སྨིན་བྱེད་དབང་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གནད་དོན་གྱི་དྲི་བ་ལན་དུ་ཕུལ་བ་བསྐལ་བཟང་དགའ་བྱེད་བདུད་རྩིའི་འདོད་འཇོ།
སྨིན་བྱེད་དབང་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གནད་དོན་གྱི་དྲི་བ་ལན་དུ་ཕུལ་བ་བསྐལ་བཟང་དགའ་བྱེད་བདུད་རྩིའི་འདོད་འཇོ་བཞུགས་སོ།།
ན་མོ་གུ་རུ་ས་མཱ་དཱ་ན་ཨ་དྭ་ཡ་བྷྱཿ འགྲོ་ཁམས་གདོད་ནས་བདེར་གཤེགས་སྙིང་པོའི་རྒྱུད། །ལྷུན་གྱི་གྲུབ་ཀྱང་ལྷན་སྐྱེས་ལིང་ཏོག་གིས། ལྷ་དང་བླ་མ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །ལྡོངས་ལ་ཡེ་ཤེས་རང་གསལ་བདེ་བླག་ཏུ། །སྟོན་མཛད་བླ་མ་བདེ་ཆེན་འཁོར་ལོ་མཆོད། །ལུས་ཅན་ཐར་པར་འདྲེན་པའི་ཆོས་ཀྱི་སྒོ། །བསམ་མི་ཁྱབ་ཀྱང་མྱུར་ལམ་ངེས་སྟེར་བ། །གསང་མཆོག་རྡོ་རྗེའི་ཐེག་ལས་གཞན་མེད་ན། །དེ་དོན་བཀའ་མཆིད་གླེང་མོ་འདིར་བགྱིད་དོ།། ༈ །།ཐོས་བསམ་བསྒོམ་པའི་ནུས་བྲལ་རྨོངས་རྒན་ལ། །ཟབ་དོན་
ཇི་བཞིན་སྨྲ་བའི་རྒྱུ་མེད་ཀྱང་། །རྣམ་འདྲེན་མཆོག་ཁྱེད་གཞན་ལ་ཕན་སླད་ཐུགས། །རྣམ་པར་དཀར་བས་དྲིས་ལ་ལན་འདི་འབུལ།། ༈ །།དེ་ཡང་སྐྱེ་བ་ནས་སྐྱེ་བར་དམ་པའི་མཛད་པ་རྨད་དུ་བྱུང་བའི་བསྟན་འགྲོའི་འདོད་སྟེར་གྱི་ནོར་བུར་གྱུར་པའི་ཆོས་ཀྱི་རྗེ་མི་ཕམ་མགོན་པོའི་མཚན་འཆང་བ་གང་ཉིད། ཤེས་བྱའི་ཆོས་རྣམས་ལ་གཟིགས་པ་དྲི་མ་མེད་པའི་སྤྱན་ཡངས་པ་ལ་སོམ་ཉིའི་རབ་རིབ་ཀྱི་མཚན་མས་དབེན་མོད་ཀྱང་། ཕྱི་རབས་ཀྱི་གང་ཟག་དམ་པའི་ཆོས་ལ་ཡིད་འཇུག་པ་དག་ལ་ཕན་
དགོངས་ཀྱི་ཐུགས་ཐབས་ལ་མཁས་པའི་ཕྲིན་ལས་ཀྱི་སྒོ་འཕར་ཕྱེས་ནས། བདག་ལ་གསང་སྔགས་སྨིན་གྲོལ་གཉིས་ཀྱི་གནད་དོན་འགའ་ཞིག་དྲི་བའི་ཚུལ་མཛད་པ་ལ་བརྟེན་ན། རྨོངས་པ་བདག་གིས་གོ་ཚུལ་འོལ་ཚོད་ཀྱི་ཚིག་འགའ་གསོལ་བར་བགྱི་བ། མ་རྟོགས་ལོག་རྟོག་གི་འགལ་འཁྲུལ་མཆིས་ན། ཆོས་དབྱིངས་བསམ་མི་ཁྱབ་པའི་དགོངས་ཀློང་ཟབ་མོར་བཟོད་པར་བཞེས་སུ་གསོལ། དེ་ཡང་ཉིད་ཀྱི་དྲི་ཚིག་ཡོངས་རྫོགས་སུ་འདིར་བཀོད་ན་རྗེས་འཇུག་རྣམས་གོ་བསླ་ཞིང་འབྲེལ་ཆགས་པར་འགྱུར་ནའང་། མི་རྒན་ཡི་གེའི་ཁུར་ལ་འཛེམ་སྟེ་གནད་དོན་འགག་བསྡུས་སུ་བཀོད་ནས་འབུལ་བར་བྱ་བ་ལས། ཐོག་མར་སྨིན་བྱེད་དབང་གི་ངོ་བོ་དང་། ཐོབ་མཚམས་ཀྱི་བྱེ་བྲག་སོགས། རྒྱུད་སྡེའི་ལུང་འདྲེན་དང་བཅས་པ་གནང་ནས་དྲི་བར་མཛད་པའི་ལན་དོན་ལ། སྤྱི་དང་ཁྱད་པར་གཉིས་ལས།། ༈ །།
སྤྱིར་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་ཀྱི་འཇུག་སྒོ་ནི་སྨིན་གྲོལ་གཉིས་ལ་རག་ལས་པ་དང་། དེ་ལས་ཀྱང་ཐོག་མར་སྨིན་བྱེད་ཀྱི་དབང་མ་ཐོབ་པར་རྒྱུད་ལུང་མན་ངག་གི་ཚིག་ཤོ་ལོ་ཀ་ཙམ་ཡང་ཉན་པར་མི་དབང་ཞིང་། འཆད་ཉན་བྱེད་པ་པོ་ལ་བྱིན་རླབས་མི་འབྱུང་བར་མ་ཟད། གསང་སྒྲོག་གི་ལྟུང་བ་སོགས་ཉེས་པ་ཚད་མེད་པ་དང་། གལ་ཏེ་དབང་མ་ཐོབ་བཞིན་དུ་གྲོལ་བྱེད་ཉམས་སུ་ལེན་པར་རློམས་ནའང་། དངོས་གྲུབ་མི་ཐོབ་ཅིང་བར་ཆད་ཀྱི་རྒྱུ་རྐྱེན་དུ་འགྱུར་ཚུལ་སོགས་སྐྱོན་མཐའ་ཡས་པར་གསུངས་ཏེ། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་པི་ཝང་སྦྱར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་གྱུར་པས། །སྔགས་དང་བཏན་གཏན་འགྲུབ་མི་འགྱུར། །ཞེས་སོགས་དང་། །རྡོར་སེམས་སྙིང་གི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་
འགྲུབ་མི་འགྱུར། །དཔེར་ན་གཉན་པ་ལག་སྐྱ་མེད་པས་ནི། །ཆུ་ཡི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། ཞེས་སོགས་དབང་མ་ཐོབ་པའི་སྐྱོན་གྲངས་མེད་པར་གསུངས་པ་དང་།། ༈ །།ཐོབ་པའི་ཕན་ཡོན་ཀྱང་། སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ན། གསང་སྔགས་ཐམས་ཅད་མ་སྒྲུབ་འགྲུབ། ཅེས་དང་། ཀློང་གསལ་གི་རྒྱུད་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད། ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། ཕྱི་མ་མངོན་པར་རྫོགས་སངས་རྒྱ། ཞེས་སོགས་ཀྱི་ལུང་བརྗོད་ལས་འདས་མོད་ཅིང་། དེ་ལྟ་བུའི་དབང་དེ་ཉིད་ཀྱང་རྒྱུའམ་ས་བོན་རང་གི་རྒྱུད་ལ་གདོད་མ་ནས་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། རྐྱེན་བླ་མའི་བྱིན་རླབས་དང་། བརྡའ་ཐབས་ཀྱིས་མངོན་པར་འདུ་བྱེད་པ་ཉིད་དེ་དཔེར་ན། འཁོར་ལོ་བསྒྱུར་བའི་རྒྱལ་པོ་རྒྱལ་སར་དབང་བསྐུར་བར་བྱེད་པ་ལ། གང་ལ་བསྐུར་བ་དེ་རྒྱལ་པོའི་རིགས་མ་ནོར་བ་ཡིན་པ་
ཞིག་དགོས་ལ། དེ་ལྟར་ཡིན་དུ་ཟིན་ཀྱང་རྒྱལ་སར་མ་བཀོད་ཀྱི་རིང་ལ་ནི་རྒྱལ་བུ་ཞེས་བརྗོད་པ་མ་གཏོགས། རྒྱལ་པོར་མི་འགྱུར་ཞིང་། ནམ་ཞིག་རྒྱལ་སྲིད་ལ་དབང་བསྐུར་བ་དེ་ཕྱིན་ཆད་དུ་རྒྱལ་པོ་དངོས་སུ་འགྱུར་བ་དེ་བཞིན་དུ་འདིར་ཡང་སློབ་མའི་ཁམས་རྒྱུད་ལ་དབང་བཞིའི་ས་བོན་ཡེ་ནས་ཡོད་ཀྱང་། དབང་གི་སྨིན་པར་མ་བྱས་ཀྱི་བར་དུ་ཡེ་ཤེས་མངོན་དུ་མི་འགྱུར་ལ། ནམ་སྨིན་གྲོལ་གྱི་ལམ་ལ་ཆུད་ཚེ་རང་རྒྱུད་ཀྱི་ཡེ་ཤེས་མངོན་དུ་འགྱུར་བ་སྟེ། གླང་པོ་ཆུར་འཇུག་གི་རྒྱུད་ཕྱི་མ་ལས། འགྲོ་བའི་སེམས་ཉིད་རང་རིག་འོད་གསལ་དོན། སངས་རྒྱས་མ་བཅོས་ལྷུན་གྲུབ་གནས་པའི་རྒྱུད། །དོན་གསལ་སྨིན་ཅིང་གྲོལ་བའི་ལམ་ཞུགས་ན། །འབྲས་བུ་རང་རྒྱུད་གསལ་བར་མཐོང་བ་ཡིན། །ཞེས་པ་ལྟར་ཡིན་པ་དང་། ༈ དབང་དེ་ཉིད་ལ་ཡང་། ངོ་བོ་དང་། ངེས་ཚིག་དང་
དབྱེ་བ་དང་། དགོས་བྱེད་དང་བཞིས་སྟོན་ཏེ།། ༈ །།དང་པོ་དབང་གི་ངོ་བོ་ནི། །དབང་གི་ཆུ་བོ་བཞི་འདུས་ཀྱི་རྒྱུད་ལས། དག་དང་སྨིན་དང་རྒྱུད་སྦྱོང་དང་། །ཡེ་ཤེས་གཞུག་པར་བྱ་བ་དང་། །བཅུ་གསུམ་རྡོ་རྗེའི་ས་ཐོབ་པའི། །འབྲས་བུ་རྒྱུད་ལ་འཇོག་པ་ཡིན། །ཞེས་པ་ལྟར་རང་ལ་ཡོད་པའི་ཡེ་ཤེས་རང་གསལ་དུ་བྱ་བའི་ཐབས་ཀྱི་རྒྱལ་པོ་ཡིན་ནོ།། ༈ །།ངེས་ཚིག་ནི། རང་གི་སྒོ་གསུམ་བག་ཆགས་འཁྲུལ་ཕྱིར་འབྲང་སྟེ་རང་དབང་མ་ཐོབ་པ་ལས། ཐབས་འདིས་སྐུ་བཞི་དབྱེར་མེད་ཀྱི་གོ་འཕངས་ལ་རང་དབང་ཐོབ་པར་བྱེད་པའི་ཕྱིར་ན་དབང་ཞེས་བརྗོད་པ་སྟེ། འདི་ཉིད་སཾཀྲྀ་ཏའི་སྐད་དུ་ཨ་བྷི་ཥཱིཉྩ། ཞེས་བྱ་ལ། དེ་ཉིད་བོད་སྐད་རང་སོར་བསྒྱུར་ན། དྲི་མ་བཀྲུ་བ་ཞེས་བྱ་བར་འགྱུར་བ་སྟེ། དབང་བཞིའི་ནུས་པས་ལུས། ངག ཡིད་དང་། ཤེས་བྱའི་སྒྲིབ་པའི་དྲི་མ་བཀྲུ་བས་ན་དེ་ལྟར་དུ་བརྗོད་
པ་དང་། ཡང་། ཨ་བྷི་ཥེ་ཀ་ཏ་ཞེས་སྐལ་བ་འཇོག་པ་ལ་འཇུག་སྟེ། སྐལ་བ་གང་ལྟར་འཇོག་ན། བུམ་དབང་གི་ལུས་ལྷར་སྒོམ་པའི་སྐལ་བ་འཇོག་དེ་བཞིན་དུ་གསང་བའི་དབང་གི་རྩ་རླུང་སྒོམ་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་བདེ་སྟོང་ལྷན་སྐྱེས་དང་། ཚིག་དབང་རིན་པོ་ཆེས་ཟུང་འཇུག་བློ་འདས་བསྒོམ་པའི་སྐལ་བ་འཇོག་པའི་ཕྱིར་དེ་སྐད་བརྗོད་པའོ། །ཡང་། ཨ་བྷི་སིདྡྷི་ཞེས་གྲུབ་པའམ་སྨིན་པ་ལ་འཇུག་སྟེ། གང་ལྟར་སྨིན་ན། བུམ་དབང་གི་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་རུ་སྨིན་པར་བྱེད་པ་དང་། གསང་དབང་གིས་ངག་རླུང་འབྱུང་འཇུག་གནས་གསུམ་ཐམས་ཅད་སྔགས་ཀྱི་རང་བཞིན་དུ་སྨིན་པ་དང་། ཤེར་དབང་གིས་ཁམས་ཐིག་ལེ་བདེ་བ་ཆེན་པོར་དང་། ཚོར་བ་མཐའ་དག་ལྷན་སྐྱེས་ཡེ་ཤེས་སུ་སྨིན་པ་དང་། ཚིག་དབང་གིས་སྣང་སྲིད་དག་
པ་རབ་འབྱམས་ཆོས་སྐུ་ཁྱབ་གདལ་ཆེན་པོར་སྨིན་པར་བྱེད་པའི་ཕྱིར། དབང་གི་སྒྲ་དོན་ནི་དེ་ལྟ་བུའོ།། ༈ །།དབྱེ་བ་ནི། སྤྱིར་རྒྱུད་རྡོའི་རིམ་པའི་ཁྱད་ཀྱིས་དབང་གི་ཚུལ་ཡང་ཐ་དད་པ་ནི། ཡེ་ཤེས་ཐིག་ལེར། ཆུ་ཡེས་དབུ་མར་དབུ་བརྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། ཞེས་གསུངས་པ་བཞིན། བྱ་རྒྱུད་ལས་ཆུ་ཅོད་པན་དང་། རིག་གཏད་སོགས་ཀྱི་སྣོད་རུང་དུ་བྱེད་ལ། སྤྱོད་རྒྱུད་དུ་དེའི་ཁར་རྡོར་དྲིལ་མིང་དང་བཅས་པས་རིག་པའི་དབང་ལྔ་དང་། རྣལ་འབྱོར་རྒྱུད་དུ། དེ་སྟེང་ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་ངམ། རྡོ་རྗེའི་བརྟུལ་ཞུགས་གྲུབ་པའི་དབང་དང་བཅས་པ་བསྐུར་བའི་ཚུལ་ནི་གསང་སྔགས་གསར་རྙིང་སྤྱི་མཐུན་ཡིན་ལ།། ༈ །།ཁྱད་པར་གསང་སྔགས་ནང་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལས། དབང་
བཞི་ཡོངས་རྫོགས་སུ་བསྐུར་བའི་ཚུལ་ཡང་བཀའ་གསར་རྙིང་ཁྱད་མེད་ནའང་། བཞི་པོ་དེའི་ནང་བསེས་ཀྱི་དབྱེ་བ་མི་འདྲ་བ་དུ་མར་གསུངས་ཏེ། གསར་མ་ལྟར་ན། བདེ་དགྱེས་གསང་གསུམ་སོགས་ནི་ཕལ་ཆེར་མཐུན་མོད་ཀྱང་།། ༈ །།དུས་འཁོར་ལྟར་ན། དང་པོར་ཁམས་ལྔའི་དྲི་མ་འཁྲུད་ཅིང་ཡུམ་ལྔའི་དངོས་གྲུབ་བསྒྲུབ་པ་དང་། ས་དང་པོ་ཐོབ་བྱེད་དུ་བུམ་ཆུའི་དབང་དང་། ཕུང་པོ་ལྔའི་དྲི་མ་སྦྱོང་ཞིང་སངས་རྒྱས་ལྔ་བསྒྲུབས་པ་དང་། ས་གཉིས་པ་ཐོབ་བྱེད་ཅོད་པན་གྱི་དབང་སྟེ། ལུས་ཀྱི་སྒྲིབ་པ་སྦྱོང་ཞིང་སྐུ་རྡོ་རྗེ་ཐོབ་པའི་ས་བོན་འཇོག་བྱེད་ཀྱི་དབང་གཉིས། དེ་བཞིན་དུ་རླུང་བཅུའི་དྲི་མ་སྦྱོང་ཞིང་། ནུས་མ་བཅུའི་དངོས་གྲུབ་དང་། ས་གསུམ་པ་ཐོབ་བྱེད་དར་དཔྱང་གི་དབང་དང་། རྩ་རོ་རྐྱང་གི་དྲི་མ་སྦྱོང་ཞིང་། གཙོ་བོ་ཡབ་ཡུམ་གྱི་དངོས་གྲུབ་དང་། ས་བཞི་པ་ཐོབ་བྱེད་
རྡོར་དྲིལ་གྱི་དབང་དང་གཉིས་ཀྱི་ངག་སྒྲིབ་དག་ཅིང་གསུང་རྡོ་རྗེའི་ས་བོན་རྒྱུད་ལ་འཇོག་བྱེད་གཉིས། ཚོགས་བརྒྱད་དབང་པོ་ཡུལ་བཅས་ཀྱི་དྲི་མ་སྦྱོང་ཞིང་། སེམས་དཔའ་སེམས་མའི་དངོས་གྲུབ་དང་། ས་ལྔ་པ་ཐོབ་བྱེད་བརྟུལ་ཞུགས་ཀྱི་དབང་དང་། ལས་དང་བྱ་བའི་དྲི་མ་སྦྱོང་ཞིང་ཁྲོ་བོ་ཁྲོ་མོའི་དངོས་གྲུབ་དང་། ས་དྲུག་པ་ཐོབ་བྱེད་མིང་གི་དབང་དང་གཉིས་ཀྱིས་ཡིད་སྒྲིབ་དག་ཅིང་། ཐུགས་རྡོ་རྗེའི་གོ་འཕང་ཐོབ་པའི་ནུས་པ་འཇོག །རྗེས་གནང་མཐའ་རྟེན་དང་བཅས་པས་ནི་ཡེ་ཤེས་ཀྱི་ཁམས་ལ་སྒྲིབ་བྱེད་ཀྱི་དྲི་མ་སྦྱོང་ཞིང་། རིགས་བདག་རྡོར་སེམས་ཡབ་ཡུམ་ཀྱི་དངོས་གྲུབ་དང་། ས་བདུན་པ་ཐོབ་ཅིང་། འབྲས་བུ་ཡེ་ཤེས་རྡོ་རྗེའི་གོ་འཕང་ལ་སྦྱོར་བ་སྟེ། དེ་ལྟར་བདུན་པོ་འདི་ལ་བྱིས་པ་འཇུག་པའི་དབང་བདུན་དུ་གྲགས་ཤིང་། འདི་དག་ཐོབ་པའི་རྟེན་གྱི་གང་ཟག་དེ་ནི་སྔགས་ཀྱི་དགེ་གཉེན་དུ་འགྱུར་བར་གསུངས་ལ།།
༈ །།དེ་ནས་བུམ་དབང་གི་ས་བརྒྱད་པ་ཐོབ་བྱེད་ཀྱི་ནུས་པ་འཇོག་ཅིང་། སྔགས་ཀྱི་དགེ་ཚུལ་དུ་འགྱུར་བ་དང་། གསང་དབང་གིས་ས་དགུ་པ་ཐོབ་ཅིང་སྔགས་ཀྱི་དགེ་སློང་དུ་འགྱུར་བ་དང་། ཤེར་དབང་གིས་ས་བཅུ་དང་བཅུ་གཅིག དབང་བཞི་པས་ས་བཅུ་གཉིས་པ་དང་། སྐྱེས་དགུའི་བདག་པོ་ཆེན་པོར་འགྱུར་བ་སོགས། དེ་ལྟར་རིམ་པ་འདྲེན་ཚུལ་དེ་བཞིན་གསུངས་མོད་ལ།། ༈ །།རྒྱུད་སྡེ་གཞན་རྣམས་སུ་ནི་བུམ་དབང་ལ་རིག་པའི་དབང་ལྔ། དེ་མཐར་བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་གྱི་དབང་དང་། །དེ་ནས་གསང་བ་ཤེས་རབ་ཡེ་ཤེས། ཚིག་དབང་རྣམས་རིམ་པ་ལྟར་དབྱེ་བར་མཛད་པའི་ལུགས་མང་བ་དང་།། ༈ །།གསང་སྔགས་རྙིང་མ་ལྟར་ན། དབང་གི་དབྱེ་ཚུལ་གཉིས་ཡིན་ཏེ། བྱུང་ཚུལ་དང་སྒོ་བསྟུན་ནས་དབང་གི་ཚུབ་བཞིར་དབྱེ་བ་དང་། བསྐུར་ཚུལ་དང་བསྟུན་ནས་དབང་གི་རིམ་པ་བཞིར་དབྱེ་
བ་སྟེ།། ༈ །།སྔ་མ་ནི། བཀའ་པུ་སྟི་གླེགས་བམ་གྱི་དབང་དང་། ཡི་དམ་ལྷའི་དབང་དང་། མཁས་པ་པཎྜི་ཏའི་དབང་དང་། རིག་པ་རྩལ་གྱི་དབང་དང་བཞིར་བཤད་ལ།། ༈ །།ཕྱི་མ་དབང་བཞིའི་རིམ་པ་ནི་བུམ་གསང་ཤེར་ཡེ་ཚིག་དབང་དང་བཞི་ལ། སོ་སོའི་ནང་ཚན་གྱི་དབྱེ་ཚུལ་ནི། དེ་ཡང་ཞི་ཁྲོ་སྒྱུ་འཕྲུལ་བསྐོར་གྱི་གཞུང་ལུགས་ལྟ་བུའི་དབང་དུ་བགྱི་ན།། ༈ །།དབུ་རྒྱན་ཅོད་པན་འཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབུ་མར་བྱ། །ཞེས་པས། ཕྱི་ཕན་པའི་དབང་བཅུ།། ༈ །།དེ་ནས་འཆད་པ་དང་། ཉན་པ་དང་། བསྒྲུབ་པ་དང་། ཕྲིན་ལས་སྣ་ཚོགས་པ་དང་། རྡོ་རྗེ་སློབ་དཔོན་དུ་བྱེད་པར་ནུས་པ་དང་བཅས་པས། ནང་ནུས་པའི་དབང་ལྔ་སྟེ། དེ་ལྟར་བཅོ་ལྔ་པོ་འདི་བུམ་དབང་གི་ནང་ཚན་ཡིན་ལ།། ༈ །།དེ་རྗེས་གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབྱེར་
མེད་བདེ་བ་ཆེན་པོའི་དབང་དང་གསུམ་ལ་གསང་བ་ཟབ་མོའི་དབང་གསུམ་ཞེས་བྱ་སྟེ། དེ་ལྟར་ཡོངས་དྲིལ་བཅོ་བརྒྱད་དུ་དབྱེ་བ་དང་། ༈ ཡང་བདེར་གཤེགས་སྙིང་པོ་སྒྲུབ་པ་བཀའ་བརྒྱད་ཀྱི་གཞུང་ལྟར་ན། ཁྱད་པར་ཡེ་ཤེས་ཀྱི་དབང་དང་། ཐུན་མོང་ཐུགས་རྗེའི་དབང་གཉིས་ཀྱི། དང་པོ་ལ།། ༈ །།ཕྱི་མཚོན་བྱེད་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བྱ་སྤྱོད་ཡར་ལྡན་གྱི་དབང་རིམ་བརྒྱད།། ༈ །།ནང་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ལ་བརྟེན་ནས་མ་ཧཱ་ཨ་ནུ་བྱིན་རློབས་ཡོངས་རྫོགས་ཀྱི་དབང་རིམ་དགུ།། ༈ །།གསང་བ་ཡབ་ཡུམ་ཟུང་འཇུག་ལ་བརྟེན་ནས་བྱང་སེམས་ཡོངས་རྫོགས་ས་ལམ་མྱུར་བསྒྲོད་ཀྱི་དབང་རིམ་གསུམ།། ༈ །།ཡང་གསང་དེ་ཁོ་ན་ཉིད་རང་རིག་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྒྱལ་ཐབས་སྤྱི་བླུགས་ཨ་ཏི་ཡོངས་རྫོགས་ཀྱི་དབང་རིམ་དྲུག་སྟེ། དེ་ལྟར་ཡེ་ཤེས་ཀྱི་དབང་ཉེར་དྲུག། ༈ །།ཐུན་
མོང་ཐུགས་རྗེའི་དབང་ལ། བཀའ་རབ་འབྱམས་ནུས་པའི་དབང་རིམ་བརྒྱད་དང་། ཕན་པའི་དབང་རིམ་ལྔ་སྟེ་བཅུ་གསུམ། དེ་ལྟར་རྣམ་གྲངས་སྤྱི་བསྡོམས་སུ་སུམ་ཅུ་སོ་དགུ་ལ། ནང་བསེས་ཕྲ་མོར་ཕྱེས་ན་དབང་གི་རྣམ་གྲངས་ཉིས་བརྒྱ་དང་སོ་བདུན་དུ་ཡོད་པའི་དབྱེ་ཚུལ་དང་།། ༈ །།ཡང་བླ་མ་དགོངས་པ་འདུས་པའི་ཆོས་སྐོར་གྱི་དབང་ཆོག་སྨིན་བྱེད་སྙིང་གི་མེ་ལོང་གི་གཞུང་ལྟར་ན།། ༈ །།ཕྱི་བུམ་པའི་དབང་ལ། རིག་པའི་དབང་ལྔ་དང་། འདི་མཐའ་རྟེན་ལྔ་སྟེ་བཅུ་དང་།། ༈ །།ནང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བརྒྱ་དང་བཅུ་བདུན།། ༈ །།གསང་བ་རྡོ་རྗེ་སློབ་དཔོན་གྱི་དབང་སོ་བཞི།། ༈ །།ཡོན་ཏན་རིན་པོ་ཆེ་དངོས་གྲུབ་མཆོད་རྫས་ཀྱི་དབང་ཉེར་ལྔ།། ༈ །།ཕྲིན་ལས་འགྲོ་འདུལ་བཀའ་ཉན་ལས་བྱེད་ཀྱི་དབང་ཉེར་གཅིག། ༈ །།ཡོངས་སུ་རྫོགས་པ་བཀའ་གཏད་རྗེས་གནང་གི་དབང་བདུན་ཏེ། དེ་དག་སྤྱིར་དྲིལ་བ་ཉིས་བརྒྱ་དང་བཅུ་གསུམ་དབྱེ་
བ་དང་།། ༈ །།ཡང་། རྙིང་ལུགས་ཀྱི་དབང་ཐམས་ཅད་ཀྱི་གཙོ་བོ། ཐེག་པ་རིམ་པ་དགུའི་སྤྱི་དབང་དུ་གྱུར་པ། འདུས་པ་མདོ་དབང་ཆེན་མོའི་ལུགས་ལྟར་ན།། ༈ །།ཐོག་མར་སྔོན་འགྲོ་སྡིག་སྒྲིབ་སྦྱོང་བྱེད་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་ལ་ཕྱག་རྡོར་དང་། རྡོར་སེམས་དབྱེར་མེད་གཙོ་འཁོར་བཅུ་གསུམ་པའི་སྒོ་ནས་མཆོག་དབང་ཆེན་མོ་བཅུ་དྲུག། ༈ །།དེ་ནས་མཐོ་རིས་ལྷ་མིའི་ཐེག་པ་ལ་དཀྱིལ་འཁོར་བཅུ་གཅིག་ཞལ་ཕྱེ་ཞིང་དབང་བརྒྱ་དང་ཉེར་གསུམ།། ༈ །།ཉན་ཐོས་ཀྱི་ཐེག་པར་དཀྱིལ་འཁོར་ལྔ་དང་དབང་སུམ་ཅུ་སོ་དགུ།། ༈ །།རང་རྒྱལ་གྱི་ཐེག་པ་ལ་དཀྱིལ་འཁོར་བཞི་དང་། དབང་བཞི་བཅུ་ཞེ་ལྔ།། ༈ །།བྱང་སེམས་སྨོན་འཇུག་ཐེག་པ་ལ་དཀྱིལ་འཁོར་བཅུ་དང་། དབང་ལྔ་བཅུ་ང་གསུམ།། ༈ །།ཀྲྀ་ཡའི་ཐེག་པ་ལ་དཀྱིལ་འཁོར་དྲུག་དང་། དབང་དྲུག་ཅུ་རྩ་གཉིས། ཨུ་པ་ཡའི་ཐེག་པར་དཀྱིལ་འཁོར་གཅིག་དང་། དབང་ཉི་ཤུ་རྩ་བརྒྱད།། ༈ །།ཡོ་གའི་ཐེག་པ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྒོ་སྦྲག་གཉིས་པ་
དབང་དགུ་བཅུ་རྩ་དགུ།། ༈ །།དེ་ནས་གསང་སྔགས་བླ་མེད་མ་ཧཱ་ཡོ་གིའི་ཐེག་པ་ལ་ཞི་ཁྲོ་གཉིས་ལས། ཞི་བ་ལ་དཀྱིལ་འཁོར་དྲུག་དང་། དབང་གི་རྣམ་གྲངས་སུམ་བརྒྱ་དྲུག་ཅུ་རྩ་གཉིས། ཁྲོ་བོ་ལ་ཡང་དཀྱིལ་འཁོར་དྲུག་དང་། དབང་དྲུག་བརྒྱ་བཞི་བཅུ།། ༈ །།ལུང་ཨ་ནུ་ཡོ་གའི་ཐེག་པ་ལ་དཀྱིལ་འཁོར་སྒྲག་བཅུ་གཅིག་པ་དང་། དབང་གི་རྣམ་གྲངས་བརྒྱད་བརྒྱ་དང་ལྔ་ཅུ་རྩ་ལྔ།། ༈ །།རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་དཀྱིལ་འཁོར་གཅིག་དང་། རིག་པའི་རྩལ་དབང་བཅོ་བརྒྱད།། ༈ །།དེ་དག་ཀུན་གྱི་མཐའ་རྟེན་དངོས་གྲུབ་ཚེ་དབང་ཆེན་མོ་ལ་དཀྱིལ་འཁོར་གཅིག་དང་། དབང་ལྔ་ཅུ་རྩ་བརྒྱད་དང་བཅས་པ་སྟེ། མདོར་ན། འདུས་པ་ཆེན་པོའི་དཀྱིལ་འཁོར་སྒོ་སྦྲགས་རྣམས་སོ་སོར་མ་བརྩིས་པའི་སྤྱི་སྡོམས་སུ། རྡུལ་ཚོན་གྱི་དཀྱིལ་འཁོར་ལྔ་བཅུ་རྩ་བཞི། ཆ་གསུམ་གྱི་དཀྱིལ་འཁོར་དང་ལྔ་བཅུ་རྩ་ལྔ་ལ། ལྷ་གྲངས་སྟོང་དང་དགུ་བརྒྱ་དང་བརྒྱད་ཅུ་ཐམས་པ་བཞུགས་ཤིང་། དབང་གི་རྣམ་
གྲངས་ཡོངས་དྲིལ་ཉིས་སྟོང་དང་བཞི་བརྒྱ་བཞི་བཅུ་ཐམས་པ་ཕྱག་བཞེས་སུ་གཏན་ལ་འབེབས་པ་ཡོད་པ་སྟེ།། ༈ །།དེ་ལྟར་གསང་སྔགས་གསར་རྙིང་གཉིས་ཀའི་དབང་གི་རྣམ་གྲངས་འདི་དག་ནི་དབང་བཞིའི་ནང་ཚན་ཁོ་ནའི་དབྱེ་གྲངས་ཡིན་གྱི། སྔོན་འགྲོ་སྟ་གོན་གྱི་ལས་རིམ་དང་། དངོས་བཞི་བསྒྲུབ་མཆོད་དང་། །རྗེས་མཐའ་རྒྱས་ཀྱི་ལས་རིམ་སོགས་ཡོངས་སུ་རྫོགས་པའི་ས་བཅད་ཀྱི་རྐང་གྲངས་ནི་མ་ཡིན་ཏེ། ས་བཅད་དེ་དག་གི་རྣམ་གྲངས་ནི་གསར་རྙིང་སོ་སོའི་དབང་གཞུང་རེ་རེ་ལ་ཡང་རྒྱས་བསྡུས་ཀྱི་བྱེ་བྲག་མཐའ་ཡས་མོད་ཅིང་། ལར་ཆོས་བཀའ་རེ་རེ་ལ་ཡང་དབང་ཆེན་དབང་ཕྲན་བསམ་གྱིས་མི་ཁྱབ་པར་མཆིས་ན་བགྲངས་ཀྱི་ག་ལ་ལངས་ཏེ། མདོར་བསྡུ་ན། གསང་སྔགས་བླ་མེད་ཀྱི་སྨིན་བྱེད་མཐའ་དག་བུམ་གསང་ཤེར་ཡེ་ཚིག་
དབང་དང་བཞི་པོ་ཉིད་ལ་མ་འདུས་པ་ནི་གང་ཡང་མ་མཆིས་སོ།། ༈ །།སྐབས་འདིར་འཕྲོད་དོན་ལ། གསང་སྔགས་སྔ་འགྱུར་གྱི་དབང་གཞུང་རྣམས་སུ་ཉན་ཐོས་རང་རྒྱལ་གྱི་དབང་སོགས་ཐེག་པ་མཐོ་དམན་ཐམས་ཅད་ཀྱི་དབང་བསྐུར་འདི་དག་ལ། གསར་མའི་མཁས་པ་མང་པོས་དགག་པ་དུ་མ་མཛད་པ་བྱུང་མོད་ཀྱི། སྤྱིར་ནི་གསང་སྔགས་མ་གཏོགས་མདོ་འདུལ་སོགས་ལས་དབང་བསྐུར་མི་འབྱུང་ནའང་། འདིར་ནི་སྔགས་ལམ་དུ་ཆོས་ཐམས་ཅད་ཀྱི་གཞུང་ལམ་ཚང་ཞིང་འདུ་བར་སྟོན་པའི་སྐབས་ཡིན་ཏེ། རྟེན་གྱི་གང་ཟག་དབང་རྣོན་གཅིག་ཆར་བ་དག་ལ་ནི་སྔགས་ཀྱི་ཉེ་ལམ་འབའ་ཞིག་གི་ཆོག་ནའང་། གཞན་རིམ་གྱིས་ས་རྣམས་ཐེག་པ་མས་འཛེག་གི་གི་རིམ་པས་ཁྲིད་ཐབས་ཡིན་ཏེ། བརྟག་གཉིས་ལས་ཀྱང་། དང་པོར་གསོ་སྦྱོང་སྦྱིན་པར་བྱ། དེ་རྗེས་བྱེ་བྲག་སྨྲ་བ་བསྟན། མདོ་སྡེ་པ་ཡང་དེ་བཞིན་ནོ། །ཞེས་ཉན་ཐོས་
དང་། དེ་རྗེས་རྣལ་འབྱོར་སྤྱོད་པ་བསྟན། ཞེས་ཐེག་ཆེན་དབུ་མ་སོགས་དང་། དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། ཞེས་སྔགས་དངོས་ཏེ། དེ་ལྟར་རིམ་ཅན་དུ་སྟོན་ཚུལ་གསུངས་པ་དང་དགོངས་པ་མཐུན་ཞིང་། གཞན་ཡང་དབང་ཆོག་ཕལ་ཆེར་གྱི་སྡོམ་བཟུང་གི་སྐབས་སུའང་། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། ཞེས་སོགས་དང་། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །ཞེས་པ་རྣམས་དོན་གྱི་དགོངས་གཅིག་པ་ལས། གནས་སྐབས་ཀྱི་ལས་རིམ་རྒྱས་བསྡུས་ཙམ་དུ་སྣང་ལ་འདི་ལྟར་ཐོབ་པའི་གང་ཟག་དེ་ཉིད་འདུལ་བ། རང་རྐང་གི་དགེ་ཚུལ་སློང་གི་ཐ་སྙད་ནི་མ་ཡིན་མོད་ཀྱང་། སྔགས་ཀྱི་སྡོམས་པ་གསུམ་ལྡན་ཚང་ཚུལ་ནི། གོང་དུ་དུས་འཁོར་གྱི་དབང་གི་རིམ་པ་དེ་ཉིད་ཁོ་ནས་གོ་བར་འགྱུར་ལ། ཡང་ཐེག་པའི་རྒྱུད་ཐ་དད་ཀྱི་དཀྱིལ་འཁོར་
དང་དབང་གི་རྣམ་གྲངས་སོ་སོའི་རང་ལུགས་ལྟར་མ་བྱས་ན། ཐམས་ཅད་བླ་མེད་ཁོ་ནའི་ལུགས་ལྟར་བྱ་བ་མི་འཐད་སྙམ་ན། ཐེག་རིམ་དང་རྒྱུད་སྡེའི་རིམ་པ་གང་ཡང་འོག་མ་ལ་གོང་མ་འདུ་བར་མི་སྲིད་ཅིང་། གོང་མ་ལ་འོག་མ་ཐམས་ཅད་འདུ་བ་ནི་དཔེར་ན། བློན་པོའི་འོག་ཏུ་རྒྱལ་པོ་མི་འདུ་ལ། རྒྱལ་པོའི་འོག་ཏུ་བློན་པོ་འདུ་བ་ལྟ་བུ་སྟེ། ཐེག་ཆེན་བླ་མེད་ཀྱི་ཁོངས་སུ་འོག་མ་ཐམས་ཅད་ཡོངས་རྫོགས་སུ་འདུ་བ་ཆོས་ཉིད་དོ། །འོན་ཀྱང་གསར་མའི་དབང་རྡོ་རྗེ་འཕྲེང་བ་སོགས་ལ། རྒྱུད་སྡེ་ཐ་དད་དུ་མ་ཕྱེ་བར་གཅིག་ཤེས་ཀུན་གྲོལ་དུ་བསྐུར་བའི་ལུགས་དང་། རྒྱུད་སྡེ་སོ་སོར་ཕྱེས་ཏེ་ཐ་དད་ཀྱི་ལུགས་བཞིན་བསྐུར་བ་སྟེ། དེ་ལྟར་ཕྱག་བཞེས་སོ་སོར་ཡོད་པ་བཞིན། རྙིང་མའི་ཐེག་པ་རིམ་དགུའི་དབང་འདི་དག་ལ་ཡང་། བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་གི་སྟེང་ནས་གཞན་རྣམས་ཡོངས་རྫོགས་སུ་བསྐུར་ཐབས་དང་། རྒྱུད་སྡེ་
སོ་སོར་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཐ་དད་ཀྱི་ལུགས་ལྟར་བསྐུར་བ་སྟེ། ཕྱག་བཞེས་གཉིས་ལྡན་དུ་ཡོད་ཅིང་གང་ལྟར་ཡང་ཡོ་ག་རྣམས་གསུམ་གྱི་རྒྱུད་སྡེ་དུ་མའི་དགོངས་པ་ཇི་ལྟ་བར། པདྨ་འབྱུང་གནས་ལ་སོགས་རིག་འཛིན་པཎ་གྲུབ་དམ་པ་རྣམས་ཀྱི་ཕྱག་བཞེས་དྲི་མ་མེད་པ་མ་གཏོགས། རྙིང་རུལ་གྱི་སྔགས་གཟུགས་བུ་སྨད་ཕ་རྒན་ནད་དག་གིས་རང་བཟོའི་རྫུན་ཆོས་སུ་བྱས་པ་ནི་མ་ཡིན་ནོ། །ཞེས་སྐབས་ཀྱི་འཕྲོས་དོན་དུ་གླེངས་པའོ།། ༈ །།དེ་ནས་གོང་གི་འཕྲོར། དེ་ལྟར་དབང་གི་དབྱེ་བ་བཞི་ཁོ་ནར་འབྱུང་བའི་རྒྱུ་མཚན་ནི་དེ་བཞིའི་དགོས་བྱེད་གང་ཡིན་ཞེ་ན། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱང་འབྲས་རྣམས་ཀྱི་སྒོ་ནས་སྟོན་ཏེ། དེ་ཡང་འགྲོ་བའི་ཕུང་ཁམས་སྣོད་བཅུད་རྣམས་བུམ་དབང་གི་སྦྱང་གཞི་ཡིན་ལ། ངག་རླུང་དང་ཡི་གེར་གནས་པ་ནི་གསང་དབང་གི་སྦྱང་གཞི་དང་། ཁམས་ཐིག་
ལེ་བདེ་ཆེན་དུ་གནས་པ་ཤེར་དབང་གི་དང་། སེམས་ཉིད་ཡེ་ནས་ཆོས་སྐུར་གནས་པ་ཚིག་དབང་གི་སྟེ། དེ་ལྟར་རྒྱུའི་གཞི་རང་ལ་ལྷུན་གྲུབ་ཏུ་བཞི་པོ་དེར་གནས་པའི་ཕྱིར་དང་།། ༈ །།འོ་ན་དེ་དག་ཡེ་ནས་རང་ལ་ལྷུན་གྱི་གྲུབ་པར་ཡོད་ན་དབང་བཞི་པོ་བསྐུར་ག་ལ་དགོས་སྙམ་ན། རྒྱུའམ། ས་བོན་ནམ། གཞི་དེ་ལྟར་གནས་པ་དེ་དག་སྒྲིབ་པར་བྱེད་པའི་འཁྲུལ་པའི་བག་ཆགས་སྦྱང་བྱ་བཞི་ཡོད་དེ། ལུས་སྣོད་བཅུད་ཐ་མལ་ཨ་འཐས་སུ་འཛིན་པའི་འཁྲུལ་པ་དང་། ངག་ཐ་མལ་དུ་འཛིན་པ་དང་། ཡིད་ཐ་མལ་འཁྲུལ་འཛིན་དང་། སྒོ་གསུམ་ཐ་དད་དུ་འཛིན་པའི་བག་ཆགས་རྣམས་ཏེ། དེ་བཞི་སྦྱོང་བྱེད་ནི་དབང་བཞིར་རག་ལུས་པའི་ཕྱིར་དང་། དེ་ལ་ཡང་སྤང་བྱའི་འདོད་ཆགས་བཞི་སྟེ། ལྟ་རྒོད། ལག་བཅངས། འཁྱུད་པ་སྟེ་བཞི་སྤོང་བ་དང་།། ༈ །།སྒྲུབ་བྱེད་ཕྱག་རྒྱ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་
ཆོས་ཀྱི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་བཞི་མངོན་དུ་བྱེད་པ་དང་།། ༈ །།ཉམས་དགའ་བ་བཞི་སྟེ། དགའ་བའི་ཡེ་ཤེས། མཆོག་དགའི་ཡེ་ཤེས། དགའ་བྲལ་གྱི་ཡེ་ཤེས། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་དང་བཞི་ཉམས་སུ་མྱོང་བ་དང་།། ༈ །།དཀྱིལ་འཁོར་བཞི་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར། ཡབ་ཡུམ་ལུས་དཀྱིལ། གསང་བའི་པདྨ། རང་རིག་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཞི་བསྐུར་ཞིང་ཐོབ་པ་དང་།། ༈ །།ཉམས་ལེན་བཞིས། ལྷའི་བསྐྱེད་རིམ། རྩ་རླུང་དང་བཟླས་བརྗོད། ཐིག་ལེའི་མྱུར་ལམ། ཕྱག་རྫོགས་ཀྱི་གྲོལ་ལམ་རྣམས་ཉམས་སུ་ལེན་པར་དབང་ཞིང་ལས་སུ་རུང་བ།། ༈ །།རྟོགས་བྱའི་ལྟ་བ་བཞི་སྟེ། སེམས་ཙམ། དབུ་མ་གསང་སྔགས་ཕྱག་རྫོགས་རྣམས་ཀྱི་ལྟ་བ་རྟོགས་པར་འགྱུར་བ་དང་།། ༈ །།འབྲས་བུ་སྐུ་བཞི་སྟེ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་རྣམས་འགྲུབ་པར་འགྱུར་བ་དང་། ༈ གཞན་དོན་ཕྲིན་ལས་བཞི་
སྟེ། ཞི་བ། རྒྱས་པ། དབང་། དྲག་པོའི་ཕྲིན་ལས་ལ་མངའ་བརྙེས་པ་སོགས། དེ་ལྟར་དབང་བཞི་པོའི་དགོས་ཆེད་དང་སྐབས་དོན་ནི་དེ་དག་ཏུ་འདུ་ལ་ཕན་ཡོན་གྱི་དགོས་པ་ནི་བསམ་གྱི་མི་ཁྱབ་སྟེ། ཇི་སྐད་དུ། མཁའ་འགྲོ་གསང་མཛོད་ལས། མ་སྨིན་སྨིན་བྱེད་དབང་རྣམས་ལེགས་ཐོབ་སྐྱེས་བུས་དམ་ཚིག་ལ་གནས་ན། །དེས་ནི་གནས་སྐབས་དངོས་གྲུབ་ཀུན་འགྲུབ་མཐར་ཐུག་འབྲས་བུ་སྐུ་གསུམ་ཐོབ་པར་འགྱུར། །ཞེས་སོགས་རྒྱུད་སྡེ་རྣམས་ལས་བརྗོད་ཀྱི་མི་ལང་བར་གསུངས་པ་དང་།། ༈ །།དབང་སྲོག་ནི་དམ་ཚིག་ལ་འདུས་ཕྱིར། དེའི་རིམ་པ་ཡང་རྒྱས་པར་ནི་གོང་དུ་བཤད་པའི་ཐེག་པ་རིམ་དགུ་ཡོངས་རྫོགས་ཀྱི་དབང་གི་སྐབས་ཚོར་ནི་མདོ་སྔགས་གཉིས་ཀའི་བསླབ་སྡོམ་གྱི་རྣམས་གྲངས་མཐའ་དག་དང་། གཞན་སྔགས་ལུགས་འབའ་ཤིག་ལའང་། གསར་རྙིང་གཉིས་ཐ་དད་ལྟར་ན། གསར་མའི་ལུགས་ལ་རྒྱུད་སྡེ་བཞི་སོ་སོའི་རྩ་ལྟུང་གི་གྲངས་ངེས་དུས་འཁོར་སོགས་ནས་གསུངས་པ་རྣམས་དང་།
བླ་མེད་སྤྱི་ལ་ནི་བརྟུལ་ཞུགས་ཉེ་ལྔ། རིགས་ལྔའི་དམ་ཚིག །རྩ་ལྟུང་བཞི། ཡན་ལག་གི་ལྟུང་བ་བརྒྱད་སོགས་གསུངས་པ་ཐམས་ཅད་དང་།། ༈ །།རྙིང་ལུགས་ལྟར་ན། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་ཕྱི་ནང་གསང་བ་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བདུན་ཡན་ལག་གི་དམ་ཚིག་ཉེར་ལྔ། ཕྲ་མོར་བདག་དོན་ཉེར་གཅིག་དང་། གཞན་དོན་ཞེ་བཞི་སོགས་དང་། རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་བཞི་ནམ་ཡང་གསང་རྫོགས་པ་ཆེན་པོའི་ཁྱད་པར་གྱི་དམ་ཚིག་སྟེ། མདོར་ན། བཀའ་གསར་རྙིང་གི་རྒྱུད་འགྲེལ་རྣམས་ལས། མེད་པའི་དམ་ཚིག ཕྱལ་པའི་དམ་ཚིག གཅིག་པུའི་དམ་ཚིག ལྷུན་གྲུབ་ཀྱི་དམ་ཚིག་དང་བཞིའོ། གསུངས་པ་ཐམས་ཅད་མ་ཉམས་པར་ཚུལ་བཞིན་བསྲུང་དགོས་མོད་ཀྱི།། ༈ །།ཁྱད་པར་འདི་སྐབས་སུ་དབང་བཞི་སོ་སོའི་མཉམ་རྗེས་བཟའ་བཅང་བསྲུང་བའི་དམ་ཚིག་རྣམས་དམིགས་གསལ་དུ་བརྗོད་ན།། ༈ །།བུམ་དབང་ཐོབ་ནས་
དེའི་མཉམ་བཞག་གི་དམ་ཚིག་ཏུ་བསྐྱེད་རིམ་བསྒོམ་པ། རྗེས་ཐོབ་ཀྱི་དམ་ཚིག་ཏུ་སྒོ་གསུམ་ཐ་མལ་དུ་མི་འཁྲུལ་བར། ལྷའི་འདུ་ཤེས་དང་མ་བྲལ་བ། བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱོད་པ། བཅང་བའི་དམ་ཚིག་ཏུ་རྡོར་དྲིལ་མཚན་ཉིད་དང་ལྡན་པ་འཆང་བ། བསྲུང་བའི་དམ་ཚིག་ཏུ་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་བལྟ་ཞིང་ལོག་ལྟ་སྤོང་བ་རྣམས་མ་ཉམས་པར་བྱ་བ་དང་། དེ་བཞིན་དུ། གསང་དབང་གི་མཉམ་བཞག་གི་དམ་ཚིག་གཏུམ་མོ་བསྒོམ་པ་རྗེས་ཐོབ་ཀྱི་དམ་ཚིག་གི་ཨ་ཐུང་གི་མེ་མ་བརྗོད་པ། བཟའ་བའི་དམ་ཚིག་གི་བཟའ་བཏུང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་རླབས་ཏེ་རོལ་བ། བཅང་བའི་དམ་ཚིག་ཞག་རེར་རླུང་ཁ་སྦྱོར་ཉེར་གཅིག་སོགས་མ་ཆགས་པ། བསྲུང་བའི་དམ་ཚིག་ཁམས་བྱང་སེམས་མ་ཉམས་པ་རྣམས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་མཉམ་བཞག་གི་དམ་ཚིག །དངོས་སམ་ཡིད་ཀྱི་ཕྱག་རྒྱ་བསྟེན་པ། རྗེས་ཐོབ་
ཀྱི་དམ་ཚིག་བདེ་ཆེན་གྱི་ཉམས་དང་མི་འབྲལ་བ། བཟའ་བའི་དམ་ཚིག་སྙོམ་འཇུག་གི་ཚུལ་དུ་རོལ་བ། བཅང་བའི་དམ་ཚིག་ཀུནྡྷ་བྱང་སེམས་ལ་གཅེས་སྤྲས་བྱ་བ། བསྲུང་བའི་དམ་ཚིག་ཤེས་རབ་རང་བཞིན་མོ་རིག་ལ་ལོག་ལྟ་སྤོང་བ་དང་།། ༈ །།དབྱེར་མེད་བདེ་ཆེན་ཚིག་དབང་རིན་པོ་ཆེའི་མཉམ་བཞག་གི་དམ་ཚིག་ཟུང་འཇུག་བློ་འདས་ཀྱི་དོན་བསྒོམ་པ། རྗེས་ཐོབ་ཡོངས་འཁྲུལ་དུ་མ་ཤོར་བར་ཟུང་འཇུག་གི་ཉམས་དང་མ་བྲལ་བ། བཟའ་བའི་དམ་ཚིག་ཆོས་ཉིད་ལ་ཆོས་ཉིད་རོལ་བ། བཅང་བའི་དམ་ཚིག་དུས་རྟག་ཏུ་ལྟ་སྒོམ་གྱི་གནད་ལས་མ་གཡོས་པར་བྱ་བ་དང་། བསྲུང་བའི་དམ་ཚིག་གང་ཤར་ལ་དགག་སྒྲུབ་ཞེན་འཛིན་གྱིས་མི་བསླད་པ་སྟེ། དེ་ལྟར་དབང་བཞི་ལམ་དུ་ཁྱེར་བའི་དམ་ཚིག་འདི་དག་སྐད་ཅིག་ཀྱང་མ་ཉམས་པར་བསྲུང་ན། གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་རྫོགས་སུ་རང་གི་རྒྱུད་ལ་སྤུངས་པ་ལྟར་འབྱུང་བས། མྱུར་དུ་སྐུ་བཞིའི་
འབྲས་བུ་མངོན་དུ་འགྱུར་བར་དོན་མི་ཟ་བ་དང་། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་མཐའ་དག་འབད་མེད་ལྷུན་གྲུབ་ཆེན་པོར་འབྱུང་བར་གསུངས་སོ།། ༈ །།དེ་ལྟར་འདི་ཡན་ཆད་ཀྱི་དབང་བཞིའི་སྤྱི་བཤད་བརྡའ་ཚོན་འདི་དག །སྐུ་ཉིད་ལྟ་བུ་ནི་ཆོས་ཀྱི་མཛོད་ལ་མངའ་དབང་འབྱོར་ཚེ་ཚུལ་འདི་དག་སྙན་དུ་གསོལ་བ་ནི་སྤྱན་རས་གཟིགས་ལ་ཡིག་དྲུག་སློབ་པའི་དཔེ་ལྟར་འགྱུར་བར་ཟད་ལ། ཆོས་ལུགས་གཞན་གྱི་གང་ཟག་མཁས་གྲུབ་རྣམས་ནི་རྨོངས་པ་བདག་འདྲའི་བླུན་ཚིག་ཡིག་འཁྱར་འདི་དག་ལ་དགོངས་པ་གཏད་མཁན་ག་ནས་འོང་ཚེ་རང་ཉིད་ཡི་གེའི་ལས་སུ་ཆེ་མོད་ཀྱི།། ༈ །།འོན་ཀྱང་རང་ཕྱོགས་ཀྱི་གྲྭ་སློབ་ཏུ་མིང་བཏགས་པའི་སེར་གཟུགས་སྔགས་ལམ་དུ་ཞུགས་པར་མཁས་འཆེ་ཡང་སྔགས་ཀྱི་ཆོས་ཚུལ་ཤོ་ལོ་ཀ་གཅིག་གི་གོ་གཞི་ཡང་མ་འཇགས་པ་རྣམས་གཏི་མུག་གི་གཉིད་ལས་སློང་རྐྱེན་ཙམ་དུ་གྱུར་ན་ཅི་མ་རུང་བསམ་
ནས་སྐབས་འདིར་བྲིས་པ་ལགས།། ༈ །།ད་ནི་ཁྱད་པར་དུ། སྐུ་ཉིད་ཀྱིས་དོན་དམ་པའི་དབང་གི་ཐོབ་མཚམས་ཀྱི་དྲི་བ་དང་། ཞར་ལ་དབང་གསུམ་པར་སྙད་བཏགས་ནས་བསྟན་པའི་ཞབས་འདྲེན་པ་རྣམས་ཀྱི་སྣང་ཚུལ་དང་བཅས་པ་ཞིབ་རྒྱས་སུ་སྩལ་བའི་ལན་དུ། རང་ཉིད་ཀྱིས་ཇི་ལྟར་གོ་ཚུལ་འགག་བསྡུས་སུ་འབུལ་ཏེ།། ༈ །།དེ་ཡང་སྤྱིར་བསྟན་པ་རིན་པོ་ཆེ་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པར་འདོད་པའི་གང་ཟག་སྙིང་ཐག་པ་ནས་བྱང་ཆུབ་ཐོབ་འདོད་ཀྱི་ངེས་འབྱུང་གི་བསམ་པ་དང་ལྡན་པ་ཞིག་གིས། བླ་མའི་ཟོལ་དང་བདུད་ཀྱི་བསླུ་མཁན་མ་ཡིན་པར། དགེ་བའི་བཤེས་གཉེན་མཚན་ལྡན་ཞིག་ལ། གཡོ་ཟོལ་མེད་པའི་གུས་པ་དང་། སངས་རྒྱས་སུ་ཐག་ཆོད་པའི་དད་པས་བཏུགས་ཏེ། བླ་མས་ཀྱང་བརྙེད་བཀུར་ལ་ལྟ་བ་སོགས་མ་ཡིན་པའི་ལྷག་བསམ་
གྱིས་རྗེས་སུ་བཟུང་ནས་བློ་རིགས་དང་མཐུན་པར་ལམ་དུ་ཁྲིད་ཅིང་། སྣོད་དུ་རུང་ཞིང་དུས་ལ་བབས་པ་ན།། ༈ །།ཐོག་མར་བུམ་དབང་ལ་དཀྱིལ་འཁོར་དང་ཆོ་གའི་ལས་རིམ་སོགས་རྒྱས་ཀྱང་རུང་བསྡུས་ཀྱང་རུང་སྟེ། གཙོ་བོར་སློབ་མ་དེ་ཉིད་སྣོད་བཅུད་ཕྱི་ནང་ཕྲ་རགས་ཀུན་ལ་ཐ་མལ་ཨ་འཐས་ཀྱི་བག་ཆགས་འཁྲུལ་ཞེན་འདི་ཞི་ཐུབ་པའི་ཐབས་ཁོ་ན་ནན་ཏན་དུ་བྱས་ཏེ་བུམ་དབང་བསྐུར་ཞིང་ངོ་སྤྲད། སློབ་མ་དེ་ཡང་ཁ་ཙམ་ཚིག་ཙམ་མིན་པར་བླ་མས་ཇི་ལྟར་གསུང་པ་བཞིན་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀྱི་བསྡུས་པའི་བརྟན་གཡོའི་དངོས་པོ་མཐའ་དག་ལྷའི་དཀྱིལ་འཁོར་འབའ་ཞིག་ཡེ་གདོད་མ་ནས་ཀྱང་ཡིན་ལ། ད་ལྟ་ཡང་བླ་མ་དང་གདམས་ངག་གི་དྲིན་ལས་བློ་བུར་འཁྲུལ་པའི་སྒྲིབ་བྱེད་སངས་ཏེ། ཕྱི་སྣོད་གཞལ་ཡས་དང་ནང་བཅུད་ལྷའི་དཀྱིལ་འཁོར་ཡིན་པའི་ཡིན་ཚུལ་གོ་ཞིང་། ཁྱད་པར་
དུ་རིག་པའི་དབང་ལྔ་བསྐུར་བས། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། དུག་ལྔ་ཡེ་ཤེས་ལྔ་སོགས་བཟོད་མ་ནས་རང་ལ་རང་ཆས་སུ་གནས་ཚུལ་ཇི་ལྟ་བར་ཤེས་ཤིང་རྟོག་པ་ལ་བུམ་དབང་ཐོབ་པ་ཅེས་བྱ་བ་སྟེ། བུམ་དབང་གི་དབང་དོན་ནི་དེར་འདུས་ཏེ། དོན་དུ་ཕྱི་ནང་སྣོད་བཅུད་ཀུན་ལ་ཐ་མལ་ཨ་འཐས་ཀྱི་ལས་སྣང་དག་ཐུབ་པ་ཞིག་དགོས་ཚེ། དེའི་ཐབས་དང་རྟེན་འབྲེལ་ལ་དགོངས་ནས། དབང་ཆོག་རྣམས་ལས་ཡེ་ཤེས་དབབ་པའི་སྐབས་སོགས་སུ། གཟུགས་ཐ་མལ་གྱི་ཞེན་རྟོག་དགག་པའི་ཕྱིར་མིག་དར་བཅིངས། སྒྲ་ཐ་མལ་གྱི་ཞེན་རྟོག་དགག་ཕྱིར་རོལ་མོ་སྒྲག །དྲི་ཐ་མལ་པ་དགག་ཕྱིར་སྤོས་དང་གུ་གུལ་སོགས་ཡེ་ཤེས་འབེབ་པའི་རྫས་སྦྱོར་གྱི་དུ་བས་བདུག །རོའི་འཛིན་རྟོག་དགག་ཕྱིར་བྱིན་གྱིས་བརླབས་པའི་བདུད་རྩིས་ཁུར་བ་བཀང་། རེག་བྱའི་འཛིན་
རྟོག་དགག་ཕྱིར་ལུས་རྣམ་སྣང་ཆོས་བདུན་ནམ། རྡོ་རྗེའི་འདུག་སྟངས་སོགས་ཀྱི་འཁྲུལ་འཁོར་བཅའ། ཡིད་ཀྱི་འཁྲུལ་ཞེན་དགག་པའི་ཕྱིར་ཏིང་འཛིན་དམིགས་པའི་སྤྲོ་བསྡུ་རྣམས་གསལ་བཏབ་ཅིང་། སློབ་དཔོན་གྱིས་ཀྱང་ཏིང་འཛིན་བརྟན་པོས་བྱིན་དབབ་པའི་མཐུས། སློབ་མའི་སྒོ་གསུམ་ཐ་མལ་འཁྲུལ་པའི་སྣང་བ་འདི་དར་ཅིག་འགགས་ནས། རབ་ལ་རང་བྱུང་ལྷན་སྐྱེས་ཀྱི་ཡེ་ཤེས་སྒྲིབ་བྲལ་དུ་འཆར། འབྲིང་དག་སྣང་མོས་གུས་གདུང་ཤུགས་བཟོད་མེད་དུ་སྐྱེ་ཞིང་ཉམས་འབར་བའི་རྣམ་འགྱུར་སྟོན། ཐ་མ་རྣམས་ཀྱང་སྣང་བ་ཟིན་བུན་ནེ་བ་ཙམ་འབྱུང་ཐུབ་པ་ཞིག་ངེས་པར་དགོས་པས་ན། དེ་ལྟར་ཏིང་ངེ་འཛིན་དང་ཐབས་ཀྱི་བྱེ་བྲག་དེ་ལྟ་བུས་སློབ་མའི་རྒྱུད་ལ་དབང་དོན་གྱི་ཡེ་ཤེས་བསྐྱེད་ཅིང་། སྐྱེད་པ་དེ་ཉིད་ངོ་སྤྲད་ནས་བརྟན་པར་བྱ་ཕྱིར་དབང་རྒྱས་བཏབ་སྟེ། དེ་དོན་ལས་མི་འདའ་བར་བྱེད་པ་ཡིན་
ལ། དེ་སྐབས་དབང་དོན་ཇི་ལྟ་བ་རྒྱུད་ལ་སྐྱེས་ན། ཀུན་རྫོབ་ཀྱི་དབང་རྫས་རྣམས་མགོར་བཞག་ཀྱང་རུང་མ་བཞག་ཀྱང་རུང་སྟེ། དོན་གྱི་དབང་ལེགས་པར་ཐོབ་པ་ཡིན་པ་དང་། བུམ་དབང་གི་དོན་དེ་བཞིན་རྟོགས་ན། དེའི་གྲོལ་ལམ་བསྐྱེད་རིམ་ཡང་ཀུན་བརྟགས་བློས་བྱས་ཀྱི་བསྐྱེད་སྒོམ་ལ་མ་ལྟོས་ཤིང་དབྱིབས་དང་ཁ་དོག་ལ་ལྷར་འཛིན་པའི་བཟང་ཞེན་ལས་གྲོལ་ཏེ། སྣང་སྲིད་དག་པ་རབ་འབྱམས་སུ་ངང་གི་ཤར་བས། བདག་གཞན། དགྲ་གཉེན། ལེགས་ཉེས་སོགས་ཀྱི་ཆགས་སྡང་ཐམས་ཅད་རང་སར་གྲོལ་བ་ཞིག་འབྱུང་མོད་ཀྱི།། ༈ །།དབང་དོན་འདི་བཞིན་མ་ཤེས་ཕྱིན་ཆད། དཀྱིལ་འཁོར་གྱིས་ཡུལ་ཁམས་ཁེངས་པར་བཤམས་ནས། བུམ་སོགས་ཀྱི་དབང་རྫས་ཁྲི་འབུམ་མང་པོ་མགོར་བཞག་ཅིང་། བུམ་ཆུས་འཁྱེར་ཐུབ་པ་ཙམ་དུ་སྦྱིན་ཡང་། སློབ་མའི་རྒྱུད་ནི་སྔར་ཐ་མལ་པའི་འཇིག་རྟེན་
གྱི་འཁྲུལ་འཛིན་གྲྭ་མ་ཉམས་པ་དེ་ཀར་ལུས་པ་ལས་འོས་མེད་ཅིང་། བུམ་དབང་ཙམ་གྱི་དབང་དོན་རྒྱུད་ལ་མ་སྐྱེས་ན། དབང་གོང་མ་རྣམས་བསྐུར་བའི་ཡུལ་དུ་ཡང་མི་རུང་ཞིང་སླར་ཡང་མི་གཤིས། དེ་ལྟ་བུ་དག་ལ་སྨིན་བྱེད་ཀྱི་ས་བོན་མ་ཐེབས་པར་གྲོལ་བྱེད་ཀྱི་ལོ་འབྲས་འབྱུང་རྒྱུ་ག་ལ་འོང་ཚེ། དཔོན་སློབ་གཉིས་ཀ་དོན་མེད་ཀྱི་ལས་སུ་ཟད་ལ། སྟབས་ཉེས་ན་གསང་སྔགས་གསང་སྒྲོག་གི་ཉེས་ལྟུང་དང་བཀའ་ཆད་ཀྱི་རྒྱུ་རྐྱེན་ལས་མ་མཆིས་སོ།། ༈ །།དེ་བས་ན་དེ་ལྟ་བུ་མ་ཡིན་པར། དཔོན་སློབ་སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམ་པས། བུམ་དབང་གི་ལུས་སྨིན་ཏེ་ཕུང་པོ་དང་རྩ་ཁམས་དག་ཅིང་དུག་ལྔ་ཡེ་ཤེས་སུ་ཤར་བའི་མཐུས། གསང་དབང་གི་སྣོད་དུ་རུང་བར་གྱུར་པ་དེ་ལ། བླ་མ་ཡབ་ཡུམ་ཀྱི་ལུས་དཀྱིལ་ལ་བརྟེན་ནས་གསང་རྫས་ལྕེ་ལ་བཞག་
ཅིང་དབང་དོན་ངོ་སྤྲད་པས། ངག་ཐ་མལ་གྱི་འཁྲུལ་ཞེན་དག་ནས། གསུང་རྡོ་རྗེ་ལྷུན་གྲུབ་ཏུ་ཡེ་ནས་ཡིན་ཚུལ་རྟོགས་ཚེ། སྒྲ་གྲགས་ཐ་དག་སྔགས་ཀྱི་འཁོར་ལོ་ཤེས་ཤིང་། བཟླས་བརྗོད་སྤྲོ་བསྡུ་དང་། རྡོར་བཟླས་འགོག་བཟླས་སོགས་གང་ལའང་རང་དབང་ཐོབ། གཏུམ་མོ་འབར་འཛག་ཐིག་ལེ་ཞུ་བཏུལ་དབབ་བསྐྱིལ་བཟློག་དགྲམ་ལ་གོམས་པས་མངོན་དུ་གྱུར་པས་ཤེར་དབང་གི་སྣོད་རུང་དུ་གྱུར་པ་དེ་ལ། དངོས་བསམ་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བཞི་མངོན་སུམ་དུ་འཆར་ཞིང་ཉམས་སུ་མྱོང་དུ་བཅུག་ལ་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ངོ་སྤྲད་པས། དེས་མཚོན་ནས་བདེ་སྡུག་ཚ་གྲངས་འཇམ་རྩུབ་དགའ་མི་དགའ་ཆགས་སྡང་ལ་སོགས་སེམས་ཀྱི་རྟོགས་ཚོགས་མཐའ་དག་ཀྱང་ལྷན་སྐྱེས་ཡེ་ཤེས་སུ་རོ་གཅིག་པར་རྟོགས་ནས་དབང་གསུམ་པའི་དོན་ཇི་བཞིན་རྒྱུད་ལ་སྐྱེས་པས། ཡིད་ཐུགས་རྡོ་རྗེའི་ངོ་བོ་ཡིན་
པའི་ཡིན་ལུགས་རིག་ཚེ་ཚིག་དབང་གི་སྣོད་རུང་དུ་གྱུར་པ་དེ་ལ། དབང་ཐམས་ཅད་ཀྱི་རྒྱལ་པོ་བདེ་བ་ཆེན་པོའི་དབང་ངམ། ཚིག་དབང་རིན་པོ་ཆེའམ་རྫོགས་ཆེན་རྣམས་སུ་ནི་རིག་པའི་རྩལ་དབང་ཞེས་པའི་མིང་དུ་བརྗོད་པ་དེ་ཉིད་ཚུལ་བཞིན་ངོ་སྤྲད་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་བཞི་དབྱེར་མེད་ཡེ་ཤེས་རྡོ་རྗེ་རང་རིག་གཉུག་མ་མ་བཅོས་ལྷུན་གྲུབ་ཁྱབ་གདལ་ཆེན་པོར་ངོ་ཤེས། ཐག་ཆོད་ལ་བཟློས་ཏེ་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ་སོགས་མདོར་ན་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་གནད་དོན་རྗེན་ པ་ད་ལྟའི་ཐ་མལ་གྱིས་ཤེས་པའི་ཐོག་ཏུ་ཧྲིལ་གྱི ་འདུས་པའི་དོན་མངོན་སུམ་བདེ་བླག་ཏུ་རྟོགས་ནས། རེ་དོག་གཉིས་འཛིན་དགག་སྒྲུབ་ཀྱི་ཡུལ་ལས་འདས་ཤིང་། གང་ཤར་ཡེ་ཤེས་ཀྱི་རྣམ་རོལ་དུ་བཙན་ས་ཟིན་པར་འགྱུར་བ་སྟེ། དེ་ལྟར་དབང་བཞི་ཚུལ་ལྡན་དུ་བསྐུར་
ཞིང་ཐོབ་པའི་ཚུལ་ནི་དེ་འདྲ་ཞིག་དགོས་པར་སྣང་ལ། རྙིང་ལུགས་རྫོགས་ཆེན་རྣམས་ལས་ནི། དབང་བཞི་པོ་འདི་དག་རེ་རེ་ལ་ལོ་ཟླའི་བར་དུ་བཅད་དེ་བསྐུར་ཞིང་དབང་དོན་ཉམས་སུ་ལེན་ལུགས་དང་། དེ་ལྟར་བྱས་པས་དབང་བཞི་རྫོགས་པ་དང་སློབ་མ་དེ་གྲུབ་ཐོབ་ཏུ་གྱུར་པ་དུས་མཉམ་དུ་འབྱུང་བར་གསུངས་མོད་ཀྱང་།། ༈ །།དིང་སང་ནི་གསར་རྙིང་གི་གང་ཟག་རྣམས་ལ་ནི་ཅི་ཞུ་གཞན་ཕལ་ཆེ་བ་རྣམས་ནི་གསང་སྔགས་ཀྱི་ཆོས་རྣམས་ལྟོ་ཕྱིར་དང་རྙེད་ཚོལ་གྱི་ཟོང་དུ་བྱེད་དེ། དང་པོ་ནས་སྔགས་ཀྱི་གཞུང་ཚིག་རྣམས་ཁ་ཁྱེར་དང་སྤྲོས་བཅས་ཀྱི་ལག་ལེན་སྒྲིགས་རིམ་ཙམ་ཞིག་ལོབས་ན་དེས་ཆོག་པར་བརྩི་ཞིང་། སྨིན་གྲོལ་དང་བསྐྱེད་རྫོགས་ཀྱི་དོན་དགོས་གལ་ཆེ་བ་རྣམས་ནི་རྣ་བའི་ལམ་དུ་ཐོས་ཀྱང་མ་མྱོང་བཞིན་དུ། ལྟར་སྣང་དུ་སྐད་དང་གདངས་དབྱངས་རོལ་
མོ་སོགས་གང་བཟང་མགྲན་ཞིང་། སྦྱིན་བདག་རྣམས་ཀྱི་སར་འགྲོ་ས་གང་རྙེད་དུ་ཕྱིན་ཏེ། བསྔོས་ཤ་དང་ཆང་ལ་གཙོ་བོར་བྱས་པའི་བཟའ་བཏུང་ཡོན་དང་བཅས་པ་ཁོ་ན་དོན་དུ་གཉེར་བ་འབའ་ཞིག་གི་དུས་འདའ་བ་དང་། བདག་འདྲ་བ་བླ་མའི་མིང་དུ་བཏགས་པ་རྣམས་ཀྱང་རང་གི་རྒྱུད་ལ་སྐྱབས་འགྲོ་ཙམ་གྱི་དོན་ཇི་བཞིན་ཤེས་པའང་མེད་རུང་། སྐྱེ་བོ་མགུ་བྱེད་ཀྱི་ཆ་ལུགས་དང་སྤྱོད་ཚུལ་བཅོས་མ་བྱི་ལའི་བརྟུལ་ཞུགས་ལྟ་བུ་ལ་བརྟེན་ཞིང་། ཟང་ཟིང་ཡོང་སྒོ་འབའ་ཤིག་སྙིང་ཁོངས་སུ་བཅངས་ནས། ཆོས་བཤད་དབང་བསྐུར་ཁྲིད་འདེབས། སྡོམ་པ་འབོགས། རབ་གནས་དང་། གཤིན་དོན་ལ་སོགས་ཏེ། མདོར་ན་རྡོ་རྗེ་སློབ་དཔོན་བྱེད་པའི་ནུས་པ་ཅི་ཡང་མེད་བཞིན་རྙེད་འཚོལ་ཁོ་ནའི་ཆེད་དུ། ཕོ་ཟོ་དང་སྤོབས་པས་ཀུན་ནས་བླངས་ཏེ་མི་བྱེད་པའི་སྣ་མེད་པ་ཅིག་བྱས་པའི་འབྲས་བུ་ཟས་
ནོར་ཅུང་ཟད་རྙེད་པ་དག་གནས་མིན་གྱི་ཕྱོགས་སུ་ཟགས་པར་བྱེད་པས་མི་ཚེ་འདའ་ཞིང་། རང་འཁོར་འབྲེལ་ཐོགས་དང་བཅས་པ་ཀུན་ཕུང་ལ་སྦྱོར་བ་དང་། ལ་ལ་དག །རང་ལ་ཡིག་དྲུག་འཕྲེང་བསྐོར་རེ་ཙམ་བགྲངས་པའི་ཡོན་ཏན་དང་ནུས་པ་ཡང་མེད་བཞིན་དུ། སྐྱེས་ཆེན་དམ་པ་དེ་ལྟ་བུའི་སྐྱེས་སྤྲུལ་ལམ་གདུང་རྒྱུད་ཁྱད་པར་ཅན་ཡིན་པས། རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག །འབྲེལ་ཚད་དོན་ལྡན་ཡིན་ནོ་ཞེས་བསྒྲགས་ཏེ། སྔོན་གྱི་གཏམ་རྒྱུད་དུ་བོང་ཤ་འཚོང་ཕྱིར་རི་དྭགས་རྔ་མ་སྟོན་པའི་ལོ་རྒྱུས་སམ། བ་ལ་འོ་མ་མེད་པར་དྲིལ་བུ་བཏགས་ནས་འཚོང་བའི་དཔེ་ལྟར་བྱེད་མཁན་མང་པོ་དང་། ལར་གཞན་ཡང་རྒྱ་གར་དུ་དགྲ་བཅོམ་དང་པཎ་གྲུབ་ཀུན་གྱིས་ནི། ཁྱིམ་པ་སོགས་སྐྱེ་བོ་ཕལ་པ་རྣམས་ལ་ལས་འབྲས་དང་། ཚངས་པའི་གཞི་དང་། བྱམས་དང་ སྙིང་རྗེ་ དགའ་བ་ བཏང་སྙོམས། རྟེན་འབྲེལ་འབྱུང་ལྡོག་
དང་། སྦྱིན་པའི་གཏམ་ལ་སོགས་པའི་ཆོས་ཀྱིས་ཚིམ་པར་མཛད་ཚུལ་མ་གཏོགས། འོ་སྐོལ་བོད་ཀྱི་ལྟར་དབང་བསྐུར་སོགས་བྱས་པའི་ལོ་རྒྱུད་གང་ལས་ཀྱང་མ་བྱུང་མོད་ཀྱི། དིང་སང་བོད་ཁམས་ཀོང་སོགས་འདི་དག་ཏུ་ནི། དགེ་བསྐུལ་དང་འགྲོ་དོན་ཡིན་ཟེར་ནས། སྐྱེ་བོ་ཐ་མལ་ཡི་གེ་ཙམ་ཡང་མི་ཤེས་པ་གང་བྱུང་བྱུང་ལ་དབང་སྦྱིན་དང་ཁྲོམ་དབང་སོགས་བྱེད་ཕྱིར། རྔ་བརྡུང་། དུང་འབུད། འཆམ་བྲོ་སོགས། རྩེད་སྣ་དུ་མ་དང་། མ་ཆོས་དང་ཐབས་ཀའི་ཡོ་ལང་སོགས་ཐབས་དང་གཡོ་ཟོལ་སྣ་ཚོགས་ཀྱི་སྒོ་ནས་སྐྱེ་བོ་བསྡུས་ཏེ། དབང་ཆོས་ཟོང་དུ་བཙོངས་ནས་འབུལ་བསྡུད་དང་ཟས་ནོར་བསྒྲུབས་པ་ལ་བརྩོན་པ་འདི་ལྟ་བུར་དར་ཞིང་། སྐྱེ་བོ་རྣམས་ནི་དབང་གི་སྣོད་དུ་རུང་མི་རུང་དང་དབང་དོན་གྱི་ཡེ་ཤེས་སོགས་ནི་ལྟ་ཞོག །ལྟས་མོ་དང་ཟླ་གྲོགས་ཀྱི་བརྩེད་མོའི་ཞོར་ཕྱིར་དབང་ཞུ་བར་བྱེད་པ་མང་ལ། ལ་ལ་དག་ཅུང་ཟད་དད་པའམ་
ཆོས་ཉམས་ཡོད་པར་རློམ་པ་རྣམས་ཀྱང་། རང་གི་ནད་གདོན་སེལ་ཕྱིར་རམ། སྐག་དང་མོ་ལུང་རྩིས་ལུགས་ཁེགས་པའི་སླད་དུ་དབང་ཞུ་བར་བྱེད་ཅིང་། དེར་ཡང་བླ་མ་དེས་དབང་གི་བཤད་པ་སོགས་བྱས་ཀྱང་མ་བྱས་ཀྱང་། ཞུ་བ་པོ་རྣམས་ནི་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་གི་འཐུམས་པས་དོན་ནི་ཅི་ཡང་མ་གོ། །དབང་རྫས་མགོ་ལ་བཏུགས་པ་ཙམ་རེ་བྱེད་པ་དེ་དབང་ཡིན་ནོ་སྙམ་པ་ལས། དབང་གྲལ་གྱེས་དུས་བླ་མ་དེས་འདི་ལྟ་བུ་ཅིག་ངོ་སྤྲད་བྱུང་བསམ་པ་ནི་ཚིག་གཅིག་ཀྱང་ཉམས་སྣང་ལ་མ་འཁོར་བར་ཧམ་སང་ངེ་ལོག་འགྲོ་བ་འདི་ལྟ་བུའི་དབང་བསྐུར་དར་མོད་ལ།། ༈ །།ཡང་འགག་ཞིག་གི་བཞེད་ཀྱི། ཕལ་པ་ལ་ཁྲོམ་དབང་སོགས་བྱེད་པ་རྣམས་སྔགས་ཀྱི་དབང་བཞི་ཡོངས་རྫོགས་མིན་ཞིང་། རིག་གཏད་རྗེས་གནང་སོགས་ཡིན་པས་སྐྱོན་མེད་དོ། །ཟེར་ཡང་། རིག་གཏད་སོགས་ཡིན་བཞིན་
དུ་དེ་ཐོབ་ནས་ནི་ལྷ་དེ་ཉིད་ཡི་དུ་བཟུང་སྟེ་བསྙེན་བསྒྲུབ་སོགས་བྱེད་དགོས་པའི་དམ་ཚིག་དང་། དེར་མ་ཟད། དེ་སྐབས་སུ་སྐྱབས་སེམས་དང་རིགས་ལྔའི་སྡོམ་པ་བཟུང་བ་སོགས་ཀྱི་རྗེས་བཟློས་བྱེད་དགོས་ཚེ། ཁྲོམ་དང་སྐྱེ་བོ་ཕལ་པ་དག་ལ་དེ་འདྲའི་སྤང་བླང་ཉམས་ལེན་སོགས་ཀྱི་ཐ་སྙད་ག་ལ་འབྱུང་ཚེ། དེས་ན་འདི་འདྲ་བའི་ཕྱག་སྲོལ་མང་པོ་ཞིག་རང་གཞན་ཀུན་གྱི་བྱེད་མོད་ལར། དམ་པའི་ཆོས་བཙོངས་ནས་ཟ་བ་རྣམས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟ་ཞིང་ཁྲོ་ཆུ་ཁོལ་མ་ཁོང་དུ་འཐུང་བའི་དམྱལ་བར་སྐྱེ་བ་རུ་མདོ་ལས་གསུངས་ན། ད་ལྟའི་ཆོས་པ་རྣམས་སྙིང་སྟོབས་ནན་ལྟར་ཆེས་པར་སྣང་ལ།། ༈ །།ཡང་། གོང་དུ་སྨོས་པའི་དཔོན་སློབ་ཀྱི་འབྲེལ་ཚུལ་དེ་དག་ལས་ཅུང་དྲག་པར་མཛད་བཞེད་པ་རྣམས་ཀྱང་། དབང་བསྐུར་བྱེད་པའི་ཚེ། གསར་མ་བ་རྣམས་ནི་ཆོག་ཁྲིགས་སོགས་ལས་རིམ་མཐའ་དག་གཞུང་
ནས་བཤད་པ་བཞིན་དགོས་པ་ཡིན་གསུངས་ནས། བདག་འཇུག་སོགས་ལས་རིམ་ཁོ་ན་ལ་ནན་ཏན་མཛད། རྙིང་མ་རྣམས་ནི་བྱིན་རླབས་སྔགས་ལ་རག་པ་ཡིན་གསུངས་ནས་འཛབ་བསྙེན་ལ་གཙོ་བོར་མཛད་པའི་ཕྱག་སྲོལ་འདུག་རུང་། རང་ཉིད་ཀྱི་བླུན་ཚོད་ལ་ནི། དེ་ཐམས་ཅད་འཛོམ་དགོས་པ་ཡང་བཞིར་བཅས་ཏེ། ཁྱད་པར་དུ་ནི། བླ་མའི་བྱིན་རླབས་དང་སློབ་མའི་མོས་གུས་འཛོམ་པའི་མཐུ་ལ་བརྟེན་ཏེ་བྱིན་རླབས་ཞུགས་ཤིང་དབང་དོན་ངོ་ཕྲོད་པ་ཁོ་ན་གལ་ཆེ་བར་གོ་ཞིང་། དེ་ལྟ་བུའི་བྱིན་རླབས་ཤིག་ཞུགས་ན་གནས་སྐབས་ཀྱི་རྫས་དབང་འདི་ལྟ་བུ་བསྐུར་མ་བསྐུར་གཅིག་པུ་ལ་མ་རག་པར་སྣང་སྟེ། དཔེར་ན།། ༈ །།ཏིལླི་པས་ན་རོ་ལ་རས་ཡུག་མེ་སྟག་གི་བསྲེག་པ་སོགས་ཀྱི་བརྡའ་བཅུ་གཉིས་བསྟན་པའི་མཐུས་དབང་བཞིའི་དོན་མངོན་དུ་མཛད་
ཚུལ་དང་།། ༈ །།མཁའ་འགྲོ་གསང་བ་ཡེ་ཤེས་སམ། ཉི་ཟླ་དངོས་གྲུབ་ཅེས་ཀྱང་བྱ་བ། གཅོད་ཡུལ་རྒྱུད་པའི་སྐབས་སུ་ནི་སུ་ཁ་སིདྡྷིར་གྲགས་ཤིང་། རྙིང་ལུགས་སུ་ནི་མཁའ་འགྲོ་ལས་ཀྱི་དབང་ཆེན་ཞེས་གྲགས་པ་དེས། གུ་རུ་པདྨ་འབྱུང་གནས་ལ་དབང་བསྐུར་ཚེ། གུ་རུ་ཉིད་ཡི་གེ་ཧཱུྃ་ཞིག་ཏུ་བསྒྱུར་ནས་མཁའ་འགྲོས་ཞལ་དུ་བཞེས། སྐུའི་དབྱིབས་རྒྱུད། གསང་བའི་པདྨོར་ཕྱུངས་པས་དབང་བཞི་ཡོངས་རྫོགས་སུ་ཐོབ་སྟེ་ཕྱག་རྒྱ་ཆེན་པོ་མཆོག་གི་གྲུབ་པ་བརྙེས་ཚུལ་དང་།། ༈ །།གུ་རུ་ཉིད་བོད་ཡུལ་ནས་ལྷོ་ནུབ་ཏུ་གཤེགས་ཁར་བསམ་ཡས་ཧས་པོའི་རིར་ལྷ་སྲས་རྗེ་འབངས་ལྔ་ལ་ཟབ་ཆོས་པདྨ་སྙིང་ཏིག་གནང་ཚེ། སྐད་ཅིག་ལ་གནས་དེ་ཉིད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྤྲུལ་ནས། འོད་ཟེར་སྤྲོ་བསྡུའི་དབང་གནང་བས་སྨིན་པར་མཛད་ཚུལ་སོགས་དང་། གཞན་ཡང་། མངའ་བདག་མཻ་ཏྲི་པས་དཔལ་ཤ་ཝ་རི་དབང་ཕྱུག་ལུས་སྲོག་
དང་བརྡོས་ནས་བཙལ་ཞིང་མཇལ་བའི་ཚེ་ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་རྒྱུད་སྨིན་གྲོལ་དུ་གྱུར་ཚུལ་དང་། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ་མཁའ་འགྲོ་ནེ་གུ་མས་གསང་ཆབ་ཀ་པཱ་ལ་གང་བླུད་ཅིང་སྡིག་འཛུབ་སྙིང་ཁར་གཏད་པས་དབང་དོན་མངོན་དུ་གྱུར་པ་དང་།། ༈ །།གྲུབ་ཐོབ་ཨོ་རྒྱན་པ་ལ་རྡོ་རྗེ་རྣལ་འབྱོར་མ་སྨས་འཚོང་མའི་གཟུགས་ཀྱིས་ཐུག་པ་ཕོར་གང་སྦྱིན་པས་དབང་དོན་རྟོགས་པ་དང་། གཏེར་བཏོན་གུ་རུ་ཆོས་དབང་གིས་བལ་པོ་བྷ་རོ་གཙུག་འཛིན་ལ་དྲི་ཆེན་སྤྱི་བོར་བཞག །དྲི་ཆུ་ཁ་རུ་བླུད་པས་ཟག་མེད་ལྷན་སྐྱེས་ཡེ་ཤེས་ལ་ཞག་བདུན་དུ་གནས་ཤིང་གྲོལ་བའི་ལོ་རྒྱུས་དང་།། ༈ །།མཁས་གྲུབ་སྐྱོ་ཤས་སྟོན་པས་མ་གཅིག་ལབ་ཀྱི་སྒྲོན་མ་དབང་གྲལ་ནས་བཏོན་ཏེ་བརྡུང་ཞིང་དྲུད་དེ་ཆུ་ནང་དུ་ཕུལ་བརྡེག་བྱས་པ་ལས་དབང་གི་
ཡེ་ཤེས་མངོན་དུ་གྱུར་ནས་བརྩིགས་པ་ལ་ཟངས་ཐལ་དུ་བྱོན་ཚུལ་དང་།། ༈ །།ཞི་བྱེད་རྒྱུད་པའི་དམ་པ་སྒོམ་སྨོན་གྱི་འཆུས་པ་དར་བརྩོན་ལ་ཇ་ཕོར་པ་གང་དང་ཕྱེ་རྐྱལ་པ་ཞིག་གནང་ནས་དབང་བསྐུར་གྱི་དོད་པོ་ཡིན་གསུངས་པས་བླ་མ་དང་རྟོགས་པ་མཉམ་པའི་བྱིན་རླབས་ཞུགས་ཚུལ་སོགས། འདི་འདྲ་བའི་ལོ་རྒྱུས་བརྗོད་ལས་འདས་པ་འབྱུང་ཕྱིར། དབང་གི་གཙོ་བོ་ནི་བྱིན་རླབས་ཞུགས་ཏེ་ཡེ་ཤེས་རྒྱུད་ལ་ཤར་བ་ཞིག་གལ་ཆེ་བར་སྣང་ངོ་། དེས་ན་དིང་སང་གི་སྐབས་སུ་ནི་རྒྱུད་ནས་གསུངས་པའི་གནས་ཀྱི་མཚན་ཉིད་དང་སློབ་དཔོན་སློབ་མའི་མཚན་ཉིད་སོགས་ཚང་མི་ཚང་དང་། སློབ་མ་གྲངས་ངེས་དགོས་མི་དགོས་སོགས་ཀྱི་སྐབས་དོན་ནི་བརྗོད་པའི་དོན་ཡང་མ་མཆིས་པ་འདི་འདྲ་དང་། དབང་དོན་དང་དེའི་ལམ་ཉམས་སུ་ལེན་ཚུལ་དང་། དམ་ཚིག་གི་རིམ་སོགས་ཐམས་ཅད་དཔེ་ཆའི་ལོག་མ་
ལུས་ཤིང་། དཔོན་སློབ་ཐམས་ཅད་གང་དགའ་གང་སྐྱིད་ལོངས་སྤྱོད་གང་ཆེ་བྱས་ཆོག་པ་འདི་འདྲའི་དུས་ན། འོ་སྐོལ་གཉིས་ཀྱི་དབང་གི་གསུངས་གླེང་འདི་དག་གཞན་གྱི་ཐུགས་ལ་ཟུག་རྔུ་སློང་རྐྱེན་ལས་སྤྲོས་པ་ཞིག་མི་ཡོང་བར་གདའ་ལགས་ཏེ།། ༈ །།གང་ལྟར་དགོས་དོན་ལ་བུམ་དབང་ཐོབ་པས་ཕུང་ཁམས་ལྷར་སྨིན་ཅིང་བསྐྱེད་རིམ་གྱི་བརྡ་དོན་ཚུལ་བཞིན་ཤེས་ནས་ཉམས་སུ་བླངས་པས་སྤྲུལ་སྐུའི་ས་བོན་ཐེབས། གསང་དབང་ཐོབ་ནས་རླུང་འབྱིན་འཇུག་ནས་གསུམ་སོགས་སྔགས་སུ་རྟོགས་ཤིང་ཉམས་སུ་བླངས་པས་ལོངས་སྐུའི་ས་བོན་ཐེབས། ཤེར་དབང་ཐོབ་ནས་ཡིད་ཀྱི་བྱུང་ཚོར་རྟོགས་ཚོགས་ཆོས་ཉིད་དུ་ཤར་ཞིང་ལྷན་སྐྱེས་ཡེ་ཤེས་བསྐྱངས་པས་ཆོས་སྐུའི་ས་བོན་ཐེབས། ཚིག་དབང་ཐོབ་པས་འཁོར་འདས་མཉམ་ཉིད་དུ་ཐག་ཆོད་དེ་ཟུང་འཇུག་བློ་འདས་ཀྱི་ངང་
ལས་མ་གཡོས་བར་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས་པས། དབྱེར་མེད་ངོ་བོ་ཉིད་སྐུའི་གོ་འཕང་རབ་ཚེ་འདི་འབྲིང་བར་དོ་སོགས་སུ་འགྲུབ་ཅིང་། སྨོན་ལམ་ཐུགས་རྗེའི་སྤྲུལ་པས་མཁའ་མཉམ་འགྲོ་བའི་དོན་རྩོལ་མེད་ལྷུན་གྲུབ་ཆེན་པོར་འབྱུང་བ་ཉིད་དོ།། ༈ །།དེ་ཡང་ཁྱད་པར་དབང་གསུམ་པའི་སྐབས་དོན་ཟུར་གསལ་དུ་འབུལ་བ་ནི། དེ་ཡང་འདི་སྐབས་ཉིད་ཀྱིས་ཐབས་ཤེས་དང་སྣང་སྟོང་སོགས་ཀྱི་ལུང་དོན་དང་། སེམས་ཉིད་སྤྲོས་བྲལ་ནི་རྡོ་རྗེ་ཕག་མོའི་ཤེས་རབ་ཕར་ཕྱིན་སོགས་བཟོད་མ་ནས་ལྷུན་གྱི་གྲུབ་ཕྱིར་གནས་སྐབས་གཉིས་སྦྱོར་གྱི་བདེ་བ་སོགས་ལ་ལྟོས་མི་ལྟོས་ཀྱི་དྲི་བ་གནང་བའི་ཆ་ལ།། ༈ །།སྤྱིར་དབང་བཞི་གའི་རྒྱུའམ་ས་བོན་རང་རྒྱུད་ལ་རྡོ་རྗེ་བཞིའི་ངོ་བོར་བཞུགས་ཚུལ་གོང་དུ་བཤད་པ་ལྟར་དང་། དེའི་ཕྱིར། ས་ལུགས་ལམ་འབྲས་གསུམ་
གྱི་དབང་གི་རྣམ་དབྱེ་མཛད་པའི་དོན་ཡང་འདི་ཡིན་མོད་ཅིང་། རྒྱུའམ་གཞི་རང་ལ་ཡོད་ཀྱང་ལྷན་སྐྱེས་ཀྱི་སྒྲིབ་པས་བསྒྲིབས་ནས་རང་གཞན་རང་གིས་མ་མཐོང་བ་དེ་ལ། བླ་མས་སྨིན་གྲོལ་གཉིས་ཀྱི་སྒོ་ནས་ངོ་སྤྲད་པས་རང་བྱུང་གི་ཡེ་ཤེས་རང་གསལ་དུ་བྱེད་པ་ཡིན་ཕྱིར། དབང་གསུམ་པའི་བསྐུར་ཐོབས་ཀྱང་། སྔགས་ཀྱི་དབང་གཞུང་ཕལ་ཆེར་དུ་ནི་འདོད་ཁམས་པའི་སེམས་ཅན་ལ་ཉོན་མོངས་པ་ཀུན་གྱི་ནང་ནས་འདོད་ཆགས་འབའ་ཞིག་ཤས་ཆེ་བས། འདི་ཐབས་ཀྱི་ལམ་དུ་མ་ལྷོངས་ན་འཁོར་བའི་རྩ་བ་ཡིན་ཕྱིར། ཉན་ཐོས་ཀྱི་ཐེག་པ་སོགས་སུ་སྤོང་བ་ལམ་བྱེད་ཀྱི་རྒྱུའི་གཙོ་བོར་གསུངས་པ་ཡིན་ལ། དབང་རྣོན་སྔགས་ཀྱི་ལམ་ཞུགས་རྣམས་ལ་ནི། ཇི་སྐད་དུ། ཇི་ལྟར་མེ་ཡིས་ཚིག་པའི་རྨ། མེ་ཉིད་ལ་ནི་སྲོ་བར་བྱ། ཇི་ལྟར་རྣ་བར་
ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། ཞེས་པ་དཔེར་མཛད་ནས། །འདོད་ཆགས་ཉིད་ཀྱི་འདོད་ཆགས་དག །ཅེས་གསུངས་པའི་དགོངས་པ་ལྟར་ཆགས་ལམ་གྱི་གདམས་པ་ཟབ་མོ་ཇི་སྙེད་པ་རྒྱུད་སྡེ་དང་གསར་རྙིང་གི་མན་ངག་རྣམས་ལས་འབྱུང་མོད་ཀྱི། དེ་དག་གི་ཉམས་ལེན་གྱི་སྣོད་དང་སྐལ་བ་ཅན་དག་ལ་དགོངས་ཏེ། གསུམ་པའི་དབང་གི་བསྐུར་ཐབས་ཀྱང་རྒྱས་པར་གསུངས་པས་ན། གང་ཞིག་ལམ་དེར་ཞུགས་འདོད་ཐུན་མོང་མ་ཡིན་པ་དག་གིས་ནི། དང་པོར་བླ་མ་ཡང་ལམ་འདི་ཉིད་མངོན་གྱུར་ངེས་ཞིག་ལ་བསྟེན་ཏེ། བུམ་དབང་གི་ལུས་སྐྱངས་པ་རབ་ཏུ་གྱུར་རྗེས་གསང་དབང་གི་ལག་ལེན་ཚུལ་བཞིན་གཏན་ལ་ཕབས་ནས་ཐོབ་ངེས་སུ་བྱས་ལ་རྩ་རླུང་ཁམས་གསུམ་གྱི་ནུས་པ་རྟགས་ཐོན་དང་རང་ལུས་ཀྱི་ཡོན་ཏན་མཐར་ཕྱིན་ཚེ་ཤེར་དབང་ཞུས་ཏེ། ཡས་བརྟན་དང་མས་བརྟན་གྱི་དགལ་
བཞི་ངོ་འཕྲོད་དེ་ལྷན་སྐྱེས་ཡེ་ཤེས་ལ་དབང་ཐོབ་པ་ཞིག་ལ་ནི་ཚིག་དབང་རིན་པོ་ཆེ་ཡང་བསྐུར་ལས་སླ་བར་འབྱུང་མོད་ཀྱི།། ༈ །།འདི་སྐབས་ཀྱི་དཔེ་དང་དོན་གྱི་ཡེ་ཤེས་ངོས་འཛིན་ཚུལ་ལ་ནཱ་རོ་མཻ་ཏྲི་གཉིས་ཀྱང་བཞེད་པ་ཐ་དད་དང་། བོད་དུ་ཡང་ས་ཀར་གཉིས་དགག་སྒྲུབ་མཛད་ཚུལ་སོགས་མཆིས་མོད་ཀྱི། རང་གི་གོ་ཚུལ་ནི། སྐབས་འདིར་སྙོམ་འཇུག་གི་བདེ་བའི་ཡེ་ཤེས་ཀྱི་མཚན་ནས། ཚོར་བ་མཐའ་དག་ལྷན་སྐྱེས་ཡེ་ཤེས་སུ་རོ་སྙོམས་པ་ཞིག་དགོས་པར་སེམས་ཏེ། དེ་ལྟར་མ་རྟོགས་ན་བདེ་བ་ལྷན་སྐྱེས་སུ་ཤར་ཡང་སྡུག་བསྔལ་དང་ན་ཚ་སོགས་ལྷན་སྐྱེས་སུ་མི་འཆར། དེ་མ་ཤར་ན་རྟོག་ཚོགས་ཐམས་ཅད་ཆོས་ཉིད་དུ་ངོ་སྤྲོད་ཐབས་མི་འབྱུང་བས། །དབང་གསུམ་པའི་དགོས་པ་སྟོར་བར་འགྱུར་ཞིང་། གསུམ་པའི་དོན་མ་ཤར་ན་བཞི་པ་ཡང་ག་ལ་ཐོབ་སྟེ། དེས་ན་ཅིར་
སྣང་ཅི་ཤར་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་སྨིན་པ་ཞིག་དགོས་པ་དང་། དེ་ལྟར་གྱུར་ཚེ་སྙོམ་འཇུག་གི་བདེ་བའི་ཉམས་ལེན་གཅིག་བུ་ལ་ལྟོས་མི་དགོས་པ། སྣང་བ་ཡབ་ལ་སྟོང་པ་ཡུམ་སོགས་ཀྱི་ཚིག་དོན་མཐུན་པ་འགྲོ་ཞིང་། དེ་ཡང་ན། ཞང་རིན་པོ་ཆེ་ཐབས་ལམ་གྱི་ཉམས་རྟོགས་མཐར་སོན་པས། ཞབས་ལ་ཚེར་མ་ཟུག་པའམ། དབུ་བྲག་ཕུག་ལ་ཐུག་པ་སོགས་ཐམས་ཅད་བདེ་སྟོང་ལྷན་སྐྱེས་སུ་ཤར་ཚུལ་གྱི་ལོ་རྒྱུས་ལྟ་བུར་དགོས་པར་གོ་ལ། དེའི་ཕྱིར་ནཱ་རོ་པ་དཀའ་ཆེན་བཅུ་གཉིས་སྤྱད་པའི་ནང་ཚན་གྱི། ཏེ་ལོ་པས་གསང་རྡོར་རྡོ་བས་བརྡུངས་པའི་ཚུལ་གྱི་དགོངས་དོན་ཡང་འདིར་གདའ་མོད།། ༈ །།དེས་ན་ཆགས་ལམ་པ་ཚུལ་ལྡན་རང་ཞིག་ཡིན་ན། བྱང་སེམས་དཀྱིལ་བཟློག་འགྲམ་པ་ལ་རང་དབང་ཐོབ་དགོས་པ་ཡང་སྨོས་ཅི་དགོས་ཏེ། རླང་ནུས་སོགས་ཀྱི་དེ་ཙམ་ནུས་
པ་ནི་སླ་མོད་ཀྱང་། དེ་ལས་ཁག་ཆེ་བ་འདོད་ཆགས་སོར་རྟོགས་ཡེ་ཤེས་སུ་བྱེད་ནུས་པ་ཞིག་ཁོ་ན་མ་བྱུང་ན་ཐབ་ལམ་སར་མི་འགྲོ་ཞིང་། མདོ་སྔགས་གཉིས་ཀའི་རྩ་ལྷུང་བསྒྲུབ་པར་འགྱུར་ནའང་། དིང་སང་ནི། ཉིད་ཀྱི་གསུངས་བཞིན་མདོ་སྔགས་གཉིས་ཀ་དང་། འཇིག་རྟེན་གྱི་ཚུལ་ལུགས་ཐམས་ཅད་དང་འགལ་བའི་སྤྱོད་རྩིངས་པ་མང་པོས་ཤཱཀྱའི་བསྟན་ལ་རྨ་འབྱིན་ཅིང་། ཁྱད་པར་འགའ་ཞིག་གིས་རླུང་ནུས་ཅུང་ཟད་ཙམ་ཐོབ་ནས་རྒྱབ་ཐུར་མདུན་ཐུར་དང་རྡོ་རྗེ་ཆུ་འཐུང་སོགས་སྐྱེ་བོ་མང་པོའི་ཁྲོད་དུ་ལྟད་མོ་སྟོན་རྒྱུར་བྱེད་པ་ཐོས་པས། དེ་དག་ན་རང་ཉིད་དང་བླ་མ་དང་ཆོས་དང་བཅས་པ་ཐམས་ཅད་ཆུ་བོར་འཕངས་པར་མ་ཟད། གསང་སྔགས་ཅེས་པའི་མིང་ཉིད་ཀྱང་ཐལ་བའི་རྡུལ་དུ་རླག་པར་བྱས་པ་ཉིད་དུ་ཟད་དོ། །ལར་ཡང་། དབང་གསུམ་པའི་ཉམས་ལེན་ཇི་ལྟ་བ་ཚུལ་བཞིན་
རྒྱུད་ལ་ཁེལ་ན། བྱང་སེམས་འབབས་པའི་རྩ་སོ་གཉིས་དྭངས་པས་སངས་རྒྱས་ཀྱི་མཚན་སོ་གཉིས་འགྲུབ་པ་དང་། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དག་པས་དཔེ་བྱད་བརྒྱད་ཅུ་དང་། གསང་རྡོར་སྦུབས་སུ་ནུབ་པས་གཙུག་ཏོར་དང་། གདོས་བཅས་དག་པས་འཇའ་ལུས་སོགས་མདོར་ན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་འགྲུབ་ཚུལ་དག་གསར་རྙིང་གི་རྒྱུད་ལུང་མན་ངག་རྣམས་སུ་རྒྱས་པར་འབྱུང་ཞིང་། ཏིལླི་ནཱ་རོ་བིར་ཝ་པ་སོགས་གྲུབ་ཐོབ་ཕལ་ཆེར་ཡང་དང་པོར་འདུལ་འཛིན་གྱི་པཎ་ཆེན་མཛད་ཅིང་། མཐར་ལམ་འདི་དག་གི་སྒོ་ནས་གྲུབ་པ་རྙེས་ཚུལ་དང་། བྲམ་ཟེ་ཆེན་པོ་ས་ར་ཧ་ཡང་པཎ་ཆེན་ལྔ་བརྒྱའི་མཁན་པོ་མཛད་རྗེས་མདའ་མཁན་མོ་ཕྱག་རྒྱར་བཞེས་ནས། ཁ་སང་ཕན་ཆད་དགེ་སློང་མིན། དེ་རིང་ཚུན་ཆོད་དགེ་སློང་ཡིན། ཞེས་སོགས་གསུངས་པ་དང་། རྙིང་མའི་ཡང་། གུ་རུ་རིན་པོ་ཆེ་
ཉིད་ཀྱིས་གཙོ་མཛད་པའི་རིག་འཛིན་གྲུབ་ཐོབ་ཐམས་ཅད་ལམ་ཟབ་འདི་ལྟ་བུ་ལ་རྟེན་ནས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་མཐའ་ཡས་མོས་ཀྱང་། སྙིགས་དུས་ཡང་མཐའི་སྐབས་འདི་འདྲའི་གང་ཟག་རྣམས་ཀྱི། འདུལ་འཛིན་པར་རློམ་པ་རྣམ་ནི། བསླབ་གཞི་ཕྲ་མོ་དག་བརྩོན་བཙོན་ལྟར་བྱེད་ཀྱང་སྡོམ་པའི་རྩ་བ་གལ་ཅན་རྣམས་ཀྱི་སྤང་བླང་ནི་གོ་ལོག་ཁོ་ན་བསྒྲུབ་པ་དང་། སྔགས་ལམ་པ་ཡིན་པར་ཁས་འཆེ་བ་རྣམས་ནི་འཇིག་རྟེན་སྐྱེ་བོ་ཕལ་པ་ལས་བརྒྱ་འགྱུར་གྱིས་ལོད་པའི་སྤྱོད་པ་འབའ་ཞིག་གིས་དུས་འདའ་བ་མ་གཏོགས། མདོ་སྔགས་ཐ་དད་དང་ཟུང་འཇུག་གང་གི་ཚུལ་མཐུན་པ་ཞིག་ནི་ཕྱོགས་གང་དུ་ཡང་ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་ནའང་། ལོག་འཚོ་ལྔ་ལ་ཧབ་ཐོབ་བྱེད་མཁན་གྱི་ཆོས་གཟུགས་ཟོལ་མ་ནི་གྲོག་ཚང་ཁ་ཕྱེས་པ་ལྟར་སྣང་ཚེ། ཡིད་ཀྱི་ཁྱིའུ་སྐྱོ་བའི་མལ་
དུ་ཉལ་བ་ལས་གཞན་པའི་ཐབས་དང་བྲལ་བར་གྱུར་ཏོ།། ༈ །།ཡང་འོ་ན་གསང་སྔགས་དབང་གསུམ་པ་འདི་ཞུ་བདེ་ལྷན་སྐྱེས་ཁོ་ན་མ་བརྟེན་པ་མ་གཏོགས་གཞན་བསྐུར་ཐབས་མེད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གསང་སྔགས་ནི་ཐབས་ཟབ་པ། ཐབས་མང་བ་ཐབས་མྱུར་བ། ཐབས་རྒྱ་ཆེ་བ་ཡིན་ཚེ། དབང་གསུམ་པའི་བརྡ་ཐབས་ཀྱང་རིགས་མང་ཞིང་། གསར་མའི་དབང་མཆོག་མང་པོར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་སོགས་དང་། དེ་བཞིན་རྙིང་ལུགས་ལའང་ཐབས་ཀྱི་བྱེ་བྲག་མང་སྟེ། ཞུ་བདེ་ལྷན་སྐྱེས་ལ་བརྟེན་པའི་བརྡའ་ཐབས་ཀྱང་། བྱེ་བྲག་གཟུངས་མའི་གཟུགས་ཀྱི་རྩ་ཀ་ལིའམ། དྲིལ་བུའམ། ཆོས་འབྱུང་སོགས་ལ་བརྟེན་ནས་བསྐུར་ཐབས་དང་། ཡང་། ཀུན་རྫོབ་བྱང་སེམས་དང་བདེ་སྟོང་ལ་མི་བརྟེན་པར་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ཞིང་། ཤེལ་དང་མེ་ལོང་སོགས་ཀྱི་དབང་རྫས་
ལ་བརྟེན་ནས་ངོ་སྤྲད་པས་གསལ་སྟོང་ངམ། རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་མངོན་སུམ་མཛུབ་ཚུགས་སུ་ངོ་སྤྲད་པའི་ཐབས་ཀྱི་རིམ་པ་ཡང་དུ་མ་འབྱུང་བ་དང་། དེ་དག་གི་ཡན་ལག་ཏུ་གཟུགས་ལེགས་མི་ལེགས་གཉིས་བཤིབས་ཏེ་བལྟར་བཅུག་ནས་གཉིས་མེད་དུ་ངོ་སྤྲད། དེ་བཞིན་སྒྲ་བསྙན་མི་སྙན་སོ་སོར་བསྒྲག་པ་དང་། སྤོས་དང་ཤ་རུལ་གྱི་དྲི་སོགས་དང་། བུ་རམ་དང་མཁྲིས་པ་སོགས་ཀྱི་རོ་དང་། དར་དང་རེ་ཚལ་གྱི་རེག་བྱ་སོ་སོར་ལུས་ལ་དྲུད་ནས་ངོ་སྤྲོད་འདེབས་པ་སོགས་རྒྱ་ཆེར་ཡོད་མོད་ལ། ཁྱད་པར་དབང་གཞུང་ཕལ་ཆེར་དུ་ནི་དབང་གོང་མ་ཐམས་ཅད་ལ་མཚན་བཅས་ཀྱི་དབང་རྫས་མི་དགོས་པ་མང་ཞིང་། གཞན་ཡང་གཏོར་མ་ཙམ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་བསྐུར་ཐབས་སོགས་ཀྱང་བསམ་ལས་འདས་ཕྱིར། དོན་དམ་པར་ནི། གོང་དུ་ཡང་ཡང་སྨོས་པ་
ལྟར། བྱིན་རླབས་ཀྱི་ཡེ་ཤེས་འཆར་ཐུབ་པ་ཞིག་གལ་ཆེ་བས་ན། དབང་གསུམ་པ་ཡང་བསྐུར་ཚུལ་ཙམ་གང་ལ་བརྟེན་ཀྱང་དགོས་དོན་ནི་ཡིད་སྒྲིབ་དག་ཅིང་རྟོགས་ཚོགས་ཆོས་ཉིད་དུ་ཤར་ཏེ་ཆོས་སྐུའི་ས་བོན་ཐེབས་པ་ཉིད་ལགས་མོད་དེ། ཇི་སྐད་དུ། ཞི་བྱེད་ཀྱི་རྒྱུད་ལས་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རློབས་ཁོ་ན་ལས། །ཐབས་གཞན་བརྟེན་ན་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་པ་ཉིད་དོ།། ༈ །།དེས་ན་དིང་སང་གི་སྨིན་གྲོལ་གྱི་ལམ་སྟོན་པ་པོ་ཕལ་ཆེར་གྱི་རྣམ་ཐར་ནི། རྗེ་ཀརྨ་པ་བརྒྱད་པའི་གསུངས་ལས། རི་ཁྲོད་དབེན་པའི་ཤེས་པ་ཡེངས་སུ་བཅུག །སུ་རཱུ་པ་ཡི་ལག་ལེན་འཁྲུལ་མེད་ཙམ། །མི་ཤེས་བཞིན་དུ་ནག་པོ་ཆེན་པོ་ཡི། །གཏོར་མ་འབུལ་བ་ཙམ་ཞིག་བྱེད་པ་ལ། །རྡོ་རྗེ་འཛིན་པར་རློམ་པ་སྨྱོན་པ་
དངོས། །མ་ཎི་ཙམ་ཞིག་ཁ་བཏོན་བྱེད་ན་ཡང་། །རྒྱུད་སྡེ་བཞི་པོ་གང་གི་ཆོ་ག་དང་། །མཐུན་པར་མ་གྱུར་བཟླས་ཀྱང་ཕན་ཡོན་ཆུང་། ཞེས་སོགས་དང་། །ཟན་ཤོས་རེ་ཙམ་མགོ་ལ་བཞག་བྱས་ནས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས་ཅིག་ཅེས། །དེ་འདྲ་དབང་བསྐུར་ཉིད་དུ་རློམ་པ་མང་། །ཞེས་གསུངས་པ་བཞིན་ཤ་སྟག་དང་། གཞན་ཡང་། སྤྱོད་པ་ཅི་དགར་བྱེད་པ་ལ་བརྟུལ་ཞུགས་སུ་མིང་བཏགས་པ་དང་། ཟང་ཟིང་འཚོལ་ཐབས་ལ་འགྲོ་དོན་དུ་མིང་འདོགས་པ་དང་། ཟ་ཐབས་ལ་ཚོགས་འཁོར་དུ་མིང་འདོགས་པ་སོགས་མང་སྟེ། གྲུབ་ཐོབ་ཨོ་རྒྱན་པས། སྐྱེད་རྫོགས་ཀྱི་གནད་དང་མ་ལྡན་པར། །ཤ་ཆང་སྤྱོད་པའི་ཚོགས་མཁན་ཚོ། །ཡི་དྭགས་ཀྱི་ས་བོན་མ་བཏབས་སམ། །ཅེས་པ་ལྟར་དང་། ལར་ཡང་ཨོ་རྒྱན་རིན་པོ་ཆེས་ལུང་ཇི་ལྟར་བསྟན་པ་རྣམས་
མངོན་དུ་གྱུར་པ་སྟེ། །ལུང་བསྟན་བཀའ་མ་ལས། འདུལ་བའི་བསྟན་པ་ཉམས་པའི་དངོས་རྟགས་སུ། །ཁྲིམས་འཆལ་དགེ་སློང་སྔགས་ཀྱི་ཆོས་སུ་བརྫུ། །ཆོས་གོས་རྣམ་གསུམ་ཚད་འཆུགས་རིགས་བཟོ་དར། །ཤ་ཆང་ལྕོག་ཟ་དུས་མིན་ཁ་ཟས་ལེན། །བསླབ་པའི་གྲལ་འཆུགས་གོས་ཚོས་རྒྱན་ལ་བཟབས། །དགེ་འདུན་སྡོམ་མེད་གྲི་མཚོན་རྒྱན་དུ་བྱེད། །གནས་བསྟན་མཁན་སློབ་འཁྲུག་དཔོན་བྱེད་པ་འབྱུང་། །ཤཱཀྱའི་བསྟན་པ་རྫིང་གི་ཞབས་རྡོལ་བཞིན། །ཞེས་སོགས་དང་། གསང་སྔགས་པ་ཞེས་ཆ་ལུགས་འདུལ་ཁྲིམས་ཚུལ། །ཕྱི་ནང་འཛོམ་འདོད་དོན་ལ་གཉིས་ཀ་མེད། །འདུལ་ཁྲིམས་འཆལ་ཞིང་དམ་ཚིག་སད་ལ་བསྐུར། །ནང་དུ་སྒོམ་སྤོང་ཕྱི་རོལ་སྤྱོད་པ་རྩིངས། ཁ་དཀར་ཞེ་ནག་སྤྱོད་ཚུལ་ཁྲ་བོར་སྐྱོང་། །ཆོས་ལ་ངོ་ལྐོག་ཚུལ་ཆོས་འགྲོ་བ་བསླུ། །ལོག་
འཚོའི་ཟས་རྔམ་རང་གཞན་ཕུང་ལམ་འགྲོ། །གསང་སྔགས་བོན་གྱེར་མངོན་རྟོགས་ཁྲོམ་ཤར་བྱེད། །དབང་མ་ཐོབ་པར་རྒྱུད་ལ་རྩལ་བཤད་དང་། །ཅི་སྟེ་དབང་བསྐུར་ཁྲིམས་མེད་ཁྲོམ་དབང་བྱེད། །གཞན་སྨིན་ལྟ་ཞོག་རང་སྲོག་བསྐྱེལ་བའི་རྒྱུ། །འདི་དུས་གྲུབ་པ་ཐོབ་པའི་མི་རེ་དཀོན། །ཞེས་དང་། རྩ་རླུང་ཁམས་སེམས་རང་དབང་མ་ཐོབ་པར། །དབང་བཞི་བསྐུར་རློམ་མཁའ་འགྲོ་ཆོས་བསྲུང་འཁྲུག །མི་རུང་ལྟས་དང་བར་ཆོད་སྣ་ཚོགས་འབྱུང་། །གསེར་ཆོས་ཡིན་ཞེས་རིན་ཐང་བཅད་ནས་ཀྱང་། །བཀའ་བརྩོངས་བཀའ་འཆལ་བཀའ་དང་དམ་ལས་འགལ། །བཀའ་ཡི་ཆད་པ་ཕྲལ་ལ་འབྱུང་བར་འགྱུར། །ཞེས་སོགས་ལུང་བསྟན་པ་མཐའ་དག་མངོན་སུམ་དུ་གྱུར་མོད་ཀྱང་། །ད་དུང་བསྟན་འགྲོའི་དོན་དུ་བསྙད་བཏགས་ནས། །གཉིས་ཕུང་དོན་མེད་
བསྒྲུབ་མཁན་གྱི་རྒྱལ་ཁམས་གང་བ་རྣམས་ཀྱི་སྤྱོད་ཚུལ་དྲང་པོར་བརྗོད་ན་ངག་ཉེས་གསོགས་ཅིང་ལོག་ལྟ་དང་ཀུན་སློང་འཕེལ་བའི་རྒྱུར་ཟད་ལ། གཙོ་བོར་ནི་རང་ཉིད་དག་སྣང་རབ་འབྱམས་སུ་མ་གྱུར་པའི་སྐྱོན་དུ་གོར་མ་ཆགས་སོ། དེ་ལྟར་སྤྱིར་དབང་བཞི་དང་། ཁྱད་པར་དབང་གསུམ་པའི་འཕྲོས་དོན་དང་བཅས་པའི་ཚུལ་རགས་རིམ་བརྗོད་ནས།། ༈ །།ད་ནི་གྲོལ་བྱེད་གདམས་པའི་སྙིང་པོ་སྟོང་པ་ཉིད་ཟབ་མོའི་དོན་ལ་དྲི་བ་གནང་བའི་ལན་གྱི་ཚུལ་བརྡ་ཙམ་འབུལ་ཏེ། དེ་ལས་ཐོག་མར་ཉིད་ཀྱིས། ༈ ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་ཁང་ཁྱིམ་སོགས་དང་། ནང་བཅུད་ཀྱི་སེམས་ཅན་སོ་སོའི་རྣམ་འགྱུར་དང་། རང་ལུས་བརྡོས་བཅས་སོགས་ཆགས་འཇིག་འཕོ་འགྱུར་གྱི་བྱེ་བྲག་དང་། གསང་བར་དུག་ལྔ་དུག་གསུམ་ལ་སོགས་ཏི་འགྱུར་དྲན་གྱི་རྟོག་ཚོགས་མཐའ་
དག་སེམས་ཉིད་ཀྱི་ཆོ་འཕྲུལ་ལས་ནི་མ་འདས་པར་ཐག་ཆོད་ན། ༈ ཞེས་སོགས། གསུངས་དོན་གྱི་ཆ་ལ།། ༈ །།སྤྱིར་འགྲོ་བ་ཐ་དད་ཀྱི་སོ་སོའི་ལས་ཀྱི་སྣང་ཚུལ་ཡང་ཐ་དད་པ་དུ་མར་འབྱུང་སྟེ། དཔེར་ན་ཆུ་གཅིག་བུ་ལ་ཡང་ལྷ་རྣམས་ཀྱིས་བདུད་རྩིར་མཐོང་བ་དང་། ལྷ་མིན་གྱི་གོ་མཚོན། མི་རྣམས་ཀྱི་ཆུ། དུད་འགྲོ་རྣམས་ཀྱིས་ལ་ལའི་ཟས་སྐོམ་དང་། ལ་ལའི་གནས་ཁང་སོགས་དང་། ཡི་དྭགས་རྣམས་ཀྱིས་རྣག་ཁྲག་དམྱལ་བ་རྣམས་ཀྱི་ཁྲོ་ཆུ་ཁོལ་མར་མཐོང་བ་སོགས། སོ་སོའི་སེམས་ཀྱི་རང་སྣང་ཡིན་པ་དང་། བྱེ་བྲག་ཏུ་ཕྱི་རོལ་ཡུལ་གྱི་སྣང་བ་འདི་ལའང་གང་ཟག་སོ་སོའི་དབང་པོའི་རིམ་པས་འཛིན་ཚུལ་ཐ་དད་དེ། འཇིག་རྟེན་ཐ་མལ་པ་རྣམས་ཀྱི་ནི་སྣང་བ་ཨ་འཐས་བདེན་ཞེན་དུ་འཛིན། ཕྱི་རོལ་མུ་སྟེགས་པ་རྣམས་ནི་ཕྱ་དང་དབང་ཕྱུག་
གིས་བྱས་པར་འཛིན། ནང་པའི་ཉན་རང་རྣམས་ཀྱིས་ནི་རྡུལ་ཕྲན་ཆ་བཅས་སུ་འཛིན། ཐེག་ཆེན་སེམས་ཙམ་པས་ནི་སྣང་བ་ཐམས་ཅད་སེམས་དང་། །སེམས་རང་གསལ་བདེན་གྲུབ་ཏུ་འཛིན། དབུ་མ་བས་ནི་ཡུལ་ཐམས་ཅད་ཀུན་རྫོབ་འཁྲུལ་སྣང་དུ་འཛིན། གསང་སྔགས་པས་ནི་ཅི་སྣང་ལྷའི་དཀྱིལ་འཁོར་དུ་ལྟ་བ་སྟེ། དེ་ལྟར་ཐེག་པ་སོ་སོ་རང་རང་གི་ལུགས་ཀྱི་འཛིན་ཚུལ་ཐ་དད་པ་སྣ་ཚོགས་མཆིས་མོད་ཀྱི། རང་རང་གི་སྣང་ངོར་དེ་དང་དེ་དག་བདེན་ནའང་། དོན་དམ་པར་ནི་སེམས་ལས་གཞན་དུ་གྲུབ་པ་རྡུལ་ཙམ་མ་མཆིས་ཏེ། དྲི་མ་མེད་སྙིང་པོའི་རྒྱུད་ལས། འབྱུང་བ་ཕྱི་ནང་ཐམས་ཅད་ཀུན། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཡིན། །ནང་དུ་ཁམས་གསུམ་རིས་དྲུག་སོགས། །གཡོ་བ་བཅུད་ཀྱི་སེམས་ཅན་དང་། །བཟུང་དང་འཛིན་པའི་ཕུང་པོ་ལྔ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །རྣམ་ཤེས་ཉོན་མོངས་ལྔ་ལ་སོགས། །ཐམས་ཅད་སེམས་
ཀྱི་རང་སྣང་ཡིན།སེམས་ལས་མ་གཏོགས་ཕྱི་རོལ་ན། །རྡུལ་ཙམ་སྐད་ཅིག་གྲུབ་པ་མེད། །ཅེས་སོགས་དང་། །མ་རིག་འཁོར་བ་རང་སེམས་ལ། །མུ་སྟེགས་བརྟག་ཆད་རང་སེམས་ཡིན། །ཉན་ཐོས་རང་རྒྱལ་འཁོར་བ་སྤོང་། །བྱང་ཆུབ་སེམས་དཔའི་ལམ་གྱིས་སྦྱོང་། །སྔགས་སུ་བསྒྱུར་དང་ཤེས་བྱེད་པ། །ཐེག་པ་སྣ་ཚོགས་རང་སེམས་ཏེ། །སེམས་མ་ཡིན་པའི་ཆོས་གཞན་མེད། །རྒྱ་མཚོའི་ཆུ་ལས་སྐྱོགས་གང་ཙམ། །བཅུས་པས་དེ་དེའི་དོན་བྱེད་བཞིན། །ཐེག་པའི་རིམ་པའི་ཆོས་རྣམས་ལ། །རང་རང་མཐུན་པའི་བདེན་པ་ནི། །ཐད་ཀར་བྱུང་བ་སེམས་ཡིན་ནོ། །ཞེས་གསུངས་པ་ལྟར། ཅིར་སྣང་སེམས་ཀྱི་འཆར་ལས་ནི་མ་འདས་སོ།། ༈ །།ཡང་ཉིད་ཀྱིས་སེམས་ཀྱི་འགྱུ་བའམ་རྣམ་པར་རྟོག་པ་ལས་འཁོར་བ་དང་། །མི་རྟོག་པ་ལས་མྱང་འདས་སུ་བཤད་ན། །ཞེས་གསུངས་པའི་སྐབས་འདི་ལ།། ༈ །།
སྤྱིར་ཆོས་སྤྱི་གཞུངས་ལས་དེ་ལྟར་གསུངས་ཏེ། ཇི་སྐད་དུ། ཕྱོགས་གླང་གི་མཛད་པའི་འཇམ་དཔལ་རྡོ་རྗེའི་བསྟོད་པར། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདའ། །ཞེས་སོགས་གསུངས་མོད་ཀྱང་། ལམ་ཟབ་མོ་ཕྱག་རྫོགས་ཀྱི་སྐབས་རྣམས་སུ་ནི། རྣམ་རྟོག་ལམ་འཁྱེར་གྱི་མན་ངག་གི་གནད་དང་ལྡན་ན། ཆོས་སྐུའམ་རང་བྱུང་ཡེ་ཤེས་ཉིད་རྣམ་རྟོག་རང་ངོ་ཤེས་པའི་རང་བཞིན་ལས་མ་འདས་ཚེ། རྣམ་པར་རྟོག་པ་ཆེད་དུ་སྤོང་དགོས་པ་ནི་མ་ཡིན་ཞིང་། མི་རྟོག་པ་ཆེད་དུ་ཡང་མི་བསྒྲུབ་སྟེ། ཇི་སྐད་དུ། ལུང་ལས། རྣམ་རྟོག་གཉེན་པོར་རྣམ་པར་མི་རྟོག་བསྒོམ། །མི་རྟོག་འདོད་པ་རྟོག་པ་ཆེན་པོ་ཡིན། །ཆོས་ཀྱི་དབྱིངས་ཉིད་མི་རྟོག་རྟོག་ལས་འདས། །རྟོག་དང་མི་རྟོག་གཉིས་ཀ་
ཚིག་གི་མཐའ། །ཞེས་གསུངས་པ་དང་། སམ་པཱུ་ཊིའི་རྒྱུད་ལས། སྟོང་པ་བསྒོམ་པར་མི་བྱ་ཞིང་། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་བཟུང་བས་ནི། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་སོགས་གསུངས་བཞིན། གཞན་ཡང་། ལར་རྣམ་རྟོག་བཀག་ན་བསྒོམ་ཆེན་མིན། །ཞེས་སོགས་མང་དུ་འབྱུང་ཕྱིར། རྣམ་རྟོག་མི་རྟོག་མཐའ་དག་དགག་སྒྲུབ་མེད་ཅིང་གནད་ཀྱིས་ཟིན་པར་ལམ་དུ་འཁྱེར་བ་ལགས།། ༈ །།ཡང་ཉིད་ཀྱིས། འགྱུ་བ་ལ་དཀར་ནག་གཉིས་ཀྱི། གཉིས་དག་འཁོར་བའི་རྒྱུ་ཡིན་མིན་ཐེ་ཚོམ། ཞེས་གསུངས་པ་འདི་ལ། སྤྱིར་རྣམ་རྟོག་གམ་འགྱུ་བ་དཀར་པོ་ནི། །དག་སྣང་མོས་གུས་སྙིང་རྗེ་སོགས། དགེ་བའི་རིགས་ཀྱི་བློ་རྣམས་ཡིན་ཕྱིར། བསོད་ནམས་ཆ་
མཐུན་དང་། ཐར་པ་ཆ་མཐུན་སོགས་ཀྱི་རྒྱུ་དང་། འགྱུ་བ་ནག་པོ་ནི་དུག་ལྔ་དུག་གསུམ་སོགས་མི་དགེ་བའི་བསམ་པ་རྣམས་ཏེ། འཁོར་བ་ངན་སོང་གི་རྒྱུ་ཡིན་པ་སོགས། ཆོས་སྤྱི་ནས་གསུངས་པའི་རྒྱུ་འབྲས་ཀྱི་བྱེ་བྲག་རྣམས་ཡིན་མོད་དེ། ཀླུ་སྒྲུབས་ཞབས་ཀྱི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་སྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། ཞེས་གསུངས་པ་ལྟར་ཏེ། འདི་དག་གི་ཚུལ་ཞིབ་པར་ནི་སྐབས་འདིར་བརྗོད་དགོས་པར་མ་གྱུར་ལ། བྱེད་པ་དགེ་བ་ལྟར་སྣང་ཡང་བསམ་པ་མི་དགེ་བ་དང་འདྲེས་ན་དགེ་བར་མི་རུང་ལ། བྱེད་པ་མི་དགེ་བའི་གཟུགས་བརྙན་ཙམ་སྣང་ཡང་བསམ་པ་དགེ་བ་འབའ་ཤིག་པ་ལ་ནི་ཉེས་མེད་དུ་འགྱུར་ཚུལ་སོགས་ཀྱི་རྣམ་དབྱེ་དང་དགག་
སྒྲུབ་དག་ལ་སྔོན་པ་འབྲི་གཉིས་ཀྱི་བཞེད་པ་ཐ་དད་བྱུང་མོད་ཅིང་། སྤང་བླང་ཚུལ་བཞིན་བྱེད་མཁན་དེང་སང་དཀོན་པར་སྣང་བ་དང་། བསམ་པ་དང་བྱེད་པ་གཉིས་ག་དགེ་བར་མིང་བཏགས་ཀྱང་སྡིག་པར་འགྱུར་བའི་རིགས་ཀྱང་། དཔེར་ན་གཤིན་པོ་ལ་ཕན་ཕྱིར་དགེ་མཆོད་སྦྱིན་སོགས་བྱེད་པའི་ཕྱིར་སེམས་ཅན་བསད་ནས་སྐྱ་སེར་གྱི་ཚོགས་ལ་འགྱེད་སྟོན་བྱེད་པ་དང་། སྲོག་གཅོད་བྱས་པས་ཆོ་ག་ཆོས་འདོན་སོགས་བྱེད་པའི་སྲོལ་འདི་དིང་སང་ཀུན་དུ་དར་ཚེ། འདི་ལྟ་བུ་ནི་གཤིན་པོ་ལ་ཕན་པ་ལྟ་ཞོག །སྦྱིན་པ་པོ་དང་སྦྱིན་ཡུལ་གཉིས་ཀ་སྐྱི་གཡའ་བའི་གནས་སུ་གདའ་ཡང་སུ་ཡང་གིས་བསམ་མཁན་མི་སྣང་བས། དེས་རྒྱུ་འབྲས་ཀྱི་གཏམ་ཡང་བརྗོད་དཀའ་བར་གྱུར་མོད་ལ། རྣལ་འབྱོར་དམ་པ་དག་གིས་ནི་རྒྱུ་འབྲས་སེམས་སུ་རྟོགས། སེམས་སྟོང་པར་རྟོགས་ཀྱང་། སྟོང་ཉིད་རྒྱུ་འབྲས་
སུ་ཤར་བས་ཁྱད་དུ་མི་གསོད་ཅིང་། བདེན་འཛིན་གྱི་ཞེན་པས་ཀྱང་མེ་འཆིང་བར་སྒྱུ་མ་ལྟ་བུ་ལ་སྤྱོད་དེ། དེ་ལྟར་ཤེས་པ་དག་གིས་ནི་བསོད་ནམས་ཀྱི་ཚོགས་བསགས་པ་ཡང་ཡེ་ཤེས་ཀྱི་ཚོགས་ཆེན་དུ་འགྱུར་བ་དང་། གཞན་ཡང་། མ་དྲོས་པའི་མདོར། ཆོས་ཉིད་ལ་ནི་རྒྱུ་འབྲས་མེད་ཤེས་ཀྱང་། །དགེ་དང་མི་དགེའི་ལས་ནི་ཆུད་མི་ཟ། །ཞེས་གསུངས་པས་སྟོང་ཉིད་ལ་བསྙད་ནས་རྒྱུ་འབྲས་ཁྱད་དུ་བསད་མི་རུང་བ་དང་། དཀར་པོ་དགེ་བ་བསྒྲུབ་པ་རྣམས་ཀྱང་ལྷ་མིའི་བདེ་འབྲས་སོགས་ཀྱི་རྣམ་སྨིན་ལ་རེ་བའམ། ཁེ་གྲགས་ལོ་འདོད་སོགས་དང་མ་འདྲེས་ཤིང་སྒྱུ་མ་ལྟ་བུའི་ངང་ནས་བྱ་བར་གསུངས་ཏེ། བཟང་པོ་ལུང་བསྟན་པའི་མདོར། སྒྱུ་མ་ལྟ་བུའི་ཚོགས་བསགས་པས། །སྒྱུ་མ་ལྟ་བུར་སངས་རྒྱས་ཏེ། །སྒྱུ་མ་ལྟ་བུའི་སེམས་ཅན་དོན། །སྒྱུ་མ་ལྟ་བུར་བྱེད་པ་ཡིན། །ཞེས་གསུངས་པས། མདོར་ན་གཙོ་བོར་ཡེ་ཤེས་
ཀྱི་ཚོགས་བསམ་ཤེས་རབ་སྟོང་པ་ཉིད་ཀྱི་མ་ཟིན་ན། སྡིག་པ་ལྟ་ཅི་སྨོས་ཏེ། དགེ་བ་ཡང་མཐོ་རིས་དང་ཉན་རང་གི་རྒྱུ་ཙམ་ལས། ངེས་ལེགས་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་བར་གསུངས་པས་ན། ཐབས་ཤེས་ཟུང་དུ་འཇུག་དགོས་པ་ཉིད་དོ།། ༈ །།ཡང་ཉིད་ཀྱིས། གནས་པའི་མི་རྟོག་པ་ལ་ཞི་ལྷག་གཉིས་ཀྱི་གཉིས་ག་མྱང་འདས་ཀྱི་རྒྱུར་འགྱུར་རམ་མི་འགྱུར། གསུངས་པ་འདི་ལ།། ༈ །།སྤྱིར་སེམས་གནས་པའམ་མི་རྟོག་པ་ནི་ཞི་གནས་ཡིན་ནའང་། ལྷག་མཐོང་ནི་གནས་ཆ་གཅིག་བུར་རག་མ་ལུས་ལ། འོན་ཀྱང་ད་རེས་ཀྱི་དྲི་བ་མཛད་པ་འདི་ཐེག་པ་ཐུན་མོང་བའི་ཞི་ལྷག་སོགས་མིན་པར། ངེས་དོན་ཕྱག་རྒྱ་ཆེན་པོའི་ལུགས་ལྟར་ལ་འདྲི་བའི་དགོངས་པ་ཡིན་ཤས་ཆེ་བས་ན། བདག་གིས་ཀྱང་ཐེག་པ་ཐུན་མོང་བའི་
དབུ་མའི་ལྟ་བའི་ཁྲིད་སོགས་ཞུ་མྱོང་བའི་ཁུས་ཙམ་ཡིན་ཀྱང་། ད་ལམ་འདི་སྐབས་སུ་ཐུན་མོང་མ་ཡིན་པ་ཕྱག་ཆེན་གྱི་ལུགས་བཞིན་ལན་འབུལ་རྩིས་ལགས་ཚེ། དེས་ན་ཞི་ལྷག་གི་སྐབས་འདི་ལ་ཡང་སྤྱི་དང་ཁྱད་པར་གཉིས་ལས། སྤྱི་ཁྱབ་ཏུ་ཞི་ལྷག་གི་མིང་ཙམ་ནི་ཐེག་པ་གོང་འོག་ཕལ་ཆེར་ལ་འབྱུང་བ་དང་།། ༈ །།སྐབས་ལ་ལར་ནི་ཞི་གནས་ལ་བསམ་གཏན་དང་། ལྷག་མཐོང་ལ་ཤེས་རབ་ཀྱི་མིང་གི་བསྟན་ཞིང་། ༈ སོ་སོའི་མཚན་ཉིད་ནི། དཀོན་མཆོག་སྤྲིན་གྱི་མདོར། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ། །ཞེས་པ་དང་། བྱེད་ལས་ཀྱི་དབང་ལྟར་ན། མདོ་དེ་ཉིད་ལས། ཞི་གནས་ཀྱིས་ནི་ཉོན་མོངས་པ་གནོན་པར་བྱེད་དོ། །ལྷག་མཐོང་གིས་ནི་ཉོན་མོངས་པ་ཡོངས་
སྦྱོང་བར་བྱེད་དོ། །ཅེས་པས་གཉིས་ཀ་མྱང་འདས་ཀྱི་རྒྱུ་ནི་ཡིན་མོད་ལ།། ༈ །།དབྱེ་བ་ནི་གཉིས་ཏེ། མདོ་དགོངས་པ་ངེས་འགྲེལ་ལས། ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། ཤེས་རབ་ལས་འབྱུང་བ་དང་། གདམ་ངག་ལས་བྱུང་བའོ། །དེ་ལ་ཤེས་རབ་ལས་བྱུང་བ་ནི་མདོ་སྡེ་བཅུ་གཉིས་ཀྱི་ཚིག་ཡིད་ལ་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། གདམ་ངག་ལས་བྱུང་བ་ནི། མཉམ་བཞག་གི་སེམས་མི་གཡོ་བར་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། །ཞེས་གསུངས་ཏེ། འདི་ཉིད་ལ་དཔྱད་སྒོམ་དང་འཇོག་སྒོམ་ཞེས་པའི་ཐ་སྙད་དུ་དིང་སང་གྲགས་མོད། མདོར་ན་ཐུན་མོང་གི་ཞི་གནས་ཀྱི་བསམ་གཏན་ནི་མུ་སྟེགས་པ་རྣམས་ལ་ཡང་ཤིན་ཏུ་བརྟན་པར་ཡོད་ཀྱང་ཐར་པའི་ལམ་གྱི་རྒྱུར་མི་འགྱུར་བ་སྟེ། མུ་སྟེགས་ཀྱི་སྟོན་པ་
ལྷག་སྤྱོད་ཀྱི་ལོ་བཅུ་གཉིས་ཞི་གནས་བསྒོམས་པས་ཟག་བཅས་ཀྱི་ཡོན་ཏན་མངོན་ཤེས་སོགས་ཐོབ་ཀྱང་། བྱི་བ་ལ་ཞེ་སྡང་སྐྱེས་པའི་རྐྱེན་གྱིས་བྱི་ལ་དང་དམྱལ་བར་སྐྱེ་བ་ལྟ་བུ་སྟེ། ཏིང་འཛིན་རྒྱལ་པོའི་མདོར། འཇིག་རྟེན་པ་དག་སྟོང་ཉིད་བསྒོམས་ན་ཡང་། །དེ་ཡིས་དངོས་པོར་འཛིན་པ་བཟློག་མི་ནུས། དེ་ལས་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་། ལྷག་སྤྱོད་ཀྱི་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་པས། འཇིག་རྟེན་ལས་འདས་པའི་ཞི་གནས་སམ་མཆོག་གི་ཞི་གནས་ཉིད་དགོས་པར་གསུངས་ལ། གཞན་ཡང་གཟུགས་ཁམས་ཀྱི་ལྷའི་བསམ་གཏན་བཞི་དང་། གཟུགས་མེད་ཀྱི་བསམ་གཏན་བཞི། ཉན་ཐོས་འགོག་པའི་ཏིང་འཛིན་དང་བཅས་ཏེ་སྙོམ་འཇུག་དགུ་པོ་རྣམས་ཀྱང་ཞི་གནས་ཀྱི་བྱེ་བྲག་ཡིན་པས། དེ་དག་གིས་ཀྱང་གནས་སྐབས་ཀྱི་ཡོན་ཏན་མངོན་ཤེས་རྫུ་འཕྲུལ་སོགས་དཔག་མེད་ཡོད་ནའང་མཐར་ཐུག་བྱང་ཆུབ་
ཀྱི་ལམ་བསྒྲུབ་པ་ལ་ནི་ལྷག་མཐོང་གིས་མ་ཟིན་ན་དོན་མེད་པས། ལྷག་མཐོང་ཁོ་ན་གལ་ཆེ་བའི་ཚུལ་ཡང་། སློབ་དཔོན་ཨཱརྱ་དེ་ཝས་བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། ཉོན་མོངས་ཚང་ཚིང་བསྲེག་པར་གྱུར་ན་ཡང་། །བདག་ལྟའི་རྩ་བ་བརྟན་པོ་ལ་སྤངས་པས། །ཆར་གྱི་རླན་བཞིན་མོས་པ་རབ་ཏུ་སྐྱེ། ཞེས་གསུངས་པ་དང་། གཞན་ཡང་། གསར་མའི་མཁས་པ་མང་པོས། རྙིང་མའི་རྫོགས་ཆེན་ནི་ཧྭ་ཤང་གི་ལྟ་བ་དང་ཐུན་མོངས་ཞེས་པའི་བཀའ་བཀྱོན་མང་པོ་མཛད་ནའང་། རྫོགས་ཆེན་གྱི་ལོ་རྒྱུས་རྣམས་སུ་ནི། སྔོན་ཆོས་རྒྱལ་ཁྲི་སྲོང་གི་སྐུ་གཉེར་བ་མྱང་བན་ཏིང་འཛིན་བསྟན་འཛིན་བཟང་པོས་རྒྱ་ནག་གི་ཧྭ་ཤང་ཞིག་ལ་སྒོམ་གྱི་མན་ངག་ཞུས་ཏེ་ནན་ཏན་དུ་བསྒོམས་པས། ཟས་སྐོམ་མི་དགོས་པར་ཉིན་ཞག་མང་པོར་ཞི་གནས་ལ་འབྱམས་ཤིང་མངོན་པར་ཤེས་པ་ཐོབ་པས་སྒོམ་བཟང་པོར་
རློམ་ཡོད་པའི་ཚེ། པཎ་ཆེན་བི་མ་ལ་དང་མཇལ་ནས་སྒོམ་གྱི་རྒྱུ་མཚན་ཞུས་པས། བི་མའི་ཞལ་ནས། ཁྱེད་ཀྱི་བསྒོམ་དེ་འདྲས་ནི་བསྐལ་པར་གཉིད་མི་སད་པའི་ཀླུའི་རིགས་སུ་སྐྱེ། སངས་རྒྱས་ཀྱི་རྒྱུར་མི་འགྲོ་གསུངས་པ་ལ་བརྟེན་ནས། མྱ་ངན་བག་ཆགས་སད་དེ་པཎ་ཆེན་དེ་ཉིད་ལ་རྫོགས་ཆེན་ཞུས་ནས་བསྒོམས་པས། འཇའ་ལུས་གྲུབ་ཚུལ་གྱི་ལོ་རྒྱུས་སོགས་ཡོད་ཕྱིར། དེས་ན་ཞི་གནས་ནི། ལྷག་མཐོང་གི་རྟེན་གཞི་ཙམ་མ་གཏོགས་གནས་ཆའི་བསམ་གཏན་གཅིག་བུས་ནི་ཕྱག་རྒྱ་ཆེན་པོའི་སྒོམ་མཚན་ལྡན་དུ་མི་རུང་བ་དང་། ཁྱད་པར་གནས་ཉམས་ལ་ཞེན་འཛིན་ཡོད་པ་དག་ནི་སྒོམ་གྱི་གོལ་སར་འགྱུར་ཚུལ་དག་ཀྱང་གསར་རྙིང་གི་ཁྲིད་གཞུང་མཐའ་དག་དགོངས་པ་ཐུན་ནོ། །ཞི་ལྷག་གཉིས་པོ་ཡང་ཡེ་གདོད་མའི་གནས་ལུགས་སམ། བཞུགས་ཚུལ་ལམ། ཡིན་ལུགས་ཀྱི་དབང་དུ་ནི་ངོ་བོ་གཉིས་མེད་ཟུང་ངག་
ཏུ་ཡོད་ཚེ། གང་ཟག་དབང་པོ་རབ་རྣམས་ལ་ནི་ཞི་ལྷག་ཐ་དད་མི་དབྱེ་བར་གདོད་མའི་ཡིན་ཚུལ་ཇི་བཞིན་དུ་ངོ་སྤྲད་ནས་དེ་ཀ་ལྟར་ཉམས་སུ་བླངས་པས། ཞི་ལྷག་ཙམ་དུ་མ་ཟད་སྣང་སྲིད་འཁོར་འདས་ཐ་དག་རིག་སྟོང་ཕྱག་རྒྱ་ཆེན་པོ་འབའ་ཞིག་གི་རོལ་པར་འཆར་ཞིང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་མངོན་དུ་འགྱུར་མོད་ཀྱང་། གང་ཟག་དབང་པོ་འབྲིང་ཐ་རྣམས་ཁྲིད་ཐབས་ལ་དགོངས་ནས། ཐོག་མར་ཞི་གནས་ཉིད་ལའང་མཚན་མ་དང་བཅས་པའི་ཞི་གནས་ཀྱི་བྱེ་བྲག མ་དག་པ་ཤིང་བུ་རྡེའུ་དང་། དག་པ་ཡེ་ཤེས་ཀྱི་ལྷ་དང་། ཡིག་འབྲུ་ཐིག་ལེ་རླུང་སྦྱོང་སོགས་ལ་བརྟེན་ནས་སེམས་གནས་ཐབས་དང་། མཚན་མ་མེད་པའི་ཞི་གནས་ལའང་། བསྒྲིམས་པ། གློད་པ། གྲིམ་ལྷོད་སྤེལ་མ་སོགས་སྣ་ཚོགས་ཀྱི་སྒོ་ནས་ཁྲིད་པའི་ཕྱག་བཞེས་ཡོད་མོད་ཀྱི། འདི་དག་ནི་དཔེར་ན་ཡི་གེ་སློབ་པའི་ཚེ་དང་
པོར་ཀ་ཁ་སོགས་ནས་རིམ་ཅན་དུ་སློབ་པའི་ཚུལ་དང་མཚུངས་པ་མིན་མོད་ཀྱང་། གཙོ་བོར་ནི་གསང་སྔགས་ཀྱི་ལམ་འདིར་སྒོམ་ཚད་ལྡན་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བླ་མའི་བྱིན་རློབས་ཞུགས་པ་གལ་ཆེ་བར་གསུངས་ཏེ། རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། གང་དུ་ཡང་ནི་མི་རྙེད་པ། བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། ཞེས་སོགས་དང་། སྐྱོབ་པ་རིན་པོ་ཆེས། གསང་སྔགས་བྱིན་རློབས་ལམ་པ་ཡིན། བླ་མའི་བྱིན་རླབས་མ་ཞུགས་པར། །ཇི་ལྟར་བྱས་ཀྱང་བློས་བྱས་ཡིན། གསུངས་ཤིང་། ༈ ཁྱད་པར་ཕྱག་རྒྱ་ཆེན་པོའི་ཞི་གནས་མཚན་མེད་དངོས་ལ་བསླབ་པའི་སྐབས་སུ། ད་ལྟའི་ཕྱག་ཆེན་ལ་ལ་དག་ནི་སེམས་ཀྱི་འགྱུ་བ་བཀག་ནས་འཇུར་འཛིན་ལ་ནན་ཏན་བྱེད་པར་གདའ་ཡང་། སྔོན་གྱི་གྲུབ་ཐོབ་རྣམས་ཀྱི་གསུངས་པའི་གཞུང་མན་ངག་ཐམས་ཅད་ལས་ནི་སེམས་རང་བབས་སུ་
འཇོག་ཐབས་ཁོ་ནར་གསུངས་ཏེ། དེ་ཡང་། ཏིལླི་པས། འདས་ལ་མི་མནོ་མ་འོངས་མི་བསམ་ཞིང་། ད་ལྟར་བ་ལ་མི་སེམས་བློས་མི་བསྒོམ། རྟོག་པས་མི་དཔྱད་སེམས་ནི་རྣམ་པར་གློད། ཅེས་དང་། ཤ་ཝ་རིས། རླུང་ནི་མི་གཟུང་ཡིད་ནི་མི་བཅིངས་བར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །ཞེས་སོགས་དང་། མཉམ་མེད་དྭགས་པོས། བཅས་བཅོད་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་མང་རང་སར་ཞོག །ཡིད་ལ་མ་བྱེད་དམིགས་མེད་ཞོག ཅེས་སོགས་དང་། ཡང་དགོན་པའི་ངོ་སྤྲོད་བདུན་པར། བློ་རྟག་པ་ལ་སྐྱོན་དུ་མི་ལྟ་ཞིང་། །མི་རྟོག་པ་ཆེད་དུ་མ་བསྒྲུབ་པར། །སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས་དང་། །སྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབས་པ་གཅིག་འོང་གི། །ཞེས་སོགས་བཀའ་རྒྱུད་གོང་མ་རྣམས་ཀྱི་ཇི་ལྟར་གསུངས་པ་བཞིན་དུ་བསྒོམ་ཤེས་པ་ཞིག་གལ་ཆེ་བར་གོའོ།། ༈ །།
དེ་བཞིན་དུ་རྙིང་མའི་ཕྱག་ཆེན་ཐམས་ཅད་ནས་ཀྱང་དེ་ཀ་ལྟར་གསུངས་ཏེ། །ཕྱག་ཆེན་མ་རིག་མུན་སེལ་ལས། ལུས་ནི་རྣམ་སྣང་ཆོས་བདུན་བྱ། །ཡིད་ནི་མ་བཅོས་བྱ་བྱེད་བྲལ། །སྤྲོས་བྲལ་ངང་ལ་ལྷན་ནེར་བཞག །མ་བཅོས་ངང་ལས་མ་ཡེངས་སེམས། །འཛིན་མེད་བློ་བྲལ་ངང་དུ་བཞག །བཟུང་འཛིན་རྣམ་རྟོག་འཕྲོ་བ་ན། །འཕྲོ་མཁན་ཁོ་རའི་ངོ་བོར་ལྟ། །མ་རྙེད་སྔར་བཞིན་གློད་ལ་བཞག །སྔ་ཕྱིའི་རྟོག་པ་རག་པ་ཀུན། །རང་སར་ཞི་སྟེ་ལྷན་ནེར་གནས། །བདེ་གསལ་མི་རྟོག་ངང་ཉིད་དུ། །ལྷོད་དེ་ཤིག་གེར་གནས་པ་འབྱུང་། །དེ་ནི་ཞི་གནས་གཏན་ལ་ཕེབས། །ལྷག་མཐོང་ཤར་བའི་རྟགས་ཙམ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟ་བུའི་གནས་ཆའི་བསམ་གཏན་ལ་བརྩོན་པས་ཉམས་སུ་བླངས་པ་ལས། གཡོ་བའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། །མཐར་ཕྱིན་པའི་ཉམས་རྣམས་རིམ་པར་
འཆར་ཞིང་། །འདི་རྣམས་ལ་ཁྲིད་གཞུང་ལ་ལར་ནི། །གནས་པ་དང་པོ་རི་གཟར་འབབ་ཆུ་ལྟ་བུ། །གཉིས་པ་ཆུ་བོ་དལ་འབབ་ལྟ་བུ། །གསུམ་པ་རྒྱ་མཚོ་མི་གཡོ་ལྟ་བུ་ཞེས་པའི་དཔེ་དོན་དུ་སྦྱར་ནས་བསྟན་མོད་ལ། འདི་དག་ལ་བརྟན་པ་ཐོབ་པའི་ཉམས་རྟགས་སུ་ཟག་བཅས་ཀྱི་མངོན་ཤེས་རྫུ་འཕྲུལ་སོགས་ཕྲན་ཚེགས་སྐྱེས་པ་ལ་རློམ་སེམས་དང་ང་རྒྱལ་གྱིས་ཁེངས་ཏེ། ལམ་ལོག་པར་གོལ་ཉེན་བྱུང་བས་ན། བླ་མ་ཉམས་མྱོང་ཅན་བསྟེན་ལ་གོལ་སར་མ་ཤོར་བ་གལ་ཆེ་བར་གསུངས་སོ།། ༈ །།དེ་ལྟར་སྔར་བཤད་པ་ལྟར་འཇིག་རྟེན་པའི་ཞི་གནས་བློས་བྱས་ཡིད་བྱེད་ཅན་དང་། ཚོར་བ་འགགས་པའི་མུན་སྒོམ་སོགས་ཀྱིས་ནི་མྱང་འདས་ཀྱི་ལམ་དུ་མི་འགྲོ་བའི་ཕྱིར།། ༈ །།ཕྱག་རྒྱ་ཆེན་པོའི་སྒོམ་གྱི་རྟེན་གཞིར་གྱུར་པའི་ཞི་གནས་ནི་གོང་དུ་བསྟན་པའི་མ་བཅོས་སོོར་འཇོག་འདི་ཉིད་ཁོ་ན་དགོས་པར་བཞེད་ཅིང་། འགའ་
ཞིག་གནས་ཆ་ཙམ་རྙེད་ཀྱང་རིག་པའི་དངས་ཆ་མ་ཐོན་པར་བཏང་སྙོམས་ལུང་མ་བསྟན་བྱིང་རྨུགས་སུ་འབྱམས་པ་དེ་ནི་བོགས་མི་འབྱུང་ཞིང་གོལ་སར་འཆོར་ཏེ། ཇི་སྐད་དུ། ཨོ་རྒྱན་གྱིས། རིག་པའི་རང་རྩལ་མ་ལྷོངས་པར། །གནས་པ་ངར་མེད་སྟེང་པོ་བ། །བོགས་ནི་ཅུང་ཟད་མི་འབྱུང་བས། །རིགས་པ་གསལ་ངར་ཐོན་པ་གཅེས། །སྒོམ་མཁན་མང་སྟེ་སྒོམ་ཤེས་ཉུང་། །ཞེས་གསུངས་པས་གནད་དང་ལྡན་པ་གལ་ཆེ་བར་གདའ་ལགས།། ༈ །།དེ་ལྟར་ཞི་གནས་ཀྱི་ཚུལ་བརྡའ་མཚོན་བཤད་ནས།། ༈ །།ལྷག་མཐོང་དངོས་ཀྱི་དོན་སྟོང་པ་ཉིད་ཀྱི་ཡེ་ཤེས་འདི་ལ།། ༈ །།ཉིད་ཀྱི་གསུངས་པ་ལྟར། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། ཞེས་སོགས་ནི་སེམས་ཉིད་རང་གི་ངོ་བོའི་ཆ་ནས་གསུངས་ལ། ཡང་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་སོགས་ནི་མཚན་ཉིད་
གསལ་ལ་མ་འགག་པའི་ཆ་ནས་གསུངས་པ་སྟེ། དེ་གཉིས་འགལ་འདུ་ལྟར་མ་ཡིན་པར་སྟོང་གསལ་ཟུང་འཇུག་ཆེན་པོར་གདོད་ནས་ལྷུན་གྱི་གྲུབ་པ་ལག་མོད་ཅིང་། ལར་སྒོམ་ཕྱག་རྒྱ་ཆེན་པོ་ཞེས་ཉི་ཟླ་ལྟར་གྲགས་པ་འདི་ཉིད་ལ་ཡང་། ངོས་འཛིན་ལུགས་ཀྱི་བཞེད་པ་མི་གཅིག་པ་མང་སྟེ། རྒྱ་གར་དུ་ནཱ་རོ་པ་དང་། དེའི་སློབ་མ་ཏིལླི་པ་དང་བཅས་པ་ནི་ཐབས་ཤེས་གཉིས་ལས་ཐབས་གཙོ་བོར་མཛད་དེ། བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ཕྱག་རྒྱ་ཆེན་པོར་བཞེད་ཅིང་། ཉམས་ལེན་ཀྱང་ཐབས་ལམ་ལ་གནད་དུ་བསྣུན་པར་མཛད་པའི་ཕྱག་སྲོལ་མར་པ་མི་ལ་རས་ཆུང་སོགས་ཀྱིས་འཛིན་པ་དང་། ཡང་མཻ་ཏྲི་པ་དང་དེའི་བླ་མ་རི་ཁྲོད་དབང་ཕྱུག །དེའི་བླ་མ་ས་ར་ཧ་དང་བཅས་པས་ནི་ཤེས་རབ་སྟོངས་ཉིད་གཙོ་བོར་མཛད་དེ་རིག་སྟོང་ཕྱག་རྒྱ་ཆེན་པོའམ། །ཨ་མ་ན་སི་ཀ་ར་ཏེ།
ཡིད་ལ་མི་བྱེད་པ་ཅེས་བྱ་བ། མ་བཅོས་སོར་འཇོག་ཁོ་ནའི་དོན་གྱི་ཡེ་ཤེས་ལ་ཕྱག་རྒྱ་ཆེན་པོར་བཞེད་པའི་ཕྱག་སྲོལ་མར་མི་ནས་བརྒྱུད་དེ། མཉམ་མེད་དྭགས་པོས་ལྷན་ཅིག་སྐྱེས་སྦྱོར་རྒྱ་ཆེར་སྤེལ་བར་མཛད་ལ། བཞེད་སྲོལ་འདི་ཉིད་དང་བསྟུན་ཏེ་ཕྱིས་སུ་ཡང་གར་དབང་ཆོས་ཀྱི་གྲགས་པ་སོགས་ཀྱིས་ཀྱང་། བདེ་སྟོང་ཕྱག་ཆེན་དང་། རིག་སྟོང་ངམ། གནས་ལུགས་ཕྱག་ཆེན་སོ་སོའི་ཡིག་ཆ་མཛད་པ་དང་། གཞན་ཡང་བོད་འདིར་རྗེ་ས་སྐྱ་པ་རྗེས་འབྲང་དང་བཅས་པ་རྣམས་ནི་ཕྱག་རྒྱ་ཆེན་པོ་ཅེས་བྱ་བ་དབང་དོན་གྱི་ཡེ་ཤེས་ཉིད་ཡིན་པས་དབང་གལ་ཆེ་བ་ཡིན་ཞེས། ཉམས་ལེན་ཀྱང་རྒྱུ་ལམ་འབྲས་གསུམ་གྱི་དབང་ལ་གཙོ་བོར་མཛད་པ་དང་། དཔལ་ལྡན་འབྲུག་པ་ཡབ་སྲས་དང་ཁྱད་པར་རྒྱལ་བ་རྒོད་ཚངས་པ་སོགས་ནི་ཐོལ་སྐྱེས་ཀྱི་ཤེས་པ་གྲ་མ་ཉམས་པ་ཉིད་ལ་
བཞེད་པ་དང་། མཁས་གྲུབ་ཀོ་བྲག་པ་ནི་སེམས་བྱུང་གནས་འགྲོ་གསུམ་བཙལ་བས་མ་རྙེད་པའི་རང་ངོ་ལ་བཞེད་པ་དང་། ཀུན་མཁྱེན་བུ་སྟོན་སོགས་ནི་བདེར་གཤེགས་སྙིང་པོ་ལ་བཞེད་ནས། གཞིའི་བཤད་པ་གཙོ་ཆེར་མཛད་པ་དང་། ཇོ་ནང་པས་ནི་སེམས་ཅན་གྱི་རྒྱུད་ལ་འབྲས་བུའི་ཡོན་ཏན་མཚན་དཔེ་སོགས་རྫོགས་པ་ཞིག་ལ་བཞེད་ནས་འབྲས་བུའི་བཤད་པ་གཙོ་བོར་མཛད་པ་དང་། བུ་དོང་པས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབའ་ཤིག་ལ་བཞེད་དེ་དབུ་མ་ལྟར་སྟོང་ཕྱོགས་ཀྱི་བཤད་པ་གཙོ་བོར་མཛད་པ་དང་། དགེ་ལྡན་པས་ཀྱང་དེ་བཞིན་དུ་དབུ་མའི་ལྟ་བ་ལ་བཞེད་པ་དང་། ཞང་ཚལ་པས་ནི་འོད་གསལ་ཆེན་པོ་ལ་བཞེད་པ་དང་། འབྲི་ཁུང་པས་ནི་རང་རིགས་ཉག་གཅིག་ལ་བཞེད་པ་སོགས། མཐར་ཐུག་གི་དགོངས་པ་ལ་ཁྱད་ཆེར་མེད་རུང་། རྣམ་པ་ལྟར་གཙོར་འདོན་
ཚུལ་མཐའ་ཡས་མོད་ཀྱི།། ༈ །།ཀམ་ཚང་སྒྲུབ་རྒྱུད་ཀྱི་བཞེད་པ་ནི། རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པ་ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་གཉུག་མ་ལྷན་སྐྱེས་ཀྱི་དབྱིངས་སུ་རང་ཤར་སོ་མ་སྣང་རིགས་རྗེན་པ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའམ་ལྷག་མཐོང་གི་ངོ་བོར་བཞེད་དེ། དཔལ་མཁའ་སྤྱོད་པས་མཛད་པའི་ཕྱག་ཆེན་ངོ་སྤྲོད་ལས། གསལ་རིག་ཏུ་སྣང་ཞིང་ཅིའི་ངོ་བོར་ཡང་མ་གྲུབ་ལ། གདོད་ནས་གྲུབ་པ་ཅུང་ཟད་ཀྱང་མེད་བཞིན་དུ་སྣ་ཚོགས་སུ་དུ་མར་སྣང་བས། སྣང་རིག་སྟོང་གསུམ་ཟུང་འཇུག་དབྱེར་མེད་རོ་མཉམ་པ་འདི་ཉིད་ཕྱག་རྒྱ་ཆེན་པོའམ། རང་སེམས་སངས་རྒྱས་ཀྱི་རང་ཞལ་མངོན་སུམ་དུ་སྣང་བ་ཡིན་ནོ། །ཞེས་གསུངས་ཤིང་། དེ་དང་མཐུན་པར་སྒྲུབ་རྒྱུད་གོང་མ་རྣམས་ཀྱི་གསུང་བགྲོས་རྣམས་ལས་རྒྱ་ཆེར་འབྱུང་མོད་ལ། སྙིང་མའི་ཕྱག་ཆེན་དག་གི་བཞེད་དོན་ཡང་དེ་བཞིན་དེ།། ༈ །།གུ་རུ་རིན་པོ་
ཆེའི་ཕྱག་ཆེན་ཞལ་གདམས་ལས། སེམས་ཉིད་ཕྱག་རྒྱ་ཆེན་པོ་ཞེས་བྱ་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་ཟེར་བ་ཡིན། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་པོར་བྱུང་ཡང་སེམས་ཉིད་ལས་བྱུང་། ད་ལྟ་ཡང་སེམས་ཉིད་ཀྱི་ངང་ལ་གནས་མཐར་གྲོལ་བ་ཡང་སེམས་ཀྱི་ཀློང་དུ་ཐིམ་ཕྱིར་ཐམས་ཅད་སེམས་ཉིད་ལས་མ་འདས་སེམས་དེ་ཉིད་བླ་མའི་བྱིན་རླབས་དང་གདམས་ངག་གི་ཟིན་རང་རིག་རང་ངོ་ཤེས་ན་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི་ཡིན། དེ་ཅིའི་ཕྱིར་ན། སེམས་ཀྱི་རང་བཞིན་གདོད་ནས་མ་སྐྱེས་པ་ཆོས་ཀྱི་སྐུ། རང་མདངས་འགག་མེད་དུ་གསལ་བ་ལོངས་སྐུ། རོལ་རྩལ་ཐུགས་རྗེ་ཀུན་ལ་ཁྱབ་པ་སྤྲུལ་པའི་སྐུ། དེ་གསུམ་གདོད་ནས་དབྱེར་མེད་ལྷུན་གྲུབ་ཏུ་བཞུགས་པ་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་ལྟར་རྟོགས་པས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བའོ། །ཞེས་དང་། སེམས་ཉིད་ཡེ་གདོད་
མ་ནས་སྐྱེ་བ་མེད་པ་ལས། འགག་མེད་དུ་འཁོར་འདས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཤར་ཡང་སྐྱེ་མེད་ཀྱི་རོལ་པ་ལས་མ་འདས་དེའི་ཕྱིར་སྣང་བ་ཐམས་ཅད་སྟོང་པ། སྟོང་པའི་རང་མདངས་སྣང་བ་སྟེ་སྣང་སྟོང་གཉིས་སུ་མེད་དོ། །ཅེས་སོགས་དང་། དེ་ལ་ཐབས་ཤེས་དབྱེར་མེད་ཅེས་ཀྱང་བྱ་སྟེ། འགག་མེད་དྲན་སྣང་གི་ཡེ་ཤེས་ཐབས། དེའི་རང་བཞིན་སྐྱེ་བ་མེད་པ་ཤེས་རབ། ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་དེ་ནི་ཆོས་ཐམས་ཅད་ཀྱི་བཞུགས་ཚུལ་ལོ། །ཞེས་སོགས་རྒྱས་པར་གསུངས་པ་དང་། གཞན་ཡང་ཕྱག་ཆེན་ཀློང་ཡང་མཐའ་བྲལ་ལས། ཞི་གནས་ལྷག་མཐོང་ཞེས་བྱ་བ། །རྣམ་རྟོག་ཉོན་མོངས་རང་སར་ཞི། །ཡིད་ལ་བྱར་མེད་ཞི་གནས་ཏེ། །ལྷག་མཐོང་སྣང་སྲིད་སེམས་སུ་རྟོགས།། ༈ །།མཉམ་བཞག་སེམས་ལ་ལས་མི་བཀོལ། རང་བབས་ལྷུག་པར་འཇོག་པའོ།། ༈ །།རྗེས་ཤེས་ཕྲ་
རགས་རྣམ་རྟོག་ཡིན། ཞེས་དང་། སེམས་རྩལ་མ་འགག་སྣང་བ་སྟེ། །རང་བཞིན་ཤེས་པ་སྟོང་པའོ། །དམིགས་པ་མེད་པ་ལྟ་བ་སྟེ། །འཛིན་མེད་སྐྱོང་བ་སྒོམ་པའོ། །དགག་སྒྲུབ་མེད་པ་སྤྱོད་པ་ལ། །འབྲས་བུ་རེ་དོགས་བྲལ་བའོ། །འཇིག་རྟེན་ཞེན་པ་ལིངས་ཀྱི་བོར། །འཁྲུལ་པའི་སྣང་བ་ཤིགས་ཀྱི་བཤིག །བག་ཆགས་འཛིན་ཞེན་བུན་གྱི་ཐོང་། །ཤེད་པ་རང་སོར་ལྷོད་ཀྱི་གློད། །ཆོས་ཉིད་ངང་ལ་ལྷན་གྱི་ཞོག །སངས་རྒྱས་ཀུན་གྱིས་མེས་པོ་སེམས། །སེམས་ཀྱི་དེ་ཉིད་རྟོགས་པ་གཅེས། །སུམ་ཅུ་རྩ་བདུན་བྱང་ཆུབ་ཆོས། །ས་བཅུ་ལམ་ལྔ་ཕར་ཕྱིན་དྲུག །སྐུ་གསུམ་སྐུ་ལྔ་ཡེ་ཤེས་ལྔ། །དེ་སོགས་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཉིད་ཐིག་ལེ་ཉག་གཅིག་གི གཞི་རྩ་ཆོད་ན་དེ་ལ་འདུས། །ཅེས་པ་ལ་སོགས། རིག་འཛིན་གྲུབ་ཐོབ་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་ཏུ་ཆོས་ཐམས་ཅད་
ཀྱི་རྩ་བ་རང་སེམས་ལ་རང་དབང་ཐོབ་དགོས་པར་གསུངས་མོད་ཀྱང་། ཁ་ཆོས་ཚིག་གི་ལྟ་སྒོམ་ལ་འབྱམས་པ་དང་། བླུན་སྒོམ་ཡིད་བྱེད་བཅོས་མའི་སྒོམ་ལ་ཞེན་མཁན་མང་བས།། ༈ །།དེས་ན་གཙོ་བོར་མཚན་ལྡན་གྱིས་སློབ་མའི་ཁམས་དང་དབང་པོའི་བྱེ་བྲག་ཐ་དད་པ། རིམ་གྱིས་པ། ཅིག་ཆར་བ། ཐོད་རྒལ་བ་སོགས་གང་དང་གང་དེའི་རིགས་དང་བསྟུན་པའི་ཁྲིད་ཐབས་ཀྱིས། དང་པོར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ལ་ནན་ཆགས་རྟགས་ཐོན་དུ་བྱ་བ་དང་། དངོས་གཞི་ཉིད་ལའང་ཁྲིད་ཚུལ་གྱི་ཕྱག་བཞེས་ཐ་དད་ཀྱི། སྒོམ་ཐོག་ནས་ལྟ་བ་གཏན་ལ་འབེབས་པའམ། ལྟ་ཐོག་ནས་སྒོམ་པ་གཏན་ལ་འབེབས་པ་སོགས་གང་ལྟར་བྱེད་རུང་། དགོས་དོན་ལ་སེམས་ཀྱི་གཞི་རྩ་ཆོད་པ་ཅིག་གལ་ཆེ་བའི་ཕྱིར། འོལ་ཚོད་དང་། གོ་ཡུལ་དང་། རྣ་
ཐོས་དང་། དེས་ལ་ལྟས་པའི་ཚིག་དྲེད་སོགས་མ་ཡིན་པར། རང་ཉམས་ལ་ཐག་ཆོད་ཀྱི་སེམས་ཚོལ་བྱ་ཞིང་བརྡར་ཤ་བཤད་ནས། སྐབས་ལ་ནམ་བབས་ཚེ་ངོ་སྤྲོད་གནད་བསྣུན་དུ་གདབ་པ་མ་གཏོགས། དུས་མིན་སྐབས་མིན་དུ་གདམས་ངག་གི་ཟབ་ཚིག་ཆོལ་པར་བཤད་ན། སློབ་མ་མྱོང་མེད་ཁ་འཁྱེར་མཁན་དུ་འགྱུར་ཕྱིར། གནད་མཚམས་ཀྱི་བྱེ་བྲག་ཤེས་པ་གལ་ཆེ་བར་གདའ་ལགས།། ༈ །།སྐབས་འདིར་ཉིད་ཀྱིས་དྭགས་པོ་ཐར་རྒྱན་ནས་གསུངས་པ་ལྟར། དཔེ་རིག་ལུང་གསུམ་གྱི་སྒོ་ནས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པའི་སྐྱོན་སེལ་གྱི་སྐབས་དོན་ཞིབ་རྒྱས་སུ་རྩལ་བའི་ཆ་ལ།། ༈ །།སྤྱིར་བསྟན་བཅོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་འདི་ཉིད་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་དགོངས་
པ་བསྟན་ལ་ཕབས་ཏེ། མདོ་སྔགས་ཐུན་མོངས་ལས་ཀྱང་མདོ་ལུགས་གཙོ་ཆེ་བར་གསུངས་ཤིང་ཐེག་ཆེན་གྱི་རིམ་དུ་མཛད་པ་ཡིན་ཕྱིར། ཤེས་རབ་ཀྱི་ལེའུར་བསྟན་པའི་སྟོང་ཉིད་འདི་ནི་དབུ་མའི་ལྟ་བ་གཙོ་ཆེར་གསུངས་པ་དང་། ལམ་ཐབས་ཀྱི་ཆ་རྣམས་ཀྱང་ཕར་ཕྱིན་དྲུག་གཙོ་བོར་བསྟན་ལ། ལུང་སྦྱོར་རྣམས་ཀྱང་དབུ་མའི་གཞུང་དང་བྱམས་ཆོས་སོགས་ཤས་ཆེར་དྲངས་པར་མཛད་ཕྱིར། མདོར་ན་ཐུན་མོང་ཐེག་པ་དང་སྒོ་མཚུངས་པར་ཡོད་པ་སྟེ།། ༈ །།ཕྱག་རྒྱ་ཆེན་པོའི་བཞེད་དོན་དང་པོ་ནི། རྗེ་སྒམ་པོ་པ་ཉིད་ཀྱི་ཞལ་གདམས་གབ་པ་མངོན་ཕྱུངས་སོགས་བསྟན་བཅོས་དང་ཞུས་ལན་གཞན་རྣམས་ལས་གསལ་བར་ལགས་ཤིང་། ལར་ཡང་མདོ་སྔགས་གཉིས་པོ་ལྟ་བ་ལ་ཁྱད་པར་མེད་ཀྱང་ཐབས་ཀྱི་ཁྱད་པར་ཡིན་ནོ་ཞེས་ཕལ་ཆེར་གྱིས་བཞེད་མོད་ཀྱང་། ཉམས་སུ་
ལེན་རྒྱུ་ནི་ལྟ་བའི་དོན་དེ་ཉིད་ཡིན་ཚེ། དོན་དེ་ཉིད་རྟོགས་ཚུལ་ལམ་སྒོམ་ཚུལ་ནི་ཐབས་ཡིན། དེ་ལ་ཁྱད་ཡོད་པ་དེ་ཀས་ལྟ་བ་ཉིད་ཅུང་ཟད་ཁྱད་ཡོད་པར་གྲུབ་སྟེ།། ༈ །།དེ་ཡང་རྒྱུ་མཚན་ཉིད་ཐེག་པའི་ལྟ་བ་བཟང་ཤོས་ནི་དབུ་མ་ཡིན་ལ། དབུ་མ་རང་གི་ནང་ཚན་གྱི་དབྱེ་བ་མང་ཡང་། སྤྱི་མཐུན་གྱི་སྒོམ་པའི་སྐབས་སུ། མཉམ་བཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུར་བསྒོམ་པར་བཤད་ཅིང་། མཉམ་བཞག་གི་སྟོང་ཉིད་ནམ་མཁའ་ལྟ་བུ་དེ་ཡང་ལུང་རིག་དང་བརྟག་དཔྱད་ཁོ་ནས་གཞིག་སྟེ། སེམས་ཀྱི་ངོ་བོ་གང་དུའང་མ་གྲུབ་པའི་སྟོང་པར་བློས་བསྒྲུབ་ནས་གཏན་ལ་འབེབས་པར་བྱེད་ཅིང་། བསྒོམ་པའི་ཚེ་ཡང་རྣམ་རྟོག་མཐའ་དག་ཆེད་དུ་སྤངས་པའི་རྟོག་མེད་ནམ་མཁའ་ལྟ་བུ་མཉམ་པར་འཇོག་ལ། རྗེས་ཤེས་དང་རྗེས་སྣང་ཀུན་ལ་སྒྱུ་མ་ལྟ་བུའི་འཛིན་སྟངས་སམ་
མོས་བློས་རྒྱས་འདེབས་བྱེད་པ་འབའ་ཞིག་སྣང་མོད།། ༈ །།ཕྱག་ཆེན་དུ་ནི་སེམས་ཀྱི་གནས་ཚུལ་ལམ། འཆར་ཚུལ་གང་ལྟར་འདུག་པ་དེ་ཀ་བཟོ་མེད་ལྷུག་པར་རང་རིག་ཡེ་ཤེས་སུ་ལམ་དུ་འཁྱེར་བ་མ་གཏོགས་དགག་སྒྲུབ་མི་བྱེད་པ་དང་།། ༈ །།སེམས་འཚོལ་གྱི་དུས་ན་ཡང་མཚན་ཉིད་ཐེག་པར་བློས་བརྟག་དང་ཡིད་བྱེད་བསམ་མནོ་ཁོ་ནས་འཚོལ་བར་བྱེད་ཅིང་། དེ་ལྟར་བཙལ་བས་མ་བརྙེད་པ་ཁང་སྟོང་གི་རྐུན་མ་ལྟ་བུའམ། མ་གྲུབ་པའི་སྟོང་པ་ལ་གཤིས་སུ་བྱེད་མོད་ཀྱི།། ༈ །།ཕྱག་ཆེན་པས་ནི་མཉམ་བཞག་གི་ཐོག་ནས་རང་གི་རང་ངོ་ལ་བལྟས་ཏེ། ཁ་དོག་དབྱིབས་མཚན་དུ་གྲུབ་མ་གྲུབ་དང་། བྱུང་ས་གནས་ས་འགྲོ་ས་སོགས་ཡོད་མེད་ཀྱི་བརྡར་ཤ་བཅད་པས། འཚོལ་མཁན་གྱི་རིག་པ་ཁོ་རང་ལས་གཞན་དུ་མེད་པར་ཐག་ཆོད་ཅིང་། འཚོལ་བྱ་འཚོལ་བྱེད་གཉིས་མེད་ཀྱི་ཤེས་པ་སྟོང་གསལ་
ཟུང་འཇུག་གི་རང་ངོ་མཐོང་བར་འགྱུར་ཕྱིར། དེས་ན་ཁྱད་པར་ཤིན་ཏུ་ཆེ་བ་ཉིད་དེ། བློས་གཞིག་ཅིང་གཏན་ཚིགས་དང་བརྟག་དཔྱད་ཀྱིས་སྟོང་པར་བྱས་པ་དེ་ལ་སྟོང་པ་ཇི་བཞིན་པར་མི་བཞེད་དེ། འཇམ་དཔལ་གྲགས་པས། ཕུང་པོ་རྣམ་དཔྱད་སྟོང་པ་ནི། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་སོགས་གསུངས་ཤིང་བློ་ཡི་བཅོས་མ་དང་བརྟག་དཔྱད་ཁོ་ནས་ནི་བློ་འདས་ཀྱི་དོན་མི་རྟོགས་པའི་ཚུལ་ནི། ཏེ་ལོ་པས། བློ་ཡི་ཆོས་ཀྱི་བློ་འདས་དོན་མི་རྟོགས། །བྱས་པའི་ཆོས་ཀྱིས་བྱར་མེད་སངས་མི་རྒྱ། །བློ་འདས་བྱར་མེད་དོན་དེ་རྟོགས་འདོད་ན། །རང་སེམས་རྩ་བ་ཆོད་ལ་རིག་པ་གཅེར་བུར་ཞོག །ཅེས་གསུངས་པས་ན། རྒྱུའི་ཐེག་པའི་ལྟ་སྒོམ་རྣམས་ཕྱག་རྒྱ་ཆེན་པོའི་སྐབས་འདི་དང་ཅུང་ཟད་བཞེད་པ་མི་མཐུན་པ་
དང་།། ༈ །ཁྱད་པར་དུ་སྟོང་ཉིད་ལ་ལྷ་ཉེས་ན་ཕུལ་བའི་ཚུལ་ནི། རྒྱལ་བ་ཐབས་ལ་མཁས་པའི་གང་ཟག་ཐ་མལ་པ་དང་། ཉན་རང་སོགས་དངོས་པོར་འཛིན་པའི་ཞེན་པ་ལས་བཟློག་ཕྱིར་སྟོང་ཉིད་ལྡན་པ་ཡིན་མོད་ཀྱང་། སྟོང་ཉིད་ལ་མཆོག་འཛིན་བྱས་ན་དངོས་འཛིན་ལས་ཀྱང་སྐྱོན་ཆེ་བར་འགྱུར་ཚུལ། རྗེ་སྒམ་པོ་པས་དེས་རིག་ལུང་གསུམ་གྱིས་བསྟན་པ་ལྟར། །དཀོན་མཆོག་བརྩེགས་པ་ལས་འོད་སྲུངས། གང་དག་ཏུ་བལྟ་བ་རི་རབ་ཙམ་ནི་སླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་དང་། བྲམ་ཟེ་ཆེན་པོས། དངོས་པོར་འཛིན་པ་ཕྱུགས་ལས་བླུན་པ་སྟེ། །དངོས་པོར་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་སོགས་ལུང་མང་མོད་ཅིང་། སྟོང་འཛིན་དེས་ཕུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དོན་དམ་གྱི་སྟོང་ཉིད་བློ་འདས་ཡིན་པ་ལ། འདི་བློ་
བྱས་སུ་གྱུར་པས་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ་བའི་ཁར། སྟོང་པ་ཁོ་ནར་ཞེན་པ་དེ་ནི་ཆད་ལྟར་འགྱུར་ལ། དེ་ནི་ངན་སོང་གི་རྒྱུ་འབའ་ཤིག་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོར། ལས་ཀྱི་རྣམ་སྨིན་རྒྱུ་འབྲས་མི་འདོད་པ། །དེ་ནི་མུ་སྟེགས་ཆད་པར་སྨྲ་བ་སྟེ། །ཤི་མ་ཐག་རུང་མནར་མེད་དམྱལ་བར་སྐྱེད། །དེ་ནི་རང་ཕུང་གཞན་ཡང་རླག་པར་བྱེད། །ཅེས་གསུངས་སོ།། ༈ །།གཞན་ཡང་བོད་འདིར་མཁས་རློམས་ལ་ལས། ཕྱག་རྫོགས་གཉིས་ཀྱི་ལྟ་སྒོམ་དང་། ཁྱད་པར་སྤྱོད་པ་བླང་དོར་བྲལ་བ་སོགས་ཀྱི་ཆོས་སྐད་ལ་ཧྭ་ཤང་གི་གྲུབ་མཐའ་དང་མཐུན་མོང་མཉམ་པ་མཛད་མོད་ཀྱང་། ཧྭ་ཤང་ནི་ཐབས་ཀྱི་ཆ་དང་རྒྱུ་འབྲས་སོགས་གང་མི་འདོད་པར། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། ཅེས་གསལ་ཆ་ཐམས་ཅད་བཀག་
པའི་མི་རྟོག་པ་གཉིད་ཐུག་པོ་ལྟ་བུའི་གཏི་མུག་ལ་སྒོམ་དུ་འདོད་པར་སྣང་ལ། དེ་དང་ཕྱག་རྫོགས་ཀྱི་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་གཉིས་ནམ་ཡང་མཚུངས་པའི་སྐབས་མེད་པ་དང་།། ༈ །།རྫོགས་ཆེན་གྱི་ཚིག་འགའ་ཞིག་ཏུ། དྲན་བསམ་ལས་འདས་པ་ཅེས་དང་།། ༈ །།ཕྱག་ཆེན་དུ་ཡིད་ལ་མི་བྱེད་པ། ཅེས་པ་རྣམས་ནི་བློས་བྱས་ཀྱི་བཟོ་བཅོས་སོགས་ཐ་མལ་འཁྲུལ་པའི་བསམ་བློ་བྱེད་པ་ལ་གསུངས་པ་ཡིན་ཅིང་།། ༈ །།སྤྱོད་པ་དགག་སྒྲུབ་བླང་དོར་མེད་པ་དེ་ཡང་། མཉམ་བཞག་གི་རང་ངོ་ལ་དགེ་སྡིག་དང་བཟང་ངན་སོགས་མཚན་འཛིན་གྱིས་མ་གོས་པའི་འདུས་མ་བྱས་ཀྱི་ཆོས་ཀྱི་ལ་ཟེར་བ་ཡིན་གྱི། ནམ་དུའང་དགེ་སྡིག་མེད་ཅེས་རྒྱུ་འབྲས་ཁྱད་དུ་གསོད་པ་ནི་མ་ཡིན་ཞིང་། ཐབས་ཤེས་ཡ་མ་བྲལ་བ་ཉམས་ལེན་ལ་གནད་དུ་བསྣུན་པ་ནི་ཕྱག་རྫོགས་ཀྱི་བཞེད་དོན་གཙོ་བོ་ཡིན་པས།།
༈ །།དེས་ན་ཇོ་བོ་རྗེས་གསུངས་པ་ལྟར། གཞི་བདེན་གཉིས་ཟུང་འཇུག །ལམ་ཐབས་ཤེས་སམ་ཚོགས་གཉིས་ཟུང་འཇུག །འབྲས་བུ་སྐུ་གཉིས་ཟུང་འཇུག་ཏུ་དགོངས་པ་མཐུན་པ་ལགས།། ༈ །།གཞན་ཡང་། མཉམ་མེད་སྒམ་པོ་པས། ཕར་ཕྱིན་ཐེག་པ་བས་ནི་རྟེན་འབྲེལ་སོགས་ལུང་རིགས་ཀྱི་སྒོ་ནས་སྣང་ལ་རང་བཞིན་མེད་པར་གཏན་ལ་ཕབས་ཏེ། བསྒོམ་པ་ཡིན། མོས་པས་སྟོང་ཉིད་དུ་བྱེད་པ་ཡིན་ཏེ་དབུ་མ་བའི་སྒོམ་ལུགས་ཡིན། དེ་རང་ཡང་བསྒོམ་བྱ་བསྒོམ་བྱེད་དང་བཅས་པའི་གཉིས་འཛིན་གྱི་བློར་འདུག་པས། དེས་ལྟ་བ་མ་རྟོགས། དངོས་འཛིན་ལ་གནོད་པ་བསྐྱལ་བས། སྒྲིབ་པ་དཔག་ཏུ་མེད་པ་མཛད་ནུས་ཏེ། འཚང་རྒྱ་མི་ནུས། ཞེས་གསུངས་པ་དང་ཡང་། ཡང་། གཞན་དག་མི་རྟོག་པ་དུམ་གཅིག་ལ་མཉམ་བཞག་བྱས་ནས། རྗེས་རྨི་ལམ་སྒྱུ་མ་ལྟར་བསྒོམ་པ་ཡིན། བླ་མ་མི་ལའི་ལུགས་ལ་
དུག་ལྔ་དང་རྣམ་རྟོག་ཐམས་ཅད་གཉིས་མེད་ཡེ་ཤེས་སུ་འཁྱེར་ནས། གོམས་ཙ་ན་མཉམ་རྗེ་དང་མཐུན་མཚམས་མེད་པར་ལམ་དུ་འཁྱེར་བ་ཡིན་ནོ། །ཞེས་སོགས་གསུངས་པ་འདི་དག་ནི་ཕྱག་ཆེན་གྱི་བཞེད་དོན་ཐུན་མོངས་མ་ཡིན་པ་རྗེན་ཕྱུངས་སུ་བསྟན་པར་གདའ་ལགས།། ༈ །།ཡང་ཉིད་ཀྱིས། སྟོང་ཉིད་མཚན་ཉིད་ཀྱི་སྒོམ་པས་ངན་འགྲོར་ཕྱོགས་ན། མཚན་བཅས་ཀྱི་སྒོམ་པས་དེ་བས་ཐེ་ཚོམ། གསུངས་པ་འདི་ལ། སྤྱིར་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། དེའི་ཕྱིར་རྒྱལ་བའི་ཡུམ་ཞེས་ཀྱང་བྱ། ཆོས་ཀྱི་དབྱིངས་ཞེས་ཀྱང་བྱ། ཤེས་རབ་ཅེས་ཀྱང་བྱ། བཙུན་མོའི་བྷ་ག་དང་། མཁའ་དབྱིངས་དང་ཆོས་འབྱུང་དང་། ཨེ་ཝམ་སོགས་གསང་སྔགས་ཀྱི་བརྡ་དོན་བརྟགས་གསུམ་ཐམས་ཅད་འདི་ལྟ་བུའི་དོན་མཚོན་ཕྱིར་སྒྲ་ཇི་བཞིན་མ་ཡིན་པའི་ཚིག་ཏུ་གསུངས་ཤིང་།། ༈ །།ངེས་དོན་
གྱི་མདོ་སྡེ་རྣམས་ལས་སྟོང་ཉིད་བཅོ་བརྒྱད་ཀྱི་དབྱེ་བསྡུ་གསུངས་པ་ཐམས་ཅད་དང་། སྔགས་ཀྱི་སྐྱེད་རྫོགས་ཀུན་གྱི་ཡང་འབྱུང་གནས་ཡིན་མོད་ལ། དཔེར་ནི་ཕྱིའི་ནམ་མཁའ་ནི་སྣོད་བཅུད་ཐམས་ཅད་ཀྱི་བསྐྱེད་པའི་གཞིའམ་འབྱུང་གནས་ཡིན་པ་ལྟར། སྟོང་པ་ཉིད་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་པོར་དེའི་ཀློང་ལས་ཤར་ཞིང་། མཐར་ཡང་དེའི་དབྱིངས་སུ་ཐིམ་པ་སྟེ། འབྲས་བུ་དྲི་མ་མེད་པའི་རྒྱུད་ལས། འཁོར་འདས་མ་ལུས་བསྐྱེད་པའི་གཞི། །ཅིར་ཡང་མ་གྲུབ་ཆོས་ཀྱི་དབྱིངས། །ཀུན་ལ་ཁྱབ་ཅིང་ཡངས་པའི་ཀློང་། །ཡེ་ཤེས་ནམ་མཁའི་དབྱིངས་ལྟ་བུ། །སྐྱེ་མེད་ངང་ལས་སྐྱེ་བ་ཡིན། །སྣ་ཚོགས་ཆོ་འཕྲུལ་ཅིར་ཡང་སྣང་། །གྲུབ་པ་མེད་ལས་མངོན་སུམ་དུ། །སྣང་སྲིད་འཁོར་འདས་ཐམས་ཅད་གྲུབ། །ཐམས་ཅད་གནས་ལུགས་དོན་ལ་གཅིག །སྤྲོས་དང་བྲལ་བའི་ཆོས་ཉིད་དོ། །ཅེས་པ་ལྟར་ཡིན་མོད་ཀྱང་དོན་ཇི་བཞིན་མ་རྟོགས་པ་རྣམས་ཀྱིས་ནི་འཁྲུལ་
པ་འབྱུང་བའི་གཞི་ཡང་ཡིན་ཕྱིར། སྟོང་གསལ་ཟུང་འཇུག་གི་འཚང་མ་རིག་པར། སྟོང་པ་ཕྱང་ཆད་དམ། ཉི་ཚེ་བའི་སྟོང་པ་སོགས་འཛིན་སྟངས་ལོག་པས་ངན་འགྲོར་ཕྱོགས་པ་མ་གཏོགས། ཡང་དག་པའི་སྟོང་པ་ཉིད་རྟོགས་པ་ལ་ནི། ངན་འགྲོར་འགྲོ་མཁན་དང་། འགྲོ་རྒྱུ་འགྲོ་ས་སོགས་མ་གྲུབ་ལ།། ༈ །ཁྱད་པར་ཕྱག་རྒྱ་ཆེན་པོའི་སྐབས་འདིར། གཞི་ཕྱག་རྒྱ་ཆེན་པོ་གདོད་མའི་གནས་ལུགས་སམ་བདེར་གཤེགས་སྙིང་པོ་འཕོ་འགྱུར་བྲི་གང་མེད་པའི་ཆོས་ཉིད་སྟོང་གསལ་རིག་པའི་སྙིང་པོ་ཅན་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་ལ། ལམ་ཕྱག་རྒྱ་ཆེན་པོ་ཞི་ལྷག་དང་སྐྱེད་རྫོགས་དང་ཐབས་ཤེས་དང་ཚོགས་གཉིས་སོགས་ཟབ་ཅིང་མྱུར་བའི་རིམ་པ་དུ་མས་བློ་བུར་འཁྲུལ་པའི་དྲི་མ་སྦྱངས་པས་འབྲས་བུ་ཕྱག་རྒྱ་ཆེན་པོ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་གཞན་ནས་མ་བཙལ་རང་ལས་རང་བྱུང་ལྷུན་གྲུབ་ཆེན་པོའི་ཆོས་ཀྱི་རྒྱལ་
སྲིད་ལ་རང་དབང་འབྱོར་བ་སྟེ། དེས་ན་སྟོང་ཉིད་ཇི་ལྟ་བ་མངོན་དུ་གྱུར་པའི་ཡོན་ཏན་ནི་ལགས་ཤིང་།། ༈ །།མཚན་བཅས་ཀྱིས་ཀྱང་ངན་འགྲོའི་རྒྱུ་རྐྱེན་བྱེད་མི་བྱེད་ནི་གང་ཟག་ལ་རག་པ་ཉིད་དེ།། ༈ །།དེ་ཡང་མཚན་བཅས་ཀྱི་བྱེ་བྲག་ནི། ཐུན་མོང་ཐེག་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ཕར་ཕྱིན་དྲུག་སོགས་ལམ་གྱི་ཆོས་ཐམས་ཅད་དང་།། ༈ །།ཐུན་མོང་མ་ཡིན་པ་གསང་སྔགས་ལྟར་ན་སྐྱེད་པའི་རིམ་པ་རྒྱས་བསྡུས་རྣམས་དང་། རྩ་རླུང་ཐིག་ལེའི་སྒོམ་རིམ་སོགས་མཚན་བཅས་ཀྱི་དམིགས་པ་ལ་བརྟེན་པ་ཐམས་ཅད་ཡིན་མོད་ཀྱི་དེ་རྣམས་ཀྱང་གདམས་པའི་གནད་ཀྱིས་ཟིན་ན་མཚན་བཅས་དང་མཚན་མེད་དབྱེར་མེད་པ་ཁོ་ན་སྟེ། གདམས་པའི་གནད་གང་ཡིན་ན་འཁོར་གསུམ་ཡོངས་དག་འབའ་ཤིག་ཡིན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་ལྟ་བུ་ལ་མཚོན་ན། སེམས་བསྐྱེད་བྱའི་ཡུལ། སྐྱེད་བྱེད་ཀྱི་མཁན་
པོ། བསྐྱེད་རྒྱུའི་སེམས་དང་བཅས་པ་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་པར་རྟོགས་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་སོགས་ལའང་ཤེས་པར་བྱ་སྟེ། དེ་ལྟར་ཤེས་ན་མཚན་བཅས་སམ་དམིགས་བཅས་མཐའ་དག་ཀྱང་བླ་མེད་རྫོགས་བྱང་གི་རྒྱུར་འགྱུར་བ་སྟེ། ཇི་སྐད་དུ། བཟང་པོ་ལུང་བསྟན་པའི་མདོར། ཆོས་རྣམས་ཐམས་ཅད་རང་བཞིན་མེད་པ་སྟེ། །སེམས་ཅན་དང་ནི་སངས་རྒྱས་མཚན་ཉིད་མེད། །མཚན་ཉིད་མེད་ལ་མཚན་དུ་འདོད་པ་དེ། །སངས་རྒྱས་ལ་ནི་ཤིན་ཏུ་རིང་བར་འགྱུར། །ཆོས་ཡོད་མི་ཀུན་རྟོག་པས་བསླད།། ༈ །།དངོས་པོ་མེད་པར་ཡང་ནི་རབ་ཏུ་ཤེས། །བྱེད་པ་གང་དག་བྱེད་པ་པོ་ལས་འདས། །མིང་དུ་འཛིན་པ་སྟོང་པར་རབ་ཏུ་སྟོན། །གང་གི་རྒྱུ་རྐྱེན་རང་བཞིན་མེད་ཤེས་པ། །དེ་ནི་ཆགས་བྲལ་གྱུར་བས་ཆོས་ཀྱང་ཤེས། །འདོད་ཆགས་བྲལ་བའི་ཆོས་ནི་ཤེས་གྱུར་པ། །དེ་ནི་རྣམ་དག་མིག་གིས་སངས་རྒྱས་མཐོང་། །
ཞེས་སོགས་གསུངས་ཤིང་།། ༈ །།དེ་བཞིན་དུ་སྔགས་ཀྱི་སྐྱེད་རིམ་སོགས་མཚན་བཅས་ཀྱི་དམིགས་པ་ཐམས་ཅད་ཀྱང་དེའི་དེ་ཉིད་ཚུལ་བཞིན་ཤེས་པ་གལ་ཆེ་སྟེ། གང་བསྒོམ་པའི་བསྐྱེད་རིམ་དེ་དག་ཀྱང་སྨིན་བྱེད་བུམ་དབང་གི་སྐབས་སུ་བླ་མས་ཇི་ལྟར་ངོ་སྤྲད་པ་བཞིན། སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་མཐའ་དག་ཡེ་ནས་ལྷའི་རང་བཞིན་ཡིན་པ་ལ་ཡིན་པར་ངེས་ཤེས་བསྐྱེད་པ་མ་གཏོགས། མ་ཡིན་པ་ལ་ཡིན་པར་བསྒོམ་པའི་བློས་བཏགས་པ་ནི་མ་ཡིན་ཏེ། དེ་ལྟར་བཏགས་ན་ལོག་པའི་ཀུན་རྫོབ་ཏུ་གྱུར་ཏེ། དཔེར་ན། སོལ་བ་ལ་དུང་དུ་སྒོམ་ཀྱང་མི་འགྲུབ་པ་ལྟ་བུའོ།། ༈ །།དེ་བཞིན་དུ་རྩ་རླུང་ཁམས་ཀྱི་བྱེད་ཅིང་དང་། དམིགས་པ་སོགས་ཀྱང་ཡེ་ནས་ཡོད་པའི་རང་བཞིན་དངོས་པོའི་གནས་ལུགས་མངོན་དུ་བྱེད་པའི་ཐབས་དང་རྟེན་འབྲེལ་གྱི་ཟབ་གནད་ཡིན་ཏེ། མེད་པ་ལ་ཡོད་པར་
བསྒོམ་པ་ལྟ་བུ་མ་ཡིན་ནོ། གང་ཞིག་བསྒོམ་པ་དེ་དག་ཀྱང་ཨ་འཐས་མངོན་ཞེན་རྟག་པ་ཐེར་ཟུག་ཏུ་བསྒོམས་ན་མཚན་བཅས་ཀྱི་གོལ་ས་ཡིན་མོད་ཀྱི། སྣང་ལ་རང་བཞིན་མེད་པ་སྒྱུ་མ་ཆུ་ཟླ་ལྟ་བུ་དང་། དེ་ཉིད་ཀྱི་དོན་དམ་པར་སྤྲོད་མཚན་ལས་འདས་པ་རང་སེམས་ཕྱག་རྒྱ་ཆེན་པོའི་རྣམ་རོལ་ཉིད་དུ་ཐག་ཆོད་ཚེ། གེགས་སྐྱོན་དང་གོལ་པའི་གཞི་གཏན་ནས་མ་གྲུབ་པ་ཁོ་ན་ཏེ། དེ་ལྟ་བུའི་ཚུལ་ཡང་། སྙིང་པོའི་རྒྱུད་ལས། ལྷན་ཅིག་སྐྱེས་པའི་སེམས་ཉིད་ལ། །སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །དེ་ཉིད་རྟོགས་པའི་ཐབས་སུ་ནི། །དངུལ་རྡོ་དངུལ་དུ་མ་བཞུས་བར། །བཏུལ་དང་བཟོ་རུ་མི་ཉན་པས། །གསེར་དངུལ་བཞུ་བཏུལ་བྱེད་ལ་བཞིན། །
དབང་གི་སྨིན་བྱས་བསྐྱེད་རིམ་གྱིས། །འབྲས་བུ་གཏན་ལ་འབེབས་པ་ཡིན། །ཞེས་དང་། ཕུང་པོ་ལྔ་ནི་རིགས་ལྔ་ལ། །རིགས་ལྔ་ཡེ་ཤེས་ལྔ་ཡིན་ཏེ། །འབྱུང་བ་ལྔ་ནི་ཡུལ་ལྔའོ། །རྡོ་རྗེའི་སྐྱེ་མཆེད་ཕྱི་ནང་རྣམས། །སེམས་དཔའ་སེམས་མའི་དཀྱིལ་འཁོར་མཆོག །ཆོས་སྐུ་གཅིག་གི་ངང་ཉིད་ལས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཞིང་ཁམས་སྤྲུལ་པས་ནམ་མཁའ་ཁྱབ། །མཐའ་ཡས་སྐུ་རུ་སྟོན་པར་མཛད། །མཐར་ཐུག་བསྐྱེད་དུ་མེད་པ་སྟེ། །རང་སྣང་ཡེ་ཤེས་ལྷ་རུ་རྫོགས། །ལྷ་ཉིད་སེམས་ལ་སེམས་ཉིད་ལྷ། །ཤེལ་དང་འོད་གཉིས་དབྱེར་མེད་བཞིན། །ལྷ་དང་སེམས་ཉིད་གཉིས་སུ་མེད། །གཉིས་མེད་རྒྱལ་བའི་དགོངས་པ་ཡིན། ཞེས་སོགས་དང་། དཔེར་ན་བ་བཞོན་འོ་མ་ནི། །ལུས་ཀུན་ཁྱབ་ཀྱང་རྭ་མཇུག་ནས། །འཐེན་ཡང་འོ་མ་མི་འབྱུང་ལ། །ནུ་མར་འཐེན་པས་འབྱུང་བ་ལྟར། །དེ་བཞིན་རང་རིག་
ཆོས་ཀྱི་སྐུ། །རྡོ་རྗེ་གསུམ་གྱི་གནས་ལུགས་ལ། །ཐབས་དང་མན་ངག་གནད་ཤེས་ན། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན། །རྗེས་དཔག་མ་ཡིན་མངོན་སུམ་འབྱུང་། །ཚེ་གཅིག་མངོན་པར་སངས་རྒྱས་འགྱུར། ཞེས་གསུངས་ཕྱིར་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཡེ་ནས་གནས་པའི་གཞི་དེ་ལ། ལམ་སྨིན་གྲོལ་ཟབ་མོའི་ཐབས་ལ་བརྟེན་ནས་གནད་དུ་བསྣུན་པས། འབྲས་བུ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མངོན་གྱུར་དུ་འབྱུང་བ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་འབྲས་བུ་ལམ་དུ་བྱེད་པའི་ཟབ་གནད་ལགས་ཚེ། མཚན་བཅས་མཚན་མེད་ཀྱི་སྐྱེད་རྫོགས་བླ་མའི་མན་ངག་དང་བྱིན་རླབས་ཐོབ་ན་དཀའ་བ་མེད་པ་ཉིད་དོ།། ༈ །།ལར་ཡང་སྐྱེད་རིམ་གྱི་སྐབས་སུ། ཐོག་མར་སྭ་བྷཱ་ཝའི་སྔགས་ཀྱི་སྟོང་པར་སྦྱང་བ་དེ་ཡང་། ཆོས་ཐམས་ཅད་ཀྱི་ཡེ་གདོད་མའི་གནས་ལུགས་ཀྱི་གཤིས་སྟོང་པ་ཉིད་འཁོར་འདས་ཐམས་ཅད་ལ་ཡེ་ཁྱབ་ཏུ་
ཡོད་པའི་རང་བཞིན་དེ་ཉིད་དྲན་ཞིང་གསལ་འདེབས་པ་ལྟ་བུའི་དོན་ཡིན་མོད་ཀྱང་། དེང་སང་ནི་སྣོད་བཅུད་ཀྱི་སྣང་བ་མཐའ་དག་དངོས་མེད་དུ་གཏོང་བའི་སྟོང་པ་ཉི་ཚེ་བ་ཞིག་ལ་སྭ་བྷཱ་ཝའི་སྔགས་དོན་དུ་འདོད་མཁན་མང་བར་མཆིས་ཤིང་། སྐྱེད་རིམ་གྱི་སྔོན་འདིར་གདོད་མའི་གནས་ལུགས་ཀྱི་སྟོང་ཆེན་དེ་དྲན་དགོས་པའི་རྒྱུ་གང་ཡིན་ཞེ་ན། དེ་ནི་གོང་དུ་བཤད་པ་ལྟར། ཆོས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཕར་ཕྱིན་ཞེས་ཀྱང་བྱ་བ་སྟེ། མྱང་འདས་ཀྱི་ཆོས་མཐའ་དག་དེའི་དབྱིངས་ལས་འབྱུང་དགོས་ཕྱིར། སྟོང་ཉིད་དེ་ཀའི་རང་གདངས་གསལ་ཆ་འགག་མེད་ཀྱི་རོལ་པའི་ཆོ་འཕྲུལ་དུ་གཞལ་ཡས་ཁང་དང་ལྷའི་རྣམ་པ་སྣ་ཚོགས་སུ་སྤྲུལ་ཞིང་ཤར་ལ། ཇི་ལྟར་ཤར་བའི་སྒྱུ་འཕྲུལ་དེ་དག་ཀྱང་ཨ་འཐས་གདོས་བཅས་སུ་མ་གྲུབ་པར། སེམས་ཉིད་སྟོང་ཆེན་གྱི་དབྱིངས་ལས་མ་གཡོས་པའི་
སྣང་སྟོང་ཟུང་འཇུག་ཆེན་པོ་དེ་ལ་སྐྱེད་རིམ་གྱི་མིང་དུ་བཏགས་པ་དང་། གང་བསྒོམས་པའི་ལྷ་ཚོགས་དེ་དག་ཀྱང་། རྣམ་པ་གསལ་བས་ཆད་མཐར་མ་ལྷུང་། རྣམ་དག་དྲན་པས་རྟག་མཐར་མ་ལྷུང་། ང་རྒྱལ་བརྟན་པས་རེས་འཇོག་དུམ་ཆད་ལྟ་བུར་མ་གྱུར་པར་སྒོ་གསུམ་རྡོ་རྗེ་གསུམ་ལས་མི་འདའ་བར་དགོས་པ་ཉིད་དུ་གསར་རྙིང་གི་རྒྱུད་དང་སྒྲུབ་ཐབས་ཕལ་མོ་ཆེར་འབྱུང་ནའང་། དེ་ལྟར་ཉམས་ལེན་དུ་མཛད་མཁན་ཀྱང་དཀོན་པ་དང་། ཡང་ལ་ལའི་བཞེད་ཀྱིས། ཐོག་མར་སྐྱེད་རིམ་བསྒོམས་ཤིང་མཐར་རྫོགས་རིམ་ལ་བསྡུ་བ་ནི་སྐྱེ་བ་དང་འཆི་བ་ལམ་དུ་ལྷོངས་ཕྱིར་ལ་དགོངས་པ་སྟེ། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་སྲོལ་ཡིན་པར་བཤད་པ་དང་། ཡང་སྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པ་ནི་ནཱ་རོ་ཡབ་སྲས་ཀྱི་བཞེད་སྲོལ་ཡིན་པ་སྟེ། དེ་ལྟར་བཞེད་སྲོལ་ཐ་དད་དུ་ཡོད་པར་གྲགས་མོད་ཀྱང་། དམ་པ་དེ་དག་
དོན་གྱི་དགོངས་པ་ལ་ཐ་མི་དད་པར་གོར་མ་ཆགས་ཤིང་། གནས་སྐབས་གདུལ་བྱའི་མོས་བློ་དང་དབང་པོའི་ཁྱད་པར་ལ་དགོངས་པ་སོགས་དང་། འགའ་ཞིག་ནི་རྒྱུད་སྡེ་སོ་སོའི་སྐབས་དོན་གྱི་ཁྱད་པར་ཙམ་མ་གཏོགས། མཐར་ཐུག་གི་དོན་ལ་ནི་སྐྱེད་རྫོགས་ཟུང་འཇུག་ཁོ་ན་ལས་མ་འདས་ཏེ། ཅིའི་ཕྱིར་ན། དང་པོའི་གཞི་ཡང་བདེན་གཉིས་ཟུང་འཇུག་དང་། མཐར་མངོན་གྱུར་གྱི་འབྲས་བུ་ཡང་སྐུ་གཉིས་ཟུང་འཇུག་ཡིན་པའི་ཕྱིར་རོ། །དེས་ན་དང་པོར་ཡང་སྟོང་ཉིད་ཀྱི་ཀློང་ལས་ཤར། མཐར་ཡང་གདོད་མའི་གནས་ལུགས་ཀྱི་ངང་དུ་ཐིམ་ཞིང་། ཤར་ཐིམ་གཉིས་ཀ་དོན་ལ་ཟུང་འཇུག་སེམས་ཉིད་གསལ་སྟོང་ལས་མ་འདས་པར་གསུངས་གདའ་ནའང་། དིང་སང་ནི། སྐྱེད་རྫོགས་ཡ་བྲལ་རེས་འཇོག་འབའ་ཤིག་བྱེད་མཁན་དང་། ཡང་སྐྱེད་རྫོགས་ཀྱི་ཉམས་ལེན་གང་ཡང་རང་གཞན་
མཁའ་ཁྱབ་ཀྱི་འགྲོ་ཀུན་བླ་མེད་བྱང་ཆུབ་ཀྱི་རྒྱུ་ཁོ་ནར་འབད་དགོས་ན་དང་། ད་ལྟའི་སྐྱེད་རིམ་དང་བསྙེན་སྒྲུབ་སོགས་བྱེད་མཁན་རྣམས་ནི། རང་ཉིད་གཅིག་བུ་གནས་སྐབས་ཚེ་དང་ལོངས་སྤྱོད་འཕེལ་ཕྱིར་རམ། ནད་གདོན་སོགས་ཞི་ཕྱིར་དང་། ལས་ཚོགས་ཕན་གནོད་ཕྲན་བུ་འགྲུབ་ཕྱིར་ལ་བསམས་ནས། ལྷ་སྔགས་ལ་བརྩོན་བློ་བྱེད་པ་འདི་དག་ནི། ཡང་དག་པའི་སྐྱེད་རིམས་སུ་འགྲོ་བ་ཡང་དཀའ་ཞིང་། བརྡ་དོན་རྟགས་གསུམ་ཚུལ་བཞིན་མི་ཤེས་པར་ལྷ་སྔགས་རང་རྒྱུད་པར་ཞེན་པ་དེ་ནི་ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་དུ་སྐྱེས་ཚུལ་གྱི་གཏམ་བརྒྱུད་རྣམས་བཞིན་འབྱུང་ཉེན་དུ་གདའ་བས།། ༈ །།དེས་ན་ཆོས་གང་དང་གང་ཉམས་སུ་ལེན་ཀྱང་། གཞུང་དང་བླ་མའི་མན་ངག་ཚད་ལྡན་ཞིག་རྒྱུད་ལ་འཁེལ་བ་ཉིད་གལ་ཆེ་བར་གོ་ལགས། ཅེས་འཕྲོས་དོན་དུ་གསོལ་བའོ།། ༈ །།
ཡང་ཉིད་ཀྱིས། ཁྲིད་ཡིག་སོགས་ཐམས་ཅད་དུ་སེམས་ལ་བྱུང་བ་གནས་པ་འགྲོ་ས་སོགས་མ་གྲུབ་པར་གསུངས་ན་ཟབ་མོ་ནང་དོན་རང་འགྲེལ་ལས། གསང་སྔགས་རྙིང་ལུགས་ལྟར། སྙིང་གའི་དངས་མ་ལྔ་འདུས་སོགས་ལ་བརྟེན་ནས་སེམས་སྙིང་གར་གནས་ཚུལ་གསུངས་པ་འདི་ཇི་ལྟར་ཡིན་ཞེས་འདྲི་བར་མཛད་པའི་སྐབས་དོན་ལ།། ༈ །།སྤྱིར་ཡང་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད་བདེན་པ་གཉིས་སུ་འདུ་བས་ན། འདི་སྐབས་སུ་ཡང་། སེམས་ཉིད་རང་གི་ངོ་བོའི་ཆ་ལ་ནི་སྐྱེ་འགག་འབྱུང་གནས་འགྲོ་འོངས་ལ་སོགས་སྤྲོས་པའི་མཚན་མ་མཐའ་དག་གིས་དབེན་ཞིང་དབྱིབས་དང་ཁ་དོག་ལ་སོགས་དངོས་པོའི་ཆོས་སུ་མ་གྲུབ་པས། གནས་པ་གནས་མཁན་སོགས་ཀྱི་ཡུལ་ལས་འདས་པ་སྟེ། ཡུམ་ལས་ཀྱང་། འདས་པའི་སེམས་ནི་མི་དམིགས་པའོ། །མ་འོངས་པའི་སེམས་ནི་མ་སྐྱེས་པའོ། །
ད་ལྟར་གྱི་སེམས་ནི་མི་གནས་པའོ། །ཞེས་སོགས་དང་། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་པ་ལྟར། ཡོད་མེད་རྟག་ཆད་འགྲོ་འོང་ལས་འདས་པའི་ཆོས་ཉིད་དོན་དམ་པའི་བདེན་པ་ཁོ་ན་ཉིད་ལས་མ་གཡོས་ཀྱང་། ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་མ་ཡིན་པར། གཤིས་སྟོང་པ་ཉིད་ཀྱི་གདངས་འགག་པ་མེད་པའི་རྩལ་ཅིར་ཡང་འཆར་བ་སྟེ། སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཡིན་པའི་ཕྱིར། འགག་མེད་ཅིར་ཡང་འཆར་བ་དེ་ཉིད་ལ་ཀུན་རྫོབ་བདེན་པ་ཅེས་བྱ་ཞིང་།། ༈ །།དེ་ལ་ལྟར་སྣང་ཙམ་དུ་བྱུང་གནས་འགྲོ་གསུམ་ཡང་ཡོད་པར་གྲུབ་སྟེ། སེམས་ཀྱི་དང་པོ་བྱུང་ས་ནི། གནས་ལུགས་དོན་གྱི་ཀུན་གཞིའི་ཀློང་ནས་འགག་མེད་ཀྱི་རྩལ་སྣང་རང་ངོ་མ་རིག་པར་གཉིས་འཛིན་འཁྲུལ་པའི་ལས་རླུང་གི་བསྐྱོད་པའི་མཐུས་མེད་བཞིན་སྣང་བའི་ཆོ་འཕྲུལ་དུ་བྱུང་བ་ཡིན་ལ་
བར་དུ་གནས་པ་ཡང་གདོས་བཅས་ཀྱི་ཕུང་པོ་འདི་ཉིད་ལ་གནས་ཤིང་ཁྱབ། མཐར་འགྲོ་ས་ཡང་འཆི་བའི་ཚེ་ལུས་སེམས་གཉིས་ཀྱི་སྦྲེལ་ཐག་ལྟ་བུ་རླུང་དབུགས་ཀྱི་འགྱུ་བ་ཆད་དེ་རྣམ་པར་ཤེས་པ་དབང་པོའི་སྒོ་གང་རུང་ནས་སོ་སོའི་ལས་དང་རྗེས་སུ་མཐུན་པར་འཐོན་ནས་སྐྱེ་བ་ཕྱི་མ་གར་སྐྱེའི་ཉིང་མཚམས་སྦྱོར་བ་སྟེ། དེ་ལྟར་གནས་སྐབས་ཀུན་རྫོབ་བདེན་པའི་བྱུང་གནས་འགྲོ་གསུམ་ཚུལ་ནི་དེ་ལྟར་ལགས་མོད་དེ། ཀློང་གསལ་གྱི་རྒྱུད་ལས། ཨེ་མ་ཁམས་གསུམ་སེམས་ཅན་རྣམས། །བྱུང་གནས་འགྲོ་གསུམ་འཁོར་མོ་རུ། །ཟོ་ཆུའི་འཁྱུད་མོ་བཞིན་དུ་འཁོར། །སེམས་ཀྱི་བྱུང་ས་ཐོག་མའི་གཞི། །སེམས་ཀྱི་གནས་ས་ལུས་ཀྱི་རྟེན། །སེམས་ཀྱི་འགྲོ་ས་རྟོག་དཔྱོད་ཡུལ། །ཞེས་སོགས་རྒྱ་ཆེར་གསུངས་ཕྱིར། དྲང་དོན་ཀུན་རྫོབ་ལྟར་གྱི་བྱུང་གནས་འགྲོ་གསུམ་དེ་ལྟར་ཡིན་ལ། དེ་ལྟ་བུ་མེད་
བཞིན་སྣང་བའི་ཆོ་འཕྲུལ་ཁམས་གསུམ་འཁོར་བའི་མཚན་ཉིད་སྐྱེ་འཆི་འབྱུང་འཇུག་གི་འཁྲུལ་འཁོར་ཟད་པ་མེད་པ་འདི་དག་ཀྱང་། དོན་དམ་པའི་ངོ་བོར་གང་ལས་ཀྱང་མ་བྱུང་། གང་དུ་ཡང་མི་གནས། གར་ཡང་མ་སོང་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་ཙམ་བརྡའ་ཙམ་བཏགས་པ་ཙམ་ལས། ཨ་འཐས་བདེན་གྲུབ་ཏུ་གྱུར་པ་ནི། གང་ཡང་མ་མཆིས་ཤིང་། ཡོད་མེད་དང་བདེན་བརྫུན་ཀུན་རྨི་ལམ་གྱི་ཡུལ་སྣང་ལྟ་བུ་ལས་མ་འདས་ལ། བདེན་མི་བདེན་དུ་འཛིན་བྱེད་མཁན་པོ་ཉིད་ཀྱང་མ་གྲུབ་པའི་ཕྱིར། ཤེར་སྙིང་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མི་འགག་པ། ཅེས་སོགས་གསུངས་པ་རྣམས་དང་། བང་མཛོད་ཀྱི་རྒྱུད་ལས། སྣང་ཚུལ་ཅིར་ཡང་སྣང་བ་སྟེ། ཡིན་ཚུལ་ངེས་པ་མེད་པ་ཡིན། ཞེས་སོགས་གསུངས་ཤིང་། བྱེ་བྲག་ཏུ། ནང་དོན་ནས་
བཤད་པའི་སྐབས་ཀྱི། སེམས་སྙིང་ལ་གནས་ཚུལ་བཤད་པ་དེ་ནི། སྔགས་ཀྱི་བཞེད་པ་ཁྱད་པར་བ་ཡིན་ཏེ་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བ། ཅེས་གསུངས་པའི་དོན་ལྟར། རྡོ་རྗེའི་ལུས་ལ་གནས་པ་རྩ་དང་གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་གནས་ཚུལ་བཤད་པའི་སྐབས་དོན་ཡིན་ཚེ།། ༈ །།དེ་ལ་རྩའི་གསུམ་དང་འཁོར་ལྔ་ལས་གྱེས་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་དང་། དེ་ལ་བརྟེན་པའི་རླུང་དང་ཐིག་ལེའི་གནས་ལུགས་སོགས་རྒྱུད་སྡེ་ཐ་དད་ཀྱི་དགོངས་དོན་རྣམས་གཅིག་ཏུ་བསྡུས་ནས། ཟབ་མོ་ནང་དོན་གཞུང་འགྲེལ་རྣམས་སུ་ཞིབ་རྒྱས་གསུངས་ཕྱིར། འདིར་གཞན་བརྗོད་དགོས་པར་མ་གྱུར་ལ། སྙིང་གའི་དངས་མ་ལྔ་འདུས་ཀྱི་སྐབས་དོན་ནི། གསར་རྙིང་གཉིས་གའི་རྡོ་རྗེ་ལུས་ཀྱི་སྦས་བཤད་
རྣམས་ནས་གསུངས་པ་ལྟར། སྙིང་ག་དྲན་པ་རྣམ་བཀོད་ཀྱི་རྩ་འདབ་རིན་ཆེན་ཅོད་པན་ལ་སོགས་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོའི་དབུས་ན། རྩ་གསུམ་འདུས་པའི་མདུད་པ་ཧཱུྃ་གི་དབྱིབས་ཅན་གྱི་ཕྱོགས། ངོ་ཁྲོ་འགྲེལ་ཆེན་དུ། རྩ་འདབ་རིན་ཆེན་ཅོད་པཎ་ཟེར་བ་འདི་འདྲ་འཆུག་པ་ཡིན་ཏེ་རིན་ཆེན་པོ་ཟེར་དགོས་པ་ཡིན་གསུང་འདུག་ཀྱང་། འདི་ནི་གསར་རྙིང་ཐམས་ཅད་མཐུན་པར་རྒྱུད་ཀྱི་རྒྱ་དཔེར། རཏྣ་མུ་ཀུ་ཊ་ཞེས་པ་རིན་ཆེན་ཅོད་པཎ་ཡི། ར་གསུངས་སོ། བཞིར་སྦས་པའི་རྩ་མདུད། བྷྲཱུཾ ཨཾ། བཛྲ། ཁཾ་དང་བཞིས་བསྐོར་བ། དེའི་དབུས་ན་ཡང་རྩའི་དངས་མ་བརྒྱད་ཡོད་པ་ལས། དབུས་མ་གསུམ་ནི་ཆོས་ཉིད་ཀྱི་རྩ་ཡིན་པས་སྐུ་གསུམ་འགྱུར་བ་མེད་པའི་རྟེན་བྱེད། མདུན་ན་མེ་ལོང་ཡེ་ཤེས་ཀྱི་རྩ་ཡོད་པས་ཡེ་ཤེས་བཞིའི་རྟེན་བྱེད། གཡས་ན་ཡོན་ཏན་གྱི་རྩ་ཡོད་པས་རག་པའི་ཞིང་དང་གཞལ་ཡས་ལ་སོགས་འཆར་གཞིའི་རྟེན་བྱེད། གཡོན་དུ་
དུག་གསུམ་རང་རྒྱུད་པའི་རྩ་གསུམ་ཡོད་པས་འཁོར་བའི་འཁྲུལ་རྟོག་ལས་ཉོན་རྣམས་གསོལ་བའི་རྟེན་བྱེད་པ་ཡོད་ཅིང་།། ༈ །།བྱེ་བྲག་གཞན་ཡང་། ཆོས་ཉིད་ཀྱི་རྩའི་ནང་དུ་འོད་སེར་པོ་ལ་ཀུན་གཞིའི་རྣམ་ཤེས་གནས་པའི་རྟེན་བྱེད་ཅིང་འོད་དེ་ནི་ཤའི་དངས་མ་ལས་གྲུབ་པ་ཡིན་པ་དང་། དེ་བཞིན་དུ་ཡེ་ཤེས་ཀྱི་རྩའི་ནང་དུ་དབུགས་ཀྱི་དངས་མའི་འོད་མཐིང་ག་ནི་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་གནས་དང་། ཡོན་ཏན་གྱི་རྩའི་ནང་དུ་འོད་དམར་པོ་ཁྲག་གི་དངས་མ་ནི་ཉོན་ཡིད་ཀྱི་རྟེན་གནས་དང་། རང་རྒྱུད་ཀྱི་རྩའི་ནང་དུ་དྲོད་ཀྱི་དངས་མ་འོད་དམར་ནག་ལ་སྒོ་ལྔའི་རྣམ་ཤེས་གནས་པའི་རྟེན་བྱེད་ལ། གཞན་ཡང་། དབུས་རྩ་ལ་རྩའི་སྙིགས་མ་ལས་གྲུབ་པའི་ཡི་གེ་སུ་དང་ཏྲི་ཡོད་པས་ལྷ་མ་ཡིན་དང་བྱོལ་སོང་དུ་སྐྱེ་བའི་བག་ཆགས་ཀྱི་ས་བོན་དང་རྒྱུ་བྱེད་ལ། དེ་སྦྱོང་བྱེད་
སྐུའི་སྙིང་པོ་ཨོཾ་ཡིག་གནས་པ་དང་། མདུན་རྩའི་ནང་ན་དབུགས་ཀྱི་སྙིགས་མ་ལས་གྲུབ་པའི་ཨ་དང་ནྲི་གཉིས་ནི་ལྷ་དང་མིར་སྐྱེ་བའི་ས་བོན་དང་། དེ་སྦྱོང་བྱེད་ཐུགས་ཀྱི་སྙིང་པོ་ཧཱུྃ་ཡིག་ཡོད། གཡས་རྩའི་ནང་དུ་ཁྲག་གི་སྙིགས་མ་ལས་པྲེ་དང་དུ་གཉིས་ཡི་དྭགས་དང་དམྱལ་བར་སྐྱེ་བའི་ས་བོན་ཡོད་ཅིང་། དེ་སྦྱོང་བྱེད་གསུང་གི་སྙིང་པོ་ཨཱཿཡིག་གནས་པ་སྟེ། དེ་ལྟར་མ་དག་རིགས་དྲུག་གི་རྒྱུ་དང་ས་བོན་གྱི་ཡིག་གཟུགས་དེ་དག་ལས་དུག་ལྔ་དང་སེར་སྣ་སོགས་ཉོན་མོངས་པའི་རྟོག་ཚོགས་འབྱུང་བ་ནི་སྦྱང་གཞི་དང་སྦྱང་བྱ་ཡིན་ལ། རྒྱལ་བ་སྐུ་གསུམ་གྱི་སྙིང་པོ་འབྲུ་གསུམ་པོ་དེ་ལས་ནི་བསྐྱེད་པའི་ལྷ། བཟླས་པའི་སྔགས། བསྒོམ་པའི་ཏིང་འཛིན་ལ་སོགས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྣམ་རོལ་ཐམས་ཅད་འབྱུང་བ་ནི་སྦྱོང་བྱེད་ཡིན་ཞིང་། དེའི་མཐུས་སྦྱང་འབྲས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ནུས་པ་མཐར་
ཕྱིན་ཚེ་རྒྱལ་བ་སྐུ་གསུམ་མངོན་དུ་འགྱུར་བའི་གནད་དོན་ཡང་འདི་ཉིད་ཡིན་པར་གསུངས་སོ། ༈ ཁྱད་པར་དུ་དེ་དག་ཐམས་ཅད་ཀྱི་དབུས་ན། རྩ་དབུ་མའི་མདངས་མ་ལས་གྲུབ་པའི་རྩ་མདུད་བྲལ་མའམ། ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཡང་ཟེར། རྩའི་རྒྱལ་པོ་རི་བོང་མིག་ཀྱང་ཟེར། བྷ་སནྡྷུ་ཡང་ཟེར་བ་སྟེ། ཕྲ་ཞིང་མཉེན་པ། གསལ་ལ་དངས་པ། དར་དཀར་གྱི་སྐུད་པ་ལྟ་བུའི་རྩ་སྣ་དབྱིབས་གཡེར་མ་ཁ་བྱེ་བ་བཞིན་ཡོད་པ་དེ་ཉིད། ཕལ་པ་རྣམས་ལ་ཁ་ཐུར་དུ་བསྟན་ཞིང་ཟུམ་ནས་ཡོད་པ། ཉམས་རྟོགས་ཅན་དང་སྐྱེས་ཆེན་བྱང་སེམས་རྣམས་ཁ་ཅུང་ཟད་བྱེ་བ་འཕྲེད་དུ་བསྟན་པ་དང་། གྲུབ་པ་མཐར་སོན་པའམ་སངས་རྒྱས་ལྟ་བུ་རྣམས་ལ་ཁ་བྱེ་ཞིང་གྱེན་དུ་བསྟན་ནས་ཡོད་པའི་མཐུས་མཁྱེན་བརྩེ་ཡེ་ཤེས་རྒྱས་པར་བཤད་ཅིང་། རྩ་མཆོག་དེ་ཉིད་ཀྱི་དབུས་སུ་གཞི་གནས་ཡེ་ཤེས་ཀྱི་
ངོ་བོ་མི་ཤིག་པའི་ཐིག་ལེ་ཡུང་ཀར་གྱི་ཚད་ཙམ་ཆུ་ཤེལ་ལམ་དངུལ་ཆུ་གཡའ་བྲལ་གྱི་ཁ་དོག་ལྟ་བུ་དབྱིབས་ཧཱུྃ་གི་རྣམ་པ་ཅན་དངས་མ་ལྔའི་འོད་ཀྱི་ར་བས་བསྐོར་བ་ཡོད་དེ། དེ་ནི་རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་གདོད་མའི་གནས་ལུགས་དོན་དམ་པའི་བདེན་པ་གསལ་སྟོང་ཟུང་འཇུག་ཆེན་པོར་བཞུགས་པ་སྟེ། ༈ འདི་ལ་འགའ་ཞིག །མུ་སྟེགས་རྟག་ལྟ་བ་རྣམས་སྙིང་གི་དཀྱིལ་དུ་སེམས་ཀྱི་དངོས་པོ་ཐིག་ལེ་སྒོ་ང་འདྲ་བ་བསྲ་འཐས་མི་འཇིག་པ་ལུས་ཆེ་ཆུང་སོ་སོར་དེ་ཉིད་ཀྱང་ཆེ་ཆུང་དེ་དང་མཐུན་པ་ཞིག་ཡོད་པར་འོད། འདི་སྐབས་ཀྱི་དངས་མ་ལྔ་འདུས་ཀྱི་ཐིག་ལེ་གཅིག་གོ་ཞེས་སྐུར་པ་འདེབས་མོད་ཀྱང་།། ༈ །།འདི་ནི་སྣང་ལ་རང་བཞིན་མེད་པ་ཡེ་ཤེས་ལྔ་རྫོགས་ཀྱི་ངོ་བོ་ཡིན་ཚེ། །དེ་གཉིས་མཚུངས་པའི་གནས་མེད་དོ། །དེ་ཡང་། དཔལ་ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། སྙིང་གའི་དབུས་གྱུར་
པདྨོ་ནི། །འདབ་མ་བརྒྱད་དང་ལྟེ་བར་བཅས། །དེ་ཡི་དབུས་སུ་གྱུར་པའི་རྩ། །མར་མེ་ལྟ་བུར་གཟུགས་ཅན་ཏེ། །ཆུ་ཤིང་མེ་ཏོག་ལྟ་བུ་དབྱིབས། ཁ་ནི་ཐུར་དུ་བལྟས་ཏེ་དཔྱང་། །དེ་ཡི་དབུས་གནས་དཔའ་བོ་ནི། །ཡུང་ཀར་སྦོམ་པའི་ཚ་ཙམ་སྟེ། །ཧཱུྃ་གི་ས་བོན་མི་ཤིག་དང་། ཁ་བ་ལྟ་བུར་འཛག་པ་ཉིད། །བྷ་སནྟ་ཞེས་བཤད་པ་ཡིན། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །ཅེས་པ་དང་། ཀློང་གསལ་འབར་བ་ཉི་མའི་གསང་རྒྱུད་ལས། ཀུན་གསལ་ཀ་ཏི་ཤེལ་སྦུག་ཅན། །གཞི་གནས་ཡེ་ཤེས་ཆེན་པོའི་སྐུ། །པདྨོ་ཁ་འབུས་ནང་ནས་བཞེངས། །དཀྱིལ་འཁོར་ཡོངས་རྫོགས་དབྱིངས་སུ་འཆར། །ཞེས་པ་དང་། དྲི་མ་མེད་པ་སྙིང་པོའི་རྒྱུད་ལས། དྷཱུ་ཏི་ལུས་ཀྱི་སྲོག་ཤིང་ལྟ། །ཡས་མན་བསྐྱེད་ཅིང་འཁོར་ལོ་ལྔ། །ཟངས་དུང་ལྦ་བའི་གདུགས་རྩིབས་བཞིན། །
དེ་ཡི་སྙིང་པོ་དངས་མའི་རྩ། །དབུ་མ་ཆོས་ཉིད་དོན་གྱིས་རྩ། །སྐྱེ་བ་མེད་པའི་ལམ་ཆེན་པོ། །རྩ་རྣམས་དེ་ལས་གྱེས་པ་ནི། །དཔག་བསམ་ཤིང་ཆེན་རྒྱས་པ་ལྟར། །དེ་དཀྱིལ་སྙིང་གར་འདུས་པས་ནི། །སྙིང་ཞེས་རྣམ་ཤེས་སྲོག་གི་རྟེན། །ཤ་ཡི་དངས་མ་དབུ་མའི་རྩ། །དྲོད་ཀྱི་དངས་མ་ཨ་ཐུང་མེ། །ཐིག་ལེའི་དངས་མ་བདེ་ཆེན་ཧཾ། །དབུགས་ཀྱི་དངས་མ་སྲོག་གི་རླུང་། །ཡིད་ཀྱི་དངས་མ་ཀུན་གཞི་སེམས། །དངས་མ་ལྔ་འདུས་ར་བ་ན། །སྙིང་པོ་ཡེ་ཤེས་དོན་གྱི་ལྷ། །ཐོག་མའི་སངས་རྒྱས་སྤྱིས་མིས་བཞུགས། །ཅེས་པ་དང་། སྙིང་དཀྱིལ་རྩ་ཡི་རྒྱལ་པོ་ནི། །རི་ཝོང་མིག་ཅེས་བྱ་བ་ཡོད། །གཡེར་མའི་ཁ་བཞིན་འབྱེད་འཛུམ་ཅན། །སེམས་ཅན་རྣམས་ལ་ཁ་ཐུར་བལྟ། །སྣང་བ་གཏི་མུག་རྣམ་པར་འགྲིབ། །སྒོམ་གྱིས་ཡོན་ཏན་འཕྲེད་ལ་བྱེ། །འཁོར་འདས་གཉིས་སྣང་སྒྱུ་མར་འཆར། །སངས་རྒྱས་
རྣམས་ལ་ཁ་ཡར་བལྟ། །ཡེ་ཤེས་སྣང་བ་རྒྱས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། འདི་ནི་རྙིང་ལུགས་གཅིག་པུར་ཡང་མ་ཟད། གསར་མའི་རྒྱུད་སྡེ་མང་པོར་ཡང་གསུངས་ཏེ། གོང་དུ་བརྗོད་པའི་ཁ་སྦྱོར་གྱི་རྒྱུད་ཚིག་དེའི་འཕྲོར།། ༈ །།རྩ་ཡི་མཛེས་སྤྱི་ལས་བྱུང་བ། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པ་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་ཉིད་དེ། །ཡུང་ཀར་གྱིས་ནི་སྦོམ་ཕྲ་ཙམ། །ཞེས་སོགས་དང་། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེས་བུ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། ཞེས་དང་། གཞན་ཡང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །སོགས་དང་། ས་ར་ཧས་ཀྱང་། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ན། །
ལུས་ལ་ཡེ་ཤེས་ཡོད་པར་མ་རྟོགས་སོ། །ཅེས་དང་། གཞན་ཡང་གྲུབ་ཐོབ་རྣམས་ཀྱིས་མཛད་པའི་གཞུང་། ནག་པོ་པའི་དཔྱིད་ཐིག་སོགས། འགྲེལ་མན་ངག་མང་པོར་འདི་ཁོ་ན་ལྟར་བཤད་ལ། མདོར་ན་ལུས་སེམས་རྩ་རླུང་རྣམས་ཚོགས་པའི་རྟེན་འབྲེལ་ལས། སྙིང་གའི་དངས་མ་ལྔ་འདུས་ཀྱི་ཐིག་ལེ་འདི་ནི་དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་གཞི་ཡིན་པའི་གནད་ཀྱིས་འོད་གསལ་བསྒོམ་པའི་ཐབས་གནད་ཀུན་སྙིང་གར་རག་པ་དང་། སྐྱེད་རིམ་ལྷའི་རྣལ་འབྱོར་ཐམས་ཅད་ལ་ཡང་ཐུགས་སྲོག་ས་བོན་འབའ་ཤིག་ལ་བརྟེན་དགོས་པ་དང་། སེམས་དཔའ་གསུམ་རྩེགས་སོགས་དང་། སྔགས་འཕྲེང་བསྐོར་བ་དང་སྤྲོ་བསྡུའི་ཏིང་འཛིན་མཐའ་དག་ཐུགས་ཀ་ནས་བྱེད་པ་ཡང་གནད་འདི་ཡིན་པ་དང་། དམ་ཚིག་སེམས་དཔའ། ཡེ་ཤེས་སེམས་དཔའ། ཏིང་འཛིན་སེམས་དཔའ། སྐྱེ་འགྲོ་རྣམས་མཐར་འཆི་བའི་ཚེ་ཡང་རླུང་སེམས་ཐིག་ལེ་དང་བཅས་པ་སྙིང་ཁར་ཕྲད་པའི་རྐྱེན་གྱིས། གཞི་གནས་ཀྱི་འོད་
གསལ་འཇག་མིག་གི་སྲིན་བུ་ཡན་ཆད་ལ་འཆར་ཞིང་། ཉམས་ལེན་གྱི་ནུས་ལྡན་རྣམས་བར་དོ་དང་པོར་གྲོལ་བའི་གནད་ཀྱང་འདི་ཡིན་པ་དང་། གཞན་ཡང་། རླུང་སེམས་དབུ་མར་ཆུད་པའི་ཡོན་ཏན་ཐམས་ཅད་ཀྱང་གནད་འདི་ལ་བརྟེན་པའི་ཕན་ཡོན་དུ་གསུངས་ལ།། ༈ །།རྙིང་ལུགས་ལས་ནི། རྫོགས་ཆེན་སྐོར་གྱི་ཉམས་ལེན་མན་ངག་རྣམས་སུ། ཙིཏྟ་ཤའི་སྒྲོན་མ། དཀར་འཇམ་རྩའི་སྒྲོན་མ། རྒྱང་ཞག་ཆུའི་སྒྲོན་མ། དབྱིངས་རྣམ་དག་གི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་སྟེ། སྒྲོན་མ་དྲུག་དང་། དེའི་སྟེང་དུ། གནས་ལུགས་གཞིའི་སྒྲོན་མ། བར་དོ་དུས་ཀྱི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ་དང་བཅས་ཏེ། སྒྲོན་མ་དགུ་སྐོར་ཐམས་ཅད་ཀྱང་འདི་སྐབས་ཀྱི་གནད་དོན་འབའ་ཤིག་ཡིན་པ་དང་། ཆོས་བཀའ་དེ་དག་གི་སྐབས་རྣམས་སུ། རྣལ་འབྱོར་པའི་
ལུས་ལ་རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་ཞུགས་ཚུལ་བཤད་པའི་སྐབས་སུ། སྙིང་གའི་དངས་མ་ལྔ་འདུས་མི་ཤིག་པའི་ཐིག་ལེ་ནི་རྒྱལ་བ་རིགས་ལྔ་སོགས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། དེའི་འོད་གདངས་ཀྱི་རྩལ་ལས་ཀླད་པ་དུང་ཁང་ན་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་དང་བཅས་པ་རྣམས་ངོ་བོ་སྐུ། རང་བཞིན་འོད་རྣམ་པ་ཐིག་ལེ་དངས་མའི་ཚུལ་དུ་བཞུགས་པ་དག །ཆོས་ཉིད་བར་དོའི་ཚེ་རང་སྣང་གི་འཇིག་རྟེན་ཁམས་ཀུན་ཁེངས་པར་འཆར་བ་ལ། གདམས་པའི་གནད་ཀྱི་ཟིན་ན་གྲོལ་ཞིང་། རང་སྣང་དུ་མ་ཤེས་པར་གཞན་དུ་འཁྲུལ་ན་འཇིགས་སྐྲགས་སྐྱེས་ཏེ་གྲོལ་མི་ཐུབ་པའི་ཚུལ་སོགས་རྒྱ་ཆེར་གསུངས་ཤིང་། ངོ་སྤྲོད་ཀྱི་རྣམ་གྲངས་མཐའ་ཡས་པ་མཆིས་ནའང་། ཆོས་རྒྱུད་གཞན་རྣམས་ཀྱིས་ནི་སྤྱིར་རྙིང་མའི་ཆོས་དང་། ཁྱད་པར་རྫོགས་པ་ཆེན་པོ་ལ་ནི་མུ་སྟེགས་པའི་ལུགས་ལྟ་བུར་བལྟས་ནས་ཆོས་
ཀྱི་ཁྱུར་ཡང་མི་ཚུད་པར་འདོར་མཁན་མང་ལ། རྙིང་མ་བར་འདོད་པའི་གང་ཟག་ཕལ་མོ་ཆེས་ནི། བསྲུང་བཟློག་གསད་མནན་དང་། གཏོ་མདོས་རྩིས་གསུམ་སོགས་ལ་མགོ་འཁོར་ཞིང་། དེ་དག་གིས་རྙེད་པའི་ཟས་ནོར་ཅུང་ཟད་རྣམས་ཀྱིས་བུ་སྨད་གསོ་བའི་ངང་ལ་མི་ཚེ་བསྐྱལ་མཁན་ཤ་སྟག་མ་གཏོགས། ཟབ་ཆོས་རྫོགས་པ་ཆེན་པོའི་ཉམས་ལེན་ལྟ་ཞོག །གླེགས་བམ་དག་ཀྱང་འབུ་སྲིན་གྱི་ཚང་མལ་དུ་བསྐྱུར་བ་འདི་འདྲའི་གནས་སྐབས་ལ། རང་ཉིད་སྐྱོ་ཤས་འཕེལ་བ་ཙམ་མ་གཏོགས་གཞན་ཐབས་ཀྱི་དབེན་པར་ཟད་ཅིང་། ༈ སྐུ་ཉིད་ལྟ་བུ་མཁྱེན་རབ་ཀྱི་སྤྱན་ཡངས་པ་རྣམས་ནི། རྙིང་མའི་ཡིག་ཆ་རྣམས་ལ་མ་ལྟོས་པར། གྲུབ་ཆེན་པཀྴིའི་བཀའ་འབུམ་ཁྲོད་ཀྱི་བསྟན་པ་མཐའ་ཡས་རྒྱ་མཚོ་གཅིག་པུ་ལ་གཟིགས་ན་གྱི་ལྟ་གྲུབ་རྣམས་ཇི་ལྟ་བར་གསལ་བ་དང་། ཀུན་མཁྱེན་
རང་བྱུང་རྡོ་རྗེས་བི་མ་ལ་ཞལ་གཟིགས་པའི་སྐབས་སུ་མཛད་པའི་ཟབ་ཆོས་ཀརྨ་སྙིང་ཏིག་གཅིག་པུས་ཀྱང་རྫོགས་ཆེན་སྙིང་ཏིག་མཐའ་དག་གི་དགོངས་དོན་འཁྲོལ་ནུས་པ་ལགས་མོད། ཅེས། འཕྲོས་དོན་དུ་གསོལ་བའོ།། ༈ །།དེ་ལྟར་སེམས་ཀྱི་རྟེན་གནས་སྙིང་ག་ཡིན་པར་བཤད་པའི་སྐབས་འདི་དང་མཚུངས་པར། ཐ་མལ་པ་རྣམས་ཀྱང་ལུས་ཀྱི་གཉན་ས་སྙིང་ཡིན་པར་བྱེད་ཅིང་།། ༈ །།གསོ་བ་རིག་པའི་གཞུང་ལས་ཀྱང་། ཇི་སྐད་དུ། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། སྙིང་ལ་སྲིད་དེ་རྩ་བྲན་ལྔ་བརྒྱས་བསྐོར། །ཞེས་སོགས་གསུངས་པ་དང་།། ༈ །།ཚེ་དང་བླ་སྲོག་གནས་པའི་རྟེན་ཡང་སྙིང་ག་ཡིན་ཕྱིར། སྒྲལ་ལས་མཁན་པོ་རྣམས་ཀྱི་དམིགས་ཡུལ་ཡང་དེར་གཏོད་པར་བཤད་གདའ་བ་དང་།། ༈ །།གཞན་ཡང་། གསང་སྔགས་འོག་མ་དག་ལས་ཀྱང་དགོངས་དོན་ཆ་མཐུན་ཕྱིར། རྣམ་སྣང་མངོན་བྱང་སོགས་ལས་
གསུངས་པ་བཞིན། དབང་ཆོག་མང་པོར། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སྒོམ་ཚུལ་སོགས་གསུངས་པ་དེ་དག་ཀྱང་སྙིང་གའི་མི་ཤིག་པའི་ཐིག་ལེའི་བརྡའ་དོན་དུ་སྣང་ལ།། ༈ །།ལར་གསང་སྔགས་ཀྱི་ཉམས་ལེན་མཐར་ཕྱིན་ཚེ་རང་སྣང་དོན་གྱི་འོག་མིན་དུ་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བར་བདེ་དགྱེས་གསང་གསུམ་དང་དུས་འཁོར་ལས་གསུངས་པ་དང་། རྫོགས་ཆེན་ལས་སྙིང་གར་ལོངས་སྐུའི་དཀྱིལ་འཁོར་བཞུགས་ཚུལ་དང་། ཆོས་ཉིད་བར་དོའི་འཆར་ཚུལ་གྲོལ་ཚུལ་བཤད་པ་སོགས་ཐམས་ཅད་དོན་གྱི་དགོངས་པ་ལ་ཁྱད་པར་མི་འདུག་པ་དང་། ༈ ཕྱི་ནང་གཞན་གསུམ་གནས་གཅིག་པའི་མཐུས། མི་འཇེད་འདིར་བསྐལ་བཟང་གི་སངས་རྒྱས་སྟོང་རྣམས་མངོན་པར་རྫོགས་པ་
སངས་རྒྱ་བའི་གནས་ཀྱང་འཛམ་གླིང་གི་སྙིང་པོ་རྡོ་རྗེ་གདན་ཁོ་ནར་མཛད་པ་ཡང་། ཕྱི་ནང་གི་རྟེན་འབྲེལ་གནད་གཅིག་པའི་རྟགས་ཡིན་པར་གསུངས་སོ། དེ་ལྟར་ཉིད་ཀྱི་དྲི་རྨད་མཛད་པའི་ལན་དོན་གཞན་རྣམས་ཕྱོགས་མཚོན་ཙམ་ཕུལ་ནས། ད་ནི་སྒོམ་ཕྱག་རྒྱ་ཆེན་པོ་དངོས་གཞིའི་སྐབས་དོན་ལ། ཉིད་ཀྱི་གསུངས་ལས། མཉམ་བཞག་གི་ཚེ། ལྟ་སྟངས་ནམ་མཁའ་དང་ས་གཞི་སོགས་གང་དུ་གཏད་པ་དེར་གནས་ཤིང་། དེ་དང་དེའི་ཁ་དོག་གསལ་ཡང་དེར་འཛིན་བྲལ་བར་སྣང་ཚུལ་སོགས་གསུངས་པ་འདི་ལ།། ༈ །།སྤྱིར་ལས་དང་པོ་པ་ལ་སྒོམ་མ་སྐྱེས་པར་སྐྱེ་བར་བྱེད་པའི་ཐབས་ཀྱི་རྣམ་སྣང་གི་ཆོས་བདུན་དང་། མིག་གི་ལྟ་སྟངས་སོགས་གལ་ཆེ་བར་བཤད་པ་དང་། ཁྱད་པར་ཞི་གནས་མཚན་བཅས་ཤིང་བུ་རྡེའུ་སོགས་ལ་བརྟེན་ནས་བསྒོམ་པའི་དུས་སུ་ནི་མིག་དང་སེམས་རྩེ་གཅིག་ཏུ་གཏད་དགོས་
པ་ལགས་ཤིང་། གང་དུ་གཏད་པའི་ཡུལ་དེ་ཉིད་སྣང་ལ་དེར་འཛིན་བྲལ་བ་དེ་ལའང་འདྲ་མིན་གཉིས་མཆིས་ཏེ། ཡུལ་སྣང་ལ་གསལ་ཆའི་ཡུ་རིས་མ་ཕྱེད་པར་ཧང་ངེ་བའི་བཏང་སྙོམས་པ་དེ་ནི་སྒོམ་གྱི་ངོ་བོ་མ་ཡིན་ཞིང་། ཤེས་པ་ཧད་པོ་ཅེས་བྱ་བ་ཡིན་ལ། ཡུལ་སྣང་མཐའ་དག་སྐྱོན་མེད་དུ་གསལ་ཞིང་། ཚོགས་དྲུག་གི་འཆར་སྒོ་ཐམས་ཅད་ཇི་ལྟ་བར་ཚོར་བཞིན་དུ། སེམས་ཉིད་དངུལ་ཆུ་ས་ལ་འཕོ་བ་ལྟར་ལྷད་མེད་དུ་རང་ངོ་ཧྲིག་གེ་རིག་པ་ཞིག་དགོས་པར་བཞེད་དེ། དེའི་ཕྱིར་ཞེན་འཛིན་གྱི་ལྷད་དང་མ་འདྲེས་ན། སྣང་ཡུལ་སྤོང་དང་དགག་པ་སོགས་བྱེད་མི་དགོས་ཏེ། སེམས་ཉིད་ལྷན་སྐྱེས་ཀྱི་རང་མདངས་ཡིན་པའི་ཕྱིར་རོ། དེ་སྐད་དུ། ཏེ་ལོ་ཞབས་ཀྱིས། སྣང་བས་མ་བཅིངས་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་
དང་། མར་པས་ཀྱང་། སྤྱིར་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཕྱི་ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་བ་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་རྣམ་པར་དག །ཅེས་གསུངས་པ་ལྟར་ཡིན་མོད་ཀྱི།། ༈ །།ལར་ཡང་། གོང་དུ་བཤད་པ་བཞིན་ཞི་གནས་ཀྱི་སྐབས་རྣམས་སུ་ནི་མིག་གི་ལྟ་སྟངས་སོགས་གནད་ཆེ་བའི་ཕྱིར། རྫོགས་ཆེན་རྣམས་ལས་ཀྱང་། སེམས་མི་གནས་པ་གནས་པར་བྱ་ཕྱིར་ཉན་ཐོས་ཞི་བའི་ལྟ་སྟངས། གནས་པ་བརྟན་པར་བྱ་ཕྱིར་བྱང་ཆུབ་སེམས་དཔའི་ལྟ་སྟངས། བརྟན་པར་གྲོལ་བར་བྱ་ཕྱིར་ཁྲོ་བོའི་ལྟ་སྟངས་སོགས་རྣམ་གྲངས་དུ་མར་གསུངས་མཆིས་ཏེ།། ༈ །།སྒོམ་ཕྱག་རྒྱ་ཆེན་པོ་དངོས་གཞི་ཞི་ལྷག་དབྱེར་མེད་ཉམས་སུ་ལེན་པའི་ཚེ་ནི། ལྟ་སྟངས་སོགས་རྩོལ་བཅས་ལ་རག་
མ་ལུས་པ་ཞིག་གལ་ཆེ་སྟེ། རྗེ་ཀོ་བྲག་པས། ང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ། ལུས་གནད་ལྟ་སྟངས་སེམས་འཛིན་མེད། གང་ཤར་གྱི་རྣམ་རྟོག་འདི་ཀ་སྐྱོང་། ཞེས་གསུངས་པ་ལྟར། འགྲོ་འདུག་ཟ་ཉལ་ཐམས་ཅད་སྒོམ་དང་བསྲེ་དགོས་ཕྱིར། ལུས་ཀྱི་འདུག་སྟངས་དང་མིག་གི་ལྟ་སྟངས་སོགས་རྣམ་པ་ཀུན་ཏུ་དགོས་པ་ནི་མ་ལགས་སོ།། ༈ ཡང་ཉིད་ཀྱིས། སྐད་ཅིག་སྐད་ཅིག་ལ་གནས་ཤིང་། །སྐད་ཅིག་སྐད་ཅིག་ལ་འགྱུར་བ། །ཞེས་སོགས་གསུངས་པ་ལ་ནི།། ༈ །།སྤྱིར་ཁྲིད་རིམ་གྱི་ཕྱག་བཞེས་ཕལ་ཆེ་བར། དང་པོ་ནི་སྔར་བཤད་པ་བཞིན་སེམས་ཀྱི་གནས་ཆ་གཏན་ལ་འབེབ་པའི་ཐབས་དུ་མའི་སྒོ་ནས་བསླབས་ཏེ། རྣམ་རྟོགས་གི་རྦ་རླབས་རང་སར་ཞི་བར་མ་བྱས་ན། རང་བྱུང་གི་ཡེ་ཤེས་རྗེན་པ་ངོས་མི་ཟིན་པས། གནས་ཆའི་རིམ་པ་རབ་འབྲིང་ཐ་གསུམ་རྒྱུད་ལ་སྐྱེ་དགོས་པར་
གསུངས་ཤིང་། སྒོམ་གྱི་གཞི་རྟེན་པ་ཡིན་ཏེ། རྗེ་དུས་གསུམ་མཁྱེན་པས། སེམས་ཀྱི་རྟ་ཕོ་སྲབ་མེད་དེ། སྔོན་ཆད་ལོག་པའི་ལམ་ལ་རྒྱུགས། ད་ལྟ་ཡང་དག་གི་ཐུར་ལ་ཟིན། །ཞེས་གསུངས་པ་ལྟར་ཡིན་ཚེ་གནས་ཆ་མ་རྙེད་པར་ཇི་ལྟར་སྒོམས་ཀྱང་སོ་ཐུབ་པ་ཅིག་དཀའ་བར་གསུངས་ཏེ། གྲུབ་ཆེན་ཨོ་རྒྱན་པས། དྲན་པས་མ་ཟིན་འཁྲུལ་པའི་བློ། །རིག་པ་འཕྱོ་སང་འཁྱེར་བ་དེ། །བྱ་སྤུ་རླུང་གི་བསྐྱོད་འདྲའི་སེམས། །གཉུག་མའི་རང་སོ་ཟིན་པར་དཀའ། ཞེས་སོགས་གསུངས་ཕྱིར། གནས་པ་ལ་རང་དབང་ཐོབ་དགོས་ལ།། ༈ །།འོན་ཀྱང་གནས་པ་ལ་དེ་ཁོ་ན་སྒོམ་ཡིན་པར་སེམས་ཤིང་། འགྱུར་བ་སོགས་གཞན་ཐམས་ཅད་མིན་པར་འདོད་ན་ལྷག་མཐོང་། ངོ་མི་འཕྲོད་པའི་སྐྱོན་ཡིན་ཞིང་སྒོམ་གྱི་མུ་གེ་འབྱུང་བས་ན།། ༈ །།གནས་ན་གནས་ཐོག་ཏུ་སྐྱོང་ཞིང་། འགྱུ་ན་འགྱུ་ཐོག་ཏུ་
རང་ངོ་ཤེས་པར་བྱ་བ་སྟེ། རྒོད་ཚང་པས། རང་གི་སེམས་ལ་ཅེར་གྱི་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །མེད་པའི་ངང་ལ་ལྷོད་དེ་ཞོག །ཡལ་ལེ་ཆད་དེ་འཛིན་མེད་ཞོག །ཡང་ཅིག་རྣམ་རྟོག་སྐྱེས་པ་ན། །ངོ་ཡིས་ཚིར་གི་བཟུང་མཛོད་ལ། །ཁོ་རང་ཐོག་ཏུ་ལྷོད་དེ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །ཕྱི་ཡི་ཡུལ་ལ་ཅེར་གྱི་ལྟོས། །རང་སྣང་སྒྱུ་མ་ལྟ་བུ་ཡིན། །གང་ཤར་ཐོག་ཏུ་འཛིན་མེད་ཞོག །བར་གྱི་རིག་པ་ཁྲོལ་དུ་གཞུག །འགྱུ་བ་དངོས་མེད་སེར་དབུ་འདྲ། །འཛིན་པ་མ་ཞུགས་འགྱུས་པས་ཆོག །རང་ངོ་ཤེས་པས་དགག་སྒྲུབ་བྲལ། །དེ་ལ་རྣམ་རྟོག་སྒོམ་ཤར་ཟེར། །ཞེས་གསུངས་པ་ལྟར་ལགས་ཚེ་དྲན་རིག་གིས་ཟིན་ན་འགྱུ་བ་ཡང་སྒོམ་ལས་མ་འདས་པས། གནས་ཆ་ཡུན་རིང་པོར་གནས་པའི་ངེ་ས་མི་འོང་ཞིང་། དོན་ལ་
གནས་འགྱུ་གཉིས་ག་སྒོམ་དུ་འཁྱེར་ཤེས་པ་ཞིག་གལ་ཆེ་བ་ལགས། ཡང་ཉིད་ཀྱིས། འགྱུ་རྗེས་སུ་གནས་པ་དེ་ན་བུན་ཡལ་བ་འདྲ་བ། གནས་རྗེས་སུ་འགྱུ་བ་དེ་སྤྲིན་གསར་སྐྱེས་པ་འདྲ་བ། སོགས་གསུངས་པ་དེ་ནི། སེམས་ཉིད་ཁོ་རང་གཅིག་པུ་སྟེ། རེས་འགའ་གནས་པར་ཤར་ཞིང་རེས་འགའ་འགྱུ་བར་ཤར་བ་མ་གཏོགས་སེམས་གཉིས་མ་གྲུབ་པའི་ཕྱིར། གནས་དུས་ན་འགྱུ་མཁན་མེད་ལ། འགྱུ་དུས་ན་གནས་མཁན་མེད་དེ། དོན་དམ་པར་གནས་པ་དང་འགྱུ་བ་སོགས་ཅིར་ཤར་ཅིར་སྣང་མཐའ་དག་སེམས་ཉིད་ཅིག་བུའི་འཆར་ཚུལ། མེད་བཞིན་སྣང་བའི་སྒྱུ་འཕྲུལ་ཏེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོགས་དང་། རྗེ་རང་བྱུང་གི་ཕྱག་ཆེན་སྨོན་ལམ་དུ། སྣང་ཡང་སེམས་ལ་སྟོང་ཡང་སེམས་ཉིད་དེ། །རྟོགས་
ཀྱང་སེམས་ལ་འཁྲུལ་ཀྱང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགག་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །ཅེས་གསུངས་པ་དང་། ཡང་དགོན་པས་ཀྱང་། བློ་རྟོག་པ་རུ་འགྱུ་བ་གནས་ལུགས་ཀྱི་སྒོ་རང་ངོ་ཤེས་པ་ཉམས་ལེན་གནད། ཅེས་གསུམ་པ་བཞིན། ཐ་མལ་འཁྲུལ་རྟོག་ཨ་འཐས་ཀྱི་དབང་དུ་མ་ཤོར་བར་རང་རིག་གི་དྲན་པས་ཟིན་པ་ཞིག་དགོས་པ་མ་གཏོགས། གནས་འགྱུར་གཉིས་ལ་བཟང་ངན་སྤོང་ལེན་ནི་ཅུང་ཟད་ཀྱང་དགོས་པར་མ་གསུངས་ཏེ། འབའ་ར་བས། ཕྱག་རྒྱ་ཆེན་པོ་ཅེས་བྱ་བ། །ལོག་ན་ཡོར་རེ་བ་ཞིག་མེད། །ད་ལྟའི་སྣང་བ་སྣ་ཚོགས་འདིའི། །རང་སྒོ་སྐྱོང་བ་ཕྱག་རྒྱ་ཆེ། །གང་ཤར་འཛིན་པ་མེད་པ་ལ། །རང་སོར་སྐྱོང་བ་ཕྱག་ཆེན་ཡིན། །ཨེ་མ་
ཕྱག་རྒྱ་ཆེན་པོ་འདི། །གཉེན་པོས་སྣ་བསྐྱིལ་མ་བྱེད་པར། ཁ་ཡན་སྐྱོང་དང་གུ་རེ་ཡངས། །བློ་ཡི་གཉེར་ཁ་མ་བྱེད་པར། །རང་སར་ཞོག་དང་སོས་རེ་དལ། །གང་བྱུང་ཅིས་ཀྱང་ཆོག་པས་ན། །དགག་སྒྲུབ་མེད་པས་ཁོག་རེ་ཡངས། །ཅེས་སོགས་གསུངས་པ་ལྟར། སེམས་གནས་ན་གནས་ཐོག་ཏུ་ལྷོད་དེ། འགྱུར་ན་འགྱུ་ཐོག་ཏུ་ཁྲོལ་ལེ། སྣང་ན་སྣང་ཐོག་ཏུ་ལམ་མེ། གང་དང་གང་ལྟར་འདུག་ཀྱང་བཟོ་བཅོས་དང་སྤྲོ་བསྡུ་སོགས་ཀྱི་སེམས་ལ་ལས་མི་བཀོལ་བར། རང་ལ་རང་གིས་ངོ་ཤེས་ཙམ་པའི་ངང་ལ་གསལ་ལེ། རྗེན་ནེ། ཧྲིག་གེ། གུ་ཡངས་ཕྱམ་མེ་བར་འཇོག་པ་ལགས་ཤིང་། འཇོག་ཅེས་བཞག་རྒྱུ་དང་བཞག་མཁན་ཐ་དད་དུ་གྲུབ་པ་མེད་དེ། ཆོས་རྒྱལ་སྲོང་བཙན་སྒམ་པོས་བསམ་པ་ཐམས་ཅད་བློ་ཡིན་གྱི། །བློ་ཡི་བྱེད་པ་ཞོག་ལ་ཐོང་། །ཞོག་ཅེས་
བྱ་བའང་ཚིག་ཡིན་པས། །ཚིག་གི་འཛིན་པ་བོར་ལ་ཐོང་། །ཞེས་སོགས་གསུངས་པ་ལྟ་བུ་ཚིག་ཏུ་བརྗོད་པ་ཐམས་ཅད་ཀུན་རྫོབ་ལས་མ་འདས་ཚེ། དོན་དམ་པའི་གནས་ལུགས་ཀྱི་ཡེ་ཤེས་ནི་རང་གི་རྒྱུད་ཐོག་ཏུ་མྱོང་དགོས་ཕྱིར། མིང་དང་ཚིག་གི་མཐའ་ལ་མ་ཞེན་པ་གལ་ཆེ་བར་གདའ་ལགས།། ༈ །།ཡང་ཉིད་ཀྱི་རྐྱེན་བཟང་ངན་གང་ཡང་ཐུག་ཕྲད་ཀྱི་དུས་སུ་གློག་འཁྱུག་པ་འདྲ་བར་སྣང་། གསུངས་པ་ལ།། ༈ །།སྤྱིར་གོང་དུ་བཤད་པ་བཞིན་དྲན་རིག་གིས་ཟིན་པའི་ངང་ནས་ནི་རྐྱེན་སྣང་གང་བྱུང་ཐམས་ཅད་ཀྱང་སྒོམ་དུ་མ་གྱུར་པ་མེད་ལ།། ༈ །།འོན་ཀྱང་། རང་རིག་ལ་མ་བུད་པའི་གནས་ཉམས་འཇམ་འབོལ་ལེ་བ་ལྟ་བུ་ཞིག་ལ་འབྱམས་པའི་འཕྲོར། རྐྱེན་བློ་བུར་བའམ། མི་སྐད་ཁྱི་སྐད་ལྟ་བུ་ཞིག་བྱུང་ཚེ། གནས་ཉམས་དེ་སད་རྒྱུ་
ཡོད་འདྲ་བ་བྱུང་ན། ཐ་མལ་ཤེས་པ་རྗེན་པ་སྒོམ་དུ་མ་ཤར་བར། ཅུང་ཟད་ཉམས་ལ་ཞེན་པ་ཡིན་ཏེ། དེ་ལྟ་བུའི་རིགས་ཅན་རྣམས་ནི་གནས་དབེན་ཞིང་རྐྱེན་མེད་པར་བསྒོམ་བདེ་བདེ་འདྲ་བ་ཞིག་འབྱུང་ཡང་། སྒྲ་སྐད་སོགས་ཚོགས་དྲུག་ཡུལ་རྐྱེན་བྱུང་ཚེ་སྒོམ་འཐོར་བ་དང་། དེ་ལ་ནི་ཉིད་ཀྱིས་གསུངས་པ་བཞིན། གནས་དུས་ལ་བལྟས་ན་རྐྱེན་གང་བྱུང་ཐེག་པ་འདྲ་ལ་རྐྱེན་བྱུང་བའི་ཚེ་གནས་པས་མི་སླེབ་པ་ནི། ཞི་གནས་རྐྱང་པ་སོང་བའི་རྟགས་ཡིན་པར་གསུངས་ཏེ། དེ་ལྟ་བུ་ལ་ནི་ལྷག་མཐོང་གི་ཉམས་ལེན་ལ་རྩལ་འདོན་དགོས་པའི་ཕྱིར།། ༈ །།སྔོན་རྗེ་ཕག་མོ་གྲུབ་པས་སློབ་མ་ལ་ལར་སྒོ་འབྱེད་གཅོད་ཀྱི་སྐད་ཆེན་པོ་ཡོད་པའི་འགྲམ་དུ་མལ་ས་བྱས་ཏེ་བསྒོམ་དུ་བཅུག་པས་བོགས་ཐོན་པའི་ལོ་རྒྱུས་དང་།། ༈ །།
དགེ་བའི་བཤེས་གཉེན་བྱ་ཡུལ་བས། སློབ་མ་རྣམས་སྒོམ་ལ་གནས་ཚེ་ཁོང་རང་རོལ་ཆ་དཀྲོལ་བ་འབའ་ཞིག་མཛད་པའི་ལོ་རྒྱུས་ལྟར། གནས་ཉམས་ལྟེང་པོ་ལ་མི་འཇོག་པར་རིག་པ་ལ་དངས་ཆ་འཐོན་པར་བྱས་ནས་རྐྱེན་གང་བྱུང་དེ་དག་སྒོམ་དུ་འཁྱེར་ཐུབ་པ་ཞིག་ནན་ལྟར་གལ་ཆེ་བས་ན། དུས་ནམ་དུ་ཡང་ད་ལྟའི་ཐ་མལ་ཤེས་པ་རྗེན་པ་འདི་ག་ཧུར་རེ། ཧྲིག་གེ་བ་མ་གཏོགས། གནས་ཉམས་བན་བུན་འོལ་གྱི་དབང་དུ་མི་བཏང་བ་གལ་ཆེ་བར་གསུངས་ཏེ། ལོ་རས་ཀྱིས། གསལ་ཆ་མེད་པའི་ཞི་གནས་ལྟེང་པོ། །བསྒོམ་ཡུན་རིང་ཀྱང་དོན་མི་རྟོགས་ཀྱི། །ལྟ་སྟངས་རིག་པའི་ངར་དང་ལྡན་པས། །ཐུན་ཆུང་འཕྲོ་ལ་འཐུད་ཀྱིན་སྒོམས་ཤིག ཅེས་པ་ལྟར། རིག་པ་དངས་ཆ་ཐོན་པར་བྱས་ན་གནས་ཉམས་ཐོམ་
པོར་མི་འཆོར་བར་ཤེས་པ་རྗེན་པ་ངོས་ཟིན། དེ་ལྟར་ངོས་ཟིན་མཁན་དེ་ལྷག་མཐོང་ཡིན་ཞིང་། སྒོམ་གྱི་གནད་ཐམས་ཅད་ལྷག་མཐོང་ལ་རག་པ་ཉིད་དང་།། ༈ །།གཞན་ཡང་སྡུག་བསྔལ་ལམ། ཞེ་སྡང་སོགས་ཉོན་མོངས་རགས་པ་རྣམས། ན་ཚ་སོགས་ཐམས་ཅད་ལ་ཚོར་མཁན་གྱི་རིག་པ་དེ་ཀ་ཉམས་ལེན་གྱི་སྙིང་པོར་བྱ་བ་སྟེ། རོ་སྙོམས་ཀྱི་གདམས་པ་ཡང་འདི་ལས་སྤྲོས་པ་ཤིག་མེད་པ་དང་། དེ་ལྟར་གང་ཤར་ལ་དྲན་རིག་གིས་རང་ངོ་ཤེས་པའི་དུས་ན་རྣམ་རྟོག་འཁྲུལ་ཕྱིར་འབྲང་རྒྱུ་མེད་ཚེ། རྣམ་རྟོག་ཆོས་སྐུའམ། ཅིར་སྣང་སྒོམ་གྱི་རང་བཞིན་དུ་མི་འགྱུར་ཀ་མེད་ཡིན་ལ། དེའི་ཕྱིར་མཉམ་རྗེས་སོགས་ཀྱི་དབྱེ་བ་མང་ཡང་། མདོར་བསྡུས་ན་རང་རིག་གི་དྲན་པ་ཡོད་མེད་ཁོ་ན་ལས་གཞན་མ་མཆིས་སོ། སྤྱིར་ཡང་། མཉམ་རྗེས་ཀྱི་སྐབས་འདི་དག་ལ། བཀའ་རྒྱུད་ཀྱི་སྐྱེས་ཆེན་རྣམས་ཀྱི་
བཞེད་ཚུལ་སྣ་ཚོགས་འབྱུང་སྟེ།། ༈ །།རྗེ་རང་བྱུང་སོགས་ནི་ཉམས་ཀྱི་མཉམ་རྗེས་དང་། རྟོགས་པའི་མཉམ་རྗེས་སོགས་དབྱེ་བར་མཛད་པ་དང་།། ༈ །།སྐྱོབ་པ་རིན་པོ་ཆེ་སོགས་ནི་སྒོམ་མེད་འབྲིང་པོ་མན་ཆད་ལ་རང་སའི་མཉམ་རྗེས་ཀྱི་ཚུལ་ཙམ་མ་གཏོགས་མཉམ་རྗེས་དངོས་མི་འབྱུང་བར་གསུངས་པ་སོགས་སྣང་ཞིང་།། ༈ །།གཞན་ཡང་། ཕྱག་བཞེས་ཀྱི་འཁྲིད་ཚུལ་དག་ལ་སྤྲོས་བྲལ་ཆེན་པོར་མ་སླེབ་ཀྱི་བར་དུ་མཉམ་རྗེས་ཐ་དད་པར་ཐུན་མཚམས་བཅད་ཏེ་སྒོམ་དུ་བཅུག་ནས། སྤྲོས་བྲལ་མངོན་དུ་གྱུར་པ་ཙམ་གྱི་ཚེ་མཉམ་རྗེས་ཟུང་འཇུག་ཏུ་མ་བཟློ་བར་གསུངས་པའི་ཁྲིད་རིམ་སྣང་མོད་ཀྱི། གང་ཟག་དབང་པོའི་ཁྱད་པར་སོགས་ལ་དགོངས་པ་ཡང་ཡིན་མཆི།། ༈ །།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུངས་པའི་ཕྱག་ཆེན་ཕལ་ཆེར་དུ་ནི། འཁོར་
འདས་གཉིས་ཀྱི་སོ་མཚམས་ནི། འཁྲུལ་མ་འཁྲུལ་ལམ། རིག་མ་རིག་གཉིས་ལས་འགྲོ་ས་མེད་པས་ན། མཉམ་རྗེས་གཉིས་ཀྱང་དྲན་རིག་ཡོད་མེད་ཁོ་ན་ལ་བསྡུ་བར་མཛད་པར་སྣང་སྟེ། ཐ་མལ་ཤེས་པ་རྗེན་པ་ལ་བཟོ་བཅོས་ཀྱིས་མ་བསླད། འཁྲུལ་ཕྱིར་མི་འབྲེང་བར་བསྐྱང་བ་དེ་ཇི་ཙམ་ཐུབ་ཐུབ་ཏུ་འཕྲོ་འཐུད་ཅིང་སྤྱོད་ལམ་ཐམས་ཅད་ལ་བསྲེ་གང་ཐུབ་གོམས་སུ་འཇུག་པ་ལས་ལྷག་པའི་མཉམ་བཞག་རྗེས་ཐོབ་གཅིག་མི་འབྱུང་བར་གསུངས་སོ། །ཇི་སྐད་དུ། རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་ལས། །རྟག་ཆད་མཐའ་བརྒྱད་བྲལ་བའི་རིག་པ་འདི། །གང་གི་མཐར་མ་ལྷུང་བས་དབུ་མ་ཟེར། །དྲན་རིག་རྒྱུན་ཆད་མེད་པས་རིག་པ་ཟེར། །སྟོང་པ་རིག་པའི་སྙིང་པོ་ཅན་ཡིན་པས། །དེ་ཕྱིར་བདེ་གཤེགས་སྙིང་པོ་མིང་དུ་བཏགས། །འདི་དོན་ཤེས་ན་ཤེས་བྱ་ཀུན་གྱི་
རབ། །དེ་ཕྱིར་ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །བློ་འདས་མཐའ་དང་ཡེ་ནས་བྲལ་བའི་ཕྱིར། །དེ་ཕྱིར་ཕྱག་རྒྱ་ཆེན་པོར་མིང་དུ་བཏགས། །དེ་ཉིད་རྟོགས་དང་མ་རྟོགས་ཁྱད་པར་ལས། །དེ་ཕྱིར་ཀུན་གཞི་ཞེས་ཀྱང་མིང་དུ་གྲགས། །བཟོ་མེད་ཐ་མལ་རང་གར་གནས་དུས་ཀྱི། །ཤེས་པ་གསལ་ལེ་ཧྲིག་གེ་འདི་ག་ལ། །ཐ་མལ་ཤེས་པ་ཅེས་པ་མིང་དུ་བཏགས། །མིང་འདོགས་སྙན་སྙན་མང་པོ་ཅིར་བཏགས་ཀྱང་། །དོན་ལ་ད་ལྟའི་ཤེས་རིག་འདི་ཀ་སྟེ། །འདི་ལས་གཞན་དུ་ལྷག་པ་སུ་འདོད་པ། །གླང་པོ་བརྙེད་ནས་རྗེས་འཚོལ་ཇི་བཞིན་ཏེ། །སྟོང་གསུམ་འཐག་སུ་བྲན་ཡང་རྙེད་མི་སྲིད། །སེམས་ལས་མ་གཏོགས་སངས་རྒྱས་རྙེད་མི་འགྱུར། །ཞེས་དང་། འཁོར་འདས་གཉིས་པོ་རིག་དང་མ་རིག་གཉིས། །སྐད་ཅིག་གཅིག་གི་བར་ལས་བྱེ་བྲག་མེད། །རང་གི་སེམས་ལས་
གཞན་དུ་མཐོང་བས་འཁྲུལ། །འཁྲུལ་དང་མ་འཁྲུལ་ངོ་བོ་སེམས་སུ་གཅིག །འགྲོ་ལ་སེམས་རྒྱུད་གཉིས་སུ་མ་གྲུབ་ཕྱིར། །སེམས་ཉིད་མ་བཅོས་རང་སོར་བཞག་པས་གྲོལ། །སྣང་བ་ཐམས་ཅད་སེམས་སུ་རིག་པའི་ངང་། །མཐོང་སྣང་ཤར་ཡང་འཛིན་མེད་ཡེ་ཤེས་ཡིན། །སྣང་བས་མ་འཁྲུལ་འཛིན་པས་འཁྲུལ་བས་ན། །འཛིན་རྟོག་སེམས་སུ་ཤེས་ན་ངང་གིས་གྲོལ། །ཞེས་སོགས་དང་། འདི་ལྟར་ཉམས་སུ་བླངས་ན་ཀུན་གྲོལ་ཏེ། །དབང་པོ་དག་ལ་རྣོ་བརྟུལ་མེད་པར་གྲོལ། །ཏིལ་དང་འོ་མ་མར་གྱི་རྒྱུ་ཡིན་ཀྱང་། །མ་བསྲུབ་མ་བཙིར་མར་ཁུ་མི་འབྱུང་ལྟར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་ཡིན་ཀྱང་། །ཉམས་སུ་མ་བླང་སེམས་ཅན་སངས་མི་རྒྱ། །དེ་ཕྱིར་རང་རིག་འདི་ལ་འདྲིས་པར་གྱིས། །ཅེས་གསུངས་པ་བཞིན་ཡེངས་འཁྲུལ་གྱི་དབང་དུ་མ་ཤོར་བར་རང་རིག་རང་ངོ་ཤེས་པ་ལ་ཉམས་ལེན་གྱི་སྙིང་པོར་བྱ་
བ་ལས་ལྷག་པའི་སྒོམ་རྒྱུ་མ་མཆིས་པ་ལགས།། ༈ །།ཡང་། ཉིད་ཀྱིས། སྒོམ་བློ་མ་སྐྱེས་པར་སྒོམ་འབྱུང་བ་ནི་དཀའ། སྒོམ་བློ་སྐྱེས་པ་ཡང་ཐེ་ཚོམ་པར་གསུངས་པ་འདི་ལ། སྤྱིར་ཐོག་མར་སྒོམ་ཁྲིད་ཀྱི་གདམས་པ་ཞུ་བའི་བློ་དང་། བར་དུ་ཡང་ཉམས་ལེན་ལ་མ་བརྩོན་ན་དོན་མི་འགྲུབ་ཕྱིར་རྩེ་གཅིག་ཏུ་ཉམས་སུ་ལེན་པར་འདོད་པའི་བློ་སོགས་ནི། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཡིན་ཕྱིར། དེ་ལྟ་བུའི་བློ་ནི་ཅེས་ཀྱང་དགོས་ཤིང་ཕན་ཡོན་ཡང་ཆེ་བ་སྟེ། སྡོང་པོ་བཀོད་པའི་མདོ་ལས། སེམས་ཀྱི་ཐེ་ཚོམ་རྣམ་པར་བསལ་དོན་དུ། །ལེ་ལོ་མེད་པར་བཤེས་གཉེན་གདམས་པ་བསྟེན། །དེ་ནི་བདུད་ཀྱི་སྲུངས་མ་ཉོན་མོངས་འཇོམས། དེས་ནི་ལྟ་བའི་དྲི་མ་སྲེད་པ་སེལ། །འདིས་ནི་འགྲོ་བ་ཐམས་ཅད་སྒྲོལ་ལ་བརྩོན། །ཞེས་པ་ལྟར། དྲན་
པ་ཡེངས་མེད་ཀྱི་བསྐུལ་མ་བྲལ་བར་བྱ་ཞིང་།། ༈ །།སྒོམ་དངོས་གཞི་ཉིད་ལ་ནི་སྒོམ་བློའི་རྟོག་པ་དང་། སྒོམ་ཡེང་དུ་རེ་ཞིང་མི་ཡོང་གི་དོགས་པའི་བློ་དང་བདེ་གསལ་མི་རྟོག་ཆེད་དུ་བསྒྲུབ་བློ་སོགས། མདོར་ན་ཞེ་འདོད་དང་བློས་བྱས་ཀྱི་རིགས་མཐའ་དག་པ་ནི་སྒོམ་གྱི་གོལ་ས་འབའ་ཤིག་ཡིན་ཕྱིར། བློ་བྲལ་གཉུག་མ་རང་བབས་རྗེན་པར་བསྐྱང་དགོས་པ་དང་། སེམས་ཀྱི་འཆར་ཚུལ་དང་འདུག་ཚུལ་གང་བྱུང་དེ་ཀ་རང་ངོ་ཤེས་པ་དེས་མི་མཆོག་པར། སྒོམ་བཟང་བཟང་བ་ཞིག་བློས་བཅོས་ནས་བསྒོམ་པ་ནི་སྒོམ་གྱི་འཆིང་བྱེད་དམ། ལྷད་ཀྱིས་བསླད་པར་འགྲོ་སྟེ།། ༈ །།མཉམ་མེད་སྒམ་པོ་པས། སྒོམ་ཆེན་སྒོམ་གྱིས་མ་བཅིངས་ན། །གཞན་གྱིས་འཆིང་བར་མི་འགྱུར་བས། །གོ་བའི་ལྟ་བ་རྒྱབ་ཏུ་བསྐྱུར། །བསྒོམ་པའི་ཉམས་མྱོང་རྨང་ནས་བཤིག །
ཅེས་གསུངས་པ་དང་། གླིང་རས་ཀྱིས། ཇི་སྲིད་བློ་ཞེན་ཡོད་ཀྱིས་བར། །འཁོར་བའི་ཆུ་བོ་སྒྲོལ་མི་འགྱུར། །འཛིན་པ་ཐོངས་ན་གྲོལ་བའི་གནད། །ཞེ་འདོད་མེད་ན་སངས་རྒྱས་འགྲུབ། །ཅེས་དང་། རྒྱ་རས་ཀྱིས་ཀྱང་། ཡིད་ལ་མི་བྱེད་སྒོམ་པ་ལ། །བློས་བཅོས་ནས་བཞག་རྒྱུ་མི་གདའོ། །སེམས་འཛིན་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །སྤྲང་པོ་ང་ཐ་མལ་ཤེས་པ་སྐྱོང་། །ཞེས་སོགས་དང་། ཨོ་རྒྱན་པས། རྣམ་རྟོག་ཆོས་སྐུའི་རོལ་པ་ལ། །སེམས་གནས་པ་རྐྱང་པ་སྐུ་མདོག་མིན། །ཡན་པར་ཐོང་ལ་ལྟད་མོ་ལྟོས། །རང་ངོ་ཤེས་ན་དེ་ཀས་ཆོག །ཉོན་མོངས་ཡེ་ཤེས་ཆེན་པོ་ལ། །གཉེན་པོ་བསྒོམ་པས་མི་སྤོངས་ཀྱི། །རང་ངོ་ལྟོས་ལ་ཉམས་སུ་ལོང་། །རང་ངོ་ཤེས་ན་གྲོགས་སུ་འཆར། །ཚོགས་དྲུག་སེམས་ཀྱི་འཆར་ཚུལ་ལ། །ཡུལ་སྣང་བཀག་པས་མི་ཁེགས་ཀྱི། །གསོལ་བ་གདབ་ཅིང་ཉམས་སུ་
ལོང་། །ཡུལ་སྣང་སྒྱུ་མའི་རོལ་པར་འཆར། ཞེས་དང་། ཞང་རིན་པོ་ཆེས། ཞེན་མེད་བདེ་གསལ་མི་རྟོག་གནས་འདོད་ན། །སྒོམ་པ་མ་བསྒོམ་བསྒོམ་པའི་བྱ་བ་ཐོང་། །བསྒོམ་དང་མི་སྒོམ་ཞི་འདོད་བྱ་བྲལ་ན། །བྱ་བཏང་སྒོམ་པ་སྒོམ་པའི་མཐར་ཐུག་ཡིན། །ཞེས་གསུངས་པ་དང་། འབའ་ར་བས། སེམས་ནི་མ་སྤྲོ་མ་བསྡུ་བར། །རང་ག་རྣལ་མ་ཉིད་དུ་ཞོག །བཞག་བྱ་འཇོག་བྱེད་མེད་པས་ན། །འཇོག་མཁན་རང་ངོ་ཤེས་པར་མཛོད། །ཤེས་མཁན་རང་ཡང་བློ་ཡིན་གྱི། །བློ་ཡི་དེར་འཛིན་མེད་པར་མཛོད། །བློ་དང་མ་བྲལ་སྒོམ་པ་ནི། །བློ་འདས་བསྒྲིབ་པའི་མུན་ཆེན་ཡིན། །སྒོམ་པ་བློ་བྲལ་བསྒྲུབས་བསྒྲུབས་ནས། །བློ་བྲལ་བློ་རུ་སོང་དོགས་ཡོད། །བློ་བྲལ་ཉིད་ཀྱང་མ་བསྒྲུབ་པར། །བློ་ཡི་ཡིད་བྱེད་མེད་པར་གྱིས། ཅེས་སོགས་དང་། བློ་ཡིས་
བསྒོམ་དུ་མེད་ན་ཡང་། །སྒོམ་མེད་དོན་ལ་གོམ་སུ་ནི། །ཡོད་པས་དུས་རྣམས་ཀུན་ཏུ་ཡང་། །མ་ཡེངས་ཡང་དག་དྲན་པ་ཡི། །རྩི་དང་མ་བྲལ་སྐྱོང་བ་གཅེས། །ཡེངས་ན་གནས་ལུགས་དོན་མི་རྟོགས། །བསྒོམ་ན་གང་བསྒོམ་མཚན་མར་འཆོར། །མ་ཡེངས་མི་སྒོམ་སོ་མའི་ངང་། །གོམས་པར་མཛོད་ཅིག་ཡང་དག་ལམ། །ཞེས་སོགས་སྒྲུབ་རྒྱུད་རྣམས་ཀྱི་གསུངས་སྒྲོས་ལས་ཟབ་ཅིང་རྒྱ་ཆེ་བ་དཔག་མེད་འབྱུང་མོས་ཀྱི། ༈ འགག་དོན་གྱི་སྙིང་པོར། རང་སེམས་ཀྱི་འདུག་ཚུལ་གང་དང་གང་ལྟར་སྣང་བ་དེ་ཀ་རང་རིག་དྲན་པས་བསྐྱང་བ་ཉིད་ལ་འདུས་པ་དང་།། ༈ །།མདོར་བསྡུ་ན་མཚན་ལྡན་གྱི་བླ་མ་ལ་སངས་རྒྱས་ཆོས་ཀྱི་སྐུར་ཐག་ཆོད་པའི་མོས་གུས་ཀྱི་གསོལ་བ་རྒྱུན་དུ་གདབ། ཁམས་གསུམ་གྱི་སེམས་ཅན་མཐའ་དག་ཕ་མར་མ་གྱུར་པ་མེད་ཕྱིར་བྱམས་
སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རླབས་ཆེན་གྱི་སྨོན་ལམ་རྣམ་དག་འདེབས་ཤིང་། དགེ་སྦྱོར་གང་བྱེད་མཁའ་མཉམ་འགྲོ་བའི་དོན་འབའ་ཞིག་མ་གཏོགས་རང་འདོད་ཀྱི་མུན་པ་སྤུ་ཙམ་མི་བྱ། ན་ཚ་རྐྱེན་ངན་དགྲ་འདྲེ་སྡུག་བསྔལ་འཆི་བ་དང་བཅས་པ་ཅི་བྱུང་ཡང་། བླ་མ་དཀོན་མཆོག་མ་གཏོགས་པ་གཞན་ལ་མི་རེ་ཞིང་། ཅིར་སྣང་རང་གི་སེམས། རང་སེམས་ཆོས་ཀྱི་སྐུ། ཆོས་སྐུ་མཚན་མའི་ཡུལ་ལས་འདས་པར་ཐག་ཆོད་ཀྱི་ངེས་ཤེས་བསྐྱེད། མི་ཚེ་རྨི་ལམ་གྱི་སྣང་བ་ཡུད་ཙམ་འདི་ལ་དོན་མེད་ཀྱི་བློ་རྒྱ་དང་བཤོམ་ར་མང་པོའི་ལོང་མེད་པས་བློ་སྣ་ནང་དུ་བསྟུང་། ཇི་སྲིད་བདག་ཏུ་འཛིན་པ་མ་ཟད་ཀྱི་རིང་ལ་དཀར་ནག་རྒྱུ་འབྲས་ཀྱི་སྣང་ཚུལ་བསླུ་བ་མེད་ཕྱིར་དགེ་སྡིག་བླང་དོར་ཚུལ་བཞིན་དུ་འབད། འདུས་མ་བྱས་ཀྱི་དོན་མངོན་དུ་གྱུར་ཀྱང་འདུས་བྱས་ཀྱི་དགེ་བ་ཁྱད་
དུ་མི་གསད་པར་བསག་སྦྱང་ལ་ཅི་ནུས་སུ་རེམས། ཉམས་ལེན་བྱེད་ལོང་མེད་པ་ནས་ཉམས་རྟོགས་དང་། གྲུབ་རྟགས་དང་། གཞན་དོན་སོགས་འོང་དུ་རེ་བའི་ངར་འཛིན་གྱི་ཁོང་འཚང་སྤངས་ཏེ། བྱང་ཆུབ་མངོན་དུ་མ་གྱུར་གྱི་བར་སེམས་དང་ཆོས་སུ་མི་འབྲེལ་བར་འབུངས་ཤིང་། ཁྱད་པར་དུ་ཉམས་ལེན་ཅུང་ཟད་བགྱིས་པ་ལ་བརྟེན་ནས་དྲོད་རྟགས་དང་མངོན་ཤེས་རྫུ་འཕྲུལ་མཐོང་སྣང་ངག་ནུས་གཞན་ཕན་གདུལ་བྱ་སྙན་གྲགས་འདུ་ལོང་སོགས་བྱུང་བ་ལ་དགའ་བྲོད་དང་ཁེངས་རློམས་སྐྱེས་པས་རང་གཞན་འདི་ཕྱི་ཐམས་ཅད་ཕུང་ལ་སྦྱོར་བའི་ཆོས་པ་དིང་སང་ལྷག་པར་མང་ཞིང་། བར་ཆད་དང་དངོས་གྲུབ་ནོར་བའི་ནོར་ཆབས་ལ་འདི་ལས་ཆེ་བ་གང་ཡང་མ་མཆིས་ཀྱང་། དེ་ལྟར་གོ་མཁན་དཀོན་པར་གདའ་ལ།། ༈ །།གྲུབ་རྟགས་ཀྱི་མཆོག་ཏུ་གྱུར་པ་ནི་
བླ་མ་ལ་མོས་གུས་མཆེད་གྲོགས་ལ་དག་སྣང་། སེམས་ཅན་ལ་སྙིང་རྗེ། རྒྱུ་འབྲས་ལ་ཞིབ་ཆ། འཁོར་བ་ལ་ཞེན་ལོག །ཟང་ཟིང་ལ་དགོས་མེད། རང་རྒྱུད་ལ་ཞི་དུལ། ཉམས་ལེན་ལ་ཆིག་དྲིལ། འདི་རྣམས་རྒྱུད་ལ་ཇེ་ཆེ་ཇེ་འཕེལ་དུ་འགྲོ་བ་ཞིག་བྱུང་ན། གྲུབ་རྟགས་དེ་ཀས་ཆོག་པར་གདའ་ཡང་། སྙིགས་དུས་འདི་འདྲར་ཆོས་རྒྱུད་དང་། བླ་མ་དང་། གང་ཟག་སོགས་ཐམས་ཅད་ང་བཟང་ཁོ་ན་འགྲན་ཞིང་རྩོད་པར་བྱེད་ཀྱང་། ལག་ལེན་ལ་ཆོས་དང་གང་འགལ་ཁོ་ན་འགྲན་པ་ལྟ་བུ་ཞིག་ལས་མ་མཆིད་མོད་ཀྱི། རྒྱལ་བ་ཡང་དགོན་པས། ཆོས་སྐད་ལ་རྟ་རི་བ་བཤད་ཅིང་ལག་ལེན་ལ་ཁྱི་མི་རི་བར་སྣང་། གསུངས་པ་བཞིན་བདེན་པར་འགྱུར་ལ། གཞན་ཡང་། རྒྱལ་སྲས་ཐོགས་མེད་པས། དེ་རིང་ཙམ་ཡང་མི་འཆིའི་གདེངས་མེད་ཀྱང་། །གཏན་དུ་སྡོད་གྲབས་
བྱེད་པའི་ངང་རིང་པོ། །འཆི་ཁར་བྲང་ལག་ཐལ་མོ་འཆོར་ཉེན་གདའོ། །ཞེས་དང་། ད་ལྟའི་སྡུག་བསྔལ་ཕྲ་མོའང་མི་བཟོད་ཀྱང་། །རྒྱུ་འབྲས་ཁྱད་དུ་གསོད་པའི་སྙིང་ཁམས་ཅན། །འཇིགས་རུང་ངན་འགྲོའི་གཡང་སར་འཆེན་གདའོ། །ཞེས་དང་དགེ་སྦྱོང་ཆོས་བཞི་བསྒྲུབ་པར་དམ་བཅས་ནས། ཁ་དྲག་དབང་ཆེ་འདོད་པའི་ང་རྒྱལ་ཅན། ཁས་བླང་ཐོག་ཏུ་ཁེལ་བར་མི་གདའོ། །སོགས་དང་། ཁྲོས་ཀྱང་སླར་མི་ཁྲོ། གཤེ་ཡང་སླར་མི་བཤེ། རྡེགས་ཀྱང་སླར་མི་བརྟེག །འཚང་བྲུས་ཀྱང་སླར་འཚང་མི་འབྲུ་བ་ནི་དགེ་སྦྱོང་ཀྱི་ཆོས་བཞིའོ། །ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་སྡུག་བསྔལ་བྱུང་ཚེ་ཐ་མལ་པ། རང་སེམས་ཆོས་དང་འདྲ་བར་མི་གདའོ། །ཞེས་སོགས་གསུངས་པ་ཁོ་ན་བཞིན་ཡིན་ཕྱིར། དེས་ན། དཔལ་གཙུག་ལག་འཕྲེང་བས། ཆོས་རྒྱུད་ལ་བདག་གཞན་མི་བྱེད་དེ། ཆོས་མིན་ཞིག་འདུག་ན་གར་
ཡང་ཕུང་། །རང་ཉིད་ལ་འདུག་ཀྱང་འདོར་རེམས་དགོས། །ཕྱག་རྫོགས་དང་དབུ་མ་ཞི་བྱེད་གཅོད། སྦྱོར་དྲུག་དང་རིམ་ལྔ་ཆོས་དྲུག་དང་། །བསྲེ་འཕོ་དང་ལམ་འབྲས་ལ་སོགས་པ། །ཐ་དད་ཀྱི་རྣམ་དབྱེ་མང་ན་ཡང་། །འཇུག་ཚུལ་དང་འཇུག་སྒོའི་རིམ་པ་ཙམ། །རང་རང་གི་དོན་དེ་རྟོགས་ཙ་ན། །ཐམས་ཅད་ཀྱང་དབྱེར་མེད་མཉམ་པ་ཉིད། །ཅེས་གསུངས་པ་ལྟར་ཆོས་ཀྱིས་གོ་མི་ཆོད་པའམ་མི་ཟབ་པ་ཅིག་མེད་རུང་གང་ཟག་གིས་གོ་མ་ཆོད་པའི་སྐྱོན་གྱིས། རང་རྒྱུད་སྨིན་གྲོལ་དུ་གྱུར་མ་ནུས་པ་ཡིན་ཚེ། དེས་ན་ཆོས་ལུགས་གང་ཡིན་ཀྱང་། ཆོས་དང་རང་རྒྱུད་འདྲེས་ནུས་པ་གཅིག་འབད་པར་ཞུ། ཞེས་ཕྱི་རབས་ཀྱི་གང་ཟག་རྣམས་ལ་སྙིང་ཐག་པ་ནས་གསོལ་བ་ལགས།། ༈ །།དེ་ལྟར་ཉིད་ཀྱིས་དྲི་བ་གནང་བའི་ལན་དོན་རགས་བསྡུས་རྣམས་འདི་དག་ཏུ་འདུས་པར་མཆིས་ཤིང་། འདིར་མ་འདུས་པའི་ཕྲ་ཞིབ་
ཀྱི་གནད་རྣམས་ནི་སྔོན་གྱི་ཁྲིད་གཞུང་གི་ཡི་གེ་སྤྱི་དང་། ཁྱད་པར་རྗེ་དགུ་པས་མཛད་པའི་ཕྱག་ཆེན་ཁྲིད་ཡིག་སོགས་སུ་གཟིགས་པས་མཐུས་པ་དང་། གཞན་ཡང་རྣལ་འབྱོར་བཞི་རིམ་དང་། ས་ལམ་གྱི་གྲོད་ཚུལ། ཤོར་གོལ་གྱི་གེགས་སེལ་སོགས་ནི་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་གསུང་འབུམ་དག་ལས་རྒྱ་ཆེར་འབྱུང་བ་དང་། བདག་གིས་ཀྱང་གོ་ཚོད་ཕྲན་བུ་དག་ཡིག་ཆ་གཞན་དུ་སྔར་ནས་བྲིས་ཡོད་ཕྱིར། སྐབས་འདིར་ཡི་གེ་མང་བས་མ་བཀོད་ལ།། ༈ །།དོན་གྱི་སྙིང་པོར་ནི། བསྒོམ་བྱའི་བློ་དང་། སྒོམ་བྱེད་ཀྱི་སེམས་ཐ་དད་དུ་མ་ལུས་པར། དབྱེར་མེད་བློ་ཟད་ཆོས་ཟད་གཅིག་མ་གཏོགས། ཉམས་རིམ་དང་ས་ལམ་རེ་འདོད་དང་ཡིད་སྨོན་གྱི་དགོས་པ་མེད་པ་མཁྱེན་པར་མཛད་དུ་གསོལ།། ༈ །།ཨེ་མ། རྒྱལ་བ་སྲས་དང་སྤྲུལ་པར་བཅས་པ་རྣམས། །མ་ལུས་འགྲོ་བ་འདྲེན་པ་ལས་གཞན་པའི། །
མཛད་པ་ནམ་ཡང་ཡོད་པ་མ་ཡིན་ཕྱིར། །རང་སྐལ་དང་མཐུན་ཆོས་སྒོ་བསམ་ཡས་བསྟན། །བརྗོད་མེད་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །གསུང་གཅིག་ཉིད་ལ་ཐ་དད་སྐལ་བ་དང་། །རྗེས་མཐུན་བརྒྱད་ཁྲི་བཞི་སྟོང་ལ་སོགས་ཀྱང་། །མཐར་ཐུག་སྙིང་པོ་དོན་དམ་བདེན་པར་གཅིག །གཅིག་པུ་དེ་ཡང་འགྲོ་བའི་ཁམས་རྒྱུད་ལ། །བཟོད་ནས་གནས་པའི་བདེར་གཤེགས་བྱང་ཆུབ་སྙིང་། །དབུལ་པོའི་ཁྱིམ་གྱི་གཏེར་བཞིན་མ་རིག་བསྒྲིབས། །འཁྲུལ་རྟོག་སྒྱུ་མའི་བཙོན་རར་རྟག་ཏུ་མནར།། ༈ །།ཐག་ཁྲ་སྦྲུལ་དང་མཁྲིས་ནད་ཅན་གྱིས་དུང་། །སེར་པོར་མཐོང་བཞིན་ལོག་ལམ་འཁྲུལ་པའི་འགྲོ། །སྣ་ཚོགས་སྡུག་བསྔལ་བརྒྱས་གཟིར་ཉམས་ཐག་ལས། །སྐྱོབས་མཛད་ཐར་པའི་དེད་དཔོན་རྡོ་རྗེ་འཆང་།། ༈ །།གང་གི་གསུང་རབ་རྒྱ་མཚོའི་བཅུད་ཀྱི་སྙིང་། །སྐལ་བཟང་ཚེ་གཅིག་བདེ་སྟེར་
མྱུར་ལམ་ནི། །རབ་བཟབ་སྨིན་དང་གྲོལ་བྱེད་རྣམ་གཉིས་ལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གཅིག་ཅར་རྫོགས།། ༈ །།དེ་ཕྱིར་སྙིང་པོའི་གནད་དོན་མ་རྟོགས་ན། །བརྗོད་བྱའི་ཡལ་འདབ་རྒྱ་ཆེར་བསྐྱོད་བྱས་ཀྱང་། །བླ་མེད་བྱང་ཆུབ་འབྲས་བུ་མི་ཐོབ་ཕྱིར། །མི་ཕམ་མགོན་ཁྱེད་ཚུལ་འདིར་དོན་གཉེར་མཛོད།། ༈ །།སྔོན་སྦྱངས་འོད་དཀར་བདག་ཁྱོད་ཐེ་ཚོམ་གྱི། །མུན་པའི་གོ་སྐབས་རྡུལ་ཙམ་མ་དམིགས་ཀྱང་། །སྐལ་ལྡན་ཐར་འདོད་ཀུན་ལྡན་གཞད་པའི་སླད། །དྲི་བའི་འོད་སྣང་སྤྲོ་འདི་དམ་པའི་ལུང་།། ༈ །།ཆོས་བཞིན་དྲིས་ལ་ཆོས་བཞིན་ལན་ལྡོན་པ། །སོ་སོ་ཡང་དག་རིག་བཞི་ཐོབ་དགོས་ཀྱང་། །ཤེས་རབ་གསུམ་གྱི་ནོར་དང་མི་ལྡན་པའི། །སྤྱི་བརྟོལ་ལན་འདིར་མཁས་རྣམས་གཞད་གད་གནས།། ༈ །།ཆོས་སོ་སོ་ཡང་དག་རིག་པ། དོན་སོ་སོ་ཡང་དག་རིག་པ། ངེས་ཚིག་སོ་སོ་ཡང་
དག་རིག་པ། །སྤོབས་པ་སོ་སོ་ཡང་དག་པ་དང་བཞིའོ། །བདག་འདྲ་ཐོས་པའི་བསླབ་སྦྱངས་མ་བྱས་ཤིང་། །ངེས་པའི་དོན་ལ་གཅིག་ཏུ་མོས་ན་ཡང་། །ཐོག་མེད་མུན་ཆེན་བག་ཆགས་ངན་གོམས་དང་། །རྣམ་གཡེང་དཀོར་ནག་སྒྲིབ་པས་འཐུམས་ཆེས་རྨོངས།། ༈ །།རང་ལོ་བརྒྱད་ནས་ངེས་གསང་ལམ་འདིར་བཞུགས། །མཚན་ལྡན་མང་པོས་ཐུགས་རྗེས་ལེགས་བསྐྱངས་ནའང་། །ད་དུང་ཉིན་མཚན་འདྲ་བ་ཙམ་ཞིག་ཀྱང་། །མ་གྱུར་རྒན་པོ་གནས་སྐབས་འདི་ལྟར་ཟད། །འཇིག་རྟེན་བྱ་བ་ཤེས་ཀྱང་མི་ཤེས་ལ། །འདོད་ཀྱང་མི་འདོད་བྱས་ཀྱང་མ་བྱས་པར། །མི་ལོ་ཉེར་བདུན་དབེན་པ་བརྟེན་ན་ཡང་། །རྣལ་འབྱོར་མ་ཐོབ་རང་ཉིད་ཐ་མལ་ལུས།། ༈ །།དེ་ཕྱིར་གདམས་པའི་གནད་གསང་ཇི་ལྟ་བར། །སྨྲ་བའི་རྒྱུ་མེད་སྨྲས་ཀྱང་དོན་ལྡན་དཀའ། །འོན་ཀྱང་ཁྱོད་གསུང་མི་བཟློག་བླུན་གཏམ་འདི། །ཡི་གེར་སྤེལ་ལ་ཉེས་
པར་མ་གྱུར་ཅིག། ༈ །།ཐེག་པའི་ཡང་རྩེ་གསང་སྔགས་སྨིན་གྲོལ་གཉིས། །སྙིགས་དུས་སྐྱེ་བོས་ལོག་པར་སྤྱོད་མཐོང་ཚེ། །མ་གཟོད་དྲང་གཏམ་གླང་བུའི་ངོ་རོ་འདི། །གཞན་སྡེ་རྣ་བའི་ཟུག་ངུར་མ་གྱུར་ཅིག །རབ་འབྱམས་ནམ་མཁའི་མཐའ་ཁྱབ་མ་རྒན་རྣམས། །ལས་ཉོན་རྒྱུ་འབྲས་མི་ཟད་འཁྲུལ་འཁོར་གྱི། །འཕང་ལོ་ཞིག་པའི་རྡོ་རྗེ་ཕ་ལམ་དུ། །གྱུར་ནས་ཐར་མཆོག་གླིང་དུ་བགྲོད་བྱེད་ཤོག །སྐུ་བཞི་དབྱེར་མེད་ཡེ་ཤེས་རྡོ་རྗེ་ཆེ། །མ་ལུས་འགྲོ་བ་ཀུན་གྱིས་མྱུར་ཐོབ་ནས། །ཉེས་མང་སྲིད་པའི་རྒྱ་མཚོ་དོང་སྤྲུག་ཅིང་། །གདོད་མའི་ཡེ་ཤེས་མངོན་གྱུར་བཀྲ་ཤིས་ཤོག །ཅེས་མྱུར་ལམ་གྱི་གནད་དོན་ཟབ་མོར་གླེང་བསླང་དུ་བགྱིས་པའི་ཚུལ་འདི་ནི། རྣམ་འདྲེན་ཀརྨ་མི་ཕམ་མགོན་པོའི་བཀའ་ཡིས་ཉེ་བར་བསྐུལ་བའི་མཐུས། སྤོང་བའི་
བརྟུལ་ཞུགས་ལ་མོས་པ་ལམ་དུ་བྱེད་པའི་མི་རྒན་སྣ་ཚོགས་རང་གྲོལ་ལམ། མིང་གཞན་ཀརྨ་རིག་འཛིན་རྣམ་པར་རྒྱལ་བས། ཀུན་ལྡན་ལྕགས་ཕོ་བྱི་བའི་ལོ། སྨིན་དྲུག་གིས་ཉ་བའི་ཟླ་ཚེས་དཀར་ཕྱོགས་མངོན་པར་འཕེལ་བའི་དུས་སུ་དགེ་སྦྱོར་གྱི་ཐུན་བར་དག་ལ་བྲིས་པའི་དགེ་བས། འགྲོ་བ་ཀུན་ཀྱང་ཐ་སྙད་འཁྲུལ་ཕྱིར་འབྲེང་བའི་ལམ་ལས་བཟློག་ཏེ། ཐེག་མཆོག་སྨིན་གྲོལ་གྱི་ལམ་བཟང་དམ་པར་འཇུག་པ་མཐར་སོན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། །དགེའོ། གཅིག་ཞུས།