ཡངས་མངའ་མོད་གུང་ལོས་ལྕིད། །དེ་ཕྱིར་སྙིང་པོའི་ཟབ་བཞེས་དོན་གཉེར་བ། །ལེགས་སོ་རན་ནོ་བརྩོན་པར་མཛད་འཚལ་ལོ། །བཤད་ཚོགས་ལུང་འདྲེན་ཚིག་གིས་འདབས་བརྒྱ་ནི། །བཞད་པའི་སྐབས་མིན་མཛུབ་ཚུགས་བཅུད་དྲིལ་དུ། །ཕུལ་འདིའི་དགེ་ཚོགས་མཐུ་ཡིས་འགྲོ་ཀུན་ཀྱང་། །ངེས་དོན་ལམ་ཞུགས་ཚེ་གཅིག་སངས་རྒྱས་ཤོག །ཅེས་པ་འདི་ནི། གྲུབ་དབང་འགར་གྱི་ཆོས་ཀྱི་རྒྱལ་ཁབ་ཏུ་སེང་གེའི་ཁྲི་


TR002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པའི་གདུང་རིགས་དྲི་མ་མེད་པ་ལས་འཁྲུངས་ཤིང་ལུགས་གཉིས་ཀྱི་མཁྱེན་པའི་པད་ཚལ་རྒྱས་པས་མངའ་འབངས་རྐང་དྲུག་རྣམས་ཀྱི་རེ་གནས་མཆོག་ཏུ་གྱུར་པ་སྐུ་མདུན་དབོན་མོའི་དྲུང་བགྲེས་མོའི་བཞེད་པ་སྐོང་ཕྱིར། རྒན་པོ་མིག་དབང་གི་གསལ་ཞིང་འབྱུང་ཁམས་མ་སྙོམས་བཞིན་དུ་སྙིང་རུས་ཀྱི་གཞོན་པས་དྲངས་ཏེ། ཆོས་དབྱིངས་འོད་གསལ་རྩེ་མོར་ཡི་གེའི་ལམ་དུ་བཀོད་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། ༈ །།རིགས་རུས་ཆོ་འབྲང་ལང་ཚོའི་འབྱོར་སྟོབས་ལ། །མ་ཞེན་དམ་པའི་ཆོས་ཀྱིས་ཐུགས་འཕྲོགས་པ། །རིག་པ་འཛིན་པའི་དབང་མོ་མིང་དོན་དང་། །མཐུན་པའི་སྐལ་བཟང་མ་དེ་ཤིས་གྱུར་ཅིག །དལ་འབྱོར་ཕུན་ཚོགས་ཐོབ་འདི་དོན་ཡོད་དུ། །མཛད་ཕྱིར་འཁོར་བའི་བཙོན་ར་རིང་སྤངས་ཤིང་། །མྱོས་བྱེས་དུག་གི་ཡོ་ལང་རབ་སྤོང་བའི། །དམ་བཅའ་བཟང་པོར་ཡི་རངས་དགེ་རྩའང་བསྔོ། །དམ་པའི་བཤེས་གཉེན་མཆོག་གི་ཟིན་པའི་མཐུས། །ལོག་པའི་ལམ་དུ་འགྲོ་ཉེན་ཆུང་མོད་ཀྱི། །འོན་ཀྱང་ཇི་སྲིད་ལུས་སེམས་འགྲོགས་


TR002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར། །རང་ཚོ་ཆོས་ཀྱིས་ཟིན་ལ་འབད་པར་ཞུ། །སྐྱེས་མཐའ་འཆི་ཞིང་འབྱོར་པའི་མཐའ་རྒུད། །བསགས་མཐའ་ཟད་པ་འདུས་བྱས་ཆོས་ཉིད་ལ། །བློ་སྣ་རིང་བ་གང་ཞིག་འགྱོད་པའི་རྒྱུ། །འཇིག་རྟེན་བློ་རྒྱ་གང་ཆུང་ཆོས་དང་མཐུན། །མི་ཚེའི་ཉི་མ་ལོ་ཟླ་ཞག་གིས་མཛད། །འཆི་བདག་ནམ་མཁའ་ཐོག་ལྟར་ངེས་མེད་འོངས། །ན་སོ་གཞོན་སྙམ་ལེ་ལོ་བྱར་མི་ཁོམས། །ཆོས་ལ་སྙིང་རུས་བསྐྱེད་མཛོད་སྐལ་ལྡན་མ། །སངས་རྒྱས་མངོན་སུམ་བླ་མ་བཞུགས་དུས་འདིར། །བཀའ་ཆོས་བདུད་རྩིའི་ཟིལ་མངར་མ་འཐུང་ན། །གཏན་དུ་མཚན་ལྡན་བླ་མ་བརྙེད་པར་དཀའ། །དེད་དཔོན་འཛོམ་དུས་ནོར་བུ་ལེན་འཚལ་ལགས། །དད་གུས་ཤུགས་བསྐྱེད་གསོལ་བ་རྒྱུན་དུ་གདབ། །མཁའ་མཉམ་ཕ་མའི་ཚོགས་ལ་བྱང་སེམས་སྦྱང་། །དགེ་སྡིག་ཕྲ་ཞིང་ཕྲ་བའང་འདོར་ལེན་རེམ། །རང་རྒྱུད་ཆོས་ཀྱིས་ཐུལ་མཛོད་སྙིང་གཏམ་ལགས། །མི་


TR002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་འཆི་ཁའི་གཏམ་ལ་དོན་སྙིང་ཡོད། །དོན་དེ་ཡལ་བར་མ་འདོར་ཐུགས་ལ་བསྟིམ། །དོན་མཆོག་ཆོས་ཀྱི་ཚིག་གི་འགྲོ་ཀུན་ཀྱང་། །ཞལ་ཁ་དམ་པའི་ཆོས་ལ་འགྱུར་བར་ཤོག །ཅེས་པ་འདི་ནི། མཉམ་པོ་སྒམ་པོ་པའི་གདུང་རིགས་ལས་འཁྲུངས་པའི་སྐུ་མདུན་མ་རིག་འཛིན་དབང་མོས་མྱོས་བྱེད་ཆང་གི་བཏུང་བ་སྤོང་བར་ཞལ་བཞེས་ཀྱི་དམ་བཅའི་ལན་དུ་ཕུལ་བའོ།། ༈ །ཆོས་ཉིད་དོན་ལ་རབ་མོས་པའི། །ཆོས་ཉིད་དབང་མོ་དད་ལྡན་མས། །ཡི་གེ་ལྷ་རྫས་མཚན་གྲངས་བཅས། །ཇི་ལྟར་གནང་བཞིན་ལེགས་སྨིན་ལགས། ཨེ་མ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བདེ་བར་འཁྲུལ་ནས་ཞེན་མཁན་མང་། །སྡུག་བསྔལ་མཚན་ཉིད་ཤེས་ནས་ཀྱང་། །འཁོར་བ་སྤོང་བ་ངོ་མཚར་ཆེ། །མྱོས་བྱེད་ཆང་གིས་དུག་ཆེན་འདིས། །འཕྲལ་ཡུན་འདུན་མ་རླག་བྱེད་པའི། །ཕུང་རྫས་ཡིན་ཀྱང་གོ་མཁན་མེད། །སྤོང་བའི་དམ་བཅའ་རྗེས་ཡི་རངས། །དམ་པའི་ཆོས་ཀྱི་


TR002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཞུགས་ནས། །སྒོ་གསུམ་སྙོམ་ལས་མི་ཁོམས་ཀྱི། །ཐོས་དང་བསམ་དང་སྒོམ་པ་ལ། །ནན་ཏན་མཛོད་ཅིག་ཆོས་ཉིད་མ། །སངས་རྒྱས་དངོས་བྱོན་མཆོག་སྤྲུལ་ཆེ། །ཡིད་བཞིན་ནོར་བུ་རང་གི་གཅེན། །མཚན་ཉིད་ཀུན་ཚང་དགེ་བའི་བཤེས། །ཡོད་དུས་དམ་ཆོས་ཞུ་ལ་རེམས། །ན་སོ་གཞོན་དུས་དབང་པོ་གསལ། །རང་དབང་ཡོད་ཚེ་མ་འབད་ན། །རྒས་ཁོགས་དབང་པོ་འགྲིབས་པའི་ཚེ། །བྱེད་པར་འདོད་ཀྱང་ནུས་པ་མེད། །འཆི་བ་ནམ་ཡོངས་ཆ་མེད་ལ། །ན་སོའི་ངེས་པ་མ་མཆིས་ན། །གཞོན་ཞེས་ལེ་ལོ་མི་རུང་གི །དགེ་སྦྱོར་བརྩོན་མཛོད་ཆོས་ཉིད་མ། །འདི་དང་ཕྱི་མ་བར་དོ་སོགས། །ནམ་དུའང་སྐྱིད་སྡུག་ཅི་བྱུང་ཀྱང་། །བླ་མ་དཀོན་མཆོག་མ་གཏོགས་པ། །རེ་ཡུལ་མེད་དོ་གསོལ་བ་ཐོབ། །འགྲོ་དྲུག་སེམས་ཅན་མཐའ་དག་པ། །སྐྱེ་བ་གཏན་གྱི་ཕ་མ་ཡིན། །ཉེ་རིང་མེད་པར་བྱམས་


TR002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེས། །ཅི་ཕན་བསྒྲུབ་ཅིང་གནོད་འཚེ་སྤང་། །དད་དང་ངེས་འབྱུང་སོ་མ་འདི། །ཡལ་ནས་བློ་དྲེད་འགྲོ་བ་མང་། །མི་ཚེའི་མགོ་འཇུག་འཁྱོལ་བ་ཡི། །ཆོས་མཐུན་མཛོད་ཅིག་སྙིང་གཏམ་ལགས། །ཞེས་སྐུ་མདུན་མ་སྐུ་གཞོན་པ་ལ་ཕུལ་བའོ། །བཟང་པོའི་རྒྱུད་ལས་ལེགས་འཁྲུངས་ཤིང་། །རིན་ཆེན་བླ་མས་རྗེས་བཟུང་བ། །བཟང་པོའི་རིན་ཆེན་མིང་དོན་དང་། །མཐུན་པའི་སྐལ་བ་བཟང་ལྡན་དེས། །སྐྱེས་གནང་ཡི་གེའི་ལན་དོན་པོར། །སྙིང་ལ་བཅགས་པའི་སྙིང་གཏམ་ནི། །བསྲིང་ཞིག་གསུངས་ཞིག་སྲིན་བུའི་རྗེས། །ཇི་ལྟའི་ཡིག་མཆིད་འདི་སྐད་འབུལ། ཁམས་གསུམ་འཁོར་བའི་སྐྱེ་གནས་བཞིར། །སྐྱེས་པའི་ནང་པར་འཆི་བདག་གི། །བདག་ཏུ་མ་བཟུང་སུ་ཡང་མེད། །འཆི་བ་དྲན་མཛོད་སྙིང་གཏམ་ལགས། །ན་སོ་གཞོན་པའི་གདེང་བྲོད་ལ། །འཆི་བས་མི་འཇིགས་མ་ཡིན་གྱི། །རྣམ་གཡེང་ལེ་ལོ་སུས་བྱས་ཕུང་། །ལོང་མེད་དྲན་མཛོད་


TR002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གཏམ་ལགས། །ཆོས་སྒོར་བཞུགས་པ་མང་ལུགས་ལ། །ཚུལ་བཞིན་བྱེད་པ་ཉུང་ལུགས་ཀྱིས། །མཐའ་རུ་ཕྱིན་མཁན་སྲིད་པ་ཙམ། །སྙིང་རུས་བསྐྱེད་མཛོད་སྙིང་གཏམ་ལགས། །བླ་མའི་གཟུགས་བརྙན་རབ་ཏུ་མང་། །མཚན་ལྡན་ཉིན་སྐར་ཤིན་ཏུ་དཀོན། །སངས་རྒྱས་མངོན་སུམ་མཇལ་དུས་འདིར། །དད་དམ་ལྡན་མཛོད་སྙིང་གཏམ་ལགས། །ཐོས་བསམ་སྒོམ་པའི་སྙིང་པོ་དེ། །རང་རྒྱུད་ཐུལ་བ་གལ་ཆེ་ན། །ངར་འཛིན་ཁེངས་རློམ་མ་ཞུགས་པར། །དམན་ས་འཛིན་མཛོད་སྙིང་༴ །སྡོམ་པ་དམ་ཚིག་རྩ་བ་དེ། །ངོས་ལྐོག་མེད་པའི་ཡིད་ཆེས་དགོས། །བཙན་དུག་ལྐོག་ཏུ་ཟ་འདྲ་བའི། །རང་ཕུང་མ་བྱེད་སྙིང་༴ །རང་རྒྱུད་དར་དཀར་ཟབ་མོ་འདི། །གྲོགས་ངན་སྣུམ་གྱིས་གོས་དོགས་ཡོད། །དྲི་མེད་ལྷག་བསམ་དག་པ་ཉིད། །ཆུད་མི་གཟན་མཛོད་སྙིང་༴ །འཇིག་རྟེན་བྱ་བ་ཟར་ཟིར་ལ། །བློ་སྣ་གང་འཇུག་ཕུང་བའི་རྒྱུ། །བློ་ཁ་ནང་དུ་བཟློག་


TR002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། །ཆོས་ལ་དྲིལ་མཛོད་སྙིང་༴ །དམ་ཆོས་སྙིང་པོ་ཕྱག་རྒྱ་ཆེ། །གནས་ལུགས་གདོད་མའི་ཡེ་ཤེས་དེ། །རང་དབང་ཐོབ་པའི་ཉམས་ལེན་ཞིག །མེད་ཐབས་མེད་དོ་སྙིང་གཏམ་ལགས། །རྒན་པོ་འཆི་ཁའི་སྙིང་གཏམ་འདི། །ཚིག་ལ་རྣམ་དཔྱོད་མི་ལྡན་ཡང་། །དོན་ལ་ལྷག་བསམ་བདེན་སྟོབས་ཡོད། །ཐུགས་ལ་འཆོང་མཛོད་ཕན་པ་འབྱུང་། །མིག་དབང་འགྲིབ་པའི་ཡིག་གཟུགས་འདི། །སྤྱན་ལམ་བྲིམས་པའི་རེ་མེད་ཀྱང་། །བཞེད་དོན་བསྐོངས་ཕྱིར་ཕུལ་བའི་དགེ། །མ་ལུས་འགྲོ་བའི་དོན་དུ་བསྔོ། །ཞེས། འཕན་ཡུལ་རྒྱ་མ་ཆོས་མཛད་བཟང་རིན་པར་ཕུལ་བའོ།། ༈ །།སྐྱེ་བ་མང་པོར་གོམས་པའི་བློ་གྲོས་ནི། །དུག་གསུམ་རྒྱུ་འབྲས་ཟུག་རྔུ་འབྱིན་པའི་མཆོག །རྨད་བྱུང་གསོ་བ་རིག་པའི་མཛོད་འཆང་བ། །གཞན་ཕན་བཟང་པོ་སྐུ་ཁམས་སྙོམས་ལགས་སམ། །བདག་ལས་གཞན་ཅེས་བྱང་ཆུབ་སེམས་བཟང་པོས། །འགྲོ་བ་ཕ་མའི་རང་བཞིན་


TR002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པ། །བསྒྲུབ་དེ་རྒྱལ་བའི་སྲས་མཆོག་ཀུན་གྱི་ལམ། །ཡིན་ཕྱིར་གཞན་ཕན་བཟང་པོ་མིང་དོན་མཐུན། །འདི་ན་སྤོང་བ་ལ་མོས་རྒན་པོ་ནི། །མི་ཚེའི་ལྷག་ཟླ་ཞག་འགའ་ཙམ་འདི། །རྒོད་ཚང་དབེན་པའི་ཕུག་པར་སྐྱེལ་སྙམ་ཡང་། །ཀློ་རོང་ས་ཆུ་ལུས་ལ་མ་ཕྲོད་པས། །རྒན་པོ་མཁར་བ་ལ་བརྟེན་ཡར་ལ་འོངས། །གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་གང་ཡང་ཡོད་པ་མིན་མོད་ཀྱང་། །རེ་ཤིག་འབྱུང་ཁམས་སྙོམ་པར་འོང་རེ་བས། །གནས་འདིར་མཆིས་རུང་རྒས་པའི་ནད་དང་འགྲོགས། །སྒྱུ་ལུས་བདེ་བའི་གོ་སྐབས་མི་གདའ་ཡང་། །སྐྱེས་མཐའ་འཆི་ལས་ནམ་ཡང་མི་འདའ་བར། །རྟག་ཏུ་ཡིད་ལ་ངེས་པའི་གནས་སྐབས་ལགས། །སྐལ་བ་བཟང་པོས་གཞན་ལ་ཕན་བརྩོན་ཁྱེད། །དལ་འབྱོར་ཕུན་ཚོགས་དོན་དང་ལྡན་


TR002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དུ། །སྒོ་གསུམ་དགེ་སྦྱོར་བརྩོན་པ་མི་ལྷོད་བཞིན། །སྐྱབས་བྲལ་ཉམས་ཐག་སྡུག་བསྔལ་བསལ་བ་ལ། །སྔར་བཞིན་ལྷག་བསམ་གོ་ཆ་མི་ཉམས་མཛོད། །འདི་ཕྱི་བར་དོ་སྐྱིད་སྡུག་ཅི་བྱུང་ཡང་། །རེ་ས་བླ་མ་ལས་ལྷག་གཞན་མེད་པས། །སྨན་རྒྱལ་པད་འབྱུང་དགུ་་མཉམ་རྡོར་བ། །ཀུན་འདུས་རྩ་བའི་བླ་མ་དྲན་པར་མཛོད། །ཚེ་འདིའི་སྐྱིད་སྡུག་རྨི་ལམ་སྣང་བ་ཙམ། །འདི་ནི་གཡས་ཆུང་དེ་བས་གཏན་འདུན་ཞིག །སྒྲུབ་དུས་ད་རེས་ལགས་ཀྱི་ནམ་དུ་ཡང་། །དམ་ཆོས་རིན་ཆེན་ཡལ་བར་མི་འདོར་བའི། །ཉམས་ལེན་རྒྱུད་ལ་འཁེལ་མཛོད་གཞན་ཕན་བཟང་། །དེ་སྐད་གདམས་པའི་ཡིག་འཕྲེང་བྱིན་རླབས་རྟེན། །ལྷན་ཅིག་ཕྱི་ཐུམས་རྡོ་རྗེའི་རྒྱས་བཏབ་དེ། །ཆོས་དབྱིངས་འོད་གསལ་རྩེ་མོའི་རི་ཁྲོད་ནས། །སྣ་ཚོགས་རང་གྲོལ་རྒན་པོས་ཕུལ་བ་དགེ། །ཅེས་པ་འདི། འཚོ་མཛད་གཞན་ཕན་བཟང་པོ་ལ་གདམས་པའོ།། ༈ །།


TR002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དད་ལྡན་ཆོས་མཛད་ཀུན་དགའ་དབང་རྒྱལ་དགོངས། །དལ་འབྱོར་ཕུན་ཚོགས་ཐོབ་ཀྱང་རྟག་མི་ཐུབ། །ན་ཚོད་འབྱུང་ཁམས་བདེ་ཡང་མྱུར་དུ་རྒུད། །སངས་རྒྱས་བསྟན་དང་སྐྱེ་འགྲོའི་སྤྱོད་ཚུལ་གཟིགས། །དལ་ཁོམས་ལོང་ཡོད་སྡད་པའི་དུས་མ་ལགས། །གཉེན་དང་ཡུལ་འཁོར་ཁང་ཁྱིམ་ནོར་རྫས་དང་། །འཇིག་རྟེན་ཕེར་ཡོང་ཤེས་ཤེས་རྣམས་གྲངས་ལས། །དབེན་པའི་རི་ལ་རང་སེམས་འདུལ་སྐྱོང་དང་། །དགེ་སྦྱོར་བྲེ་གསོག་ཕུལ་གསོག་མཛད་རེ་རན། །འཁོར་བ་ཐོག་མེད་བག་ཆགས་འཁྲུལ་འཁོར་གོམས། །ཚེ་འདིའི་བྱ་བ་བྱས་བཞིན་མང་དུ་འགྲོ། །ཅམ་གྱི་བཞག་ན་འཁྲུལ་པའི་འཁོར་རྒྱུན་ཆད། །འཆི་ཁའི་རྒྱགས་གྲབས་རན་ནོ་ངང་མ་རིང་། །འདི་བྱས་འདི་འོང་བསམ་མནོ་མང་པོ་དང་། །གཞན་གྱིས་དོགས་པ་སློང་བའི་གྲོས་འདེབས་སོགས། །ཐེ་ཚོམ་ཡིད་གཉིས་ཐག་པ་རྦད་ཀྱི་ཆོད། །བློ་རྩེ་ནང་དུ་ཁུག་པའི་དུས་ལ་བབས།


TR002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མི་མེད་བྲག་ཕུག་ལྷ་ཡི་ཁང་བཟང་ཡིན། །སྐྱོ་ཚོ་རྡོར་དཀར་ཟས་དང་སྐོམ་གྱི་རབ། །བེམ་དུགས་བསྟུམ་ནས་གསོལ་འདེབས་ལྷང་ལྷང་སྒྲོགས། །དུས་གསུམ་རྒྱལ་བ་མཉེས་པའི་སྤྱོད་པ་ཡིན། །ནགས་ཁྲོད་དབེན་པར་འཆི་བ་མི་རྟག་སྒོམ། །དོ་ནུབ་ཤི་ཡང་འཚེར་དང་འགྱོད་མེད་ཀྱི། །འདུན་པའི་སྙིང་པོ་བླ་མ་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་གཏོད་དང་བསླུ་བ་མེད། །གཉིད་དང་སྙོམ་ལས་ལོང་གཏམ་རྒྱང་དུ་བསྲིང་། །དགོས་དགོས་བཤོམ་བཤོམ་འཛོམ་ཆའི་ཞེ་འདོད་སྤང་། །སྒོམ་ཆེན་རི་ཁྲོད་འགྲིམ་ནས་ཤི་བ་དེ། །ཆོས་པའི་གཏམ་ལ་སྙན་ནོ་འགྱོད་པ་མེད། །མཁའ་ཁྱབ་སེམས་ཅན་སྙིང་རྗེའི་ཁོངས་སུ་བཅུག །སྐྱབས་སེམས་ཡིག་བརྒྱ་ཚོགས་བསགས་སྒྲིབ་སྦྱོང་འབད། །བླ་མའི་རྣལ་འབྱོར་གསོལ་འདེབས་གདུང་ཤུགས་ལ། །ཉིན་མཚན་རྒྱུན་དུ་བརྩོན་མཛོད་གལ་རེ་ཆེ།། ༈ །།སྒོམ་ཞེས་བཟོ་བཅོས་


TR002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གང་ཡང་མེད། །སེམས་ལ་སེམས་ཀྱི་ལྟ་བ་གཅིག་པུ་ཡིན། །རྣམ་རྟོག་ཅི་ལྟར་ཤར་ཡང་གཡས་མེད་བསྐྱུར། །དགག་སྒྲུབ་རྗེས་འབྲེང་མ་བྱས་ཁོ་ནས་ཆོག །བཟང་པོའི་རྟོག་པ་སྐྱེས་ལ་དགའ་བྲོད་དང་། །ངན་པའི་རྟོག་པར་དགྲ་རུ་ལྟ་བ་སོགས། །སྤང་བླང་བྱས་བཞིན་ཆགས་སྡང་ཇེ་ཆེར་འགྲོ། །གཡས་མེད་འཛིན་མེད་བསྐྱུར་བ་གནད་དུ་ཟབ། །སྤྱོད་ལམ་རྣམ་བཞི་ཚོགས་དྲུག་འཆར་སྣང་རིགས། །གང་ལའང་དེར་འཛིན་ཞེན་པ་མི་བྱ་བར། །ཤེས་རིག་གསལ་ལེ་ཧྲིག་གེ་འདི་ཁོ་ན། །མ་ཡེངས་རང་བབས་སྐྱོང་དང་ནོར་ས་མེད། །ནད་གདོན་བར་ཆད་འགལ་རྐྱེན་བྱེ་བྲག་རིགས། །ཅི་ལྟར་བྱུང་ཡང་དགེ་སྦྱོར་བློས་མི་བཏང་། །ལེགས་ཉེས་མཐའ་དག་སེམས་ཀྱི་འཆར་ཚུལ་ཙམ། །ཡིན་ལ་ཡིན་པར་ཤེས་པའི་ཐག་ཆོད་བྱ། །ཉམས་རྟོགས་ལམ་རྟགས་ཡོན་ཏན་ལྟར་སྣང་


TR002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བ། །འབྱུང་དུ་རེ་ན་རང་སེམས་དུས་ཀྱིས་ཁྱེར། །མོས་གུས་དག་སྣང་སྙིང་རྗེ་ཞེན་ལོག་དང་། །ངེས་འབྱུང་སྐྱེ་བ་གྲུབ་རྟགས་སྙིང་པོ་ཡིན། །འདི་དང་བར་དོ་སྐྱེ་བ་ཕྱི་མ་དང་། །མཐར་ཐུག་བྱང་ཆུབ་མ་ཐོབ་བར་དུ་ཡང་། །བླ་མ་རང་སེམས་དབྱེར་མེད་ཉམས་ལེན་ལས། །གཡེལ་མེད་རྒྱུད་ལ་འབྱོར་མཛོད་སྙིང་གཏམ་ལགས། །ཞེས་པ་འདི་ཡང་བླ་མ་ཆོས་མཛད་ཀུན་དགའ་དབང་རྒྱལ་ལ་ཡང་དག་པའི་གཞན་བསྐུལ་དུ་གདམས་པ་ཨིྀྠ།། ༈ །།དད་པའི་ཡིད་ཅན་སྒམ་པོ་དབང་གི་རྒྱལ། །དལ་འབྱོར་རིན་ཆེན་ཐོབ་པའི་དཀའ་ཚོད་ལ། །འཁོར་བ་སྡུག་བསྔལ་འདམ་ལས་ལེགས་ཐོན་ཏེ། །དམ་པའི་ཆོས་སྒོར་ཞུགས་པ་ངོ་མཚར་ཆེ། །བླ་མ་སངས་རྒྱས་དངོས་ཀྱི་ཞབས་ལ་ཟིན། །བསྟན་པའི་སྙིང་པོ་སྒྲུབ་རྒྱུད་རིན་ཆེན་མཇལ། །གང་ནས་བསམ་ཀྱང་ཕུན་སུམ་ཚོགས་དུས་འདིར། །སྙོམ་ལས་ལེ་ལོར་མ་སྡོད་དགེ་སྦྱོར་འབུངས། །ཚེ་ལ་ངེས་མེད་ནམ་ཡང་འཆི་ཐག་ཆོད། །དེ་ཚེ་དམ་པའི་ཆོས་


TR002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རང་མ་གཏོགས་པ། །སྟོང་གསུམ་ཁ་ལོ་སྒྱུར་ཡང་ཕན་པ་མེད། །མི་རྟགས་ཞེན་ལོག་བསྒོམ་པ་གལ་དུ་ཆེ། །རང་སེམས་འཁོར་འདས་ཀུན་གྱི་བྱེད་པོ་འདི། །རང་དབང་ཐོབ་པའི་ཐབས་ལ་མི་འབད་ན། །ཕེར་ཡོང་རྣམ་རིག་བཀྲ་དང་ཤེས་ཤེས་ཀྱིས། །ཉོན་མོངས་འཁྲུལ་པའི་དགྲ་བོ་གཞོམ་མི་ནུས། །རྒས་ཁར་ལྟོགས་ཀྱི་དོགས་པ་བྱེད་མཁན་མང་། །ཤི་ཁར་ཉམས་ལེན་མེད་དོགས་བྱེད་མཁན་ཉུང་། །ཚེ་གཅིག་བྱང་ཆུབ་སྒྲུབ་ནུས་སུ་ཡང་མེད། །བློ་སྣ་གཅིག་དྲིལ་མཛོད་དང་རང་ལ་ཕན། །ཆོས་བརྒྱད་མགོ་ཁྱེར་མཐོན་པོའི་ཆོས་གཟུགས་རྣམས། །རྐྱེན་ངན་སྣ་རྡོ་ཕོག་ཚེ་བུབས་ཚབས་ཆེ། །རང་རྒྱུད་ཆོས་ཀྱིས་ཐུལ་བའི་སྙོམ་ཆུང་ལ། །དཀོན་མཆོག་བླ་མའི་ཐུགས་རྗེས་བསླུ་བ་མེད། །གསོལ་བ་ཐོབ་དང་བྱིན་རླབས་ཤུགས་ཀྱིས་འབྱུང་། །ཞེན་ལོག་བསྒོམ་དང་འདོད་དགུ་ལྷུན་གྱི་གྲུབ། །དགེ་སྦྱོར་འབུངས་དང་འཆི་ཁར་འགྱོད་འཚེར་བྲལ། །རང་འགོ་


TR002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་འདོན་པ་གལ་རེ་ཆེ། །རྣམ་རྟོག་ཁ་ཡན་མ་བཏང་རང་ངོ་ལྟོས། །ཚོགས་དྲུག་ཞེན་འཛིན་མ་བྱེད་གཏད་མེད་བསྐྱུར། །རིག་པ་རྗེན་པ་སྐྱོང་དང་གོལ་ས་མེད། །རེ་དོགས་བཅོས་མ་མ་བྱེད་ཟབ་གནད་ཡིན། ཁ་བཤད་ཚོག་ཚོགས་ཆེ་བས་དོན་མི་རྟོགས། །བླ་མའི་བྱིན་རླབས་ཞུགས་ན་དཀའ་ཚེག་མེད། །བྱིན་རླབས་དད་པའི་ཤུགས་ལ་རག་ལས་པས། །དད་པས་གསོལ་འདེབས་བརྩོན་མཛོད་གནད་འགག་ཡིན། །སྙིང་གཏམ་གནད་བསྡུས་ཡི་གེར་བཀོད་པ་འདིས། ཁྱེད་ཡིད་དམ་པའི་ཆོས་ཀྱི་སྨིན་ནུས་ཤིང་། །ཚེ་དང་སྒྲུབ་པ་མཉམ་པས་གཏན་འདུན་འགྲུབ། །མཁའ་མཉམ་མ་རྒན་ཐར་ལམ་འགོད་གྱུར་ཅིག །ཅེས། ཆོས་མཛད་སྒམ་པོ་དབང་རྒྱལ་ཞེས་པ་ལ་གདམས་པའོ། །དགེ་ལེགས་འཕེལ།


previousའདིར་རང་གཞན་ལ་བསླབ་བྱ་གྲོས་འདེབས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ལྷག་བསམ་རབ་དཀར་པདྨའི་འཕྲེང་བ།next