Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།

12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]


  
  
 
འོད་གསལ་རྫོགས་པ་ཆེན་པོ་བླ་མ་རིན་པོ་ཆེའི་ཁྲིད་རྒྱུན་ཉི་མའི་དཀྱིལ་འཁོར།
  
  
  
 
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  


12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]

 
previousའོད་གསལ་རྫོགས་པ་ཆེན་པོ་བླ་མ་རིན་པོ་ཆེའི་ཁྲིད་རྒྱུན་ཉི་མའི་དཀྱིལ་འཁོར།next

འོད་གསལ་རྫོགས་པ་ཆེན་པོ་བླ་མ་རིན་པོ་ཆེའི་ཁྲིད་རྒྱུན་ཉི་མའི་དཀྱིལ་འཁོར།

འོད་གསལ་རྫོགས་པ་ཆེན་པོ་བླ་མ་རིན་པོ་ཆེའི་ཁྲིད་རྒྱུན་ལྟར་གནད་འགག་གསལ་བར་བསྟན་པ་ཉི་མའི་དཀྱིལ་འཁོར་བཞུགས་སོ།།

རྒྱལ་ཀུན་ངོ་བོ་པདྨ་འབྱུང་གནས་དང་། །བི་མའི་སྒྱུ་འཕྲུལ་ཆོས་དབྱིངས་རང་གྲོལ་དང་། །དྭགས་པོ་ཟླ་འོད་རོལ་གར་བློ་བཟང་རྗེ། །འབངས་ལྔའི་རོལ་གར་སྟག་ཤམ་རྡོ་རྗེ་དང་། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཁྱབ་བདག་འཁོར་ལོའི་མགོན་པོ་ཆོས་དབྱིངས་རང་གྲོལ་གྱི་ཁྲིད་རྒྱུན་ལྟར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་གནད་འགག་ཐམས་ཅད་གསལ་བར་བསྟན་པ་ལ་བླ་མ་དང་སྔགས་སྲུང་དབྱིངས་ཀྱི་རྗེ་མོ་སོགས་ཀྱིས་བཀའ་གནང་སྩོལ། །དད་པ་ཅན་ལ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ། ཤེས་རབ་ཅན་ལ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ། བརྩོན་འགྲུས་ཅན་ལ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པའོ། །རྫོགས་ཆེན་གྱི་ལུགས་ལ་ཤེས་རབ་ཅན་ལ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་འདི་ལྟ་ཐོག་ནས་སྒོམ་པ་ཚོལ་བའི་ལུགས་ནི། དང་པོ་གཞི་སྨིན་པར་བྱེད་པའི་དབང་བླ་མ་མཚན་ཉིད་དང་ལྡན་པའི་མདུན་ནས་ལེགས་པར་ཐོབ་དགོས། སློབ་མ་མཚན་ཉིད་དང་ལྡན་པ། དཔེར་ན་སེངྒེ་དཀར་མོའི་འོ་མ་འདི་རིན་པོ་ཆེའི་སྣོད་མིན་ན་སྣོད་གཞན་གྱིས་མི་ཐུབ། དེ་བཞིན་དུ་དད་པ་མོས་གུས་དང་མ་ལྡན་ན་གསང་སྔགས་ཀྱི་སྣོད་དུ་མི་རུང་། སྲོག་དམ་ཚིག་ཡིན་པས། དཔྲལ་བའི་མིག་ལྟར། ཁོག་གི་སྙིང་ལྟར་སྲུང་དགོས། བསྲུངས་ན་ཚེ་འདིར་སངས་རྒྱས་ཐོབ། །ཉམས་ན་དམྱལ་བར་ལྟུང་ཏ་རེ། །དེ་བས་དམ་ཚིག་རྟག་ཏུ་སྲུངས། །ཞེས་དང་། ཕྱིན་ཆད་ཉམས་སུ་ལེན་དགོས། མི་ལེན་ན། སྣོད་བཅག་ནི་རེད། བཅུད་མ་མཁའ་འགྲོ་སྟོང་གི་སྙིང་ཁྲག་ལྟ་བུ་ཨོ་རྒྱན་པདྨའི་ཐུགས་ཀྱི་དགོངས་པའི་བཅུད་ཕོས་པ་ཡིན་པས་ཤིན་ཏུ་མ་གཟབ་ན་གསང་བསྒྲགས་ཀྱི་ཉེས་པ་ལྕི་བས་གཟབ་ནན་ཞུ་ཞུ། གཉིས་པ་ལམ་དབང་ཆུ་རྒྱུན་རྣལ་མ་ནི། ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་དབང་བཞི་བླང་བའོ། །གསུམ་པ་མཐར་ཐུག་འབྲས་བུའི་དབང་ངོ་། །མཉམ་བཞག་ཐུན་དུ་བཅད་སྐབས། དང་པོ་བླ་མའི་རྣལ་འབྱོར་དབང་བཞིའི་དམིགས་པ་བླ་མ་འོད་ཞུ་ཐུགས་ཡིད་དབྱེར་མེད་བསྲེས་ལ། སྤྱི་ལྟར་ངོ་བོ་རྩ་བའི་བླ་མ་རྣམ་པ་གུ་རུ་རིན་པོ་ཆེ་བསྒོམ། ཉམས་ལེན་ལྟར་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་། རིག་པ་འཛིན་པའི་བླ་མ་དམ་པ་རྣམས་ཆོས་ཀྱི་དབྱིངས་གཅིག་གི་ངང་དུ་བཞུགས་པ་ཡིན་པས། ཆོས་ཀྱི་དབྱིངས་དེ་ལ་རིགས་མི་འདྲ་བ་མེད་པའི་གནད་ཀྱིས་རང་གི་རིག་པའི་ངོ་བོ་སྟོང་ཆེན་ཀ་དག་གི་དབྱིངས་དང་སྐྱབས་ཡུལ་རྣམས་ཐུགས་དགོངས་དབྱེར་མེད་ཡིན་པའི་ངེས་ཤེས་ཡོད་དགོས། གེགས་དང་གོལ་ས་མེད་པ་བོགས་འདོན་སོགས་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ནོ། །ཐུན་བསྡུ་སྐབས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །

དང་པོ་ཐུན་མོང་ཕྱིའི་སྔོན་འགྲོས་རང་རྒྱུད་ལེགས་པར་སྦྱངས་བ་ཤིན་ཏུ་གལ་ཆེ། ཐུན་མིན་ནང་གི་སྔོན་འགྲོ་ལ། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ། དངོས་གཞི་རིག་པའི་རང་ངོ་སྤྲད་པ། རྗེས་ཉམས་ལེན་སྐྱོང་ཚུལ་དང་གསུམ་མོ། །དང་པོ་རྟོག་པ་རྩད་བཅད་པ། དེ་ལ་ང་ཟེར་བའི་གང་ཟག་དེ་ནི་ཡེ་ཐོག་མ་ནས་ད་ལྟ་ལ་མ་ཐུག་གི་བར་དུ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་པ་ཡིན་ཏེ། ད་ཁྱོད་གཞན་ཞིག་གིས་དེད་ནས་འོང་བ་ཡིན་དང་། ཁྲིད་ནས་འོང་བ་ཡིན་དང་། གཅིག་གིས་འཕེན་བཏང་བ་ཡིན་ནམ་བརྟགས། དེ་ནི་མ་ཡིན་ནོ། །ད་ཁྱོད་ཀྱི་གཞི་ལུས་ངག་ཡིད་གསུམ་པོ་ལས་འཁོར་བར་འཁྱམས་མཁན་དང་སངས་རྒྱས་སུ་འགྱུར་བ་པོ་དེ་གང་ཞིག །བདེ་སྡུག་གི་རྟེན་དང་དགག་སྒྲུབ་བྱེད་པ་པོ་དེ་སུ། སྐྱེ་བ་སྔ་ཕྱི་བརྒྱུད་འཕེན་དང་འཁོར་མཁན་དེ་ལུས་ངག་ཡིད་གསུམ་པོ་དེ་སོ་སོར་གང་ཡིན་བརྟགས། ཚོགས་པ་གཅིག་པས་བྱེད་ན་བརྟགས་ཤིང་དཔྱད་པའི་ཚེ། སྐྱེ་བ་སྔར་ནས་འདིར་འོང་བ་པོ། འདི་ནས་ཕྱི་མར་འགྲོ་བ་པོ་སུ་ཡིན་ན་སེམས་རྒྱུན་དེ་ཡིན། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་འདི་སྣང་དལ་གཅིག་འགག་ནས་ཀུན་གཞིའི་ངང་ནས་ལས་རླུང་སེམས་ཕྲ་བ་གཡོ་དུས་སྐད་ཅིག་དང་པོ་ལ་ལུས་དང་ངག་མ་གྲུབ་ཅིང་གཉིས་པ་ཕན་ཆད་ལ་ཕྱིའི་ཡུལ་སྣང་དང་ནང་གི་བདག་ལུས་ཕུང་ཁམས་སྐྱེ་མཆེད་ངག་གི་སྒྲ་སྦྱར་སོགས་དུ་མ་ཡིད་ལུས་སུ་གྲུབ་པ་ཡིན། དེ་ལྟ་བུའི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སེམས་འཁྲུལ་སྣང་གི་བག་ཆགས་ལས་གྲུབ་པ་ཡིན་པས་ན་སེམས་གཙོ་ཆེ་ཟེར་བ་ཡིན་ནོ། །དེ་སེམས་འདིའི་ཡུལ་གང་ལ་འཛིན་ན་ངའོ་བདག་གོ་ཟེར་བ་ནི་འཛིན་པ་གང་ཟག་གི་བདག་ཡིན། ངའི་རྒྱུ་ནོར་སོགས་བདག་གི་ལུས་ཟེར་བ་ནི་གཟུང་བ་ཆོས་ཀྱི་བདག་ཡིན་ནོ། །གང་ཟག་གི་བདག་ནི་ལུས་ངག་ཡིད་གསུམ་གཅིག་བདེན་རིལ་བོ་དེ་ལ་ང་ཟེར་བདག་ཟེར། ལུས་ངག་ཡིད་གསུམ་གཅིག་བདེན་དུ་འཛིན་པ་དེ་ལ་བདག་འཛིན་ཡང་ཟེར། ངར་འཛིན་ལྷན་སྐྱེས་ཀྱང་ཟེར་བས་ན། ང་བདག་གཟུང་འཛིན་འདི་ནི་འཁོར་བའི་རྩ་བ་སྡུག་བསྔལ་གྱི་འབྱུང་ཁུངས་ས་ལམ་གྱི་བཀག་རྡོ་ཡིན་པས་རྐུན་པོ་ངོས་ཟིན་པ་ལྟ་བུ་ཡིན་ནོ། །གཉིས་པ་མཚང་བཙལ་བ་ནི། ད་ནི་ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ་མིན་པའི་ང་ཟེར་བ་ཞིག་ཨེ་ཡོད་བརྟགས་པས་དེ་ནི་མེད་དོ། །ང་ཟེར་ས་དེ་ལུས་ངག་ཡིད་གསུམ་ལ་ཟེར་བས་གསུམ་པོ་དེ་སོ་སོ་མ་ཡིན་གཅིག་བདེན་དུ་བཟུང་ནས་ང་ཟེར་བ་ཡིན་པས་ཁྱོད་ཀྱི་དེ་ལྟར་འདོད་ན་ཁྱོད་ཀྱི་ལུས་འདི་མིག་གིས་མཐོང་བྱ་དང་། ངག་འདི་རྣ་བས་ཐོས་བྱ་ཞིག་ཡིན་པས་ཁྱོད་ཀྱི་ཡིད་འདི་གཟུགས་དབྱིབས་ཁ་དོག་སོགས་སྣང་དགོས་པའི་སྐྱོན་འབབ་ནི་རེད། ངག་དང་ཡིད་གཅིག་ཡིན་ན་ཡིད་འདི་ཚོར་དགོས་པའི་སྐྱོན་འབབ་ནི་རེད། ལུས་ངག་ཡིད་གསུམ་གཅིག་ཡིན་ན་ལུས་ངག་གཉིས་མཐོང་ཐོས་མི་རུང་བའི་སྐྱོན་འབབ་ནི་རེད། དུ་མ་ཡིན་ན་ཁྱོད་དུ་མ་ཡོད་དགོས་པའི་སྐྱོན་འབབ་ནི་རེད། རྒྱུ་མཚན་ཅིའི་ཕྱིར་ན། ཁྱོད་ཀྱི་ཕུང་པོ་ལྔ་པོའི་ནང་ནས་གཟུགས་ལྟ་བུ་གཅིག་ལ་མཚོན་ན། སྐྲ་ཉི་ཁྲི་ཆིག་སྟོང་། སེན་མོ་ཉི་ཤུ། སོ་སུམ་ཅུ་རྩ་གཉིས། རུས་པའི་དུམ་བུ་སུམ་བརྒྱ་དང་རེ་བཞི། དོན་སྣོད་བཅུ་གཉིས། ཤ་ལྤགས་ཁྲག་ཆུ་སེར་རྐང་ཀླད་པ་ཀླད་རྒྱས་རྩ་རྒྱུས་ཆུ་རྒྱུས་ལ་སོགས་པའི་གྲངས་ཡོད་དགོས་པའི་སྐྱོན་འབབ་ནི་རེད། དེ་དག་ཐམས་ཅད་སོ་སོར་རྡུལ་ཕྲན་ཆ་མེད་དུ་ཕབ་དུས་ཁྱོད་དེའི་གྲངས་ཡོད་དགོས་པས་མི་རུང་ངོ་། །ངག་གི་བརྗོད་པ་ལྟ་བུ་ལ་མཚོན་ན་རྐན་དང་མཆུ་དང་ལྕེ་དང་མགྲིན་པ་དང་རླུང་གི་འགྲོ་འོང་སོགས་དུ་མ་ཚོགས་དགོས་པས་མི་འཐད་དོ། །ཡིད་ཀྱི་རྟོག་ཚོགས་དུ་མ་འཕྲོ་བས་ཁྱོད་དེའི་གྲངས་ཡོད་དགོས་པའི་སྐྱོན་འབབ་ནི་རེད། དེ་ལྟ་བུས་བརྟག་ཤིང་དཔྱད་པའི་ཚེ་ལུས་རྡུལ་ཕྲན་ཆ་མེད་དུ་དྭངས་དུས་ལུས་ཡེ་ནས་མ་གྲུབ་པས་སྣང་སྟོང་ཆུ་ཟླ་ལྟ་བུ་དང་། ངག་ཡེ་ནས་མ་གྲུབ་པས་རྗེས་མེད་རང་ཡལ་གྲགས་སྟོང་བྲག་ཆ་ལྟ་བུ་དང་། སེམས་ཡེ་ནས་མ་གྲུབ་པས་རྟོག་ཚོགས་རང་ཡལ་རྗེས་མེད་ནམ་མཁའི་བྱ་རྗེས་ལྟ་བུའོ། །དོན་དམ་རང་ངོས་ནས་མ་གྲུབ་ཅིང་ཐ་སྙད་སྣང་ཚུལ་དུ་མར་སྣང་བའོ། །དེ་ལྟར་དུ་མ་ཡོད་པས་རིལ་བོར་གཅིག་བདེན་འགོག་ནི་རེད། ཕུང་པོ་དུ་མ་འདུས་པ་ལས་བྱུང་བའི་འདུས་བྱས་སྐད་ཅིག་མ་ཡིན་པས་རྟག་འཛིན་འགོག་ནི་རེད། གཅིག་དང་ཐ་དད་གང་དུ་མ་གྲུབ་པའི་མཚང་རིག་པ་ཡིན་ནོ། །ང་བདག་དང་ཆོས་ཀྱི་བདག་གཏན་ལ་ཕབ་པའོ། །གསུམ་པ་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་ནི། ང་མེད་ལ་ང་རུ་འཛིན། བདག་མེད་བདག་ཏུ་འཛིན་པ་འདི་དང་པོ་གང་ནས་བྱུང་། བར་དུ་གང་ལ་གནས། ཐ་མ་གང་དུ་འགྲོ་བརྟག བྱུང་མཁན། གནས་མཁན། འགྲོ་མཁན་དང་ཡུལ་ཡུལ་ཅན་དྲུག་གི་སྒོ་ནས་བརྟག་དགོས་ཏེ། དེ་ཡང་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན། བར་གཡོ་བ་བཅུད་ཀྱི་སེམས་ཅན། ནང་བདག་ལུས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་གང་ནས་བྱུང་གང་ལ་གནས། གང་དུ་འགྲོ་བརྟགས་ཤིང་དཔྱད་དུས། དང་པོ་བྱུང་བའི་རྒྱུ་མེད་པས་སྐྱེ་བའི་རྒྱུ་སྟོང་། བར་དུ་གནས་པའི་མཁན་པོ་མེད་པས་མཁན་པོ་རང་གི་ངོ་བོ་སྟོང་། ཐ་མ་འགྲོ་བའི་མཚན་ཉིད་མེད་པས་འགགས་པ་རང་གི་མཚན་ཉིད་སྟོང་པའོ། །དེ་ལྟ་བུའི་གནད་དོན་ལེགས་པར་རྟོགས་ན་ཤིང་སྡོང་པོའི་རྩ་བ་བཅད་ཙ་ན་ལོ་འདབས་ཐམས་ཅད་ངང་གིས་སྐམ་པ་བཞིན་ནོ། ༈ །རྫོགས་ཆེན་པས། གཅིག་དང་དུ་མ་བརྟག་པའི་སྐབས་སུ་གང་ཟག་གི་བདག་གཏན་ལ་ཕབ་པ་ཡིན་ནོ། །བྱུང་གནས་འགྲོ་གསུམ་བརྟགས་པའི་སྐབས་སུ་ཆོས་ཀྱི་བདག་གཏན་ལ་ཕབ་པ་ཡིན་གསུངས།༼ ཡི་གེ་འདི་ལ་ཡིད་བརྟན་མི་བྱ་བར་བརྟགས་ཤིང་དཔྱད་དགོས་པ་ཡིན་ནོ། །མཆན།༽ ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བློས་ཕར་བཏགས་པ་མ་གཏོགས་དོན་རང་ངོས་ནས་གྲུབ་པ་རྡུལ་ཙམ་མེད། ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་བར་འདོད་ཡོན་གྱི་བཀོད་པ་ཐམས་ཅད་བློས་བཏགས་པ་ཙམ་ལས་བདེན་གྲུབ་ཡོད་མེད་བརྟགས་ནས་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པར་ཐག་ཆོད་ཚེ་ངེས་ཤེས་དེའི་ངང་ལ་འཇོག་དགོས། དེའི་ཚེ་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་། རྫོགས་ཆེན་པའི་བྱུང་གནས་འགྲོ་གསུམ་ལྟ་བ་གང་མཐོ་ཞེ་ན་བྱུང་གནས་འགྲོ་གསུམ་ལྟ་བས་མཐོ། དབུ་མས་ངེས་ཤེས་ལྕགས་སྐུད་སྒྲིམ་མ་ལྟ་བུ་དགོས་པ་ཡིན། རྫོགས་ཆེན་བྱུང་གནས་འགྲོ་གསུམ་སྐབས་ངོ་བོའི་གདངས་ལས་ཤར་ཆ་འགག་མེད་ཡོད་དགོས་པ་དེ་ཁྱད་གཞིའི་སྟེང་ནས་ཁྱད་ཆོས་དེ་རེད་གསུངས། བྱུང་གནས་འགྲོ་གསུམ་ལྟ་བ་སྣང་སྟོང་ཟུང་འཇུག །སྣང་བཞིན་པའི་གནས་སྐབས་ན་སྟོང་། སྟོང་བཞིན་པའི་གནས་སྐབས་ན་སྣང་། སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ། སྟོང་ཉིད་བཞི་སྦྲགས་ནི། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །

༈ དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ། སེམས་དང་རིག་པའི་དབྱེ་བ། རྣམ་ཤེས་དང་ཡེ་ཤེས་དབྱེ་བ། ཀུན་གཞི་ཆོས་སྐུའི་དབྱེ་བ། དང་པོ་ནི། བཞི་ཆ་གསུམ་བྲལ་གྱི་དགོངས་པ་ནི། དུས་གསུམ་གྱི་རྟོག་པ་དང་བྲལ། བཞི་པའི་ཆ་རིག་སྟོང་ཐིག་ལེ་ཉག་ཅིག་འདི་ངོས་འཛིན་དགོས་པ་རེད། རིག་པ་ནི་འདུས་མ་བྱས་པ་དཔེར་ན་དངུལ་ཆུ་རྡུལ་དང་མ་འདྲེས་པ་ལྟ་བུ། རིག་པའི་ཀློང་ནས་ཤར་ཆ་ཕྲ་རགས་ཅི་ཙམ་ཤར་ཀྱང་ཕན་གནོད་མེད་པར་རང་ངོར་དྭངས་འགྲོ་བ་ཡིན། སེམས་ནི་མ་རིག་པ་འདུས་བྱས་སྐྱེ་འགག་ཅན་དཔེར་ན་ས་ནང་དུ་ཆུ་ཐིགས་ལྷུང་བ་ལྟ་བུ། ཡུལ་གང་ཤར་ན་དེར་འཛིན་ནས་འཁྲུལ་བ་ཡིན། རྣམ་ཤེས་དང་ཡེ་ཤེས་རླུང་གིས་དབྱེ་དགོས་གསུངས། ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ནི། ཀུན་གཞི་དེ་ལ་གཉིས་ལས། དང་པོ་ཡེ་དོན་གྱི་ཀུན་གཞི་ནི་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཡིན། གཉིས་པ་མ་དག་འཁོར་བའི་ཀུན་གཞི་ནི་ཟག་བཅས་ཀྱི་ཆོས་གཙོ་སེམས་རྣམ་ཤེས་ཚོགས་བརྒྱད་དང་འཁོར་སེམས་བྱུང་ལྔ་བཅུ། ཕྲ་བ་ཀུན་རྟོག་བརྒྱད་ཅུ་༼ འདོད་ཆགས་རྟོག་པ་བཞི་བཅུ། ཞེ་སྡང་རྟོག་པ་སོ་གསུམ། གཏི་མུག་རྟོག་པ་བདུན་མཆན། ༽དང་བཅས་པའི་འཆར་གཞི་ཡིན། ཀུན་གཞི་ནི་རྟོག་པ་སྔ་མའི་བག་ཆགས་བསོགས་པའི་སྣོད་ལྟ་བུ། རྟོག་པ་ཕྱི་མ་རྣམས་མཆེད་པའི་རྟེན་བྱེད་ནི་རེད་གསུངས། ཀུན་མཁྱེན་ཆེན་པོས། སྐྱེས་བུ་གཅིག་ངལ་བསོ་ལྟ་བུའི་ཚེ་ཤེས་པ་དར་ཅིག་གང་དུ་ཡང་མི་རྟོག་པར་ལུང་མ་བསྟན་དུ་གནས་པ་ཀུན་གཞི་དང་། དེ་ལས་དར་ཅིག་སྣང་ཡུལ་མ་འགགས་པར་ལམ་མེ་གསལ་ཡང་དེར་འཛིན་མ་ཞུགས་པས་གསལ་ལ་རྟོག་མེད་ཀྱི་རྣམ་པ་དེ་ཀུན་གཞིའི་རྣམ་ཤེས་ཡིན་གསུངས། ཀུན་གཞིའི་རྣམ་ཤེས་དེ་ལས་སྒོ་ལྔའི་རྣམ་ཤེས་འཆར། དེ་ལས་ཡིད་རྟོག་བཅས་མཆེད། དེ་ལས་ཉོན་ཡིད་མཆེད་ནི་རེད། ཡིད་རྟོག་དང་ཉོན་ཡིད་རྣམས་མ་འགགས་བར་དུ་སྒོ་ལྔ་ཆ་མཉམ་ཡོད་ནི་མངོན་ནི་མ་རེད། ཡིད་རྟོག་དང་ཉོན་ཡིད་གཉིས་རགས་པ། སྒོ་ལྔའི་རྣམ་ཤེས་ཕྲ་བ། ཀུན་གཞིའི་རྣམ་ཤེས་ཤིན་ཏུ་ཕྲ་བ་ཡིན་གསུངས། ཀུན་གཞིའི་རྣམ་ཤེས་མཆེད་འགག་གི་རྣམ་པ་ཅན་དང་། སྒོ་ལྔའི་རྣམ་ཤེས་སྐྱེ་འགག་གི་རྣམ་པ་ཅན་དང་། ཡིད་ཤེས་དང་ཉོན་ཡིད་གཉིས་གཟུང་འཛིན་གྱི་རྣམ་པ་ཅན་ཡིན། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། མ་གོལ་བ་ཡི་སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བའོ། །ཞེས་སྒོ་ལྔ་ཆ་མཉམ་དུ་ཡོད་དུས་གནས་ཆ་ཡོད་ནི་རེད། གནས་ཆ་དེ་ལ་དྭངས་ཆ་མ་ཐོན་ན་དུད་འགྲོར་སྐྱེ་འགྲོ་ནི་རེད། གསལ་ཆ་ཐོན་ན་ལྷོད་ཆ་མ་ཐོན་ནས་རང་རྒྱུད་ལ་ཞེན་འཛིན་གྱི་འཆིང་བས་བཅིང་ཡོད་ནི་རེད། དེ་ལྷོད་ཐབས་ནི། རེས་ལྷོད། རེས་གྲིམ། དེ་ཡང་ཡང་སྤེལ་མ་བྱེད་བཅུག་ན་ཉི་མ་བདུན་བརྒྱད་ཙམ་རེའི་ལྷོད་ཤེས་འོང་ནི་རེད་གསུངས། ལྷོད་ཆ་ཐོན་ནས་ཤར་ཆ་ཡོད་ནི་རེད་ན་རྟོག་པ་རྗེས་མཐུད་མེད་པར་གྲོལ་འགྲོ་དགོས། མ་གྲོལ་ན་འདོད་ཁམས་སུ་གོལ་བས་དེ་རྣམས་དང་མ་ལྡན་ན་གོལ་ས་གསུམ་ཡོད་ནི་རེད། ཡིད་ཤེས་ཀྱི་སྟེང་ན་ཉམས་བདེ་གསལ་མི་རྟོག་གསུམ་པོ་ལ་འཛིན་ཞེན་ཡོད་ན་ཁམས་གསུམ་དུ་གོལ་ནི་རེད། སྒོ་ལྔ་ལས་མིག་ཤེས་སྟེང་ནས་གོལ་ན་གཟུགས་ཁམས་སུ་སྐྱེ་འགྲོ། དེ་ལྟར་གོལ་ས་བདུན་པོ་དེ་དག་སྒོ་ལྔ་ཆ་མཉམ་དུ་ལེགས་པར་བཞག་ཤེས་ན་གོལ་ས་ཆོད་འགྲོ་གསུངས། ཡང་རྟོག་བཅས་ཡིད་ཀྱི་ཤེས་པ་དེས་ཡུལ་ཕྱི་འཛིན་དང་ནང་འཛིན་གཉིས་བྱེད་ནི་རེད། ཕྱི་འཛིན་ནི་འདས་པའི་རྗེས་གཅོད། མ་འོངས་པའི་མདུན་བསུ། ད་ལྟའི་ཕྱི་ནང་གི་མཚན་འཛིན་བྱེད། ཡུལ་གཟུགས་སྒྲ་ལ་སོགས་པ་ལ་མཚན་མར་འཛིན་ནི་རེད། ནང་འཛིན་ནི་མཉམ་བཞག་གི་དུས་ཡུལ་བདེ་བ་ལ་ཡུལ་ཅན་ཡིད་ཤེས་དེས་ཡུལ་བདེ་བར་འཛིན། གསལ་བ་ལ་གསལ་བར་འཛིན། མི་རྟོག་པ་ལ་སྟོང་པར་འཛིན། ཉོན་ཡིད་ཀྱིས་ཐུན་བཅད་དུས་མཉམ་བཞག་ལེགས་པར་ཡོང་ན་དགའ་བའི་འདོད་ཆགས། བྱིང་རྒོད་སོགས་སྐྱེ་དུས་དེ་ལ་མི་དགའ་བའི་རྣམ་པ་ཞེ་སྡང་སོགས་སྐྱེ་བ་ཡིན། ཉམས་བདེ་གསལ་མི་རྟོག་གསུམ་གང་སྐྱེ་ཚེ། ཡུལ་དེ་ཡུལ་ཅན་ཡིད་ཀྱི་ཤེས་པས་ཡུལ་དེ་ལ་འཛིན་ཅིང་ཞེན་ནས་ཡང་ཡང་གོམས་པའི་སྟོབས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་མེད་དུ་འདྲེས་ཏེ་རྟོག་མེད་ཚུལ་དུ་གནས་ནི་རེད་གསུངས། དུས་གསུམ་གྱི་རྣམ་རྟོག་དང་མ་འདྲེས་པའི་ཤེས་པ་གསལ་སྟོང་བཟོ་བཅོས་མེད་པ་ཞིག་དེ་ན་ཤར་ཡོད་པ་དེ་ལ་རིག་པ་ཟེར། དེ་ནི་རྣམ་རྟོག་ཐམས་ཅད་ཀྱི་འཆར་གཞི་དང་གྲོལ་ས་ཡིན་པས་ཀ་དག་གཞིའི་རིག་པའམ་ཆོས་སྐུ་ཡིན་ནོ། །རྗེས་ཉམས་ལེན་གྱིས་སྐྱོང་ཚུལ་ནི། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་དང་བཞི་ལས། དང་པོ་རང་ངོ་འཕྲོད་པ་ལྟ་བ་ནི། ལྟ་བ་སྤྲོས་བྲལ་གྱི་རང་བཞིན་འདི་ལམ་སྒོམ་པས་ཉམས་སུ་བླངས་ན། དེ་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། སྐྱོབས་པའི་ནུས་མཐུ་སོགས་ཡོད་ལ། མཁྱེན་ཆ་འགག་པ་མེད་པ་ཀུན་ཤེས་ཀུན་རིག་གི་ཆ། དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། རང་གདངས་འགག་པ་མེད་པའི་ཡེ་ཤེས་རིག་སྟོང་ཟུང་འཇུག་གི་ལྟ་བ་ངོས་ཟིན་དགོས་པས། འདས་པའི་རྟོག་པ་འགགས། མ་འོང་པའི་རྟོག་པ་མ་སྐྱེས་ཀྱི་བར་དེ་ན་ཤར་ཡོད་པ་དེ་རིག་པ་རེད་གསུངས། མདོ་ལྟར་བདེ་གཤེགས་སྙིང་པོ། རྫོགས་ཆེན་པས་གཉུག་མའི་སེམས་འོད་གསལ་གྱི་རིག་པ་ཤར་ཡོད་པ་རེད་གསུངས། ད་ལྟའི་ཤེས་རིག་མ་འགགས་ས་ལེ་བ། །ཀུན་བཟང་གདོད་མའི་མགོན་པོ་དེ་ཀའོ། །ཅིར་ཡང་མ་གྲུབ་སྟོང་དབྱིངས་ཀུན་བཟང་མོ། །དེ་ཉིད་རྟོགས་ན་སྐད་ཅིག་རྫོགས་སངས་རྒྱས། །ཞེས་དང་། ཤེས་རིག་རང་ཚུགས་མ་ཤོར་ན། །འདི་ལས་ལྷག་པ་གཞན་ན་མེད། །ཅེས་དང་། ཁྲེགས་ཆོད་ཚིག་བརྒྱའི་མདོ་འགག་ནི། །རྗེན་པར་ཕུད་ལ་ས་ལེར་སྐྱོངས། །ཞེས་དང་། མ་ཡེངས་མི་སྒོམ་དོན་གྱི་རང་ཞལ་བལྟ། །འཁོར་འདས་ཆོས་སྐུ་ཡེ་སངས་རྒྱས་པའོ། །ཞེས་སོ། །ལྟ་བ་ཡིན་མིན་གྱི་རེ་དོགས་མེད་པ་ལ། ངེས་ཤེས་གཏིང་ནས་སྐྱེས། ཁོ་ཐག་ནང་ནས་ཆོད་དགོས་སོ། །གཉིས་པ་ངང་ལ་གནས་པ་སྒོམ་པ་ནི། དང་པོ་འཁྲུལ་བའི་སྐབས་དྲན་པས་ཟིན་པ་ནི་རྫི་བུ་ལྟ་བུའི་དྲན་པ་དེ་འདུ་བྱེད་ཀྱི་དྲན་པ་ཟེར། རིག་ཐོག་ཏུ་ཐོན་དུས་ཆོས་ཉིད་ཀྱི་དྲན་པའི་རྣམ་ལྡན་དུ་འདུ་བྱེད་ཀྱི་དྲན་པ་དྭངས་དགོས་གསུངས། གནས་ལུགས་མ་བཅོས་པའི་སྒོམ་པ་ནི་བཟུང་དྲན་འགྱུ་དྲན་ཞིག་གིས་བཟུང་བའི་བཅོས་མ་གློ་བུར་བའི་བསྒོམ་ལྟར་སྐྱེ་ཨེ་ཤེས་བལྟས་ཀྱང་མི་ཤེས་ལ་དགོས་ཀྱང་མི་དགོས། རིག་པ་མངོན་སུམ་རྟོགས་པ་ནས་བཟུང་། མེ་ཡིན་ན་ཚ་བ་དང་ཆུ་ཡིན་ཙམ་ནས་བརླན་པ་བཞིན་ཏུ་ཆོས་ཉིད་རང་བབས་ཀྱི་དྲན་པ་རིག་པ་དང་ངོ་བོ་གཅིག་པར་ཡོད་པ་ལས་བཅོས་སྒོམ་ལྟར་འཛིན་མི་དགོས་པར་ཐག་ཆོད་དགོས། དེ་ལྟར་བརྟགས་པས་སྔར་གྱི་ཆོས་ཉིད་རང་བབས་ཀྱི་བསམ་གཏན་བཟུང་དྲན་འགྱུ་དྲན་གང་གིས་ཀྱང་བཟུང་མི་དགོས་པར་དེའི་སྟེང་ནས་བཤད་དགོས། དེ་ལྟ་བུའི་སྒོམ་པ་དེ་རྫོགས་ཆེན་རང་ལུགས་ཀྱི་མིང་བཏགས་ན་ཆོས་ཉིད་ཀྱི་དྲན་པ། གཉུག་མའི་དྲན་པ། བློ་འདས་ཀྱི་དྲན་པ། རྩོད་བྲལ་རང་བཞག་གི་དྲན་པ། དྲན་མཆོག་རྒྱལ་པོ་ཞེས་མིང་ལྔ་བཏགས་ཀྱང་དོན་ཆོས་ཉིད་རང་བབས་ཀྱི་བསམ་གཏན་དང་དོན་གཅིག་ཡིན་ནོ། །མ་བཅོས་པར་ལྷོད་པོ་འཇོག་དགོས་གསུང་པ་ལྟར་བཅའ་བཅོས་རེ་དོགས་བློ་སྣ་ཚབ་ཚུབ་མི་བྱེད་པར་དྭངས་བ་རྒྱ་མཚོ་ལྟ་བུ། སང་བ་མེ་ཏོག་ལྟ་བུ། གསལ་བ་ཉི་ཟླ་ལྟ་བུ། སྤྲིན་མེད་པའི་ནམ་མཁའ་ལྟ་བུ། ཆུ་ཆད་པའི་རང་ཐག་ལྟ་བུ། ལས་ཟིན་པའི་སྐྱེས་བུ་ལྟ་བུ་ལྷོད་པོར་འཇོག་དགོས། བྱིང་ཆ་དྭངས་པའི་དྭངས་ཆ། རྨུགས་ཆ་སངས་བའི་གསལ་ཆ། སྟོང་ཆ་དག་པའི་རྗེན་ཆ། སེམས་བྱིང་བ་རགས་པ་རྣམ་རྟོག་དང་། ཕྲ་བ་དཔེ་མེ་ལོང་ལ་ཧས་བཏབ་པ་ལྟ་བུ། མཉམ་བཞག་ངར་ཆ་ཉམས་པ་དེ་ལ་ཟེར། རྨུགས་པ་གསལ་ཆ་སྒྲིབ་བྱེད་ལ་ཟེར། འཐིབ་པའི་ས་བུད་ནས་རྒྱ་ཡན། ཀུན་མཁྱེན་འཇིགས་བྲལ་གླིང་པས། སེམས་གསལ་སྟོང་ཞི་གནས་འཛིན་པ་ཅན། །ཡིད་རྟོག་དཔྱོད་ཀྱི་ལྷག་མཐོང་གཡོ་འཕྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །འདི་གསུམ་པོ་རྫོགས་ཆེན་ཁྱུ་ནས་བུད། །སྒོམ་དྲན་འཛིན་གཉེན་པོའི་འཆིང་བ་དང་། །བློ་ཆེད་འཛིན་བྱས་པའི་སྟོང་ཉམས་ཅན། །བློ་གོ་ཡུལ་དྲེད་པའི་རྒྱས་འདེབས་གསུམ། །ཁྱོད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །སེམས་འདུ་ཤེས་གྲུང་པོའི་ལྟ་སྒོམ་དང་། །བློ་གོ་རར་འཐུམ་པའི་ཉམས་ཞེན་དང་། ཡིད་མྱང་བྱའི་དྲི་མས་སྦག་དེ་གསུམ། །ཁྱེད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །ཅེས་སོ། །ཨ་འཐས་འཇུར་བུས་བཅིངས་གྱུར་ན། །ཡེ་ཤེས་རང་ངོ་ཕར་ཕར་བསྒྲིབས་ནས་འགྲོ། །ཞེས་དང་། བཅའ་བཅོས་མེད་པར་རང་ངང་ལ་དྭངས་ས་ལེ་ཡངས་ཁྲོལ་ལེ་ཡེངས་མེད་འཛིན་མེད་དུ་བསྐྱངས་བ་གནད་ཡིན་ནོ། །ཉག་བླས་མཉམ་བཞག་གི་རང་ས་མ་ཟིན་ན་བྱིང་བ་ལས་འདའ་མི་ནུས་གསུངས། ཨོ་རྒྱན་ཆེན་པོས། ཡུན་ཐུང་གྲངས་མང་ཁང་སྟོང་ཐིག་པ་དགོས། གསུངས། ལས་དང་པོ་བས་སྣང་བ་དྭངས་དུས་ཡུན་ཐུང་གྲངས་མང་ཉིན་གཅིག་ལ་དྲན་པ་བརྒྱ་སོགས་བསྟེན་ཀྱང་ཆོག །མ་དྭངས་དུས་ཡིན་མིན་ཐམས་ཅད་སྒོམ་དུ་བརྩི་མི་ཉན། བྱིང་རྨུགས་འཐིབ་གསུམ་གྱི་སྐྱོན་གྱིས་གོས་འོང་གསུངས། རྣམ་རྟོག་རྒོད་པའི་དུས་སུ་ཕཊཿཀྱིས་གཅོད་དགོས་སོ། །གསུམ་པ་གང་ཤར་རང་གྲོལ་གྱི་སྤྱོད་པ་ནི། རྩལ་ཕྲ་རགས་ཅི་ཙམ་ཤར་ཡང་རྗེས་མཐུད་མེད་པར་གྲོལ་དགོས་པ་དཔེར་ན་རྒྱ་མཚོའི་རླབས་ལ་བསམས་ན་རླབས་ཐམས་ཅད་ཀྱང་རྒྱ་མཚོའི་རྣམ་རོལ་རྣམ་འགྱུར་ཡིན་པས་ན་རྒྱ་མཚོ་ལས་ལོགས་སུ་ངན་པ་ཞིག་གང་ཡང་མེད། ཚུར་དེད་ན་རྒྱ་མཚོ་རང་གི་ངོ་བོ་ལས་གཞན་དུ་འཕྱོ་ས་མེད་པར་རང་གི་ཀློང་དུ་གཅིག་པའམ། དཔེ་དེ་བཞིན་དུ་ཀུན་རྫོབ་འཁྲུལ་བའི་ཆོས་ཐམས་ཅད་ཕར་དེད་ན་ཡེ་ཤེས་ཆེན་པོ་གཅིག་གི་ཆོ་རོལ་རྣམ་རོལ་རྣམ་འགྱུར་ཡིན་པས་ངན་པ་མེད། ཚུར་དེད་ན་ཐམས་ཅད་ཡེ་ཤེས་ཆེན་པོ་གཅིག་གི་ཀློང་ལས་མི་འདའ་ཞིང་གཅིག་པས་བཟང་ངན་རང་ངོ་ན་མེད། ཕར་དེད་ཚུར་དེད་འདིའི་ཐོག་ནས་ཤེས་དགོས་སོ། །ཁྲེགས་ཆོད་ལམ་ཤར་གྲོལ་ལྷ་མཛེས་པ་ལ་རྒྱན་བཏགས་པ་ལྟ་བུ་ཡིན་གསུངས། རྣམ་རྟོག་གི་རྗེས་སུ་མི་འབྲང་། མི་བཀག །ཡེ་གྲོལ་ཞེས་པ་ནི། གཞི་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ཉིད་ཡེ་གདོད་མ་ནས་གྲོལ་བའི་བདག་ཉིད་ཅན་ཡིན་ཏེ། ད་གཟོད་འབད་པས་སུས་ཀྱང་གྲོལ་མི་དགོས་ཞེས་འབད་པ་དང་རྩོལ་བའི་སྒོ་ནས་སུས་ཀྱང་གྲོལ་མི་དགོས་ཏེ། གྲོལ་བ་མེད་དེ་གྲོལ་གཞི་རྡུལ་ཙམ་མེད། །ཅེས་གསུངས་སོ། །ཤར་གྲོལ་ཞེས་ཁང་སྟོང་གི་རྐུན་མ་ལྟ་བུའི་གྲོལ་ཚུལ་ནི་ཁང་སྟོང་ལ་ཤོར་རྒྱུ་དང་། རྐུན་མ་ལ་ཐོབ་རྒྱུ་མེད་པ་ལྟར། རྟོག་ཚོགས་གང་ཤར་ཐམས་ཅད་བག་ཆགས་བསོགས་ལོངས་མེད་པར་ལྟ་བའི་ཀློང་དེར་གྲོལ་བའོ། །རང་གྲོལ་ཞེས་སྦྲུལ་གྱི་མདུད་པ་ལྟ་བུའི་གྲོལ་ཚུལ་ནི། སྦྲུལ་མདུད་དེ་གཞན་རྐྱེན་ལ་ལྟོས་མི་དགོས་པར་རང་སྟོབས་ཀྱིས་ཞིག་འགྲོ་བ་ལྟར། རྟོག་ཚོགས་གང་ཤར་ཐམས་ཅད་གཞན་ལ་ལྟོས་མི་དགོས་པར་རང་སྟོབས་ཀྱི་རང་གྲོལ་བའོ། །ཅེར་གྲོལ་ཞེས་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རྟོག་པ་ཡུལ་ལ་གཡེང་བའི་ཚེ་དྲན་པས་ཟིན་ཙམ་ནས་དྲན་མཁན་ཆོས་ཉིད་དུ་སྟོར་བའི་དུས། ཐོག་མའི་སྐྱོང་ཚུལ་མ་ནོར་བ་ཡིན་གསུངས་སོ། །བཞི་པ་སྐུ་གསུམ་ལྷུན་གྲུབ་འབྲས་བུ་ནི། ངོ་བོ་ཞེས་པ་དེ་དབྱིབས་དང་ཁ་དོག་དང་བྲལ་བ་དེ་སྟོང་པ་ཆོས་སྐུ། སྟོང་བཞིན་དུ་གོ་མཁན་ཚོར་མཁན་ མལགྱིཤེས next hit་རྗེན་པ་དེ་རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་ཕྱི་གསལ་ལྟར་སེམས་ཀྱི་རྣམ་པར་རྟོག་པའི་འཆར་སྒོ་ཇི་སྙེད་ཡོད་པ་སྤྲུལ་སྐུ། མཉམ་བཞག་སྐབས་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་རྣམས་གཞི་ཀློང་གཅིག་ཏུ་རྫོགས་པ་ཡིན་ནོ། །ངོ་བོ་སྟོང་ཉམས་ངར་ཆ་དང་ལྡན་པ། རང་བཞིན་གསལ་ཉམས་སངས་ཆ་དང་ལྡན་པ། ཐུགས་རྗེའི་རིག་ཉམས་གྲོལ་ཆ་དང་ལྡན་པ། ཚོགས་ལམ་རི་མོ་བྲིས་པའི་ཟླ་བ་ལྟ་བུ་པས་གོ། སྦྱོར་ལམ་ཆུ་ཟླ་ལྟ་བུ་པས་མྱོང་། མཐོང་ལམ་གནམ་ཟླ་ལྟ་བུ་པས་རྟོགས། གྲོགས་ཁྱོད་ཡོང་བ་ཚོར་ཙམ་ན། །གནས་ལུགས་ཐོག་ཏུ་ཕེབ་འདུག་ཀྱང་། །ད་དུང་དེ་ལ་གོམས་གྱུར་ན། །ཡོང་ཚོར་ཙམ་གྱི་དྲན་པ་དེ། །ཡུལ་མེད་སངས་བའི་དུས་ཤིག་ཡོད། །དེ་ཚེ་དྲན་སྣང་ཡེ་ཤེས་སུ། །འཆར་བའི་མགོ་བོ་བརྩམ་པ་ཡིན། །དེ་ཡི་ངང་མདངས་བསྐྱང་གྱུར་ན། །ནམ་ཞིག་ཡོངས་ཡུལ་ཚོགས་དྲུག་བཅས། །ཉི་མ་སྤྲིན་ལས་གྲོལ་བ་བཞིན།། དེ་དག་མདོར་ན་འདི་ལྟར་ལགས། །ཤེས་བྱ་ཡུལ་དང་ཤེས་བྱེད་བློ། །གཉིས་སུ་མེད་པའི་ཡེ་ཤེས་ནི། །མཉམ་པ་ཉིད་དུ་ཤར་བའི་ཚེ། །ཡེངས་ཡུལ་ཆོས་ཉིད་སོང་བ་ཡིན། །ཞེས་སོ། །རྫོགས་པ་ཆེན་པོ་འབྲས་བུ་ལམ་བྱེད་སྙེ་མའི་མགུལ་བ་ནས་འཆང་བ་ལྟ་བུ་ཡིན་ནོ། །ཐེག་མཆོག་ཨ་ཏི་རྫོགས་པ་ཆེན་པོའི་རང་ལུགས་སུ་ཀ་དག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་ད་ལྟའི་ཤེས་པ་ཟང་ཀ་མའམ་རིག་སྟོང་གོ་མ་འགགས་པའི་གནས་ལུགས་ཁོ་ནའི་རང་གཤིས་ལ་ལྟ་ཞིང་། འཁོར་བ་མེད་སྣང་དུ་ཤེས་པ་དང་སྐུ་གསུམ་ལམ་སྣང་དུ་རྫོགས་པ། འབྲས་བུ་ཟེར་བ་གུད་ནས་ཐོབ་པའང་མ་ཡིན་པ་ད་ལྟའི་རིག་པ་ཆེན་པོའི་སྟེང་དུ་ཡེ་རྫོགས་སམ་གཞི་རྫོགས་སུ་ཡོད་པས། གང་སྣང་ཡེ་ཤེས་ཀྱི་རོལ་བ། ཐམས་ཅད་རིག་རྩལ་གྱི་རང་བཞིན་བསལ་བཞག་བྲལ་བ་སྣང་སྲིད་དག་མཉམ་ཆེན་པོར་རྟོགས་པས་འབྲས་བུའི་ཆོས་རྣམས་ཀྱང་རིག་པ་ཁོའི་རང་ངོར་ཡེ་རྫོགས་སུ་འདུག་པ་ཐག་ཆོད་ནས་གཉིས་མེད་ཀ་དག་ཆེན་པོའི་གྲོལ་ས་ལ་གནས་ཀྱང་། རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་སྐུར་བཞེངས་ཏེ་འགྲོ་བའི་དོན་བྱེད་པ་རྒྱུན་མི་ཆད་པ་འབྱུང་བ་ཡིན་ནོ། །འཕྲོས་དོན་ནི། མི་ཕམ་རིན་པོ་ཆེས། དེ་ཡང་རང་ལུགས་རྡོ་རྗེ་རྩེ་མོའི་གྲུབ་མཐའ་སྙོགས་མི་སྙོགས་ཀྱི་གནད་ནི། ཐོས་བསམ་རྒྱ་ཆེན་པོ་དང་བསགས་སྦྱང་ཕྱི་ཚུལ་ཇི་ལྟར་ཕུན་སུམ་ཚོགས་པར་བྱས་ཀྱང་། དེ་ཁོ་ནས་ཐུན་མིན་ལམ་གྱི་གྲུབ་མཐའ་ཟིན་པའི་ངེས་པ་མེད་ཅིང་། རྫོགས་པ་ཆེན་པོའི་དོན་བརྒྱུད་དང་ལྡན་པའི་བླ་མ་སེམས་ཉིད་ཆོས་སྐུར་ངོ་སྤྲོད་པའི་མན་ངག་སྙན་ཁུང་བརྒྱུད་ནུས་པ་རང་དང་སྐལ་བ་མཉམ་པའི་མི་ཡི་ཚུལ་དུ་བསྟན་པའི་བཤེས་གཉེན་ཆེན་པོ་དེ་ལྟ་བུ་གང་ན་ཡོད་ཀྱང་། ཡོན་ཏན་དེ་ཁོ་ནས་སངས་རྒྱས་དང་མཚུངས་པར་རྙེད་དཀའ་བའི་འདུ་ཤེས་ཀྱིས་སྒོ་གསུམ་གཡོ་ཟོལ་མེད་པར་གུས་པས་བསྟེན་ནས་ཐུགས་མཛོད་ལོན་པ་དེ་གཅིག་པུས་རྡོ་རྗེ་སྙིང་པོའི་གྲུབ་མཐའ་སྙོགས་པ་འབྱུང་བས་ན། རྒྱལ་བ་རིག་འཛིན་བརྒྱུད་པ་དང་བཅས་པས་ཡང་ཡང་གསུངས་པ་ལྟར། གསང་སྔགས་སྙིང་པོའི་ལམ་ཚོལ་རྣམས་ཀྱིས་བླ་མ་མཚན་ཉིད་དང་ལྡན་པ་དབང་བཞི་པའི་ཡེ་ཤེས་ལ་མྱོང་བ་ཅན་བསྟེན་པར་བྱ་བ་ལས། གཞན་གང་གིས་ཀྱང་མི་ཕན་པ་འདི་ཁོ་ན་མི་ཤེས་སུ་མི་རུང་བའི་གནད་ཡིན་པས། རིག་འཛིན་གོང་མ་རྣམས་ཀྱི་ལམ་མ་ནོར་བ་འདི་ལ་ལམ་ཉིད་དུ་ངོ་ཤེས་པའི་ངེས་ཤེས་སུ་ལ་ལྡན་པ་དེ་ལ་གསང་སྔགས་སྙིང་པོའི་སྐལ་བ་ཡོད་པའི་ཕྱིར། ཐོབ་གྲངས་དང་བཟླས་གྲངས་བླ་མ་མང་པོ་བསྟེན་པའི་གྲངས་ཙམ་ཞིག་ལ་བློ་གདེངས་མི་འཆའ་བར། རང་སེམས་ཆོས་སྐུར་ངོ་སྤྲོད་པའི་མན་ངག་ཟབ་མོ་དཔལ་ལྡན་བླ་མའི་ཞལ་ནས་མཉན་ཏེ། དེ་ལ་ནན་ཏན་སྙིང་པོར་བྱ་བ་འདི་ཁོ་ན་བཤད་བཤད་ཀྱི་སྙིང་པོ། སྒྲུབ་སྒྲུབ་ཀྱི་འབྲས་བུ། བཙལ་བཙལ་གྱི་དོན་པོ་ཡིན་པས་གནད་འདི་མ་སྟོར་བར་གྱུར་པ་ཅིས་ཀྱང་གལ་ཆེའོ། །ཞེས་གསུངས་པ་ལྟར། ཚེ་རབས་སྔོན་ལས་ཀྱི་བླ་མ་ཟེར་རྒྱུ་བོ། གསུང་པས་རྒྱུད་ལ་ཕན་ཐོག་པ། ངེས་ཤེས་འདྲོངས་པ་དེ་ལ་དགའ་བ་ཞིག་ཡིན་ནི་རེད། འདི་ནས་བྱང་ཆུབ་བར་དུ་གསོལ་བ་བཏབ། ཐུགས་ཡིད་དབྱེར་མེད་བསྲེ། ཡེ་ཤེས་བླ་མ་འདི་མངོན་དུ་གྱུར་ནས་བཟུང་སྟེ་ནམ་ཡང་འབྲལ་བ་མེད་པར་བསྒོམ། ཞེས་སོ། །རྗེ་མི་ལས། སྒོམ་ཏུ་མེད་ཀྱང་རྩལ་ལ་སྦྱངས་རྒྱུ་ཡོད། །རྣལ་འབྱོར་སྒོམ་པ་བཤིགས་ཀྱིན་བཟང་། །ཕུ་ཆུ་དྲག་པོ་བརྡབ་ཀྱིན་བཟང་། །ཞེས་གསུངས་པ་ལྟར་རྩལ་སྦྱངས་གནད་ལྡན་སྦྱང་ཐུབ་ན་བྱིང་རྨུག་འཐིབ་གསུམ་སེལ་བ་དང་བོགས་ཐོན་པའི་དགོས་པ་ཡོད་དོ། །ཉག་བླ་པདྨ་བདུད་འདུལ་གྱིས་ས་སྟེང་གསེར་གྱི་མཆོད་རྟེན་གྱིས་བཀང་བ་བས། ངེས་པའི་ཏིང་འཛིན་དུས་གཅིག་སྒོམ་པ་འཕགས། སྐྲ་རྩེ་ནས་ཆུ་ཐིག་པང་དུ་ལྷུང་ཚེ་བར་སྒོམ་ན་བསྐལ་བ་གཅིག་གི་སྡིག་པ་འདག །ཅེས་སོ། །ཉག་བླས། མཉམ་བཞག་ལ་ནན་ཏན་ཡུན་བསྲངས་ཏེ་སྙིང་རུས་མ་ཐུབ་ན་ཁ་ལྟ་སྟོང་སྐད་ཀྱི་ལྟ་རྒོག་དང་། འགྲོ་འདུག་ལམ་ཁྱེར་གྱིས་སྒོམ་སྣང་ཙམ་གྱིས་སེམས་རྒྱུད་གྲོལ་ཤིན་ཏུ་དཀའ་འོ། །སྤྱོད་ལམ་སྐབས་དྲན་པ་བསྟེན་ན་འཁྲུལ་བའི་དོད་པོ་མིན་ཀྱང་། མཉམ་བཞག་བརྟན་ཆ་མེད་ན་བྱིང་བ་ལས་མི་འདའ་གསུངས། རང་གིས་དང་པོ་དད་པ་དམ་ཚིག་དང་ཕྱིན་ཆོད་བསྒོམ་དགོས་ཟེར་ཚེ། ཐམས་ཅད་ཀྱིས་དེ་ལྟར་སྒྲུབ་པར་ཐག་བཅད་ནས། རིང་ལམ། ཉེ་ལམ། མྱུར་ལམ། ཤིན་ཏུ་མྱུར་ལམ་ཐེག་པ་རིམ་དགུའི་ཡང་རྩེ་ལ་ཧེབ་ལང་ནས་ཁྱེད་ཤེས་ཁྱེད་མཁྱེན་ཟེར་ཀྱང་། ལག་ཏུ་ལེན་དུས་མཁྲིས་ནད་ཅན་གྱི་སྔོན་དུ་བཙོ་ཟན་འཇོག་པ་ལྟར་སྒོམ་མཁན་ཉིན་མོའི་སྐར་མ་ལྟ་བུ་གཅིག་གཉིས་རེ་ཟུང་ཙམ་ལས་དཀོན་པ་མཐོང་ཆོས་རེད། བླ་མ་རིན་པོ་ཆེས། རིག་ངོ་འཕྲོད་དུས་བསོད་ནམས་ཟད་སོང་ན་མ་གཏོགས་བསྒོམ་དགོས་ནི་རེད། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་འདི་ནི། ཞིང་ལས་སོ་ནམ། ཕྱུགས་ཀྱི་འཚོ་སྐྱོང་དཀོར་ཁ་གྲོང་ཆོག །གོར་ལི། ཤ་སྐལ། ཇ་ཐོ། ནས་སྤར། འཁོར་བའི་བྱ་བཞག་སོགས་ཀྱིས་བྱ་བ་གང་ལའང་བརྗེ་མི་བྲ་ངེས་པ་རེད། སྨྱོན་པ་སོས་ཐང་འདུག་མི་ཚུགས་པ་རྣམས་ནི། མན་ངག་གི་གནད་མ་ལོན་པའི་མཚང་བུད་པ་ཡིན། མཉམ་བཞག་ཏུ་སྐུ་གསུམ་གྱི་བཞུགས་ཚུལ་ནི། ཁྱད་ཆོས་གསུམ་དང་ལྡན་པའི་བདག་ཉིད་ཅན་ངོ་བོ་སྟོང་ཉམས་ངར་ཆ་དང་ལྡན་པ། རང་བཞིན་གསལ་ཉམས་སངས་ཆ་དང་ལྡན་པ། ཐུགས་རྗེ་རིག་ཉམས་གྲོལ་ཆ་དང་ལྡན་པས་རྟོག་པ་གང་ཤར་ཀྱང་བག་ཆགས་བསོགས་ལོང་མི་འདུག །རྗེས་ཐོབ་སྐབས་སུ་ལས་རྒྱུ་འབྲས་དེ་ལ་དེ་ལས་ཞིབ་ཆ་ཆེ་བ་ཡིན། སྟོང་ཉིད་རྒྱུ་འབྲས་སུ་ཤར་ནིའི་ཉམས་ལེན་པ་ཞིག་ཡིན་ན་ལས་རྒྱུ་འབྲས་ཀྱི་གནས་ལ་མི་ཞིབ་ཐབས་གཏན་ནས་མེད་གསུངས། རྒྱལ་བའི་བཀའ་ཚད་མ། བླ་མའི་ལུང་ཚད་མ། རང་གི་རིག་པ་ཚད་མ་གསུམ་དང་དད་པ་སྙིང་རྗེ་ངེས་འབྱུང་གསུམ་རང་ཤུགས་ཀྱིས་རྡོལ་ཚེ་གཞན་ལ་ཐེ་ཚོམ་གཅད་མི་དགོས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལྟར་འཁོར་ལོའི་མགོན་པོའི་ཁྲིད་རྒྱུན་ལྟར་ཉམས་སུ་ལེན་ཚུལ་གནད་རྣམས་ཕྱོགས་བསྒྲིགས་བྱས་པ་ལ་ཉེས་འགལ་གང་མཆིས་བླ་མ་དང་སྲུང་མའི་དྲུང་དུ་མཐོལ་ལོ་བཤགས་སོ། །དད་ལྡན་བསྟན་པ་ཚེ་རིང་གིས་གསང་ཆེན་མེ་ཏོག་ཚལ་གྱི་དཔལ་རིའི་ནང་ཁྱབ་བདག་འཁོར་ལོའི་མགོན་པོའི་སྐུ་འདྲ་ཞིག་བཞེངས། རང་གཞན་ཐམས་ཅད་ཀྱི་དོན་དུ་ལམ་གྱི་དཀའ་གནད་མངོན་ཕྱུང་ཞིག་བྲི་དགོས་ཞེས་བསྐུལ་ཚེ་ཞལ་ངོ་མ་ལྡོག་ཙམ་དུ་དྷརྨ་རང་གི་འབྲེལ་ཡོད་མཆེད་གྲོགས་རྣམས་དང་གཞན་ལ་འཆད་ཐུབ་པ་རེ་ཡོད་ན་གལ་ཆེ་སྙམ་ནས་བྲིས་པ་ཡིན་པས་ཁོང་རྣམས་ཀྱིས་གཟིགས་རྟོགས་མཛད་ནས་ཉམས་སུ་གནད་ལྡན་ཞིག་ལེན་པ་སྐུ་མཁྱེན། དད་རྟེན་ཡང་ཉམས་སུ་ལེན་ན་མ་གཏོགས་ཉམས་སུ་ལེན་མི་ནུས་ཀྱང་ཡི་གེ་རེ་འཚག་ནས་དེ་དཔེ་ཉོབ་ནང་དུ་གར་སོང་མ་གོ་ན་ཉམས་ཆགས་དང་སྔགས་ཀྱི་སྲུང་མ་རྣམས་ཀྱིས་འཁུ་ལྡོག་ཡོད་པས་གཟབ་པར་མཛོད། ཉམས་སུ་ལེན་པའི་གང་ཟག་མཐོ་དམན་ཆེ་ཆུང་ཐམས་ཅད་མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ།། །།


previousའོད་གསལ་རྫོགས་པ་ཆེན་པོ་བླ་མ་རིན་པོ་ཆེའི་ཁྲིད་རྒྱུན་ཉི་མའི་དཀྱིལ་འཁོར།next