Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

2 occurrences of འཕེན་
[Clear Hits]


  
  
  
  
  
  
  
  
  
  
  
 
ཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ།
  
  
  
  
  
  
  
  


2 occurrences of འཕེན་
[Clear Hits]

 
previousཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ།next

ཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ།


TR008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།


TR008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶཱ་བི་དྷྱཱ་དི་བུདྡྷ་ཡ། རང་རིག་གདོད་མའི་སངས་རྒྱས་ལ་ཕྱག་འཚལ་ལོ། །གདལ་བ་ཆེན་པོ་ཀུན་ཁྱབ་གདོད་ནས་ཡེ་སངས་རྒྱས་པ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ། རང་བཞིན་ལྷུན་གྲུབ་འགག་མེད་རང་གསལ་ཞི་དང་ཁྲོ་གར་སྣ་ཚོགས་སྟོན་མཛད་ལོངས་སྤྱོད་རྫོགས། རྨད་བྱུང་ཐུགས་རྗེ་ཆུ་ཟླའི་གར་གྱིས་རྣམ་མང་འགྲོ་བའི་རེ་འདོད་སྐོང་མཁས་སྤྲུལ་པའི་སྐུ། དོན་ལ་དབྱེར་མེད་ངོ་བོ་ཉིད་སྐུ་དཔལ་ལྡན་མཚུངས་མེད་བླ་མ་ཞེས་གྲགས་དེས་སྐྱོངས་ཤིག །བསམ་གྱིས་མི་ཁྱབ་གདུལ་བྱའི་ཁམས་དབང་པོ། །ཐ་དད་སྣ་ཚོགས་ལ་དགོངས་ཐེག་པའི་ཆོས། དུ་མར་བསྟན་པའི་སྙིང་


TR008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆོས་ཀྱི་མཆོག །ཡང་ཟབ་རྫོགས་པ་ཆེ་ལས་གཞན་ཅི་ཞིག །ལམ་གྱི་སྟེགས་ ཐེག་དམན་ དང་ལམ་ ཐེག་ཆེན་ དང་གསང་སྔགས་ཀྱི་ འབྲས་བུ་ལ། །མངོན་པར་སྦྱོར་བའི་བྱེ་བྲག་རབ་མང་ཡང་། །ངེས་པ་ཁོ་ནར་སྦྱོར་ནུས་འདི་ལྟ་བུར། །བློ་ལྡན་སྐྱེས་བུ་གང་ཞིག་ཅིས་མི་འཇུག །ཟབ་ཟབ་ཡིན་ཡིན་སྨིག་སྒྱུའི་ཆུ་གཟུགས་ལ། །བློ་ཆུང་རི་དྭགས་ཞེན་པས་བསྐལ་པ་བརྒྱར། །བསྙེགས་ཀྱང་གདུང་བ་འཕེལ་ལས་ཞི་མིན་གྱིས། །ཆོས་ཚུལ་རྒྱ་མཚོའི་འཇིངས་འདི་བསྟེན་པར་གྱིས། །ལམ་མཆོག་ཚེ་གཅིག་བྱང་ཆེན་མངོན་བྱེད་ཅིང་། །ཐུགས་རྗེའི་ཟློས་གར་


TR008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་སྣང་ནུས་པའི། །མྱུར་ཟབ་གདམས་པའི་ཡང་ཞུན་སྙིང་ཐིག་གི། །དགོངས་དོན་གནད་འདུས་འདི་ནི་ངེས་བཤད་བྱ། དེ་ཡང་རྒྱལ་བ་སྲས་བཅས་རྣམས་ཀྱི་ཕྲིན་ལས་ཀྱི་སྒོ་རབ་འབྱམས་མཐའ་ཡས་པའི་ཆོས་ཀྱི་རྣམ་གྲངས་མཐའ་དག་གི་དབུས་ན། རྒྱལ་མཚན་རྩེ་མོའི་ཏོག་ལྟ་བུར་གྱུར་པའི་མཐར་ཐུག་རྫོགས་པ་ཆེན་པོ་འདི་ཉིད་ལའང་། ཕྱི་སེམས་སྡེ། ནང་ཀློང་སྡེ་གསང་བ་མ་ཧ་ངག་གི་སྡེ། ཡང་གསང་བླ་ན་མེད་པའི་སྡེ་བཞིར་ཡོད་པའི་ནང་ནས་མཆོག་ཏུ་ཟབ་པ་སྙིང་པོའི་ཡང་ཞུན་བླ་ན་མེད་པའི་སྐོར་རྣམས་ཀྱི་རྒྱུད་སྡེ་ཆེན་པོ་ཀུན་གྱི་དགོངས་པ་མན་ངག་ཏུ་བསྡེབས་པ་ཡང་གསང་སྙིང་ཐིག་རྣམས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པའི་རིམ་པ་ལ་གསུམ་སྟེ། གཞི་ཀ་དག་ལྷུན་གྲུབ་ཀྱི་སྒོ་ནས་འཁོར་འདས་འཁྲུལ་གྱོལ་གྱི་ཚུལ་


TR008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བཤད་པ། ལམ་ཁྲིགས་ཆོད་ཐོད་རྒལ་གཉིས་ཀྱི་མན་ངག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཐོབ་ཚུལ་བཤད་པས་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ལའང་། ཤེས་བྱ་ལ་ཆོག་འཛིན་གྱི་གཞི་དང་། གནས་ལུགས་ཀ་དག་གི་གཞི་གཉིས་ཡོད་པའི་དང་པོ་ལ་དྲུག་སྟེ། གཞི་ལྷུན་གྲུབ་ཏུ་འདོད་པ་དང་། མ་ངེས་པར་འདོད་པ་དང་། ངེས་པ་དོན་དུ་འདོད་པ་དང་། ཅིར་ཡང་བསྒྱུར་བཏུབ་ཏུ་འདོད་པ་དང་། གང་དུའང་ཁས་བླང་དུ་རུང་བར་འདོད་པ་དང་། རྣམ་པ་སྣ་ཚོགས་པས་ཁྲ་བོར་འདོད་པ་སྟེ། དེ་ལྟར་རྣམ་པ་དྲུག་པོ་ལ་ནི་ཕྱོགས་ལྷུང་སྐྱོན་ཅན་གྱི་གཞིར་གསུངས་སྟེ། སྐྱོན་ཅན་དུ་གྱུར་པའི་རྒྱུ་མཚན་ཅི་ཞེ་ན། ལྷུན་གྲུབ་ཏུ་འདོད་པ་དེ་ལ་ནི་སྐྱོན་ཡོན་གཉིས་ཀ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་


TR008_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་ན་ཀ་དག་དང་འགལ་ཞིང་ལམ་ཉམས་སུ་ལེན་མི་རུང་ལ། བླངས་ཀྱང་གྲོལ་མི་རུང་བའི་སྐྱོན་ཡོད་པར་འགྱུར་བ་དང་། ངེས་མེད་དུ་འདོད་པ་དེ་ལ་ནི། གཞི་ངེས་པ་མེད་པར་བློས་གང་བཏགས་པ་དེར་འགྱུར་ན་གྲོལ་ཚར་ནས་ཀྱང་འཁྲུལ་པ་འབྱུང་བར་ཐལ་བའི་སྐྱོན་དང་། ངེས་པ་ཅན་དུ་འདོད་པ་དེ་ལྟར་ན། འགྱུར་དུ་མི་བཏུབ་པས་མ་རིག་པའི་དྲི་མ་དག་པར་ཡང་མི་འགྱུར་བའི་སྐྱོན་དང་། །ཅིར་ཡང་འགྱུར་བཏུབ་ཏུ་འདོད་པ་ལྟར་ན། རྟག་མི་ཐུབ་ཚེ་གྲོལ་བའི་འབྲས་བུ་ཡང་སླར་རྒྱུར་ལྡོག་པའི་སྐྱོན་དང་། གང་དུའང་ཁས་ལེན་བཏུབ་པར་འདོད་པ་ན། དངོས་པོ་ལ་ཐུགས་པ་མེད་ཕྱིར་གཞི་ཡང་ཐུག་མེད་དུ་འགྱུར་ལ་རྟག་ཆད་དུའང་ཁས་ལེན་དགོས་པར་འགྱུར་བའི་སྐྱོན་དང་། སྣ་ཚོགས་སུ་འདོད་པ་དེ་ཡང་ནི། དག་པ་རྣམ་གྲོལ་གྱི་གཞིར་


TR008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་སྟེ། རྟོག་ཚོགས་དུ་མ་ཅན་དེ་ཉིད་ཀ་དག་གཞིར་མི་རུང་བའི་སྐྱོན་ཅན་ཏེ། དེ་ལྟར་གཞི་དྲུག་པོ་དེ་ནི་ཕྱོགས་འཛིན་ལ་ཐལ་སྐྱོན་ཅན་དུ་འགྱུར་ཕྱིར་འདི་སྐབས་ཀྱི་གཞི་རུ་མི་བཞེད་ཅིང་། དེ་ཐམས་ཅད་ཀྱིས་གནས་ལུགས་ཀྱི་ཕྱོགས་རེ་ལས་མ་རྟོགས་པའི་ཕྱིར་རོ། །དེའང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སྣ་ཚོགས་ཡེ་ནས་ལྷུན་གྲུབ་དང་། །འགྱུར་ཚད་ཆ་ནས་ངེས་མེད་པ། །མི་འགྱུར་བས་ན་ངེས་པ་ཅན། །སྣང་བའི་རྩལ་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་བཅས། །འཁྲུལ་པ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་ཐ་དད་ཁྲ་བོར་འདོད། །འདི་ལྟར་འདོད་པའི་བྱེ་བྲག་ལས། །རྫོགས་པ་ཆེན་པོ་ཅིར་སྣང་ཕྱིར། །ཐ་དད་འདོད་པ་གྲངས་མང་ཡང་། །གནས་ལུགས་བབས་ཀྱི་ལྟ་བ་ལ། གཅིག་


TR008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཉིས་མིན་གང་དང་བྲལ། ཅེས་པ་དང་། ཀུན་བཟང་ཀློང་དྲུག་པའི་རྒྱུད་ལས། འདི་ཀུན་བློ་ཡི་རིམ་པར་སྣང་། །རང་ངོ་ཀ་ནས་དག་པའོ། ཅེས་པས། དེ་ལྟ་བུའི་འདོད་པ་ཐམས་ཅད་ནི། ཀ་དག་གི་དངོས་གཞི་ཉིད་མ་རྟོགས་པའི་བློ་ངོ་ཐ་དད་ཀྱི་འཛིན་ཚུལ་ཡིན་ལ། འདི་ཉིད་ཀྱི་གཞི་སྐྱོན་མེད་དངོས་དེ་གང་ཡིན་ན། དེ་ཡང་དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ་པས་རྟག་པའི་མཐའ་དང་བྲལ་ཞིང་། རང་བཞིན་གྱི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པ་ཆད་པའི་མཐའ་དང་བྲལ་བའི། འོད་གསལ་སྟོང་པ་ཆེན་པོའི་དབྱིངས་དང་ཆོས་ཉིད་རྣམ་དག་གི་ཡེ་ཤེས་འདུ་འབྲལ་མེད་ཅིང་། སྨྲ་བསམ་བརྗོད་མེད་ཀྱི་ཡུལ་ལས་འདས་པའི་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་གདོད་མའི་གནས་ལུགས་ཀ་དག་ཆེན་པོ་ཅེས་བྱ་བ་ནི་འདི་ཉིད་ཀྱི་ཐོག་


TR008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཞི་ཡིན་ཏེ། འདིའི་ངོ་བོའི་ཆ་ནས་ཀ་དག་དང་། རང་བཞིན་གྱི་ཆ་ནས་ལྷུན་གྲུབ་ཏུ་བཏགས་ཤིང་། འདི་གཉིས་དབྱེར་མེད་ཀྱི་གདངས་པོའམ་རྩལ་དུ་འཆར་བའི་ཆ་ལ་ནི་ཐུགས་རྗེ་ཀུན་ཁྱབ་ཅེས་བྱ་བ་སྟེ། མདོར་ན་དེ་གསུམ་ཀའང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ལྟ་བུར་གསུངས་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིགཅེས་དང་། མུ་ཏིག་ཕྲེང་བའི་རྒྱུད་ལས། །ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་ཤར་བའོ། ཅེས་སོ། །དེ་ལྟ་བུའི་ཀ་དག་གནས་ལུགས། །དབྱིངས་དོན་དམ་པའི་བདེན་པ། །རིག་པ་རང་བྱུང་གི་ཡི་ཤེས། །ཡེ་སྟོང་ཐོག་མའི་ཆོས་སྐུ། ཆོས་ཉིད་འོད་གསལ་གྱི་


TR008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་དེ་ལ་ནི་འཁོར་འདས། བདེ་སྡུག །ཡོད་མེད། ཡིན་མིན། རྟག་ཆད། གྲོལ་འཁྲུལ། རིག་མ་རིག་སོགས་ཀྱི་གདགས་གཞི་གང་དུའང་མ་གྲུབ་ཅིང་མ་གོས་པ་སྟེ། འདི་ནི་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་འཇག་མའི་སྲིན་བུ་ཡན་ཆད་ལ་ཡེ་ཁྱབ་ཏུ་གནས་པར་ནི་མདོ་རྒྱུད་ཐམས་ཅད་དགོངས་པ་མཐུན་ཏེ། རྒྱུད་བླ་མར། ཐོག་མཐའ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། ཞེས་ཐོག་མེད་དུས་ཀྱི་ཆོས་ཁམས་དགེ་བ་ཞེས་གྲགས་པ་དང་། ཕྱག་ཆེན་གྱི་མན་ངག་རྣམས་ལས་ཀྱང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་གསུངས་པ་དེའང་འདི་ཉིད་དོ། འདི་སྐབས་སུ་ཀ་དག་ཅེས་པའི་མིང་འདི་ལ་གསར་མའི་མཁས་གྲུབ་


TR008_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོས་ཐ་སྙད་ཀྱི་ཚིག་དགག་སྣ་ཚོགས་མཛད་མོད་ཀྱང་། འདིའི་དོན་ནི། གདོད་མ་ནས་དག་པའམ་ཡེ་ནས་དག་པ། ཐོག་མ་ནས་དག་པ། རང་བཞིན་དག་པ་ཞེས་སོགས་དང་མཐུན་པའི་མིང་དོན་ཡིན་པས། ཀ་དག་ཏུ་བརྗོད་པ་ལ་སྐྱོན་དུ་མི་འགྱུར་རོ། དོན་ལ་ཀ་ནས་དག་པ་མི་འཐད་ན་ནི་སྔར་བཤད་པ་བཞིན་གྱི་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་དང་གནས་ལུགས་ཕྱག་ཆེན་སོགས་ཀྱང་རྩོད་གཞི་ཅན་དུ་ཐལ་བའི་ཕྱིར་ཏེ། དེས་ན་སྐྱོན་དུ་མི་འགྱུར་རོ། །འོ་ན་ཀ་དག་གི་སྟོང་ཉིད་ཡིན་ན་ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་གཅིག་ཡིན་ནམ་ཞེ་ན། མ་ཡིན་ཏེ་རིག་སྟོང་ཀ་དག་གི་ཡེ་ཤེས་བསམ་བརྗོད་དང་བྲལ་ཡང་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གཏིང་གསལ་ཡེ་གདངས་ཆེན་པོར་


TR008_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཤིང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་སྒོ་འགག་མེད་ཀྱི་རྩལ་དང་ལྡན་ཕྱིར། སྟོང་གསལ་རིག་པའི་སྙིང་པོ་ཅན་མཐའ་ཐམས་ཅད་དང་རང་གྲོལ་བ་ཡིན་ཏེ། ཀློང་གསལ་གྱི་རྒྱུད་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་གདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགག་མེད་སྣང་སྟོང་ཉིད་དུ་གནས། ཞེས་པས་ངོ་བོ་རིག་སྟོང་དབྱེར་མེད། རང་བཞིན་གསལ་སྟོང་དབྱེར་མེད། ཐུགས་རྗེ་སྣང་སྟོང་དབྱེར་མེད་དུ་བཞུགས་པ་སྟེ། དེ་ལྟ་བུ་ལ་གནས་ལུགས་ཀ་དག་གི་ཡེ་གཞི་ཞེས་བྱའོ།། ༈ །།དེ་ལྟར་ཀ་དག་གི་སྤྱི་གཞི་དེ་ལས་འཁྲུལ་གཞི་བྱུང་ཚུལ་བཤད་པ་ནི། དེ་ལྟ་བུའི་གདོད་མའི་ཀ་དག་ཆེན་


TR008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གནས་ལུགས་དེ་བཞིན་ཡིན་ཕྱིན་ཆད་འཁྲུལ་པ་འབྱུང་བར་མི་རིགས་ན། ཁམས་གསུམ་གྱི་སེམས་ཅན་ཅིའི་ཕྱིར་བྱུང་ཞེ་ན། ངོ་བོ་ཀ་དག་གི་ཆ་ལ་འཁྲུལ་པའི་རྒྱུ་རྐྱེན་དུ་མ་གྲུབ་ཀྱང་། རང་བཞིན་ལྷུན་གྲུབ་དང་ཐུགས་རྗེ་འགག་མེད་ཀྱི་ཆ་ནས་གློ་བུར་དུ་འབྱུང་ཚུལ་ནི། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། ཀྱེ་མ་ང་ལ་འཁྲུལ་པ་མེད་ཀྱང་ངའི་རྩལ་ལས་འཁྲུལ་པ་འབྱུང་སྟེ། གཞི་མི་འགྱུར་བ་ལས་རང་བཞིན་མ་འགག་པར་ཤར་ནས། ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་བ་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པ་ཡོད་པ་མ་ཡིན་ཀྱང་གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་


TR008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་རིག་པ་ཡོད་པ་མ་ཡིན་ཀྱང་ཐུགས་རྗེ་ལྟར་ཤར་བའི་ཆ་ལས་མ་རིག་པ་རང་བྱུང་སྟེ་གཞི་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །ཞེས་གསུངས་པས། ནང་དབྱིངས་ཀ་དག་གི་ཡེ་གཞི་བུམ་ནང་གི་སྐུའམ་མར་མེ་ལྟར་ནང་། གསལ་དུ་ཡོད་པ་དེ་ལས་ཕྱི་རྒྱ་རལ་བ་ལྟར་གྱུར་ཅིང་། རང་བྱུང་ཡེ་ཤེས་ཀྱི་རླུང་གཡོས་པས་རིག་པ་གཞི་ཐོག་ནས་འཕགས་ཤིང་། རང་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་ཤར་བ་སྟེ། དེ་ཡང་ངོ་བོའི་སྣང་བ་གོ་མ་འགག་པར་རང་གསལ་རང་བཞིན་གྱི་སྣང་བ་འོད་ལྔའི་ཚུལ་དུ་ཡེ་གདངས་ཐུགས་རྗེའི་སྣང་བ་ནམ་མཁའ་ལྟ་བུར་སྒོ་ཕྱེ་བ་སྟེ། འདི་ཉིད་ལ་གཞི་ལས་གཞི་སྣང་དུ་ཤར་བ་ཞེས་བྱ་ཞིང་། ལྷུན་གྲུབ་ཀྱི་སྒོ་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བའི་སྒོ་དང་དེ་བཞིན་དུ་འོད་ལྟར་ཤར་བ་དང་


TR008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྟར་ཤར་བ་དང་། ཡེ་ཤེས་ལྟར་ཤར་བ་དང་། གཉིས་མེད་ལྟར་ཤར་བ་དང་། མཐའ་གྲོལ་ལྟར་ཤར་བ་དང་། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བ་དང་། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བ་བརྒྱད་ཡིན་ལ། དེ་དག་ཀྱང་བསྡུ་ན་དག་མ་དག་གི་སྒོ་ཕྱི་མ་གཉིས་འདིར་འདུས་སོ། །དེའི་ཚེ་སྣང་སྲིད་ཐམས་ཅད་འོད་དང་སྐུ་རུ་ཤར་བས་ལྷུན་གྲུབ་ཞིང་སྣང་ཆེན་པོ་ཞེས་བྱ་ལ། ངོ་བོའི་རྩལ་ལས་ལོངས་སྐུའི་ཞིང་སྣང་དང་། །ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུའི་ཞིང་སྣང་། ཐུགས་རྗེའི་རྩལ་ལས་མ་དག་པ་འཁོར་བའི་སྒོ་དང་བཅས་པ་རང་སྣང་རྨི་ལམ་གྱི་ཚུལ་དུ་རང་ཤར་ཞིང་། གཞི་སྣང་གི་འཆར་ཚུལ་དེ་ལྟར་སྣང་བ་དེ་ལ་རང་གི་རང་གདངས་སུ་ངོ་ཤེས་ཏེ། སྐད་ཅིག་དང་པོ་ལ་


TR008_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུ་བ་རང་ཐོག་ཏུ་ཆོད་པས་དོན་གྱི་ཡིན་ཚུལ་རྟོགས། གཉིས་པར་འཁྲུལ་བྲལ་ཡེ་ཤེས་ཀྱི་རྩལ་ཆེན་རྒྱས་ཏེ་གཞི་ཉིད་འབྲས་བུར་སྨིན་པས་རང་སྣང་ཀ་དག་གི་དབྱིངས་སུ་ཐིམ་ནས་རང་གྲོལ་བ་དེ་ལ། འཁོར་འདས་ཐམས་ཅད་ཀྱི་སྔོན་རོལ་དུ་སངས་རྒྱས་པ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་ཞིང་། ལྷུན་གྲུབ་ཀྱི་སྣང་བ་ལ་མ་འཁྲུལ་རང་བཞིན་རང་བཞིན་དུ་གྲོལ་བས་ཀུན་ཏུ་བཟང་པོའི་གྲོལ་གཞི་ཅེས་ཀྱང་བྱ་ལ། དེར་རང་སྣང་ལ་རང་སྣང་དུ་མ་ཤེས་པས་འཁྲུལ་པའི་གཞིར་འགྱུར་ཕྱིར། །བྱོས་གསུམ་གྱི་སེམས་ཅན་གྱི་འཁྲུལ་གཞི་ཞེས་བྱ་སྟེ། ཆོས་སྤྱི་ནས་བཤད་པའི་ཀུན་གཞི་ཞེས་བྱ་བ་འདི་ཉིད་ལ་འཇུག་ཅིང་། འདིར་ཐར་པ་ཆ་མཐུན་གྱི་རྒྱུ་ལ་སྦྱོར་བ་དོན་གྱི་ཀུན་གཞི་དང་། འཁོར་བར་འཁྱམས་པའི་རྒྱུའི་ཆ་ལ་བག་


TR008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྣ་ཚོགས་པའི་ཀུན་གཞི་སོགས་བྱེད་ལས་ཀྱི་ཆ་ནས་བཏགས་པའི་མིང་མང་དུ་ཡོད་པ་དང་། །ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་ལའང་ཡིན། ཞེས་སོགས་ཐུན་མོང་ཐེག་པར་གསུངས་ལ། འདིར་ཡང་ཐལ་འགྱུར་ལས། རང་ངོ་ཡིན་པར་མ་ཤེས་པས། འདི་ཡང་འཁོར་བའི་ཐོག་མའོ། །ཞེས་སོ། འོ་ན་གཞི་ལས་ཤར་བའི་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་རང་རིག་པས་ལྷུན་གྲུབ་ཉིད་ཀ་དག་གི་དབྱིངས་སུ་སླར་ཐིམ་ཞིང་གྲོལ་བ་དེ་ལས་ཡང་ཕྱིས་ཕྱིར་སྔར་ལྟར་འཁྲུལ་པར་མི་འབྱུང་ངམ་ཞེ་ན། འདི་ནི་འབྱུང་བའི་གནས་མེད་དེ་ཀུན་བཟང་གཞི་ཐོག་ཏུ་གྲོལ་བ་དེ་དང་། རྣལ་འབྱོར་པས་ལམ་ཉམས་སུ་བླངས་པས་གྲོལ་བ་གཉིས་ཀ་རིམས་ནད་བྱང་


TR008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱེས་བུ་ལྟ་བུའོ། །བསེ་ཤིང་གི་འབྲས་བུ་ལྟར་སླར་རྒྱུ་རུ་ལྡོག་པའི་གནས་མེད་དོ། །དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ནི་ཐོག་མའི་ཀ་དག་གི་གཞི་ལས་ལྷུན་གྲུབ་ཀྱི་གཞི་སྣང་ཤར་ཞིང་། དེ་ཉིད་རང་སྣང་དུ་མ་ཤེས་པས་འཁྲུལ་པའི་འོག་རྩོམ་ཚུལ་ནི། སྒྲོན་མ་སྣང་བྱེད་ལས། །དེ་ལྟར་གནས་པའི་གཞི་དེ་ལས། །རྒྱུ་དང་འཁྲུལ་པའི་ས་བོན་ནི། །གསལ་བའི་ཆ་ནས་ཕྱིར་ཤར་བས། །ཤེས་པ་གསལ་གསལ་རིག་རིག་སྟེ། །མ་རིག་པ་ནི་གསུམ་དག་ལ། །ཡུད་ཙམ་ཕྱིར་འགྱུར་སྣང་ཆ་ལ། །ཡུལ་དེ་དག་ཏུ་བཟུང་བའི་བློས། །གཞི་དང་གཞི་ཞེས་ཁྱད་པར་འཁྲུལ། །འཁྲུལ་པའི་རྒྱུ་ལས་ཡུལ་རྐྱེན་འཕྲད། ཅེས་སོགས་རྒྱས་པར་གསུངས་ཏེ་དེ་ཡང་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་སེམས་ཉིད་ཁོ་


TR008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་། དེ་རང་ངོ་མ་ཤེས་པ་ལྟ་བུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རང་སྣངལ་གཞན་དུ་འཛིན་མཁན་ཀུན་ཏུ་བཏགས་པའི་མ་རིག་པ་སྟེ། དེ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་མ་རིག་པ་གསུམ་པོ་དེས་འཁྲུལ་པའི་རྒྱུ་བྱས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་དེར་མ་ཤེས་པས་རྒྱུའི་རྐྱེན་དང་། སྟོང་གསལ་ཡེ་ཤེས་ཀྱི་རང་གདངས་ལྷུན་གྲུབ་འོད་ཁྱིམ་དུ་འཆར་བས་དམིགས་པའི་རྐྱེན་དང་། དེ་གསལ་སྟོང་དུ་མ་ཤེས་པར་ཡུལ་དང་ཡུལ་ཅན་ཐ་དད་དུ་དངོས་པོར་བཟུང་བས་དེར་འཛིན་གྱི་རྐྱེན་ཏེ། དེ་ལྟར་རྒྱུ་རྐྱེན་དྲུག་པོ་དེ་ལ་བརྟེན་ཏེ། ཀློང་གསལ་ལས། དང་པོར་མ་རིག་དྲུག་ལས་འབྱུང་།། ༈ །།ཞེས་གསུངས་སོ། །དེ་ནས་ཡང་སྟོང་པའི་རང་རྩལ་འོད་ལྟར་སྣང་བ་ལ་དངོས་འཛིན་ལས་ཀྱི་རླུང་འབྱུང་ཞིང་། འཁྲུལ་པ་ཡིན་ཏེ་


TR008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔའི་རང་འོད་ལ་འཛིན་པ་ཞུགས་པའི་འབྲས་བུ་འབྱུང་བ་ལྔ་དངོས་སུ་སྣང་བ་དང་། ཕྱིའི་འབྱུང་ལྔའི་དྭངས་མ་ལས་ནང་གི་ཁམས་ལྔ་སྐྱེ་མཆེད་དྲུག་སོགས་བྱུང་བས་སྣོད་བཅུད་ཐམས་ཅད་རིམ་གྱིས་ཆགས་ཤིང་གྲུབ་སྟེ། ཁམས་གསུམ་རིགས་དྲུག་གི་སྐྱེ་འགྲོ་རྣམས་མ་རིག་གཟུང་འཛིན་གྱི་དྲ་བར་ནི་ཆུད། རྟེན་འབྲེལ་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོས་ནི་བསྐྱོད། ཉོན་མོངས་འཁྲུལ་ཞེན་གྱི་ལས་ངན་ལ་སྤྱད་པའི་འབྲས་བུས་སྡུག་བསྔལ་ཉམ་ཐག་པ་རྣམ་པ་མང་པོས་ནི་གཟིར། དེ་བྱུང་ཀྱང་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པར་སླར་ཡང་འཁོར་བར་འཁྱམས་པའི་རྒྱུ་དང་ས་བོན་འགའ་ཞིག་བསྒྲུབ་པའི་བརྩོན་པ་ལ་ཨ་འཐས་ཡང་འཐས་སུ་འབད་པ་འདི་ནི་ཁམས་གསུམ་འགྲོ་བ་ཀུན་གྱི་ཆོས་ཉིད་ལགས་ཏེ་ཐལ་འགྱུར་


TR008_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་ལས་ཀྱི་ཚོགས་འདུ་ལས། །ཉོན་མོངས་འདུས་པ་དཔག་མེད་པར། །འགྲོ་བ་ལུས་ཀྱི་རྟོག་ཚོགས་བསྡུས། །རྟེན་འབྲེལ་སྣ་ཚོགས་དུ་མ་ལས། །མི་མཐུན་གཟུགས་སོགས་བྱེ་བྲག་གོ། །ཞེས་དང་། །མུ་ཏིག་ཕྲེང་བའི་རྒྱུད་ལས། །དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུས། དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན་། རྒྱུན་ཆད་འཁོར་བར་ཡུན་རིང་གནས། ཞེས་སོགས་རྒྱ་ཆེར་གསུངས་སོ། འོ་ན་ཐོག་མེད་དུས་ནས་འཁོར་བའི་འདམ་དུ་ཚུད་


TR008_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད། ད་འཁྲུལ་པ་ལྡོག་ཅིང་ཐར་པའི་ལམ་མེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟ་བུའི་མ་དག་འཁོར་བའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ནི་ཆོས་ཉིད་སྟོང་པའི་དབྱིངས་ལས་ལ་གཡོས་ཤིང་། ཀུན་རྫོབ་ཙམ་དུ་མེད་བཞིན་སྣང་བའི་རོལ་པ་རྨི་ལམ་ལྟ་བུའི་སྟོང་པའི་ངང་ལས་གསལ་སྣང་གི་ཆོ་འཕྲུལ་ནམ་མཁའ་ལ་ སྤྲིན་ བྱུང་གནས་ཐིམ་གསུམ་གྱི་ཚུལ་ལྟ་བུ་ཉིད་ལས་ཡང་དག་པའི་བདེན་པའི་དངོས་པོར་མ་གྲུབ་ཕྱིར། རང་གི་དེ་ཉིད་རིག་ཅིང་རྟོགས་ན་གྲོལ་བ་ལ་ཚེགས་མེད་པ་དང་། ཁྱད་པར་དུ་སྔར་བཤད་པའི་སེམས་ཅན་ཀུན་གྱི་རྒྱུད་ལ་གདོད་མའི་གནས་ལུགས་དོན་དམ་པའི་ཀ་དག་གི་ཡེ་ཤེས་ཆེན་པོས་ཁྱབ་ཅིང་། །དེ་ལ་ནི་འཕོ་འགྱུར་བྲི་གང་མེད་པས་གང་གིས་རྟོགས་ཤིང་མངོན་དུ་གྱུར་པ་དེ་གདོད་མའི་ཀུན་


TR008_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོ་ཉིད་དང་ཁྱད་པར་རྡུལ་ཙམ་མེད་པར་འགྱུར་བ་སྟེ། དེ་ལྟར་ཡང་མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །ཞེས་དང་། བདེན་པ་གཉིས་ཀྱི་རང་བཞིན་ནི། །ཏིང་འཛིན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱང་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་དང་། ཀློང་གསལ་ལས་བདེར་གཤེགས་ངོ་བོ་འགྲོ་ཀུན་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །མ་རིག་གྲོལ་ཚེ་འབྱུང་བའི་ལུས།


TR008_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མེད་ཡེ་ཤེས་ངང་དུ་བཟློག །ཅེས་སོགས་གསུངས་པས། གདམས་པ་ཉམས་ལེན་གྱི་གནད་དང་ལྡན་ན་གྲོལ་བའི་སྐལ་པ་ཅན་དུ་གྱུར་པའོ། །དེ་ལྟ་བུས་འཁྲུལ་གྲོལ་གཉིས་ཀྱི་གཞིའི་གནས་ལུགས་སྤྱིར་བསྟན་ནས། ད་ནི་ལམ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་རང་བཞིན་བྱེ་བྲག་ཏུ་འཆད་པ་ལ་གཉིས་ཏེ། སེམས་རིག་དབྱེ་བའི་སྒོ་ནས་ཁྲེགས་ཆོད་ཀྱི་དོན་བསྟན་པ་དང་། གནས་ལམ་སྒོ་ཡུལ་ཐབས་གནས་སོགས་ཀྱི་སྒོ་ནས་ཐོད་རྒལ་གྱི་དོན་བཤད་པ་གཉིས་ཀྱི་དང་པོ་ནི། དེ་ཡང་སྔར་བཤད་པའི་བདེར་གཤེགས་སྙིང་པོའི་གནས་ལུགས་དོན་གྱི་ཡེ་ཤེས་དེ་སེམས་ཅན་གྱི་ཁམས་ལ་ཁྱབ་ཚུལ་དང་། དེ་ཉིད་ལམ་གྱི་དངོས་གཞིར་ཉམས་སུ་བླངས་པས་འབྲས་བུ་སྐུ་དང་ཡེ་ཤེས་འགྲུབ་ཚུལ་སོགས་ནི་ཆོས་ཐམས་ཅད་དགོངས་པ་གཅིག་ནའང་།


TR008_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་རིག་པ་སོ་སོར་ཕྱེས་ཏེ་ཉམས་ལེན་གྱི་སྙིང་པོ་རིག་པའི་ཡེ་ཤེས་ཁོ་ན་ལ་དམིགས་བསལ་དུ་བྱ་བ་ནི་རྫོགས་པ་ཆེན་པོའི་དགོངས་དོན་ཐུན་མོང་མ་ཡིན་པ་ཉིད་དེ། དེ་ཡང་དང་པོར་གཞིའི་སྐབས་སུའང་ཀ་དག་དང་ཀུན་གཞི་ཐ་དད་པའི་ཚུལ་སྔར་བཤད་པ་བཞིན་ཏེ། ཀ་དག་ནི་ཆོས་སྐུའི་ངོ་བོ་སྟེ། འཁོར་བའི་ཆ་ནས་དྲི་མ་མཐའ་དག་གིས་མ་གོས་པའི་ཕྱིར་དང་། ཡེ་ཤེས་གསུམ་གྱི་འབྱུང་གནས་སམ་མཚན་ཉིད་ཅན་དུ་གྱུར་པ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང་། མཚན་མའི་སྤྲོས་པ་ཀུན་དང་བྲལ་ཞིང་འདུས་མ་བྱས་པའི་རང་བཞིན་ཡིན་པ་དང་། ལྟ་སྒོམ་སྤྱོད་པ་ལ་སོགས་ལམ་གྱི་ཆོས་ཐམས་ཅད་ཀྱི་དངོས་གཞིར་གྱུར་པ་དང་། སྟོབས་དང་མི་འཇིགས་མ་འདྲེས་པའི་ཆོས་སོགས་


TR008_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆེ་བ་ཡོན་ཏན་མ་ལུས་པའི་རྒྱུ་འབྲས་གྲུང་པོ་ཡིན་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་ལ། ཀུན་གཞི་ནི་འཁོར་བའི་བག་ཆགས་ཀུན་གྱི་གཞི་རྟེན་ཡིན་པ་དང་། ལུང་མ་བསྟན་གྱི་མ་རིག་པའི་རང་བཞིན་དུ་གནས་པའི་ཕྱིར་དང་། ལས་དང་བག་ཆགས་རྟོག་ཚོགས་ཉོན་མོངས་ཀུན་གྱི་རྒྱུ་རྐྱེན་བྱེད་པ་དང་། ལུས་སྣང་སེམས་གསུམ་སོགས་འདུས་བྱས་ཀྱི་ཆོས་རྣམས་བསྐྱེད་ཅིང་སྨིན་པས་འཁོར་བའི་ཕྱི་མོ་བྱེད་པ་སོགས་སྐྱོན་གྱི་ཆ་དུ་མ་ཅན་ཡིན་ལ། ཀུན་གཞི་ཉིད་ལའང་དབྱེ་ན་ལྷན་ཅིག་སྐྱེས་པའི་མ་རིག་པའི་ངོ་བོ་ལ་ཡེ་དོན་གྱི་ཀུན་གཞིར་གྲགས་པ་དང་། འཁོར་འདས་ཀྱི་ལས་སོ་སོའི་ འཕེན next hit་སྡུད་བྱེད་པ་པོ་ལ་སྦྱོར་བ་དོན་གྱི་ཀུན་གཞི་ཞེས་བྱ་བ་དང་། སེམས་དང་སེམས་བྱུང་གི་རྟེན་འབྲེལ་ལུགས་འབྱུང་དུ་བྱེད་པའི་རྩ་བ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱ་བ་དང་། ཁམས་གསུམ་སོ་སོའི་ལུས་རག་པ་དང་ འདོད་ཁམས་པ་


TR008_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གཟུགས་ཁམས་དང་ཏིང་འཛིན་གཟུགས་མེད་ལྟར་སྣང་བའི་ལུས་སོགས་ཀྱི་གཞི་རྟེན་དུ་གྱུར་པ་བག་ཆགས་ལུས་ཀྱི་ཀུན་གཞི་སྟེ། དེ་ལྟར་ངོ་བོའི་རྩ་བ། གཅིག་ལ་བྱེད་ལས་ཀྱིས་ཕྱེ་བའི་ཀུན་གཞི་རྣམ་པ་བཞི་པོ་དེ་ཐམས་ཅད་ནི་དག་བྱ་དྲི་བཅས་ཀྱི་རང་བཞིན་འབའ་ཞིག་ཡིན་ཚེ། དེས་ན་ཐོག་མའི་གྲོལ་གཞི་དང་མཐར་ཐུག་གི་གྲོལ་ས་དངོས་ནི་ཀ་དག་ཉིད་ཡིན་གྱི། ཀུན་གཞི་མ་ཡིན་པར་གསུངས་ཏེ། ཀུན་བཟང་ཐུགས་ཀྱི་མེ་ལོང་གི་རྒྱུད་ལས། ཀུན་གཞི་ཆོས་སྐུར་འདོད་པ་ང་ལས་གོལ་བ་ཡིན། ཞེས་སོགས་དང་། མུ་ཏིག་ཕྲེང་བ་ སེང་ཐལ་ལུགས་ ལས་ཀྱང་། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་བསླད་དྲན་པ་དང་། སྤྲོས་


TR008_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་གར་མཚོན་པ་ཀུན་དང་བྲལ། ཞེས་སོགས་གསུངས་ཤིང་། །རིག་པ་རང་ཤར་གྱི་རྒྱུད་ལས། །ཀུན་གཞི་རྣམ་རྟོག་འཛིན་པ་ལས། །སྣ་ཚོགས་པ་ཡི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། ཞེས་སོགས་གསུང་ཕྱིར། ཀ་དག་ཆོས་སྐུ་དྲི་བྲལ་དང་ཀུན་གཞི་མ་རིག་དྲི་བཅས། །གཉིས་ཀྱི་དབྱེ་བ་ཤེས་དགོས་ལ། དེ་དག་གོང་དུ་ཀ་དག་དང་ལྷུན་གྲུབ་གཉིས་ཀྱིས་དབྱེ་བའི་ཚུལ་བརྗོད་པ་དེས་ཀྱང་གོ་བར་འགྱུར་རོ། དེ་བཞིན་དུ་སེམས་དང་རིག་པ་གཉིས་ཀྱི་ཁྱད་པར་ཡང་། སེམས་ཞེས་བྱ་བ་ནི་གློ་བུར་གྱི་དྲི་མ་ཡིན་ཏེ་རྣམ་རྟོག་ཅེས་ཀྱང་བྱ་ལ། རིག་པའི་ཡེ་ཤེས་ནི་སྔར་བཤད་པའི་གདོད་མའི་གནས་ལུགས་སམ་ཐོག་མ་མེད་


TR008_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཁམས་དགེ་བ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡིན་པའི་ཕྱིར། དེ་གཉིས་གཅིག་པའི་ཡུལ་མེད་པ་དང་། གཞན་ཡང་སེམས་ནི་དག་བྱ་ཡིན་ལ། རིག་པའི་ཡེ་ཤེས་ནི་རྟོགས་བྱ་ཡིན་པ་དང་། སེམས་ནི། རྫོབ་ཆོས་ཅན་དང་། རིག་པ་ནི་དོན་དམ་ཆོས་ཉིད་ཡིན་པ་དང་། སེམས་ནི་འགྲོ་དྲུག་སོ་སོའི་གཟུང་འཛིན་གྱི་དྲན་བསམ་རང་རྒྱུད་པར་འཆར་བའི་ཤེས་པ་རང་ག་མ་དེ་ཡིན་ལ། རིག་པ་ནི་ཡེ་ཤེས་རང་གསལ་སྐུ་གསུམ་དབྱེར་མེད་སྟོང་གསལ་ཟུང་འཇུག་གི་ངོ་བོ་ཡིན་པ་དང་། སེམས་ཀྱི་ངོ་བོ་ཀུན་གཞི་རྣམ་ཤེས་དང་། དེ་ལས་མཆེད་པ་གཟུང་བའི་རྟོག་པ་ཡིད་ཀྱི་རྣམ་ཤེས་དང་། ཆགས་སྡང་བར་མ་གསུམ་གྱི་འཛིན་པའི་ཤེས་པ་ཉོན་མོངས་པ་ཅན་གྱི་


TR008_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་གཟུང་འཛིན་གྱི་རྟོག་པ་རགས་པོ་དེ་སོ་སོའི་ཡུལ་ལ་སྤྱོད་པ་སྒོ་ལྔའི་རྣམ་ཤེས་དང་། དེ་དག་ལས་ཉོན་མོངས་པ་དུག་ལྔ་དང་། དེ་ལས་ཀྱང་ཉེ་བའི་ཉོན་མོངས་པ་ཉི་ཤུ་དེ་དག་ལས་ཉོན་མོངས་པ་སྟོང་ཕྲག་དྲུག་ཅུ་སོགས་སུ་མཆེད་པས་ཁམས་གསུམ་འཁོར་བར་འཁྲུལ་ཞིང་འཁྱམས་པའི་རྒྱུ་དང་རྩ་བ་ནི་སེམས་ཁོ་ན་ཡིན། རིག་པའི་ཡེ་ཤེས་ཀྱི་རྩ་བ་ནི་གཞི་གནས་ལུགས་ཀྱི་ཡེ་ཤེས། ངོ་བོ་རང་བཞིན། ཐུགས་རྗེ་གསུམ་པོ་སྐུ་གསུམ་གྱི་དབྱིངས་ཉིད་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོག །བྱ་གྲུབ་ཡེ་ཤེས་ལྔའི་རང་བཞིན་དང་། །ཡུལ་ལ་ཁྱབ་པའི་ཡེ་ཤེས་ནི། །གནས་ལུགས་ཇི་ལྟ་བ་མཁྱེན་པ་དང་། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་


TR008_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་སོགས་མདོར་ན་ཡང་དག་པའི་དོན་མངོན་གྱུར་གྱི་སངས་རྒྱས་འགྲུབ་པའི་རྒྱུའམ་རྩ་བ་དངོས་ནི་རིག་པ་ཉིད་ཡིན་པ་སྟེ། དེས་ན་སེམས་དང་རིག་པའི་ཁྱད་པར་མཐའ་ཡས་ཤིང་། ཚུལ་དེ་དག་ངེས་དོན་ཟབ་མོའི་རྒྱུད་སྡེ་རྣམས་ལས་འབྱུང་སྟེ། མུ་ཏིག་ཕྲེང་བར། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། ཞེས་དང་། སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་དག །ཤེས་ཤིང་རིག་ལ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ།


TR008_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང་། ཀུན་བཟང་ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་དང་ཡེ་ཤེས་རང་གི་ངོ་བོ་མ་ཕྱེད་ན་ཉི་མ་སྤྲིན་ཕུང་གིས་བསྒྲིབས་པ་དང་འདྲ་སྟེ་ཕྱིར་སྣང་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་སེམས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གྱི་ཡུལ་ལ་བདག་མེད་དུ་རྟོགས་སོ། ཡེ་ཤེས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་རིག་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བའོ། ཞེས་པ་ལ་སོགས་དཔག་ཏུ་མེད་པར་གསུངས་ཤིང་། མདོར་ན་རྫོགས་ཆེན་དུ་མ་ཟད་མདོ་སྡེ་དང་བསྟན་བཅོས་དག་ལས་ཀྱང་མགྲིན་གཅིག་ཏུ་གསུངས་ནའང་དགོངས་པ་ལེན་ཕྱོགས་ཀྱི་དབང་གིས་མ་གོ་བའི་རིགས་ཀྱང་མང་མོད་ལ། དེས་ན་འདའ་ཀ་ཡེ་ཤེས་ཀྱི་མདོར། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས།


TR008_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནས་མི་འཚོལ་བའི་འདུ་ཤེས་པར་བྱའོ། །ཞེས་གསུངས་པའི་དོན་ཡང་སེམས་རྟོགས་པ་ནི་ཡེ་ཤེས་ཡིན་ཕྱིར་འདི་སྐབས་དང་དགོངས་པ་མཐུན་པ་ཉིད་དོ། མདོར་བསྡུ་ན། ཉམས་སུ་ལེན་རྒྱུའི་སྙིང་པོ་ནི་རིག་པའི་ཡེ་ཤེས་ཡིན་ལ། སེམས་ནི་དེའི་གདངས་པའམ་རྩལ་ཡིན་པའི་ཕྱིར་རིག་པ་ངོས་ཟིན་ན་སེམས་ལ་འཁྲུལ་དབང་མེད་དེ། དཔེར་ན་རྒྱལ་པོ་བཙོན་དུ་ཟིན་ཚེ་འབངས་འཁོར་དབང་དུ་འདུ་བ་ལྟ་བུའོ། །དེ་ལྟར་ཉམས་སུ་ལེན་པ་ལ་ཐོག་མར་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་སུ་འདུས་ལ། དེ་ལུས་ཀྱང་ཐོག་མར་སྨིན་བྱེད་ཁོ་ན་དགོས་པ་དང་། དབང་དེ་ཉིད་ལ་ཕྱི་སྤྲོས་བཅས། བུམ་དབང་། ནང་སྤྲོས་མེད་ གསང་དབང་ གསང་


TR008_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བ་ ཤེས་རབ་ཡེ་ཤེས་ ཤིན་ཏུ་སྤྲོས་མེད། དེ་ཁོ་ན་ཉིད་ཚིག་དབང་རབ་ཏུ་སྤྲོས་མེད་ཀྱི་དབང་དང་བཅས་པ་རྣམས་ཡོངས་སུ་རྫོགས་པར་ཐོབ་དགོས་ལ། དབང་དེ་ལྟ་བུ་དག་ཐོབ་མ་ཐོབ་ཀྱི་ས་མཚམས་ནི་རྒྱུད་སྨིན་ནུས་མི་ནུས་དབང་དོན་སེམས་ལ་འཕྲོད་མ་འཕྲོད་ལ་བྱེད་དགོས་ནའང་། ཚིག་དབང་ དེ་ལྟ་བུའི་དབང་དེ་དག་ཐོབ་ཚུལ་ལམ་དབང་དོན་ངོ་སྤྲོད་ཚུལ་དེ་ཅི་འདྲ་ཞིག་དགོས་ཞེ་ན། བུམ་དབང་ཐོབ་ན་སྣོད་བཅུད་འབྱུང་ལྔ་ཕུང་ཁམས་སྐྱེ་མཆེད་སོགས་གཟོད་མ་ནས་ལྷའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་ཡིན་ལུགས་གོ་དགོས། དེ་ལྟར་མ་ཤེས་པར་སྣོད་བཅུད་ཐ་མལ་ཨ་འཐས་སུ་འཛིན་ན་བུམ་དབང་མ་ཐོབ། དེས་མཚུངས་པར་རང་བཞིན་གྱི་སྒྲ་སྐད་དང་དབུགས་འབྱིན་འཇུག་ཐམས་ཅད་སྔགས་སུ་མ་ཤེས་ན་གསང་དབང་ཐོབ་མ་ཐོབ་དང་། ཡིད་ཀྱི་འབྱུང་


TR008_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་དང་རྟོག་ཚོགས་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་ཤེས་མ་ཤེས་ལ་དབང་གསུམ་པ་ཐོབ་མ་ཐོབ་དང་དེ་དག་ཐམས་ཅད་རང་རིག་ཆོས་སྐུའི་ངོ་བོར་ཐག་ཆོད་མ་ཆོད་ལ་དབང་བཞི་པ་ཐོབ་ལ་ཐོབ་ཀྱི་མཚམས་ཡིན་པས། དེས་དབང་བཞི་ཞུས་ཕྱིན་ཆད་དབང་དོན་འདི་དག་རབ་ལ་རྟོགས་པ། འབྲིང་ལ་མྱོང་བ། ཐ་མ་ལ་གོ་བ་རྒྱུད་ལ་སྐྱེ་དགོས་ཀྱི་བདག་གིས་ཆོས་བཀའ་དེ་དང་དེའི་དབང་ཞུས་ཐོབ་བོ། ཞུས་སོ་སྙམ་པ་གཅིག་པུས་ཆོག་པ་མིན་ནོ། །དེང་སང་ནི་ཆོ་གའི་དབང་བསྐུར་ཙམ་ཞིག་ཞུས་མ་ཞུས་ཐ་སྙད་དུ་བྱེད་པ་མ་གཏོགས་དབང་དོན་རྒྱུད་ལ་འཕྲོད་མ་འཕྲོད་དམ། སློབ་དཔོན་སློབ་མའི་མཚན་ཉིད། དབང་གི་ངོ་བོ་དང་། དབང་བཞི་པོ་ཐ་དད་ལ་དཀྱིལ་འཁོར། དབང་རྫས། ཇི་ལྟར་བསྐུར་ཐབས་


TR008_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཞིབ་ཆ་ནི་དབང་ཆོག་སོ་སོ་ལ་འབྱུང་མོད་ཅིང་སོ་སོའི་དམ་ཚིག་ཀྱང་བཟའ་བའི་དམ་ཚིག །བཅའ་བའི་དམ་ཚིག །བསྲུང་བའི་དམ་ཚིག །མི་འབྲལ་བའི་དམ་ཚིག་སོགས་གསང་སྔགས་གསར་རྙིང་ཐམས་ཅད་ནས་རྒྱས་པར་འབྱུང་བ་ལྟར་ལག་ཏུ་ཁེལ་དགོས་པ་ཉིད་དོ། །དམ་ཚིག་གི་བསྲུང་མཚམས་སོགས་ནི་ཡིད་ཀྱི་ཕུག་ལའང་མེད་པ་ཤ་སྟག་ཡིན་ཕྱིར་དབང་ཐོབ་པ་དེ་མཚན་ཉིད་ཚུལ་མཐུན་མི་འབྱུང་ལ། དེ་མ་ཡིན་ཚེ་གདམས་པ་འཆད་ཉན་དང་ཉམས་སུ་ལེན་ལོ་ཙམ་བྱེད་པ་འདི་དག་གིས་ཀྱང་རང་རྒྱུད་གྲོལ་མ་ནུས་པར་མངོན་སུམ་དུ་གསལ་བ་འདི་དག་ཉིད་ལས་མ་འདས་ཀྱི། གང་ཞིག་དེ་དག་ཚུལ་ལྡན་དུ་བྱེད་པ་དག་གིས་དབང་དུ་བགྱིད་ན། དབང་ཐོབ་དམ་ལྡན་གྱི་སློབ་མ་དེ་ཉིད་གྲོལ་བྱེད་ཀྱི་ཐོག་


TR008_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་མཐའ་དག་རེ་རེ་ནས་རྟགས་དང་ངེས་པ་རྙེད་པ་མ་བྱུང་གི་བར་དུ་ནན་ཏན་ཆེན་པོས་འབད་ནུས་ན། དངོས་གཞི་རང་བྱུང་ཡེ་ཤེས་ཀྱི་དོན་རྒྱུད་ལ་མི་སྐྱེ་བའི་ཐབས་མེད་པ་དང་། དེ་ཉིད་ཀྱི་དོན་དངོས་ལ། རྣམ་གྲངས་མང་ཡང་འདིར་ནི་ཁྲེགས་ཆོད་ཐོད་བརྒལ་གཉིས་སུ་འདུས་པའི་དང་པོར་ཁྲེགས་ཆོད་ལའང་ལྟ་བ་གནས་ལུགས་ཀྱི་དོན་ཡིན་ལུགས་རང་ངོ་ཤེས་ཤིང་ཐེ་ཚོམ་གྱི་སྒྲོ་འདོགས་གཅོད་པའི་ཕྱིར། དང་པོར་རྟོག་པ་རྩད་གཅོད་པ་བར་དུ་སེམས་ཀྱི་མཚངས་བཙལ་བ། མཐར་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་སོགས་ཁྲིད་རིམ་སོ་སོའི་དཀྱུས་ནས་སྣང་བ་ལྟར་ལ། བླ་མས་མན་ངག་གིས་མཚམས་སྦྱར་ཏེ། སློབ་མའི་བློ་རིགས་ལ་རྗེས་སུ་དཔག་ནས། རྒྱས་བསྡུས་ཅི་རིགས་


TR008_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པར་བྱ་ཞིང་།། ༈ །།ལྟ་བ་དངོས་ནི་འཇིག་རྟེན་ཐ་མལ་པའི་འགྲོ་བ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ནི་ཨ་འཐས་སུ་གཟུང་འཛིན་ཆགས་སྡང་རྨོངས་གསུམ་ལས་མ་འདས་པས་ལྟ་བ་མ་རྟོགས་པ་དང་། ཕྱི་པ་མུ་སྟེགས་པ་ལ་ནི་རྟག་པ་ཐེར་ཟུག་པ་དང་། ཆད་པ་རྒྱང་previous hit འཕེན ་པ་གཉིས་ལ་བརྟེན་ནས་འཇིག་ཚོགས་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ལྟ་བ་ལོག་པར་རྟོག་པ་འབའ་ཞིག་དང་། ནང་པ་ལ་ཡང་ཉན་ཐོས་པས་སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་སྟེ་བདེན་པ་བཞི་དང་། རང་རྒྱལ་བས་རྟེན་འབྲེལ་འབྱུང་ལྡོག་གཉིས་དང་། བྱང་སེམས་པས་སྣང་བ་ཀུན་རྫོབ་སྟོང་པ་དོན་དམ་དུ་འདོད་ཅིང་། ཉམས་ལེན་སྨོན་འཇུག་ལ་བྱེད་པ་སྟེ། དེ་ལྟར་ཕར་ཕྱིན་ཐེག་པ་པས་བདག་མེད་ཀྱི་ལྟ་བ་ཕྱོགས་ཙམ་རྟོགས་པ་དང་


TR008_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲི་ཡ་པས་ཀུན་རྫོབ་རིགས་གསུམ་གྱི་ལྷ། དོན་དམ་དག་པ་མཐའ་བཞི་དང་བྲལ་བར་འདོད་པ་དང་། ཨུ་པ་དང་ཡོ་ག་པས་རིགས་བརྒྱ་སོགས་ཀྱི་ལྷར་སྣང་བ་ནི་ཀུན་རྫོབ། རང་བཞིན་སྟོང་པ་དོན་དམ་དང་། མ་ཧཱ་ཡོ་ག་པས་སྣང་གྲགས་ཞི་ཁྲོའི་དཀྱིལ་འཁོར་སོགས་ཀུན་རྫོབ་དང་། །སྐྱེ་འགག་གནས་གསུམ་དང་བྲལ་བ་དོན་དམ། དེ་གཉིས་མེད་བདེན་པ་དབྱེར་མེད་དང་། ཨ་ནུ་ཡོ་ག་པས་སེམས་ཉིད་སྤྲོས་བྲལ་ནི་དབྱིངས། དེ་ཀ་ཡུལ་མེད་དུ་གསལ་བ་ཡེ་ཤེས། གཉིས་མེད་བདེ་བ་ཆེན་པོར་འདོད་པ་སོགས་མདོར་ན་སྔགས་ཀྱི་ཐེག་པ་དྲུག་གམ་ལྔའི་ལྟ་བ་ཐམས་ཅད་ཀྱང་། བློས་བྱས་ཀྱི་མཐའ་ལ་རེག་པས་ན། ཡང་དག་པའི་ལྟ་བ་དངོས་ལ་རྟོགས་པ་རུ་འདིར་གསུངས་ལ། འདི་སྐབས་ཀྱི་ལྟ་བ་དངོས་དེ་གང་


TR008_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། རང་རིག་ཀ་དག་འདུས་མ་བྱས་པའི་ཡེ་ཤེས། བསམ་བྲལ་གདོད་མའི་གནས་ལུགས། རང་བྱུང་ཐིག་ལེ་ཉག་གཅིག །ཡེ་གྲོལ་ཀློང་ཡངས་ཆེན་པོ་སྟེ། དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་སྐྱེ་བ་མེད་ཅིང་། གསལ་མདངས་འགག་པ་མེད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་རུང་ཡང་ངོ་བོ་ལ་གང་གིས་ཀྱང་གོས་པ་མེད་པས་ཅིར་སྣང་སྟོང་པ་ཉིད་ལས་མ་འདས་པ། དབྱིབས་དང་ཁ་དོག་བཟང་ངན་ཡོད་མེད་རྟག་ཆད་ཀྱི་མཚན་མའི་མཐའ་ལས་འདས་ཤིང་། མཐའ་ལས་འདས་སོ་སྙམ་པ་ལ་སོགས་པའི་ཡིད་བྱེད་ཀྱི་བློའི་ཞེན་འཛིན་གྱིས་བཅོས་སླད་བྱས་པ་ལ་ཡིན་པར་ཡེ་གདོད་མའི་ཡེ་ཤེས་བསམ་བརྗོད་བྲལ་བ་ཉིད་ནི་ལྟ་བའི་


TR008_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིན་ལ། དེ་ཉིད་བླ་མས་བརྡ་ཐབས་མན་ངག་སྣ་ཚོགས་དང་ཁྱད་པར་བྱིན་རླབས་ཀྱི་འཇུག་པ་ཟབ་མོ་རྨད་དུ་བྱུང་བའི་མཐུས། ཐེ་ཚོམ་ཡིད་བྱེད་གཉིས་འཛིན་གྱི་སྒྲོག་ལས་གྲོལ་ནས་ཡིན་ལུགས་ཇི་བཞིན་དུ་རིག་ཅིང་རྟོགས་པ་དེ་ལ་ལྟ་བ་རྟོགས་པ་ཞེས་བྱ་སྟེ། དོན་དུ་རྟོགས་རྒྱུ་དང་རྟོགས་མཁན་ཐ་དད་གཅིག་གཞན་ནས་གསར་བྱུང་ལྟ་བུ་ནི་མ་ཡིན་ཏེ་རང་ལ་ཡོད་པའི་ཡེ་ཤེས་རང་ངོ་ཤེས་པ་ཁོ་ནའོ། དེ་ལྟ་བུའི་ཁྲེགས་ཆོད་གཞིའི་དོན་རྟོགས་པ་གཅིག་པུས་ཆོག་གམ་ཞེ་ན། གང་ཟག་དབང་པོ་ཡང་རབ་ཀྱི་སྐལ་ལྡན་འགའ་ལ་ནི་དེ་ལྟ་བུའི་དོན་རྟོགས་པ་དང་གྲོལ་བ་དུས་མཉམ་དུ་འགྱུར་བ་ཡོད་ནའང་། གཞན་ཕལ་པ་ལ་ནི་ངོ་ཤེས་པ་ཙམ་གྱིས་མི་ཆོག་སྟེ། གློ་བུར་གྱི་


TR008_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་དང་སྒྲིབ་བྱེད་མཐའ་དག་ཟད་ཅིང་དབྱིངས་སུ་ཐིམ་དགོས་པར་གསུངས་ཏེ། ཇི་སྐད་དུ། ལས་རྣམ་པར་དག་པའི་མདོ་ལས། བཅོམ་ལྡན་འདས་ལ་སྒྲིབ་པ་རྣམ་པར་སེལ་བས་གསོལ་བ། ལས་ཀྱི་རྣམ་པར་སྨིན་པའི་རང་བཞིན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རང་བཞིན་ནི་ཆོས་ཉིད་ཡིན་ནོ། །གསོལ་བ། འོ་ན་ སེང་ཐལ་ སེམས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་རིགས་སོ། །བཀའ་བསྩལ་བ། དེ་ནི་མི་རིགས་རེ་འོ་མ་མ། བསྲུབས་ཀྱི་བར་དུ་མར་མི་འབྱུང་བ་བཞིན་ནོ། །དངུལ་རྡོ་མ་བཞུས་ཀྱི་བར་དུ་དངུལ་མི་འབྱུང་བ་བཞིན་དུ་སེམས་ཅན་གྱིས་མ་བསྒོམས་མ་བསྒྲུབས་ཀྱི་བར་དུ་འཚང་མི་རྒྱའོ། །ཡང་གསོལ་བ། ཡེ་ནས་ཆོས་ཉིད་ལགས་ན་བསྒོམ་ཅི་འཚལ། བཀའ་


TR008_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། རྣམ་རྟོག་གློ་བུར་བ་ནམ་མཁར་སྤྲིན་བྱུང་བ་ལྟ་བུ་དེ་སེལ་དགོས་པས་བསྒོམ་མོ། །གསོལ་བ། རྣམ་རྟོག་གློ་བུར་བ་ལགས་ན་སངས་རྒྱས་ནས་ཀྱང་འབྱུང་བར་རིགས་སོ། བཀའ་སྩལ་པ། སངས་རྒྱས་ནས་ནི་རྟོག་པ་རྩད་ནས་ཆོད་པ་ཡིན་ཏེ་འབྲུམ་ནད་ལེགས་པར་བྱང་བ་དང་འདྲའོ། །ཞེས་གསུངས་ཤིང་། དེ་ཡང་གང་ཟག་ཐུན་མོང་བ་སྤྱི་ལ་ཐོག་མར་སེམས་མི་ གནས་པ་ གནས་པར་བྱེད་པ་ཉན་ཐོས་ཞི་བའི་ལྟ་སྟངས། གནས་པ་བརྟན་པར་བྱེད་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས། བརྟན་པ་གྲོལ་བར་བྱེད་པ་ཁྲོ་བོའི་ལྟ་སྟངས་ལ་སོགས་པ་ལུས་གནད་དང་། རླུང་གི་ཁ་དོག །དབྱིབས། གྲངས། འགྲོ་འོང་། བུམ་པའི་སྦྱོར་བ་སོགས་ངག་གི་གནད་དང་། མཚན་མ་དང་བཅས་པ་དང་།


TR008_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད་པའི་ཞི་གནས་སོགས་སེམས་གྱི་གནད་རྣམས་ལ་བརྟེན་ནས་རྣམ་རྟོག་གི་འགྱུ་འཕྲོ་ཆམ་ལ་ཕབ་པའི་རིམ་པ་ལ་རྩེ་གཅིག་ཏུ་འབད་པས། དང་པོ་གཡོ་བའི་ཉམས་ཀྱིས་གནས་འགྱུའི་དབྱེ་བ་ཤེས་པ་དང་། གཉིས་པ་ཐོབ་པའི་ཉམས་ཀྱིས་སེམས་ཉིད་གནས་པར་ཤར། གསུམ་པ་གོམས་པའི་ཉམས་ཀྱིས་བསམ་གཏན་ལ་ངེས་ཤེས་རྙེད། བཞི་པ་བརྟན་པ་ཐོབ་པའི་ཉམས་ཀྱིས་གནས་ཆ་ལ་རང་དབང་ཐོབ་པ་རྣམས་འབྱུང་བ་སྟེ། འདི་དག་ལ་ཆོས་སྤྱི་དང་ཕྱག་ཆེན་སོགས་སུ་ནི་གནས་ཉམས་དང་པོ་རི་གཟར་འབབ་ཆུ། གཉིས་པ་ཆུ་བོ་དལ་འབབ། གསུམ་པ་རྒྱ་མཚོ་ལྟ་བུ་སོགས་གསུངས་པ་དང་མཐུན་ལ། རྫོགས་ཆེན་ཕལ་ཆེར་ལས་རྣལ་དུ་དབབ་པ་དང་། །སོར་གཞུག་པ་སོགས་ཀྱང་སྐབས་འདིར་གསུངས་ཤིང་། དོན་


TR008_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གང་ཟག་རིམ་གྱིས་པ་དང་། གཅིག་ཆར་བའམ་དབང་པོ་རབ་འབྲིང་ཐ་གསུམ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བའི་བློ་རིམ་སོ་སོ་ལ་སྐབས་སུ་གང་བབས་ཀྱི་གདམས་པ་གདབ་ཚུལ་རྣམས་བླ་མ་ཉམས་མྱོང་ཅན་གྱིས་ཤེས་པར་བྱའོ། །དེ་ནས་ལྷག་མཐོང་དངོས་ལ་གནས་པ་སེམས་ཀྱི་རྒྱན་དུ་འཆར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་ལ་བཟླ་བ་སོགས་དང་། །ཕྱི་སྣང་བ་ལ་བརྟགས་ཤིང་ངོ་སྤྲོད་པ། ནང་རིག་པ་ལ་བརྟགས་ཤིང་ངོ་སྤྲོད་པ། དེ་གཉིས་མེད་ལ་བརྟགས་ཤིང་ངོ་སྤྲོད་པ་སོགས་ཁྲིད་གཞུང་སོ་སོ་ནས་རྒྱ་ཆེར་འབྱུང་མོད་ཀྱི་འགག་དོན་ལ། ངོ་རང་ཐོག་ཏུ་སྤྲོས་པ། ཐག་གཅིག་ཐོག་ཏུ་བཅད་པ། གདིང་གྲོལ་ཐོག་ཏུ་བཅའ་བ་སྟེ་འདི་གསུམ་ལ་གནད་ཐམས་ཅད་འདུས་པ་


TR008_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། དེ་ཡང་རང་གི་སེམས་ཉིད་དབྱིབས་དང་ཁ་དོག་མཚན་མའི་ཆོས་ལས་འདས་པའི་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ག་རང་གསལ་ཧྲིག་གེ་རྗེན་ནེ། སལ་ལེ་བར་རིག་པ་དེ་ལ་སེམས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཇི་ལྟ་བར་ཤེས་པའི་ལྷག་མཐོང་ཞེས་བྱ་བར་ཆོས་སྤྱི་ནས་བཤད་ལ། རྫོགས་ཆེན་ཉིད་ལས་ནི་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཞེས་བྱ་སྟེ་ཡེ་གདོད་མའི་ཀ་དག་གི་གནས་ལུགས་ཇི་ལྟ་བར་ད་ལྟ་རང་ཐོག་ཏུ་ངོ་ཤེས་པ་དེ་ནས་ངོ་རང་ཐོག་ཏུ་འཕྲོད་པ་ཞེས་བྱ། དེ་ལྟ་བུའི་རིག་པ་རང་ངོ་འཕྲོད་ན་ཚོགས་དྲུག་གི་ཡུལ་ལ་གསལ་ལེར་འཕྲོའམ། རང་གསལ་གྱི་ངང་དུ་ལྷན་ནེར་གནས་སམ་བཟང་ངན་གྱི་རྟོག་པ་ཧྲམ་མེར་ཤར་རམ་ཇི་ལྟར་


TR008_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཀྱང་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པར་སལ་ལེ། སང་ངེ་བའི་རིག་པ་རྗེན་པ་དེ་ངོ་ཤེས་ཚེ་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ལས་མ་འདས་པ་དེ་ལ་ཐག་གཅིག་ཐོག་ཏུ་ཆོད་པ་ཞེས་བྱ། དེ་ལྟར་ཐག་ཆོད་ངེས་པ་རྙེད་པ་དེའི་ཚེ་ཚོགས་དྲུག་གི་བྱེ་བྲག་ཏུ་གྱུར་པ་ཕྱི་ཡུལ་གྱི་སྣང་བའམ། འགྱུ་དྲན་གྱི་ཆ་ཤས་སུ་གྱུར་པ་ནང་སེས་དང་སེམས་བྱུང་རྣམ་རྟོག་ཏུ་བཏགས་པ་ཅིར་སྣང་ཅི་ཤར་ཐམས་ཅད་དང་པོར་ཡང་ཆོས་ཉིད་རྩལ་ལས་རང་བྱུང་ཞིང་། ད་ལྟའང་ཆོས་ཉིད་ཀྱི་རོལ་པར་རང་ཤར་ལ། མཐར་ཡང་ཆོས་ཉིད་ཀྱི་ངང་དུ་རང་ཐིམ་པ་ཉིད་ལས་གཞན་དུ་མ་ཡིན་ཏེ། ཐོག་མཐའ་བར་གསུམ་གང་དུའང་མ་བཅིངས་མ་གྲོལ་བར་རང་བཞིན་གྱི་མཚན་ཉིད་དུ་ཐག་ཆོད་པ་ལ་གདིང་གྲོལ་ཐོག་


TR008_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཅའ་བ་ཞེས་བྱ་སྟེ། མདོར་ན་སེམས་ཉིད་ཀྱི་རང་ཚུལ་རང་བབས་ཁ་ཡན་དུ་གློད་ཅིང་གནས་འགྱུ་གཉིས་ལ་བཟང་ངན་འདོར་ལེན་དུ་མི་བྱ་བར་གང་སྣང་རང་རིག་རྗེན་པར་སྐྱོང་བ་འདི་ནི་ཁྲེགས་ཆོད་ཀྱི་སྙིང་པོ་ཉིད་དེ་འདིའི་གནད་ཤེས་ན་བསྒོམ་ལ་མི་ཡོང་བའི་ཐབས་མེད་ཅིང་། ཆེད་དུ་བསྒོམ་རྒྱུ་མེད་ཚེ་དཀའ་བས་འབད་རྩོལ་དང་གཟུང་འཛིན་གྱི་དྲན་པ་མི་དགོས་ལ། རིག་པས་ངོས་ཟིན་ཚེ་ཐ་མལ་ཡེངས་འཁྲུལ་དུ་འགྱུར་བའི་གནས་མེད་པར་སྒོམ་གྱི་རང་བཞིན་ཉིད་ལས་མ་གཡོས་པ་ཡིན་ཀྱང་། དེང་སང་གི་སྒོམ་ཆེན་པ་ཕལ་ཆེར་ནི་གནད་འདི་མ་གོ་མ་རྟོགས་པར་གཞི་གནས་སྟེང་པོ། ཁ་ལྟ་གོ་དྲེད་ཨ་འཐས་འཇུར་ཅན། རྣམ་རྟོག་རང་རྒོད། འགྱུ་བ་རྗེས་འབྲངས། བློས་བྱས་ཡིད་བྱེད་ལ་སོགས་ལ། སྐྱོན་འདི་དག་གི་ངོས་


TR008_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྣམས་ཞིབ་པར་ཕྱག་ཆེན་ཟིན་བྲིས་སུ་བཤད་ཡོད་པས་དེར་བལྟ་བར་བྱོས་ཤིག །མཆན། བསྒོམ་དུ་རློམས་པ་ཁོ་ན་མང་ཚེ་འདི་ནས་བཤད་པའི་གནད་དོན་འདི་དག་ལ་བློ་ཁེལ་གྱི་ངེས་ཤེས་འདྲོངས་མཁན་ནི་ཤིན་ཏུ་དཀོན་པར་ཟད་དོ། །དེ་ཡང་ཁྱུང་ཆེན་མཁའ་ལྡིང་གི་རྒྱུད་ལས། མ་བསྒོམ་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཕྱིན། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགགས་མ་བསྡུས་པར་རང་སར་དག །ཅེས་དང་། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་པོ་ཉིད། །གང་གིས་མ་བསྒྱུར་རང་རིག་གྲོལ་བའི་གནད། །ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། །མི་ཤེས་བྱིས་པ་རྣམས་ཀྱིས་ཀྱང་སྣང་ཡང་། །མ་བཞག་


TR008_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅོས་རྣལ་འབྱོར་རང་རིག་པ། །ཡེ་ནས་རང་གྲོལ་སུས་ཀྱང་དཀྲོལ་བ་མེད། །མ་བཅོས་རང་སར་བཞག་ལས་འབད་ཅི་དགོས། ཅེས་སོགས་ཀྱི་ལུང་བརྗོད་ལས་འདས་མོད་ཀྱང་རང་རིག་རྗེན་པ་ངོས་མ་ཟིན་ན་ནི་ཚིག་དང་ཡི་གེ་ལས་བྱུང་བའི་བཤད་ཚོགས་ལ་དགོས་པ་མི་ཡོང་ཞིང་ཚེ་གཅིག་གིས་བྱང་ཆུབ་ཐོབ་པ་ལ་མི་ཕན་ལ། བླ་མའི་བྱིན་རླབས་ཞུགས་ཤིང་སྒྲོ་འདོགས་སེམས་ལ་ཆོད་དེ་ཉམས་ལེན་རང་རྒྱུད་ལ་ཁེལ་བའི་གང་ཟག་རྣམས་ལ་ནི་ཞི་གནས་ལྷག་མཐོང་གི་རྣམ་དབྱེ་མི་དགོས་པར་རིག་ཐོག་ཏུ་ཟུང་འཇུག་ཤེས། མཉམ་གཞག་རྗེས་ཐོབ་ཀྱི་བཞག་ལེན་མེད་པར་སེམས་ལ་བསྒོམ་འབྲལ་བ་མེད། གནས་འགྱུ་ཐ་དད་ཀྱི་དགག་སྒྲུབ་མ་དགོས་པར་མཐའ་གྲོལ་ཀློང་ཡངས་ཀྱི་དགོངས་པར་ཕྱམ་གདལ།


TR008_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་སྐྱེ་འཕེལ་གྱི་ཞེ་འདོད་མི་དགོས་པར་རང་རིག་གནས་ལུགས་ཀྱི་རང་ས་ཟིན། འབྲས་བུ་ཐོབ་བྱ་ཐོབ་བྱེད་ཀྱི་རེ་ལྟོས་མི་བལྟ་བར་གདོད་མའི་སངས་རྒྱས་རང་གི་སེམས་ལས་རྙེད་པ་སྟེ། དེ་ལྟར་ཐེག་པའི་རྩེ་རྒྱལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཀྱི་གནད་དོན་ཐམས་ཅད་འདིར་འདུས་ཤིང་། དེ་ལ་ནི་ཤོར་བ་དང་གོལ་བའི་ཡུལ་མེད་པས་ཅིར་སྣང་ཆོས་ཉིད་ཀྱི་རོལ་པ་ཉིད་ལས་འདས་པ་མེད་དེ། དགའ་རབ་རྡོ་རྗེའི་ཞལ་ནས། །ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་གདངས་འཆར་ཚུལ་ཅི་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། ཞེས་གསུངས་པ་ལྟར་ལགས་ཤིང་འོན་ཀྱང་དབང་པོ་ཐ་མ་དག་ལ་རྫོགས་ཆེན་སེམས་སྡེ་


TR008_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུགས་ཀྱི་ཉམས་རིམ་བཞི་དང་། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བཞི་པོ་སྦྱར་ཏེ་བརྗོད་ན། དེ་ཡང་ལས་དང་པོ་པས་མཉམ་པར་བཞག་དུས་ཤེས་པ་འཕྲོ་རྒོད་ངོས་ཟིན་པའི་གནས་ཆ་དང་པོ་གཡོ་བའི་ཉམས་འབབ་ཆུ་ལྟ་བུ་དེ་ནས་མགོ་བཟུང་སྟེ། མཐར་གནས་པ་གར་བཞག་སྡོད་པ་བརྟན་པའི་ཉམས་རྒྱ་མཚོ་ལྟ་བུའི་བར་དེ་ལ། ཕྱག་ཆེན་ལ་ལར་རྩེ་གཅིག་ཆུང་ངུར་བཞེད་ལ། དོན་ལ་ཞི་གནས་ཡིན་ཡང་དེ་ལས་ལྷག་མཐོང་གི་རིག་པ་རྗེན་པར་འཆར་བ་ནས་རྩེ་གཅིག་འབྲིང་དང་ཆེན་པོར་མྱུར་དུ་འགྱུར་ཞིང་། མཐར་ནི་གསལ་སྣང་ཟག་བཅས་ཀྱི་མངོན་ཤེས་སོགས་ཡོན་ཏན་ལྟར་སྣང་རྣམས་ཀྱང་སྐྱེ་བར་འགྱུར་བ་དང་། འདི་དག་གི་ཚེ་མཉམ་བཞག་གནད་དུ་སོང་ན་རྗེས་ཐོབ་ཀྱང་ཅིར་སྣང་བདེན།


TR008_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་སྒྱུ་མ་ལྟར་འཆར་བར་འགྱུར་ལ། གནད་དུ་མ་སོང་ན་རྗེས་སྣང་ཨ་འཐས་འཆར་བ་སྟེ། མདོར་ན་རྩེ་གཅིག་གསུམ་པོའི་སྐབས་འདི་ཐམས་ཅད་ལ་རྫོགས་ཆེན་སེམས་ཕྱོགས་པས་ནི། དང་པོར་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འཕྲོ་བར་རྩེ་གཅིག་ཏུ་ཟིན་ཐུབ་པ་ཞེས་པའི་ཐ་སྙད་བརྗོད་ཅིང་། ཆུང་འབྲིང་ཆེ་གསུམ་གྱི་མིང་མི་འདོགས་པར་གོམས་པ་ཅུང་ཟད་དང་། ཆེར་གྱུར་པ་དང་། མངོན་དུ་གྱུར་པ་ཞེས་པའི་རིམ་པ་འདྲེན་ནོ།། ༈ །།དེ་ནས་སྔར་བཞིན་རྩེ་གཅིག་ཏུ་ཉམས་སུ་བླངས་ན། རང་གི་མོས་གུས་དང་བླ་མའི་བྱིན་རླབས་ཀྱི་མཐུ་ལས། རང་གི་སེམས་ཉིད་དངོས་པོ་གང་དུའང་མ་གྲུབ་ཕྱིར་བརྗོད་མི་ཤེས་ཀྱང་ཉམས་མྱོང་གི་ངེས་ཤེས་ཁྱད་པར་ཅན་སྐྱེས་ཏེ། འཁོར་བར་འཁྱམས་རྒྱུ་


TR008_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཚང་རྒྱ་རྒྱུ་གང་ཡང་མི་འདུག །སེམས་ཅན་ཐམས་ཅད་ཆོས་སྐུར་འདུག་པ་ལ་ངོ་མ་ཤེས་པ་རྣམས་སྙིང་རེ་རྗེ་སྙམས་པ་དང་གང་ཤར་སྟོང་པར་འཆར་བ་ལ་ཕྱག་ཆེན་པས་སྤྲོས་བྲལ་གྱི་སྣ་ཟིན་པར་བཞེད་ལ། འདི་དང་ཆ་འདྲ་བ་ནི། རྩེ་གཅིག་སྐབས་སུའང་འབྱུང་བ་སྲིད་ཀྱང་། དེ་ནི་གོ་བ་ཙམ་ཤས་ཆེ་ལ། འདིར་ནི་ཉམས་མྱོང་སྐྱེས་པ་ཡིན་པས་སྤྲོས་བྲལ་ཆུང་ངུ་སྟེ། འདི་ལ་དྲན་རིག་གིས་གསལ་མ་ཐེབ་ན་གཞི་གནས་སྟེངས་པོར་འགྲོ་དགོས་ཡོད་པར་ཕྱག་ཆེན་དུ་བཤད་ཅིང་། རྫོགས་ཆེན་དུ་ནི་ཉམས་ལེན་གྱི་དངོས་གཞི་རིག་པ་རང་ལ་བྱེད་ཚེ་དེར་འགྲོ་བའི་དགོས་པ་མེད་དོ། །དེ་ནས་སྔར་གྱི་གང་སྣང་ཅི་ཤར་ཐམས་ཅད་སྟོང་པར་འཆར་བ་ཉིད་སྟོབས་འཕེལ་བས། སྐྱེ་འཆི་བར་དོ་སོགས་རྣམ་རྟོག་མཐའ་


TR008_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་སྟོང་པ་ཞིག་འཆར་བ་ལ་སྤྲོས་བྲལ་འབྲིང་དང་། རྟོག་པ་ཤར་བ་ཚོར་ཡང་གྲོལ་རྒྱུ་ལོགས་སུ་མེད་པར་དྲན་པ་ཉིད་ཀྱི་ཐོག་ཏུ་འགྲོ་ཞིང་། བསྒོམས་པས་མྱོང་རྒྱུ་དང་མ་བསྒོམས་པས་ཡེངས་རྒྱུ་མེད་པ་དང་། དེ་ཉིད་གཉིད་ཀྱི་སྐབས་ཕལ་ཆེར་དུའང་སླེབ་ཐུབ་པའི་ཚེ་སྤྲོས་བྲལ་ཆེན་པོར་བཞེད་དེ། ལར་སྤྲོས་བྲལ་གྱི་སྐབས་འདིར་ཐམས་ཅད་སྟོང་ཆ་ཤས་ཆེ་བས་ན། བླ་མ་མཚན་ལྡན་གྱིས་མ་ཟིན་པའི་རིགས་རྣམས་ནི་རྒྱུ་འབྲས་ཁྱད་གསོད་ནག་པོ་ཁ་འབྱམས་སུ་ཤོར་དོགས་ཡོད་ལ། རྫོགས་ཆེན་དུ་འདི་ནི་སྐབས་ཐམས་ཅད་ལ། བྱིང་རྒོད་ལ་སོགས་པའི་སྐྱོན་གྱིས་མི་གནོད་པར་ཏིང་འཛིན་མི་གཡོ་བའི་ཉམས་ཞེས་མིང་དུ་བརྗོད་ལ། ཆེ་ཆུང་སོགས་མི་དབྱེ་ཡང་གོམས་པ་ཐོབ་


TR008_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་ཀྱི་དབྱེ་ཚུལ་ནི་གོང་དང་མཚུངས་སོ། །དེ་ནས་ཡང་གེགས་སྐྱོན་དང་ཤོར་གོལ་སོགས་ཀྱི་དབང་དུ་མ་ཐལ་བར་ཉམས་སུ་བླངས་པས། སྣང་བ་སེམས་ལ་ཐིམ་པ་ཞེས་བྱ་བ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཀྱི་ངོ་བོ་རང་སར་ཡལ་ཏེ། འདི་དུས་མངོན་ཤེས་ནི་ངེས་པར་འཆར་རོ། །སྟོང་ཉིད་ཚུལ་བཞིན་རྟོགས་པས་ཕྱི་ནང་གི་རྒྱུ་རྐྱེན་འབྲས་བུ་གསུམ་སོགས་མཐའ་དག་གི་རྟེན་འབྲེལ་ཐོགས་མེད་དུ་ཤར་བ་ལ་རོ་གཅིག་ཆུང་ངུ་ཟེར། དེ་ནས་ཀྱང་སེམས་ལ་རང་དབང་ཐོབ་སྟེ་སྣང་བ་ལ་རང་བྱན་ཚུད་པར་དྲན་པ་ཁོ་ནས་ཆོག་པ་ལས། ཀུན་གཞི་ལུང་མ་བསྟན་གྱི་མ་རིག་པའི་ཆ་ཤས་ཀྱིས་རེས་འགའ་འཁྲུལ་པར་ཡང་འཆར་ཞིང་། རྟེན་འབྲེལ་གྱི་ཤར་ཚུལ་ནི་སྔར་ལས་ཀྱང་གསལ་དུ་སོང་བའི་ཚེ་རོ་གཅིག་འབྲིང་


TR008_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཞེད། དེ་ལའང་འདྲ་མིན་ཡོད་དེ། སྟོང་ཉིད་ལ་ལྟོས་མི་དགོས་པར་དྲན་པའི་སྤུ་རིས་རང་ཡལ་དུ་འགྲོ་ན་རོ་གཅིག་ཡིན་ལ། སྟོང་ཉིད་ཀྱི་ཉམས་ལ་ལྟོས་ན་སྤྲོས་བྲལ་ངང་དུ་གསུངས་ཤིང་། གང་ལྟར་འདི་སྐབས་ཀྱང་མཉམ་རྗེས་ཀྱི་རྣམ་པ་ཙམ་ནི་ཡོད་པར་ཕྱག་ཆེན་རྫོགས་ཆེན་ལྟར་ན། མཉམ་པ་ཉིད་ཀྱི་ཉམས་ཞེས་འཁོར་འདས་རོ་མཉམ་པའི་མཉམ་གཞག་ནམ་མཁའ་ལྟ་བུ་དང་། རྗེས་ཤེས་སུ་ཆོས་བརྒྱད་སྒྱུ་མ་ལྟར་ཁོང་དུ་ཆུད་པས་འཇིགས་བྲལ་གྱི་གདིང་ཐོབ་པ་ཞེས་བྱ་ཞིང་རོ་གཅིག་ཆེན་པོའི་ཚེ། ལ་ལར་མཉམ་རྗེས་འདྲེ་བར་བཤད་པའང་ཡོད་ཀྱང་། ཨ་འཐས་ལ་ནི་མི་འབྱུང་། མཉམ་རྗེས་ཀྱི་ཐ་སྙད་ཙམ་ནི་ཕལ་ཆེར་ཕོད་པར་མངོན་ལ། འོན་ཀྱང་སྔར་གོམས་


TR008_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བག་ཆགས་ཕྲ་མོ་ཙམ་ལས་གཞན་པའི་ཡུལ་དང་ཡུལ་ཅན་གྱི་བློ་རང་ག་མ་ནི་མི་འབྱུང་བར་སྒོམ་ཁོར་ཡུག་དང་། རྟེན་འབྲེལ་མཐའ་དག་ལ་རང་བྱན་ཚུད་པའི་ཚེ་རོ་གཅིག་ཆེན་པོར་བརྗོད་པའོ། །ལར་རྩལ་འདི་མན་ཆད་ནས་ཚེའི་དུས་བྱས་ན་བར་དོར་ལམ་གྱི་ལྷག་མ་རྣམས་བགྲོད་ནས་འཚང་རྒྱ་བ་ཙམ་ལས། འདི་མན་ཆད་ཀྱི་རིམ་པ་རྩལ་རྫོགས་སུ་ཚེ་འདིར་ཤར་ཐུབ་པ་ཞིག་དེང་སང་གི་སྐབས་འདིར་དཀོན་པར་ཟད་ཅིང་། འོན་ཀྱང་ད་དུང་ཉམས་ལེན་ལ་བརྩོན་པའི་དབང་དུ་བགྱིས་ན། ད་ལྟའི་ཤེས་པ་གྲྭ་མ་ཉམས་པ་འདི་ཀ་མཉམ་རྗེས་དབྱེར་མེད་དུ་ཤར་ཏེ་དྲན་པ་སྐྱོང་རྒྱུའི་དངོས་པོ་ཟད་པའི་ཚེ་སྒོམ་མེད་ཆུང་ངུ་དང་། ཕྱི་སྣང་བ་དང་ནང་འཛིན་པའི་འགྱུ་དྲན་གྱི་ཆ་ཤས་ཙམ་ཡང་རང་སར་དག་


TR008_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་གསལ་མ་བུ་འདྲེས་པ་ནི་སྒོམ་མེད་འབྲིང་དང་། དེ་ནས་མཐར་ཕྱིན་པས་ཕྱི་སྣང་བའི་ཡུལ་མེད། ནང་དུ་ང་བདག་གི་འཛིན་པ་གཏན་ནས་ཟད་པའི་དྲན་རིག་བློ་ལས་འདས་ཏེ་རང་སེམས་སངས་རྒྱས་སུ་གྲོལ་བ་ལ་སྒོམ་མེད་ཆེན་པོ་ཞེས་བྱ་ཞིང་། རྫོགས་ཆེན་དུ་ནི་ལྷུན་གྱིས་གྲུབ་པའི་ཉམས་ཏེ་ཐུན་མཚམས་ལས་འདས་པ་ཞེས་བྱ་བ་སྟེ། འདི་དུས་འབྲས་བུ་བློ་ཟད་ཆོས་ཟད་ལ་སོགས་པའོ། །མདོར་ན་རྫོགས་ཆེན་སེམས་ཕྱོགས་པའི་ཉམས་རིམ་བཞི་པོ་འདི་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་རྣལ་འབྱོར་བཞི་པོ་འདི་དག་མཐུན་ཤས་ཆེ་བར་རིག་འཛིན་གོང་མ་རྣམས་ཀྱིས་གསུང་ཕྱིར། རང་ཉིད་ལ་འདི་དག་གི་ཉམས་མྱོང་དང་རྟོགས་པའི་ངེས་པ་གང་ཡང་མེད་ཀྱང་


TR008_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྫོགས་སོ་སོའི་ཁྲིད་ཚུལ་འདྲ་མིན་གྱི་རིགས་མང་ཞིང་། ཁྱད་པར་ཡོངས་འཛིན་བློ་གྲོས་རྒྱལ་མཚན་སོགས་གྲུབ་ཐོབ་རྣམས་ཀྱི་གསུངས་ལས་ཇི་ལྟར་བྱུང་བ་ལྟར་བྲིས་པ་ལགས་ཤིང་། སྤྱིར་ཡང་ཕྱག་རྫོགས་གཉིས་པོ་དོན་གྱི་མཐར་ཐུག་ལ་ཁྱད་པར་མེད་པར་གྲུབ་མོད་ཀྱང་། རྣམ་པ་ལྟར་ན་སྣང་བ་སེམས་སུ་འདོད་མི་འདོད་དང་། རྣམ་རྟོག་ཆོས་སྐུ་གཅིག་མི་གཅིག་དང་། དྲན་པ་ལ་སྒོམ་དུ་བྱེད་མི་བྱེད་སོགས་ཀྱི་བཞེད་སྲོལ་ཐ་དད་པར་གསུངས་པ་དང་། ཕྱག་རྒྱ་པས་རྫོགས་པ་ཆེན་པོ་གཤིས་ཐོག་ཏུ་ཤོར་བ་ཞེས་གོལ་བའི་རྣམ་གྲངས་སུ་བྱེད་ལ། རྫོགས་ཆེན་གྱི་རིམ་པ་གོང་མ་རྣམས་ལས་ནི། ཕྱག་ཆེན་མན་ཆད་ཡིད་དཔྱོད་འཛིན་པའི་ལྟ་བ་ཞེས་དྲི་བཅས་སུ་གསུངས་པ་སོགས་དང་སྐབས་ཀྱི་ཁྱད་དོན་སྣ་ཚོགས་མཆིས་ནའང་། གང་ཟག་སྐལ་ལྡན་གྱི་རྣལ་འབྱོར་པ་བླ་མ་མཚན་ལྡན་གྱི་


TR008_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་ཟིན་ཅིང་གནས་ལུགས་ཀྱི་རང་འཚང་ཇི་བཞིན་ཤེས་པ་དག་གི་ངོར་ནི། ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་ཚེ་དབྱེ་བྱ་མ་གྲུབ་ལ། གཞན་དུ་ན་རྫོགས་ཆེན་གཤིས་ལ་ཤོར་བར་གསུངས་པ་དེའང་གཤིས་ཀྱི་ངོ་བོ་ནི་ཐུན་མོང་ཐེག་པར་བདེ་གཤེགས་སྙིང་པོ་དང་། ཕྱག་ཆེན་རང་དུའང་གཞི་ཕྱག་རྒྱ་ཆེན་པོའམ་གནས་ལུགས་ཕྱག་ཆེན་ཞེས་སུ་གྲགས་ལ། དེ་མངོན་དུ་བྱ་བའི་ཐབས་སུ་ཉམས་ལེན་བསྒོམ་རིམ་གྱི་རིགས་རྣམས་ཡིན་པར་ནི་ཐམས་ཅད་མཐུན་ཚེ། དེས་ན་སྐྱོན་དེ་རྫོགས་ཆེན་ལ་མི་ཕོག་ཅིང་། དེ་བཞིན་དུ་ཕྱག་ཆེན་ཡིད་དཔྱོད་ཀྱི་ལྟ་བར་གསུངས་པ་ཡང་། དེ་ལྟར་བྱེད་མཁན་གྱི་གང་ཟག་ཐ་ཤལ་བ་དག་ལ་དགོངས་ཀྱི་ཕྱག་ཆེན་གྱི་དོན་ཇི་ལྟ་བར་རྟོགས་མཁན་རྣམས་ནི་སེམས་ཉིད་


TR008_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བྲལ་རྗེན་པའི་རང་ཞལ་མཐོང་ཚེ་ཡིད་དཔྱོད་ལ་རག་མ་ལུས་པས་སྐྱོན་དེ་མི་ཕོག་གོ། །གཞན་ཡང་རྣམ་རྟོག་ཆོས་སྐུའི་བཞེད་པ་གཉིས་ཀྱང་དོན་ལ་གཅིག་སྟེ། ཐ་མལ་པའི་རྣམ་རྟོག་འཁྲུལ་འཛིན་རང་ག་མ་ནི་ཕྱག་ཆེན་པས་ཀྱང་ཆོས་སྐུར་མི་འདོད་ལ། གནད་ཀྱི་ཟིན་པའི་འཆར་སྒོ་ནི་རྫོགས་ཆེན་པས་ཀྱང་མི་འགེགས་པས་ན་དོན་ལ་མཐུན་ནོ། །སྣང་སེམས་ཀྱི་སྐབས་ཀྱང་དོན་དམ་པའི་གཤིས་ངོར་བདེན་བརྫུན་གྱི་མཐའ་ལས་འདས་པ་དང་། ཀུན་རྫོབ་རིག་རྩལ་ཙམ་དུ་ཅིར་ཡང་འཆར་ལ་ཅིའི་ངོ་བོར་ཡང་མ་གྲུབ་པའི་ཚུལ་སོགས་དང་། སྣང་བ་ལ་དགག་སྒྲུབ་མི་དགོས་པ་སོགས་གནད་ཐམས་ཅད་གཅིག་པ་ཉིད་དོ། །དྲན་པ་སྒོམ་ཡིན་མིན་ཡང་གང་ཟག་རྨོངས་པ་འགའ་


TR008_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཨ་འཐས་འཇུར་སྒྲིམ་བྱས་ཏེ་རང་སེམས་བརྩོན་འཛིན་ལ་ཕྱག་ཆེན་གྱི་སྒོམ་དུ་འདོད་པར་སྣང་བ་དག་ནི་རང་སྐྱོན་དུ་ཟད་ལ། བཀའ་བརྒྱུད་ཀྱི་སྐྱེས་ཆེན་ཚད་ལྡན་ཐམས་ཅད་ནི་རང་གསལ་གྱི་དྲན་པ་ལ་སྒོམ་དུ་མཛད་པ་དེ་ནི་རྫོགས་ཆེན་གྱི་ཀ་དག་རང་རིག་དང་གཅིག་པ་ཡིན་ཕྱིར་མིང་ཐ་དད་ཀྱང་དོན་ལ་ཁྱད་མེད་ཅིང་། དྲན་པ་མཆོག་འཛིན་གྱི་བློ་ནི་ཕྱག་རྫོགས་གཉིས་ཀས་སྒོམ་དུ་མི་མཛད་དོ། །མདོར་ན་རྫོགས་ཆེན་དུ་ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་སྟེ་ཡེ་ཤེས་གསུམ་ལྡན་འདི་ལ་ཕྱག་ཆེན་པས་གཤིས་སྐྱེ་བ་མེད་པ། མདངས་འགགས་པ་མེད་པ། །རྩལ་ཅིར་ཡང་འཆར་བ་ཞེས་སུ་བརྗོད་ཅིང་། དེ་དག་ཐམས་ཅད་ཀྱང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་


TR008_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་སོགས་ཀྱང་བཞེད་པ་མཐུན་ལ། སྔར་བཤད་པའི་ཉམས་རིམ་བཞི་པོ་དག་ཀྱང་གང་ཟག་རིམ་གྱིས་པ། གཅིག་ཆར་པ་ཐོད་བརྒལ་བ་རྣམས་ཀྱི་ཁྱད་པར་དང་། །ཉམས་ལེན་ལ་བརྩོན་པ་ཆེ་ཆུང་། ཚེ་འདིའི་བྱ་བྱེད་དང་འདྲེས་མ་འདྲེས་སོགས་ཀྱི་དབང་གིས་བཤད་རིམ་ལྟར་འབྱུང་མི་འབྱུང་ལྟ་ཞིང་། །དེས་ན་གང་ལའང་རྨོངས་ཞེན་ཆེན་པོས་མཐའ་གཅིག་ཏུ་བཟུང་བར་མི་བྱ་སྟེ། ལམ་རྟགས་ཀྱི་ཡོན་ཏན་སྐྱེས་རུང་མ་སྐྱེས་རུང་། བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་དང་། ཉམས་ལེན་ལ་ཐང་ལྷོད་མེད་པའི་སྙིང་རུས་སྒོམ་སྲན་དང་ལྡན་ཕྱིན་ཆད། ཉམས་རྟོགས་ཀྱི་ཡོན་ཏན་ལ་མི་སྐྱེ་བའི་དབང་མེད་ཁོ་ནའོ། །དེ་ལྟ་བུའི་སེམས་ཉིད་ཡེ་ནས་ཆོས་སྐུའི་རང་བཞིན་དུ་ཤེས་ཤིང་རྟོགས་པ་དེའི་ངང་ལ་ཆེད་དུ་བཅོས་མས་སྒོམ་རྒྱུ་མེད་ཀྱང་ཐ་


TR008_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མལ་འཁྲུལ་འབྱམས་སུ་མི་བཏང་བར། མ་བཅོས་རང་བབས་རང་རིག་ཆེན་པོའི་ཉམས་ལེན་སྐྱོང་ཚུལ་ནི་མདོ་རྒྱུད་མན་ངག་ཐམས་ཅད་མཚུངས་ཏེ། ཇི་སྐད་དུ། མཚན་མོ་བཟང་པོའི་མདོ་ལས། འདས་པའི་རྗེས་སུ་འགྲོ་མི་བྱེད། མ་འོངས་པ་ལ་རེ་བ་མེད། །ད་ལྟ་བྱུང་ཆོས་གང་ཡིན་པ། །དེ་དང་དེ་ལ་རྣམ་བལྟ་བ། །མི་འཕྲོག་ཀུན་ཏུ་མི་འཁྲུལ་བར། །དེ་ལྟར་མཁས་པས་སྤེལ་བར་བྱ། །ཞེས་དང་། ཡི་གེ་མེད་པའི་རྒྱུད་ལས། ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་ལྡན་ན་དེ་ལས་ཅི་ཞིག་དགོས། ཞེས་གསུངས། གཞན་ཡང་དཔལ་ཤ་བ་རི་པས། གང་ལའང་སྐྱོན་


TR008_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་བལྟ་ཞིང་། །ཅིར་ཡང་མ་ཡེངས་ཉམས་སུ་བླངས། །དྲོད་རྟགས་ལ་སོགས་འདོད་མི་བྱ། ཞེས་སོགས་དང་། པཎ་ཆེན་ཤཱཀྱ་ཤྲིས་ཅིར་སྣང་རང་པོར་བཞག་ན་བྱ་བྲལ་ལྷུན་གྱིས་གྲུབ། གང་ཤར་ངོ་ཡིས་བཟུང་ན་རིག་པ་རང་སར་གྲོལ། འགྱུ་བའི་སྦད་རྗེས་ཆོད་ན་དྲན་རྟོག་དབྱིངས་སུ་ཡལ། ཐུན་མཚམས་དྲན་པས་བཟུང་ན་མཉམ་རྗེས་རོ་གཅིག་འགྲུབ། ཅེས་དང་། མཚིམས་ནམ་མཁའ་གྲགས་ཀྱིས། སྒོམ་ཞེས་བྱས་ཀྱང་སྒོམ་རྒྱུ་རྡུལ་ཙམ་མེད། །བསྒོམ་མེད་བྱས་ཀྱང་ཡེེངས་སུ་སྐད་ཅིག་མེད། །དོན་མཐོང་བ་ལ་བསྒོམ་དང་སྒོམ་མཁན་མེད། །བློ་གྲོས་ཅན་ལ་ཡེངས་སུ་སྐད་ཅིག་མེད། །སྒོམ་མེད་ཡེངས་མེད་རྣལ་འབྱོར་བསྒོམ་པ་ཡིན། ཞེས་དང་། །མཁས་གྲུབ་གཡག་པཎ་ཆེན་གྱིས། སྡེ། སྒོམ་ན་བློ་


TR008_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡེངས་ན་འཁྲུལ་པ་ཡིན། །བློ་ཉིད་བློ་འདས་འཁྲུལ་པ་ཡེ་ཤེས་སོ། ཞེས་དང་། གནུབས་བན་ཡོན་ཏན་རྒྱ་མཚོས། སེམས་དང་ཆོས་ནི་ཅིར་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཀ་ཆོས་ཉིད་ཡིན་པའི་ཕྱིར། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཉིད་ལས་མ་ཡེངས་པ་ནི་ཆོས་སྐུའོ། །ཞེས་གསུངས་པ་སོགས་མདོར་ན་མདོ་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་གསུང་འབུམ་ལས་དཔག་མེད་འབྱུང་ཡང་འདེར་ཡི་གེ་མང་དོགས་མ་བཀོད་དོ།། ༈ །།དེ་ལྟར་ཁྲེགས་ཆོད་རིག་སྟོང་


TR008_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉམས་ལེན་གྱི་འགག་དོན་བརྡ་ཙམ་བསྟན་ནས། ད་ནི་གཞན་ལས་ཁྱད་པར་རྨད་བྱུང་ཐོད་བརྒལ་སྣང་སྟོང་གི་དགོངས་དོན་མདོར་བསྡུས་འཆད་དེ། འདི་ནི་རྫོགས་ཆེན་ཉིད་ཀྱི་ཡང་གོང་མའི་གོང་མ་རྣམས་སུ་མ་གཏོགས་སེམས་ཀློང་གི་རྒྱུད་དང་མན་ངག་རྣམས་སུ་མ་བསྟན་ཕྱིར། ཐེག་པ་གཞན་དུ་ནི་སྒྲ་ཙམ་དུ་ཡང་མ་གྲགས་པས། ཕྱིས་བྱོན་གྱི་མཁས་པ་ཕལ་ཆེར་གྱི་ཐུགས་སུ་མ་ཤོངས་བར་དགག་གཞི་སྣ་ཚོགས་མཛད་མོད་ཀྱང་། སྐལ་བཟང་སྣོད་ལྡན་ཡང་རབ་ཀྱི་སྐྱེས་བུ་དག་ལམ་ལོག་པར་བསྒྱུར་མི་ནུས་ལ། སོ་སྐྱེ་ཕལ་པ་རྣམས་ནི་ལམ་མཆོག་འདི་ལྟ་བུའི་སྒོར་འཇུག་པའི་བློ་སྐྱེ་བའི་བསོད་ནམས་ཅན་རབ་ཏུ་དཀོན་པར་མཆིས་ཚེ་དགག་པ་མཛད་དགོས་པར་མི་སྣང་ངོ་། །དེས་ན་འདི་དོན་དངོས་གཞི་རང་རྒྱུད་ལ་ཇི་


TR008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཞུགས་ཚུལ་དང་། དེ་ཉིད་ཉམས་ལེན་གྱིས་མངོན་དུ་བྱ་ཐབས་རྟགས་མཚན་འཆར་ཚུལ་དང་བཅས་པ་མདོར་བསྡུས་ཏེ་བསྟན་པ་ལ། དང་པོ་ནི། སེམས་ཅན་གྱི་ཁམས་ལ་བདེ་བར་གཤེགས་པའི་སྙིང་པོའམ། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་ཁྱབ་ཆེན་པོར་ཡེ་ནས་བཞུགས་པའི་ཚུལ་སྔར་ནས་ཡང་ཡང་བརྗོད་པ་དེའི་ངོ་བོ་དངོས་དེ་གང་ཡིན་ན་ད་ལྟའི་རིག་པ་དྲི་མེད་དུ་གསལ་སྟོང་རྗེན་རིག་གེ་འདི་ཉིད་ཡིན་ནོ། །འདི་ཉིད་གང་ལ་བརྟེན་ན་ལུས་རྒྱལ་བའི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་གྲུབ་པ་འདི་ལ་བརྟེན་ནོ། །གནས་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་ངོ་བོའི་ཆ་ནས་སྐྱེ་འགག་གནས་གསུམ་དང་ཡོད་མེད་རྟག་ཆད་འགྲོ་འོང་སོགས་ཀྱི་མཐའ་ལ་མི་གནས་མོད་ཀྱང་། རྣམ་པ་ལྟར་ན་ད་ལྟ་


TR008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་ལྷན་ཅིག་ཏུ་ཡོད་རིང་ལ། རིག་པ་ཡེ་ཤེས་ཀྱིས་སྤྱིར་གཟུགས་ཀྱི་ཕུང་ཁམས་ཀུན་ལ་ཁྱབ་ཅིང་། ཁྱད་པར་ཙིཏྟ་ཤའི་སྒྲོན་མའི་ཕོ་བྲང་ན་བཞུགས་ལ། བཞུགས་ཚུལ་གྱི་རང་བཞིན་ཇི་ལྟ་བུ་ཞེ་ན། དཔེར་ན་བུམ་ནང་གི་མར་མེ་ལྟར་བཞུགས་པ་སྟེ། དེ་ཡང་ངོ་བོ་ནི་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་དང་བྲལ་བར་བཞུགས། རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་འོད་ལྔའི་དཀྱིལ་འཁོར་དུ་བཞུགས། ཐུགས་རྗེ་ནི་སྒྲོན་མ་དྲུག་གི་འཆར་སྒོ་རིག་རྩལ་འགག་མེད་ཀྱི་རོལ་པར་བཞུགས་ཏེ། དེ་ཡང་ཀློང་གསལ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་ནང་། །ཙིཏྟ་དུང་ཁང་རྩ་ནང་སྒོ། །དེ་ནི་རིག་པའི་གནས་པ་ཡིན་ནོ། །ཞེས་དང་། རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས།


TR008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསལ་འཚེར་ཐིག་ལེ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་གནས། ཞེས་གསུངས་པས་རིག་པའི་ཡེ་ཤེས་ཀ་དག་སྟོང་གསལ་ཆོས་སྐུ་ངོ་བོ་དེ་ཉིད་རང་བཞིན་གསལ་མདངས་ལོངས་སྐུ་རིགས་ལྔ་ཞི་བའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་ཏུ་བཞུགས་པའི་མདངས་ལས། བདེ་ཆེན་དུང་ཁང་གི་ཕོ་བྲང་ན་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་དང་བཅས་པ་སྟེ། མདོར་ན་རིགས་བརྒྱ་ཞེ་གཉིས་སྐུ་ལྔ་རིག་གཅིག་སོགས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་རིག་པའི་ཡེ་ཤེས་ཁོ་ནར་གདོད་མ་ཉིད་ནས་རང་བཞིན་ལྷུན་གྲུབ་ཕྱིར། ད་ལྟར་མ་རིག་འཁྲུལ་པའི་སེམས་ཅན་རྣམས་ལ་ཕུང་པོ་ལྔ་དང་འབྱུང་བ་ལྔ་ཁམས་དང་སྐྱེ་མཆེད་ཚོགས་བརྒྱད་སོགས་སུ་ཤར་ལ་ཉམས་ལེན་གྱི་གང་ཟག་རྣམས་ལ་ནི་ཀུན་རྫོབ་དོན་དམ་གྱི་


TR008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་སྒྲོན་མ་འོད་སྣང་སྐུ་དང་ལུག་རྒྱུད་སོགས་སུ་སྣང་བ་དང་། བར་དོར་འཆར་སྣང་ཐམས་ཅད་འདིའི་རྟེན་འབྲེལ་ཁོ་ན་དང་། མཐར་ཐུག་འབྲས་བུ་མངོན་གྱུར་གྱི་ཚེ་ནའང་སྐུ་དང་ཞིང་ཁམས་ཀྱང་གཞན་དུ་ཡོད་པ་མ་ཡིན་ཏེ་འདི་ཉིད་ཀྱི་མཐུ་ལས་གྲུབ་ཅིང་། འདི་ལྟར་བཞུགས་ཚུལ་གྱི་བྱེ་བྲག་རྒྱུད་དང་། མན་ངག་སོ་སོར་དགོས་པ་སྣ་ཚོགས་ལ་དགོངས་པའི་གསུངས་ཚུལ་མི་འདྲ་བ་དུ་མ་འབྱུང་བ་སྟེ། དེ་ཡང་ངེས་དོན་གྱི་མདོ་སྡེ་དག་ནས་བཟུང་རྫོགས་ཆེན་སེམས་ཀློང་མན་ངག་རྣམས་སུ་ནི། བདེ་གཤེགས་སྙིང་པོ་སེམས་ཉིད་དབྱེར་མེད་འགྲོ་བའི་ཁམས་རྒྱུད་ལ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་གནས་ཚུལ་ཙམ་གསུངས་ཤིང་། ཉམས་ལེན་གྱི་མན་ངག་ཀྱང་ཁྲེག་ཆོད་གཅིག་པུ་བསྟན་ལ། རྫོགས་ཆེན་གསང་སྐོར་རྣམས་ནས་ནི་སྙིང་


TR008_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བཞུགས་པའི་ལྷ་ཚོགས་ཐམས་ཅད་སྐུ་ཞལ་ཕྱག་གི་རྣམ་པ་ཅན་བསྐྱེད་རིམ་གྱི་སྐབས་ལྟར་དངོས་སུ་བཞུགས་པར་བསྟན་ཅིང་། མན་ངག་ཉམས་ལེན་ལ་ཡང་། སྒྲོན་མ་རྣམ་བཞི་སོ་སོར་དབྱིབས་ཁ་དོག་གི་དམིགས་པ་བསྒོམ་སྐབས་དང་བཅས་པ་གསུངས་མོད་ཀྱི། ཡང་གསང་བླ་ན་མེད་པ་སྙིང་ཐིག་གི་སྒོ་འདི་དག་ནི། བརྡ་དོན་རྟགས་གསུམ་གྱི་སྒོ་ནས་ཡིན་ལུགས་ཇི་ལྟ་བར་གསུངས་པ་ཡིན་ཕྱིར། དེ་ཡང་བཞུགས་ཚུལ་གོང་དུ་བཤད་པ་ལྟར། ངོ་བོ་ཆོས་སྐུར་བཞུགས་པས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་མཐུན་པ་ནི་དོན། རང་བཞིན་འོད་དུ་བཞུགས་པར་བཤད་པས་གསང་སྐོར་ལུས་དཀྱིལ་དང་མཐུན་པ་ནི་བརྡ་དང་། ཐུགས་རྗེ་སྒྲོན་མའི་བཞུགས་ཚུལ་བཤད་པས་མངོན་སུམ་སྙིང་ཐིག་དང་མཐུན་པར་


TR008_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཅིང་དབྱིངས་རིག་མཐོང་བ་ནི་རྟགས་ཏེ། དེ་ལྟར་བརྡ་དོན་རྟགས་གསུམ་གྱི་ཡིན་ཚུལ་འདི་བཞིན་མ་རྟོགས་ན། འདི་སྐབས་སུ་གང་ཟག་ཐུན་མོང་རྣམས་མགོ་འཁོར་ཞིང་། རྟོག་གེ་བ་རྣམས་ཀྱིས་ཐ་སྙད་ཚིག་གི་དགག་རྩོད་འབྱུང་བའི་རྒྱུར་སྣང་ཚེ། སྙིང་ཏིག་གི་དགོངས་པ་ཚུལ་བཞིན་ལེན་པར་བྱའོ། །དེ་ནས་ཀྱང་ཡེ་ཤེས་དེ་ཉིད་ལམ་གང་ལས་རྒྱུ་བ་ནི། སྤྱིར་རྡོ་རྗེའི་ལུས་འདི་ལ་རྩ་ཡི་གྲངས་རྒྱས་པར་ཕྱེ་ན་བྱེ་བ་ཕྲག་བཅུ་ཡོད་ལ། དེ་ལས་ཁྲག་གནས་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས། རླུང་རྒྱུ་བའི་རྩ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ། བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་སོ་གཉིས། ཡུལ་གྱིས་བསྡུས་པའི་རྩ་སོ་བདུན། འཁོར་ལོ་ལྔས་བསྡུས་པ་ལ་བརྒྱ་ལྔ་བཅུ་རྩ་བདུན། རྩའི་གཙོ་


TR008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གསུམ་དང་བཅས་པ་སོགས་ཀྱང་། འདི་སྐབས་ཀྱི་ལམ་ནི། རོ་མ་རྐྱང་མ་ཀུན་འདར་མ་དང་། ཁྱད་པར་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཉིད་ཡིན་པ་དང་། རིག་པའི་ཡེ་ཤེས་ནི་སྤྱིར་ཐམས་ཅད་ལ་ཁྱབ་ཀྱང་ཁྱད་པར་འཁོར་ལོ་ལྔ་ལ་ཀུན་རྫོབ་རྒྱུའི་ཐིག་ལེ་དང་དོན་དམ་སྟོང་ཉིད་ཀྱི་ཐིག་ལེ་གཉིས་བརྟེན་པའི་ཚུལ་དུ་གནས་ཤིང་། དེ་དག་ཀྱང་ཉམས་ལེན་རང་རང་གི་སྐབས་ཐོབ་ཀྱི་དབང་གིས་སྐུ་ལྟར་གནས་པ་དང་། ཡིག་འབྲུ་ལྟར་གནས་པ་དང་། ཐིག་ལེ་ལྟར་གནས་པ་དང་། འོད་ལྟར་གནས་པ་སོགས་ཐ་དད་སྣ་ཚོགས་པ་རྣམས་ཀྱང་མི་མཐུན་འགལ་བ་ཅན་དུ་མི་བལྟ་སྟེ། སྔར་རིག་པའི་ངོ་བོ་ཅིར་ཡང་མ་གྲུབ་ཅིང་རྣམ་པ་ཅིར་ཡང་འཆར་དུ་རུང་བ་ཞེས་པའི་དོན་དྲན་པ་དང་། རྩའི་གཙོ་བོ་གསུམ་


TR008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཡས་པ་རོ་མ་ལས་བདེ་བའི་ཡེ་ཤེས་བསྐྱེད་པ་དང་། གཡོན་པ་རྐྱང་མ་ལས་གསལ་བའི་སྣང་བ་འཆར་ཞིང་། དབུས་ཀྱི་ཀུན་འདར་མས་མི་རྟོག་ཏིང་འཛིན་གྱི་རྒྱུའམ་རྟེན་བྱེད་པར་བཤད་པ་དང་། ཀུན་རྫོབ་རྒྱུའི་ཐིག་ལེ་ལམ་དུ་བྱེད་པའི་ཉམས་ལེན་གྱི་སྐབས་དག་ཏུ་ནི་རྩ་གསུམ་འཁོར་ལོ་ལྔ་སོགས་གནད་དུ་བསྣུན་དགོས་ནའང་། སྐབས་འདིར་ནི་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ལམ་དུ་བྱེད་པའི་གདམས་པ་ཡིན་ཕྱིར་དེས་ན་ཙིཏྟ་ཤའི་སྒྲོན་མ་ཞེས་པ་སྙིང་གི་རྩེ་མོ་ནས་ཀ་ཏི་ཤེལ་སྦུག་ཅན་ཁྲག་དང་ཆུ་སེར་ལ་སོགས་མེད་པའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་རྩེ་མོ་གཉིས་སུ་གྱེས་པ་ཞིག །དབུ་མའི་ནང་ནས་མགྲིན་པ་རྩའི་དྲ་བར་བརྒྱུད་ཅིང་ཀླད་པ་དུང་ཁང་ནས་མར་གུག་པ་མིག་ཨ་འབྲས་གཉིས་ལ་ཟུག་ནས་ཡོད་


TR008_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ཡེ་ཤེས་མངོན་སུམ་འཆར་བའི་ལམ་ཡིན་པས། རྡོ་རྗེ་སེམས་དཔའི་གསང་ལམ་ཞེས་ཀྱང་བྱ་ཞིང་། མངོན་སུམ་སྙིང་ཐིག་གི་རྣལ་འབྱོར་གང་དག་འཆི་ཁར་རིག་པ་འཕོ་བའི་ལམ་ཡང་དག་ཏུ་གསུངས་པའི་གནད་ཀྱང་འདི་ཉིད་དོ། །དེ་ཡང་ཀློང་གསལ་ལས། ཁྱད་པར་སྙིང་ནས་འབྲེལ་བའི་རྩ། །དར་སྐུད་བ་མེན་རྭ་འདྲའི་ཁ། །དབང་པོ་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་གསལ་བའི་ལམ། །ཡིད་དཔྱོད་ཚིག་ཕྱིར་མ་ལུས་པར། །མངོན་སུམ་འཆར་བའི་སྒོ་ནི་མིག །སྒོ་གཞན་དེ་ལྟར་མ་ཡིན་ནོ། །ཞེས་གསུངས་པ་བཞིན། རིག་པའི་ཡེ་ཤེས་ཉིད་འོད་རྩའི་ལམ་དེ་ལ་བརྒྱུད་ནས། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་མིག་གི་


TR008_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ལས་སྐུ་དང་ཞིང་ཁམས་ཀྱི་རང་སྣང་མངོན་སུམ་དུ་འཆར་བ་སྟེ། འདི་ལ་རྒྱང་ཞག་གི་ནང་ཚུན་དབྱེ་ན་གསུམ་ཡོད་དེ། འབྱུང་བ་འདུས་པའི་རྒྱང་ཞག་ཅེས་མིག་གི་དབང་རྟེན་ཉིད་དང་། དབང་པོ་འདུས་པའི་རྒྱང་ཞག་ནི་གཟུགས་སྣང་འཛིན་ནུས་པའི་མིག་གི་ཤེས་པ་དང་། ཡེ་ཤེས་འདུས་པའི་རྒྱང་ཞགས་ནི་འོད་རྩ་དངས་མའི་སྒོ་དངོས་ཡེ་ཤེས་ཀྱི་མཐོང་བྱེད་དང་གསུམ་པོ་ཚོགས་པའི་མཐུས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བར་འགྱུར་བ་སྟེ་སྒྲོན་མ་འབར་བའི་རྒྱུད་ལས། འཆར་བྱེད་འགག་པ་མེད་པ་ཡི། །དབང་པོའི་དྭངས་མ་མིག་གི་སྒོར། །སྐྱེད་པའི་པདྨའི་སྤྱན་དུ་གནས། ཞེས་དང་། སྒྲ་ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པ། །རྩཀཱུ་ཞེས་པའི་སྒོ་ནས་ཐོན། །འདི་ལས་ཡེ་ཤེས་དངོས་འབྱུང་སྟེ། ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟ་བུའི་ནང་གི་སྒྲོན་མ་གསུམ་ལ་བརྟེན་ནས་མན་ངག་གི་གནད་དུ་བསྣུན་པས་ཕྱིའི་སྒྲོན་མ་གསུམ་འཆར་བར་འགྱུར་ལ། དེ་ལ་གོམས་


TR008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ན་བར་དོ་དུས་ཀྱི་སྒྲོན་མ་དང་། མཐར་ཐུག་འབྲས་བུའི་སྒྲོན་མ་གཉིས་ཀྱང་ཤུགས་ལས་འབྱུང་ཞིང་གནས་པ་གཞིའི་སྒྲོན་མས་ཀུན་ལ་ཁྱབ་ཚེ་དེ་ལྟར་སྒྲོན་མ་རྣམ་པ་དགུ་པོ་འདི་དག་ནི་རྫོགས་ཆེན་གྱི་ཉམས་ལེན་རྩ་བ་སྟེ། བསྡུས་ན་དྲུག་ལ་འདུ་ཞིང་དེ་དག་ཀྱང་བཞི་རུ་འདུ་བར་གསུངས་སོ། །དེ་ལྟར་སྒྲོན་མ་སྔ་མ་གསུམ་པོ་བསྟན་ནས། ད་ནི་སྒྲོན་མ་རྗེས་མ་རྣམས་ཉམས་ལེན་དངོས་དང་ལྷན་ཅིག་ཏུ་འཆད་དེ། དེའང་སྣོད་ལྡན་གྱི་སློབ་བུ་གང་ཞིག་གིས་བླ་མ་མཆོག་གི་ཞལ་གྱི་བདུད་རྩི་ཡོངས་རྫོགས་སུ་ཐོབ་ཅིང་། དམ་ཚིག་ཉེས་ལྟུང་རྡུལ་ཙམ་གྱིས་ཀྱང་མ་གོས་པར་བྱས་ལ། རི་གླིང་ནགས་ཁྲོད་རབ་ཏུ་དབེན་ཅིང་ཡིད་དང་མཐུན་པའི་གནས་སུ། ཁ་ན་མ་ཐོ་བ་མེད་པའི་


TR008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གོས་ཆོག་ཤེས་དང་ལྡན་པས། ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ལ་འཁོར་འདས་རུ་ཤན་ཕྱེས་ཏེ། དུས་གནད་དང་མཐུན་པར་སྐུ་གསུམ་གྱི་བཞུགས་སྟངས་ཆོས་སྐུ་སེང་གེ། ལོངས་སྐུ་གླང་ཆེན། སྤྲུལ་སྐུ་དྲང་སྲོང་ལྟ་བུ་རྣམས་རང་གི་ཁམས་དང་ཕྱིའི་ཡུལ་སོགས་འཕྲོ་ཚུལ་མན་ངག་ཞལ་གདམས་སོགས་དང་བསྟུན་པས། ལུས། མིག །སེམས་མི་འགུལ་བ་གསུམ་ལ་གཞི་བཅའ། ལྡོག །ཕབ། ཟུར་གྱིས་ལྟ་བ་སྟེ་ལྟ་སྟངས་སྒོའི་གནད་གསུམ་དང་། ནམ་མཁའ་གཡའ་དག་པའི་ཡུལ་དུ་དབྱིངས་རྣམ་དག་གི་སྒྲོན་མ་ལ་གཏད་པ་ཡུལ་གྱི་གནད་གསུམ་དང་། རླུང་རོ་བསལ་ཞིང་འཇམ་རླུང་རིང་པོ་དལ་བར་བཟུང་ལ། རིག་པ་རྟོག་མེད་ཀ་དག་ཡེངས་འཁྲུལ་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི་རླུང་རིག་གི་


TR008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དེ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོས་ཉམས་སུ་བླང་བར་བྱ་བ་སྟེ། ཐལ་འགྱུར་ལས། མངོན་སུམ་གནད་འདི་ལུས་ངག་ཡིད། །སོ་སོའི་གནད་རྣམས་ངེས་པར་བསྟུན། །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་གནད་དང་བསླབ་པ་དང་། །ལ་བཟླ་བ་ཉིད་བསྟེན་པར་བྱ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་རིམ་བཞིན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་བྲལ་བས་ཡེ་ཤེས་གྲུབ། ཅེས་པ་ལྟ་བུའི་གནད་རྣམས་ཞིབ་པར་ཁྲིད་གཞུང་དང་ཕྱག་བཞེས་སྙན་བརྒྱུད་ལྟར་ཉམས་སུ་བླངས་པས། དབྱིངས་རྣམ་དག་གི་སྒྲོན་མ་མཐིང་ག་ཁྱབ་ཆེན་གྱི་


TR008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་ལྔ་ལྡན་འོད་ཀྱི་རང་བཞིན་ཡི་གེའི་ན་རོ་ལྟ་བུའམ། གཞན་ཡང་གྱེན་འགྲེང་རྩིབས་ཤར་ལ་སོགས་པ་དབྱིབས་མ་ངེས་དུ་མར་སྣང་བ་དང་། དེ་ཉིད་ཀྱི་ནང་ན་ཐིག་ལེ་སྟོང་པའི་སྒྲོན་མ་ནི་ཐོག་མར་ཁ་དོག་དམར་སེར་རམ་ཁྲོ་བོའི་སྤྱན་ལྟ་བུ་ལ། ཕྱི་ནི་རྨ་བྱའི་མདོངས་བཞིན་ལྔ་ལྡན་གྱི་མུ་ཁྱུད་ཅན་ཏེ། དེ་ཡང་དང་པོ་ཉིས་སྦྲེལ་སུམ་སྦྲེལ་ནས་བརྩམས་ཏེ་མཐར་གོམས་ཚེ་རབ་ཏུ་མང་པོ་རྒྱ་ཁྱོན་ཤིན་ཏུ་ཆེ་བའི་བར་འཆར་བ་དང་། རིག་མདངས་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བསྒྱུས་པ་ལྟ་བུར་འགུལ་འཁྲིག་འགྲོ་འོང་གི་ཚུལ་དུ་སྣང་ཞིང་། དེ་དག་བར་བར་ཐིག་ཕྲན་གྲངས་མེད་པས་བརྒྱན་པ་དང་བཅས་ཏེ། མདོར་ན་གང་ཟག་སོ་སོའི་རྩ་ཁམས་དང་སྐལ་པ་མཚུངས་པའི་འཆར་སྒོ་རྣམས་སྣང་བར་འགྱུར་


TR008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་སྒྲོན་མ་འབར་བའི་རྒྱུད་ལས། མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེར་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དུ་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་ལ་འགག་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང་། ཞེས་དང་། དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་གདངས་ཆེན་པོར་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཡེ་ནས་གཉིས་མེད་མཉམ་པར་གནས། ཞེས་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པ། །དེ་ཉིད་སུ་ཡིས་ཤེས་པ་དེ། །ཐིག་ལེ་སྐུ་ལ་ལོངས་སྤྱོད་དོ། །ཞེས་སོགས་དང་། སེང་གེ་སྩལ་རྫོགས་ལས། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་བརྒྱུད་དུ་གསལ། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་


TR008_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐུ་ལྔའི་སྣང་བ་ཤར། །དབྱིངས་དང་རིག་པ་ཡེ་ཤེས་གསུམ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོགས་རྒྱ་ཆེར་གསུངས་ལ། །ཤེས་རབ་རང་བཞིན་སྒྲོན་མ་ནི། ཡེ་ཤེས་ཀྱི་རང་སྣང་མཐོང་ཞིང་རྟོགས་པར་བྱེད་པ་པོ་ཁྲེགས་ཆོད་ཀྱི་དངོས་གཞི་རང་རིག་པའི་ཡེ་ཤེས་ཉིད་ཡིན་ཏེ། དེ་ཡང་ཆོས་སྤྱི་ལས་སེམས་རིག་གཅིག་པ་དུ་བྱེད་ཀྱང་། འདི་ནི་སྔར་བཤད་པ་བཞིན་ཐོག་མར་ཡང་ཀ་དག་དང་ཀུན་གཞི་ཐ་དད་པ་དང་། ད་ལྟ་ལམ་གྱི་དུས་ནའང་སེམས་རིག་ཤན་ཕྱེས་ནས། ཉམས་ལེན་གྱི་རྩ་བ་ནི་རིག་པ་རང་ལ་བྱེད་དགོས་པའི་རྒྱུ་མཚན་ཡང་། དེ་ལ་སེམས་ཀྱང་བརྟེན་པའི་གནས་ནི་གཡོ་བ་རླུང་གི་མཛོད་ལ་བརྟེན་ཅིང་། ལམ་ནི་མེད་པ་དཀར་ནག་ལ་བརྒྱུད་ནས། སྒོ་ནི་ཁ་སྣ་གཉིས་ལས་ཐོན་ཏེ། བྱེད་ལས་ནི་འཁོར་


TR008_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་འབྲས་སྣ་ཚོགས་པ། །ངོ་བོ་ནི་མ་རིག་འཁྲུལ་པའི་ཤེས་པ་སྟེ། མིང་གི་རྣམ་གྲངས་ནི། སེམས་ཡིད། རྣམ་ཤེས། བག་ཆགས། རྟོག་པ། འགྱུ་བ་ཞེས་པ་ལ་སོགས་སུ་བརྗོད་ལ། འགྱུ་བའི་གྲོགས་སམ་རྟ་ནི་ལས་ཀྱི་རླུང་གིས་བྱེད་ཕྱིར། དེས་ན་འདི་ཀུན་རྫོབ་ཀྱི་རླུང་སེམས་ཐིག་ལེ་སོགས་ལ་ཉམས་ལེན་གཙོ་བོར་མི་བྱེད་པའི་རྒྱུ་མཚན་དེ་ལྟར་ཡིན་པ་དང་། རིག་པའི་གནས་དང་ལམ་སྒོ་སོགས་ནི་གོང་དུ་བཤད་མ་ཐག་པ་ལྟར་ལ། ངོ་བོ་ནི་སངས་རྒྱས་ཀྱི་སྙིང་པོའམ། སྐུ་གསུམ་དབྱེར་མེད་ཡེ་ཤེས་གསུམ་དང་། །མཁྱེན་པ་གཉིས་ལྡན་ཡིན་པ་དང་། བྱེད་ལས་ནི་མྱང་འདས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པའམ། སྨིན་པ་དང་གྲོལ་བར་བྱེད་ཅིང་། མིང་གི་རྣམ་གྲངས་ནི། ཀ་དག །བློ་འདས། རང་རིག །ཆོས་སྐུ་


TR008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཉག་གཅིག །ཤེས་རབ་ཕར་ཕྱིན། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། དོན་དམ་པའི་ཡེ་ཤེས་ལ་སོགས་དཔག་ཏུ་མེད་ཅིང་། ཐོད་རྒལ་གྱི་སྐབས་འདིར་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་སུ་བཏགས་པ་སྟེ། མདོར་ན་འདི་སྐབས་ཀྱི་སྒྲོན་མ་གཞན་ཐམས་ཅད་ཀྱང་ཡང་དག་པའི་ལམ་དུ་འགྲོ་མི་འགྲོའི་གནད་ནི་འདི་ཁོ་ན་ལ་རག་པའོ། དེ་ལྟར་ཡིན་པར་ཡང་། སྒྲོན་མ་འབར་བ་ལས། འདི་ལྟར་སྒྲོན་མ་ཐམས་ཅད་ཀྱི། །ཤེས་བྱེད་ཚུལ་དུ་གནས་པས་ན། །ཀུན་གྱི་ཆ་ལ་འདི་ཉིད་ཀྱིས། །འབྱེད་པ་མེད་པའི་ཚུལ་དུ་གནས། ཞེས་དང་། །སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པ། །དེ་ནི་འདི་ཡི་མཚན་ཉིད་དོ། །ཞེས་དང་། གཞན་ཡང་། །ཤེས་པ་འགྱུ་བ་


TR008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཡུལ་ལས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ལོ། །ཞེས་སོགས་རྒྱ་ཆེར་འབྱུང་བའི་ཕྱིར། །ཐོད་རྒལ་གྱི་འཆར་སྣང་དུ་མ་ཟད་ཚོགས་དྲུག་བག །ཆགས་འཁྲུལ་སྣང་ཀུན་ལའང་། གནད་དོན་འདི་ཉིད་ཁོ་ནས་གྲོལ་མི་གྲོལ་དུ་འགྱུར་བས། དེས་ན་སྒྲོན་མ་ཐམས་ཅད་ཀྱི་གཙོ་བོའི་ཁྱབ་བྱེད་ནི་ཤེས་རབ་རབ་བྱུང་གི་སྒྲོན་མ་དང་། དེའི་གདངས་རྡོ་རྗེ་ལུ་གུ་རྒྱུད་ལ་ནན་ཏན་དུ་བྱ་སྟེ། །ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིགསངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་དང་མ་བྲལ་བར་གྱིས་ཤིག །ཆོས་ཐམས་ཅད་ཀྱི་


TR008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་དང་རྒྱས་པ་ཤེས་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་འདུག་ཚུལ་ལ་ལྟོས་ཤིག ལྟ་སྒོམ་སྤྱོད་པ་ཀུན་དང་འདུ་འབྲལ་མེད་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལས་མ་ཡེངས་ཤིག །ཨེ་མ། ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཐམས་ཅད་ཀྱི་མངའ་བདག་ཀྱང་རྡོ་རྗེ་ལུ་གུ་རྒྱུད་ལ་ཐུག་གོ། །ཞེས་སོགས་གསུངས་སོ། །དེ་ལྟར་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ལ་བརྩོན་ཞིང་། འདི་སྐབས་ཀྱི་མཚན་མོའི་ཆ་ཐམས་ཅད་དུ་རྒྱ་མཚོ་ཨར་གཏད་ཀྱི་རྣལ་འབྱོར་དང་། གཞན་ཡང་ཉིན་མོའི་ཚོགས་དྲུག་གང་ཤར་ཐམས་ཅད་ལ་བདེན་ཞེན་དགག་སྒྲུབ་ཀྱིས་མ་བཅིངས་རང་གྲོལ་ཅོག་བཞག་གི་གནད་བཞིའི་རྒྱས་གདབ་པ་དང་། ནུབ་མོ་རྨི་ལམ་ཉིང་འཁྲུལ་གཏི་མུག་ཁ་ཡན་དུ་མ་བཏང་བར་འོད་གསལ་


TR008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་བུམ་འཇུག་ལ་དྲིལ། ནང་ནུབ་ལྟོ་གོས་རྣམ་གཡེང་གི་བྱ་བྲལ་ཀུན་ལ་ཞེན་འཛིན་ཨ་འཐས་རང་རྒྱུད་ཀྱི་རྟོད་ཕུར་ཕུད་ལ། རྣམ་པ་ཐམས་ཅད་དུ་ཉམས་ལེན་གྱི་སྙིང་པོར་དབྱིངས་རིག་གི་ངང་ལ་ཐག་ཆོད་ཀྱི་དགོངས་པ་འཕོ་འགྱུར་མེད་པར་རི་བོ་ཅོག་བཞག་གི་ལྟ་བ་དང་། སྣང་སྟོང་དབྱེར་མེད་འཛིན་བྱེད་བློ་འདས་རྒྱ་མཚོ་ཅོག་བཞག་གི་སྒོམ་པ་དང་། རིག་དང་ལུག་རྒྱུད་བཙོན་དུ་ཟིན་པས་བག་ཆགས་འཁྲུལ་ཞེན་གྱི་ཤུན་པ་ཡམ་པ་རིག་པ་ཅོག་བཞག་གི་མན་ངག་དང་། བྱིང་རྨུག་འཕྲོ་རྒོད་ཀྱི་དབང་དུ་མ་སོང་ཞིང་བདེ་གསལ་མི་རྟོག་གི་ཉམས་ཀྱིས་མ་བཅིངས་པའི་ཡེ་ཤེས་མངོན་སུམ་གྱི་དོན་ལས་མ་ཡེངས་པ་སྣང་བ་ཅོག་བཞག་གི་ཉམས་ལེན་ཏེ་དེ་ལྟར་རྣམ་པ་བཞི་པོ་ལ་བརྩོན་དགོས་


TR008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདི་ཉིད་ཀྱི་གཞུང་དང་། མན་ངག་ལས་གསུངས་པའི་དོན་གྱི་རྩ་བ་ནི་དབྱིངས་རིག་འབྲལ་མེད་ཀྱི་ཉམས་ལེན་ཉིད་ལ་འདུ་བར་ཤེས་པར་བྱའོ། །དེ་ལྟར་ཉམས་སུ་ལེན་པ་ལ་ཆིག་དྲིལ་དུ་བརྩོན་པའི་རྣལ་འབྱོར་རྣམས་ལ་རྟགས་ཚད་ཀྱི་རིམ་པ་ཇི་ལྟར་འཆར་ཚུལ་དང་། གྲོལ་ཚད་ངེས་པའི་གཟེར་དང་བཅས་ཏེ་སྣང་བ་བཞིའི་འཕེལ་ཚུལ་འཆད་པར་བྱེད་པ་ལ། ཁྲེགས་ཆོད་ཀྱི་རྟགས་ཚད་ཐུན་མོང་ནི། གོང་གི་ཕྱག་རྫོགས་དགོངས་མཐུན་དུ་བསྟན་ནས། འདིར་ཁྱད་པར་གྱི་མན་ངག་ཐོད་རྒལ་སྣང་བཞིའི་རིམ་པ་མདོར་བསྡུས་བརྗོད་པ་ནི། སྣང་བཞི་སོ་སོར་འཆར་ཚུལ་དང་རྟགས་ཚད་ལྷན་ཅིག་ཏུ་འཆད་དེ། དེ་ཡང་དང་པོ་འཁོར་འདས་ཏུ་ཤན་འབྱེད་པ་ལ་སོགས་སྔོན་འགྲོ་སྤྱི་དང་བྱེ་བྲག་ཐམས་ཅད་ལ་རྟགས་ཐོན་པར་མ་བྱས་ན་ནི། འདིར་


TR008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་དངོས་ཀྱི་སྐབས་སུ་འཆར་སྒོ་དང་རྟགས་མཚན་ཚུལ་མཐུན་པ་མི་འབྱུང་ཞིང་། ཁྱད་པར་ཁྲེགས་ཆོད་ཀྱི་གནད་དོན་ཇི་བཞིན་མ་རྟོགས་པས་ནི་འདིར་ཡང་ལམ་དུ་མི་འགྱུར་བའི་ཕྱིར་ན། ཐོག་མར་དེ་དག་ལ་སྐྱོན་མེད་ཀྱི་གཞི་ཟིན་པར་བྱ་བ་ནི་གནད་ཀྱི་གལ་པོ་ཆེ་ཡིན་ལ། དེ་དག་ཚུལ་ལྡན་ཉམས་སུ་བླངས་པས་དང་པོ་དབྱིངས་རིག་གི་སྣང་བ་འོད་ཁྱིམ་དང་། སྒྲོན་མའི་སྣང་བ་ཐིག་ལེ། སྐུའི་རིག་པའི་སྣང་བ་ལུ་གུ་རྒྱུད་རྣམས་ངོ་སྤྲད་ནས་མཐོང་བ་དེ་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། འདི་དག་ལ་དང་པོར་ཅུང་ཟད་དམ་འགའ་ཙམ་མཐོང་བ་ལ་སྣ་ཟིན་པ་ཞེས་བྱ་བ་དང་། བར་དུ་ཚུལ་ཞིན་བཀྲ་ཤེས་ཤིང་ལེགས་པར་མཐོང་ཚེ་གཏན་ལ་ཕེབས་པ་ཞེས་བྱ་བ་དང་། མཐར་རྣམ་པ་


TR008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་བལྟས་སུ་ཆག་ཚེགས་མེད་པ་མཐོང་བ་ལ་རྩལ་རྫོགས་པ་ཞེས་པའི་མིང་གི་ཐ་སྙད་བྱེད་ཚུལ་ནི་སྣང་བ་རྗེས་མ་རྣམས་ལ་ཡང་ཤེས་པར་བྱ། ཆོས་ཉིད་མངོན་སུམ་གཏན་ལ་ཕེབས་པའི་རྟགས་ནི་སྒོ་གསུམ་ལ་འབྱུང་བ་སྟེ། དེ་ཡང་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ཞེས་ལུས་ཀྱི་བྱ་བྱེད་གཞན་གང་ཡང་མི་སྤྲོ་བར། སྐུ་གསུམ་གྱི་བཞུགས་སྟངས་ལས་འདའ་སྙིང་མི་འདོད་པ་འབྱུང་སྟེ། སྤྲོས་བཅས་བུམ་པའི་དབང་གིས་ལུས་སྨིན་ཅིང་རྫོགས་ཆེན་བྱ་རྩོལ་དང་བྲལ་བའི་རྟགས་སུ་གསུངས། ངག་གི་ལྐུགས་པ་ལྟར་འབྱུང་བ་སྟེ། ཐ་མལ་འཁྲུལ་པའི་སྨྲ་བརྗོད་ཀྱི་སྤྲོས་པ་དང་། བྲེལ་བ་ནི་གསང་དབང་གི་ནུས་པ་དང་། སེམས་ནི་འདབ་ཆགས་སྙི་ལ་ཟིན་པ་བཞིན་ཏེ། རྟོག་པ་འཕྲོ་བར་བརྩམ་མ་


TR008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་རིག་པས་ཟིན་ནས་འཁྲུལ་སྣང་དུ་འགྲོ་བའི་དབང་མེད་པར་འབྱུང་བ་སྟེ་ཁྱད་པར་གྱི་རྟགས་འདི་དག་དང་གཞན་ཡང་ཐུན་མོང་གི་རྟགས་སུ་ནི། བླ་མ་སངས་རྒྱས་དངོས་སུ་མཐོང་བའི་དད་གུས་བཅོས་མེད་དུ་སྐྱེ། བྱམས་སྙིང་རྗེ་རྩོལ་མེད་དུ་འབྱུང་ཞིང་རྒྱུ་འབྲས་ལ་ངེས་ཤེས་རྙེད། ཉོན་མོངས་རག་པ་མགོ་ནོན་ཅིང་ཤེས་རྒྱུད་འབོལ་གྱིས་འགྲོ་བ་དང་། བདེ་གསལ་མི་རྟོག་རང་ཤུགས་ལ་འཆར་བས་འཇིག་རྟེན་ཆོས་མིན་རྣམ་གཡེང་གི་ལས་ལ་བློ་མི་འཇུག་པ་སོགས་འབྱུང་བ་སྟེ། མདོར་ན་ཕྱག་རྒྱ་ཆེན་པོའི་རྩེ་གཅིག་གསུམ་གྱི་ལམ་རྟགས་རྣམས་དང་ཤས་ཆེར་མཐུན་པར་བཤད་ལ། ཆོས་ཉིད་མངོན་སུམ་གཏན་ལ་ཕེབས་པའི་གང་ཟག་དེ་དམ་ཚིག་ཉེས་ལྟུང་གི་དྲི་མ་མེད་ན་ངན་སོང་གི་སྐྱེ་སྒོ་རྒྱུན་ཆོད་པའི་ཚད་ཡིན་ནོ། །


TR008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་སྔར་ལས་མ་གཡོས་པར་ཉམས་སུ་བླངས་ན་ཉམས་གོང་འཕེལ་གྱི་སྣང་བ་འཆར་ཏེ། དེ་ལ་སྣང་བའི་ཉམས་དང་ཤེས་ཉམས་གཉིས་ལས། བདེ་གསལ་མི་རྟོག་པ་སོགས་ཟག་བཅས་ཀྱི་ཡོན་ཏན་སེམས་ཀྱི་དྭངས་ཆར་མྱོང་བ་ཐམས་ཅད་ལ་ནི་ཤེས་ཉམས་ཞེས་བྱ་སྟེ། འགྱུར་ལྡོག་དང་འཕེལ་འགྲིབ་ཅན་དུ་ཡིན་པས་ཚད་མི་བཟུང་ལ། འདི་སྐབས་སུ་སྣང་ཉམས་ལ་ཚད་འཛིན་ཏེ། དབྱིངས་སྣང་འོད་ཀྱི་ཤར་ཚུལ་སྔར་ལས་གོང་དུ་འཕེལ་ཏེ་ཁ་དོག་ལྔ་ལྡན་གསལ་འཚེར་དྭངས་པའི་འོད་སྣམ་བུ་གྱེན་བསྒྲེངས་དང་རྩིབས་ཤར། མིག་མང་རིས་དང་། རེ་ལྡེ་ལྟ་བུ། གུར་ཁྱིམ་མཆོག་རྟེན། པདྨ་སྟོང་ལྡན་ལྟ་བུའི་དབྱིབས་དང་། འཁོར་ལོ་རྡོ་རྗེ་རིན་ཆེན་ལ་སོགས་པའི་ཕྱག་མཚན་དང་། རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་བརྒྱད་


TR008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དབྱིབས་ཀྱི་རྣམ་གྲངས་མཐའ་ཡས་པ་འཆར་ལ། ཁྱད་པར་ཡེ་ཤེས་སོ་སོའི་གདངས་ཀྱི་བྱེ་བྲག་ལ་དབྱེ་ན། དེ་ཡང་མེ་ལོང་ཡེ་ཤེས་ཀྱི་འོད་གྱེན་བསྒྲེངས་དང་། མཉམ་ཉིད་ཡེ་ཤེས་ཀྱི་རྩིབ་ཤར། སོར་རྟོག་ཡེ་ཤེས་ཀྱི་གྲུ་ཆད་བྱ་གྲུབ་ཡེ་ཤེས་ཀྱི་རེ་ལྡེ་ལྟ་བུ། ཆོས་དབྱིངས་ཡེ་ཤེས་ཀྱི་ཡུལ་གྲུ་ཙམ་གྱི་རྒྱ་ཁྱོན་ལྡན་པའི་འོད་ཁྱིམ་དང་། དེ་བཞིན་དུ་དབྱིབས་ཀྱང་མེ་ལོང་ཡེ་ཤེས་མིག་ཚགས་ལྟ་བུ། མཉམ་ཉིད་ཀྱི་དྲ་བ་དྲ་ཕྱེད་ལྟ་བུ། སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུ་ལྟ་བུ། བྱ་གྲུབ་ཀྱི་མཚོན་ཆ་སྣ་ཚོགས་པ་ལྟ་བུ། ཆོས་དབྱིངས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་མཁར་ཐབས་སུ་སྣང་བ་སོགས་བརྗོད་ཀྱིས་མི་ལང་བའི་འཆར་སྒོ་འབྱུང་ཞིང་། དབྱིངས་སྣང་དེ་དག་ཀྱང་དང་པོར་ཁྲུ་གང་ཙམ་དང་། ཐིག་ལེ་ཡང་


TR008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་མ་ཙམ་འཆར་བ་ནས་གོང་འཕེལ་གྱི་སྣ་ཟིན་པར་བཤད་ལ། མཐར་ཡུལ་གྲུ་ཙམ་དང་རང་གནས་ཀྱི་ལུང་པར་ཁྱབ་པར་འཆར་ཞིང་། ཐིག་ལེ་ཡང་མཁར་གཞོང་དང་སྦ་ཕུབ་ཙམ་དུ་འགྱུར་བའི་བར་གྱི་གཏན་ལ་འབེབས་པ་དང་རྩལ་རྫོགས་པ་སོགས་སུ་གསུངས་པ་དང་། དེའི་ཚེ་ལུས་ཀྱི་རྟགས་ནི་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུ་ནས་བཅོས་མའི་ཚུལ་འཆོས་ངོ་ཚ་མཆོར་མཛེས་སོགས་ཀྱི་སྣང་བ་དང་བྲལ། ངག་སྨྱོན་པ་ལྟ་བུ་སྟེ་འཇིག་རྟེན་འཁྲུལ་ཞེན་གྱི་གཏམ་ཚིག་སྒྲིག་ཆགས་སུ་མི་འབྱུང་། སེམས་སྐྱེས་བུ་རྩི་དུག་གིས་ཟིན་པས་ཟུང་ཆེན་པོའི་རྣམ་པ་འགག་པ་བཞིན་དུ། ཐ་མལ་གྱི་རྣམ་པར་རྟོག་པ་ཐམས་ཅད་རིག་པའི་ཀློང་དུ་ཐིམ་པས་ཀུན་རྫོབ་འཁྲུལ་པའི་དྲན་འཛིན་བུལ་ནས་སྟོང་གསལ་ཀ་དག་གི་ངང་ལས་མི་འདའ་


TR008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་འབྱུང་ཞིང་། འདི་དུས་ཐུན་མོང་གི་རྟགས་སུ་དངོས་འཛིན་གྱི་འཁྲུལ་པ་ཞིག་པས་དགྲ་གཉེན་དང་ཆགས་སྡང་གི་བག་ཆགས་ཨ་འཐས་ཐམས་ཅད་ཡལ། ཟང་ཟིང་ཟས་གོས་ཞིམ་མངར། སྐྱིད་སྡུག་ལེགས་ཉེས་སྤོང་ལེན་དགག་སྒྲུབ་སོགས་ཀྱི་འཛིན་པ་ལས་གྲོལ་བར་འགྱུར་ཏེ། འདི་དག་ནི་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ནུས་པ་དང་། དངོས་འཛིན་གྱི་འཆིང་བ་ཕལ་ཆེར་ལས་གྲོལ་བར་འགྱུར་བ་སྟེ་འདི་དུས་རིག་པ་ནི་འདབ་ཆགས་འཕུར་རྐྱེན་ཙམ་དུ་གསུངས་ཀྱང་ཕལ་ཆེར་བུང་བ་བཅུད་ལ་རོལ་པ་ཙམ་དུ་འབྱུང་ཞིང་། མདོར་ན་འདི་སྐབས་རྣམས་སུ་ཕྱག་ཆེན་གྱི་སྤྲོས་བྲལ་དང་སྦྱར་བ་མང་ཡང་། མངོན་སུམ་ཐོད་རྒལ་འདི་ལས་མྱུར་ཚད་ཀྱི་དབང་གིས་རོ་གཅིག་དང་མཚུངས་པར་སྣང་བ་དང་། ལར་འདི་


TR008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་སྣ་ཟིན་པ་ཙམ་ནས་འཁོར་འདས་ཀྱི་རྒྱབ་གྱེས་པ་ཞེས་བྱ་སྟེ། ཕྱིན་ཆད་རིགས་དྲུག་གི་མངལ་དུ་མི་འཇུག་ཅིང་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་བར་གཏན་ལ་ཕེབས་ཤིང་རྩལ་རྫོགས་པས་ནི་བར་དོའི་འོད་གསལ་ཟུང་འཇུག་ནས་ལྷུན་གྲུབ་རིན་པོ་ཆེའི། སྣང་བ་ཚུན་ཆད་གང་རུང་ལ་ནི་མི་གྲོལ་མི་སྲིད་པའི་ཚད་ཟིན་པའོ། །དེ་ཡང་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་སྣང་དེ་དག་ནམ་མཁས་གར་ཁྱབ་ཏུ་ཁྱབ་ཅིང་། ཐིག་ལེ་ནི་ཕུབ་ཙམ་མམ་རྔ་བོ་ཆེ་ཙམ་ལྔ་ཚོམ་དང་དགུ་ཚོམ་ལ་སོགས་པའི་ཚོམ་བུར་སྣང་བ་དང་། རྐྱང་པ་དང་། །གྲོལ་ཐབས་སོགས་ངེས་པ་མེད་ལ། ཐིག་ལེའི་རེ་རེའི་ནང་དུ་པདྨ་འདབ་བཞི་སོགས་ལ་ཐོག་མར་ཞི་བའི་སྐུ་ཕྱེད་པ་དང་། སྐུ་རྐྱང་རྒྱན་མེད་པར་སྣང་བ་དག་འབྱུང་ལ། དེ་ནས་ལྔ་ཚོམ་


TR008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡབ་ཡུམ་ཟུང་འབྲེལ། མཐར་ནི་སྣང་བས་གར་ཁྱབ་སྐུ་ཡིས་ཁྱབ་པར་འབྱུང་ཞིང་། གཞན་ཡང་འདི་ཚེ་རང་གི་བ་སྤུའི་ཁུང་བུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་སྣང་བརྒྱ་སྟོང་གྲངས་མེད་པར་མཐོང་བ་དང་། ཕྱི་རོལ་གྱི་ས་རྡོ་རི་བྲག་གདོས་བཅས་ཀྱི་སྣང་བ་འགགས་པའམ། མ་འགགས་ཀྱང་སྐྲ་ཉག་རེ་རེ་དང་ཤིང་ལོ་རེ་རེ་རྡུལ་ཕྲན་རེ་རེ་ལའང་ཞིང་ཁམས་ཀྱི་བཀོད་པ་དཔག་ཏུ་མེད་པ་སྣང་བ་སོགས་མདོར་ན་འདི་སྐབས་ཀྱི་འཆར་སྒོ་ནི་བརྗོད་པའི་ཡུལ་ལས་འདས་ལ། ཐིག་ལེ་རྣམས་འགུལ་འཁྲིག་མེད་པར་སྡོད་པ་འབྱུང་། གཞན་འདི་རྩ་ན་ཕྱིས་བར་དོ་ཤར་རྒྱུའི་སྣང་བ་ཐམས་ཅད་ད་ལྟ་ནས་གཏན་ལ་ཕབ་ཚར་བ་ཡིན་ཕྱིར། རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་སྐུ་རྣམས་ལ་ཟུག་པར་སྣང་བ་དང་། སྤྱི་


TR008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་གི་ནམ་མཁར་འོད་ཀྱི་འཁོར་ལོ་རྨ་བྱའི་གདུགས་ལྟ་བུ་བརྩེགས་མ་གྲངས་མེད་པ་སྣང་ཞིང་། སྟེང་གི་ནམ་མཁར་ཁྲོ་བོའི་དཀྱིལ་འཁོར། ཐད་ཀར་ལོངས་སྐུ་ཞི་བའི་དཀྱིལ་འཁོར། འོག་ཏུ་རང་བཞིན་སྤྲུལ་པའི་ཞིང་སོགས་ཏེ་མདོར་ན་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་མཐའ་དག་ཡོངས་རྫོགས་སུ་འདི་དུས་འཆར་བར་འགྱུར་བ། དེ་ཚེ་རྟགས་ནི་ལུས་གླང་ཆེན་འདམ་དུ་བྱིང་ན་སྐད་ཅིག་ལ་ཐོན་ནུས་པ་བཞིན། ཕྱི་ནང་གི་གདོས་བཅས་རང་སར་དག་པས་རི་བྲག་ཁང་ཁྱིམ་སོགས་ལ་ཐོག་མེད་ཟང་ཐལ་དང་། ངག་ནི་གྲུལ་བུམ་གྱི་ཕྲུ་གུའི་སྐད་དེ་སུས་ཐོས་ཀྱང་ཡིད་འཕྲོག་པ་དེ་བཞིན་དུ། རྣལ་འབྱོར་པ་དེས་ཅི་སྨྲས་ཆོས་སུ་འགྱུར་ཞིང་ངག་གི་བདེན་ཚིག་གྲུབ་སྟེ་འགྲོ་བ་སོ་སོའི་བསམ་པ་ཐ་དད་དང་མཐུན་པའི་ཆོས་ཀྱི་རྣམ་


TR008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དཔག་མེད་དུས་གཅིག་ལ་སྟོན་ནུས་པ་དང་། ཡིད་ནི་རིམས་ནད་བྱང་བའི་སྐྱེས་བུ་ལ་སླར་རིམས་ནད་ཀྱི་དོགས་པ་མེད་པ་བཞིན། འཁོར་འདས་འབྲེལ་ཐག་ཆོད་པས་ད་ཕྱིན་ཆད་འཁོར་བ་ལ་ལྷུང་བའི་དོགས་པ་མེད་པ་རྣམས་འབྱུང་ལ། ཐུན་མོ། །ཡོན་ཏན་གྱི་རྩལ་མཐའ་དག་རྫོགས་པས། ནམ་མཁར་འཕུར་ཞིང་པ་ལ་འཛུལ་བ་དང་། འབྱུང་བས་གནོད་པ་མེད་ཅིང་རྫུ་འཕྲུལ་སྤྲུལ་བསྒྱུར་གྱི་ཚོགས་ལ་རང་དབང་ཐོབ་པ་སྟེ། འདི་དག་ནི་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའི་ནུས་པ་མཐར་ཕྱིན་ཅིང་། སྐུ་གསུམ་ལམ་དུ་རྫོགས། འབྲས་བུ་བཅུད་དུ་སྨིན། གདོས་བཅས་འོད་དུ་གྲོལ་བས། ལུས་ཐོག་འདི་ཉིད་ལ་བྱང་ཆུབ་མངོན་དུ་གྱུར་པའི་ཚད་ལ་ཕེབས་པའོ། །འདི་དག་སྒོམ་མེད་ཆུང་འབྲིང་དང་


TR008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མོད་ཀྱང་། དོན་ལ་སྒོམ་མེད་ཆེན་པོ་མཐར་ཕྱིན་པ་ཉིད་དེ། ལུས་སྣང་སེམས་གསུམ་གྱི་སྒྲིབ་བྱེད་མཐའ་དག་ནི་ཟད། ཤེས་སྒྲིབ་ཀྱི་དྲི་མའི་ཆ་ཙམ་ཡང་བྲལ། མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི་རྩལ་ཆེན་མ་ལུས་རྫོགས་པའི་ཕྱིར། འདི་ལས་གོང་དུ་བགྲོད་པའི་ཡུལ་མེད་པ་ཉིད་དོ། །དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ཞེས་པའི་ཐ་སྙད་ནི། ཕྱིའི་སྣང་བ་ནང་གི་དབྱིངས་ལ་ཐིམ་པ་ཞེས་ཀྱང་བྱའོ། །གཟུགས་སྐུ་ཆོས་སྐུར་སྡུད་པས་སངས་རྒྱས་མྱ་ངན་ལས་འདས་པ་ཡང་ཟེར། བྱ་བྱེད་ཀྱི་སྤྲོས་མཚན་དང་བྲལ་ཕྱིར་འབྲས་བུ་བློ་ཟད་ཆོས་ཟད་ཅེས་ཀྱང་བྱ་བ་སྟེ། མདོར་ན་འདིའི་སྐབས་ཀྱི་དགོངས་པ་ལྟར་ན་ལྷུན་གྲུབ་ཉིད་ཀ་དག་གི་གཞི་ལ་ཐིམ་པ་ཡིན་ནོ། །འདི་དུས་རྟགས་ནི་ལུས་འདབ་ཆགས་སྙི་ལས་གྲོལ་བ་ཞེས་


TR008_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གདོས་བཅས་ཀྱི་རྒྱ་དང་བྲལ། ངག་བྲག་ཅ་ལྟ་བུ་ཞེས། གདུལ་བྱ་གཞན་ངོར་ཆོས་སྒོ་སྣ་ཚོགས་སུ་གོ་ཡང་རང་ངོ་ལ་བརྗོད་གཞི་དང་བརྗོད་མཁན་མེད། སེམས་སྐྱེས་བུ་སྙིང་ལ་མདས་ཟིན་ན་སྐད་ཅིག་ལ་འཆི་བར་འགྱུར་བ་བཞིན། ལུས་ཉམས། དབང་པོ། རྟོག་ཚོགས་མཐའ་དག་ཟད་པས། སངས་མི་རྒྱ་བའི་དབང་མེད་པར་ཆོས་ཉིད་བསམ་བརྗོད་བྲལ་བའི་དབྱིངས་སུ་ཡལ་བ་སྟེ། འདི་དུས་ཐུན་མོང་གི་རྟགས་ཚད་ཡུལ་ལས་འདས་ཕྱིར་བརྗོད་དུ་མེད་དོ། །དེ་ལྟར་ཡང་སྒྲ་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ རྟོགས་པའི་ལམ་སྣང་འདས་


TR008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད། ཅེས་གསུངས། དེ་ལྟ་བུའི་སྣང་བཞིའི་ཉམས་ལེན་གྱི་སྐབས་འདི་དག་ཏུ་མི་འགུལ་བ་གསུམ་ལ་གཞི་བཅས་ཏེ་ཉམས་སུ་བླངས་པས་སྣང་བཞིའི་ཡེ་ཤེས་གོང་འཕེལ་དུ་འཆར་ལ། དེ་ལྟར་ཤར་བཞིན་དུ་སྡོད་པ་གསུམ་ཡང་འབྱུང་སྟེ་གང་ཞེ་ན། ཕྱི་སྣང་བ་སྡོད་པས་སྣང་རྐྱེན་མཐའ་དག་ཞིང་ཁམས་སུ་ཤར། ནང་སྒྱུ་ལུས་སྡོད་པས་རྣམ་གཡེང་འཁྲུལ་པའི་བྱ་བ་བྲལ། གསང་བ་རླུང་རིག་སྡོད་པས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་ལས་མི་འདའ་བའོ། །རིག་པ་ཚད་ཕེབས་ཀྱི་ཚེ་ཐོབ་པ་གསུམ་འབྱུང་སྟེ། རླུང་སེམས་ལ་རང་དབང་ཐོབ་པས། ཟད་པ་ཟིལ་གནོན་ཚར་གཅོད་ལྟ་སྟངས་སོགས་ཀྱི་གྲུབ་རྟགས་དང་གཞན་ཡང་ས་ལམ་གྱི་དྲོད་རྟགས་ཡོན་ཏན་


TR008_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྩལ་རྫོགས་པ་དང་། སྐྱེ་བ་ལ་རང་དབང་ཐོབ་པས་རང་ལུས་འོད་དུ་གྲོལ་ཞིང་གཞན་སྣང་དུ་འཕོ་བ་ཆེན་པོའི། སྐུ་ཞེས་སྣང་སྟོང་ཆུ་ཟླ་ལྟ་བུའི་སྐུ་གཟུགས་ཀྱིས་འགྲོ་བའི་དོན་ལ་འཁོར་བ་མ་སྟོང་བར་དུ་འདས་གྲོངས་མི་མངའ་བར་བཞུགས་པ་སྟེ་པད་འབྱུང་བི་མ་ལ་སོགས་དཔག་མེད་བྱོན་པ་རྣམས་དང་མཚུངས་ལ། འཇུག་པ་ལ་དབང་ཐོབ་པ་ཞེས་བྱ་བ་ནི། སྐུ་ལུས་དེས་འགྲོ་བ་འདུལ་བའི་རྟེན་འབྲེལ་གྱི་ཡུལ་མེད་པར་གཟིགས་ནས་སྔོན་གྱི་སྨོན་ལམ་ལས་འཕྲོ་མཐུན་པའི་འགྲོ་བ་སྟོང་ཕྲག་གསུམ་སོགས་རང་ཉིད་དང་ལྷན་ཅིག་ཚོམ་བུ་གཙོ་འཁོར་གྱི་ཚུལ་དུ་ཕུང་པོ་ལྷག་མེད་ཀ་དག་ཆོས་དབྱིངས་སུ་སངས་རྒྱས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་རྒྱུན་ཆད་མེད་པར་མཛད་པའོ། །གཞན་ཡང་སྣང་བ་བཞི་ཉམས་སུ་ལེན་པའི་


TR008_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་རྣམས་ལ། ཚད་རྨི་ལམ་གྱིས་འཛིན་ཅིང་རྟགས་ལུས་ངག་ལ་འཆར་བ་ཞེས་གསུངས་པའི་རྟགས་འདི་ནི་གོང་དུ་ཆོས་ཉིད་མངོན་སུམ་གྱི་དུས་ན་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་སོགས་སྔར་བརྗོད་པ་རྣམས་ཡིན་ལ། རྨི་ལམ་གྱི་ཚད་ནི། བརྩོན་འགྲུས་དང་དབང་པོ་རབ་རྣམས་ཚེ་འདིར་གྲོལ་བའི་ཚད་དུ་རྨི་ལམ་དབྱིངས་སུ་ནུབ་སྟེ་འཁྲུལ་པ་རྒྱུན་ཆད་པས་ཉིན་མཚན་འོད་གསལ་ཁོར་ཡུག་ཏུ་འགྱུར་བ་དང་། འབྲིང་རྣམས་བར་དོར་གྲོལ་བའི་ཚད་ལ་རྨི་ལམ་ཉིང་འཁྲུལ་དུ་མི་འགྱུར་བར་ཅི་ལྟར་རྨིས་པ་ཀུན་རྨི་ལམ་དུ་ཤེས་ཤིང་ཟིན་པ་དང་། གང་ཟག་དབང་པོ་ཐ་མ་དག་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་དབུགས་དབྱུང་ནས་ལོ་ལྔ་བརྒྱ་ན་འཚང་རྒྱ་བར་འགྱུར་བའི་རིགས་ཅན་རྣམས་ལ་ནི་རྨི་ལམ་བཟང་པོ་ཤ་སྟག་རྨི་བ་སྟེ།


TR008_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཐུན་མོང་ཐེག་པར་ཡང་བྱང་ཆུབ་སེམས་དཔའ་ས་ཐོབ་པའི་རྟགས་ཡིན་པར་གསེར་འོད་དམ་པ་མདོ་སྡེ་པ་བཅུ་པ་སོགས་ནས་གསུངས་པའི་རྨི་ལམ་རྣམས་ཡིན་ཏེ། གསེར་གྱི་རི་ལ་འཛེགས་པ་དང་། ཉི་ཟླའི་སྟེང་དུ་སྡོད་པ་དང་། ལུས་ལས་འོད་ཟེར་འཕྲོ་བས་རིགས་དྲུག་རྣམས་ཀྱི་སྡུག་བསྔལ་བསལ་བ་སོགས་ཀྱི་རྨི་ལམ་ཁྱད་པར་ཅན་རྒྱུན་པར་རྨིས་ན། སྣང་བཞི་མཐར་ཕྱིན་གྱི་རྣལ་འབྱོར་དག་ལ་གྲོལ་ཚད་ཀྱི་གདིང་བཞི་ཡང་འབྱུང་བ་སྟེ། ཐོགས་བཅས་ཐོགས་མེད་སོགས་ཀྱི་འཇིགས་པའམ་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སོགས་གང་ལ་ལན་རེ་ལན་གཉིས་ལ་ནི་ཐ་སྙད་མེད། འཇིགས་སྐྲག་དང་ཡ་ང་བག་ཚ་བྲལ་བས་ཉམས་ང་མེད་པའི་གདིང་དང་། རིགས་དྲུག་གི་སྐྱེ་གནས་དང་ཁམས་གསུམ་འཁོར་བར་འཁྱམས་སུ་དོགས་པ་མེད་པའི་གདིང་སྟེ་


TR008_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མར་གྱི་གདིང་གཉིས་ཡར་སངས་རྒྱས་ཀྱི་ཡོན་ཏན་དང་ཞིང་ཁམས་ཀྱི་བདེ་སྐྱིད་སོགས་ལ་བྲོད་པ་མེད་པའི་གདིང་དང་། མྱང་འདས་ཀྱི་འབྲས་བུ་ཐོབ་པར་འདོད་པའི་རེ་བ་མི་དགོས་པའི་གདིང་སྟེ་ཡར་གྱི་གདིང་གཉིས་ཞེས་དེ་ལྟར་གདིང་བཞི་སོ་ཐོབ་པ་ནི་འཁོར་འདས་ཐམས་ཅད་རང་རིག་བློ་འདས་སུ་ཐག་ཆོད་པ་ལ་བརྟེན་ནས་བྱུང་ངོ་། །དེ་ལྟ་བུ་ཡང་དག་གི་དོན་མངོན་དུ་གྱུར་པ་དེའི་ཚེ། ཐུན་མོང་ཐེག་པ་ནས་གསུངས་པའི་ལམ་ལྔ་དང་། ཕྱི་རྒྱུའི་ཐེག་པའི་ས་བཅུ་དང་། ནང་འབྲས་བུ་ཐེག་པའི་ས་བཅུ་དྲུག་སོགས་རང་བཞིན་གྱི་ཤུགས་ལས་བགྲོད་ཅིང་རྫོགས་པ་སྟེ། དེ་ཡང་ལམ་ལྔ་ནི་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། བསྒྲོད་མེད་ལམ་གཅིག་རྟོགས་པའི་ཐབས། །སྒྲ་མཐུན་དོན་འཕགས་ལམ་ལྔ་བཤད། །དམ་པའི་དྲུང་ན་གནས་


TR008_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །བླ་མའི་བསྙེན་བཀུར་ཡོངས་རྫོགས་པ། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མས་གདམས་པའི་དོན་བཤད་དེ། །གདམས་ངག་རྣམ་གཉིས་ཐུགས་ལས་འབྱོར། སྔོན་འགྲོ། སྦྱོར་བའི་ལམ་ཞེས་དེ་ཡིས་བསྟན། །ངོ་སྤྲོད་རྣམ་བཞིའི་སྒོ་ནས་སུ། ཁྲིགས་ཆོད་ཐོད་བརྒལ། །ཚེ་འདིར་ངེས་པའི་གདིངས་ཐོབ་པ། །མཐོང་བའི་ལམ་དུ་བཤད་པ་ཡིན། དཔེ་དོན་བརྡ་རྟགས་ །བསྒོམ་དུ་མེད་པའི་བསྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པའི་བརྟན་པ་ཞིག །བསྒོམ་པའི་ལམ་དུ་ང་ཡིས་བཤད། ཁྲིགས་ཆོད། ཐོད་རྒལ། །སངས་རྒྱས་དགོངས་པ་བདེན་ཞེན་བཞིར། །མི་གནས་ཚུལ་གྱིས་མཐར་ཕྱིན་པ། །མི་སློབ་ལམ་དུ་བསྟན་པ་ཡིན། །དཔེ་ན་འཁོར་འདས་ལམ་གསུམ་སོགས། །ཇི་ལྟར་


TR008_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་ཆོས་རྣམས་ཀུན། །སེམས་ལས་བྱུང་ཞིང་སེམས་ལ་སྣང་། །དེ་མ་ཡིན་པའི་ཆོས་གཞན་མེད། །ཅེས་གསུངས་ལ་ས་བཅུའི་དོན་ཡང་། བདེན་པ་མཐོང་བའི་གང་ཟག་གཅིག་གིས་ས་ཐམས་ཅད་མྱུར་དུ་བགྲོད་པ་སྟེ། དེ་ཡང་ཁྲེགས་ཆོད་ཐོད་རྒལ་གྱི་ངོ་སྤྲོད་རྒྱུད་ལ་ཁེལ་ནས་མཆོག་ཏུ་དགའ་བ་སྐྱེས་པ་ནི་ས་དང་པོ་རབ་ཏུ་དགའ་བ། རང་སྣང་དུ་ངོ་ཤེས་པ་ནི་གཉིས་པ་དྲི་མ་མེད་པ། དེ་ཉིད་ལ་རིམ་གྱིས་གོམས་པ་ནི་གསུམ་པ་འོད་བྱེད་པ། ཆོས་ཉིད་མངོན་སུམ། དབྱིངས་རིག་གི་སྣང་བ་ཆེར་མཐོང་བ་ནི་བཞི་པ་འོད་འཕྲོ་བ། ཉམས་གོང་འཕེལ། དེའི་མཐུས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་དག་པ་ནི་ལྔ་པ་སྦྱང་དཀའ་བ། ཐིག་ལེ་ལས་སྐུ་མཐོང་བ་ནི་དྲུག་པ་མངོན་དུ་གྱུར་པ། རིག་པ་ཚད་ཕེབས་ འཁོར་བ་དང་རྒྱབ་གྱེས་པས་བདུན་པ་


TR008_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་སོང་བ། རྣམ་པར་རྟོག་པ་མི་འབྱུང་བ་ནི་བརྒྱད་པ་མི་གཡོ་བ། སྣང་བཞི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་ཡེ་ཤེས་སྒྱུ་འཕྲུལ་ལ་དབང་ཐོབ་པ་ནི་དགུ་པ་ལེགས་པའི་བློ་གྲོས། ཡེ་ཤེས་ཀྱི་སྣང་བ་ལ་རང་གིས་ཤིས་པ་ཟིན་པས་ཆོས་ཐམས་ཅད་ལ་བྱན་ཚུད་ཅིང་ཞིང་ཁམས་རྒྱ་མཚོའི་སྤྲིན་ལ་དབང་བསྒྱུར་བས་ས་བཅུ་ཆོས་ཀྱི་སྤྲིན་ཐོབ་པ་སྟེ། དེ་ལྟར་ས་བཅུ་པོ་རྣམས་རྒྱུའི་ཐེག་པའི་བྱང་སེམས་དང་མི་མཐུན་ལ་དོན་ཁྱད་པར་འཕགས་ཚུལ་ནི། བྱང་སེམས། ཆོས་ཉིད་ཟད་པ་ ས་ལ་བཞུགས་ཤིང་གནས་པ་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ཚོགས་གཉིས་ཀྱི་ལམ་སྒྲུབ་པ་ཐམས་ཅད་རྩོལ་བཅས་དཀའ་བ་སྣ་ཚོགས་ཀྱི་སྒོ་ནས་འབད་དགོས་ཤིང་། དེ་ལས་གྲུབ་པའི་རྫུ་འཕྲུལ་ཞིང་ཁམས་སོགས་ཀྱང་ཡུལ་སེམས་ཐ་དད་


TR008_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཛིན་པ་ལ། འདིར་ནི་མྱུར་ལམ་གྱི་ཐབས་བསྐལ་པ་གྲངས་མེད་གསུམ་སོགས་ཟབ་མོས་དཀའ་བ་མེད་པར་ལོ་ཟླ་ཙམ་གྱིས་འགྲུབ་པའི་སྐུ་དང་ཞིང་ཁམས་ཡོན་ཏན་གྱི་སྣང་བ་མཐའ་དག་རང་རིག་ཐིག་ལེ་ཉག་གཅིག་ཏུ་ངོ་ཤེས་ཤིང་ཐག་ཆོད་པས། ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དང་བཅས་པ་ཡང་སྤང་གཉེན་སོ་སོར་འཛིན་བློ་མི་དགོས་པར་རང་སངས་རང་དག་གི་གནད་ཀྱི་ལམ་དུ་མངོན་གྱུར་ཁྱད་པར་དུ་འཕགས་པ་ཉིད་དོ། །ནང་གི་ས་བཅུ་དྲུག་ཀྱང་གསང་སྔགས་སྤྱི་ལྟར་དགའ་བཞི་འགྲོས་ཐིམ་སོགས་ཉོན་མོངས་གནས་འགྱུར་གྱི་ལམ་ལ་མི་ལྟོས་ཏེ། འདིར་འོད་གསལ་རྣམ་པ་བཞིའི་ངོ་བོར་གྲོལ་ཚུལ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་ཡིན། ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ནི་ལུ་གུ་རྒྱུད་མཐོང་བ་


TR008_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ཐོབ་པ་ནི་དེ་ལ་ངེས་པ་བརྙེས་པའོ། །གོང་འཕེལ་གྱི་སྣང་བ་མཆེད་པ་ནི་འོད། ཉེར་མཆེད་ཐིག་ལེ། ཐོབ་པ་ནི་ཡེ་ཤེས་ལྔའི་ཁ་དོག །ཉེར་ཐོབ་ནི་དབྱིབས་སྣ་ཚོགས་སུ་འཆར་བའི་སྣང་བའོ། །ཚད་ཕེབས་ཀྱི་སྣང་བ་མཆེད་པ་སྐུ་རྐྱང་། ཉེར་མཆེད་ཡབ་ཡུམ་ཟུང་འབྲེལ། ཐོབ་པ་ནི་ཚོམ་བུར་གསལ་བ། ཉེར་ཐོབ་ནི་དཀྱིལ་འཁོར་ཡོངས་རྫོགས་ལྷུན་གྲུབ་རིན་པོ་ཆེའི་སྣང་བའོ། ཆོས་ཉིད་ཟད་པའི་སྣང་བ་མཆེད་པ་ནི་གཟུང་འཛིན་པ་ཟད་པ་ཉེར་མཆེད་སྟོང་ཉིད་ཀ་དག །ཐོབ་པ་བརྗོད་དུ་མེད་པའི་དོན། ཉེ་བར་ཐོབ་པ་ནི་བལྟར་མེད་ཅིང་གང་དུའང་གྲུབ་པ་མེད་པའི་ཆོས་ཉིད་གྱི་དོན་མཐར་ཕྱིན་པ་སྟེ། འདི་ལྟར་འདི་དག་ལ་སྣང་བའི་ས་བཅུ་དྲུག་ཅེས་རྫོགས་ཆེན་གྱི་ཐུན་མོང་མ་ཡིན་


TR008_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཞེད་དོན་ཡིན་ལ། རྒྱུའི་ཐེག་པའི་ས་བཅུ་མཐར་ཕྱིན་ཆོས་ཀུན་གཞིའི་བག་ཆགས་ཀྱི་ལྷག་མ་ཤེས་སྒྲིབ་ངོ་མ་ཤེས་ཀྱི་དྲི་མ་རང་དག་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས་འཚང་རྒྱ་བར་བཤད་པ་དང་། གསང་སྔགས་རྣམས་ནས་འོག་མིན་དུ་ལྷན་སྐྱེས་ཡེ་ཤེས་ཀྱི་ཡུལ་ལ་བརྟེན་ནས་བཅུ་གཅིག་ཀུན་ཏུ་འོད་དང་བཅུ་གཉིས་མ་ཆགས། པདྨ་སྟེ་ནང་གི་ས་གཉིས་པོ་བགྲོད་དེ་བཅུ་གསུམ་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་མཛད་པར་གསུངས་པ་སོགས་ཀྱང་། འདིར་རིག་པ་ཚད་ཕེབས་རྩལ་རྫོགས་པ་དང་རང་སྣང་དོན་གྱི་འོག་མིན་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུང་མེད་པར། དོན་དམ་དུ་སངས་རྒྱས་པའི་རྒྱུ་རྐྱེན་རང་བྱུང་ལྷུན་གྲུབ་ཡིན་པ་སོགས་ཁྱད་ཆོས་དུ་མས་འཕགས་ཚུལ་རྣམས་འདིར་ཡི་གེས་འཇིགས་


TR008_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྲི་བར་མ་ནུས་པས་ཞིབ་པར་འདོད་ན་རྒྱུད་བཅུ་བདུན་གཞུང་འགྲེལ་དང་། བསྟན་བཅོས་རིན་པོ་ཆེ་མཛོད་བདུན་སྐོར་སོགས་སུ་བལྟ་བར་བྱའོ། །དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་ཚུལ་རྣམས་བསྟན་པ་ཡིན་ལ། འབྲིང་བར་དོར་གྲོལ་ཚུལ་དང་། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་བ་དང་། ཡང་ཐ་འདིའི་སྒོ་མཐོང་ཞིང་མོས་པ་མ་ལོག་པ་ཙམ་ཡང་སྐྱེ་བ་ཕྱི་མར་འདི་དང་འཕྲད་ནས་གྲོལ་ཚུལ་རྣམས་ནི་ཁྲིད་གཞུང་སོ་སོར་ཞིབ་རྒྱས་འབྱུང་བ་དང་། བདག་གིས་བྱས་པའི་བར་དོའི་སྤྱི་དོན་ནང་དུ་བསྟན་ཡོད་པས་དེ་དག་ཏུ་ཤེས་པར་བྱ་ཞིང་འགག་དོན་ནི། ད་ལྟ་ཚེ་འདིའི་བྱ་བ་ལིངས་ཀྱིས་བཏང་ནས་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་ལ་འབད་འབུངས་བརྟེན་ཅིང་དམ་ཚིག་གི་སེལ་མེད་ན་ནི་གདམས་


TR008_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟབ་གནད་ཀྱི་མཐུས་ཚེ་འདིར་མི་གྲོལ་བའི་ཐབས་མེད་ལ། དེ་ལྟ་བུའི་ཉམས་ལེན་ལ་མི་བརྩོན་པར་ཐོས་ལོ་དང་སྒོམ་ལོ་ཙམ་བྱེད་པ་དང་། ང་རྒྱལ་ཁེངས་སེམས་ཀྱིས་ནང་བརྒྱངས་ནས་སྟོང་སྐད་ཀྱི་ཁ་བཤད་འབྲུག་ལྟར་ལྡིར་ཡང་རང་རྒྱུད་ལ་ཆོས་ཀྱི་དྲི་ཙམ་ཡང་མ་གོས་པའི་གང་ཟག་རྣམས་ལ་ནི། གྲོལ་གྲོལ་དང་ཐོབ་ཐོབ་ཀྱི་མིང་སྙན་འབུམ་ཕྲག་བཤད་རུང་འགྲོ་ས་འཁོར་བ་ངན་སོང་ལས་མི་འབྱུང་ཚེ། ཡིག་ཚོགས་མང་པོས་དགོས་པ་མེད་པར་སེམས་སོ། །དེ་ལྟར་འདི་མན་ཆད་ཀྱི་ལྟ་སྒོམ་ས་ལམ་རྟགས་ཚད་ཀྱི་ངེས་པ་མདོ་ཙམ་བསྟན་ནས། ད་ནས་བར་སྐབས་འདིར་ཆོས་སྤྱི་དང་བསྟན་ན། ལམ་ཁྱེར་གྱི་གྲོགས་སུ་སྦྱོར་བའི་རྣམ་གུངས་དང་སྦྱོར་ཚུལ་སོགས་བོགས་འདོན་དགོས་ཆེད་སོགས་འཆད་པར་རིགས་ཀྱང་། རྫོགས་པ་ཆེན་པོ་བྱ་


TR008_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་དང་བྲལ་བའི་དགོངས་པ་མངོན་དུ་མ་གྱུར་ན་དགོས་དོན་གྲུབ་པར་དཀའ་མོད་ཀྱི། འོན་ཀྱང་ས་བོན་ཙམ་ཞིག་བརྗོད་ན་དེ་ཡང་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་སོགས་ནས་སྤྱོད་པའི་རྣམ་གྲངས་ཉེར་གཅིག་གསུངས་པའི་ནང་ནས་འདིར་གལ་ཆེན་གྱི་མདོ་དོན་བདུན་དུ་བསྡུས་ཏེ་གང་ཞེ་ན། ལས་དང་པོ་པས་ཆོས་ཀྱི་སྒོ་མོ་ཀུན་ནས་བསྟུན་པ་བུང་བ་ལྟ་བུའི་སྤྱོད་པས་ཐོས་བསམ་སྒོམ་གསུམ་གྱི་མཐའ་རྒྱ་བཅད། ༡ ཐི་བྱ་ཚང་འཇུག་གི་སྤྱོད་པས་གདམས་ངག་གི་སྒྲོ་འདོགས་ཆོད་ཅིང་ཐེ་ཚོམ་གེགས་སྐྱོན་གྱི་གོལ་ས་མི་འབྱུང་བར་བྱ། ༢ དེ་ནས་ཉམས་ལེན་དངོས་ཀྱི་དུས་སུ་རི་དྭགས་སྨས་མ་ལྟ་བུའི་སྤྱོད་པས་འཇིག་རྟེན་རྣམ་གཡེང་གི་འཁྲི་བ་མེད་པར་མི་མེད་རི་ཁྲོད་འགྲིམ། ༣ དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པས་སྨྲ་བཅད་ལ།


TR008_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚེ་དྲིལ་ཞིང་བཟང་ངན་གྱི་རྗེས་སུ་མི་འབྲང་། ༤ སྨྱོན་པ་ལྟ་བུའི་སྤྱོད་པ་དགྲ་གཉེན་ཆགས་སྡང་བར་མ་གསུམ་གྱི་དགག་སྒྲུབ་ཞེན་འཁྲིས་བསྐྱུང་། ༥ ཁྱི་ཕག་ལྟ་བུའི་སྤྱོད་པས་ཟས་གོས་གནས་མལ་སོགས་ལ་གཙང་རྨེའི་རྣམ་རྟོག་མེད་པར་གང་བྱུང་གིས་ཆོག་ཤེས་ཤིང་ཅིར་སྣང་གྲོགས་སུ་ཁྱེར། ༦ གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུའི་སྤྱོད་པས་སྣང་རྐྱེན་ལ་ཉམས་ང་མེད་ཅིང་རེ་དོགས་ཀྱི་འཆིང་བ་མཐའ་དག་བཙན་ཆེད་དུ་བཏང་ཞིང་འབྲས་བུ་མངོན་དུ་མ་གྱུར་གྱི་བར་ལ་གཞན་རྐྱེན་གྱི་དབང་དུ་མི་འཆེར་་བར་ཉམས་ལེན་ཚ་ཐུབ་གྲང་ཐུབ་ཤ་ཆོད་རུས་ཆོད་དུ་བྱ་བ་སྟེ། ༧ དེ་ལྟར་སྤྱོད་པའི་རྣམ་གྲངས་བདུན་པོ་འདིར་ཐམས་ཅད་འདུ་བས། ཧྲིལ་གྱིས་དྲིལ་ན་ཐོག་མར་འདིའི་སྒོར་ཞུགས་ནས་མཐར་ཐུག་བློ་ཟད་དུ་མ་གྱུར་གྱི་


TR008_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེ་སྲིད་དུ་ཐུན་མོང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་གཞི་བཟུང་། མོས་གུས་དག་སྣང་དམ་ཚིག་གསུམ་གྱིས་རྐང་བཙུག །ཞེན་ལོག་དགོས་མེད་བརྩོན་འགྲུས་གསུམ་གྱིས་ངར་བཏགས། ཉམས་ལེན་གྱི་སྙིང་པོ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་ཉིད་ལ་རྩེ་གཅིག་ཏུ་འབུངས་ནུས་པའི་རྣལ་འབྱོར་ཕོ་མོ་གང་ཞིག་གིས་འཁོར་བ་དང་གཏན་གྱེས་བྱེད། སྒྲུབ་བརྒྱུད་ཀྱི་རྐང་ཚུགས་ཟིན། གདམས་ངག་གི་ལྡེ་མིག་ཐོབ། ཉམས་ལེན་གྱི་རུ་ཤན་ཕྱེད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ཀ་དག་ཡེ་རྫོགས་ཆེན་པོའི་ཀློང་དུ་ཐིམ་པས་སངས་རྒྱས་ཉིན་ཁུངས་སུ་གྱུར་པའི་སྐལ་ལྡན་དེ་ལྟ་བུ་རྣམས་ལ་ནི་སྣང་སྲིད་བླ་མར་ཤར་བས་བྱིན་རླབས་ཀྱི་མཚོ་རྡོལ། སྣང་ཡུལ་ཞིང་ཁམས་འཆར་བས་རྐྱེན་ངན་བར་ཆད་ཀྱི་ཁུངས་སྟོངས་


TR008_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཕུང་འོད་སྐུར་གྲོལ་བས་ན་ཚ་རྐྱེན་ངན་གྱི་རྩ་བ་ཟད། སེམས་ཉིད་ཀ་དག་ཏུ་ཐིམ་པས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྫུན་ཁྲིགས་ཡལ། སྐུ་གསུམ་རང་ལས་བརྙེས་པས་སངས་རྒྱས་ཐོབ་བྱ་ཐོབ་བྱེད་ཀྱི་ལྟོས་གཞི་ཟད་པའི་དུས་ཤིག་མྱུར་དུ་འབྱུང་བ་ལ་དཀའ་ལས་མེད་པའོ། །རྩོད་ལྡན་སྙིགས་མའི་ཆོས་གཟུགས་འཁོར་བའི་ཞེན་ཆགས་ཀྱི་རྩིས་ཐེབས། ང་རྒྱལ་ཁེངས་སེམས་ཀྱི་སྐྲན་ཞུགས་ལོ་འདོད་ཆོས་བརྒྱད་ཀྱི་གདོན་གྱིས་བརླམས་ཏེ། ཉིན་གཅིག་གི་ཉམས་ལེན་སྙིང་རུས་ཀྱང་མ་ནུས་པར་གཉིད་དང་ལྟོ་གོས་རྣམ་གཡེང་ཁོ་ན་ལ་འབྱམས་པའི་ངང་ནས་གྲུབ་རྟགས་ཤ་མོ་བརྡོལ་བ་བཞིན་ཡོད་དུ་རེ་བའི་སྒོམ་ཆེན་པ་མང་ལུགས་ལ་བལྟས་ན་ས་ལམ་ཉམས་རྟོགས་ཡོན་ཏན་གྱི་རིགས་ཀྱང་ནམ་མཇུག་ཟད་པའི་ཆར་པ་ལྟར་རེ་བ་བྱས་ཀྱང་དཀོན་དུ་


TR008_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་གདའ་བར་དཔྱོད་ལྡན་རྣམས་ཀྱིས་གཟིགས་ལགས་སོ། །ཇི་སྐད་དུ་སྡོང་པོ་བཀོད་པའི་མདོ་ལས། ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་སྦྱིན་བྱེད་ཀྱང་། །རང་ཉིད་བཀྲེས་པས་ཤི་བ་ལས། །ཆོས་ལ་མ་བསྒོམ་དེ་དང་འདྲ། ཞེས་དང་། ཇི་ལྟར་ཡོངས་སུ་མ་བསྒོམ་པས། །ཆོས་ཉིད་མཐོང་བར་མི་འབྱུང་སྟེ། །ཆུ་ནི་མཐོང་དང་ཐོས་ན་ཡང་། །མ་འཐུངས་སྐོམ་པ་ག་ལ་སེལ། ཞེས་པ་ལྟར་ཉམས་ལེན་ཁོ་ན་གལ་ཆེ་ཞིང་། །ཆོས་གཞན་ལྟར་ན་གེགས་སེལ་དང་། །ཤོར་གོལ། དབྱེ་བ་སོགས་ཞིབ་ཏུ་དགོས་ནའང་། ཁྲེགས་ཆོད་གནས་ལུགས་ཀྱི་ནོར་ས་དང་ཤོར་གོལ་གྱི་དབྱེ་བ་ནི་བདག་གིས་ཕྱག་ཆེན་ཟིན་བྲིས་སུ་བསྟན་པ་དེས་རྟོགས་པར་འགྱུར་ལ། ཁྲེགས་ཆོད་ཀྱི་གནད་དོན་ཚུལ་


TR008_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་ཤེས་པ་ནི་ཐོད་རྒལ་ལ་འཇུག་ཏུ་མི་རུང་ཞིང་ཞུགས་ཀྱང་དོན་མེད་ལ། ཁྲེགས་ཆོད་གནད་ཐོག་ཏུ་ཁེལ་ན་ཐོད་རྒལ་ལ་ནི་གེགས་རྐྱེན་ཤོར་གོལ་ཀྱི་ཡུལ་ལས་འདས་ཕྱིར་སྨོས་མ་དགོས་ཤིང་། ཐུན་མོང་མིག་གི་གེགས་སེལ་སྨན་གྱི་མན་ངག་སོགས་ནི་གཞུང་རྣམས་སུ་རྒྱས་པར་འབྱུང་བས་འདིར་མ་བསྟན་ཏོ། །དེ་ནས་མཐར་ཐུག་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་འགྲུབ་ཚུལ་བཤད་ཅིང་མཇུག་བསྡུ་བ་ལ། དེ་ཡང་ཉམས་ལེན་གྱི་སྒོམ་པ་མཐར་ཕྱིན་པ། གློ་བུར་མ་རིག་ལྷན་སྐྱེས་ཀྱི་དྲི་མ་རགས་པ་དང་ཕྲ་བ་རབ་ཏུ་ཕྲ་བ་རྣམས་རིམ་གྱིས་ཟད་ཅིང་། དྲི་མ་ཇི་ལྟར་སངས་པ་བཞིན་དུ་རང་རིག་ཡེ་ཤེས་ཀྱི་མཁྱེན་པ་གོང་འཕེལ་དུ་རྒྱས་པར་འགྱུར་བ་ནི་ཆོས་ཉིད་ཡིན་ཏེ། དཔེར་ན་ཆུ་བུར་གྱི་མིག་ལོགས་པར་གྱུར་པའི་


TR008_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དམུས་ལོང་ཞིག་སྨན་པ་མཁས་པས་སྨན་དང་དཔྱད་དག་གིས་སྒྲིབ་བྱེད་བསལ་ཞིང་མིག་ཕྱེ་བའི་ཚེ་དང་པོ་སྒྲིབ་བྱེད་ཅུང་ཟད་བསལ་བས་ཕྱི་རོལ་གྱི་དངོས་པོ་ཕྲ་ཞིབ་མི་མཐོང་ཡང་རགས་པ་ཙམ་མཐོང་བར་འགྱུར་བ་དང་། དེ་ནས་སྒྲིབ་བྱེད་རིམ་པར་བསལ་བས་མཐར་ཐམས་ཅད་ཇི་ལྟ་བ་མཐོང་བར་འགྱུར་མོད་ཀྱི། མིག་གི་སྔར་ནས་རང་ཉིད་ལ་ཡོད་པ་ལས་ཕྱི་རོལ་གཞན་ནས་གསར་བྱུང་མ་ཡིན་པའི་དཔེ་དེ་བཞིན་དུ། འདིར་ཡང་བདེ་བར་གཤེགས་པའི་སྙིང་པོའི་ཁམས་གདོད་ནས་ཀ་དག་གི་ཡེ་ཤེས་ཉིད་གློ་བུར་གྱི་དྲི་མས་བསྒྲིབས་པ་ལོང་བ་ལྟ་བུ་ལ། སྨན་པ་ལྟ་བུའི་བླ་མས་གདམས་ངག་སྨན་དཔྱད་ལྟ་བུས་རང་ལ་ཡོད་པའི་སྐུ་དང་ཡེ་ཤེས་མིག་ལྟ་བུ་སྣང་བར་མཛད་ཅིང་དེ་དོན་མངོན་དུ་གྱུར་པ་ལ་འབྲས་བུ་


TR008_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཞེས་པའི་མིང་དང་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱིས། སྐུ་གསུམ་དང་ཡེ་ཤེས་སོགས་གཞན་ནས་གསར་བྱུང་ནི་མ་ཡིན་ཅིང་། འོན་ཀྱང་གློ་བུར་གྱི་དྲི་མ་སྔར་བྱུང་རྣམས་སྤངས་ཤིང་། སླར་མི་འབྱུང་བའི་ཐབས་སུ་ཉམས་ལེན་དགོས་ཚུལ་ནི་གོང་དུ་ལས་རྣམ་པར་དག་པའི་མདོའི་ལུང་དྲངས་པ་དེས་ཤེས་པར་འགྱུར་ལ། གྲོལ་བའི་དུས་ནི་རབ་ཚེ་འདིར་ཕུང་པོ་ལྷག་མེད་དབྱིངས་སུ་ཐིམ་པ་ནི་ཕྱག་རྫོགས་སྤྱི་མཐུན་གྱི་གྲོལ་ལུགས་ཡིན་ཏེ། དེ་ཡང་རིན་ཆེན་སྤུངས་པའི་རྒྱུད་ལས། འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁའ་ལ་དེངས། །


TR008_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་ཞེན་པ་སྣ་ཚོགས་ཞིག །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགག་ནས། །གང་གི་སྣང་བ་རང་ཟད་དེ། །གསལ་བྱེད་རང་གི་ཉམས་མྱོང་བར། །ལུས་ཅན་ཀུན་ཀྱང་དེ་བཞིན་ནོ། །ཞེས་སོགས་གསུངས་ལ། ཐོད་རྒལ་བས་ནི་ཕྱི་འཁྲུལ་པའི་སྣང་ཡུལ་གདོས་བཅས་མཐའ་དག་འགག་ནས། ནང་ཡེ་ཤེས་ཀྱི་ཞིང་ཁམས་དངོས་ལ་རང་དབང་གྱུར་པའི་ཁྱད་པར་དང་། སྐྱེ་འཇུག་གཉིས་ལ་དབང་ཐོབ་ཅིང་འཕོ་བ་ཆེན་པོའི་སྐུ་སྒྱུ་མ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་ནམ་མཁའི་མཐས་གཏུགས་སུ་མཛད་པ་དང་། དབང་པོ་འབྲིང་རྣམས་ཀྱང་བར་དོ་གང་རུང་ལ་གྲོལ་བ་དེའི་རྟགས་སུ་སྐུ་གདུང་རིང་བསྲེལ་ཡིག་འབྲུ་སྒྲ་དང་ས་གཡོ་འཇའ་འོད་མེ་ཏོག་གི་ཆར་སོགས་ཀྱིས་གདུལ་བྱ་དད་པར་བྱེད་པ་དང་། ཐ་མས་ཀྱང་


TR008_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་པདྨ་ལས་འཁྲུངས་ཏེ་དབང་བསྐུར་ལུང་བསྟན་ཐོབ། ས་ལམ་གྱི་ལྷག་མ་བགྲོད་ནས་སངས་རྒྱས་པ་སྟེ། དེ་རྣམས་གང་ལྟར་ཡང་རུང་སྟེ་གློ་བུར་གྱི་ལས་ཉོན་བག་ཆགས་ཤེས་བྱའི་སྒྲིབ་པ་ཐམས་ཅད་རང་དག་པས་བློ་དང་བག་ཆགས་ཀྱི་མཐའ་ཟབ་ཅིང་ཕྲ་བ་མཐའ་དག་མི་གནས་པས། རྣམ་པར་རྟོག་པའི་མཐའ་ཟད་དེ་རང་བཞིན་སྟོང་གསལ་བདེ་བ་ཆེན་པོའི་ངང་དུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་ལ་སངས་རྒྱས་ཆོས་ཀྱི་སྐུ་ཞེས་བྱ། ཞིང་དེ་ཉིད་ཞལ་ཕྱག་གི་སྐུར་བཞུགས་སོགས་ལ་མདོ་རྒྱུད་རྣམས་ནས་གང་འདུལ་གྱི་གསུང་ཚུལ་སྣ་ཚོགས་བྱུང་བའི་ལུང་ཕྱོགས་རེ་བ་ལ་ཞེན་ཏེ་བསྟན་བཅོས་ཐ་དད་པ་མང་པོ་དར་ཞིང་རྩོད་གཞི་དུ་མི་བྱེད་པར་གདའ་ཡང་། རང་ཉིད་གོ་ཚོད་ལ་ནི་དེ་ལྟ་བུ་མཐའ་


TR008_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྲུབ་མ་གྲུབ་དང་ཡོད་མེད་སོགས་རྩོད་པས་ནི་ཆོས་ཀྱི་སྐུའི་གནས་ཚུལ་རྟོགས་པར་མི་འགྱུར་ཏེ། ཆོས་སྐུ་ནི་བསམ་བརྗོད་ཀྱི་ཡུལ་མིན་ཅིང་རྟག་ཆད་ཀྱི་མཐའ་ལ་མི་གནས་པའི་ཕྱིར། འཛིན་རྟོག་བློའི་དགག་སྒྲུབ་བསྐལ་པ་བརྒྱར་འབད་ཀྱང་ཆོས་སྐུའི་རང་ཞལ་མི་མཐོང་མོད་ཀྱི། ཀ་དག་དོན་གྱི་གནས་ལུགས་ཇི་བཞིན་མངོན་དུ་ནམ་གྱུར་ཚེ། ཐ་སྙད་ཀྱི་རྩོད་གཞི་བྱ་མི་དགོས་པར་ཆོས་སྐུ་རང་མལ་རྙེད་པར་འགྱུར་བ་དེ་ཀས་ཆོག་པར་སེམས་སོ། །དེ་ལྟ་བུའི་ཆོས་སྐུ་སྤྲོས་དང་བྲལ་བའི་རང་མདངས་ལས་ལྷུན་གྲུབ་ལོངས་སྤྱོད་རྫོགས་པ་མཚན་དང་དཔེ་བྱད་ཀྱི་ཕུང་པོ་ཡེ་ཤེས་ལྔ་ལྡན་གྱི་དཀྱིལ་འཁོར་དུ་རང་ཤར་བས་ས་བཅུའི་བྱང་སེམས་རིག་འཛིན་རྣམས་ཀྱི་དོན་རྩོལ་མེད་དུ་མཛད་པ་སྟེ། དེ་དག་སྐུ་གཉིས་


TR008_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་རྩལ་སྣང་འགག་མེད་ཀྱི་ནུས་པ་དང་། ལམ་དུས་སུ་སེམས་བསྐྱེད་སྨོན་ལམ་གྱི་ས་བོན་ལས་སྨིན་པ་འབྲས་བུས་གང་ལ་གང་འདུལ་ཐུགས་རྗེའི་སྤྲུལ་སྐུ་བསམ་ལས་འདས་པ་སྣ་ཚོགས་པར་གདུལ་བྱའི་ཡུལ་དང་མཚམས་པར་བཀོད་པ་གྲངས་མེད་གཞལ་དུ་མེད་པ་སྣང་ཞིང་། ངོ་བོ་ལ་ནི་བྱ་བྱེད་བློ་རྟོག་བདག་གཞན་ཐ་དད་དུ་འཛིན་པའི་རྩོལ་སེམས་མི་མངའ་ཡང་སྨོན་ལམ་ཐུགས་རྗེའི་མཐུ་ལས་ཡིད་བཞིན་ནོར་བུའམ་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་རེ་འདོད་ཚུལ་བཞིན་དུ་སྐོང་བ་ནི་རྒྱལ་བ་རྣམས་ཀྱི་ཡོན་ཏན་ཕྲིན་ལས་ཀྱི་ངང་ཚུལ་ཡིན་ལ། དེ་ལྟར་སྐུ་གསུམ་པོ་དང་གཞན་ཡང་སྐུ་བཞིའམ་ལྔ་དང་སྐུ་གསུམ་དགུ་ཕྲུགས་སོགས་ཀྱི་དབྱེ་བ་ཐམས་ཅད་ཀྱང་དོན་ལ་ཆོས་སྐུ་གཟུགས་སྐུ་གཉིས་སུ་འདུས་ཤིང་། དེ་གཉིས་པོ་ཡང་དོན་དེའི་སར་ཆོས་སྐུར་རོ་གཅིག་


TR008_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་དག་དཔེའི་དབང་དུ་ན་མེ་ལོང་དང་གཟུགས་བརྙན་ནམ་ནམ་མཁའ་དང་འཇའ་ཚོན་ལྟ་བུ། དོན་གྱི་དབང་དུ་སྐུ་དང་ཡེ་ཤེས། ཆོས་ཅན་དང་ཆོས་ཉིད། གསལ་བ་དང་སྟོང་པ། ངོ་བོ་དང་སྣང་ཚུལ། དབྱིངས་དང་ཡེ་ཤེས་ཀྱི་ཚུལ་དུ་མཉམ་རྫོགས་ལྷུན་གྲུབ་ཐིག་ལེ་ཆེན་པོར་དུས་བཞི་འཕོ་འགྱུར་མེད་པར་བཞུགས་པ་ནི་སྐུ་དང་ཡེ་ཤེས་དབྱེར་མེད་པ་ཞེས་བྱ་བ་སྟེ། འདི་དག་གི་ཚུལ་རྒྱས་པར་ནི་གཞུང་ཆེན་པོ་ཐམས་ཅད་ལ་རྒྱ་ཆེར་འབྱུང་ཕྱིར་འདིར་ནི་མདོ་ཙམ་དུ་བསྡུས་ཏེ་བསྟན་པའོ། །དེ་ལྟར་རྒྱལ་བའི་བཀའ་གསང་རྒྱ་ཆེ་བའི། །སྙིང་པོའི་ཡང་སྙིང་བཅུད་ཀྱི་མཐར་ཐུག་ནི། །རྨད་བྱུང་རྫོགས་པ་ཆེ་ལས་ལྷག་པ་གང་། །སྟོང་གསུམ་བྱེ་བ་ཕྲག་བརྒྱར་ཡོངས་མ་མཆིས། །ལུས་མེད་བདག་པོའི་མཐུ་


TR008_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ། །ཞུགས་པ་ལྷས་བཙས་དཔལ་འཛིན་སོགས་དུ་མས། །འབད་པ་ཆེན་པོས་བཀག་ཀྱང་བོད་ཡུལ་དུ། །འོད་ལུས་གྲུབ་པ་གྲངས་མེད་བྱོན་སུས་ཁེགས། །དེང་སང་བསྟན་ཉི་ནུབ་རིར་ཕྱོགས་དུས་འདིར། །ཐ་སྙད་གཞུང་ལུགས་ཚིག་སྐམ་འབུམ་སྦྱངས་ཡང་། །བློ་རེངས་མར་སྐོགས་སྣུམ་གྱིས་ཐུལ་མིན་ཚེ། །ཐོས་པས་རྒྱགས་རྣམས་ཕྱོགས་འདིར་ག་ལ་གཟིགས། །སྔ་འགྱུར་བསྟན་པའི་གྲུ་བོར་བཞུགས་རྣམས་ཀྱང་། །ངེས་འབྱུང་བ་དན་མཁའ་ལ་མི་འཕྱར་ཞིང་། །ཞེན་ལོག་གྲུ་སྐྱ་དྲག་པོར་མི་བསྒྱུར་བར། །རིག་འཛིན་བརྒྱུད་པའི་ཕ་རབས་ཅི་ཞིག་ཟིན། །ངར་འཛིན་དགྲ་བོ་སྙིང་ཕུག་རབ་སྦས་ནས། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྲུངས་སྲུངས་ཟློག་ཟློག་གི། །དྲག་སྔགས་ཕྲེང་སྒྱུགས་ལོ་བརྒྱར་ཉམས་བྱས་ཀྱང་། །རང་རྒྱུད་འགོང་པོ་ཐུལ་བ་རེ་


TR008_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཆོད། །སྐུ་གསུམ་ཞིང་ཁམས་རིག་པའི་སྒྱུ་འཕྲུལ་གྱི། །ཡིན་ལུགས་ཅོག་བཞག་ཀློང་གྲོལ་མ་ཤེས་ན། །མངོན་སྣང་འཆར་སྒོ་མིག་འཕྲུལ་ལྟད་མོ་ཡིས། །རྣལ་འབྱོར་བྱ་རྗེས་ཁྱི་ཡིས་མ་བདས་སམ། །ཁྲེགས་ཆོད་ཀ་དག་རིག་པ་རྗེན་ལ་ཕུད། །ཐོད་རྒལ་སྣང་གསལ་ཞེན་མེད་ཞིང་ཁམས་སྦྱོང་། །སྣང་བཞིའི་དྲོད་རྟགས་རེ་འདོད་མི་བྱ་བར། །ཉམས་ལེན་ནུས་ན་ཀུན་བཟང་རྒྱལ་པ་ཟིན། །འདི་ལྟའི་ཚུལ་རྣམས་རྨོངས་བདག་གིས། །འཆང་བསྟན་འབྲི་བའི་ནུས་མེད་ཀྱང་། །རྣལ་འབྱོར་ཚུལ་ཁྲིམས་བཟང་པོ་དེས། །ནན་གྱིས་བསྐུལ་ངོར་འདིར་བཀོད་པའི། །ཚིག་དོན་ནོར་འཁྲུལ་དགོངས་མིན་སྐྱོན། །ཅི་མཆིས་བླ་མར་མཐོལ་ཞིང་བཤགས། །ལྷག་བསམ་དགེ་བས་རབ་མཆོད་པའི། །དགེ་ཀུན་མཁའ་མཉམ་


TR008_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་བསྔོ། དགོངས་བརྡ་སྙན་བརྒྱུད་རྒྱལ་བ་སྲས་བཅས་རྨད་བྱུང་ཐུགས་རྗེའི་མཐུ་བྱིན་དང་། འགྲོ་ཁམས་སྐུ་གསུམ་ཡེ་ཤེས་ལྔ་ཡི་རང་བཞིན་ཡེ་ནས་ལྷུན་གྲུབ་མཐུས། ཟབ་བཅུད་རྫོགས་ཆེན་བསྟན་པའི་སྒྲོན་མེས་སེམས་ཅན་ལྷན་སྐྱེས་སྒྲིབ་བསལ་ནས། ཡེ་ཤེས་གསུམ་ལྡན་ཆོས་ཉིད་ཀློང་དུ་མཉམ་རྫོགས་བྱང་ཆུབ་བཀྲ་ཤིས་ཤོག །ཅེས་དེ་ལྟར་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་དོན་མདོར་བསྡུས་པའི་ཟིན་བྲིས་འདི་ནི། སྐལ་ལྡན་ཚུལ་ཁྲིམས་བཟང་པོས་ལོ་ཟླ་མང་པོའི་གོང་ནས་ཡང་ཡང་བསྐུལ་བར་མཛད་མོད་ཀྱང་། རང་ཉིད་ཐོས་བསམ་སྒོམ་གསུམ་གྱིས་དམན་ཅིང་ཁྱད་པར་ཆོས་ཚུལ་འདི་ལྟ་བུའི་ཉམས་རྟོགས་ཀྱི་ནོར་དང་མི་ལྡན་ཕྱིར་འདི་ལྟར་འདྲིལ་བར་མ་སྤོབས་པས་ཆེར་འགྱངས་མོད་ཀྱི། སླད་མར་ཡང་ནན་ཏན་དུ་བསྐུལ་བའི་


TR008_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཆུད་མི་གཟོན་པའི་ཕྱིར་དང་། ལས་དང་པོ་པའི་གང་ཟག་བློ་རྨོངས་ཀྱི་རིགས་དང་མན་ངག་རྒྱ་ཆེ་བ་རྣམས་བལྟ་བར་མི་ནུས་པར་རེ་ཞིག་ཕན་པའང་སྲིད་མཐའ་མི་ཁེགས་པར་བསམ་ནས། མཁས་གྲུབ་ཀློང་ཆེན་པོ་དང་ཡོངས་འཛིན་ནམ་མཁའ་སྤྱོད་པ་སོགས་ཀྱི་གསུང་སྒྲོས་ལ་བརྟེན་ནས། སྣ་ཚོགས་རང་གྲོལ་གྱིས་གནས་ཆེན་དཔལ་རི་གངས་ཀྱི་ལྷོ་ཕྱོགས་བདེ་གཤེགས་ཚེའི་ཕུག་པར། དབྱར་གསུམ་མེ་ཏོག་སྣ་ཚོགས་བཀྲ་བའི་དུས་ན་བྲིས་པ་འདིས་ཀྱང་འགྲོ་བ་ཐམས་ཅད་ཀྱིས་གདོད་མའི་གནས་ལུགས་ཇི་བཞིན་རྟོགས་པའི་རྒྱུར་གྱུར་ཅིག། ༈ །།རྒྱལ་བསྟན་ཉིན་བྱེད་སྙིགས་ལྔའི་སྨག་རུམ་དུ། མནལ་ལམ་ཕྱོགས་ཚེ་གསུང་རབ་ཕྲ་མོ་རེའི། དཔེ་རྒྱུན་ཙམ་རེ་སྲིད་ན་གནས་པའི་ཆེད། །དཔར་འགྲེམ་ཞུས་པའི་རྣམ་དཀར་དགེ་བའི་མཐུས། མུ་མེད་འགྲོ་བའི་ཕན་བདེའི་ཉེར་འཚོ་རུ་


TR008_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རིན་ཆེན་སྲིད་པའི་མཐར་གནས་ཤིང་། །བདག་ཀྱང་ཚེ་རབས་ཀུན་ཏུ་རྒྱལ་བའི་བསྟན། །མཁའ་ཁྱབ་འགྲོ་ལ་སྤེལ་བའི་དཔལ་ཐོབ་ཤོག །ཅེས་དཔར་འགྲེམ་བྱེད་པོོ་ཤེས་རབ་རྒྱལ་མཚན་གྱིས་སྨོན་པ་དགེ།


previousཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ།next