Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།

1 occurrence of གུར་ཁང་
[Clear Hits]


  
  
  
  
  
  
  
  
  
 
ངལ་གསོའི་མགྲོན་པོའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ། །


1 occurrence of གུར་ཁང་
[Clear Hits]

 
previousངལ་གསོའི་མགྲོན་པོའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ། །no next

ངལ་གསོའི་མགྲོན་པོའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ། །

སྡེ་གསུམ་ཀློང་དགུ་ཡི་མན་ངག །འཁྲུལ་མེད་ལམ་བཟང་གི་རྫོགས་ཆེན། །སྟོན་མཛད་བརྒྱུད་གསུམ་གྱི་བླ་མའི། །ཞབས་པད་སྤྱི་བོ་རུ་མཆོད་ཡ། །གྲུབ་བརྙེས་རིག་འཛིན་གྱི་བླ་མའི། །བརྒྱུད་པའི་གྲལ་རིམ་ལ་བསམས་ན། །གྲལ་མཐའི་མདོ་མེད་ཀྱི་སྤྲང་པོས། །ཉམས་དགའི་གླུ་ཆུང་ཞིག་འཐེན་ཡ། །ཨ་ཧོ། གྲོང་དགོན་སྤེལ་མ་ཡི་ཁྲོད་ན། །གནས་ཉམས་འཐུག་པོ་ཡི་མལ་དུ། །ཉམས་ཞེན་རོ་མྱོང་ལ་ཆགས་པའི། །ངལ་བ་དོན་མེད་ཀྱི་སྒོམ་ཆེན། །ཨ་འཐས་ཉམས་ཞེན་གྱི་འཆིང་བས། །རང་རྒྱུད་བསྡམ་པ་དེ་ཨེ་གོ །དབང་མེད་བྱེད་པོ་ནི་མ་མཆིས། ཅུང་ཟད་གློད་ན་ནི་བདེའོ། །ཅིར་ཡང་མ་གྲུབ་པའི་ངང་ནས། །དྭངས་གསལ་འགག་མེད་ཀྱི་ཉམས་ལེན། །ཞང་ཞུང་བོན་པོ་དང་མཐུན་པའི། །ལྟ་དེ་སྤྲོས་ཅན་དུ་འདུག་གོ །བསྒོམས་ཀྱང་སེམས་འཛིན་གྱི་བསམ་གཏན། །མ་བསྒོམས་འཁྲུལ་འབྱམས་ཀྱི་རང་བཞིན། །དེ་འདྲའི་གནས་འགྱུ་ཡི་ངང་ལ། །མི་ཚེ་ཟད་པ་འདི་ཨེ་གཟིགས། །གཟུགས་མེད་བསམ་གཏན་གྱི་ཁུང་བུར། །སེམས་གནས་དགུང་ལོ་ནི་བགྲེས་ཀྱང་། །གནས་དགའ་འགྱུ་སྡུག་གི་ངང་ནས། ད་དུང་འོ་བརྒྱལ་ཞིག་ཡོད་སྐད། །ལྟ་བའི་བགྲོ་གླེང་རེ་བྱས་ཚེ། །འདྲི་ས་གླེང་ས་ཙམ་མེད་པའི། །ཁྱོད་ཀྱི་ལོག་རྟོག་དེ་སྤོངས་དང་། །ང་ཚོས་ལྟ་མགུར་ཞིག་འཐེན་ཡ། །ཨ་ཧོ། མཉམ་བཞག་ལྟ་སྟངས་ཀྱི་འཛིན་པ། །ད་ནི་གར་འགྲོ་ལ་ཐོངས་ཞོག །སེམས་འཛིན་ཡིད་དཔྱོད་ཀྱི་བསམ་གཏན། དགོས་མེད་རང་བབ་དུ་སྐྱུར་ཐོངས། །སྐྱེ་མེད་ཀ་དག་གི་དབྱིངས་ན། འགག་མེད་ཡེ་གྲོལ་གྱི་རིག་པ། །ཉམས་ཞེན་ཤུན་པ་དང་བྲལ་ནས། གཅེར་བུ་རྗེན་པ་རུ་འདུག་གོ །འཕྲལ་བྱུང་དགག་སྒྲུབ་ཀྱི་ཤེས་པ། །མི་སྡོད་རང་ཡལ་ལ་སོང་ནས། ཀུན་རྟོག་ལས་རླུང་གི་རྒྱུ་བ། །གདོད་མའི་གཞི་དབྱིངས་སུ་ཕེབས་ཐལ། །འཇུར་བཅིང་ཨ་འཐས་ཀྱི་དྲན་པ། །མ་བཅོས་ལྷོད་གྲོལ་ལ་སོང་ནས། །གཉིས་འཛིན་རྣམ་རྟོག་གི་མདུད་རྒྱ། ནམ་མཁའི་བྱ་རྗེས་ལ་འགྲན་ཐལ། །དྲན་པ་རང་གྲོལ་གྱི་དགོངས་པ། །དྲན་སྣང་ཡེ་ཤེས་ཀྱི་འཁོར་ལོ། །ཁྱབ་བརྡལ་ལྷུན་གྲུབ་ཀྱི་དྲན་པ། །མ་བཅོས་ཕྱམ་བརྡལ་ལ་ལངས་སོང་། །ཆོས་ཉིད་ཡེ་གྲོལ་གྱི་ཀློང་ན། །གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ། །ཀ་དག་ཆོས་ཟད་ཀྱི་དགོངས་པ། །ཟང་ཐལ་རྗེན་པ་རུ་ཐལ་ལོ། །ཕར་ལ་མ་བསྒོམ་པས་ཅོག་བཞག །ཚུར་ལ་མ་བཅིངས་པས་རྒྱ་ཡན། །དབུས་ལ་མི་གནས་པས་ཟང་ཐལ། །འཕོ་མེད་ཆོས་སྐུ་ཡི་རྒྱལ་ཁབ། །གང་སྣང་བདེན་མེད་དུ་ཤར་བ། །སྒྱུ་མའི་དཔེ་བརྒྱད་ཀྱི་རྣམ་རོལ། །རྒྱུན་འཛིན་ཤེས་པའང་མི་སྡོད། །རང་ཡལ་རྗེས་མེད་ལ་ཕེབས་སོང་། །བསྒོམས་ཀྱང་གཏད་སོ་ནི་མི་འདུག །མ་བསྒོམས་འཁྲུལ་འབྱམས་ནི་མི་སྣང་། །སྒོམ་དང་མི་སྒོམ་དང་བྲལ་བའི། །འོད་གསལ་མཐའ་དབུས་ལས་འདས་སོང་། །ཡེ་གཞི་ཀ་དག་གི་རང་མདངས། །ལྷུན་གྲུབ་འོད་གསལ་གྱི་སྣང་ཆ། །སྐུ་དང་ཡེ་ཤེས་ཀྱི་ཚོམ་བུ། །གཉིས་མེད་རོལ་པ་འདི་ཧ་ཧ། །ཀ་དག་ཡེ་གྲོལ་གྱི་ལྟ་བ། །མཐའ་དབུས་སྤྲོས་མཐའ་དང་བྲལ་སོང་། ལྷུན་གྲུབ་འོད་གསལ་གྱི་སྒོམ་པ། །ཉིན་མཚན་འཁོར་ཡུག་ཏུ་འབྱམས་ཐལ། གང་ཤར་རང་གྲོལ་གྱི་སྤྱོད་པ། །མ་བཅོས་ལྷོད་གྲོལ་ལ་ལངས་སོང་། །སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ། །རེ་དོགས་ཡིད་སྨོན་ནི་མི་འདུག །ཕ་རྒན་དྲིན་ཆེན་གྱི་ཐུགས་རྗེས། །ང་ཅག་སྐྱིད་པོ་རང་འདུག་གི། །སྨྱོན་པ་འུར་ལངས་ཀྱི་ཚུལ་དུ། །ཞབས་བྲོ་ཅི་ཞིག་ན་མི་བརྡུང་། །ཨ་ཧོ། བློ་བྲལ་ཟང་ཐལ་གྱི་ལྟ་བ། །གཉུག་མའི་དྲན་པ་ཡིས་སྐྱོངས་དང་། །འཕོ་མེད་ཆོས་སྐུ་རུ་གྲོལ་ལ། །དེ་ཙམ་དཀའ་རྒྱུ་ཞིག་མི་འདུག །ས་ལམ་བྱར་མེད་ཀྱི་ངང་དུ། ཚོགས་དྲུག་ལྷུག་པ་རུ་ཞོག་དང་། །སྒྱུ་ལུས་ཕུང་པོ་ཁོ་ཞིག་ཚེ། །གདོད་མའི་ནང་དབྱིངས་སུ་ཆས་འགྲོ། །དེ་འདྲའི་ལྟ་མགུར་ནི་སྙན་པོའི། །རྒྱང་གླུ་རིང་མོ་ཞིག་འཐེན་མཁན། །ཆོས་མེད་བཙུན་པ་ཡི་གཟུགས་བརྙན། །སྤྲང་པོ་སྨྱོན་པ་དེ་ཡིན་སྐད། །འདི་ནས་བྱང་ཆུབ་ཀྱི་བར་དུ། །འབྲལ་མེད་མཆེད་པོ་དེས་བསྐུལ་ཚེ། །གང་ཤར་ཐོལ་བྱུང་གི་ཚུལ་དུ། །མིག་འཕྲུལ་ལྟ་བུ་རུ་བྲིས་སོ། །ཞེས་སྐྱབས་རྗེ་རིན་པོ་ཆེའི་ཞབས་རྡུལ་སྤྱི་བོར་འཛིན་པ་ཆོས་མེད་བཙུན་པའི་གཟུགས་བརྙན་ཀུན་བཟང་གཞན་ཕན་མཐའ་ཡས་སུ་༼གཡུ་ཁོག་བླ་མའི་མཚན་གྱི་རྣམ་གྲངས་༽འབོད་པས་བྲིས་པའོ། །བྷ་ཝནྟུ།

༄༅། །བླ་མ་དམ་པ་ཆོས་དགའ་ལ་གདམས་པ། བླ་མ་དམ་པ་ཆོས་དགའ་ལ་གདམས་པ། མགོན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །ཕ་བཀའ་དྲིན་མཚུངས་མེད་རྔ་ཡབ་གླིང་། །དེ་དབྱེར་མེད་བླ་མ་རིན་པོ་ཆེ། །སྟེང་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །ཨ་ཧོ། མཐའ་མེད་ཀྱི་འཁོར་བའི་གྲོང་ཁྱེར་དུ། །ཟིན་མེད་ཀྱི་ཚེ་འདིའི་བྱ་བཞག་རྣམས། །བར་མེད་དུ་སྐུ་ཚེ་འདི་ཉིད་ལ། །དེ་བསྒྲུབས་ཀྱང་འགྲུབ་དུས་མི་འོང་གི། དོན་དེ་ཕྱིར་སྐལ་བཟང་གྲོགས་ཁྱེད་ཀྱིས། །འཇིག་རྟེན་གྱི་བྱ་བ་བློ་ཡིས་ཐོངས། །ངེས་མེད་ཀྱི་དབེན་པའི་རི་ངོགས་སུ། །ཐེག་རྒྱལ་གྱི་ཁྱད་ཆོས་ཉམས་སུ་ལོངས། ཨ་ཧོ། གནས་ཙིཏྟ་སྨུག་པོའི་ གུརཁང ་ནས། །རྩ་རྒྱ་མཚོ་གསེར་གྱི་ཉི་མ་ལས། བྱུང་བ་ཡི་ཀ་ཏི་ཤེལ་སྦུག་ཅན། །དེ་རྒྱང་ཞག་ཆུ་ཡི་སྒྲོན་མར་འབྲེལ། འདུས་མ་བྱས་རྡུལ་བྲལ་ནམ་མཁའི་དབྱིངས། །བློ་འཇུར་བུ་མ་ཡིན་ལྷོད་གྲོལ་དུས། །དོན་གཟིགས་སྟངས་གསུམ་གྱིས་དབྱིངས་ལ་ལྟོས། །དབྱིངས་རྣམ་པར་དག་པའི་སྒྲོན་མ་འདི། །འོད་ལྔ་ཡི་ཟླུམ་འཁྲིགས་ར་བ་ཅན། །དེ་དབུས་ཐིག་ལེ་སྟོང་པའི་སྒྲོན། །ལྔ་ལྡན་འོད་ཀྱི་ཚོམ་བུ་ཅན། །པདྨ་འདབ་མ་བཞི་བཞིས་བརྒྱན། །དེ་དབུས་རྡོ་རྗེ་ལུ་གུ་རྒྱུད། མུ་ཏིག་བསྟར་ལ་བརྒྱུས་པའམ། །གསེར་གྱི་སྐུད་པ་ལྡིང་འདྲ་ལ། །ཐིག་ལེ་དང་ཐིག་ཕྲན་མང་པོས་བརྒྱན། །དོན་དེ་མཐོང་གི་སྐྱེས་བུ་སྐལ་བ་བཟང་། །ཐབས་ཅོག་བཞག་འཁྱིལ་བའི་མན་ངག་གིས། །ལུས་མི་གཡོ་སྐུ་གསུམ་བཞུགས་སྟངས་དང་། །ངག་མི་སྨྲ་ལས་རླུང་དབུ་མར་བསྐྱལ། །སེམས་འཁྲུལ་མེད་དབྱིངས་རིག་མ་བུ་བསྲེ། །གནས་དག་དབྱིངས་དབུ་མའི་གྲོང་ཁྱེར་ན། །གཞི་ཆོས་སྐུའི་རང་བཞིན་སྤྲོས་དང་བྲལ། །ལམ་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་ནས། །དོན་འབྲས་བུ་སྐུ་བཞིའི་རྒྱལ་ས་ཟིན། །ཞེས་བླ་མ་དམ་པ་ཆོས་དགའ་ནས་ཞལ་གདམས་ཤིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར་ཆོས་དབྱིངས་རང་གྲོལ་གྱིས་བྲིས་པ་དགེ།

༈ དབྱིངས་རིག་དབྱེར་མེད་དགོངས་པ་སངས་རྒྱས་ཀྱི་མཐར་ཐུག །དག་ཆེན་དབྱིངས་དེ་དམ་ཆོས་རྒྱ་མཚོ་ཡི་བརྗོད་བྱ། །དགོངས་པ་དེ་རྟོགས་འཕགས་པའི་དགེ་འདུན་དུ་བཞུགས་པ། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་དེ་མཁྱེན་ནོ། །ཐབས་མཁས་རྣམ་རོལ་དུས་གསུམ་བླ་མ་ཀུན་དབྱེར་མེད། །ཟུང་འཇུག་ཀློང་ན་དཀྱིལ་འཁོར་རྒྱ་མཚོ་ཡི་ཁྱབ་བདག །ཆོས་ཉིད་མཁའ་ལ་དགོངས་པའི་རྩལ་ཤུགས་ཀྱིས་འགྲོ་བའི། །རྩ་གསུམ་ཀུན་འདུས་རྩ་བའི་བླ་མ་དེ་མཁྱེན་ནོ། །ཆོས་ཟད་དགོངས་པ་ཆོས་སྐུའི་སངས་རྒྱས་ཡི་ངོ་བོ། །ཚད་ཕེབས་རིག་གདངས་ལོངས་སྐུའི་དཀྱིལ་འཁོར་གྱི་འཆར་གཞི། །མངོན་སུམ་གོང་འཕེལ་སྤྲུལ་སྐུའི་སྣང་བ་ལ་རོལ་བའི། །སྐུ་གསུམ་དབྱེར་མེད་རྩ་བའི་བླ་མ་དེ་མཁྱེན་ནོ། །

༄༅། །སྐྱེ་མེད་ཆོས་སྐུའི་སོགས་ཤོ་ལོ་ཀ་ང་གསུམ་ཅན། སྐྱེ་མེད་ཆོས་སྐུའི་བླ་མ་ཀུན་མཁྱེན་རྗེ། །འགག་མེད་ལོངས་སྐུའི་བླ་མ་འཇིགས་མེད་གླིང་། །རིས་མེད་སྤྲུལ་སྐུའི་བླ་མ་འབྲུག་པ་དང་། །དབྱེར་མེད་རང་བྱུང་རིག་པའི་རྒྱལ་པོར་འདུད། །སྲིད་རྩེ་ནས་བཟུང་མནར་མེད་ཡན་ཆད་དུ། །སྡུག་བསྔལ་ལས་གཞན་བདེ་བ་ཡོད་མིན་ཕྱིར། །དེ་ལས་ཐར་འདོད་བློ་ཤུགས་དྲག་པོ་ཡིས། །འཁོར་བར་ཞེན་པ་ལོག་པའི་ངེས་འབྱུང་སྒོམས། །མཐའ་མེད་འཁོར་བའི་གྲོང་ཁྱེར་དྲུག་པོ་ན། །མ་རྒན་ཉམ་ཐག་ལས་ཀྱི་རྗེས་འབྲང་ནས། །ཡང་ནས་ཡང་འཁོར་ཤིང་རྟའི་འཕང་ལོ་བཞིན། །དེ་ཚུལ་སོམས་ལ་བྱང་ཆུབ་སེམས་གཉིས་སྒོམས། །རིག་སྟོང་ཟུང་འཇུག་ཆེན་པོའི་རང་རྩལ་ལས། །རོལ་བ་འགག་མེད་སྣོད་བཅུད་ཞིང་སྐུར་ཤར། །བརྗོད་བྲལ་སྔགས་ཀྱི་རྒྱལ་པོའི་རང་རྩལ་ལས། །རོལ་པ་འགག་མེད་སྒྲ་གྲགས་སྔགས་སུ་ཤར། །ཐུགས་རྗེ་ཀུན་ལ་ཁྱབ་པའི་རིག་རྩལ་ལས། །རོལ་པ་འགག་མེད་དྲན་རྟོག་བཟང་ངན་ཀུན། །སྤང་བླང་མེད་པར་གང་ཤར་རང་སར་གྲོལ། །དེ་ལྟར་སྣང་སྲིད་རྣམ་དག་དག་སྣང་སྒོམས། །གདོད་མའི་སྟོང་ཆེན་དབྱིངས་ཀྱི་དགོངས་ཀློང་ན། །རིག་པའི་ཡེ་ཤེས་གཡོ་མེད་ཡེ་ནས་བཞུགས། །རང་རྩལ་འགག་མེད་མེ་ལོང་གཡའ་བྲལ་བཞིན། །རོལ་པ་ཤར་གྲོལ་ནམ་མཁའི་བྱ་རྗེས་ལྟར། །དགེ་དང་མི་དགེ་རྟོག་ཚོགས་བཟང་ངན་ཀུན། །བག་ཆགས་བསགས་ལོང་མེད་པར་གྲོལ་བའི་ཚེ། །ཐ་མལ་འཁྲུལ་འབྱམས་ཡོད་པ་མ་ཡིན་ཏེ། རིན་ཆེན་གླིང་དུ་ས་རྡོ་བཙལ་བཞིན་ནོ། །ཆོས་ཀྱི་དབྱིངས་ལ་མཐའ་དབུས་ཡོད་མིན་ཞིང་། །དབྱིངས་ཀྱིས་གར་ཁྱབ་རིག་པའི་ཡེ་ཤེས་ཀྱིས། །ཁྱབ་པ་ཡིན་ཏེ་རིག་སྟོང་དབྱེར་མེད་ཕྱིར། །མེ་དང་ཚ་བ་ཆུ་དང་རླན་བཞིན་ནོ། །དེ་འདྲའི་དགོངས་ཀློང་མངོན་དུ་མ་གྱུར་ན། །ཀ་དག་ཟང་ཐལ་མཐའ་དབུས་བྲལ་ཞེས་དང་། །ཁྱབ་བརྡལ་རིག་པ་ཚིག་ཙམ་བརྗོད་པ་ལ། །གཤིས་དེར་ཕེབས་པའི་སྐལ་བ་ཡོད་མི་སྲིད། །དེ་ཕྱིར་སེམས་རིག་ལ་ཤན་མ་ཕྱེ་བར། །ཉམས་དང་སེམས་ཀྱི་སྦུབས་དང་བྲལ་བ་ཡི། །རིག་སྟོང་རྗེན་པའི་རང་ཞལ་མཐོང་སྲིད་ན། །གྲུབ་པའི་དབང་ཕྱུག་རྣམས་ཀྱི་བཞད་གད་གནས། །རྣམ་རྟོག་མེད་པའི་སྟོང་ཉམས་ཙམ་ཞིག་ལ། །མཉམ་པར་བཞག་ན་འཁྲུལ་རྟོག་བག་ཉལ་དུ། །ཡོད་པ་རེ་ཞིག་ལྡང་བར་མི་ནུས་ཀྱང་། །རྟོག་ངན་དུག་རོ་རྐྱེན་དང་ཕྲད་ན་ལྡང་། །ལྟ་མཚང་སྤྱོད་པས་ཕུད་ཅེས་གསུངས་པ་དེ། །འདི་ལ་མི་སྨྲ་གཞན་དུ་ཡོད་དམ་ཅི། །དེ་ཕྱིར་གྲོལ་ཚུལ་གདེངས་དང་ལྡན་བྱས་ན། །སྒྲུབ་བརྒྱུད་དམ་པའི་ཕྱག་བཞེས་ཁོ་ན་འོ། །ཆོས་མེད་སྤྲང་པོ་སྨྱོན་པའི་ངང་ཚུལ་ངས། །གླུ་དབྱངས་དར་དིར་སྒྲོགས་པའི་བྷྲ་མ་ར། །ལྷ་རྫས་དར་གྱི་འདབ་གཤོག་ལེགས་བསྐྱོད་དེ། །ཁྱོད་དྲུང་པདྨའི་ཚལ་དུ་དེ་རིང་མངག །དགེའོ། །

༄༅། །སེམས་རིག་ཤན་འབྱེད་ཀྱི་མན་ངག་བཞུགས། ཨ་ཧོ། དཔལ་མགོན་བླ་མའི་ཐུགས་རྒྱུད་ཀྱི། །བྱིན་རླབས་མོས་གུས་ཁོ་ན་ཡིས། །འདྲེན་པར་འདོད་པ་གང་སུ་ཞིག །ཡོད་ན་སྙན་གྱི་དབང་པོས་གསོན། །ཁྲེགས་ཆོད་སྟོང་པའི་ཡེ་ཤེས་དང་། །ཐོད་རྒལ་སྣང་བའི་འོད་གསལ་གཉིས། །ཟུང་འཇུག་ཆེན་པོར་བཞུགས་པ་ལ། །འཕགས་ལམ་རྫོགས་པ་ཆེན་པོར་གྲགས། །གཞོན་ནུ་བུམ་སྐུའི་མཁའ་ཀློང་ན། །འཕོ་ཆེན་རྡོ་རྗེའི་རོལ་མོ་ཅན། །ནང་གསལ་ཐིམ་ལ་མ་རྨུགས་པའི། །ཕྲ་བའི་ཡེ་ཤེས་འགག་པ་མེད། །དེ་ལ་རྟོག་གེའི་དཔྱད་ར་དང་། །བླུན་སྒོམ་མུན་རྡོ་འཕེན་པ་ཡིས། །གོ་རྒྱུ་མྱོང་རྒྱུ་མེད་མོད་ཀྱང་། །གཉིད་དང་བརྒྱལ་བ་ལྟ་བུ་མིན། །རྩོལ་མེད་ཅོག་བཞག་རྣམ་བཞིའི་ངང་། །སེམས་དང་སེམས་བྱུང་འགགས་པའི་ཆ། །ཡེ་ཤེས་རྗེན་པར་མཐོང་འདོད་ན། །རྫོགས་པ་ཆེན་པོར་བློ་ཕུག་གཏོད། །ལས་ཀྱི་རླུང་འདི་རང་སོར་ཞོག །རྟོག་ཚོགས་ཉོན་རླུང་བག་ལ་ཞ། །ཡེ་ཤེས་རླུང་ནི་དབྱིངས་སུ་འཁྱིལ། །འདི་ནི་གདོད་མའི་གྲོལ་ས་འོ། །སེམས་དང་ཡེ་ཤེས་འཕྲད་པའི་ཚེ། །རིག་གདངས་ལས་ཀྱི་རླུང་གིས་བསྐྱོད། །ཀུན་རྟོག་འཁྲུལ་བའི་འཁོར་ལོ་ལ། །བརྟེན་པའི་རྟོགས་ལྡན་འོ་རེ་བརྒྱལ། །འགྱུ་བའི་ཆ་ནི་སེམས་ཡིན་ལ། །རིག་པའི་ཆ་ལ་ཡེ་ཤེས་ཟེར། །རིག་གདངས་རླུང་དང་བྲལ་བའི་ཚེ། །ཡིད་ལས་འདས་པའི་འོད་གསལ་འཆར། །དེ་ཚེ་སྐུ་གསུམ་འདུ་འབྲལ་མེད། །ངོ་བོ་སྟོང་པས་རྟག་མཐའ་བྲལ། །རང་བཞིན་གསལ་བས་ཆད་མཐའ་བྲལ། །ཐུགས་རྗེའི་རིག་པ་བེམ་སྟོང་མིན། །འདི་ནི་ཀུན་ལ་བརྗོད་མི་བྱ། །གནད་མེད་སྡུག་སྒུར་བྱེད་རྣམས་ཀྱིས། །མཐོང་ན་ཅ་ཅོའི་འུར་སྐད་འདོན། །སྙིང་གི་དབུས་སུ་ཨ་ཐམ་རྒྱ། །དེ་ལྟར་སྨྱོན་པའི་རྒྱང་གླུ་འདི། །ཚིག་དང་དཔེ་ལ་མ་ལྟོས་པར། །མཉམ་བཞག་ངོས་ལ་ཞལ་བཤུས་ནས། །དད་ལྡན་དགེ་བའི་གྲོགས་ལ་གདམས། །ཞེས་ཆོས་མེད་སྤྲང་པོ་སྨྱོན་པ་ཆོས་དབྱིངས་རང་གྲོལ་གྱིས་ཤར་མར་བྲིས་པའོ། །

༄༅། །སྔ་མའི་རྟོག་པ་སོགས་ཚིགས་བཅད་ལྔ་པ། ཨ་ཧོ། སྔ་མའི་རྟོག་པ་དེ་འགགས་ནས། །ཕྱི་མའི་རྟོག་པ་ཡང་མ་སྐྱེས། །བར་གྱི་སྟོང་ཉམས་ལ་ཞེན་ནས། །མི་ཚེ་སྟོང་ཟད་དུ་མ་གཏོང་། །བསྒོམས་ཀྱང་སེམས་འཛིན་གྱི་བསམ་གཏན། །མ་བསྒོམས་འཁྲུལ་འབྱམས་ཀྱི་རང་བཞིན། །དེ་འདྲའི་གནས་འགྱུ་ཡི་ཉམས་ལེན། །ངལ་བ་དོན་མེད་དེ་སྐྱུར་ཐོངས། བརྒྱུད་གསུམ་དཔལ་མགོན་གྱི་བླ་མ། །སྤྱི་གཙུག་བདེ་ཆེན་དུ་བསྒོམས་ལ། །དབང་བཞི་ལེགས་པོ་ཞིག་བླངས་རྗེས། །ཐུགས་ཡིད་དབྱེར་མེད་དུ་སྲེས་ཤོག །འཁོར་བ་ཞེན་ལོག་གི་ངེས་འབྱུང་། །གཞན་ཕན་དོན་གཉེར་གྱི་བྱང་སེམས། །སྣང་སྲིད་རྣམ་དག་གི་དག་སྣང་། །ཆོས་ཀྱི་རྩ་བ་རུ་འདུག་གོ །ཀ་དག་ཡེ་གྲོལ་གྱི་ལྟ་བ། །གཉུག་མའི་དྲན་པ་ཡིས་སྐྱོངས་དང་། །ཨ་ཝ་དྷུ་ཏི་ཡི་མདུད་རྒྱ། །འགྲོལ་བ་དཀའ་མོ་རང་མི་འདུག །དགེའོ། །

༄༅། །སངས་རྒྱས་གཉིས་པ་སོགས་ཤོ་ལོ་ཀ་ཉེར་གཉིས་པ། སངས་རྒྱས་གཉིས་པ། །རྔ་ཡབ་གླིང་པ། །གང་དང་མི་གཉིས། །ཀུན་མཁྱེན་ཡབ་སྲས། །སྙིང་གི་དབུས་ན། །འདུ་འབྲལ་མེད་དོ། །རང་རེ་ཀུན་མཁྱེན། །ཆེན་པོའི་རྗེས་འཇུག །འཁོར་བར་ཞེན་པ། །ལོག་པའི་ངེས་འབྱུང་། །གཞན་ཕན་དོན་དུ། །གཉེར་བའི་བྱང་སེམས། །བླ་མ་སངས་རྒྱས། །དངོས་སུ་མཐོང་བའི། །དད་དང་མོས་གུས། །ཡང་ཡང་བྱས་ན། །བྱིན་རྒྱུན་སྙིང་གི། །དབུས་སུ་འཕོ་འོང་། །རྡོ་རྗེའི་མཆེད་པོ། །བདག་ལ་གསོན་དང་། །གང་གིས་རྣལ་མ། །བསྒོམ་པའི་ཚེ་ན། །བྱིང་དང་རྨུགས་པའི། །དབང་དུ་སོང་ན། །ཅི་ཙམ་བསྒོམ་ཡང་། །ངལ་བ་དོན་མེད། །བྱིང་བ་དྭངས་བའི། །དྭངས་ཆ་ཐོན་ན། །ཡུལ་མེད་སངས་བའི། །ཡེ་ཤེས་ངང་ལ། །མི་གཡོ་རྒྱ་མཚོ། །ལྟ་བུར་གནས་ལགས། །རྨུགས་པ་སངས་བའིི། །གསལ་ཆ་ཐོན་ན། །གསལ་ལ་རྟོག་མེད། །ཉི་མའི་དཀྱིལ་འཁོར། །ལྟ་བུའི་ངང་ལ། །གནས་པ་ཡིན་ལགས། །སྟོང་ཆ་དག་པའི། །རྗེན་ཆ་ཐོན་ན། །བྱ་རྩོལ་བྲལ་བ། །ནམ་མཁར་དྭངས་པའི། །དཀྱིལ་འཁོར་ལྟ་བུའི། །ངང་ལ་གནས་ལགས། །གསུམ་དུ་དབྱེ་ཡང་། །ཐ་མི་དད་ཅིང་། །དུས་གསུམ་དུས་མེད། །ཆོས་ཉིད་འཁོར་ལོ། །ཐུན་མཚམས་རིས་མེད། །ཉམས་ལེན་མ་ཤེས། །དྭངས་གསལ་རྗེན་པ། །རྗེན་འདེད་གྱིས་དང་། །གཟུང་འཛིན་ལས་རླུང་། །ཉི་ཁྲི་ཆིག་སྟོང་། །དབུ་མར་ཞུགས་པ། །དཀའ་མོར་མི་འདུག །ཨ་ཝ་དྷུ་ཏིའི། །མདུད་རྒྱ་གྲོལ་ན། །གང་ལྟར་བསྒོམས་ཀྱང་། །དེ་ཡིས་མི་འཆིང་། །ཀ་དག་རིག་པ། །དེ་ལ་ལོས་ཟེར། །འཁྲུལ་སྣང་གཞི་ལ། །ཐིམ་པའི་ལག་རྗེས། །ཆོས་ཀྱི་འཁོར་ལོའི། །རྩ་མདུད་གྲོལ་ཚེ། །ལོངས་སྤྱོད་འཁོར་ལོའི། །རྫ་རྔ་རྡུངས་ཤོག །ཐོད་རྒལ་བསྒོམས་པས། །ཚེ་འདི་ཉིད་ལ། །སྣང་ཆ་ལོངས་སྤྱོད། །རྫོགས་སྐུར་གྲོལ་འོང་། །རང་ལུས་རྡུལ་ཕྲན། །དེངས་བ་ཨ་ཏི། །རྫོགས་པ་ཆེན་པོའི། །ཁྱད་ཆོས་ཡིན་ལགས། །དྲན་པ་རྣམ་གྲངས། །མང་དུ་ཡོད་ཀྱང་། །ཚོགས་བརྒྱད་བློ་དང་། །བྲལ་བའི་ཚེ་ན། །མིང་ལ་གཉུག་མའི། །དྲན་པ་ཐོགས་ཤིག །ཆོས་གྲོགས་དམ་པ། །ཡོན་ཏན་རྒྱ་མཚོས། །འདི་ལྟར་དགོས་ཞེས། །ཡང་ཡང་བསྐུལ་ནས། །སྙོམ་ལས་མཁན་གྱིས། །མིག་འཕྲུལ་ལྟ་བུར། །གང་ཤར་ཐོལ་བྱུང་། །མྱུར་དུ་བྲིས་སོ། །

༄༅། །མཚུངས་མེད་དྲིན་ཆེན་སོགས་ཚིག་རྐང་བཅུ་བདུན་པ། མཚུངས་མེད་དྲིན་ཆེན་གྱི་བླ་མའི། །ཞབས་རྡུལ་སྤྱི་བོ་རུ་མཆོད་ཡ། །འདི་ནས་བྱང་ཆུབ་ཀྱི་བར་དུ། །འབྲལ་མེད་མཆེད་པོ་དེས་ཞུ་འབྲས། །རྟེན་བཟང་འདི་རྙེད་པར་དཀའ་བས་དལ་བ་ལ་སྙིང་པོ་ལོངས། །མི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་སོམས། །ལས་འབྲས་ལ་བསླུ་བ་མེད་པས་རྒྱུ་འབྲས་ལ་བླང་དོར་གྱིས། །འཁོར་བ་ལ་སྙིང་པོ་མེད་པས་ཆོས་བརྒྱད་ཀྱི་བྱ་བ་ཐོངས། །དགེ་ཆོས་ཀྱི་འབྲས་བུ་ཡིན་པས་ཐར་ལམ་ལ་སྤྲོ་བ་སྐྱེད། །དངོས་གྲུབ་ཀྱི་འབྱུང་གནས་ཡིན་པས་བླ་མ་ལ་གསོལ་བ་ཐོབས། །སྐྱབས་གནས་ཀྱི་མཆོག་གྱུར་ཡིན་པས་དཀོན་མཆོག་ལ་བློ་སྙིང་གཏོད། །འགྲོ་དྲུག་འདི་ཕ་མ་ཡིན་པས་བརྩེ་བའི་སྙིང་རྗེ་སྒོམས། །སྡིག་སྒྲིབ་ཀྱི་ཕྱགས་ཤིང་ཡིན་པས་གཉེན་པོ་སྟོབས་བཞི་སྒོམས། །ལྷ་ཆོས་ཀྱི་རྩ་བ་ཡིན་པས་ཀུན་ལ་དག་སྣང་སྦྱོངས། །སྣང་སྲིད་འདི་བདེན་མེད་ཡིན་པས་སྒྱུ་མའི་རྩལ་སྦྱངས་གྱིས། །ཞལ་གདམས་ཀྱི་ཉིང་ཁུ་ཡིན་པས་རང་སེམས་འདི་ཆོས་ཀྱིས་ཐུལ། །སྤྲང་ང་ཡི་སྙིང་གཏམ་ཡིན་པས་གྲོགས་ཁྱེད་ཀྱི་ཐུགས་ལ་ཟུངས། །མངྒ་ལཾ། ༄༅། །སྣང་སྟོང་ཟུང་འཇུག་ཞེས་བྱའི་མཚན་དོན་ནི། དུས་གསུམ་གཞི་རྩ་བྲལ་ལ་སྟོང་ཞེས་བརྗོད། །སྣ་ཚོགས་འཆར་གཞི་མ་འགགས་སྣང་བ་ཞེས། །གཉིས་མེད་རོལ་ལ་སྣང་སྟོང་ཟུང་འཇུག་སྨྲ། །དབྱིངས་རིག་འདུ་འབྲལ་མེད་པའི་ཐ་སྙད་ཡང་། །གདོད་ནས་སྤྲོས་མཐའ་བྲལ་ལ་དབྱིངས་སུ་བརྗོད། །ཡེ་ཤེས་རྗེན་པར་བཞུགས་ལ་རིག་པ་ཞེས། །ཡེ་ནས་འདུ་འབྲལ་མེད་ལ་དབྱིངས་རིག་གྲགས། །སྣང་སེམས་མ་བུ་འཕྲད་པ་ཞེས་བྱ་ཡང་། །སེམས་ཉིད་གདོད་ནས་གྲོལ་ལ་མ་ཞེས་བརྗོད། །གང་སྣང་འཛིན་ཞེན་བྲལ་ལ་བུ་རུ་གྲགས། །གཉིས་མེད་རོལ་ལ་མ་བུ་འཕྲད་པར་སྨྲ། །ཞེས་ཆོས་དབྱིངས་རང་གྲོལ་པས་སོ། །

༄༅། །སྐྱབས་གནས་ཀུན་འདུས་སོགས་ཚིགས་སུ་བཅད་པ་བཅུ་དྲུག་པ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །དྲིན་ཆེན་བླ་མ་དེ་མཁྱེན་ནོ། །ཤི་བ་སྲོག་ལ་ནི་ཐུག་ཀྱང་། །ཆོས་ཚུགས་བཟང་པོ་ཞིག་མེད་ན། །ངེས་འབྱུང་ཡད་ཡུད་དང་སད་སུད། །ཆུ་ནང་ཀོ་གྲུ་བཞིན་བསྒྱུར་སླ། །ཚུལ་མིན་ཡིད་བྱེད་ཀྱི་རྟོག་ངན། །གང་དྲན་ལག་ལེན་དུ་བཏབ་ན། །ལས་མཐའ་ཅི་འགྲོ་ནི་མི་ཤེས། །སྣ་ཐག་རང་མགོ་ལ་དཀྲིས་ཤིག །མི་རྟག་མཛའ་བཤེས་ཀྱི་གྲོགས་ལ། །ཡུན་རིང་འགྲོག་རློམ་ཞིག་བྱས་ཀྱང་། །འཆི་བདག་གཤིན་རྗེ་ཡི་བསུ་མ། །ནམ་འོང་རང་རེས་ནི་མི་ཤེས། །འཕྲང་རིང་བར་དོ་ཡི་ཡུལ་དུ། །རང་ཉིད་གཅིག་པུ་རུ་ཕེབས་དུས། །བརྩེ་བའི་མཛའ་བཤེས་ཀྱི་གྲོགས་ལ། །འགྲོག་པའི་ཐབས་ཤིག་དེ་ཨེ་ཡོད། །འཆི་བདག་ཁྲིམས་ཁ་རང་ཚ་བས། །དབང་མེད་ཤི་གསོན་གྱི་སྣང་བ། །མི་འདོད་སོ་སོ་རུ་བྲལ་ཏེ། །རང་ཉིད་གཅིག་པུ་རུ་འགྲོ་དགོས། །དེ་བས་ད་ལྟ་ནས་རང་ཉིད། །གྲོགས་མེད་གཅིག་པུ་རུ་བསྡད་ནས། །འཆི་ཁ་འགྱོད་མེད་ཀྱི་ཆོས་ཤིག །ད་ལྟ་ད་ལྟ་ནས་སྒྲུབས་ཤིག །ཚེ་སྲོག་མི་རྟག་པའི་རང་བཞིན། །རླུང་གསེབ་མར་མེ་དང་འདྲ་བས། །རྟག་བརྟན་མེད་ཚུལ་ལ་བསམས་ན། །འཆི་བ་མི་རྟག་དེ་དྲན་འོང་། །ཟིན་མེད་ཚེ་འདི་ཡི་བྱ་བཞག །ཉིན་མཚན་བར་མེད་དུ་བསྒྲུབས་ཀྱང་། །ངལ་བ་འབྲས་མེད་ཀྱི་རང་བཞིན། །ཤེས་ནས་དགོས་མེད་དུ་སྐྱུར་ཐོངས། །མཐའ་མེད་འཁོར་བ་ཡི་གནས་སུ། །མ་རྒན་ཉམ་ཐག་གི་འགྲོ་བ། །སྡུག་བསྔལ་སྣ་ཚོགས་ཀྱིས་མནར་ཚུལ། །བསམ་ན་སྙིང་རྗེ་རང་སྐྱེ་འོང་། །ཕྱི་ནང་སྣོད་བཅུད་ཀྱི་གནས་ཚུལ། །སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར། །གདོད་ནས་རྣམ་དག་ཏུ་ཤེས་ན། །སྣང་སྲིད་དག་མཉམ་དུ་རྟོགས་འོང་། །སྣང་གྲགས་རིག་གསུམ་གྱི་རང་བཞིན། །ཕ་ཅིག་དྲིན་ཆེན་གྱི་བླ་མའི། །སྐུ་གསུང་ཐུགས་གསུམ་དུ་ཤེས་ན། །སྣང་སྲིད་བླ་མ་རུ་ཤར་འོང་། །སྙིང་གི་པདྨོ་ཡི་དབུས་ན། །སྐྱབས་གནས་ཀུན་འདུས་ཀྱི་བླ་མ། །རིག་སྟོང་ཆོས་སྐུ་ཡི་ཚུལ་དུ། །འདི་ནས་བྱང་ཆུབ་ཀྱི་བར་དུ། །འཕོ་མེད་མངོན་སུམ་དུ་བཞུགས་ལ། །ཁ་ཙམ་ཚིག་ཙམ་དེ་མིན་པའི། །ངེས་ཤེས་གཏིང་ཚུགས་ཤིག་རྙེད་ན། །ཐུགས་ཡིད་དབྱེར་མེད་དུ་འདྲེས་འོང་། །སྣ་ཚོགས་ཉམས་ཞེན་གྱི་ཤུན་པ། །དུས་གསུམ་འཁྲུལ་རྟོག་གི་ཡོ་ལང་། །མ་བཅོས་ལྷོད་གྲོལ་ལ་སོང་ན། །རིག་སྟོང་རྗེན་པ་རུ་ཤར་འོང་། །ཨ་ཧོ། ཉམས་སྣང་ཟ་ཟི་ཡི་ངང་ནས། །ཉམས་ཆོད་དམ་དུམ་དུ་བགྱིས་པ། །མགོ་མེད་མཇུག་རྡུམ་གྱི་ཞལ་གདམས། །བླུན་པོ་མགོ་བསྐོར་འདིས་ཅི་བྱ། །ཞེས་བསྐུལ་ངོར་ལྡོག་མིན་ཙམ་དུ་བྲིས་པ་ལགས། །༄༅། །འཁྲུལ་འབྱམས་ལ་སོང་ཚེ་ཅི་བྱེད་མི་འདུག་ཅེས་དྲིས་པའི་ལན་ནི། ཨ་ཧོ། །སྟོང་ཆེན་དབྱིངས་ཀྱི་ཕོ་བྲང་ན། །རང་བྱུང་རིག་པའི་རྒྱལ་པོ་དེ། །དུས་གསུམ་འཕོ་འགྱུར་མེད་པར་བཞུགས། །དེ་རུ་སྡོད་དང་འཁྲུལ་འབྱམས་མེད། །གལ་ཏེ་ལས་རླུང་དང་འགྲོགས་ནས། །ཚོགས་དྲུག་ཡུལ་ལ་རྒྱ་འབྱམས་ན། །འོད་གསལ་ཁང་པའི་སྒོ་དྲུང་དུ། །རང་གྲོལ་གཉུག་མའི་དྲན་པ་ཡོད། །དེ་ལ་མྱུར་དུ་སྦྲན་གྱུར་ན། །སྐད་ཅིག་ཉིད་ལ་གཞི་དབྱིངས་སུ། །སླེབས་ནས་རྒྱལ་ས་ཟིན་པ་རུ། །ཐེ་ཚོམ་མེད་དོ་ས་མ་ཡ། །རྗེས་ཐོབ་སྐབས་ཀྱི་འཁྲུལ་འབྱམས་དང་། །རྨི་ལམ་ཡུལ་གྱི་འཁྲུལ་སྣང་སོགས། །འོད་གསལ་ཀློང་དུ་གྲོལ་འདོད་ན། །ལུས་ངག་ཡིད་ཀྱི་བྱ་བ་ཐོངས། །རླུང་སེམས་གདོད་མའི་གཤིས་ཐོག་ཏུ། །ཐིམ་ནས་རིག་སྟོང་ཆོས་སྐུའི་ཞལ། །མངོན་སུམ་མཇལ་ནས་ཤི་མཐའི་བར། །ཉམས་ལེན་ཐང་ལྷོད་མེད་པར་མཛོད། །དེ་མིན་འདི་ལས་ཐབས་གཞན་ནི། །ཁོ་བོས་མི་ཤེས་གཞན་ལ་དྲིས། །དེ་ལྟར་བསྐུལ་ངོར་ལྡོག་མིན་ཙམ། །གང་ཤར་ཐོལ་བྱུང་ཚུལ་གྱིས་སྨྲས། །ཞེས་ཆོས་དབྱིངས་རང་གྲོལ་པས་སོ། ༈ །བླ་མ་ཐོགས་མེད་ལ་གདམས་པ། །ཀུན་མཁྱེན་རྗེ་ལ་ཕྱག་འཚལ་ལོ། །དྲན་པ་རྣམ་གྲངས་མང་མོད་ཀྱང་། །གྲོགས་ཁྱོད་ཡེངས་པ་ཚོར་ཙམ་ནས། །གནས་ལུགས་ཐོག་ཏུ་ཕེབས་འདུག་ཀྱང་། །དེ་ལ་ད་དུང་གོམས་གྱུར་ན། །ཡེངས་ཚོར་ཙམ་གྱི་དྲན་པ་དེ། །ཡུལ་མེད་སངས་པའི་དུས་ཤིིག་ཡོད། །དེ་ཚེ་དྲན་སྣང་ཡེ་ཤེས་སུ། །འཆར་བའི་མགོ་བོ་རྩོམ་པ་ཡིན། །དེ་ཡི་ངང་མདངས་བསྐྱངས་གྱུར་ན། །ནམ་ཞིག་ཡེངས་ཡུལ་ཚོགས་དྲུག་དང་། །ཡེངས་བའི་མཁན་པོ་གཉིས་འཛིན་སེམས། །ཆོས་ཉིད་དབྱིངས་སུ་སྟོར་བའི་ཚེ། །མཉམ་རྗེས་ཐམས་ཅད་སྒོམ་དུ་ཤར། །ཉི་མ་སྤྲིན་ལས་གྲོལ་བ་བཞིན། །དེ་དག་མདོར་ན་འདི་ལྟར་ལགས། །ཤེས་བྱ་ཡུལ་དང་ཤེས་བྱེད་བློ། །གཉིས་སུ་མེད་པའི་ཡེ་ཤེས་ནི། །མཉམ་པ་ཉིད་དུ་ཤར་བའི་ཚེ། །ཡེངས་ཡུལ་ཆོས་ཉིད་སངས་པ་ཞེས། །དཔལ་མགོན་བླ་མའི་ཞལ་རྒྱུན་ཡིན། །ཚུལ་འདི་བླ་མ་ཐོགས་མེད་ཀྱི། །ཐུགས་ཀྱི་དགྱེས་བཞེད་བསྐང་ཕྱིར་དུ། །སྨྱོན་པས་རྩེད་མོ་བྱས་པ་ལ། །གཞན་གྱིས་ཐུགས་ཁྲེལ་མཛད་དོགས་མེད། །དགེ་ཞིང་བཀྲ་ཤིས་བྷ་ཝནྟུ། །

༄༅། །སེམས་དོན་ལ་གལ་གནད་ཀྱི་སྐོར་ཁ་ཤས། རིག་པའི་ངོ་བོ་སྟོང་པ། གདངས་རང་གསལ་འགག་པ་མེད་པ། ཐུགས་རྗེ་རིས་མེད་པར་ཁྱབ་པའི་གཤིས་ཀྱི་བཞུགས་ཚུལ་ངོ་འཕྲོད་ཕན་ཆན། དེའི་ངང་ལ་འགགས་མེད་ཤུགས་འབྱུང་དུ་འཇོག་པ་མ་གཏོགས། བསལ་བཞག་སྤྲོ་བསྡུ་དང་། ཡིན་མིན་གྱི་རྩིས་གདབ་སོགས་རྡུལ་ཕྲ་རབ་ཙམ་ཡང་བྱ་རྒྱུ་མེད་པ་ལགས། དྷཱ་ཀི་བཛྲ་གྱི་ཞལ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་སོ། །རིག་སྟོང་ཁ་སྦྱོར་གྱི་དགོངས་པ་ནི། དང་པོ་རླུང་སེམས་གཉིས་ཀྱི་རྒྱབ་གྱེས་པ་དང་། བར་དུ་སྣ་ཚོགས་ཉམས་ལ་ཞེན་པའི་ཤུན་པ་བྲལ་བ་དང་། ཐ་མ་དབྱིངས་ལུང་མ་བསྟན་གྱི་སྟོང་ཆ་དྭངས་བ་དང་། དེ་ལྟ་བུའི་བྲལ་བྱའི་ཆོས་གསུམ་བྲལ་བའི་ཚེ་ན། ཡུལ་ཅན་གྱི་རིག་པ་རྗེན་པ། ཡུལ་ཆོས་ཉིད་མཐའ་དབུས་དང་བྲལ་བའི་ཀློང་དུ་གཉིས་མེད་ཟུང་འཇུག་ཏུ་བཞུགས་པ་ནི། དཔེར་ན་གནམ་སྟོང་གི་ཟླ་བ་མཁའ་དབྱིངས་སུ་འཁྱིལ་བ་ལྟ་བུའི་ཆ་དེ་ནི་རིག་སྟོང་ཁ་སྦྱོར་ཡིན་ཏེ། དེ་ཡི་རྩལ་ཤར་གྲོལ་དུས་མཉམ་ཡིན་པས་འོད་གསལ་གྱི་འཆར་སྒོ་འགག་མེད་དུ་བརྗོད་པའོ། །རང་ཐོག་ཏུ་ངོ་ཤེས། ཡིན་ཐོག་ཏུ་ཐག་ཆོད། གྲོལ་ཐོག་ཏུ་གདེངས་བཅའ་བ་ནི་གནད་དམ་པའོ། །དེ་ལམ་རིག་གི་ཆའོ། གཞི་རིག་ནི་ཆོས་དབྱིངས་གདོད་མའི་གཞི་དང་། ཡེ་ཤེས་ཐིམ་བྱའི་རིག་པ་གཉིས་མེད་ཟུང་འཇུག་ཏུ་བཞུགས་པ་ཡིན་ཏེ། དེའི་རྩལ་ཡེ་ཤེས་ལ་ཡེ་ཤེས་རོལ་པའོ། །འབྲས་བུའི་རིག་པ་ནི། སེམས་ཅན་གྲོལ་བའམ་སངས་རྒྱས་པ་གདོད་མའི་སྟོང་ཆེན་གྱི་དབྱིངས་དང་ནང་གསལ་ཕྲ་བའི་ཡེ་ཤེས་གཉིས་མེད་ཟུང་འཇུག་ཆེན་པོར་བཞུགས་ནས་རྩལ་ཆོས་ཉིད་ལ་ཡེ་ཤེས་རོལ་པའོ། །གཞན་ཡང་། བྱིང་བ་ནི་རིག་པའི་གསལ་ངར་གྱི་ཆ་ལྷོད་པ་དང་། རྒོད་པ་ནི་འདོད་པའི་ཕྱོགས་སུ་གཏོགས་པའི་འཕྲོ་བའི་ཆའོ། །རྨུགས་པ་ནི་སེམས་ལ་མུན་པ་བབས་པའི་རྣམ་པ་ཅན་ནོ། །དེའང་རང་སྟོབས་ཀྱིས་དྭངས་བ་ནི་རྩོལ་མེད་ཅོག་བཞག་རྣམ་གསུམ་གྱི་ངང་མདངས་བསྐྱང་བའི་ཚེ་ན། བྱིང་རྒོད་རྨུགས་གསུམ་སྤྲིན་བཞིན་དུ་དྭངས་འགྲོ་བ་དང་། ཐབས་ལ་བརྟེན་པ་ནི། བྱིང་བའི་ཚེ་རླུང་རོ་དགུ་ཕྲུགས་བྱས་ནས། དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་དང་བྲལ་བ་ལ་བརྟེན་ནས་རླུང་སེམས་གཉིས་ཀྱི་རྒྱབ་གྱེས་ཚུལ་ལ་མཁས་པར་བྱའོ། །རྒོད་ན་བླ་མ་སྙིང་དབུས་སུ་བསྒོམས་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ཏེ་དྲན་པ་རང་ཡལ་གྱི་སྟེང་དུ་བླ་མའི་ཞལ་མཐོང་བ་ལ་མཁས་པར་བྱའོ། །རྨུག་ན་དབྱིངས་རིག་བསྲེ་བ་སྟེ། ལས་དང་པོ་པས་ཤེས་པ་མིག་ལ་གཏད་ན་དབྱིངས་དང་ཐིག་ལེ་འཆར་མི་སྲིད། ཤར་ཀྱང་ཡུལ་དང་ཡུལ་ཅན་ལས་མ་འདས་པའི་ཆོས་ཡིན་པའི་ཕྱིར་ན་དབྱིངས་རིག་བསྲེ་དགོས། དེའང་ཤེས་པ་ནང་དུ་ལོག་ནས་དག་དགོས་པ་ཡིན་ཏེ། དེའི་རྟགས་དབྱིངས་ཐིག་སྲབ་མོ་ཙམ་དུ་འགྲོ་བ་ཡིན། དེའི་ངང་ལ་བསྒོམས་ན་དབྱིངས་ཐིག་འཐུག་པོར་འཆར་བ་ཡིན་ཏེ། དེའི་ཚེ་དབྱིངས་རིག་དབྱེར་མེད་དུ་འདྲེས་པ་ཡིན། དེའི་རྟགས་དབྱིངས་ཐིག་ལ་འགུལ་འཕྲིག་གི་རྣམ་པ་ཡོད་པ་མིན་ནོ། །ཉིད་ཀྱིས་འོད་གསལ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པར་འདོད་ན། གླེན་བསྒོམ་ཨུ་ཚུགས་བྱས་པ་ལ་སྙིང་པོ་མེད་པར་མ་ཟད། སྲོག་རྩ་ལ་ལས་རླུང་འཇུག་པའི་གྲོགས་སུ་འགྲོ་བ་ལས་ལོ་བརྒྱར་བསྒོམས་ཀྱང་གྲོལ་བ་མེད་ལགས། དེ་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་ལ་བརྟེན་ནས་འཁོར་འདས་གཉིས་ཀྱི་སྤྱི་གཞི་གཏན་ལ་དབབ་ནས་འཁོར་འདས་དག་མཉམ་གྱི་ལྟ་བ་རྟོགས་དགོས་པ་ཡིན། དེ་ཡང་འདི་ཉིད་རྟོགས་ན་གདོད་མའི་གྲོལ་གཞི་བྱེད་པ་དང་། མ་རྟོགས་ན་སེམས་ཅན་གྱི་འཁྲུལ་གཞི་བྱེད་པས་སྤྱི་གཞི་ཟེར་བ་ཡིན། མདོར་ན་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་ལས་གཞན་པའི་འཁོར་བ་མེད་པ་དང་། འཁྲུལ་བའི་རྟོག་ཚོགས་ཞི་བ་ལས་གཞན་པའི་མྱང་འདས་མེད་པར་ཤེས་པར་གྱིས་ལ་ཞིབ་ཏུ་གཏན་ལ་དབབ་དགོས་སོ། །འཁོར་ལོ་བར་པའི་བསྟན་དོན་ཆོས་ཐམས་ཅད་དབྱིངས་སྤྲོས་པ་དང་བྲལ་བའི་སྟོང་པ་ཆེན་པོ་དང་། འཁོར་ལོ་ཐ་མའི་བསྟན་དོན་སྐུ་དང་ཡེ་ཤེས་བསྟན་པ་དེ་གཉིས། དབྱེར་མེད་ཟུང་འཇུག་ཆེན་པོར་ཀུན་མཁྱེན་ཀློང་ཆེན་དང་། འཇམ་མགོན་མི་ཕམ་རྣམ་རྒྱལ་སོགས་ཀྱི་བཞེད་པ་ཡིན་ལ། གསང་སྔགས་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་སུ། གདོད་མའི་ཡེ་གཞིའམ་ཆོས་སྐུ་གཞི་གནས་ཀྱི་རིག་པ་ཞེས་གསུངས་པ་དང་། འོད་གསལ་རྫོགས་པ་ཆེན་པོའི་སྐབས་སུ་གཞི་བཅིངས་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་འཕྲོད། ལྷུན་གྲུབ་རང་གདངས་འགག་པ་མེད་པས་འཁོར་འདས་ཀྱི་འཆར་གཞི་མ་འགག་པར་ངོ་ཤེས། ཐུགས་རྗེའི་རོལ་བ་ཡུལ་ཐོག་ཏུ་ཤར་ནས་བག་ཆགས་བསགས་ལོང་མེད་པར་དྲན་རྟོགས་རྗེས་མེད་དུ་གྲོལ་བས་ཡིད་ཆེས། དེ་གསུམ་གདོད་ནས་དབྱེར་མེད་དུ་བཞུགས་པ་ལ་སྐུ་གསུམ་དབྱེར་མེད་ཀྱི་རིག་པའམ་རིག་སྟོང་ཟུང་འཇུག་ཞེས་སྔ་འགྱུར་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཞེད་པ་ཡིན་ནོ། །ཡེ་གྲོལ་ཞེས་པ་ནི། གཞི་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ཉིད་ཡེ་གདོད་མ་ནས་གྲོལ་བའི་བདག་ཉིད་ཅན་ཡིན་ཏེ། ད་གཟོད་འབད་པས་སུས་ཀྱང་བཀྲོལ་མི་དགོས་ཞེས། འབད་པ་དང་རྩོལ་བའི་སྒོ་ནས་སུས་ཀྱང་བཀྲོལ་མི་དགོས་ཏེ། གྲོལ་བ་མེད་དེ་གྲོལ་གཞི་རྡུལ་ཙམ་མེད། །ཅེས་གསུངས་སོ། །ཤར་གྲོལ་ཞེས་ཁང་སྟོང་གི་རྐུན་མ་ལྟ་བུའི་གྲོལ་ཚུལ་ནི། ཁང་སྟོང་ལ་ཤོར་རྒྱུ་དང་རྐུན་མ་ལ་ཐོབ་རྒྱུ་མེད་པ་ལྟར་རྟོག་ཚོགས་གང་ཤར་ཐམས་ཅད་བག་ཆགས་གསོག་ལོང་མེད་པར་ལྟ་བའི་ཀློང་དེར་གྲོལ་བའོ། །རང་གྲོལ་ཞེས་སྦྲུལ་གྱི་མདུད་པ་ལྟ་བུའི་གྲོལ་ཚུལ་ནི། སྦྲུལ་མདུད་དེ་གཞན་རྐྱེན་ལ་ལྟོས་མི་དགོས་པར་རང་སྟོབས་ཀྱིས་ཞིག་འགྲོ་བ་ལྟར་རྟོག་ཚོགས་གང་ཤར་ཐམས་ཅད་རྐྱེན་གཞན་ལ་ལྟོས་མི་དགོས་པར་རང་སྟོབས་ཀྱིས་རང་གྲོལ་བའོ། །ཅེར་གྲོལ་ཞེས་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རྟོག་པ་ཡུལ་ལ་གཡོ་བའི་ཚེ་དྲན་པས་ཟིན་ཙམ་ནས་དྲན་མཁན་ཆོས་ཉིད་དུ་སྟོར་བའི་དུས། ཐོག་མའི་སྐྱོང་ཚུལ་མ་ནོར་བ་ཡིན་གསུངས་སོ། །རིག་པའི་ངོ་རང་ཐོག་ཏུ་སྤྲད་པ་ལ། ད་ནི་ཁྱོད་ཀྱིས་རིག་པའི་དབྱིངས་འདི་ལ་ལྟོས་དང་། དབྱིངས་ཀུན་བཟང་བདེ་བ་ཆེན་པོའི་ཕོ་བྲང་ཀློང་ཆེན་ཆོས་སྐུའི་མཁའ་ལྟར་ཕྱལ་བའི་དོན་འདི་ནི་ཆོས་ཐམས་ཅད་ཀྱི་སྣང་གཞི་མཐར་ཐུག་པ། སྣོད་བཅུད་ཐམས་ཅད་དབྱིངས་འདི་ལ་གནས་ཤིང་། དབྱིངས་འདི་ལས་གཡོས་པ་སྐད་ཅིག་ཀྱང་མེད་པར། དབྱིངས་འདིའི་ཀློང་དུ་སོ་སོར་མ་འདྲེས་པར་རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་རྫོགས་ཤིང་། དབྱིངས་ཀྱི་རོལ་པ་རང་བྱུང་གི་ཡེ་ཤེས་རང་ཤར་ཞིང་རང་གྲོལ་བ་ཆུ་ལས་ཆུ་རླབས་གཡོ་བ་ལྟར་བཟང་ངན་མེད་པའི་ཐུགས་རྗེའི་རང་རྩལ་ཀུན་ལ་ཁྱབ་པ། དེ་ལྟ་བུའི་རིག་པ་འདི་ནི། དཔེ་རྐྱེན་གསུམ་དང་བྲལ་བའི་ནམ་མཁའ་ལྟ་བུ། དོན་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ། རྟགས་རོལ་པ་འགག་མེད་དུ་ཤར་ནས་གྲོལ་བ། ངོ་བོ་ཆོས་སྐུའི་དབྱིངས་ལ་བལྟས་ན། གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པ་ཡེ་གཞི་ཀ་དག་གི་དགོངས་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། རང་བཞིན་ལྷུན་གྲུབ་ལོངས་སྐུའི་གདངས་མ་སྤངས་རང་གསལ་གྱི་རྒྱན་ལ་བལྟས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་དབང་ཡུལ་དུ་སྣང་བ་ཐམས་ཅད་ཀློང་ཆེན་ཆོས་སྐུའི་རྒྱ་མཚོ་ལ་ནམ་མཁའི་གཟའ་སྐར་སྣང་བ་བཞིན་དུ་མ་བྱས་ལྷུན་གྱིས་གྲུབ་པའི་ངང་དུ་རང་སྣང་ཞིང་རང་གསལ་བ། ཚོགས་དྲུག་ལྷུག་པའི་དགོངས་པ། སྣང་སྲིད་དག་མཉམ་ཆེན་པོ། སྐུ་དང་ཡེ་ཤེས་ཀྱི་ཉམས་སྣང་། བདེ་ཆེན་འོད་གསལ་གྱི་ཕོ་བྲང་སོགས་རང་སྣང་གནས་དག་གི་དཀྱིལ་འཁོར་སོགས་སུ་སྣང་བ་དང་། ཐུགས་རྗེ་རང་བྱུང་སྤྲུལ་སྐུའི་ཡེ་ཤེས་རོལ་པ་གནས་དག་གི་འཆར་ཚུལ་ལ་བལྟས་ན། རང་བྱུང་འགག་པ་མེད་པའི་རང་གདངས་ལས་རང་ཤར་བའི་ཡེ་ཤེས་ཀྱི་རོལ་པ་འདུ་འཕྲོ་དང་བྲལ་བ་སྐྱེ་འགག་ལས་འདས་པ། མ་བྱུང་མ་སྐྱེས་པ་མ་འགག་པའི་ཐུགས་རྗེ། ཤར་བ་ལྟར་སྣང་ཡང་ཤར་ས་དང་ཤར་མཁན་མེད། གྲོལ་བ་ལྟར་སྣང་ཡང་གྲོལ་རྒྱུ་དང་གྲོལ་མཁན་མེད། ཐམས་ཅད་མཉམ་ཉིད་རིག་པའི་རོལ་པ་འཕྲོ་འདུ་གནས་དག་གི་དགོངས་པ་རྒྱ་མཚོ་ལས་རྦ་རླབས་གཡོ་བ་ལྟར། དབྱིངས་ལས་མ་གཡོས་ཤིང་བཟང་ངན་མེད་པ་སྟེ། རིག་པའི་རང་བཞིན་དེ་ལྟ་བུར་ངོ་འཕྲོད་པའི་གང་ཟག་དེ་ལ་ངེས་ཤེས་ཀྱི་ཉམས་སྣང་བསམ་ལས་འདས་པའང་འཆར་ཞིང་། བླ་མ་དང་ཆོས་ལ་ཡིད་ཆེས་དང་ངེས་པ་གཏིང་ནས་འདྲོང་བ་ཡིན་ནོ་གསུངས་སོ། །མཉམ་བཞག་གི་སྐབས་སུ་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་སྟོང་ཟུང་འཇུག་གི་དབྱིངས་སུ་དུས་གསུམ་གྱི་རྟོག་ཚོགས་གང་ཤར་ཐམས་ཅད་བག་ཆགས་གསོག་ལོང་མེད་པར་ཤར་གྲོལ་རྗེས་མེད་དུ་དག་པ་དང་། རྗེས་ཐོབ་ཀྱི་སྐབས་སུ་དེ་ཉིད་སྤྱོད་ལམ་ལ་བསྲེ་བ་གལ་ཆེ། བརྟན་ཆ་ཐོབ་མ་ཐོབ་རྨི་ལམ་དུ་ཚད་འཛིན་པ་ཡིན། རྟོག་པ་རང་སར་གྲོལ་མི་གྲོལ་རྐྱེན་ངན་པ་དང་འཕྲད་དུས་གོ་དགོས། ཡང་དག་པའི་ལམ་དུ་འགྲོ་མི་འགྲོ་མཉམ་བཞག་གི་ཤུགས་རྗེས་ཐོབ་སྤྱོད་ལམ་སྐབས་སུ་དག་སྣང་དང་སྙིང་རྗེ་ལ་སོགས་པས་ཤེས་པར་གྱིས། རྣམ་ཤེས་དང་ཡེ་ཤེས་གཉིས་ཀ་གསལ་ཞིང་རིག་པ་ཙམ་དུ་མཚུངས་ཀྱང་། ཡུལ་ཇི་བཞིན་མི་རིག་པར་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཇི་བཞིན་རིག་པ་གཉིས་ཀྱི་ཁྱད་ཡོད་ལ། གཟུང་འཛིན་ཅན་གྱི་རྣམ་ཤེས་ལྡོག་ཀྱང་ཡེ་ཤེས་མི་ལྡོག་པར་ཤེས་པར་བྱའོ། །མདོར་ན་རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་རིག་སྟོང་གཉུག་མ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་ཐད་ཀར་རྗེན་པར་ཤར་བ་ངོ་སྤྲད་པར་བྱའོ། །འོད་གསལ་ཞེས་པ་ནི། མེད་དགག་སྟོང་རྐྱང་ཙམ་མིན་ཏེ། དབྱིངས་སྤྲོས་བྲལ་ལ་རིག་གདངས་ཀྱི་ཆ་ཡོད་པའོ། །གཞི་ལས་གཞི་སྣང་འཆར་ཚུལ་དང་། དེ་ལས་འཁྲུལ་གྲོལ་འབྱུང་ཚུལ། འཁྲུལ་བ་གཞི་ལ་ལྡོག་ནས་སླར་འཁྲུལ་མི་སྲིད་པའི་ཚུལ་ཤེས་པར་བྱའོ། །ཐེག་བརྒྱད་གྲུབ་མཐའི་ཞེ་འདོད་ཀྱི་འཛིན་པ་དབྱིངས་སུ་ཞིག་པ་དང་། ལོག་རྟོག་འཁྲུལ་བའི་སྣང་བ་འདི་ཀུན་ཐད་ཀར་རང་སར་དག་པས་ཐ་སྙད་ཀྱི་རྫུན་རིས་དབྱིངས་སུ་ཡལ་ནས་གནས་ཚུལ་ཇི་ལྟ་བ་བཞིན་གཟིགས་པའོ། །མཉམ་བཞག་གི་སྐབས་སུ་ཤེས་རིག་རང་ཚུགས་ཟིན་པ་གནད་གལ་པོ་ཆེ་ཡིན། དེ་ལས་གཞན་པའི་སྟོང་པ་ནམ་མཁའ་འདྲ་བ་སོགས་ལ་དགོས་པ་ཅི་ཡང་མི་འདུགསྤྱོད་ལམ་གྱི་སྐབས་སུ་རིག་ངོ་དྲན་པས་རྒྱུན་དུ་སྐྱོང་བ་གལ་ཆེ་བས་དེ་ལུགས་རེམ། །

༈ རིག་པའི་ངོ་རང་ཐོག་ཏུ་སྤྲད་པ་ལ། ད་ནི་ཁྱོད་ཀྱིས་རིག་པའི་དབྱིངས་འདི་ལ་ལྟོས་དང་། དབྱིངས་ཀུན་བཟང་བདེ་བ་ཆེན་པོའི་ཕོ་བྲང་ཀློང་ཆེན་ཆོས་སྐུའི་མཁའ་ལྟར་གསལ་བའི་དོན་འདི་ནི་ཆོས་ཐམས་ཅད་ཀྱི་སྣང་གཞི་མཐར་ཐུག་པ། སྣོད་བཅུད་ཐམས་ཅད་དབྱིངས་འདི་ལ་གནས་ཤིང་། དབྱིངས་འདི་ལས་གཡོས་པ་སྐད་ཅིག་ཀྱང་མེད་པར། དབྱིངས་འདིའི་ཀློང་དུ་སོ་སོར་མ་འདྲེས་པར་རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་རྫོགས་ཤིང་། དབྱིངས་ཀྱི་རོལ་པ་རང་བྱུང་གི་ཡེ་ཤེས་རང་ཤར་ཞིང་རང་གྲོལ་བ་ཆུ་ལས་ཆུ་རླབས་གཡོ་བ་ལྟར་བཟང་ངན་མེད་པའི་ཐུགས་རྗེའི་རོལ་རྩལ་ཀུན་ལ་ཁྱབ་པ། དེ་ལྟ་བུའི་རིག་པ་འདི་ནི། དཔེ་སྐྱོན་གསུམ་བྲལ་བའི་ནམ་མཁའ་ལྟ་བུ། དོན་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ། རྟགས་རོལ་བ་འགགས་མེད་དུ་ཤར་ནས་གྲོལ་བ། ངོ་བོ་ཆོས་སྐུའི་དབྱིངས་ལ་བལྟས་ན། གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པ་ཡེ་གཞི་ཀ་དག་གི་དགོངས་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། རང་བཞིན་ལྷུན་གྲུབ་ལོངས་སྐུའི་གདངས་མ་སྤང་རང་གསལ་གྱི་རྒྱན་ལ་བལྟས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་དབང་ཡུལ་དུ་སྣང་བ་ཐམས་ཅད་ཀློང་ཆེན་ཆོས་སྐུའི་རྒྱ་མཚོ་ལ་ནམ་མཁའི་གཟའ་སྐར་སྣང་བ་བཞིན་དུ་མ་བྱས་ལྷུན་གྱིས་གྲུབ་པའི་ངང་དུ་རང་སྣང་ཞིང་རང་གསལ་བ་ཚོགས་དྲུག་ལྷུག་པའི་དགོངས་པ། སྣང་སྲིད་དག་མཉམ་ཆེན་པོ། སྐུ་དང་ཡེ་ཤེས་ཀྱི་ཉམས་སྣང་། བདེ་ཆེན་འོད་གསལ་གྱི་ཕོ་བྲང་སོགས་རང་སྣང་གནས་དག་གི་དཀྱིལ་འཁོར་སོགས་སུ་སྣང་བ་དང་། ཐུགས་རྗེ་རང་བྱུང་སྤྲུལ་སྐུའི་ཡེ་ཤེས་རོལ་བ་གནས་དག་གི་འཆར་ཚུལ་ལ་བལྟས་ན། རང་བྱུང་འགགས་པ་མེད་པའི་རང་གདངས་ལས་རང་ཤར་བའི་ཡེ་ཤེས་ཀྱི་རོལ་བ་འདུ་འཕྲོ་དང་བྲལ་བ་སྐྱེ་འགགས་ལས་འདས་པ། མ་བྱུང་མ་སྐྱེས་མ་འགགས་པའི་ཐུགས་རྗེ། ཤར་བ་ལྟར་སྣང་ཡང་ཤར་ས་དང་ཤར་མཁན་མེད་པ། གྲོལ་བ་ལྟར་སྣང་ཡང་གྲོལ་རྒྱུ་དང་གྲོལ་མཁན་མེད། ཐམས་ཅད་མཉམ་ཉིད་རིག་པའི་རོལ་བ་འཕྲོ་འདུ་གནས་དག་གི་དགོངས་པ་རྒྱ་མཚོ་ལས་རྦ་རླབས་གཡོ་བ་ལྟར། དབྱིངས་ལས་མ་གཡོས་ཤིང་བཟང་ངན་མེད་པ་སྟེ། རིག་པའི་རང་བཞིན་དེ་ལྟ་བུར་ངོ་འཕྲོད་པའི་གང་ཟག་དེ་ལ་ངེས་ཤེས་ཀྱི་ཉམས་སྣང་བསམ་ལས་འདས་པའང་འཆར་ཞིང་བླ་མ་དང་ཆོས་ལ་ཡིད་ཆེས་དང་ངེས་པ་གཏིང་ནས་འདྲོང་བ་ཡིན་གསུངས་སོ། །

༈ སེམས་རིག་ཤན་འབྱེད། ལགས། སེམས་རིག་དབྱེ་བ་བྲིས་ཤིག་གསུངས་པ་ལ། འདི་བྱ་འདི་བྱེད་དང་ཉོན་མོངས་རྣམ་རྟོག་སོགས་དང་ཚོགས་དྲུག་གི་ཡུལ་ལ་ཞེན་ཅིང་། བཟང་ངན་སོགས་དབྱེ་ཞིང་རེ་དོགས་སྤང་བླང་བྱེད་མཁན་འདི་ལ་སེམས་ཟེར། དེ་རྣམས་ཇི་ལྟར་ཤར་ཡང་རེ་དོགས་སྤང་བླང་ཅི་ཡང་བྱ་མི་དགོས་པའི་སྐད་ཅིག་མའི་ཤེས་པ་གྲ་མ་ཉམས་པ། བྱིང་རྨུགས་དང་བཟང་རྟོག་ངན་རྟོག་གང་གིས་ཀྱང་མ་བསླད་པའི་རིག་སྟོང་རྗེན་པ་འདི་ལ་རིག་པ་ཟེར་བ་ལགས། སེམས་ཀྱི་ཆ་ཐམས་ཅད་ནི་གཟུང་འཛིན་གྱི་རྟོད་ཕུར་ཡོད་པས་རྣམ་རྟོག་ཤར་ཚད་རྡོ་ལ་རི་མོ་བྲིས་པ་ལྟ་བུ་ཡིན། རིག་པ་ནི་གཟུང་འཛིན་རང་སར་དག་པས་རྣམ་རྟོག་ཤར་ཚད་ཤར་བ་དང་གྲོལ་བ་དུས་མཉམ་པ་ཆུ་དང་བར་སྣང་ལ་རི་མོ་བྲིས་པ་ལྟ་བུ་ཡིན། བདེ་གསལ་མི་རྟོག་སོགས་ཉམས་ཀྱི་ཞེན་པ་ཡོད་པ་ཐམས་ཅད་ཀྱང་སེམས་སུ་གདགས་ལ། ཉམས་ཞེན་རྣམས་རང་སར་དག་ནས་རང་རིག་རྗེན་པ་སྨྲ་བརྗོད་ལས་འདས་པ་གཏད་སོ་ཐམས་ཅད་དང་བྲལ་བའི་ཟང་ཀ་མ་འདི་ལ་རིག་པ་དང་། ཆོས་སྐུ་ཀ་དག་སོགས་ཀྱི་ཐ་སྙད་ཙམ་དུ་བཏགས་པ་ཡིན་པས་གོ་བར་གྱིས་ཤིགལུང་ལས། བསྒོམ་མ་མྱོང་དང་བྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་གསུངས་པ་ལྟར། མི་སྒོམ་པའི་སྒོམ་པ་ཆེན་པོ། བསྒོམ་རྒྱུ་སྤུ་ཙམ་མེད་ལ། ཡེངས་སུ་སྐད་ཅིག་ཀྱང་མེད་པའི་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་འདི་དང་འབྲལ་བ་མེད་པར་མཛོད་ཅིག །ཅེས་ཕུལ་ལགས།

༄༅། །འཚོ་བྱེད་སྨན་པ་གཞོན་ནུས་སེམས་དོན་གྱི་དྲིས་ལན་བྱིས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཉིད་ཀྱིས་སེམས་དོན་གྱི་དྲིས་ལན་རྫོགས་ཆེན་སེམས་སྡེའི་ཉམས་རིམ་དང་ཕྱོགས་མཚུངས་པར་སྦྱར་ནས་བཤད་ན། ཉམས་དང་པོའི་སྐྱེ་ལུགས་ནི་དཔེ་རི་གཟར་གྱི་རྦབ་ཆུ་དང་འདྲ་སྟེ། ཆགས་སྡང་ལ་སོགས་པའི་རྣམ་རྟོག་མང་དུ་སོང་བ་ཞིག་འོང་། དེ་ཚེ་རེ་འགའ་རྣམ་རྟོག་ཤར་བ་ལ་སྐྱོན་དུ་བལྟས་ནས་དགག་སྒྲུབ་བྱས་པས་སྙིང་རླུང་ལྡང་ནས་ཚིག་པ་ཟ་བ་དང་། རེས་ང་ལ་སྒོམ་མི་འོང་བར་འདུག་སྙམ་ནས་ཡི་མུག་སྐྱེ་བའང་ཡོད། འདི་དུས་བློ་ཚབ་ཚུབ་མང་པོ་མི་བྱེད་པར་ལུས་སེམས་ལྷོད་པ་གནད་ཡིན། ཡང་ན་འགྱུ་བ་ཨར་ལ་གཏད་པའི་མན་ངག་ཡང་ཟབ། ཉམས་གཉིས་པའི་སྐྱེ་ལུགས་ནི། དཔེ་ཆུ་ནང་གི་བྱིའུ་དང་འདྲ་སྟེ། རེས་ཆུ་ནང་འཛུལ། རེས་སྟེང་དུ་ཐོན། སྐབས་རེ་རྡོ་སྟེང་སྡོད་པ་དང་འདྲ། རེས་འགའ་འཕྲོ། རེས་འགའ་གནས། འདིའི་ཚེ་གནས་པར་དགའ་སྤྲོ་མི་བྱ། ཤར་བ་སྐྱོན་དུ་མི་བལྟ་བ་གནད་ཡིན། ཉམས་གསུམ་པའི་སྐྱེ་ལུགས་ནི། དཔེ་མི་རྒན་དང་འདྲ་སྟེ། སྡོད་པ་ཤས་ཆེ་སྐབས་རེར་འཕྲོ་ཡང་། ཤས་ཆེར་གནས་པའི་ཉམས་ཤུགས་ཆེ་བ་ཞིག་འོང་། དེའི་ཚེ་སྒོམ་ཡོང་དུ་རེ་བ་དང་། མ་བྱུང་བའི་དོགས་པ་གཉིས་ཀ་མི་བྱ་བ་གནད་ཡིན། ཉམས་བཞི་པའི་སྐྱེ་ལུགས་ནི། དཔེ་ཕུབ་མའི་འོག་གི་ཆུ་དང་འདྲ་སྟེ། ལྷོད་ཆེ་ན་རྣམ་རྟོག་མི་རྟོག་པ་འདྲ་མོ་འགྱུ་དྲན་གང་ཡང་མེད་པ་ཞིག་འོང་། དེའི་རྗེས་སུ་སྒོམ་མཁན་རང་གིས་མི་ཚོར་བ་རྣམ་རྟོག་ཕྲ་མོ་འོག་འགྱུར་འགྲོ་བ་ཡིན་པས་འདི་དུས་དྲན་པ་ཅུང་ཟད་སྒྲིམ་པ་གནད་ཡིན། ཉམས་ལྔ་པའི་སྐྱེ་ལུགས་ནི། དཔེ་རི་བོ་དང་འདྲ་སྟེ། སེམས་གང་དུ་མི་འགྲོ་བར་ཉིན་མཚན་ཀུན་ཏུ་གནས་པ་ཞིག་འབྱུང་། འདི་ཉེས་ན་ཉན་ཐོས་འགོག་པའི་ཕྱོགས་སུ་འགྲོ། ལེགས་ན་ཞི་གནས་ཕུལ་དུ་ཕྱིན་པ་ཡིན། འདིའི་སྐབས་སུ་ངའི་ལྟ་བ་འདི་ལས་ལྷག་པ་གཞན་སུ་ལ་ཡོད་སྙམ་པའི་རང་མཐོང་གི་ང་རྒྱལ་སྐྱེས་ནས་འདྲི་ས་དང་གླེང་ས་ཙམ་མེད་པའི་བླུན་སྒོམ་མུན་རྡོ་འཕེན་པར་ཡང་འགྲོ་སྲིད། དེ་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་འབྲེལ་ན་དཔལ་སྤྲུལ་རིན་པོ་ཆེའི་བསྐྱེད་རིམ་ལྷའི་དཀའ་གནད་ལས། སྟོང་ཉིད་ཀྱི་གོ་ཡུལ་ཡོད་པ། བསྐྱེད་རིམ་གྱི་གསལ་སྣང་ཐོན་པ། བཟླས་པའི་གྲངས་འཁྱོལ་བ་དུ་མ་བྱམས་སྙིང་རྗེ་དང་བྲལ་ནས་རྒྱལ་འགོང་དུ་སྐྱེ་བ་ཡིན་ཅེས་ཡང་ཡང་ཞལ་གྱིས་བཞེས་པ་ཡིན་པས་གཟབ་པར་བྱ་དགོས། མདོར་ན་ཞི་གནས་ཀྱི་ཉམས་མི་རྟོག་པ་དེ་ཉིད་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱིས་སད་པར་བྱས་ནས་ཞི་ལྷག་ཟུང་འབྲེལ་དུ་བསྒོམ་པ་གནད་ཡིན་པས་ཐུགས་ལ་ངེས་པར་ཞུ་ཞེས་ཕྲན་ཆོས་དབྱིངས་རང་གྲོལ་ནས་ཕུལ།

༄༅། །ཤར་རྒྱལ་མོ་རོང་བ་འཇིགས་མེད་ཡེ་ཤེས་ལ་ཡིག་འཛར་ཕུལ་བ། འོད་གསལ་རྫོགས་པ་ཆེན་པོའི་ལམ་མ་ནོར་བ་དེ་བརྒྱུད་ལྡན་གྱི་བླ་མའི་བྱིན་རླབས་ལ་བརྟེན་དགོས་པས་བསགས་སྦྱང་སྤེལ་གསུམ་གྱི་གནད་འདུས་པ་བླ་རྣམ་ལ་འབད་པ་གལ་ཆེ། དེ་ནས་ཨོ་རྒྱན་པདྨ་དང་རང་སེམས་དབྱེར་མེད་བསྲེས་ལ། བཟང་ངན་གྱི་རྣམ་རྟོག་གང་གིས་ཀྱང་མ་བསླད་ཅིང་སྤང་བླང་དགག་སྒྲུབ་ཀྱི་རྩོལ་བས་མ་གོས་པའི་གཤིས་རང་བབས་ཀྱི་རིག་ཆ་རྗེན་པ་དེ་ཤེས་པར་བྱས་ཏེ། ཕྱིའི་ཡུལ་སྣང་མི་སྣང་དང་། ནང་རྣམ་རྟོག་འཆར་མི་འཆར་སོགས་ལ་རྗེས་འདེད་རྩིས་འདེབས་གང་ཡང་མི་བྱ་བར། རིག་པ་ཟང་ཐལ་གྱི་ངང་ལས་མ་གཡོས་པ་ལ་བསླབ། ཅུང་ཟད་ཡེངས་གྲབ་བྱེད་ཚེ་ཡང་། ང་ཡེངས་འགྲོ་འམ་ཞེས་དང་། འདི་ལྟར་ཡེངས་འདུག་ཅེས་དང་། མི་གཡེང་པའི་ཕྱིར་དུ་གཉེན་པོ་ཇི་ལྟར་བསྟེན་ན་དྲག་ཅེས་སོགས་ཙབ་ཙུབ་ཟང་ཟིང་གཏན་ནས་མི་བྱེད་པར་རིག་པ་དེ་ཀ་ཧུར་ཕྱུང་ལ་གཤིས་ཐོག་ཏུ་ས་བཟུང་། མདོར་ན་ངོ་སྤྲོད་གེགས་སེལ་བོག་འདོན་ཐམས་ཅད་ཁ་ཁ་སོ་སོ་མང་པོ་མི་དགོས། ད་ལྟའི་རིག་པ་ངོ་བོ་མི་རྟོག་པ། གདངས་མ་འགགས་པ། རྩལ་ཕྱོགས་མེད་དུ་འཆར་བ་ཉམས་སུ་མྱོང་ཡང་བརྗོད་མི་ཤེས་པ་དེ་གའི་རང་འགྲོས་བཟོ་མེད་དུ་སྐྱོང་བས་ཆོག་པར་གསུངས་ཡོད་པས་ཐུགས་ལ་ཟུངས་མཛོད། ང་རང་ནད་རོས་མནར་ནས་ཞལ་གདམས་སློབ་སྟོན་ཟེར་བའི་ཟ་ཟིའི་རིགས་ཅི་ཡང་འབྲི་ལོང་མེད་ཀྱང་ཁྱེད་ཐག་རིང་ནས་འོང་བ་ཤ་ཚ་ནས་གླེན་གཏམ་ཡིག་ནག་ཏུ་ཕབ་ཏེ་བྱིན་པ་དགེ་བར་གྱུར་ཅིག །༄༅། །བླ་མ་བསོད་ནམས་ཕུན་ཚོགས་ལ་གདམས་པ། ཀྱེ་ལགས། མཚུངས་མེད་དྲིན་ཆེན་བླ་མ་རིན་པོ་ཆེ། །འདུག་པའི་དུས་སུ་སྤྱི་བོའི་གཙུག་ཏུ་བསྒོམ། །ཡང་ཡང་གསོལ་བ་ཐོབ་ལ་དབང་བཞི་ལོངས། །ཐུགས་ཡིད་དབྱེར་མེད་འདྲེས་པའི་དགོས་པ་ཡོད། །སྤྱོད་ལམ་སྐབས་སུ་གཟུགས་སྣང་བླ་མའི་སྐུ། །སྒྲ་གྲགས་ཐམས་ཅད་གསུང་གི་རང་བཞིན་དང་། །དྲན་རྟོག་བཟང་ངན་ཐུགས་སུ་འཁྱེར་ཤེས་ན། །སྣང་སྲིད་བླ་མར་འཆར་བའི་གདམས་ངག་ཡིན། །ཟ་བའི་དུས་སུ་མགྲིན་པའི་དབུས་སུ་བསྒོམ། །བཟའ་བཏུང་བདུད་རྩིའི་ཕུད་ཀྱིས་ལེགས་མཆོད་ན། །བཟའ་བཅའ་བཏུང་བའི་སྒྲིབ་པ་མི་འབྱུང་ཞིང་། །དགའ་སྟོན་ཚོགས་སུ་འགྱུར་བའི་དགོས་པ་ཡོད། །ཉལ་བའི་དུས་སུ་སྙིང་གི་དཀྱིལ་དུ་བསྒོམ། །སྐུ་ཡི་འོད་ཀྱིས་བརྟན་གཡོའི་སྣང་བ་ཀུན། །འོད་དུ་གྱུར་ནས་སླར་ཡང་རང་ལ་བསྡུས། །རྨི་ལམ་འོད་གསལ་འཆར་བའི་གདམས་ངག་ཡིན། །ནམ་ཞིག་མི་སྡོད་ཕྱི་མར་འགྲོ་བའི་ཚེ། །བློ་སྣ་ཚབ་ཚུབ་མང་པོ་མི་བྱེད་པར། །རང་རིག་བླ་མའི་ཐུགས་དང་དབྱེར་མེད་དུ། །འཇོག་པ་འཕོ་བ་ཀུན་ཀྱི་རྒྱལ་པོ་ཡིན། །ཁྱོད་དང་ང་གཉིས་མི་ཚེ་གང་པོ་ལ། །མཉམ་དུ་བསྡད་ཀྱང་འདི་ལས་ལྷག་པ་ཡི། །ཟབ་པའི་མན་ངག་བདག་ལ་འབུལ་རྒྱུ་མེད། །དེ་ཕྱིར་སྙིང་གི་དབུས་སུ་འདི་ཟུངས་ཤིག །ཅེས་ཆོས་མཐུན་གྱི་སྐྱེས་བུ་དམ་པ་བསོད་ནམས་ཕུན་ཚོགས་ནས་ཡང་ཡང་ཞལ་གདམས་ཞིག་དགོས་ཞེས་བསྐུལ་བའི་ཚེ་བཞེད་སྐོང་ལྡོག་མིན་ཙམ་དུ་མདོ་མེད་ཀྱི་སྤྲང་པོ་ཆོས་དབྱིངས་རང་གྲོལ་ནས་བྲིས་པའོ། །དགེ་ཞིང་བཀྲ་ཤིས། ༄༅། །བསོད་ནམས་རྒྱལ་མཚན་ལ་གདམས་པ། སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །སེམས་རིག་ལ་ཤན་འབྱེད་པའི་མན་ངག་འདི་ཤེས་ན། །སྣང་བའི་མདུན་ན་མུན་པ་མི་གནས་པ་བཞིན་དུ། །སྣ་ཚོགས་ཉམས་ལ་ཞེན་པའི་ཤུན་པ་དེ་འཐོར་བའི། །རིག་སྟོང་ཟང་ཐལ་རྗེན་པའི་བཞུགས་ཚུལ་ལ་གཟིགས་ཤིག །གང་ཤར་རང་སར་གྲོལ་བའི་གནད་གསང་འདི་ཤེས་ན། །གསེར་གླིང་ས་རྡོ་ཕལ་པ་མི་རྙེད་པ་བཞིན་དུ། །བློ་ལ་གང་ཤར་ཆོས་སྐུའི་ཡོ་ལང་དུ་ཤར་ནས། །བག་ཆགས་གསོགས་ལོང་མེད་པའི་གྲོལ་ཚུལ་ལ་གཟིགས་ཤིག །ཅེས་བུ་མཆོག་བསོད་ནམས་རྒྱལ་མཚན་ལ་ཆོས་དབྱིངས་རང་གྲོལ་གྱིས་གདམས་པའོ། །༄༅། །ཞལ་གདམས་བཞུགས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་དཔལ་མགོན་བླ་མ་ཡིན། །སྣང་སྲིད་བླ་མའི་རྣམ་རོལ་དུ། །འབྲལ་བར་མ་བྱེད་རིགས་ཀྱི་བུ། །འདུག་པའི་དུས་སུ་སྤྱི་བོར་སྒོམས། །གསོལ་བ་ཐོབ་ལ་དབང་བཞི་ལོངས། །ཟ་བའི་དུས་སུ་མགྲིན་པར་སྒོམས། །བཟའ་བཏུང་བདུད་རྩིའི་ཕུད་ཀྱིས་མཆོད། །ནམ་ཞིག་འཆི་བའི་དུས་བྱུང་ཚེ། །བླ་མ་སྤྱི་བོའི་གཙུག་ཏུ་སྒོམས། །རང་རིག་བླ་མའི་ཐུགས་ཀར་འཕོ། །ཐུགས་ཡིད་དབྱེར་མེད་ངང་ལ་ཞོག །འཕོ་བ་ཀུན་ཀྱི་རྒྱལ་པོ་ཡིན། །ཞེས་བླ་མ་ནས་སོ། །དགེའོ། ༈ །མཐའ་མེད་འཁོར་བ་ཡི་ཁྲོད་ན། །ཟིན་མེད་ཚེ་འདི་ཡི་བྱ་བཞག །ཉིན་མཚན་བར་མེད་དུ་བསྒྲུབས་ཀྱང་། །འགྲུབ་པའི་དུས་ཚོད་ནི་མི་འདུག །ངལ་བ་དོན་མེད་དུ་མཐོང་ནས། །དབེན་པའི་རི་ངོགས་སུ་ཕེབས་ཏེ། །ཕྱི་མར་འགྲོ་ཆས་རེ་བྱས་ན། །རང་དྲིན་རང་ལ་ནི་ཆེ་འོ། །ར་བཤའ་རྔ་བརྡུང་གི་གཏོ་རྒན། །དཀའ་བའི་ཁུར་ཆེན་ཞིག་ཁུར་ནས། །འཕྲང་རིང་བར་དོ་རུ་ཕེབས་དུས། །ཁྱོད་ལ་འོ་བརྒྱལ་ཞིག་འོང་གི། ཚེ་གང་གཏོ་ཡས་ལ་འབྱམས་ཀྱང་། །ལོན་ལོན་རིག་རྒྱུ་ནི་མི་འདུག །ད་ནི་ཆོག་ཤེས་རེ་བྱས་ནས། །དཀོར་སྦྱོང་ལེགས་པོ་རེ་མཛད་རན། །ཞེས་ཆོས་དབྱིངས་རང་གྲོལ་ནས་བྲིས་པ་དགེ།

༄༅། །མདོ་པ་གདམས་ངག་རྒྱ་མཚོ་ལ་གདམས་པ། བླ་མ་ལགས། དལ་བའི་རྟེན་འདི་རྙེད་པར་དཀའ་བས་ཚེ་འདིའི་བྱ་བ་ལ་བློ་ལྡོག་དགོས་པ་དང་གཅིགརྙེད་པར་དཀའ་བ་རྙེད་ཀྱང་འཆི་བར་སླ་བས་རྟག་འཛིན་གྱི་བློ་ལྡོག་དགོས་པ་དང་གཉིས། ཤི་ནས་ལས་འབྲས་ཀྱི་རྗེས་སུ་འབྲངས་པས་མི་དགེ་བའི་ལས་ལ་བློ་ལྡོག་དགོས་པ་དང་གསུམ། འཁོར་བའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་མཐོ་རིས་ཐོབ་འདོད་ཀྱི་བློ་ཡང་ལྡོག་དགོས་པ་དང་བཞི། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་རྒྱུ་དགེ་བ་བསྒྲུབས་པ་ལས་བྱུང་བ་ཡིན་པས་སྒོ་གསུམ་དགེ་བ་ལ་འཇུག་དགོས་པ་དང་ལྔ། ལམ་གྱི་དེད་དཔོན་དྲིན་ཆེན་གྱི་བླ་མ་ཡིན་པས་ཅི་མཛད་ཆོས་སུ་མཐོང་བའི་སྒོ་ནས་མཉེས་པ་གསུམ་གྱིས་བསྟེན་དགོས་པ་དང་དྲུག་གོ །འདི་དག་རྣམས་ལ་ཐུན་མོང་ཕྱི་ཡི་སྔོན་འགྲོའི་ཁྲིད་རྐང་དྲུག་ཏུ་གྲགས་པ་ཡིན་ནོ། །སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོ་ཡིན་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་དང་གཅིག །རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཤེགས་ཤུལ་གྱི་ལམ་པོ་ཆེ་ཡིན་པས། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་དང་གཉིས། ལམ་གྱི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྩོན་དགོས་པ་དང་གསུམ། ལམ་གྱི་མཐུན་རྐྱེན་ཚོགས་བསགས་ཡིན་པས་སྐུ་གསུམ་གྱི་མཎྜལ་འབུལ་དགོས་པ་དང་བཞི། སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ངར་འཛིན་ཡིན་པས་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་ཆོས་ཉིད་ཀྱི་དབྱིངས་སུ་གཅོད་དགོས་པ་དང་ལྔ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བླ་མ་བསྒོམས་པ་ལས་བྱུང་བ་ཡིན་པས་སྣང་སྲིད་བླ་མར་ཤར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་ལ་ཉམས་ལེན་གྱི་སྙིང་པོ་མཛད་དགོས་པ་དང་དྲུག་གོ །འདི་དག་རྣམས་ལ་ནི་ཐུན་མིན་ནང་གི་སྔོན་འགྲོའི་ཁྲིད་རྐང་དྲུག་ཏུ་གྲགས་པ་ཡིན་ནོ། །ལམ་གྱི་སུན་མ་འཕོ་བ་ཡིན་པས་རང་རིག་བླ་མའི་ཐུགས་དང་དབྱེར་མེད་དུ་འཇོག་པ་འཕོ་བ་ཀུན་གྱི་རྒྱལ་པོ་ཡིན་ཞིང་གནད་ཟབ་པས་ཅིས་ཀྱང་ཉིད་ཀྱི་ཐུགས་ལ་ཟུངས་ཤིགཅེས་མདོ་བ་གདམས་ངག་རྒྱ་མཚོ་ལ་ཆོས་དབྱིངས་རང་གྲོལ་གྱིས་གདམས་པའོ། །དགེའོ། །

༄༅། །མདོ་པ་གདམས་ངག་རྒྱ་མཚོ་རང་ཡུལ་དུ་ཕེབས་དུས་གཅེས་ནོར་དུ་གདམས་པ། བླ་མ་ལགས། ཉམས་ལེན་གྱི་སྙིང་པོ་ནི། མཉམ་བཞག་གི་སྐབས་སུ་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་སྟོང་ཟང་ཐལ་གྱི་ངང་ནས་དུས་གསུམ་གྱི་རྟོག་ཚོགས་གང་ཤར་ཐམས་ཅད་བག་ཆགས་བསགས་ལོང་མེད་པར་རང་ཤར་རང་གྲོལ་དུ་འགྲོ་དགོས་པས་ལྟ་བ་གདེངས་དང་ལྡན་པ་གལ་ཆེ། རྗེས་ཐོབ་ཀྱི་དུས་སུ་དྲན་པས་ཟིན་པ་ཙམ་ནས་དྲན་མཁན་ཆོས་ཉིད་ཀྱི་དབྱིངས་སུ་གྲོལ་ནས་ཆོས་ཉིད་ཀྱི་ངང་དུ་རྒྱ་འབྱམས་དགོས་པས་ཡེངས་པའི་ཚེ་དྲན་པས་ཟིན་པ་གལ་ཆེ། ཞེས་མདོ་བ་གདམས་ངག་རྒྱ་མཚོ་རང་ཡུལ་དུ་ཕེབས་དུས་གཅེས་ནོར་དུ་གདམས་པ་ཡིན་ནོ། ༈ །འཕྲིན་ཡིག་ཞལ་གདམས་དང་སྦྲེལ་ཏེ་གནང་བ། བླ་མ་དམ་པ་གང་གི་ཕྱག་ཏུ། གང་སྐུ་བདེ་བར་བཞུགས་པས་དགའ་སྤྲོ་འཕེལ། འདིར་སྙོམ་ལས་པ་ཡང་བདེ་སྐབས་ལགས། སྤྱིར་འདུས་བྱས་མི་རྟག་པ་འཁོར་བའི་ཆོས་ཉིད་ཡིན་པས་བྱ་ཐབས་བྲལ་བ་ལ་ཐུགས་ངལ་མ་མཛད། ཁྱད་པར་ཉམས་ལེན་གྱི་སྐབས་སྔར་ཞུས་པ་ལས་ལྷག་པ་མེད་ཀྱང་། ངེས་འབྱུང་གི་བསམ་པ་དང། བྱང་ཆུབ་ཀྱི་སེམས། དད་པ་དང་དག་སྣང་སོགས་གཞིར་བྱས་ནས། གདོད་མའི་ཡེ་གཞི་བཅིངས་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པ་ད་ལྟའི་ཐ་མལ་གྱི་ཤེས་པ་སྤུ་མ་བརྗེ། མདོག་མ་བསྒྱུར་བར་སངས་རྒྱས་སུ་ངོ་འཕྲོད། ལྷུན་གྲུབ་ཀྱི་གདངས་འགག་པ་མེད་པ་འཁོར་འདས་ཀྱི་འཆར་གཞི་མ་འགག་པར་ངོ་ཤེས། ཐུགས་རྗེའི་རྩལ་ཡུལ་ཐོག་ཏུ་ཤར་ཡང་བག་ཆགས་བསགས་ལོང་མེད་པར་དྲན་རྟོག་རྗེས་མེད་དུ་ཡལ་བ་ཆུ་ལ་རི་མོ་བྲིས་པ་བཞིན་དུ། གང་ཤར་རང་གྲོལ་དུ་ཤར་བ་ལ་ཡིད་ཆེས། དེ་ལྟ་བུའི་གནས་ལུགས་ཀྱི་ངོ་སྤྲོད་ཕྱིན་ཅི་མ་ལོག་པ་ཞིག་ཐོབ་ནས་རིག་པ་ཡིན་ལུགས་ཀྱི་སྟེང་དུ་འཇོག་པ་གལ་ཆེ་བ་དང་། ལུང་མ་བསྟན་གྱི་ལ་ཤན་འབྱེད་ཚུལ་གསུངས་སྐབས། བསྒོམ་བྱའི་ཡུལ་དང་སྒོམ་བྱེད་ཀྱི་བློ་དབྱིངས་སུ་ནུབ་ནས་ཆོས་ཉིད་ཀྱི་ངང་དུ་རྒྱ་འབྱམས་པ་དང་། རྣམ་རྟོག་བག་ལ་ཉལ་བའི་སེམས་རྩེ་གཅིག་གི་སྒོམ་པ་དབྱིངས་ལུང་མ་བསྟན་གྱི་ངང་དུ་དུས་འདའ་བ་གཉིས་ལ་ནོར་འཁྲུལ་མེད་པར་ཐུགས་ལ་ངེས་པར་ཞུ་ཞེས་ཕྲན་ཆོས་དབྱིངས་རང་གྲོལ་ནས་ཕུལ། ༄༅། །རྡོ་ལེ་ཁ་སྤུ་ཅན་ལ་གདམས་པའི་ཉམས་ལེན་གནད་བདུན་མ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཉིད་ནས་ཁ་ཙམ་མ་ཡིན་པར་སྙིང་ནས་དམ་པའི་ཆོས་ཤིག་སྒྲུབ་པར་འདོད་ན། ལས་འབྲས་བསླུ་མེད་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་ནས་བླང་དོར་བྱེད་པ་དང་གཅིག །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་པོ་བཅོས་མིན་རྒྱུད་ལ་སྐྱེ་བ་དང་གཉིས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མར་ཤེས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་པ་དང་གསུམ། ཕྱི་ནང་སྣོད་བཅུད་ཀྱི་གནས་ཚུལ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་དག་སྣང་སྦྱང་པ་དང་བཞི། ཆོས་དང་དམ་ཚིག་གིས་བསྡུས་པ་རྣམས་རྡོ་རྗེའི་སྤུན་གྲོགས་ཡིན་པས་བརྩེ་གདུང་རྒྱུན་ཆད་མེད་པར་བྱེད་པ་དང་ལྔ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དྲིན་ཆེན་གྱི་བླ་མ་ཡིན་པས་ཡིད་ཁྱེད་ཤེས་ཀྱི་དད་པས་གསོལ་འདེབས་བྱས་ཏེ་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་དང་དྲུགཉམས་ཞེན་གྱི་སྦུབས་དང་བྲལ་བའི་རིག་སྟོང་ཟང་ཐལ་གྱི་ལྟ་བ་ཡང་དག་གཉུག་མའི་དྲན་པས་རྒྱུན་དུ་སྐྱོང་བ་དང་བདུན་པོ་འདི་ཉིད་ཉིན་མཚན་ཐང་ལྷོད་མེད་པར་ཉམས་ལེན་མཛད་པར་ཞུ་ཞུ་ཞེས་བླ་མ་ནས་རྡོ་ལེ་ཁ་སྤུ་ཅན་ལ་གདམས་པའོ། །དགེའོ། །༄༅། །བསྟན་འཛིན་ངོར་གདམས་པ། བླ་མ་ལགས། འཁོར་བ་ལ་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་དུ་གཉེར་བའི་བྱང་སེམས། བླ་མ་སངས་རྒྱས་དངོས་སུ་མཐོང་བའི་དག་སྣང་སྟེ། གནད་གསུམ་དང་བྲལ་ན་ཆོས་གང་བསྒྲུབ་ཀྱང་ཁ་ཆོས་ཡིན་ལ་དོན་ཆོས་མིན་པ་སྔར་ཞུས་ལྟར་དང་། ཁྱད་པར་ཉམས་ལེན་གྱི་སྐབས་སུ། ཚོགས་དྲུག་གི་ཡུལ་ལ་གཡེངས་ཀྱང་དྲན་པས་ཟིན་པ་ཙམ་གྱིས་སེམས་གསལ་སྟོང་ཙམ་དུ་གནས་པ་དང་། རྣམ་རྟོག་གི་འཕྲོ་འདུ་དང་བྲལ་བའི་ཧད་དེ་གནས་པའི་སྟོང་ཆ་ངོས་བཟུང་བྲལ་བ་དང་། སྒོ་ལྔའི་གདངས་མ་འགག་ལ་ཡིད་ཀྱི་རྣམ་ཤེས་གསལ་ལ་མི་རྟོག་པ་དང་། འཆར་ཚུལ་འདི་གསུམ་ལ་རྫོགས་ཆེན་གྱི་མན་ངག་དུ་མ་ནས་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཙམ་སྐྱེ་བའི་རྟེན་བྱེད་པ་ཡིན་གསུངས་ཡོད་པ་ལ་ཐུགས་བཞག་མཛོད། གཞན་ཡང་། རྟོག་མེད་རང་གསལ་ཡུལ་དང་མ་འདྲེས་པ་ཀུན་གཞིའི་རྣམ་ཤེས་དང་། རླུང་སེམས་ཀྱི་བཞོན་པ་བལྟར་མི་མངོན་པའི་དབྱིངས་དྭངས་པའི་རིག་པའི་ཆ་འོད་གསལ་གྱི་གདངས་མ་འགག་པ་གཉིས་ལ་ལྟ་ཐོག་ནས་ལ་ཤན་འབྱེད་པ་གནད་དམ་པའོ། །ཞེས་བསྟན་འཛིན་ངོར་བྲིས་སོ། །

༈ འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ། ཀུན་ལ་དག་སྣང་། བླ་མ་ལ་མོས་གུས་སོགས་གཞིར་བཞག་གི་སྟེང་ནས་ཉམས་ལེན་བྱེད་དགོས་པ་ཡིན། མཉམ་བཞག་གི་སྐབས་སུ་བདེ་གསལ་མི་རྟོག་ལ་སོགས་པའི་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་སྟོང་ཟུང་འཇུག་གི་དབྱིངས་སུ། ང་རྒྱལ་དང་ཁོང་ཁྲོ། ཕྲག་དོག་དང་ཟུར་ཟ། གཞན་ལ་ཁྱད་གསོད་ཀྱི་རྟོག་པ་སོགས་སྐྱེ་བ་དང་གྲོལ་བ་དུས་མཉམ་དུ་སོང་ནས་བག་ཆགས་བསགས་ལོང་མེད་པ་ལ་ཕྱག་རྫོགས་ཀྱི་ལྟ་བ་རྣམ་དག་གསུངས་པ་ལགས། རྗེས་ཐོབ་ཀྱི་སྐབས་སུ་ཆོས་རྣམས་བདེན་མེད་རྨི་ལམ་ལྟ་བུར་ཤེས་པའི་ངང་ནས་ཉམས་ལེན་སྤྱོད་ལམ་ལ་བསྲེ་བ་དང་ཚོགས་བསགས་པ་གལ་ཆེ་ཞིང་། དེ་ལྟར་མ་ཡིན་པར་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་པ་ཤར་གྲོལ་ལྟ་ཅི་རེ་ཞིག་མགོ་ནོན་ཙམ་ཡང་མེད་པར། ང་ནི་སྒོམ་ཆེན་ཡིན། ང་རང་ལ་ཡེངས་འཁྲུལ་མེད་ཟེར་བ་རྣམས་ནི་བཞད་གད་ཀྱི་གནས་ཡིན་ཞེས་བླ་མ་ནས་སོ། །

༄༅། །རྒུ་ནང་བླ་མ་འཇིགས་མེད་རང་གྲོལ་ལ་གདམས་པ། རིགས་བརྒྱའི་ཁྱབ་བདག་འབྲུག་པ་རྡོ་རྗེ་འཆང་ལ་གུས་པས་འདུད་དོ་ཐུགས་རྗེས་ཟུངས། གང་དག་སེམས་ལས་འདས་པའི་ཡེ་ཤེས་ཆེན་པོ་ལམ་དུ་བྱེད་པའི་ཚུལ་ལ། ཀུན་གཞི་དང་ཆོས་སྐུ། སེམས་དང་ཡེ་ཤེས་ལ་སོགས་དབྱེ་བ་མང་དུ་ཡོད་མོད་ཀྱང་། བླུན་སྒོམ་མུན་རྡོ་འཕེན་པ་བདག་འདྲས་རྡོ་རྗེའི་ཚིག་རྣམས་དགྲོལ་བར་ག་ལ་ནུས། དེ་ཕྱིར་གནས་པ་དང་ནི་རྩལ་གྱི་ཤན་འབྱེད་རི་མོའི་མར་མེ་བཞིན་དུ་འདི་ན་སྤྲོ། དེ་ལ་གནས་པ་ངོ་བོའི་ཤན་འབྱེད་དང་འཕྲོ་བ་རྩལ་གྱི་ཤན་འབྱེད་དེ་གཉིས་ལས། དང་པོ་ལ་སེམས་ཀྱི་ངོ་བོ་དང་རིག་པའི་ངོ་བོ་སྟེ་གཉིས་ལས། དང་པོ་ནི། གསལ་ལ་རྟོག་མེད་ཙམ་དུ་སེམས་དང་རིག་པ་མཚུངས་ནའང་། ཀུན་མཁྱེན་གཉིས་པས། སེམས་ནི་ལྟེང་ཀ་ལྟ་བུར་འཁྱིལ་ཞིང་རྨོངས། ཞེས་གསུངས་པས་ཤེས་སོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་མཐའ་ལས་འདས་པའི་ཀློང་ན་རང་བཞིན་ལྷུན་གྲུབ་ཀྱི་གདངས་ནང་གསལ་ཐིམ་ལ་མ་རྨུགས་པའི་ཤིན་ཏུ་ཕྲ་བའི་ཡེ་ཤེས་དཔེར་ན་གནམ་སྟོང་གི་ཟླ་བ་མཁའ་དབྱིངས་སུ་འཁྱིལ་བ་ལྟ་བུ་ཡིན་ཏེ། ཅང་མེད་སྟོང་རྐྱང་དུ་འདོད་པ་ནི་མིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། རིག་པ་གནམ་སྟོང་ཟླ་བ་གཏིང་གསལ་འདྲ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་འཕྲོ་བ་རྩལ་གྱི་ཤན་འབྱེད་ལའང་གཉིས་ལས། དང་པོ་སེམས་ཀྱི་རྩལ་ནི། ཐོག་མར་ཡུལ་ལ་ཤར། བར་དུ་དྲན་པས་ཟིན། ཐ་མ་ནང་དུ་ལོག་པ་དེ་ནི་གཟུང་འཛིན་ལས་མ་འདས་པའི་ཆོས་སོ། །གཉིས་པ་རིག་པའི་རྩལ་ནི། ཤར་བ་དང་གྲོལ་བ་དུས་མཉམ་དུ་སོང་ནས་ཤར་གྲོལ་དབྱེ་བའི་མཁན་པོ་དབྱིངས་སུ་དག་ནས་གཟུང་འཛིན་གྱི་རྟོག་པ་ཐད་ཀར་དུ་ཞིག་པའོ། །ཚུལ་འདི་བླ་མ་འཇིགས་མེད་རང་གྲོལ་ནས་ལན་གྲངས་དུ་མའི་བར་དུ་བསྐུལ་ཚེ་བཞེད་སྐོང་ལྡོག་མིན་ཙམ་དུ་ཆོས་མེད་སྤྲང་པོ་སྨྱོན་པའི་ངང་ཚུལ་ཅན་དེས་མྱུར་དུ་བྲིས། དགེའོ། །

༄༅། །རྨ་ཐུགས་ལ་གདམས་པ། བདེ་ལྡན་ཞིང་གི་མགོན་པོའི་ཐུགས་ཀའི་ཧྲཱིཿ། །སིནྡྷཱུའི་དྭངས་མཚོར་སྨིན་པའི་མཚོ་སྐྱེས་རྗེའི། །སྤྲུལ་པའི་རོལ་གར་ཞིང་རྡུལ་གྲངས་མཉམ་པའི། །ཐུགས་སྲས་རྗེ་འབངས་བརྒྱུད་བཅས་རྒྱལ་གྱུར་ཅིག །ཀྱེ་ལགས། །ཆོས་མེད་ཆོས་གཟུགས་སྤྲང་པོ་སྨྱོན་པ་བདག །གལ་ཏེ་ཁྱོད་ཀྱིས་བླ་མར་འཛིན་སྲིད་ན། །དགོས་མེད་རལ་རྫོང་འཐུག་པོ་རྩད་ནས་ཆོད། །སོར་གསུམ་གཙུག་སྐྲའི་མཆོད་པ་མཁན་པོར་ཕུལ། །མཐིང་གོས་ཟླུམ་པོའི་སྣམ་ཕྲན་ལུས་ལ་གྱོན། །ལྕུགས་ཕྲན་སྣལ་མ་སེར་པོའི་སྐ་རགས་ཆོངས། །རབ་ཏུ་བྱུང་བའི་བསིལ་ཁང་ལ་ཞུགས་ནས། །ངུར་སྨྲིག་རྒྱལ་མཚན་འཛིན་ལ་སྙིང་སྟོབས་སྐྱེད། །དཔའ་བོའི་ལྕང་ལོ་མི་བྲེག་ཟུར་འཆང་ནས། །བདེ་སྟོང་དགའ་བཞིའི་རོ་ལ་དགྱེས་རོལ་ཀྱང་། །དེ་འདྲའི་ཤག་པོ་མ་རེད་སྐུ་ཚེ་རིང་། །ལས་ངན་ཟོག་པོའི་གྲལ་དུ་ལྷུང་ལ་ཁད། །རང་གཞན་གཉིས་ཀའི་སྤྱོད་ངན་སྣ་ཚོགས་ལ། །ཡང་ཡང་བསམས་ན་མིག་ནས་མཆི་མ་འཐོར། །བསམ་ཞིང་བསམས་ན་གདུངས་བའི་སྨྲེ་སྔགས་འདི། །མི་འདོན་རང་དབང་རང་ལ་མི་འདུག་གི། དེང་དུས་སྙིགས་མ་ལྔ་བདོའི་མར་གཤམ་འདིར། །རྫུན་གྱི་རྣལ་འབྱོར་མང་པོས་ལྗོངས་འདིར་གང་། །རྒྱན་མེད་རལ་རྫོང་འཐུག་པོས་མགོ་བོ་འཕྱིངས། གཏུམ་མོ་མི་ཤེས་རས་གོས་གོས་སུ་གྱོན། །ཐབས་ལམ་མི་ཤེས་ནག་མོའི་གཞང་སྒོ་འགྲིམ། །ཉིན་མཚན་མེད་པར་བྱི་རྐུན་བྱེད་པ་འདི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གསུངས་ཀྱང་། །གཏེར་རྫུན་སྟུ་ལ་དགའ་བའི་ཁྱད་ཆོས་ལགས། །དགོས་འབྲེལ་མི་ཤེས་འཕྱོར་སྒེག་བསམ་པ་ཡིས། །རྣ་ཆ་གདུ་བུ་སོགས་ཀྱིས་ལུས་པོ་བརྒྱན། །གྲུབ་རྫུན་སྨྱོན་པ་བག་མའི་ངང་ཚུལ་ཅན། །འདི་མཐོང་མི་སྐྱོ་སེམས་ལྡན་སུ་ཞིག་ཡོད། །གནད་མེད་སྟོང་འུར་བྱེད་པའི་གཏེར་རྫུན་འགས། །བླ་གཏེར་བརྒྱད་དང་ཐུགས་གཏེར་ཆེན་པོ་ལྔ། །ཟབ་པའི་གཏེར་ཆེན་ཉེར་ལྔ་ལ་སོགས་པའི། །མིང་ཙམ་མི་ཤེས་གཏེར་བཞེས་ལྟ་ཅི་སྨྲོས། །གཅིག་གིས་གཅིག་ལ་ནག་མོ་མ་བསྟེན་ན། །ཁྱོད་ཀྱི་སྲོག་གི་དབང་པོ་འགག་ལ་ཁད། །ཤ་དང་རུས་པའི་ཚོགས་ཀྱང་ཞིག་ཏུ་ཉེ། །ཁོ་བོར་འབྱུང་འགྱུར་ལུང་བསྟན་བྱུང་ངོ་ལོ། །དེ་སྐད་སྨྲ་བའི་ཟོག་པོ་ཆོས་རྫུན་མཁན། །ཚུལ་འཆལ་སྡོམ་པ་ཤོར་ལ་གཏེར་ཡུམ་ཞེས། །ངོ་ཚ་ཁྲེལ་མེད་གྲོང་གི་ཁྱི་ཕག་བཞིན། །ནག་མོ་ལས་ངན་རྣམས་ལ་ཤི་སྤར་འཐམ། །གཟའ་ཚང་མི་སོས་མི་ཚེ་སྡུག་གིས་ཟད། །དབྱར་དགུན་གཉིས་ལ་སྤྲང་དབྱུག་སྤྲང་སྒྱེ་བཟུང་། །དུས་རྣམས་ཀུན་ཏུ་ངན་ཤག་འཐབ་མོ་བྱས། །སྨྱོན་པ་འདིས་ནི་རང་སྐྱོན་མི་སེམས་ཀྱི། །བན་བཙུན་ཕོ་མོ་རྣམས་ལ་དཀའ་ལོག་དང་། །ཁྱོད་ཀྱིས་འགྲོ་དོན་དཔག་མེད་འབྱུང་བ་ནི། །བསླུ་བ་མེད་དོ་པདྨའི་ལུང་བསྟན་ཞེས། །མི་ཆོས་བླ་མའི་རྫུན་གྱི་ཆོ་ངེ་འདེབས། །ཟོག་པོ་ངན་སྐྱུག་མཁན་འདིས་ཅིར་སྨྲས་ཀྱང་། །སྙིང་ནས་བརྩེ་བའི་བརྩེ་ལྡན་གྲོགས་ཁྱེད་ཀྱིས། །དེ་འདྲའི་སྤྱོད་ངན་བསྟེན་པ་ལྟ་ཅི་སྨོས། །ཐོས་པར་གྱུར་ན་རྣ་བ་མཛུབ་མོས་ཁོབས། །འཕུང་བྱེད་ནག་མོ་མང་པོའི་ཁྱོ་ག་འདི། །གཏེར་སྟོན་ཡིན་ན་གཏེར་མིན་དེ་སུ་ཞིག །བསྐྱེད་དང་རྫོགས་པའི་རིམ་པ་མི་ཤེས་ཀྱང་། །ཐ་ན་མ་ཎི་ཕྲེང་སྐོར་གཅིག་ཀྱང་མེད། །ད་དུང་དད་གཤིན་དཀོར་ལ་ལོངས་སྤྱད་ནས། །རང་མགོ་མི་ཐོན་རོ་མགོར་ཧིཀ་སྒྲ་བྱེད། །མཚན་མོ་ནག་མོ་རྣམས་དང་ལྷན་ཅིག་ཉལ། །འདི་ལས་སྨྱོན་པ་སྲིད་འདིར་སུ་ཞིག་ཡོད། །ངན་སྤྱོད་སྣ་དགུ་བྱེད་པའི་གཏེར་རྫུན་འདི། །ཡུལ་ན་ཡོད་ཀྱང་བསྟན་པ་སྤྱི་ཡི་དགྲ། །དགོན་དུ་གནས་ན་སྤྱོད་ངན་ཀུན་ལ་འགོ །གྲོང་དུ་བསྡད་ཀྱང་ཀུན་ལ་བྱི་རྐུན་བྱེད། །པདྨའི་ཟབ་གཏེར་འདི་ལ་མི་དབང་ཀྱང་། །ལས་ངན་ནག་མོ་མང་པོའི་ལྟོ་བ་ནས། །ཤི་གསོན་བྱིས་པ་མང་པོ་གཏེར་ནས་དྲངས། །སུས་མཐོང་མི་ཡིས་ལོག་ལྟ་སྐྱེ་ངེས་བྱ། །འཁྲུལ་མེད་གླིང་པ་བཅུ་གསུམ་ལ་སོགས་པའི། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་བྱོན་མོད་ཀྱང་། །འདི་འདྲའི་གཏེར་སྟོན་དེ་སྔོན་མ་བྱོན་པས། །འདི་ཡི་མཚན་ལ་བྱི་གཏེར་ཞེས་སུ་གསོལ། །འགྲོ་བ་བསླུ་བའི་གཏེར་རྫུན་འགའ་ཞིག་གིས། །བཙུན་མ་སྡོམ་ལྡན་རྣམས་ཀྱི་སྡོམ་པ་བཤིག །འདི་འདྲའི་གྲོང་སྔགས་སྐྱ་མིན་སེར་མིན་གྱི། །ལུས་དེ་ནམ་ཡང་ལེན་པར་མ་གྱུར་ཅིག །ཅེས་མདོ་ཁམས་པ་གྲུབ་དབང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འབྲུག་པ་རྡོ་རྗེ་འཆང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་འཛིན་པའི་བཙུན་པ་ཀུན་བཟང་གཞན་ཕན་མཐའ་ཡས་སུ་འབོད་པས་ཐུགས་མཆོག་ལ་གདམས་པ་དགེའོ། །སརྦ་དཱ་སུ་ཤེ་ཡོ་མངྒ་ལཾ། བྷ་ཝནྟུ།

༄༅། །ཡང་མཉམ་བཞག་གི་རང་ས་ཟིན་ཀྱང་དེ་ཉིད་རྐྱེན་དང་བསྲེས་ནས་རྟོགས་པའི་རྩལ་སྦྱང་མ་བྱས་ན་གཉེན་པོས་རྐྱེན་མི་ཐུབ་པས། མཉམ་བཞག་ལེགས་པོ་དེའི་ཀློང་ན་རྟོག་ངན་གྱི་དུག་སྦྲུལ་འཇིགས་སུ་རུང་བ་མང་པོ་གནས་གཅིག་ཏུ་འཚོགས་ནས་སྡོད་པ་ལྟ་བུ་ཡིན་པས། མཛེས་མའི་གཟུགས་སོགས་ཆགས་ཡུལ་ཡིད་དུ་འོང་བ་དང་། གཞན་གྱིས་བརྙས་སྨོད་སོགས་སྡང་བའི་ཡུལ་རྐྱེན་གང་རུང་རེའི་དབང་གིས་ཁོང་ཁྲོ་དང་འདོད་ཆགས་སོགས་མངོན་དུ་གྱུར་འོང་བ་དེ། རང་རྒྱུད་ཀྱི་སྒོམ་དེའི་ཀློང་ནས་བྱུང་བ་མིན་ན་ཤ་ལས་མི་འབྱུང་ཁྲག་དང་ལྤགས་པ་དང་རུས་པ་དང་རྐང་སོགས་གང་ལས་བྱུང་སོམས་ཤིགདེ་དག་སྦྱང་མ་ཐུབ་ན་ཞེ་སྡང་གི་དབང་གིས་དམྱལ་བ། འདོད་ཆགས་ཀྱི་དབང་གིས་ཡི་དྭགས། གཏི་མུག་གིས་དུད་འགྲོ། ཕྲག་དོག་གིས་ལྷ་མིན། ང་རྒྱལ་གྱིས་ལྷ་སོགས་སུ་སྐྱེ་བ་ཐོས་གྲོལ་གྱི་གཞུང་ན་གསལ་བ་ལྟར་ཡིན་པས་དེ་དག་སྦྱང་དགོས། དེ་ཡང་ཇི་ལྟར་སྦྱང་བའི་ཚུལ་ནི། རྒྱ་གར་གྲུབ་ཆེན་ཚོས་དང་པོ་དབེན་པའི་གནས་སུ་མཉམ་བཞག་ལ་བརྟན་པ་ཐོབ་པའི་རྗེས་སུ་ཚོགས་དུས་སོགས་སུ་སོང་ནས་མི་མང་གི་རྒྱུ་འགྲུལ་དང་བདེ་སྡུག་སོགས་ལ་བལྟས་ནས་རྩལ་སྦྱང་། དེ་ནས་གྲོང་དགུའི་མི་གཙང་བ་སློགས་ཏེ་གཙང་རྨེའི་གཉིས་རྟོག་ལ་རྩལ་སྦྱང་པ་དང་། རྒྱལ་པོའི་ཆད་པ་གཅོད་པའི་སར་ཕྱིན་ཏེ་མིག་འབྱིན་པ་དང་རྐང་ལག་གཅོད་པ་གསོད་པ་སོགས་ལ་བལྟས་ཏེ་སེམས་ཅན་རང་རྒྱུད་པ་དང་སྙིང་རྗེ་རང་རྒྱུད་པ་ལ་རྩལ་སྦྱང་། དེ་ནས་དུར་ཁྲོད་དུ་ཕྱིན་ཏེ་གཅན་གཟན་གཏུམ་པོ་དང་མི་མ་ཡིན་གདུག་པ་ཅན་སོགས་མཐོང་ན་འཇིགས་སྐྲག་ལ་རྩལ་སྦྱང་པ་སོགས་མཛད་པ་ལྟར། གནས་རི་རྩེ་མཚོ་གླིང་སྐྱེད་མོས་ཚལ་སོགས་སུ་ཕྱིན་ནས་མིག་གིས་གཟུགས་མཐོང་ན་དེ་ལ་ཡང་ཡང་བལྟ། རྣ་བས་སྒྲ་ཐོས་ན་ཡང་ཡང་ཉན་པ་སོགས་དང་ཡིད་ལ་ཅི་ཤར་ཡང་འཆར་དུ་བཅུག་སྟེ་ངག་ནས་ཀྱང་མིང་བརྗོད་སེམས་རྟོག་ཀྱང་ཡུལ་ལ་འཕྲོ་བཅུག་སྟེ་ཡུལ་ཀ་བ་ལྟ་བུ་གཅིག་གི་སྟེང་དུ་འབྱམས་པ་གཅོད་པའི་ཕྱིར་ཀ་བའོ་སྙམ་པའི་དེ་མ་ཐག་བུམ་པའོ། །རྡོའོ། །ཤིང་ངོ་ཞེས་པ་ལྟ་བུར་ཁ་སྤོ་ཞིང་རྩ་བ་རིག་པའི་རང་ས་མ་ཤོར་བཞིན་ཤེས་པ་ཡུལ་ལ་འཕྲོར་གཞུག་སྟེ་རིག་ཐོག་ཏུ་གྲོལ་བ་ལ་བསླབས་པས་རྐྱེན་ངན་དང་རྣམ་རྟོག་གང་ཤར་རིག་པའི་རྩལ་སྦྱང་དུ་འཆར་ནུས་པ་ནི་དཔེར་ན་བླ་མ་ཞང་རིན་པོ་ཆེས་དབུ་བྲག་ཕུག་ལ་བརྡབ་པ་དང་ཞབས་རྐང་ལ་ཚེར་མ་ཟུག་པ་ཡང་བདེ་སྟོང་དུ་འཆར་ནུས་པ་བཞིན་ནོ། །དེ་ལྟར་རྩལ་སྦྱང་བྱ་བ་ནི། ལས་དང་པོ་པ་ལ་རིག་པ་ངོ་སྤྲོད་པའི་དུས་སུ་ཉམས་ཞེན་གྱི་ཤུན་པ་གཏོར་བའི་ཐབས་དང་ཉམས་ལེན་ལ་བརྟན་པ་ཐོབ་པའི་གང་ཟག་གིས་རྐྱེན་ཐུབ་ཀྱི་རྟོགས་པ་འཕེལ་བའི་ཆེད་དུ་བྱ་བ་སྟེ། མ་མཐའ་ཞག་པོ་བརྒྱ་རེ་ཙམ་ལ་ངེས་པར་སློབ་དགོས་གསུངས། །

༈ ཀུན་མཁྱེན་འཇིགས་མེད་གླིང་པས། རང་ངོ་འཕྲོད་ཀྱང་གོམས་འདྲེས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་དང་། ལས་རླུང་ཡེ་ཤེས་ཀློང་དུ་མ་གྱུར་བར། །གཉུག་མའི་ཡིན་ལུགས་སུས་ཀྱང་མཐོང་བ་མེད། །ཅེས་དང་། ཇི་སྲིད་སྣང་བའི་འདུ་ཤེས་མ་ཟད་པར། །དེ་སྲིད་རྒྱལ་བའི་དགོངས་པ་ལོན་པ་མེད། །ཅེས་དང་། ཀུན་མཁྱེན་ཀློང་ཆེན་པས། ལྷུན་གྲུབ་སྣང་བཞིའི་ས་རྒྱ་མ་ཆོད་པར། །ཇི་ལྟར་བྱས་ཀྱང་རྫོགས་པ་ཆེན་པོ་མིན། །ཞེས་གསུངས། ཚོགས་དྲུག་རང་གྲོལ་གྱིས། ད་ནི་བལྟ་རྒྱུ་མི་བལྟ་རྒྱུ། །མེད་དེ་གར་བཞག་འདྲ་བ་དེས། །ཁ་རོག་བསྡད་པ་འདྲ་བ་ཡི། །ཇི་ཡང་བྱ་རྒྱུ་མ་རྙེད་པ། ངོ་བོ་དང་པོ་མཐོང་བ་སྟེ། ཐ་མལ་ཤེས་པ་མིང་དུ་བཏགས། །དེ་ཡི་ངང་དུ་གནས་ཙམ་ན། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། ཚོགས་དྲུག་སྣང་བ་གང་ཤར་ཡང་། །སྣ་ཚོགས་སོ་སོར་གསལ་མོད་ཀྱང་། །དེ་དུས་འཛིན་པ་སོ་སོར་མེད། །གཟུགས་རྣམས་སྣ་ཚོགས་གང་མཐོང་ཡང་། །བྱིས་པས་ལྷ་ཁང་མཐོང་བ་བཞིན། །སྣ་ཚོགས་མཐོང་ཡང་འཛིན་པ་མེད། །སྙན་དང་མི་སྙན་སྒྲ་རྣམས་ཀྱང་། །སོ་སོར་ཐོས་ཀྱང་ཆགས་སྡང་མེད། །བྲག་རི་ཁྱོད་ཀྱི་སྒྲ་སྐད་བཞིན། །ཆུ་ནང་ཤར་བའི་ཟླ་གཟུགས་བཞིན། །རྣམ་པ་སོ་སོར་གསལ་ན་ཡང་། །ངོ་བོ་སྟོང་པ་ཉིད་དུ་སྣང་། །རང་གྲོལ་ཆུ་དང་ཆུ་རླབས་བཞིན། །ཆོས་ཀྱི་བདག་མེད་དེ་ལ་ཟེར། །སྟོང་ཉིད་ཡོངས་རྫོགས་རྟོགས་མོད་ཀྱང་། །ད་རུང་ཡེངས་སྐབས་བརྗེད་སྐབས་མང་། །ཡེངས་ཚེ་ཐ་མལ་འཁྲུལ་པ་སྟེ། །ཉོན་མོངས་གང་སྐྱེས་ཐ་མལ་བ། །འདི་སྐབས་དྲན་པས་ཡང་དང་ཡང་། །གསལ་གདབ་བྱེད་པ་གལ་ཆེ་སྣང་། །ཡེངས་དང་མ་ཡེངས་ཁྱད་པར་མེད། །དྲན་དང་མ་དྲན་ཁྱད་པར་མེད། །འཁྲུལ་དང་མ་འཁྲུལ་ཁྱད་པར་མེད། །ཐམས་ཅད་སྟོང་པར་འདུག་སྙམ་པའི། །གོ་བ་སྐྱེས་ཏེ་རེ་འགའ་སྐྱེས། །དེ་ལ་གདེངས་བཅས་ལྷོད་དྲག་ན། །ཐ་མལ་ཉིད་དུ་འཆོར་ཉེན་ཡོད། །གོ་བ་རྟོགས་པ་བྱེད་པ་གཅེས། །ད་རུང་དྲན་པའི་གསལ་འདེབས་ནི། །མ་བརྗེད་ཡང་དང་ཡང་དུ་དགོས། །ཅིའི་ཕྱིར་ཞེ་ན་ན་དུག་ལྔ་ཡི། །རྟོག་པ་མ་ནོན་ཚིག་ངན་སོགས། །ཐེ་ཚོམ་དེ་ལན་སྒྲ་ཤོར་སོགས། །འབྱུང་བ་ཡེངས་པའི་སྐྱོན་དུ་ངེས། །དེ་ནི་དྲན་རྗེས་ཡང་ཡང་དགོས། །ཞེས་གསུངས། ཨོ་རྒྱན་རིན་པོ་ཆེས། ཡུན་ཐུང་གྲངས་མང་ཁང་སྟོང་ཐིག་པ་བཞིན། །མ་ཡེངས་མ་སྒོམ་ལྷོད་དེ་ཧྲིག་གེ་ཞོག །ཅེས་གསུངས། ད་རེས་འཕྲོ་མཐུད་པ་ལ་གཉུག་མའི་དེ་ཉིད་ཡོད། ཅེས་གསུངས།

༈ བླ་མའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམ་ལ་དད་པས། །རང་རིག་དོན་གྱི་བླ་མའི་བྱིན་རླབས་ལས་ཤར་བའི། །སྣང་སྲིད་འཁོར་འདས་མ་ལུས་བླ་མ་ཡི་སྤྲུལ་པ། །རང་སེམས་རྩལ་དུ་ཤར་བའི་དངོས་གྲུབ་ཞིག་ཞུའོ། །དང་པོ་ཕྱི་རུ་བཟུང་ནས་གསོལ་འདེབས་དང་མོས་གུས། བར་དུ་སེམས་དང་བསྲེས་ནས་ཐུགས་ཡིད་གཉིས་མཚམས་སྦྱོར། །མཐར་ཐུག་དབྱེར་མེད་རོ་གཅིག་སངས་རྒྱས་སུ་གྲོལ་ནས། །འགྲོ་དོན་རྒྱུན་མི་འཆད་པའི་སྨོན་ལམ་དེ་འགྲུབ་ཤོག །ཅེས་བླ་མ་སྒྲུབ་ཐབས་གསོལ་འདེབས་མོས་གུས་ལ་བརྟེན་པ་འབྲུག་པ་རིན་པོ་ཆེའི་ཞབས་རྡུལ་སྤྱི་བོར་ལེན་པ་ཆོས་དབྱིངས་རང་གྲོལ་ནས་བྲིས་པ་དགེའོ། །སརྦ་མངྒ་ལམ།

༄༅། །སྦྱོར་དངོས་མཇུག་གསུམ་ཚང་བས་དམ་པའི་ལྷ་ཆོས་སྒྲུབ་ཚུལ། བླ་མ་ལ་ཕྱག་འཚལ་ལོ། །ཆོས་གང་བསྒྲུབ་པའི་ཐོག་མར་ཀུན་སློང་བཅོས་པ་གལ་ཆེ་བས། དང་པོ་རང་གི་སེམས་ལ་བརྟགས་ཏེ། ལུང་མ་བསྟན་གྱི་ཀུན་སློང་། མི་དགེ་བའི་ཀུན་སློང་། དགེ་བའི་ཀུན་སློང་གསུམ་ལས། དང་པོ་ལུང་མ་བསྟན་གྱི་ཀུན་སློང་ནི། ཆོས་གྲལ་དུ་འཚོགས་ཚེ་ལྟ་བུར་ཅི་བསམ་འདི་བསམ་མེད་པར། དད་སོགས་དགེ་བའི་བསམ་པས་མ་ཟིན། ཆགས་སོགས་མི་དགེ་བའི་དབང་དུ་མ་སོང་བར། མི་དྲེད་ཀྱི་མིའི་ལད་མོ་ལྟ་བུ། མི་རྗེས་ཁྱི་ཞེན་པ་ལྟ་བུ། བྱིས་པས་མེ་ཏོག་ཐུ་བ་ལྟ་བུ། མདའ་སྟོང་འཕེན་འདྲ་བ་དང་། གཞན་སྦྱོར་དངོས་རྗེས་གསུམ་གང་ཡང་མེད་པར་རང་གར་མཉམ་བཞག་ཏུ་འདུག་པ་མི་རྒན་ཆད་པོ་མའ་ལེན་པ་༼ངལ་བསོས་པ་༽ལྟ་བུ་རྒྱ་རྒན་ཧ་ལོག་པ་འདྲ་བ་རྣམས་བཅོས། དཔལ་སྤྲུལ་རིན་པོ་ཆེའི་ཞལ་གསུངས། ལུང་མ་བསྟན་གྱི་དགེ་སྦྱོར་ལ་འབྲས་བུ་མེད་པས་ཐར་བའི་ས་བོན་ཙམ་ཡང་མི་ཐེབ་གསུངས། བླ་མ་ལུང་རྟོགས་ནས་གང་ཟག་དབང་བཙན་དུ་བྱས་ན་དེ་ལྟར་ཡིན་མོད་ཆོས་དབང་བཙན་བྱས་ན་ཆོས་ཀྱི་བྱིན་རླབས་ཀྱིས་ཐར་བའི་ས་བོན་ཙམ་ཐེབ་གསུངས། གཉིས་པ་མི་དགེ་བའི་ཀུན་སློང་ནི། གཉེན་ལ་ཆགས་པ། དགྲ་ལ་སྡང་བ། བར་མ་ལ་གཏི་མུག་སྟེ་མདོར་ན་དུག་གསུམ་དང་འདྲེས་པའི་ཀུན་སློང་དང་གཞན་ཚེ་འདི་སྒྲུབ་འདོད་ཀྱིས། དགྲ་གདོན་ན་ཚ་སོགས་ཞི་བྱེད་འཇིགས་སྐྱོབས་དང་ཆོས་བརྒྱད་དུ་ཞེན་ནས་གཞན་གྱིས་རྙེད་བསྟོད་སྙན་གྲགས་དཀོར་ཁ་གྲོང་ཆོག་སོགས་ལེགས་སྨོན་གྱི་ཀུན་སློང་རྣམས་རྩ་བ་དུག་གསུམ་ལ་ཟུག་པས་སྤོང་དགོས་པ་ནི། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་གསུངས། གསུམ་པ་དགེ་བའི་ཀུན་སློང་ལའང་། རང་དོན་སྒྲུབ་པའི་ཀུན་སློང་དང་གཞན་དོན་སྒྲུབ་པའི་ཀུན་སློང་གཉིས་ལས། དང་པོ་ནི། རང་ངན་སོང་གསུམ་ལས་ཐར་ནས་མངོན་མཐོ་ཐོབ་འདོད་སྐྱེས་བུ་ཆུང་ངུའི་ཀུན་སློང་སྟེ། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་གསུངས། རང་འཁོར་བ་ལས་ངེས་པར་འབྱུང་ཏེ་རང་འབྲས་དོན་དུ་གཉེར་བ་སྐྱེས་བུ་འབྲིང་ཉན་རང་གི་ཀུན་སློང་སྟེ། བདག་དོན་ལ་ཞེན་ན་བྱང་སེམས་མིན། །ཞེས་གསུངས་པས་ཀུན་སློང་དེ་དག་སྤང་དགོས། གཉིས་པ་གཞན་དོན་སྒྲུབ་པ་སྐྱེས་བུ་ཆེན་པོའི་ཀུན་སློང་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པས། སྐྱབས་འགྲོའི་ཚོགས་ཞིང་ངམ་བླ་མའི་རྣལ་འབྱོར་ནི་ལས་དང་པོ་བས་ཞལ་ཕྱག་མཚན་མའི་རྣམ་པ་སོགས་གསལ་མ་ཐུབ་ཀྱང་མོས་སྒོམ་གྱི་སྐབས་འདིར་ཆོག་ལ། དེ་ཡང་གུ་རུ་རིན་པོ་ཆེ་རང་གིས། གཞན་གང་ཟག་ལས་ལ་བཟང་ངན། ལུས་ལ་ཕོ་མོ། རིགས་ལ་མཐོ་དམན། ན་ཚོད་ལ་རྒན་གཞོན་མེད་པར་སུ་ཞིག་གིས་ང་ཉིད་དྲན་པས་མོས་ཤིང་དད་པའི་སྒོ་དེ་ལ་བྱོན་གསུངས་པ་ནི། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །གསུངས་པས་དེས་ན་རང་གི་སྤྱི་བོར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཨོ་རྒྱན་རྡོ་རྗེ་འཆང་ཡེ་ཤེས་ཀྱི་ཕུང་པོར་བཞུགས་ཡོད་སྙམ་པས་དད་པ་མོས་གུས་རྩེ་གཅིག་ཏུ་བསྐྱེད། དད་པ་དེ་ཡང་ཁམས་གསུམ་འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོ་རུ་ངེས་པས་དེ་ལས་སྒྲོལ་བའི་ནུས་པ་རང་ཉིད་དང་གཞན་ཕ་མ་ཉེ་འབྲེལ་རི་དང་ཤིང་གི་ལྷ་དང་ཚངས་པ་དང་ཁྱབ་འཇུག་སོགས་ལ་མེད་པར་ཤེས་ནས། དེ་ལས་སྒྲོལ་བའི་ནུས་པ་སུ་ལ་ཡོད་ན་སྐྱབས་གནས་རྒྱ་མཚོའི་མངའ་བདག་གུ་རུ་རིན་པོ་ཆེ་ལ་ཡོད་པར་ཤེས་པའི་ཤེས་པ་གཉིས་ཚོགས་པ་ཤེས་ཐོབ་ཀྱི་དད་པ་བསྐྱེད་དགོས་ལ། ཇི་སྐད་དུ། ཤེས་ལས་བྱུང་བའི་དད་པ་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་བཞེད། །ཅེས་གསུངས་པས་དད་པ་མོས་གུས་དྲག་པོས་གུ་རུ་རིན་པོ་ཆེ་དེ་ཉིད་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་ཀུན་འདུས། བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་ཀུན་འདུས་ཏེ་སྐྱབས་གནས་དགུའི་བདག་ཉིད་དུ་མོས་པ་དང་། གཞན་ཡང་གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོའི་གནས་བརྒྱད། ཧེ་རུ་ཀའི་གནས་བཅུ་སོགས་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་རྣམས་འདུས་པའི་ངོ་བོར་བསམ་པ་དང་། མདོར་ན། ཆོས་སྐུ་རྡོ་རྗེ་འཆང་ནས། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དེ་བརྒྱུད་པ་དེ་དག་ནས་རང་གི་རྩ་བའི་བླ་མའི་བར་དང་། རང་ལ་ཡི་གེ་སློབ་པའི་སློབ་དཔོན་ཡན་ཆད། གཞན་དམ་ཚིག་གཅིག་པའི་རྡོ་རྗེའི་མཆེད་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། ཐ་ན་གོས་དམར་སེར་ཙམ་འཛིན་པ་དང་། རང་ལ་ཕན་བཏགས་པའི་ཕ་མ་དགྲ་གདོན་སོགས་དང་སེམས་མེད་ས་རྡོའི་རྣམ་པ་ཡན་ཆད་འདུས་པར་བསམ་པ་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་ཞིང་། དེ་ཡང་ཇི་སྐད་དུ། གཞན་ཡང་སྐྱབས་གྱུར་རེ་ས་རྣམས༔ཨོ་རྒྱན་བདག་ལ་རྫོགས་པར་སོམས༔ཞེས་དང་། ཨོ་རྒྱན་པདྨ་ང་ཉིད་ལ༔མོས་གུས་གདུང་ཤུགས་དྲག་པོ་ཡིས༔གསོལ་བ་དྲག་ཏུ་བཏབ་པའི་ཚེ༔ང་ཉིད་དེ་ཡི་དྲུང་དུ་བྱོན༔ཞེས་དང་། ལྷ་སྐུ་འབུམ་ཕྲག་སྒོམ་པ་བས༔བླ་མའི་སྐུ་གཅིག་སྒོམ་པ་མཆོག༔ཞེས་དང་། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ང་ནི་བདེ་གཤེགས་འདུས་པ་ཡིན༔མོས་གུས་ཅན་གྱི་དྲུང་དུ་ན༔ང་ཉིད་འདུ་འབྲལ་མེད་པར་གནས༔ཞེས་དང་། ཇི་སྐད་དུ། ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔བྱིན་གྱིས་རློབ་བྱོན་དམ་ཚིག་ན་ར་ཀན༔ཞེས་དང་། བོད་ཀྱི་རྒྱལ་བློན་བུ་སློབ་ལ༔བྱུང་ངོ་ཟླ་བའི་ཚེས་བཅུ་ལ༔ང་ཉིད་བྱོན་པའི་དབུ་བསྙུང་མཛད༔པདྨ་འབྱུང་གནས་གཞན་མི་བསླུ༔ཞེས་སོགས་རྡོ་རྗེའི་ཞལ་བཞེས་བསླུ་མེད་མང་པོས་མོས་གུས་ཅན་གྱི་དྲུང་དུ་བྱོན་པ་དབུ་བསྙུང་མཛད་པ་ཡིན་པས། དད་པ་ཅན་ལ་བྱིན་རླབས་འཇུག་པའི་རྟགས་སུ་དེའི་དུས་སུ་དུས་གསུམ་ཡིད་གྱི་འཁྲུལ་རྟོག་དང་བདེ་གསལ་མི་རྟོག་སོགས་ཉམས་ཞེན་རང་འགགས་སུ་འགྲོ་བའོ། །བླ་མ་རྒྱང་འབོད་ལན་གསུམ་གྱི་བླ་མ་མཁྱེན་དང་པོར་འཁོར་བ་ཞེན་ལོག་གི་ངེས་འབྱུང་རྒྱུད་ལ་སྐྱེ་བའི་ཆེད་དུ་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཞེན་ལོག་གི་སྣ་དྲངས་ནས་རང་གཞན་སེམས་ཅན་ཐམས་ཅད་དེ་ལས་ངེས་པར་འབྱུང་བ་ཞིག་ཁྱེད་མཁྱེན་སྙམ་པས་སོ་ཐར་ལམ་གྱི་རྩ་བ་ངེས་འབྱུང་དང་འབྲེལ། བླ་མ་མཁྱེན་གཉིས་པའི་དུས། གཞན་ཕན་དོན་གཉེར་གྱི་བྱང་ཆུབ་སེམས་རྒྱུད་ལ་སྐྱེ་བའི་ཆེད་དུ་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་སྣ་དྲངས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དེ་ལས་ཐར་ཏེ་སངས་རྒྱས་ཐོབ་པ་ཞིག་ཁྱེད་མཁྱེན་སྙམ་པས་བྱང་སེམས་ལམ་གྱི་རྩ་བ་དང་འབྲེལ། བླ་མ་དཀོན་མཆོག་གསུམ་པོ་ཁྱེད་མཁྱེན་ནོ། །ཞེས་གསུམ་པའི་དུས་སུ་སྣང་སྲིད་དག་མཉམ་གྱི་ལྟ་བ་རྟོགས་པའི་ཆེད་དུ་འཁོར་བའི་སེམས་ཅན་ཐམས་ཅད་གནས་ཚུལ་སྐུ་དང་ཡེ་ཤེས་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་ཡིན་པ་དེ་ཉིད་སྣང་ཚུལ་དེ་ལྟར་མ་རྟོགས་པ་རྣམས་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་ནས་གནས་ཚུལ་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་ཞིག་ཁྱེད་མཁྱེན་སྙམ་པས་གསང་སྔགས་ལམ་གྱི་རྩ་བ་དང་འབྲེལ། དེ་ནི་སྔགས་ཀྱི་སྣང་སྲིད་རྣམ་དག་གི་དག་སྣང་ཡང་ཡིན་ལ་སེམས་བསྐྱེད་ཀྱང་ཡིན་ནོ། །དེ་ནས་བློ་ལྡོག་རྣམ་བཞིའི་གནད་བསྡུས་ནི། དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། །གསུངས་པས་དལ་བརྒྱད་འབྱོར་བཅུ་རང་ལ་ཚང་ངམ་མི་ཚང་ལེགས་པར་བརྟགས་ཏེ་མ་ཚང་ན་དེ་ཚང་པའི་ཐབས་ལ་འབད། ཚང་ན་དེ་ལྟ་བུའི་ལུས་རྟེན་ཕུན་སུམ་ཚོགས་པ་དེ། རྒྱུ་དཔེ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་ལ་བསམས་ཏེ། དལ་འབྱོར་ཆུད་ཟ་བ་ཚེ་འདིར་སྣང་གི་བྱ་བ་བསྒྲུབ་པ་ལས་བློ་ལྡོག་སྟེ། དལ་འབྱོར་ཆོས་ལ་བཀོལ་ཏེ་སྙིང་པོ་ལེན་འདོད། མི་རྟག་འཆི་བ་ནམ་འོང་ཆ་མ་མཆིས། །ཞེས་ཆོས་སང་བསྒྲུབ་གནང་བསྒྲུབ་སོགས་ཀྱི་རྟག་འཛིན་ལས་བློ་ལྡོག་ཏེ་ནམ་འཆི་ཆ་མེད་བསམ། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་རྒྱུ། །ཞེས་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེ་ལ་བདེ་བར་རློམ་པ་སྡིག་པ་མི་དགེ་བ་ལས་བློ་ལྡོག་སྟེེ་སྡུག་བསྔལ་གྱི་རང་བཞིན་ལ་ཞེན་ལོག་སྐྱོ་ཤས་ངེས་འབྱུང་བསྐྱེད། དགེ་སྡིག་ལས་འབྲས་བདེ་སྡུག་བསླུ་བ་མེད། །ཅེས་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་བསླུ་མེད་ཡིན་པ་ལ་ཐེ་ཚོམ་ཟ་བ་ལས་བློ་ལྡོག་སྟེ། ལས་འབྲས་ལ་ཡིད་ཆེས་བརྟན་པོ་བསྐྱེད། ཐར་ལམ་ཐོབ་པ་བླ་མས་ཐུགས་རྗེས་ཟུངས། །ཐར་པ་རྣམ་མཁྱེན་གྱི་གོ་འཕང་ལ་རང་གི་སྦྱོར་དངོས་རྗེས་གསུམ་ཚང་བའི་ཉམས་ལེན་ཡང་དག་པ་ཐོབ་པ་ཞིག་སྐྱབས་གནས་ཀུན་འདུས་ཀྱི་བླ་མ་ཁྱེད་མཁྱེན་ཁྱེད་ཀྱི་ཐུགས་རྗེས་ཟུངས། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ངག་འདོན་ནི་སངས་རྒྱས་ཆོས་དང་ཚོགས་སོགས་ཤོ་ལོ་ཀ་ཚད་མེད་བཞི་དང་བཅས་བྱ། དམིགས་རིམ་ནི། རང་གི་སྤྱི་བོར་སྐྱབས་གནས་ཀུན་ཀྱིི་ངོ་བོ་གུ་རུ་རིན་པོ་ཆེ་གསལ་བཏབ་ལ། སྐྱབས་སུ་འགྲོ་བའི་གང་ཟག་ནི་རང་གཞན་ཐམས་ཅད་སྐྱབས་སུ་འགྲོ་བའོ། །དུས་ནི་རང་ཐུན་དུ་འདུག་པའི་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ། སྐྱབས་སུ་འགྲོ་བའི་ཚུལ་ནི་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ་སྙམ་པས་མོས་གུས་གདུང་ཤུགས་དྲག་པོས་བློ་ཡག་ན་ཉེས་ན། ལས་མཐོ་རུ་གཏོང་ན་དམའ་རུ་གཏོང་ན་ཁྱེད་ལས་གཞན་པའི་སྐྱབས་གནས་རེ་ས་གཞན་མེད་པས་སྲོག་དམར་པོ་ལ་བབ་ཀྱང་ཁྱེད་མི་གཏོང་སྙམ་པའི་དམ་བཅའ་དང་ལྡན་པས་གསོལ་བ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་སྟེ། ཇི་སྐད་དུ། སྐྱིད་སྡུག་ལེགས་ཉེས་ལ་སོགས་པ༔ཤི་གསོན་ཚེ་འདི་ཕྱི་མ་སོགས༔གནས་སྐབས་མཐར་ཐུག་ཐམས་ཅད་དུ༔སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔བདག་ལ་རེ་ས་གཞན་ན་མེད༔ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔བློ་ཡིས་ཡང་ཡང་གཏད་པར་བྱ༔ཞེས་གསུངས། འདི་ལྟ་བུའི་རྒྱུའི་སྐྱབས་འགྲོས། བདེ་གཤེགས་སྙིང་པོའི་སྟེང་ན་སྐུ་གསུམ་འདུ་འབྲལ་མེད་པའི་ཡོན་ཏན་རང་ཆས་སུ་ཡོད་པ་སད་པ་འབྲས་བུའི་སྐྱབས་འགྲོའོ། །སེམས་བསྐྱེད་ཀྱི་དམིགས་རིམ་ནི་ཟུར་དང་པོ་སྙིང་རྗེས་གཞན་དོན་ལ་དམིགས་པ་སེམས་ཅན་ཐམས་ཅད་གྱི་དོན་དུ། ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་དམ་བཅའ་དང་ལྡན་པས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སངས་རྒྱས་ཀྱི་གོ་འཕང་དེ་ཡང་རྒྱུ་མེད་ལས་མི་སྐྱེ་བས་དེའི་ཆེད་དུ་ལམ་ཟབ་མོའི་རིམ་པ་བསྒོམ་པར་བྱའོ་སྙམ་དུ་དམ་བཅའ་དངོས་སུ་འཇུག་པ་འཇུག་པ་སེམས་བསྐྱེད་དེ་སྨོན་འཇུག་སེམས་བསྐྱེད་སྒོམ། འདི་ལྟ་བུའི་ཀུན་རྫོབ་བྱང་ཆུབ་སེམས་ལ་བརྟེན་ནས་དབྱིངས་ཡེ་ཟུང་འཇུག་དོན་དམ་སེམས་བསྐྱེད་མངོན་དུ་གྱུར་དགོས་པའོ། །དེ་ཡན་ཆད་གྱིས་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས་དངོས་གཞི་ཐུགས་ཡིད་དབྱེར་མེད་བསྲེ་བ་སོགས་བླ་མ་རིན་པོ་ཆེའི་མན་ངག་ལྟར་བསྐྱངས་ཏེ་མཉམ་བཞག་ལས་ལྡང་མ་ཐག །འཛིན་པ་བྱུང་ན་ལྟ་བ་མིན། །གསུངས་པས་རྗེས་བསྔོ་སྨོན་གྱིས་ཟིན་དགོས་པས། བསྔོ་སྨོན་གྱི་དམིགས་རིམ་ནི། བསྔོ་བའི་དཔང་པོར་མདུན་གྱི་ནམ་མཁར་མོས་གུས་གདུང་ཤུག་དྲག་པོས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་བཞུགས་པར་མོས་ལ་དེའི་མདུན་དུ་བདེ་སྡུག་གཏོང་ལེན་གྱི་དམིགས་པ་ནི། གུ་རུ་རིན་པོ་ཆེ་སོགས་ཀྱི་ཐུགས་རྗེའི་སྟོབས་དང་རང་གི་དཀར་པོ་དགེ་བའི་སྟོབས་ཀྱིས་རང་ལ་དགེ་བ་རྒྱུ་འབྲས་དང་བཅས་པ་བདེ་སྐྱིད་བདེ་བའི་དངོས་པོ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་འོད་དཀར་པོའི་རྣམ་པས་སེམས་ཅན་ཐམས་ཅད་ལ་ཕོག་མ་ཐག་སེམས་ཅན་རེ་རེ་ལ་ཆ་ཤས་ཕྲན་བུ་རེ་ཙམ་མིན་པར་བདེ་སྐྱིད་བདེ་བའི་དངོས་པོ་ཡོངས་རྫོགས་རེ་ཐོབ་པར་བསམ། སེམས་ཅན་དེ་དག་གི་མི་དགེ་བ་རྒྱུ་འབྲས་དང་བཅས་པ་རླུང་ནག་པོའི་རྣམ་པས་རང་གི་སྙིང་གར་བདག་འཛིན་གྱི་རྣམ་པ་ཐིག་ལེ་དུད་ཁ་ཡོད་པ་དེ་ལ་ཕོག་པས་བདག་འཛིན་དེ་ན་བུན་རླུང་གིས་གཏོར་བ་ལྟར་དང་སེ་ལུང་ལྕགས་ཀྱི་རྒྱ་མདུད་འཐོར་བ་ལྟར་གཏོར་ནས་ཆོས་ཀྱི་དབྱིངས་སུ་དེངས་བར་བསམ་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཏེ་སངས་རྒྱས་པར་བསམ་པའི་ངང་དུ་དར་ཅིག་མཉམ་པར་བཞག །དེ་ནས་སྐྱབས་ཀུན་འདུས་པའི་ངོ་བོ་གུ་རུ་རིན་པོ་ཆེ་ལ། བསྔོ་བའི་ཐོག་མར་སྙན་གསན་དབབ་ཏེ་བསྔོ་རྒྱུའི་དགེ་རྩ་རང་གི་སྦྱོར་དངོས་རྗེས་གསུམ་ཚང་བའི་དགེ་བ་དང་རང་གཞན་གྱི་དུས་གསུམ་བསགས་ཡོད་གྱི་དགེ་བ་ལ་རྗེས་སུ་ཡི་རང་ཞིང་དགའ་བ་སྒོམ་བཞིན་པས་དགེ་རྩ་རྣམས་གཅིག་ཏུ་བསྡུས་ཏེ་ཕུད་གུ་རུ་རིན་པོ་ཆེ་སོགས་ལ་མཆོད་པ་དཔག་ཏུ་མེད་པ་འབུལ། བསྔོ་ཡུལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ། བསྔོ་བའི་དོན་པོ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ། བསྔོ་བའི་ཚུལ་གུ་རུ་རིན་པོ་ཆེ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བདག་གིས་ཀྱང་བསྔོ་བར་བགྱིའོ་སྙམ་པས་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་རྗེས་མཐུན་པ་བྱའོ། །སྨོན་ལམ་ནི། དེ་ལྟར་བསྔོས་པ་བཞིན་དུ། གུ་རུ་རིན་པོ་ཆེ་སོགས་ཀྱི་ཐུགས་རྗེས་སྟོབས་ཀྱིས་འགྲུབ་པར་གྱུར་ཅིགའགྲུབ་པར་གྱུར་པའི་མཐུན་གྱུར་གུ་རུ་རིན་པོ་ཆེ་སོགས་ཀྱིས་མཛད་པའི་སྨོན་ལམ་ཅི་རིགས་པ་བརྗོད་དོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་དགེ་རྩ་ཁོང་ཁྲོས་མི་འཇིགལོག་ལྟས་མི་གཅོད་ཞེས་དཔལ་སྤྲུལ་སོགས་དམ་པ་དུ་མས་འཆད་དོ། །དེ་ལྟ་བུར་དང་པོ་གུ་རུ་རིན་པོ་ཆེ་སྤྱི་བོར་བསྒོམས་ཏེ་སྐྱབས་འགྲོ་སེམས་བསྐྱེད་བྱ། བར་དུ་སྙིང་དབུས་སུ་བསྒོམས་ཏེ་ཐུགས་ཡིད་དབྱེར་མེད་བསྲེ། མཐར་མདུན་གྱི་ནམ་མཁར་བསྒོམས་ཏེ་བསྔོ་བ་དང་སྨོན་ལམ་བྱས་ཏེ། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཉམས་ལེན་ཚེ་གཅིག་ལ་ནུས་ན། རབ་ཚེ་འདིར་གྲོལ་བ་དང་། མིན་ཀྱང་འཆི་ཁ་བར་དོར་གྲོལ་ནུས་ལ། དེར་གྲོལ་མ་ནུས་ན་བར་དོའི་གནས་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་ནས་གདམས་ངག་མི་སྟོན་མི་སྲིད། བསྟན་ནས་མི་གྲོལ་མི་སྲིད་གསུངས་སོ། །ཀུན་མཁྱེན་འཇིགས་མེད་གླིང་པས་བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག་གསུངས་པ་དེ་དེ་ཡིན་ནོ། །དགེའོ། །བཀྲ་ཤིས། །

༄༅། །སྦྱོར་དངོས་རྗེས་གསུམ་གྱི་རྣམ་བཞག་ཞེ་ཆེན་རྒྱལ་ཚབ་ཀྱི་གསུང་ལས་བཏུས་པ། སྐྱབས་སུ་འགྲོ་བ་ནི། གང་ལ་སྐྱབས་སུ་འགྲོ་ན་བླ་མ་མཆོག་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས། གང་སྐྱབས་སུ་འགྲོ་ན་རང་གཞན་སེམས་ཅན་ཐམས་ཅད། རྒྱུ་ཅི་ཡི་ཕྱིར་འགྲོ་ན་སྐྱབས་གནས་ཀྱི་ཡོན་ཏན་ཤེས་པས། སྤྱིར་འཁོར་བའི་སྡུག་བསྔལ། དགོས་རང་དོན་ཡིད་བྱེད། ཡང་སྒོས་ཐ་མལ་འཁྲུལ་འཛིན་གྱི་ཞེན་རྟོག་ལས་སྐྱོབ་པའི་ཕྱིར། ཚུལ་ཇི་ལྟར་ན་ཀུན་རྫོབ་ཏུ་སྟོན་པ་ལམ་གྲོགས་ཀྱི་ཚུལ་ཏུ་ཁས་ལེན་པ་དང་། དོན་དམ་པར་རང་སེམས་དང་གཉིས་སུ་མེད་པར་ཤེས་པས། དུས་ཇི་སྲིད་བྱང་ཆུབ་ཀྱི་བར་ཏེ་སྐྱབས་ཡུལ་རང་རྒྱུད་ལ་ནམ་གྲུབ་པའི་བར་རོ། །སེམས་བསྐྱེད་ནི། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཐོབ་བྱ་བླ་མེད་ཀྱི་འབྲས་བུ་ཉིད་ཐོབ་པར་འདོད་པས་འབྲས་བུ་ལ་དམ་བཅའ་བ་སྨོན་པ་དང་། རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད། དེ་ཀུན་རྫོབ་བརྡ་ལས་བྱུང་དང་། དོན་དམ་ཆོས་ཉིད་སྒོམ་སྟོབས་ལས་ཤར་བ་བདག་དང་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཀྱིས་གསལ་བཏབ་སྟེ། དེ་ཡི་ངང་དུ་བསལ་བཞག་དང་བྲལ་བར་སྒོམ་པ་དོན་དམ་སེམས་བསྐྱེད་དེ་མདོར་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །མཐར་དབང་བཞི་ལེན་པའི་དམིགས་པ་དང་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་པའི་གནས་ལུགས་གཤིས་བདེ་བ་ཆེན་པོ་གསལ་སྟོང་བརྗོད་བྲལ་རྣམ་པར་མི་རྟོག་པའི་ངང་དུ་ཅི་གནས་སུ་མཉམ་པར་འཇོག་པ་ནི་དོན་དམ་བླ་མའི་རྣལ་འབྱོར་རོ། །རྗེས་ལ་བསྔོ་བ་ནི། གང་བསྔོ་རྒྱུའི་དགེ་བ་དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་ལ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཚུལ་བཞིན་དུ་སློབ་པར་བྱས་པ་དེ་ཉིད་ཀྱིས་མཚོན་རྟེན་དུ་བྱས་ཏེ་དུས་གསུམ་བྱས་ཡོད་ཀྱི་རྣམ་དཀར་མཐའ་དགགང་དུ་བསྔོ་ན་གཉིས་ལ་མི་གནས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་གི་སར། སུའི་ཆེད་དུ་བསྔོ་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་བླ་མེད་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ཚུལ་ལམ་རྣམ་པ་ཇི་ལྟ་བུས་བསྔོ་ན། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གཉིས་སུ་མེད་པས་བསྔོ་བྱ་བསྔོ་བྱེད་སོགས་ཀྱི་སྤྲོས་པ་མ་དམིགས་ཀྱང་། ཀུན་རྫོབ་ཐ་སྙད་ཙམ་དུ་གང་གིས་བྱེད་པ་པོ་དང་གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱ་བའི་དགེ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཇི་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་སྲས་དང་བཅས་པས་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དུ་འདུན་པ་རྩེ་གཅིག་པས་བསྔོ་བའི་ཚིག་བརྗོད། དེ་ལྟར་བསྔོས་པའི་དགོས་པའམ་ཕན་ཡོན་ནི་བསྒྲུབ་པ་མི་ཟད་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པ་བཞིན་ནོ། །ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་གསུང་ལས་བསྡུས་པའོ། །

༄༅། །བླ་མའི་ཞལ་མཚར་གྱི་གསུང་འགའ་ཞིག །བླ་མ་གཡུ་ཁོག་པའི་ཞལ་མཚར་གྱི་གསུང་འགའ་ཞིག་ནི། གཞན་དག་གིས་སྣང་བའི་དངོས་པོ་རང་ངོས་ནས་མི་སྟོང་ཀྱང་། འདི་བདེན་པར་གྲུབ་པས་སྟོང་པར་འདོད་པ་མི་འཐད་གསུངས་ཀྱང་། དེ་བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །ཞེས་གསུངས་པ་དེ་བདེན་ཞེན་ནམ་གཉིས་འཛིན་ཡིན་པས། དེ་འཁོར་བར་འཆིང་བྱེད་དུ་གསུངས་པས། སྣང་བ་འཆིང་བྱེད་མ་གསུངས་ཏེ། གང་སྣང་བའི་དངོས་པོ་དེ་དགག་སྒྲུབ་གཉིས་ཀ་མི་དགོས་པར། དོན་བྱེད་ནུས་པ་ནི་དངོས་པོའི་མཚན་ཉིད་ཡིན་ལ། དེ་བཞིན་དུ། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདི་ནི་དགག་པར་བྱ་མིན་ཏེ། །བདེན་པར་རྟོག་པ་དགག་བྱ་ཡིན། །ཞེས་གསུངས་པས། བདེན་འཛིན་འཁོར་བའི་རྩ་བ་ཡིན་པས་དགག་བྱར་ངོས་བཟུང་བ་ལ། ཡེ་མི་འཐད་དོ་སྙམ་ཀྱང་། མདའ་འཕངས་སའི་ལན་ཡིན་གྱི་བདག་ལ་ཁུར་ཐང་ཆེར་མེད་དོ། །སྣང་བའི་དངོས་པོ་འདི་རང་གི་ངོ་བོས་སྟོང་པར་རྒྱ་སྡེ་བ་སློབ་ཚོགས་དང་བཅས་པ་ཞེས་གསུངས་གནང་ཡང་། སྤྱིར་རྒྱ་སྡེ་བ་ཁོ་ན་མ་ཡིན་དེ། ངེས་པ་དོན་གྱི་མདོ་དང་། དེའི་དགོངས་པ་འགྲེལ་བའི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་རྒྱ་གར་མཁས་པའི་ལེགས་བཤད་ཐམས་ཅད་ན་གསལ་བཞིན་པ་ལ། སྒྲོན་མེ་བཟུང་ནས་ཉི་མ་བཙལ་མི་དགོས་པ་ཡིན་ནོ། །འོན་ཀྱང་སྤྱིར་སྣང་བའི་ཆོས་འདི་ཐམས་ཅད་སྟོང་པར་འདོད་དམ་མི་འདོད། སྟོང་པར་མི་འདོད་ན། ཞུས་པས་དབེན་ལ། སྟོང་པར་ཞལ་གྱིས་བཞེས་ན། ཡེ་སྟོང་ཡིན་ནམ་གསར་སྟོང་གང་ཡིན་ལ། ཕྱག་རྫོགས་ཀྱི་ཆོས་སྐད་འདྲ་འདྲེ་ཞིག་གསུངས་འདུག་པས། ཡེ་སྟོང་ཡིན་པར་དགོངས་ན་རང་གི་ངོ་བོས་སྟོང་པ། གཞན་གྱི་ངོ་བོས་སྟོང་པ། གཉིས་ཀའི་དངོས་པོ་སྟོང་པ། གཉིས་མིན་གྱི་ངོ་བོས་སྟོང་གང་ཁས་ལེན་ལགས། དང་པོ་ལྟར་འདོད་ན་ཡེ་མི་མཐུན་པ་མེད་དོ། །ཇི་སྐད་དུ། སྟོང་པ་བདེེ་བར་གཤེགས་པའི་སྙིང་པོ་ལ། །ངེས་དོན་མདོ་སྡེ་དག་གིས་ཤེས་པར་བྱ། །ཞེས་དང་། གདོད་ནས་སྐྱེ་མེད་རང་བཞིན་འདི། །བློ་ཡི་གཏིང་ནས་རྟོགས་གྱུར་ན། །སོགས་དང་། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུའོ། །ཞེས་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་རྙེད། །ཅེས་སོགས་དང་། ཡོད་པས་སྲིད་པ་འདི་ལ་མིན། །མེད་པས་རྣལ་འབྱོར་མི་གྲོལ་དེ། །དངོས་དང་དངོས་མེད་སོགས་ཤེས་ན། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་སོགས་ལུང་རིགས་མང་དུ་ཡོད་ཀྱང་། ཞུ་མི་དགོས་པ་རེད། ཁྱེད་ཀྱིས་བླ་མ་མི་ཕམ་གྱིས་ཀ་གསུངས་ན་ཁྱེད་གྱིས་ཀྱང་ཀ། མི་ཕམ་གྱིས་ཁ་གསུང་ན་ཁྱེད་ཀྱིས་ཀྱང་ཁ་གསུངས་པ་ལད་མོ་ཙམ་གྱིས་མི་ཡོང་གི། སྣང་སྟོང་ཟུང་འཇུག་ཐུགས་ལ་མེད་ན། གཞན་ལ་ཁ་བཙག་པ་ནི། རང་གི་ནང་ཆ་ཕྱིར་ངོམ་པས་མི་རིགས་ལ། འབེལ་གཏམ་ཙམ་བྱ་ན་རོགས་གི་དྲི་རྩོད་ལྟ་གྲུབ་རྒྱ་བོད་ཀྱི་ལེགས་བཤད་མཐའ་དག་ལ། གོ་མྱོང་རྟོགས་གསུམ་གང་རུང་ལ་ངེས་པ་རྙེད་པ་མེད་ན་ལུང་རིགས་ཀྱི་ར་བར་ཚུད་ཚེ་ཕྱིར་འབྱོན་དབང་དཀའ་འོ། །དེ་ཡང་སྣང་བ་བཞིན་སྟོང་པ། སྟོང་པ་བཞིན་སྣང་བ་ནི། ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་གཞུང་ཐམས་ཅད་ཀྱི་ཁྱད་ཆོས་སུ་གསུངས་ཏེ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། སྟོང་དང་མི་སྟོང་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་ག་ལ་ཡོད། །གཞན་ལས་ཤེས་མིན་ཞི་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོགས་ནི་སྤྲོས་བྲལ་རབ་ཏུ་མི་གནས་པའི་དབུ་མའི་ལྟ་བ་ཡིན་པས། ཡུལ་ཅན་བློ་དོན་མཐུན་པའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་སོགས་སྟོང་ཉིད་བཞི་སྦྱོར་ཀྱི་རིགས་པས། སྟོང་ཉིད་རྟེན་འབྱུང་། ཆོས་དང་ཆོས་ཅན། སྣང་བ་སྟོང་པ། ཀུན་རྫོབ་དང་དོན་དམ་སོགས་ནི། ས་ཐོབ་འཕགས་པའི་མཉམ་རྗེས་གང་གི་སྐབས་སུ་བཞག་ཀྱང་། སུས་ཀྱང་དགག་པའི་གནས་མེད་དོ། །སྣང་བའི་དངོས་པོ་གཅིག་གཞིར་བཞག་ནས། དེ་ལ་སྟོང་པའི་ངོ་བོ་ཞིག་འཇུག་པ་ནི། སྣང་སྟོང་ཟུང་འཇུག་མི་ཟེར་རོ། །ཆུ་ལ་འོ་མ་འཇུག་པ་ལྟ་བུའོ། །ལར་སྣང་སྟོང་ཟུང་འཇུག་གི་ཆོས་འབྱུང་བ། དབུ་མ་རང་རྒྱུད་པ་ཤས་ཆེ་བས་དེ་ཡི་གྲུབ་མཐས་གོང་མ་རྣམ་དག་འགེབ་པ་ནི་མཚར་ཆེ་ཧ་ཧ། དམ་པ་ཁྱེད་ཀྱི་ཞལ་གསུང་བདུད་རྩིའི་བཅུད། །རྟོག་གེ་བདག་གི་མགྲིན་པའི་ཁོང་དུ་མིད། །གཉིས་སྣང་འཁྲུལ་བའི་གཅོང་ནད་སེལ་ནུས་པའི། །བྱིན་རླབས་དངོས་གྲུབ་སྩོལ་ཤོག་དྲིན་ཆེན་རྗེ། །བོད་འདིར་རང་འདོད་བཞག་པའི་གྲུབ་མཐའ་མང་། །དེ་ཡི་རྗེས་འཇུག་ཐམས་ཅད་དེ་བཞིན་མཛོད། །ཆོས་ཁུངས་རྒྱ་གར་གཞུང་ལ་གཏུག་པ་ལ། །དགག་པའི་གོ་སྐབས་ཡོད་ན་ལྷག་པར་གྱིས། །ཧོ་ཧོ། མཚར་མཚར་ཡིན། རྒྱ་རྒྱ་རྒྱ། མཚོ་སྤྲུལ་མཁན་པོ་ཐེག་མཆོག་བསྟན་འཛིན་གྱིས་གཡུ་ཁོག་བླ་མ་ལ་ཞལ་རྩེད་ཀྱི་ཚུལ་དུ་བསྐུར་ནི་ཞིག་རེད་ཡོད་ཁི། དབུ་མ་ཐལ་འགྱུར་བའི་ལྟ་བ་ཡང་དག་ཞིག་གོ་དགོས་ན་མཁན་པོའི་གསུང་འདི་ཡིས་གོ་ནུས་ངེས་ཅན་རེད་ལགས། ༄༅། །སྡིག་ཅན་རྣམས་ཚེ་འཕོས་ཚེ་ཇི་ལྟར་བྱེད་ཚུལ་མདོ་ལས་ཁོལ་དུ་ཕྱུང་བ། ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ་ལས། ཡབ་རྒྱལ་པོས་གསོལ་བ། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས་དེའི་རྣམ་པར་སྨིན་པ་མི་བཟད་པ་མྱོང་བར་འགྱུར་བ་འདི་དག་གིས་ཇི་ལྟར་བགྱིས་ན་བདེ་བར་འགྱུར། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་བྱས་པ་དག་གིས་སྒྱུ་མེད་པའི་སེམས་དྭངས་བས་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ། སེམས་ཐག་པ་ནས་བཤགས་ན་འབྱང་བར་འགྱུར་རོ། །འཆི་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད་པ་བསྐྱེད་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་གསོལ་ན་སྡིག་པ་འབྱང་བར་འགྱུར་རོ། །མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཚེ་ཕྱི་མ་མེད་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །ལས་འབྲས་རྣམ་བཞག་ལས་ཁོལ་དུ་ཕྱུང་བའོ། །

༄༅། །ཤན་འབྱེད་སོགས་ལས་བཏུས་པ། རྫོགས་ཆེན་ལས་ནི་རིག་སྟོང་གཉུག་མ་རང་བྱུང་གི་ཡེ་ཤེས་ངོ་སྤྲད་པ་དེ་ཉིད་དོན་གྱི་ལྷན་སྐྱེས་ངོ་སྤྲད་པ་ཡིན། དེ་ལ་ངེས་ཤེས་སྐྱེས་པས་ཚོགས་ལམ་ཆེན་པོ་དང་སྐལ་བ་མཉམ། གོམས་པས་ཉམས་མྱོང་སྦྱོར་ལམ། རྟོགས་པ་མཐོང་ལམ། རྩལ་རྫོགས་སྒོམ་ལམ། སྒྲིབ་གཉིས་ཟད་པ་མཐར་ཕྱིན་ལམ་མོ། ༈ །མཚན་མེད་རྫོགས་པ་ཆེན་པོར་ནི། གཉིས་སྣང་གི་རྟོག་པ་རང་སར་མ་འགག་ཀྱང་། བླ་མའི་མན་ངག་དང་དབང་གི་དོན་བརྒྱུད་འཕོ་བའི་སྟོབས་ཀྱིས་སེམས་ཀྱི་ཆོས་ཉིད་ངོ་སྤྲད་དུ་ཡོད་པ་ནི་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་སོ། །སྣང་གསུམ་མཐའི་འོད་གསལ་ཉམས་སུ་མྱོང་བ་དང་། རྫོགས་ཆེན་རིག་ངོ་རྗེན་པར་རྟོགས་པ་གཉིས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་པོ་འམ་སོ་སོ་རང་རིག་པས་མངོན་སུམ་ཡིན་གྱི་རྗེས་དཔག་ལ་ལྟོས་པ་མིན་ནོ། །འོ་ན་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་འཕགས་ལམ་ས་དང་པོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྤྲིན་བྲལ་ཉི་མཐོང་བཞིན་དུ་མངོན་སུམ་རྟོགས་ཀྱང་། རྣལ་འབྱོར་གོམས་པ་རྫོགས་ན་ཆོས་ཐམས་ཅད་དེ་ཁོ་ནའི་ངང་དུ་འུབ་ཆུབ་པར་མངོན་སུམ་རྟོགས་པའི་རྟོགས་པ་འཕོ་འགྱུར་མེད་པ་ཐོབ་ཚེ་ས་དང་པོའི་རྟོགས་པ་མངོན་གྱུར་ཡིན་ཏེ། དེའི་ཚེ་དོན་གྱི་འོད་གསལ་མངོན་དུ་བྱས་པ་ཡིན་གྱི། ད་ལྟ་སྔགས་མཚན་བཅས་ཀྱི་ལམ་གྱི་འོད་གསལ་ཤར་བ་དང་། མཚན་མེད་རྫོགས་ཆེན་གྱི་རིག་ངོ་འཕྲོད་པ་དེ་ལ་དཔེ་ཡི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། ༈ །མཚན་མོ་སྙིང་ནང་གི་ཨ་དཀར་པོ་ལ་སེམས་བཟུང་བས། གཉིད་ཀྱི་ཤེས་པ་ནང་དུ་སྡུད་ཚེ་སྣང་བ་གསུམ་གྱི་ཉམས་དང་། ནམ་མཁའ་དག་པ་ལྟ་བུའི་འོད་གསལ་ཆ་འདྲ་འཆར་བ་དང་། ནམ་མཁའ་སུམ་ཕྲུག་སོགས་གདམས་པ་སྣ་ཚོགས་ཀྱི་སྒོ་ནས་ཀྱང་། དྭངས་གསལ་ནམ་མཁའ་འདྲ་བའི་ཉམས་འཆར་ཏེ་དེ་ཀུན་འོད་གསལ་དང་ཆ་འདྲ་ཙམ་དུ་རུང་མོད་ཀྱི། རྟོགས་པ་དོན་གྱི་འོད་གསལ་དངོས་མ་ཡིན་ཏེ་ཉམས་ཡིན་ལ། ཉམས་ཞེས་པ་སེམས་ལ་གནས་ལུགས་འོད་གསལ་དེའི་རྣམ་པ་ཆ་འདྲ་ཤར་བ་སྟེ་དཔེ་ཡི་འོད་གསལ་ཡང་ཟེར་རོ། །ཡེ་ཤེས་ཀྱི་ངོ་བོ་ལ་ཉམས་ཞེས་མི་བྱ་སྟེ། དོན་གྱི་འོད་གསལ་ཞེས་བྱའོ། །དེས་ན་ཡིད་རང་མཚན་པས་བསྒོམ་བྱ་འོད་གསལ་ལམ་སྟོང་ཉིད་ཅེས་གཟུང་འཛིན་དུ་སྒོམ་པ་ཐམས་ཅད། རྣམ་པ་སྟོང་ཉིད་འོད་གསལ་གྱི་ཆ་འདྲ་ཤར་ཀྱང་རི་མོ་བྲིས་པའི་ཟླ་བ་ལྟ་བུ་ཡིན་ལ། རྫོགས་ཆེན་གྱི་སེམས་ཉིད་ངོ་སྤྲད་པའི་དོན་བཞིན་རང་སེམས་སྐྱེ་མེད་ཀྱི་གནས་ལུགས་ཐད་ཀར་བཟོ་བཅོས་དཔྱད་ར་མི་དགོས་པར་ཐག་ཆོད་ན། དཔེ་ཡི་ཡེ་ཤེས་དངོས་ཡིན་ལ། ཆུ་ནང་གི་ཟླ་གཟུགས་ལྟ་བུ་ཡིན་ཏེ། ཉི་ཟླའི་གཟུགས་བརྙན་ཆུ་ལ་ཤར་བ་ལ་ཉི་ཟླ་དངོས་ལ་ཡོད་པའི་རྣམ་པ་རྣམས་སྣང་བ་ཡིན་ནོ། །འདི་འདྲའི་སེམས་ཀྱི་གནས་ལུགས་ཕྱག་ཆེན་ནམ་རྫོགས་ཆེན་རྟོགས་པའི་སྒོམ་པ་པོ་རྣམས་ཀྱིས་འདི་རྗེས་དཔག་གིས་རྟོགས་པ་མ་ཡིན་ཏེ། རང་གིས་མངོན་སུམ་དུ་རྟོགས་པ་ཡིན་པས། སྐྱེས་བུ་དམ་པ་མང་པོས་ཀྱང་འདི་སྔགས་ཀྱི་མཐོང་ལམ་ཡིན་ཞེས་གསུངས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པ་ནི་ལུས་རྒྱས་སྒྲིབ་པ་སོགས་སུ་འཆད། ཀློང་ཆེན་རབ་འབྱམས་ཀྱིས་སྔགས་ཀྱི་མཐོང་ལམ་དངོས་མིན་ཡང་ཆོས་ཉིད་དེ་བཞིན་ཉིད་དངོས་སུ་རྟོགས་པ་ཡིན། མཐོང་ལམ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོད་དགོས་པས། འདི་རང་རིག་མངོན་སུམ་ཡིན་ཡང་དཔེ་ཡི་ཡེ་ཤེས་སུ་བཞེད། དོན་གྱི་ཡེ་ཤེས་ཟླ་བ་དངོས་མཐོང་བ་ལྟ་བུ་མཐོང་ལམ་དུ་བཞེད་དོ། ༈ །མདོར་ན་རང་རིག་གཉུག་མའི་དོན་རང་སྣང་མ་འགག་པའི་དུས་སུ་རྟོགས་ཀྱང་རུང་། སྣང་གསུམ་མཐའི་འོད་གསལ་གྱི་དུས་སུ་རྟོགས་ཀྱང་རུང་སྟེ། རིག་སྟོང་རྗེན་པར་འཆར་ཏེ། དེ་སུས་ཤེས་ན་ཤེས་བྱེད་ཤེས་བྱ་ཐ་དད་དུ་མེད་དེ་རང་གསལ་དུ་འཆར་གྱི། རྟོགས་པར་བྱེད་པ་པོ་ཡིད་ཕྲ་བ་མ་ཡིན་ཏེ། ཤེས་རབ་རང་བྱུང་གིས་རང་གསལ་དུ་ཤེས་པ་ཡིན། སྣང་གསུམ་མཐའི་འོད་གསལ་ཉམས་སུ་མྱོང་བའི་རྗེས་སུ་ཡིད་རགས་པས་དེ་དྲན་པ་ནི། ཤེས་རབ་རང་བྱུང་ཤེས་པ་ཐམས་ཅད་ལ་ཁྱབ་པའི་ཆ་ནས་ཡིད་དང་ཐ་དད་དུ་འབྱེད་དུ་མེད་པ་དེས་ཤེས་པ་ཡིན། ཤེས་རབ་རང་བྱུང་གི་སྒྲོན་མ་ལ། རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་གྱི་རྒྱུད་ལས་དབྱེ་བ་ལྔ་གསུངས་ཏེ། གཞི་གནས་རང་བྱུང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རྟེན་བྱེད་ལ། སྣང་བ་ཅེར་འཛིན་གྱི་ཤེས་རབ་ཀྱིས་དབྱིངས་རིག་ཐད་ཀར་རྟོགས་པ། དྲན་པ་འགག་མེད་ཀྱི་ཤེས་རབ་ཀྱིས་མཉམ་བཞག་ཏུ་གསལ་དྭངས་འབྱེད་པ་ཡིན་ལ། འདི་རང་བྱུང་ཡེ་ཤེས་ལ་ལྡན་པ་དང་། ལྡན་ཆོས་སུ་ངོ་བོ་གཅིག་པར་བསྟན་པ་སྟེ། རང་གནས་ཀྱི་ཤེས་རབ་ཡིན་པས། ཡེ་ཤེས་ཀྱི་ཆ་ཡིན་ལ། རྟོག་དཔྱོད་དང་གཟུང་འཛིན་ཅན་སེམས་ཀྱིས་བསྡུས་པ་མིན་པར་ཀུན་མཁྱེན་ཆེན་པོས་གསུངས། ལྟ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པ་ཡང་ཡིད་ཤེས་ཀྱི་ཆ་ལ་ཁྱབ་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྱི་དང་རང་གི་མཚན་ཉིད་ཤེས་པ་དང་། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱིས་ཐོས་བསམ་སྒོམ་པའི་མཚམས་བྱེད་པ་ཞེས་གསུངས་པའི་ཤེས་རབ་འདི་ལྟ་བུས་དོན་གྱི་འོད་གསལ་མངོན་དུ་བྱེད་པ་ཡིན་ཡང་། ཡིད་དང་ཆ་འདྲ་བ་ཡིད་ཤེས་ཀྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་གཞུང་སྤྱི་ལས་གསུངས། ༈ སྣང་གསུམ་གྱི་འོད་གསལ་ཤར་བའི་སྐབས་སུ། ཤར་རྒྱུ་ཆོས་ཉིད་གཉུག་མ་དེ་ཡིན། ཤར་ནས་ངོས་ཟིན་པ་པོ་ཚོགས་བརྒྱད་མེད་ན་སུ་ཡིན་སྙམ་ན། ཤེས་རབ་རང་བྱུང་ཡིན་ཏེ། གཟུང་འཛིན་གྱི་མཚན་མ་མེད་པའི་ཆོས་ཉིད་དེ་ལྟ་བུ་ཉམས་སུ་མྱོང་བའི་སྟོབས་ཀྱིས་རྗེས་ཐོབ་ཏུ་ཆོས་ཉིད་བསམ་མི་ཁྱབ་པའི་དོན་ལ་སྒྲོ་འདོགས་ཆོད་པ་ཡོད་པར་བསྙོན་དུ་མེད་ལ། དེ་དུས་ཀྱི་ཉམས་སུ་མྱོང་མཁན་གྱི་བློ་གཞན་དང་མྱོང་བྱ་འོད་གསལ་གཉིས་སུ་མེད་པར་རང་བཞིན་འོད་གསལ་མཐའ་དབུས་བྲལ་བའི་ཉམས་ཤར་བ་དེ། གཉུག་མའི་འོད་གསལ་གྱི་རང་གདངས་སུ་གྱུར་པའི་ཤེས་རབ་ཡིན་ལ། ཡིད་ཤེས་ཀྱི་འཁོར་གྱི་ཤེས་རབ་མ་ཡིན་ཏེ། ཡིད་མེད་ན་དེ་དང་མཚུངས་ལྡན་གྱི་སེམས་བྱུང་ཤེས་རབ་ག་ལ་ཡོད་དེ་མེད་དོ། །ཡིད་ཤེས་འཁོར་གྱི་སེམས་བྱུང་ཤེས་རབ་རྐྱེན་བཞི་ལས་ངེས་པར་སྐྱེ་དགོས་པས་འདུས་བྱས་ཡིན་གྱི་རང་བྱུང་ག་ལ་ཡིན། འདི་ལ་རྐྱེན་བཞི་མེད་དེ། དམིགས་གཏད་ཀྱི་མཚན་མའི་རྐྱེན་དང་། རང་གི་ཉེར་ལེན་དུ་གྱུར་པའི་དེ་མ་ཐག་རྐྱེན་དང་། སྐལ་མཉམ་སོགས་རྒྱུ་རྐྱེན་དང་བྱེད་རྒྱུ་བདག་རྐྱེན་བཞི་དཔྱད་དུ་མེད། ཡུལ་ཆོས་ཉིད་ལས་ཐ་དད་པའི་བློ་མེད་པས་དམིགས་རྐྱེན་མེད་ལ། དེ་མེད་པས་རྒྱུ་རྐྱེན་སོགས་མེད་དོ། །དེ་དག་ལ་ཡུལ་ཡུལ་ཅན་ཐ་དད་ཀྱི་མཚན་མ་ཅུང་ཟད་དམིགས་ན་དེ་ལྟར་ཡོད་རུང་ཡང་། དེར་དམིགས་པ་ཅུང་ཟད་མེད་པ་ལ་རྐྱེན་བཞིའི་ཐ་སྙད་མེད་དོ། །དེས་ན་གཞི་རང་བྱུང་གི་ཡེ་ཤེས་དང་གཉིས་སུ་མེད་ཀྱང་རྣམ་པའི་ཆ་ནས་གཞི་ཇི་བཞིན་པར་རང་འོད་དུ་གསལ་བ་ལ་མྱོང་བའི་ཐ་སྙད་བཏགས་ཀྱི་མྱང་བྱ་མྱོང་བྱེད་ཀྱི་རྫས་ཐ་དད་དུ་མེད་དོ། །འོ་ན་འོད་གསལ་རང་ལ་རང་གདངས་ཤེས་རབ་རང་བྱུང་ཡོད་ན། ལམ་ལ་མ་འབད་པའི་སོ་སྐྱེ་རྣམས་ཀྱིས་འབད་པ་མེད་པར་དེ་འདྲའི་ངོས་ནས་འོད་གསལ་ངོས་ཅིས་མི་ཟིན་སྙམ་ན། མི་ཟིན་ཏེ། གཞི་རང་བྱུང་གི་ཡེ་ཤེས་རང་གདངས་ཤེས་རབ་འཆར་རུང་གི་རང་བཞིན་དུ་ཡེ་ནས་ཡོད་ཀྱང་། འཁྲུལ་པའི་སྒྲིབ་པ་འཐུག་པོས་མནན་ནས་གཞི་ཐོག་ཏུ་གནས་པའི་དུས་དེར། སྒྲིབ་པའི་དབང་གིས་འོད་གསལ་མི་མཐོང་བས་སེམས་མེད་ཀྱི་གནས་སྐབས་འདི་ཤེས་འདི་དྲན་ཅི་ཡང་མེད་པར་བརྒྱལ་བ་ལྟར་འགྱུར་བའི་ཕྱིར་རོ། ༈ །ད་ལྟ་གསལ་ཙམ་རིག་ཙམ་ཡིད་ཀྱི་སྟེང་གི་འདི་གཉུག་སེམས་ཀྱི་གསལ་ཆ་ཚོགས་དྲུག་ལ་ཁྱབ་པའི་ནང་གི་ཡིད་ཀྱི་སྟེང་གི་དེ་རེད། འདིའི་ངང་དུ་ལམ་པས་སྟོང་ཉིད་སྒོམ་པ་སོགས་ཡིད་ཁོ་ནས་བྱེད་པས། ཡིད་ཕྲ་བ་ཟེར་རྒྱུ་འདི་རེད། འདི་གཉུག་སེམས་དངོས་མ་རེད། རྣམ་རྟོག་གིས་བསླད་པའི་སྐབས་ཡིན་པས་སོ། །འདི་འདྲ་མིག་ཤེས་ཀྱི་སྟེང་ནའང་གསལ་ཙམ་ལ་སྔོ་སེར་སོགས་ཀྱིས་བསླད་ཞུགས་པ་སོགས། སྒོ་ལྔ་ལའང་ཡོད་དགོས་སོ། །ཡིད་ཕྲ་བ་གསལ་ཙམ་རྟོག་མེད་དེས་རང་གིས་རང་སྟོང་པར་མཐོང་ན་གཉུག་སེམས་ཀྱིས་སྟོང་ཉིད་བསྒོམས་ན་ཆོད་ཆེ་ཟེར་བ་དེ་རྙིང་མ་ཚོའི་བསྒོམ་རྒྱུ་དེ་རེད། ༈ དགག་རྟོག་སྒྲུབ་རྟོག་གང་ཡིན་ཡང་རྣམ་རྟོག་ལས་མི་འདའ་ལ། མི་རྟོག་ཡེ་ཤེས་ནི་དགག་རྟོག་སྒྲུབ་རྟོག་གང་ཡང་མིན་ཏེ། གང་དུའང་མི་རྟོག་པ་ཡིན་ནོ། །ཁ་ཅིག་ན་རེ། མི་རྟོག་ཡེ་ཤེས་ཆོས་ཅན། དགག་རྟོག་ཡིན་ཏེ། སྤྲོས་པ་དང་བྲལ་བ་ཡིན་པའི་ཕྱིར། སྤྲོས་པ་དགག་པའི་རྟོག་པ་དང་། སྤྲོས་བྲལ་སྒྲུབ་པའི་རྣམ་རྟོག་ཡིན་ནོ་སྙམ་ན་སྤྲོས་པ་མཐའ་དག་ཁེག་པ་ལ་སྤྲོས་པ་དང་བྲལ་ལོ་སྙམ་དུ་འཛིན་པ་ག་ལ་ཡོད། ཡོད་ན་ད་དུང་སྤྲོས་པ་མ་ཁེགས་པས་སྤྲོས་བྲལ་མ་ཡིན་ནོ། ༈ །བདེན་གཉིས་དབྱེར་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སོ་སོ་རང་གིས་རིག་པའི་ཡུལ་དེ་ཆོས་དབྱིངས་དང་སྟོང་ཉིད་མཐར་ཐུག་ཡིན། དེ་རྟོགས་ཚེ་རྟོགས་བྱ་ཆོས་དབྱིངས་རྟོགས་བྱེད་ཡེ་ཤེས་ཞེས་ཐ་སྙད་ཀྱིས་ཕྱེ་བ་ལས་དོན་ལ་ཐ་དད་ཅུང་ཟད་ཀྱང་མེད་དོ། །རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་གསལ་ཞིང་རིག་པ་རྣམ་ཤེས་ཀྱི་མཚན་ཉིད། རྣམ་པར་མི་རྟོག་པ་གནས་ལུགས་སོ་སོ་རང་གིས་རིག་པའི་རང་བཞིན་འོད་གསལ་བ་ཡེ་ཤེས་ཀྱི་མཚན་ཉིད་དོ། །རྣམ་ཤེས་ཀྱི་ཆོས་ཉིད་ནི་ཡེ་ཤེས་སོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་ཡེ་ཤེས་མཐར་ཐུག་པ་སངས་རྒྱས་ཀྱི་མཚན་ཉིད། ཡེ་ཤེས་དེ་ལ་ཆོས་ཉིད་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་དང་། ཆོས་ཅན་མཐའ་དག་གཟིགས་པའི་ཆ་ནས་ཇི་སྙེད་པའི་ཡེ་ཤེས་ཞེས་ལྡོག་ཆས་བཏགས་ཀྱི། ངོ་བོ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉག་གཅིག་ལས་ཐ་དད་དུ་མེད་དེ། །བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་མཐར་ཐུག་གཟིགས་པའི་ཡེ་ཤེས་ཡིན་ནོ། །དེས་ན་རྣམ་ཤེས་ཚོགས་བརྒྱད་ཆོས་ཅན་དང་། དེའི་རང་བཞིན་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ནི། གཅིག་ཐ་དད་གང་དུའང་ཁས་བླང་བྱ་མིན་པར། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་པའི་ལུང་བཞིན་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་ལ། དེའི་ཕྱིར་དེ་གཉིས་ཐ་སྙད་དུ་གཅིག་མ་ཡིན་ཏེ། སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། ཆོས་ཅན་དང་ཆོས་ཉིད་ཡིན་པ་སོགས་ཀྱི་ཕྱིར་རོ། །དོན་དམ་པར་ཐ་དད་མིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པས། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་དང་། ཡེ་ཤེས་རྟོགས་ཚེ་སེམས་རང་གྲོལ་དུ་འཆར་བ་སོགས་ཀྱི་ཕྱིར་ནའོ། ༈ །སྔགས་མཚན་བཅས་ཐབས་ཀྱི་ལམ་མདོ་ལས་འཕགས་ན། དེ་དག་དཔེ་ཡི་ཡེ་ཤེས་ཀྱི་སྒོ་ནས་དོན་གྱི་ཡེ་ཤེས་འཚོལ་བའི་ལམ་ཡིན་ལ། དེའི་མཚོན་བྱ་དོན་གྱི་ཡེ་ཤེས་དེ་ཉིད་ཐད་ཀར་འཆར་བ་རྫོགས་ཆེན་གྱི་ལམ་མྱུར་ལམ་ཅིས་མ་ཡིན་ཏེ། དེའི་ངང་དུ་གོམས་ན་གང་སྣང་སྐུ་གསུམ་ཀྱི་རོལ་པར་ཤར་ནས་ཚེ་འདི་ལ་སངས་རྒྱས་ནུས་པའི་ཕྱིར་རོ། །དེས་ན་ཆོས་སྐུ་ཀ་དག་གི་དགོངས་པ་ཁྲེགས་ཆོད་ཀྱིས་མངོན་སུམ་མཐོང་ཞིང་། གཟུགས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ཐོད་རྒལ་གྱིས་མངོན་སུམ་མཐོང་བས། སངས་རྒྱས་མངོན་སུམ་ལམ་བྱེད་ཀྱི་ཐེག་པ་འདི་ལྟ་བུ་མདོ་ལམ་ན་མེད་དོ། །དེས་ན་སྟོང་ཉིད་རྗེས་དཔག་གིས་གཏན་ལ་ཕབ་ནས་ཚོགས་རྒྱ་ཆེན་པོ་དང་འབྲེལ་བར་ཉམས་སུ་བླངས་པས། རིམ་བཞིན་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཇེ་ཉེར་འགྱུར་བའི་ལམ་མདོ་ན་ཡོད་ཀྱི། ལས་དང་པོ་པའི་ས་ནས་མངོན་སུམ་ཡིད་ཆེས་སྐྱེད་པའི་ཐབས་མ་བསྟན་ཏོ། དེ་ལྟར་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་གནས་ཚུལ་ལས་དང་པོ་པའི་ས་ནས་ཀྱང་ཡིད་ཆེས་རྙེད་པ་དེ་བཞིན་བསྒོམས་པས་དོན་གྱི་ཡེ་ཤེས་མྱུར་དུ་འདྲེན་པ་ཡིན་ལ། དེ་ལྟ་བུའི་དཔེ་ཡི་ཡེ་ཤེས་དེ་ཡང་ཆུ་ནང་གི་ཟླ་གཟུགས་ལྟར་དོན་གྱི་ཡེ་ཤེས་མཚོན་ནུས་པས་མདོ་ལས་འཕགས་ཤིང་། ཉི་ཟླའི་གཟུགས་བརྙན་ཆུ་ལ་ཤར་བ་ལ་ཉི་ཟླ་དངོས་ལ་ཡོད་པའི་རྣམ་པ་རྣམས་སྣང་བ་ཡིན། དོན་གྱི་ཡེ་ཤེས་ཟླ་བ་ལྟ་བུ་མངོན་དུ་མཐོང་བའི་ཚེ་ན་དོན་གྱི་ཡེ་ཤེས་དེས་མཐོང་བ་ཡིན་ཡང་། ཚེས་གཅིག་གི་ཟླ་བ་ཟླ་བ་དངོས་ཡིན་ཡང་ད་དུང་བཅོ་ལྔའི་བར་རྒྱ་ཇེ་ཆེར་མཐོང་བ་ཡོད་པ་བཞིན། སྒོམ་པའི་ལམ་དུ་དོན་གྱི་ཡེ་ཤེས་མཐོང་བ་ཇེ་ཆེར་འཕེལ་ཏེ། མཐར་ཐུག་བཅོ་ལྔའི་ཟླ་བ་མཐོང་བ་ལྟར། མཐོང་བ་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའོ། ༈ །རོང་ཀློང་གཉིས་ནི་མདོ་ལམ་གྱི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་མཚན་ཉིད་པར་བཞེད་ཅིང་མ་ཆགས་པདྨ་དང་ཡི་གེ་འཁོར་ལོ་ཚོགས་ཆེན་སྐུ༵་གསུམ༵་གྱི་ལྡོག་ཆས་དབྱེ་བར་བཞེད། ༈ ད་ལྟ་ཚོགས་བརྒྱད་ཀྱི་ཡུལ་ཀུན་མ་འགག་བཞིན་དུ་གདོད་མའི་འོད་གསལ་ངོས་ཟིན་རྒྱུ་ཡོད་པ་འདི་རྫོགས་ཆེན་གྱི་ལམ་གྱི་ཁྱད་ཆོས་ཡིན། ལམ་གཞན་བླ་མེད་ཡིན་ཡང་དེ་ངོས་ཟིན་ཕྱིར་སྣང་གསུམ་གྱི་འོད་གསལ་ཇེ་བས་ཇེ་གསལ་དུ་སྦྱང་དགོས་པ་དེ་རྩོལ་བའི་ལམ་ཡིན། འདི་རྩོལ་མེད་རང་སར་རྙེད་པའི་མན་ངག་ཡིན་པ་ཁྱད་ཕྱེད་དགོས། རིག་པ་ཉིད་རྣམ་རྟོག་བྲལ་ཏེ་རྗེན་པར་ཤར་ཚེ་སྣང་བའི་འོད་གསལ་མཐར་ཐུག་དང་ཁྱད་མེད། ༈ རྣལ་འབྱོར་པ་ལ་ཤར་བའི་དུས་སུ་འོད་གསལ་ཤར་ཞེས་ཟེར་ཀྱང་། རྣལ་འབྱོར་པ་མིན་ཡང་ཐ་མལ་བ་རྣམ་ལ་གཉིད་འཐུག་སོགས་ཀྱི་དུས་སུ་འོད་གསལ་འགག་པ་ནི་མ་ཡིན་པས། རྣལ་འབྱོར་གྱི་ངོ་ཤེས་དུས་འོད་གསལ་ཡོད་ལ། གཞན་རྣམས་ལ་དེ་དུས་གཞི་འོད་གསལ་མེད་པ་མ་ཡིན་པས། འདི་གཉིས་བརྗོད་ཚུལ་མི་འདྲ་ཡང་དོན་དེ་ལྟ་བུར་སུས་ཀྱང་ཁས་བླང་དགོས་སོ། འོ་ན་དེ་དུས་ཤེས་བྱེད་ཀྱི་བློ་མེད་པས། རྣལ་འབྱོར་པས་ལམ་གྱི་སྟོབས་ལས་ཀྱང་དེ་ཤེས་པར་མི་སྲིད་སྙམ་ན་མ་ཡིན་ཏེ། མདོ་སྔགས་ཀྱི་ལམ་གང་ཡིན་ཡང་བདེན་གཉིས་དབྱེར་མེད་གཞི་ཡི་ཆོས་ཉིད་ལ་ངེས་པ་རྙེད་ནས། བསྒོམས་པས་མྱོང་བ་སྐྱེས་པའི་སྟོབས་ཀྱིས་གཞི་ཡི་སྟེང་གི་འཁྲུལ་བའི་སྒྲིབ་པ་བསལ་སྟོབས་ཀྱིས། དེ་དུས་ཤེས་རབ་ཀྱི་གདངས་ཀྱིས་དེ་ངོས་ཟིན་པ་སྲིད་དེ། སྔགས་ཀྱི་གྲོལ་ལམ་ལྟར་ན་ཚོགས་བརྒྱད་མ་འགག་པའི་དུས་ཀྱི་ཡིད་ཀྱི་ཤེས་པསསེམས་རང་གི་ཆོས་ཉིད་རིག་སྟོང་ཟུང་འཇུག་ཏུ་མྱོང་བ་ན། སེམས་དེ་ཉིད་རིག་སྟོང་བློ་འདས་སུ་རྟོགས་ནུས་ལ། དེ་ལ་གོམ་པས་སེམས་དབེན་སོགས་ཆེད་དུ་མ་བསྒོམས་ཀྱང་། གཉིད་འཐུག་དང་འཆི་དུས་ཀྱི་འོད་གསལ་ངོས་ཟིན་པ་འབྱུང་ངོ་། །རིག་སྟོང་གི་ཆོས་ཉིད་རྟོགས་པའི་སྐབས་ན་ཡིད་རྟོག་བཅས་རྟོག་མེད་ཀྱིས་མཚོན་པའི་ཚོགས་བརྒྱད་དམ་དྲུག་གི་ཤེས་པ་ཐམས་ཅད་ཡེ་ཤེས་འབའ་ཞིག་གི་རང་བཞིན་དུ་འཆར་གྱི་ཡེ་ཤེས་ལས་ཐ་དད་པའི་རྣམ་ཤེས་མི་དམིགས་ཏེ། སེམས་ཀུན་གྱི་ཆོས་ཉིད་དེ་ལས་གཞན་པའི་སེམས་མེད་པའི་ཕྱིར་རོ། ༈ །གློག་གི་སྒྲོན་མ་ལས། ཕྱག་རྫོགས་ཀྱི་ཁྱད་པར། ཕྱག་ཆེན་པ་ལྟ་བས་ཡུལ་ལ་ཕར་རྒྱས་བཏབ་ནས་གསལ་སྟོང་དུ་གཏན་ལ་འབེབས། རྫོགས་ཆེན་པས་ཆོས་ཐམས་ཅད་སེམས་ཀྱི་རོལ་བར་བསྡུས་ནས་ཡུལ་རིག་སྟོང་དུ་གཏན་ལ་འབེབས་པ་ཡིན། རྫོགས་ཆེན་སྡེ་གསུམ་ག་ཡུལ་སྣང་བ་དང་བཅས་པ་ཡུལ་ཅན་རིག་པའི་ཀློང་དུ་རྫོགས་པར་འདུ་ཡང་སེམས་སྡེས་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་དུ་འདོད། ཀློང་སྡེས་སེམས་ཉིད་རྩལ་སྣང་དང་བཅས་པ་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་མེད་པར་ཡེ་གྲོལ་རང་དག་ཏུ་འདོད། མན་ངག་སྡེས་ཡེ་ནས་ཟུང་འཇུག་བློ་འདས་རང་བྱུང་གི་ཡེ་ཤེས་རྩོལ་བྲལ་དུ་འདོད་པས། མདོར་ན་བསྐྱེད་རྫོགས་གསུམ་ཀྱི་དབང་བཞི་པའི་ཡེ་ཤེས་ལུས་རྫོགས་པར་སྟོན་པ་ལ་སྡེ་གསུམ་རིམ་གྱིས་འབྱུང་ངོ་། །ཞེས་དང་། མདོ་ལམ་དུ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་གཏན་ལ་ཕབ་ནས་གོམས་ཚུལ་ལས་ད་ལྟ་སོ་སྐྱེའི་སར་དོན་རང་མཚན་གོམས་པ་མེད་ཀྱང་། སྔགས་སུ་ཐབས་མ་སྦས་པར་གསལ་བར་བསྟན་པས། གང་ཟག་གི་སྐལ་བའི་ཁྱད་པར་གྱིས་ད་ལྟ་མངོན་དུ་བྱེད་ནུས་མི་ནུས་དང་། དེ་ཡང་དབང་རབ་ཅིག་ཅར་བ་དབང་དུས་སུ་ངོ་འཕྲོད་པའམ་གཏན་ཚིགས་བསྟན་པ་ཙམ་གྱིས་རྟོགས་ནུས་པ་དང་། དབང་འབྲིང་ལ་རྩ་མདུད་འགྲོལ་བའི་དམིགས་གནད་སོགས་གོམས་སྟོབས་ཀྱིས་རིམ་གྱིས་རྟོགས་པ་དང་། དབང་རྟུལ་བསགས་སྦྱང་སོགས་བརྒྱུད་ནས་རྟོགས་ཚུལ་སོགས་ཀྱི་དབྱེ་བ་ཡོད་མོད་ཀྱི། སྤྱི་ལྡོག་ཏུ་ད་ལྟ་ཚོགས་སྦྱོར་གྱི་ལམ་དུའང་ཆོས་ཉིད་རང་མཚན་མངོན་སུམ་དུ་མཐོང་བ་ནི་ཡོད་དོ། །ཞི་བྱེད་ཆུ་ཀླུང་རོལ་པ་ལས། རང་གིས་བསགས་པ་རབ་ཏུ་གྱུར་པ་དང་། །བླ་མ་དམ་པ་བསྟེན་ལ་མཁས་པ་དང་། །རྣལ་འབྱོར་རིག་པ་དྭངས་པས་མངོན་སུམ་དུ། །མཐོང་ལམ་ཆེ་ཆུང་སྐྱེ་བ་ཁོ་ནར་བཤད། །ཅེས་དང་། ངེས་དོན་འདུས་པའི་རྒྱུད་ལས། ད་ལྟ་ཆོས་སྐུར་མ་ཤེས་ན། །གསང་སྔགས་མན་ངག་ཅི་ལ་ཆེ། །དེ་ཕྱིར་བསྟན་ཤེས་སྒོམ་མ་དགོས། །ཞེས་གསུངས། དེ་ལས་གཞན་དུ་ན། གསང་སྔགས་འབྲས་བུའི་ལམ་མ་ཡིན་ཞིང་རྒྱུ་ལམ་བྱེད་དང་ཁྱད་མེད་དུ་ཐལ་བ་དང་། ཆོས་ཉིད་ངོ་སྤྲོད་ཀྱི་མན་ངག་རྒྱུན་ཆད་པར་ཐལ་བ་དང་། རང་རིག་པའི་ཚད་མ་རྒྱུན་ཆད་པར་ཐལ་བ་དང་། མངོན་སུམ་རྟོགས་བྱེད་ཀྱི་རིགས་པའི་གཏན་ཚིགས་རྒྱུན་ཆད་པར་ཐལ་བའི་སྐྱོན་བཞིས་གནོད་ཅིང་། མཐོང་ཚུལ་ཡང་གསལ་བ་མཐར་ཕྱིན་མ་ཕྱིན་གྱི་བྱེ་བྲག་གིས། དཔེར་ན་དབང་པོའི་ཡུལ་དུ་མཐོང་ཡང་ཐག་ཉེ་རིང་གིས་གསལ་བ་མཐར་ཕྱིན་མ་ཕྱིན་ཡོད་པ་བཞིན། ལམ་རིམ་ལས། དབང་པོ་དྭངས་པའི་སྤྱོད་ཡུལ་ལས། །ཉེ་རིང་དྲུང་ཕྱིན་སྟོབས་འཕེལ་བས། །རྒྱུ་རྐྱེན་གོང་འོག་འབྲས་བུ་བགྲོད། །གསལ་བས་བྱེ་བྲག་རིམ་པར་འགྲོ། །ཞེས་གསུངས་སོ། ༈ །སེམས་རྣམ་ཤེས་ཚོགས་བརྒྱད་ཆོས་ཅན་དང་། དེའི་རང་བཞིན་ནམ་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ཐ་སྙད་དུ་གཅིག་མ་ཡིན་ཏེ། སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། ངོ་བོ་འཁྲུལ་མ་འཁྲུལ་དང་། གཟུང་འཛིན་ཡོད་མེད་སོགས་ཀྱི་ཁྱད་པར་ཡོད་པའི་ཕྱིར། དོན་དམ་པར་ཐ་དད་པ་མ་ཡིན་ཏེ་སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པ་དང་། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པ་དང་། ཡེ་ཤེས་རྟོགས་ཚེ་སེམས་རང་གྲོལ་དུ་འཆར་བ་སོགས་ཀྱི་ཕྱིར། དེས་ན་དེ་གཉིས་གཅིག་ཐ་དད་གང་དུའང་ཁས་ལེན་པར་མི་བྱའོ། །ཞེས་དང་། ༈ རྫོགས་ཆེན་གྱི་རིག་ངོ་འཆུག་མེད་འཕྲོད་ན་སྔགས་ལམ་གྱི་དཔེ་ཡི་འོད་གསལ་སྐྱེས་པ་ཡིན། འདི་ཉིད་མངོན་སུམ་ཡིན་ཕྱིར་དོན་གྱི་ཡེ་ཤེས་དངོས་སུ་བཞེད་པ་ཡོད་ཀྱང་། རང་ལུགས་ཀུན་མཁྱེན་ཆེན་པོས་ནི། དོན་གྱི་ཡེ་ཤེས་དངོས་མཐོང་ལམ་ཡིན་པས་དེ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངོན་གྱུར་དུ་ཡོད་དགོས་པའི་ཕྱིར། འདིར་མངོན་སུམ་གྱིས་མཐོང་བ་ཡིན་ཡང་ད་དུང་མཐོང་སྤང་གི་དྲི་མའི་སྦུབས་ལས་མ་གྲོལ་བའི་ཕྱིར་དོན་གྱི་འོད་གསལ་དངོས་མ་ཡིན་ལ། དཔེའི་འོད་གསལ་དུ་བཞེད་དོ། ༈ །ཨ་ནུས་ནི། དབྱིངས་སྟོང་ཉིད་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དང་། ཐབས་བདེ་བ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་གཉིས་དབྱེར་མེད་པ་ནི་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན་པས། དེ་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་ངེས་པའི་བདེ་སྟོང་གི་ལྟ་བ་ཞེས། དོན་ལ་རང་བྱུང་ཟག་མེད་བདེ་བ་ཆེན་པོ་ཞེས་པ་ཡེ་ནས་བདེ་སྟོང་འདུ་འབྲལ་སྤངས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ཡིན་ལ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་སོང་བས་སྣང་སྲིད་ཡེ་ནས་སངས་རྒྱས་པར་གཏན་ལ་ཕབ་བོ། །ཞེས་གསུངས། ༈ ཀུན་མཁྱེན་ཆོས་རྗེས་གཞི་སྣང་ཡེ་ཤེས་སྒྲོན་མེར། བདག་ཉིད་གཅིག་པ་ཡེ་ལྡན་གྱི་ཚུལ། ལྷན་ཅིག་སྐྱེས་པ་དུས་མཉམ་གྱི་ཚུལ། ཀུན་ཏུ་བརྟགས་པ་ཕྱིས་འབྱུང་གི་ཚུལ་དུ་རང་མ་རིག་པའི་ཆ་ལས་སོ་སོར་བཏགས་སོ། །ཞེས་གསུངས། ༈ གཏེར་ཆེན་བླ་མའི་འདས་རྗེས་བསྡུས་འགྲེལ་ལས། གཞི་སྣང་ཤར་བའི་ཚེ། འོད་ལྔ་ལ་བཟུང་བས་འབྱུང་ལྔ་སྣོད་ཀྱི་འཇིག་རྟེན་གྲུབ། སྐུ་ལ་འཛིན་པ་ཞུགས་པས་ལུས་དང་། ཆོས་ཉིད་ཀྱི་སྒྲ་ལ་འཛིན་པ་ཞུགས་པས་ངག་དང་། རིག་པའི་གདངས་རིག་ཙམ་གསལ་ཙམ་ལ་འཛིན་པ་ཞུགས་པས་སེམས་སུ་སྣང་ནས་འཁྲུལ་བས་དོན་ལ་མ་དག་པའི་སྣང་བ་ཞེས་རྡུལ་ཆ་ཕྲ་མོ་ཙམ་དུ་གྲུབ་མ་མྱོང་ཡོད་མ་མྱོང་བར་ད་ལྟ་སྣང་དུས་ཉིད་ནས་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ཡིན་ནོ། །ཞེས་གསུངས། ༈ གློག་གི་སྒྲོན་མ་ལས། དེ་ལྟར་གདོད་མའི་སྤྱི་གཞི་ལས་གྲོལ་འཁྲུལ་གྱི་སྒོ་ཇི་ལྟར་འབྱུང་ཚུལ་ཡང་། ད་ལྟའི་གཉིད་དང་འཆི་བའི་འོད་གསལ་འདི་ཉིད་ཀྱིས་མཚོན་ནུས་ཏེ། གཉིད་ཀྱི་སྐབས། སྒོ་ལྔ་ཉོན་ཡིད་དང་བཅས་པ་ཡིད་ཤེས་ལ་ཐིམ། ཡིད་ཤེས་ཀུན་གཞིའི་རྣམ་ཤེས་ལ། དེ་ཀུན་གཞི་རྟོག་མེད་ལ། དེ་ཆོས་དབྱིངས་སུ་ཐིམ་པས་ཕྲ་རགས་ཀྱི་འཛིན་པ་ནུབ་ལ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་འཆར་བས་དེ་ངོས་ཟིན་ན་འཁྲུལ་བ་བཟློག་སྟེ། གསང་བ་རིན་པོ་ཆེའི་རྒྱུད་ལས། ཚོགས་བདུན་ཀུན་གཞིའི་རྣམ་ཤེས་སུ། །ཐིམ་པས་ཀུན་གཞི་དབྱིངས་སུ་དག །དེ་ཚེ་གདོད་མའི་ལྷན་ཅིག་སྐྱེས། །སྟོང་གསལ་རང་བྱུང་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་པས་ཤེས་བྱ། །ཞེས་གསུངས། དེ་ལས་སླར་མཆེད་པའི་ཚེ། ཆོས་དབྱིངས་ལས་ཀུན་གཞི། དེ་ལས་ཀུན་གཞིའི་རྣམ་ཤེས། དེ་ལས་ཡིད་ཤེས་གཅིག་པོ་ལངས་པས་རྨི་ལམ་འཆར་བ་དང་། དབང་པོ་སོ་སོར་བརྟེན་པའི་རྩར་རླུང་ཞུགས་པས་གཉིད་སད་དེ་ཉིན་སྣང་གི་ཡུལ་ལ་གཟུང་འཛིན་རགས་པ་འཆར་བར་ཤིང་རྟ་ཆེན་མོར་གསུངས། འདིས་གྲོལ་འཁྲུལ་དང་ཁྱད་པར་སེམས་ཕྲ་བ་ནས་རིམ་གྱིས་མཆེད་ཚུལ་མཚོན། སེམས་ཅན་རྣམས་འཆི་བའི་ཚེ་ས་ཆུ་མེ་རླུང་རྣམས་རིམ་པས་ཐིམ་མཐར། རླུང་རྣམ་ཤེས་ལ་ཐིམ་སྟེ། ཕྱི་དབུགས་ཆད་པའི་བར་རགས་པ་ཐིམ་པ་དང་། དེ་ནས་ནང་དབུགས་གནས་པའི་དང་པོར། རྟོག་པ་ཐིམ་པའི་རིམ་པ་ཕྱི་རྟགས་ཟླ་བ། ནང་རྟགས་དུ་བ། སྣང་བའི་སྐབས་དེ་མཆེད་པ་ལ་ཐིམ། ཞེ་སྡང་གི་རྟོག་པ་སོ་གསུམ་འགག །ཕྱི་རྟགས་ཉི་མ། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཕྱི་རྟགས་ནག་ལམ་སྒྲ་གཅན་གྱི་སྣང་བ། ནང་རྟགས་བུམ་ནང་གི་མར་མེ། སྣང་བ་ཉེར་ཐོབ་དེ་འོད་གསལ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགག །ཕྲ་བ་ཐིམ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྟོན་གནམ་དྲི་མེད། བཞི་པའི་འོད་གསལ་དེ་འཆི་སྲིད་ཀྱི་དངོས་གཞིར་བཞེད་ཅིང་། དེ་ངོས་ཟིན་པ་རྣམས་འོད་གསལ་དེ་ལ་ཇི་ཙམ་འདོད་པར་གནས་ཤིང་། དེ་ནས་ཟུང་འཇུག་གི་སྐུར་ལངས་པར་བཞེད་པས་འདིས་གྲོལ་ཚུལ་དང་། ངོ་མ་ཤེས་པ་རྣམས་དེ་ལས་རིམ་པར་ལུགས་བཟློག་ཏུ། གཏི་མུག་གི་རྟོག་པ་བདུན་ལངས། ཉེར་ཐོབ་ཤར། དེ་ལས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ལངས། མཆེད་པ་ཤར། དེ་ནས་ཞེ་སྡང་གི་རྟོག་པ་པོ་གསུམ་ལངས། སྣང་བ་ཤར། དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་འདུ་བྱས་ཏེ་རྣམ་པར་ཤེས་པ་སྔར་གྱི་ཕུང་པོ་རྙིང་པའི་སྒོ་དགུ་གང་རུང་གི་ལམ་ལས་འཕོས་ནས་བར་དོའི་སྲིད་པ་འགྲུབ་པར་གསུངས་ཏེ། འདིས་ཐོག་མའི་འཁྲུལ་ཚུལ་མཚོན་ནུས། ༈ ཡེ་ཐོག་གཞི་ཡི་གནས་ལུགས་སམ་འོད་གསལ་ནི་རྟོགས་ཟིན་འཁྲུལ་ཟིན་གཉིས་ཀ་མིན་པས་གཞི་དབྱིངས་ལུང་མ་བསྟན་ཞེས་བྱ་སྟེ་དཔེ་འཆི་བའི་འོད་གསལ་བཞིན་ནོ། །དེ་ཡང་སེམས་ཅན་རྣམས་འཆི་བའི་ཚེ་སྣང་གསུམ་མཐའི་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་སྐབས་སུ་ཤར་བའི་འོད་གསལ་དེའི་རང་གི་ངོ་བོ་ནི་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བ་སྟོན་གནམ་དྭངས་པ་ལྟ་བུ་སྟེ། དེའི་ཚེ་འཁྲུལ་སེམས་གཟུང་འཛིན་གྱི་ཀུན་རྟོག་རགས་ཕྲ་རྣམས་ནི་ཆོས་ཉིད་ཀྱི་རྩལ་གཞི་ཐིམ་དུ་སོང་བས་དེའི་དུས་ན་མེད་པའི་ཕྱིར་རོ། །འོན་ཀྱང་ཕལ་པ་རྣམས་ལ་ལམ་རྐྱེན་མེད་པས་འོད་གསལ་དེའི་རང་རྩལ་ཡེ་ཤེས་ནི་མ་ཤར་བས། ཡུལ་འོད་གསལ་ཡོད་ཀྱང་ཡུལ་ཅན་མེད་པས་སུ་ཞིག་གིས་ངོས་ཟིན། དེ་ལྟར་ངོས་མ་ཟིན་པའི་ཆ་ནས་སེམས་མེད་མུན་པའི་གནས་སྐབས་སམ་བརྒྱལ་བ་ཞེས་བྱ་སྟེ། འོད་གསལ་རང་གི་ངོ་བོ་ནི་ནག་ཐོམ་ལུང་མ་བསྟན་བརྒྱལ་བ་ལྟ་བུ་མིན་ནོ། །ཞེས་གསུངས། ༈ མ་རིག་པ་གསུམ་ནི། ཐོག་མའི་སྤྱི་གཞི་མཉམ་པ་ཆེན་པོའི་ངོ་བོ་མི་རྟོག་པའི་ཆ་དེ་རང་ངོ་མ་ཤེས་ན་འཁྲུལ་བ་འབྱུང་རུང་གི་ཆ་ཙམ་མ་འགག་པ་དེ་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱ་སྟེ་གཞི་མཉམ་པ་ཆེན་པོ་ལས་མ་གཡོས་པའི་ཕྱིར་འདི་ལ་ཐོག་མ་བཞག་རྒྱུ་མེད་དེ། རྒྱུད་བླ་མར། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་གསུངས། དེ་ནས་ཀ་དག་སྟོང་པ་ཆེན་པོས་འཆར་གཞིའི་གོ་ཕྱེས་ཏེ། ལྷུན་གྲུབ་འོད་གསལ་གྱི་འཆར་ཆ་མ་འགག་པའི་གདངས་ཏེ། ཐུགས་རྗེའི་རྩལ་སྐྱོད་བྱེད་ཡེ་ཤེས་ཀྱི་རླུང་གིས་རྟ་བྱས་ཏེ། འཆར་ལུགས་དྲུག་སྒོ་གཉིས་དང་བརྒྱད་ཀྱི་ཆ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཞེས་བྱ་སྟེ་གཞི་སྣང་ཡེ་ཤེས་ཆེན་པོའི་བཀོད་པ་རང་ཤར་བའི་ཚེ། གཞི་གཞི་སྣང་གཉིས་ཀའི་ངོ་བོ་ལ་འཁྲུལ་བ་མེད་ཀྱང་། སྔར་གྱི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་མ་སྤངས་ལྡན་པའི་ཚུལ་གྱིས་ཡོད་པའི་དབང་གིས། རང་བཞིན་འོད་གསལ་གྱི་སྣང་ཆ་དེ་རང་རྩལ་དུ་མ་ཤེས་པ་ནི་སྣང་བ་དེ་དང་དུས་སྔ་ཕྱི་མེད་པར་བྱུང་བས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ། དེའི་ཚེ་མ་ཤེས་པ་ཙམ་དུ་མི་སྡོད་པར་ཤེས་པ་སྤུན་པོ་ཕ་གི་ལས་བདག་བྱུང་ངམ། བདག་ལས་ཕ་གི་བྱུང་སྙམ་དུ་ཐུགས་རྗེ་རང་རིག་ཏུ་མ་ཤེས་པའི་གཟུང་འཛིན་གྱི་ཆ་ཤིན་ཏུ་ཕྲ་བ་བྱུང་བ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །རྐྱེན་བཞི་ནི། རྒྱུའི་རྐྱེན་མ་རིག་པ་གསུམ་མམ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་པ། དམིགས་པའི་རྐྱེན་འོད་སྣང་སོགས་སྣ་ཚོགས་སུ་སྣང་བ། བདག་པོའི་རྐྱེན་རང་སྣང་དུ་མ་ཤེས་ཏེ་གཞན་དུ་བཟུང་བས། དེ་མ་ཐག་རྐྱེན་གཟུང་འཛིན་གྱི་འཁྲུལ་བ་ཇེ་རགས་སུ་སོང་བས་རང་སྣང་ཡེ་ཤེས་ཉིད་བསྒྲིབས་ཏེ་འཁྲུལ་བའི་སྦུབས་སུ་ཆུད་དེ་འཁྲུལ་སྣང་མུ་མེད་པར་ཤར་བ་ཡིན་ནོ། །ཞེས་གསུངས་སོ། ༈ །ཀུན་གཞིའི་སྐབས། མི་ཕམ་རིན་པོ་ཆེས། དོན་གྱི་ཀུན་གཞི་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་ཆོས་ཀུན་གྱི་གཞི་ཡིན་ལ། འཁོར་བའི་ཀུན་གཞི་ཟག་བཅས་ཀྱི་ཆོས་ཀུན་གྱི་གཞི་མ་ཡིན་པས་ཀུན་གཞིར་གསུངས་ལ། ངེས་དོན་སྒྲོན་མེར། ཀུན་སྨོན་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཀུན་གཞི་སངས་རྒྱས་ང་དང་མཉམ། །ཞེས་གསུངས་ཏེ། འདིའི་ཀུན་གཞི་ནི་སྦྱོར་བ་དོན་གྱི་ཀུན་གཞིའམ་ཀུན་གཞིའི་ཡེ་ཤེས་བདེ་གཤེགས་སྙིང་པོ་ཉིད་ཡིན་ནོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་བར་གཤེགས་པའི་སྙིང་པོའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བདེ་བར་གཤེགས་པས་བསྟན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པར་མཛད། བློ་ཞན་རྣམས་ཀྱིས་མི་ཤེས་སོ། །དེ་ཡང་འཁོར་འདས་ཀྱི་ཆོས་རྣམས་ཀྱི་བག་ཆགས་སྣ་ཚོགས་པའི་སྒྲིབ་པ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀུན་གྱི་གཞི་འམ། འབྱུང་ཁུངས། ཆོས་ཉིད་དེ། དེ་འདྲའི་གཞི། སྤྲོས་བྲལ་བདེ་བར་གཤེགས་པའི་སྙིང་པོའང་དེ་ཡིན་ཞེས་ངོས་བཟུང་བར་མཛད་ལ། བདེ་གཤེགས་སྙིང་པོ་དེ་ལ་ཀུན་གཞིའི་སྒྲས་བདེ་བར་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱིས་བཏགས་པར་མཛད་དོ། །བདེ་གཤེགས་སྙིང་པོ་ཀུན་གཞིར་བསྒྲགས་པར་མཛད་ལ། དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་གི། ངས་འདི་བྱིས་པ་རྣམས་ལ་ཡོངས་མ་བསྟན། །ཞེས་གསུངས་པ་ལྟར། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་རྟོག་པའི་ཚུལ་དང་སྦྱར་ཏེ། བློ་ཞན་པ་རྣམས་ཀྱིས་བདེ་གཤེགས་སྙིང་པོ་ཀུན་གཞིའི་འཇོག་ཚུལ་ལ། ཀུན་གཞི་ཞེས་པའི་རགས་པ་ཞིག་ཏུ་འཁྲུལ་ཏེ་ཕྲ་བའི་འཇོག་ཚུལ་མི་ཤེས་སོ། །ཞེས་དང་། ཡེ་ཤེས་རྒྱས་པའི་རྒྱུད་ལས། གནས་པ་ཞེས་བྱ་ཀུན་གཞི་སྟེ། །ལས་དང་རྣམ་ཤེས་དེ་ལ་བརྟེན། །ཞེས་པས། དེ་ལྟ་བུའི་ཀུན་གཞིའི་དེའི་ངོ་བོ་གང་ཡིན་སྙམ་ན། རྣམ་པར་ཤེས་པ་ཇི་སྙེད་ཅིག་འཕྲོ་བའི་གཞིར་གྱུར་པ་ཤེས་པ་ཕྱོགས་སུ་མ་ལྷུང་བ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ་ཡུལ་གྱི་སྤུ་རིས་མི་འབྱེད་པ། རང་གི་ངོ་བོ་ལ་རྣམ་རྟོག་རགས་པའི་རླབས་ཞི་བ་རྒྱ་མཚོ་ལྟ་བུའི་རྩེ་གཅིག་ཏུ་གནས་པའི་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་སས་བསྡུས་པ་དང་། རང་གི་ངོ་བོ་ཤེས་པ་རང་བློ་ལྐོག་ཏུ་མ་གྱུར་པའི་གསལ་བ་གཟུགས་ཁམས་ཀྱི་སས་བསྡུས་པ་དེ་ནི་རྟོག་པ་མེད་པ་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་མི་རྟོག་པ་དེ་ནི་ཤེས་པ་སྔ་མའི་བག་ཆགས་འཛིན་ཞིང་ཕྱི་མའི་རྟེན་དུ་གྱུར་པའི་ཞི་བ་ཟབ་པ་ཕྲ་བའི་རང་བཞིན་ཅན་གྱིས་རྟོགས་པར་དཀའ་བ་ཡིན་ནོ། །ཞེས་གསུངས་སོ། །མཁའ་འགྲོ་ཡང་ཏིག་ལས། དེ་ཡང་ཕྱོགས་རེའི་དཔེར་མཚོན་ན། །སྐྱེས་བུ་གཅིག་ངལ་བསོ་བ་ལྟ་བུའི་ཚེ་ཤེས་པ་དར་ཅིག་གང་དུ་ཡང་མི་རྟོག་པར་ལུང་མ་བསྟན་དུ་གནས་པ་ཀུན་གཞི། དེ་ལས་དར་གཅིག་སྣང་ཡུལ་མ་འགག་པར་ལམ་མེ་གསལ་ཡང་། དེར་འཛིན་མ་ཞུགས་པས་གསལ་ལ་རྟོག་མེད་ཀྱི་རྣམ་པ་དེ་ཀུན་གཞིའི་རྣམ་པར་ཤེས་པར་གསུངས། ཉིན་དུས་ཤེས་པ་འཕྲོ་བ་ན་ཡང་ཀུན་གཞི་ལས་མཆེད་དེ་ཡུལ་དང་མཐུན་པའི་ཚོགས་སུ་འཆར་གསུངས། མཚན་མོ་ཉལ་དུས་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ལ་རྟོག་པའི་ཚོགས་བདུན་རགས་པ་སྟེ། གཉིད་དུ་འགྲོ་བའི་ཤེས་པ་གསལ་ལ་རྟོག་མེད་ཀུན་གཞིའི་རྣམ་ཤེས་སུ་ཐིམ་ནས། ཀུན་གཞིའི་རྣམ་ཤེས་དེ་ཡང་རིམ་གྱིས་རྟོག་མེད་གཉིད་ཀྱི་ཤེས་པ་ཀུན་གཞིར་ཐིམ་ནས། དེ་ཡང་སྐྱེ་མེད་བསམ་ཡུལ་ལས་འདས་པའི་ཆོས་སྐུར་ཐིམ་སྟེ་དར་ཅིག་གནས་སོ། །དེ་ཉིད་ཟིན་པ་ལ་མི་རྟོག་པ་གཞིའི་འོད་གསལ་ཟིན་པ་ཞེས་བྱའོ། །༈ ཀུན་གཞི་ནི་རྟོག་མེད་ཡེངས་འཁྲུལ་དང་བྲལ་བའི་རྨོངས་ཆ་ཅན་དེ་ཀུན་གཞི་ཡིན། ཆོས་སྐུ་ནི་རིག་སྟོང་ཟུང་འཇུག་ཐིག་ལེ་ཉག་གཅིག་གོ །ཆོས་སྐུ་དེ་ལ་ཕྱེ་ན་གཞིའི་ཆོས་སྐུ་ནི་གློ་བུར་གྱི་དྲི་མ་དང་བཅས་པའི་སྐབས་ཡིན། ལམ་གྱི་ཆོས་སྐུ་ནི་རྣལ་འབྱོར་པས་ལམ་དུས་སུ་གནས་ལུགས་ཅི་རིགས་པ་རྟོགས་པ་ཡིན། འབྲས་བུའི་ཆོས་སྐུ་ནི་འབྲས་བུ་སྒྲིབ་བྲལ་གྱི་དུས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན། ༈ གང་ཤར་ཆོས་སྐུའི་རང་རྩལ་ལ་ངོ་སྤྲད་པ་དེ་ནི་ཀུན་རྫོབ་ཀྱི་ཆོས་ཡོད་དོ་ཅོག་ཐམས་ཅད་རིག་པ་ཆོས་སྐུ་ཆེན་པོ་དེའི་རྩལ། རོལ་པ་ཆེ་བའི་རྒྱན། གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ཡིན་པས་ན། གནས་ལུགས་ཡེ་ཤེས་ཆེན་པོ་དེ་ལུས་ལྟར་སྣང་བ་རྒྱལ་བའི་སྐུ་རྡོ་རྗེ། དེའི་རང་གདངས་ཨ་ཨཱ་སོགས་དབྱངས་དང་། ཀ་སོགས་གསལ་བྱེད་རྣམས་དབྱིངས་ཡེ་ཟུང་འཇུག་གམ་དེའི་གདངས་ངག་ལྟར་དུ་གྲགས་པ་རྒྱལ་བའི་གསུང་རྡོ་རྗེ། ཡིད་ལྟར་དུ་འཕྲོ་བ་རྒྱལ་བའི་ཐུགས་རྡོ་རྗེ་ཡིན་ནོ། །ཡེ་ཤེས་དེ་ཉིད་ལུས་ངག་ཡིད་གསུམ་དང་གནས་ཀྱི་རྣམ་པར་ཤར་བ་ནི་དག་པ་རབ་འབྱམས་ཡིན། ཇི་ལྟར་ཡིན་ན་འགྲོ་དྲུག་གི་ཤེས་རྒྱུད་ལ་ཡེ་ཤེས་ཆེན་པོས་ཁྱབ་ཡོད་པས། དེ་ཉིད་ལུས་ངག་ཡིད་གསུམ་ལྟར་དུ་ཤར་བ་ནི་རྡོ་རྗེ་གསུམ་དང་། གནས་ལྟར་དུ་ཤར་བ་འོག་མིན་གྱི་གནས་ཡིན་པས་དག་པ་རབ་འབྱམས་ཡིན། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ལ་ཡེ་ཤེས་ཆེན་པོས་ཁྱབ་ཡོད་པས་ན། འཁོར་འདས་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །ཅེས་སོ། ༈ །ཉི་མ་ཤར་བ་ལྟ་བུའི་མན་ངག་ལས་ཀྱང་ལྷུག་པར་བཞག་ཅེས་པ་ནི། དབང་པོ་ལྔ་ཡུལ་ལ་ཡན་པའོ། །འོ་ན་སོ་སོའི་སྐྱེ་བོ་དང་ཁྱད་ཅི་ཡོད་ཅེ་ན། དེས་ནི་དེ་ལྟར་མ་རྟོགས་ཏེ་ཡེ་ཤེས་ལ་ཡེ་ཤེས་རོལ་པ་མེད་པའི་ཕྱིར་རོ། ༈ །གནས་ལུགས་ཀྱི་རང་ངོ་ལ་བསྐྱེད་རྫོགས་གཉིས་ཀ་ཡེ་ནས་ཟུང་འཇུག་ལྷུན་གྲུབ་ཏུ་བཞུགས་པ་ཡིན་པས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ་དུ་ཤེས་ན་ལྷ་བསྐྱེད་ཀྱང་རུང་ལ་མ་བསྐྱེད་ཀྱང་རུང་བ་ཡིན་ཏེ། ཨོ་རྒྱན་ཆེན་པོས། རྟགས་ཀྱི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་། །དོན་གྱི་སངས་རྒྱས་ཆོས་སྐུ་གང་ཡིན་པ། །ཆོས་ཉིད་རིག་པ་མངོན་སུམ་འདི་ཡིན་པས། །སངས་རྒྱས་གཞན་ནས་མ་འཚོལ་རྗེ་འབངས་རྣམས། །ཞེས་གསུངས། དེ་བཞིན་དུ་བླ་མའི་རྣལ་འབྱོར་ཡང་ཕྱི་རོལ་གྱི་བླ་མ་གཟུགས་དབྱིབས་སུ་སྣང་བ་ནི་མཚོན་བྱེད་དཔེའི་བླ་མ་ཙམ་ཡིན། རང་རིག་རང་ངོ་ཤེས་པ་ནི་མཚོན་བྱ་དོན་གྱི་བླ་མ་ཆོས་སྐུ་དངོས་ཡིན་པས། གཙོ་བོ་ཤེས་རིག་གི་རང་ཚུགས་མ་ཤོར་བ་བླ་མ་དང་འདུ་འབྲལ་མེད་པ་ཡིན་ཏེ། ཀློང་རས་ཀྱི་ཞལ་ནས། བླ་མ་རང་སེམས་དབྱེར་མེད་ལ། །གཟུགས་སྐུར་འཛིན་པ་སྟོར་ནས་ཐལ། །ཞེས་གསུངས། ༈ རང་ཉིད་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྩོན་པའི་སྐབས་འདིར་ལྷ་འདྲེ་ཡང་བླ་མའི་རྣམ་རོལ་ཡིན་པར་ཤེས་དགོས་ཏེ། སྣང་སྲིད་བླ་མར་ཤར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་ལ་གནད་དུ་བསྣུན་དགོས་སོ། ༈ །མི་གཡེང་བའི་ཞི་གནས་ཇི་ལྟ་བུ་ཞེ་ན། གཡེང་བ་རྣམ་པ་དྲུག་དང་བྲལ་བའི་ཏིང་ངེ་འཛིན་གང་ཡིན་པའོ། །གཡེང་བ་རྣམ་པ་དྲུག་པོ་གང་ཞེ་ན། ངོ་བོ་ཉིད་ཀྱིས་གཡེང་བ་ནི། མིག་ཤེས་སོགས་ཚོགས་ལྔ་སྟེ། དེ་དག་རང་བཞིན་གྱིས་ཁ་ཕྱིར་བལྟས་པས་ཏིང་ངེ་འཛིན་ལས་ལྡང་བ་ཡིན་པ་དང་། ཕྱི་རོལ་དུ་གཡེང་བ་ཡིད་ཤེས་ཡུལ་ལ་འཕྲོ་བའམ་འཇུག་པ་དང་། དེ་བཞིན་དུ་ནང་གི་གཡེང་བ་ནི། ཏིང་ངེ་འཛིན་གྱི་རོ་མྱོང་བ་དང་། བྱིང་རྒོད་དང་། མཚན་མའི་གཡེང་བ་ནི། ཏིང་ངེ་འཛིན་དེ་ཉིད་ལ་ཡིད་ཆེས་པ་ཡི་བསམ་པས་མཚན་མར་བཟུང་ཞིང་ཞེན་པ་དང་། གནས་ངན་ལེན་གྱི་གཡེང་བ་ནི། ངར་འཛིན་དང་བཅས་པའི་སྒོ་ནས་ཡིད་ལ་བྱེད་པ་སྟེ། ང་རྒྱལ་གྱིས་གཞན་ལས་ཁྱད་པར་དུ་འཕགས་པར་ཡིད་ལ་བྱེད་པའམ་ངར་འཛིན་དང་བཅས་པ་ཞེས་བྱའོ། །ཡིད་ལ་བྱེད་པའི་གཡེང་བ་ནི། ཐེག་པ་ཆུང་ངུའི་སེམས་དང་མ་བྲལ་བ་ཐེག་དམན་ཡིད་ལ་བྱེད་པ་དང་ནི་དེ་ལྟར་གཡེང་བ་དྲུག་སྟེ། དེ་དྲུག་པོ་རྣམ་བཅད་ལ་ཁེགས་པའི་ཡོངས་གཅོད་མི་གཡེང་བའི་ཞི་གནས་ནི་ཐེག་པ་ཆེན་པོའི་ཞི་གནས་ཁྱད་པར་ཅན་ཏེ། ནང་དུ་རྩེ་གཅིག་པར་གནས་པའི་ཞི་གནས་སྐྱོན་མེད་པ་ཡིན་ནོ། ༈ །རིག་པའི་རང་ངོ་ཤེས་ནས་ཤེས་རིག་གི་རང་ཚུགས་མ་ཤོར་ན། གནས་འགྱུ་གང་བྱུང་ཐམས་ཅད་སྒོམ་ཡིན། མཉམ་བཞག་ཡིན། རིག་པའི་རང་ངོ་མ་ཤེས་ན་སེམས་ཡུན་རིང་པོར་མི་འཕྲོ་བར་གནས་པ་དང་། འགྱུ་བ་གང་ཤར་གྱི་ངོ་བོ་ལ་བལྟ་བ་དང་ངོས་བཟུང་ཏེ་མ་བཅོས་པར་བཞག་ནས་མེད་འགྲོ་བར་སྣང་བ་དེ་ཡང་དོན་དུ་སྣང་བ་ལ་སྟོང་པས་རྒྱས་གདབ་པ་ཡིན་པས་དེ་གཉིས་ཀས་སྒོམ་གྱི་གོ་མི་ཆོད་དེ། ཀུན་མཁྱེན་གྱིས། སྣང་བ་གང་སྣང་གང་ཤར་གྱི་ཐོག་ཏུ་བཞག་ནས་སྐྱོང་བ་འདི། ཡང་ན་ཞི་གནས་ལྟེང་པོར་འགྲོ། ཡང་ན་རྒོད་པར་འགྲོ་གསུངས་པས་རིག་པ་བློ་བྲལ་གྱི་ཡེ་ཤེས་ཀྱིས་རང་ཚུགས་མ་ཟིན་པས་མཉམ་པར་བཞག་པ་ཡུལ་ལ་ལྟོས་དགོས་པས་མཉམ་བཞག་ལྟོས་འཇོག་ཅན་དང་། རྐྱེན་ཁར་ལུས་པ་དང་། སྣང་རྟོག་བཟང་ངན་ལ་སོགས་པ་གང་ཤར་ལ་ཆེད་དུ་བལྟས་པས་གཟུང་འཛིན་ཅན་དུ་འགྲོ་བས། ལེགས་ན་སེམས་སྡེའི་ཕྱོགས་སུ་གཏོགས་པ་ཙམ་ལས་ཡང་གསང་བླ་མེད་དང་བསྟུན་ན་ལམ་གྱི་གོལ་ས་མ་ཆོད་པའི་སྐྱོན་ཡོད་གསུངས། ༈ སྤྱིར་གོལ་ཤོར་ནོར་གསུམ་གསུངས་པ་ལས། འདིར་གོལ་ཤོར་ནི། གེགས་སེལ་རྡོ་རྗེའི་ཐོལ་གླུ་རིན་པོ་ཆེའི་དྲྭ་བ་ལས། ཁྱད་པར་བདེ་གསལ་མི་རྟོག་ཀྱང་། །ལམ་གྱི་འཆར་སྒོ་ཙམ་ཉིད་དེ། །དེ་ཡི་ངོ་བོར་ཞེན་གྱུར་ནི། །འདོད་གཟུགས་གཟུགས་མེད་དག་ཏུ་གོལ། །ངོ་བོ་གདོད་ནས་དག་པ་ཡི། །ཀ་དག་ཕྱོགས་ཡན་མ་རྟོགས་བཞིན། །སྟོང་པ་ལོག་ནས་བསྒྲུབ་པ་ནི། །གཤིས་ལ་ཤོར་བ་ཞེས་སུ་བཤད། །རང་རིག་ཟང་ཐལ་ཆེན་པོ་ལ། །རྒྱུ་འབྲས་ལྷུན་གྲུབ་མ་ཤེས་པར། །སྟོང་ཉིད་ལམ་ནས་འབྲས་བུ་གཞན། །བཙལ་བ་ལམ་དུ་ཤོར་བའོ། །སྤང་གཉེན་གཉིས་ལས་རབ་འདས་པའི། །སྦྲུལ་མདུད་ཞིག་ལྟར་ངང་གནས་ལས། །ཉམས་མྱོང་སྟེང་དུ་གཉེན་པོ་གཞན། །སྒོམ་པ་གཉེན་པོར་ཤོར་བའོ། །གསལ་སྟོང་ལྷུན་གྲུབ་མ་རྟོགས་བཞིན། །བློ་དང་རྣམ་རྟོག་རྗེས་འབྲང་ནས། །རྒྱུ་འབྲས་མེད་པར་སྐུར་འདེབ་པ། །འདི་ནི་རྒྱས་འདེབ་སྟོང་པའོ། །ཆེད་དུ་འཛིན་པ་ཞུགས་པ་ནི། །གོལ་ཤོར་ནོར་ས་ཀུན་གྱི་གཞི། །དེས་ན་གང་ལའང་མཆོག་འཛིན་གྱི། །ཞེན་པ་མི་བྱ་རང་སར་གློད། །ཅེས་དང་། གཞན་ཡང་། དགག་སྒྲུབ་བྲལ་བའི་རིག་པ་ལ། །ཤེས་བྱ་གཤིས་ལ་ཤོར་བ་ཟད། །སྐུ་གསུམ་ལྷུན་གྲུབ་ཆེན་པོ་ལ། །སྟོང་ཉིད་ལམ་དུ་ཤོར་བ་བྲལ། །ཡེ་ནས་ཤར་གྲོལ་དུས་མཉམ་ལ། །གཉེན་པོ་གཞན་ལས་བཙལ་བ་སྤང་། །སྒོམ་དང་མི་སྒོམ་བློ་བྲལ་ལ། །རྒྱས་འདེབས་འཛིན་པ་རང་སར་ཡལ། །ཞེས་སོ། ༈ །གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན། འཁོར་འདས་གཉིས་ཀྱི་སྣང་བ་འཆར་རུང་གི་གདངས་མ་འགག་པར་ཡོད། གཞི་སྣང་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནི་འཁོར་འདས་སུ་སྣང་བའི་འཁྲུལ་གཞི་དང་གྲོལ་གཞི་གཉིས་ཀ་ཡིན། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་སྐུ་དང་ཞིང་ཁམས་སོགས་འཆར་རུང་དུ་ཡོད། ༈ གཞོན་ནུ་བུམ་སྐུ་ཞེས་བྱ་བ་ནི། ངོ་བོ་སྐུར་གནས། རང་བཞིན་གསུང་དུ་གནས། ཐུགས་རྗེ་ཐུགས་སུ་གནས་པ། དེ་ཡང་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ལོ། །ཞེས་དང་། ནང་དབྱིངས་ཀ་དག་གི་ངོ་བོ་སྤྲོས་པ་དང་བྲལ་བ་ཆོས་སྐུ། ལྷུན་གྲུབ་ཀྱི་ཆ་འོད་གདངས་ཉིད་ཀ་དག་གི་སྦུབས་སུ་མི་གསལ་བའི་ཚུལ་དུ་ཡོད་པ་ལོངས་སྐུ། མི་འགག་པའི་ཆ་ལ་སྤྲུལ་སྐུ་སྟེ་གཞོན་ནུ་བུམ་སྐུའི་བཞུགས་ཚུལ་ཡིན་ནོ། །དེ་ལས་གཞི་སྣང་གི་འཆར་ལུགས་ནི། ནང་དབྱིངས་ཀ་དག་གི་ཡེ་གཞི་གཞོན་ནུ་བུམ་པ་སྐུའི་རྒྱ་ཁ་རལ་ཏེ་ཡེ་ཤེས་ཀྱི་རླུང་གཡོས་པས་རིག་པ་གཞི་ནས་འཕགས་པས་རང་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་དུས། སྟེང་དུ་ཀ་དག་ཆོས་སྐུའི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུ་ཐད་ཀར་ལོངས་སྐུ་འོད་གསལ་གྱི་ཞིང་སྣང་ནམ་མཁའི་དབྱིངས་ཁྱབ་པ། དེའི་རྩལ་ལས་འོག་ན་གཞི་སྣང་ཆེན་པོའི་ངང་། དེའི་རྩལ་ལས་འོག་ན་ལོངས་སྐུའི་སྣང་བ་དང་། ཕྱོགས་མཚམས་ན་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང་། མར་འོག་ནས་འཁོར་བའི་སྒོ་ལས་འགྲོ་དྲུག་རང་སྣང་གི་ཞིང་ཁམས་ཚད་མེད་པ་སྟེ། དེ་ཐམས་ཅད་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ལས་རང་ཤར་བས་འཁོར་འདས་ཀྱི་སྣང་བ་ཆེན་པོ་དུས་གཅིག་ལ་ཤར་བ་ཞེས་བྱ། གཞི་ལ་དག་དང་མ་དག་གཉིས་ཀ་མི་སྲིད་ཀྱང་གཞི་སྣང་ལྷུན་གྲུབ་ལ་འཁོར་འདས་གཉིས་སུ་འཆར་བའི་སྒོ་ཡོད་པ་ལ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཞེས་བྱ་སྟེ། ཐེག་མཆོག་མཛོད་ལས། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགག་པས་སེམས་ཅན་ལ་སྙིང་རྗེ་འབྱུང་། འོད་ལྟར་ཤར་བའི་གོ་མ་འགག་པས་ཡེ་ཤེས་ལྔའི་རང་འོད་འཇའ་ཚོན་ལྟ་བུས་ཁེངས། ཡེ་ཤེས་ལྟར་འཆར་བའི་གོ་མ་འགག་པས་མི་རྟོག་པར་ནང་ལ་གནས། སྐུ་ལྟར་འཆར་བའི་གོ་མ་འགག་པས་ཞི་ཁྲོ་འོད་གསལ་གྱི་སྐུས་ནམ་མཁའ་ཁེངས། གཉིས་མེད་ལྟར་ཤར་བའི་གོ་མ་འགག་པ་གཅིག་དང་དུ་མར་མི་དཔྱོད་པ། མཐའ་གྲོལ་ལྟར་འཆར་བའི་གོ་མ་འགག་པས་ལྷུན་གྲུབ་རང་ངོ་ན་གསལ་བའོ། །ཞེས་གསུངས། མ་དག་པ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགག །དག་པ་ལྟར་ཤར་བས་ཡེ་ཤེས་མ་བུ་འབྲེལ་བའོ། །དེ་ཡང་ཐུགས་རྗེ་ལྟར་ཤར་བ་མེད་ན་གདུལ་བྱ་འདུལ་བྱེད་དུ་མི་འབྲེལ། འོད་ལྟར་ཤར་བ་མེད་ན་རིག་པ་ནང་དུ་རྒྱ་ཆད། འབྱུང་བ་ཕྱིར་རྒྱ་ཆད་པས་སྣོད་བཅུད་ཀྱི་སྣང་བའང་མི་འབྱུང་ལ། གཉིས་མེད་ལྟར་ཤར་བ་མེད་ན་སེམས་ཅན་གྱི་སྒོ་གསུམ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་འབྲེལ་མི་ཤེས་པས་སེམས་ཅན་སངས་རྒྱས་སུའང་མི་འགྱུར། སྐུ་ལྟར་ཤར་བ་མེད་ན་འགྲོ་བའི་ལུས་དང་རྒྱལ་བའི་སྐུར་སྣང་བའང་མི་རིགས། ཡེ་ཤེས་ལྟར་ཤར་བ་མེད་ན་ཤེས་བྱ་རང་མཚན་པར་གྱུར་པས་གཞི་ལམ་འབྲེལ་བའི་མཚམས་མི་སྦྱོར། མཐའ་གྲོལ་ལྟར་ཤར་བ་མེད་ན་འབྲས་བུ་རྒྱུར་ལྡོག་པས་ངེས་པའི་ས་ཟིན་མི་ཐུབ། མ་དག་འཁོར་བའི་སྒོ་མེད་ན་སེམས་ཅན་དུ་འཁྲུལ་མི་ཤེས་པས་འཁོར་འདས་ཀྱི་བསྟི་གནས་སུ་མི་རུང་། དག་པ་ཡེ་ཤེས་ཀྱི་སྒོ་མེད་ན་རིག་ངོ་ལ་སངས་རྒྱས་ཀྱི་ཡོན་ཏན་མི་འབྱུང་ངོ་། །དེ་བས་ན་དེ་རྣམས་ལྷུན་གྲུབ་ཏུ་ཡོད་པ་ནི་ལྷུན་གྲུབ་སྒོ་བརྒྱད་ཀྱི་ཡོན་ཏན་ནོ། །སྒོ་བརྒྱད་པོ་དུས་ཅིག་ཆར་ལ་འཆར། ཅིག་ཆར་ལ་ནུབ་པར་གསུངས། ༈ འོད་ལྟར་ཤར་བ་དང་སྐུ་ལྟར་ཤར་བ་གཉིས་ཡུལ་ལྟར་ཤར། ཐུགས་རྗེ་དང་ཡེ་ཤེས་གཉིས་ཡུལ་ཅན་ལྟར་ཤར། གཉིས་མེད་དང་མཐའ་གྲོལ་ལྟར་ཤར་བ་གཉིས་ཡུལ་ཅན་དེས་ཡུལ་ལ་བྱ་བ་བྱེད་ཚུལ་ལྟར་ཤར་བས་སྣང་བ་ལ་ཡོད་ཅེས་སྒྲོ་འདོགས་པའི་བློ་མེད་པས་ཡོད་འཛིན་འཁོར་བའི་མཐའ་སེལ། རིག་པ་ལ་མེད་ཅེས་སྐུར་བ་འདེབས་པའི་བློ་མེད་པས་སྟོང་འཛིན་མྱ་ངན་ལས་འདས་པའི་མཐའ་སེལ། འདི་ལྟར་སྣང་དུས་ཀྱི་འོད་སྣང་སྟོང་གཟུགས་ཐམས་ཅད་རིག་པའི་རང་གདངས་ཡེ་ཤེས་ཀྱི་སྣང་བ་ཡིན་ནོ། ༈ །གདངས་ཕྱིར་ཤར་བ་རྐྱེན་བཞིས་ཡར་གྲོལ་ཏེ། རྒྱུའི་རྐྱེན་དངོས་པོའི་གནས་ལུགས། བདག་པོའི་རྐྱེན་རང་རིག་པའི་ཡེ་ཤེས། དམིགས་པའི་རྐྱེན་རང་སྣང་དུ་ཤེས་པ། མཚུངས་པ་དེ་མ་ཐག་པའི་རྐྱེན་དེ་རྣམས་དུས་མཚུངས་སུ་བྱུང་བའི་སྐད་ཅིག་མ་ལ་སངས་རྒྱས་པའོ། །གློག་སྒྲོན་ལས། རྒྱུའི་རྐྱེན་རིག་པ་རང་བྱུང་གི་ཡེ་ཤེས་རང་ལ་གསལ་བ། དམིགས་པའི་རྐྱེན་འོད་སྣང་སྣ་ཚོགས་སུ་ཤར་བ། བདག་པོའི་རྐྱེན་དེ་ཉིད་རང་སྣང་དུ་ངོ་ཤེས་པ། དེ་མ་ཐག་རྐྱེན་རང་བྱུང་ཡེ་ཤེས་ཆེན་པོ་དེས་མ་དག་འཁྲུལ་པའི་ས་བོན་གཏན་བཅོམ་དུ་སོང་ནས་གདོད་མའི་གཞི་དབྱིངས་ཀ་དག་གི་ཀློང་དུ་གྲོལ་བ་ལ་སྔ་ཕྱིར་གྲོལ་བ་དང་ད་ལྟ་དང་བར་དོ་སོགས་སུ་གྲོལ་བ་ལ་ཁྱད་མེད་པར། གཞི་སྣང་ཤར་བ་ངོ་ཤེས་པའི་སྐད་ཅིག་ལ་གདོད་མར་གྲོལ་ཏེ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ནང་གསལ་ཆོས་ཉིད་ཀྱི་དགོངས་པར་བཞུགས། ༈ ཐེག་མཆོག་མཛོད་ལས། དབྱིངས་ཀ་དག་གི་ཆོས་སྐུའི་ངང་ན་ཡེ་ཤེས་ལྷུན་གྲུབ་ཕྲ་བའི་རང་བཞིན་དུ་གནས་པ་ཡང་། གཞི་འཛིན་པའི་ཡེ་ཤེས་གསུམ་དངོས་སུ་ཕྲ་བར་གནས་ལ། དེའི་ཆ་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཤེས་བྱ་མཁྱེན་པའི་ཡེ་ཤེས་འཆར་གཞིའི་ཆ་དངོས་སུ་མ་ཤར་ཙམ་དུ་ཡོད་པའོ། །ཞེས་དང་། ༈ ཚིག་དོན་མཛོད་ལས། ཆོས་སྐུ་གདོད་ནས་དག་པའི་ངོ་བོ་སྐུར་བཞུགས་པས་སྐུ་གསུམ་འདུ་འབྲལ་མེད་པའི་འཆར་གཞིར་གནས་ཀྱང་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །རང་བཞིན་གསལ་བ་འོད་ལྔར་བཞུགས་པས་གདངས་གསུམ་ཡེ་ནས་རང་གསལ་ཀྱང་ཁ་དོག་རིས་བཅས་སུ་སོ་སོར་གྲུབ་པ་ནི་མེད་དོ། །ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་པས་མཁྱེན་པའི་ཆ་མ་འགག་པར་སོ་སོར་གསལ་ཀྱང་བྱ་བ་དང་བྱེད་པའི་རྣམ་པ་ཡུལ་ཡུལ་ཅན་དུ་སྣང་བ་ནི་མེད་དོ། ༈ །དེ་ཡང་ཀ་དག་གི་རིག་པ་ཚུར་རང་ངོ་ཤེས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། ལྷུན་གྲུབ་ཀྱི་སྣང་བ་དེ་རང་སྣང་ཡིན་པ་དང་། དེ་རང་བཞིན་མེད་པར་ཤེས་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་ཡིན་ཏེ། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས། །ཞེས་གསུངས། དེ་ཡང་ཀུན་ཏུ་བཟང་པོ་དགེ་བ་སྤུ་ཙམ་མ་བྱས་པར་སངས་རྒྱས་ཞེས་བརྗོད་ཀྱང་ལེགས་པར་བརྟགས་ན་ཟག་མེད་རང་ངོ་ཤེས་པ་དེ་འདུས་བྱས་ཀྱི་དགེ་རྩ་གང་གིས་ཀྱང་མི་མཚོན་ཞིང་ཐམས་ཅད་ཀྱང་དེ་རྟོགས་པའི་ཐབས་འབའ་ཞིག་ཏུ་ཟད་པས་དོན་ལ་སྒྲིབ་གཉིས་མ་སྤངས་ཡེ་སངས། ཚོགས་གཉིས་མ་བསགས་ཡེ་རྫོགས་སུ་གྱུར་པའོ། །ཚོགས་གཉིས་ནི་ཡེ་ནས་སྣང་བ་དང་སྟོང་པའི་ཡོན་ཏན་དུ་རྫོགས་ཟིན་པ་ལ་ལྷུན་གྲུབ་ཅེས་བརྗོད་དེ། གློ་བུར་དུ་བསགས་པ་དེ་ནི་དྲི་མ་སེལ་བྱེད་ཀྱི་རྐྱེན་གྱི་ཆ་ཙམ་ལ་རྒྱུ་ཚོགས་གཉིས་ཞེས་བཏགས་པ་ཙམ་མོ། །ཞེས་གསུངས། ༈ ངོ་བོ་སྟོང་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་ཆོས་སྐུ་ཐོབ། རང་བཞིན་གསལ་བས་བསོད་ནམས་ཀྱི་ཚོགས་རྫོགས་ནས་ལོངས་སྐུ། ཐུགས་རྗེས་ཀུན་ཁྱབ་ཀྱིས་ཚོགས་གཉིས་ཟུང་འཇུག་ཏུ་རྫོགས་ནས་སངས་རྒྱས་སྤྲུལ་པའི་སྐུ་ཐོབ་པ་ཡིན་ནོ། ༈ །འཁྲུལ་ཚུལ་ནི། གཞི་སྣང་ཤར་བ་དེ་རང་ངོ་མ་ཤེས་པའི་ཆ་ལས་འཁྲུལ་ཏེ། ཚིག་དོན་མཛོད་ལས། ཚུལ་ཇི་ལྟར་ཤར་ན་གཞི་སྣང་དུ་ཤར་དུས་ཐུགས་རྗེའི་རྩལ་ཤེས་པ་གསལ་རིག་ཡུལ་དཔྱོད་ནུས་སུ་རང་ཤར་བ་དེ་རང་ངོ་མ་ཤེས་པ་ལ་ལྟོས་ནས་མ་རིག་པ་གསུམ་དང་མཚུངས་ལྡན་དུ་ཤར་ཏེ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཤེས་པར་སྐྱེས་པ་དེ་ཉིད་དུ་མ་ཤེས་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་རང་ངོ་མ་ཤེས་པ་དེ་དང་ཤེས་པ་དེ་གཉིས་ལྷན་ཅིག་སྐྱེས་པ་དང་། ཀུན་བརྟགས་པའི་མ་རིག་པ་རང་སྣང་ལ་གཞན་དུ་དཔྱོད་པའི་ཆ་དང་གསུམ་མོ། །དེ་གསུམ་ཤེས་པ་གཅིག་ལ་ལྡོག་པ་ཐ་དད་ངོ་བོ་གཅིག་ཏུ་ཡོད་པ་དེས་རང་སྣང་ལ་དཔྱོད་པ་ན་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་སྣང་བ་ལ་གཞི་དང་གཞི་སྣང་གི་རང་བཞིན་དུ་མ་ཤེས་ཏེ་གཞན་ཡིན་པར་བཟུང་བའི་ཁྱད་པར་ལས་འཁྲུལ་ལོ། །ཞེས་དང་། དེ་ལྟ་བུའི་རྒྱུ་དེ་ལ་རྐྱེན་ནི་བཞི་སྟེ། ཚིག་དོན་མཛོད་ལས། དེ་ཡང་གཞི་སྣང་དེ་རང་ལས་བྱུང་བར་མ་ཤེས་པས་རྒྱུའི་རྐྱེན། དེ་ཉིད་ཡུལ་དུ་ཤར་བས་དམིགས་པའི་རྐྱེན། བདག་དང་བདག་གིར་བཟུང་བས་བདག་པོའི་རྐྱེན། དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་བཞིར་འཁྲུལ་བའོ། །རྐྱེན་བཞི་པོ་དེ་ལམ་དུ་འགྲོ་ཚུལ་ནི། རྒྱུའི་སྟེང་དུ་སངས་རྒྱས་དང་སེམས་ཅན་གཅིག་པས་སྤང་བླང་ལས་འདས་པའི་ཡེ་ཤེས་སུ་ངོས་ཟིན་པས་རྒྱུའི་རྐྱེན་རང་སར་གྲོལ། ཡུལ་སྣ་ཚོགས་སུ་ཤར་བ་ཆོས་ཉིད་རང་སྣང་དུ་ལོག་པས་བདག་པོའི་རྐྱེན་ལས་གྲོལ། དེ་ཡང་རང་བྱུང་གི་ཡེ་ཤེས་ལས་མི་འདའ་བར་ཤེས་པས་དམིགས་པའི་རྐྱེན་ལས་གྲོལ། དུས་མེད་ཀུན་ཏུ་བཟང་པོ་ལ་སྔ་ཕྱི་ཕན་ཚུན་གྱི་འགལ་བས་དེ་མ་ཐག་པའི་རྐྱེན་ལས་གྲོལ་བའོ། ༈ །ཆོས་ཉིད་མངོན་སུམ་སྐབས། ཐེག་མཆོག་མཛོད་ལས། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ཁ་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་ཏུ་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །རང་གི་མཚན་ཉིད་ངོས་བཟུང་བ་ནི། དབྱིངས་ལ་ཆོས་རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་བ་དངོས་སུ་བལྟར་ཡོད་པའོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། ༈ །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམ་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགག་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་ཟད་པའི་གནད་དོ། ༈ །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་གདོས་བཅས་མི་སྣང་བར་སངས་རྒྱས་པའོ། །ཞེས་སོ། །

༈ གཉུག་སེམས་ལས། རིག་པའི་རྩལ་ལས་ཚོགས་བརྒྱད་འཆར་ཚུལ་དང་། རིག་པ་ཡེ་ཤེས་ཀྱི་གནས་ལུགས་མ་རྟོགས་ན་རྣམ་ཤེས་ཚོགས་བརྒྱད་ཀྱིས་འཁོར་བར་འཁྱམས་པ་དང་། ཡེ་ཤེས་རྟོགས་ན་ཚོགས་བརྒྱད་པོ་ཡེ་ཤེས་ལྔར་འཆར་ཚུལ་གསུངས། ཞེས་དང་། དབྱིངས་རིག་དབྱེར་མེད་སོ་སོ་རང་གིས་རིག་པའི་གནས་ལུགས་དེའི་ངང་ནས། བག་ཆགས་སྣ་ཚོགས་འཛིན་པའི་འཕོ་འགྱུར་ཅན་གྱི་སེམས་མེད་པས་ཀུན་གཞིའི་རྣམ་ཤེས་ཇི་ལྟར་ཡིན། ཕྱི་ཚོགས་དྲུག་གི་ཡུལ་དང་། ནང་བདག་ཏུ་འཛིན་པའི་བློ་དང་། དེའི་ཡུལ་དུ་གྱུར་པའི་མཚན་མ་ཅུང་ཟད་ཀྱང་མེད་པས་སྒོ་ལྔའི་རྣམ་ཤེས་དང་ཡིད་དང་ཉོན་ཡིད་ཇི་ལྟར་ཡིན་ཏེ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་ཤེས་ལས་གྲོལ། གཟུང་འཛིན་མེད་པས་ཡིད་ཀྱི་རྣམ་ཤེས་ལས་གྲོལ། སྐྱེ་འགག་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ་ཞིང་ལོག་པའོ། །ཞེས་སོ། ༈ །རྣལ་འབྱོར་པ་རྣམས་ཀྱིས་སེམས་ཀྱི་ཆོས་ཉིད་རྟོགས་པའི་དུས་ན། རྟོགས་པ་དེའི་ངོར་རྣམ་ཤེས་ཚོགས་བརྒྱད་རང་མཚན་པ་རྡུལ་ཙམ་མེད་དེ། །རྣམ་ཤེས་ཉིད་ཡེ་ཤེས་སུ་འཆར་ཞིང་། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་འཆར་རོ། ༈ །གྲུབ་མཐའ་མཛོད་ལས། རྟེན་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་དང་། ཉོན་ཡིད་ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་རྣམས་མེད་པའི་ཏིང་ངེ་འཛིན་ལ། མངོན་སུམ་ལ་ལྟ་བས་ན་ནང་ཀུན་རྟོག་འཕྲོ་འདུ་མེད་པས་འདོད་པའི་སེམས་ལོག །གསལ་བའི་ངང་ལ་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་སེམས་ལོག །རྟོག་མེད་རྩེ་གཅིག་ལ་ཆོས་ཉིད་ཀྱི་ངང་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་སེམས་ལོག་པས་ཁམས་གསུམ་པའི་སེམས་ཉེ་བར་ཞི་བའོ། །དེའང་ཀུན་གཞི་ནི་རྟོག་མེད་དྭངས་མ་ཕྱེད་པ་ལུང་མ་བསྟན་ཡིན་ལ། འདིར་དྭངས་ལ་རིག་པའི་ཕྱིར་ཀུན་གཞི་ལོགཀུན་གཞི་རྣམ་ཤེས་གསལ་བ་ཙམ་རིས་སུ་མ་ཆད་པར་གནས་པའི་ཆ་དེ་རང་རིག་པའི་ངོ་བོར་མ་ཤེས་པ་ལས། འདིར་རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པས་དྭངས་གསལ་སྤྲོས་པ་དང་བྲལ་བས་དེ་དང་མི་འདྲ་བས་ལོག །སྒོ་ལྔའི་རྣམ་ཤེས་ཡུལ་སོ་སོར་གསལ་བ་ལས། འདིར་སྣང་བ་འོད་གསལ་གྱི་ཡུལ་སྣང་བས་ཐ་མལ་གཟུགས་འཛིན་མིག་གི་རྣམ་ཤེས་ལས་ལོག །དེ་བཞིན་དུ་སྒྲ་ལ་སོགས་པའི་རྗེས་སུ་མི་འགྲོ་ཞིང་མི་འཛིན་པས་རྣ་བའི་རྣམ་ཤེས་ལས་ལོག །དེ་ལ་སོགས་པ་གཞན་ནས་ཀྱང་ལོག །དེའི་ཚེ་རྟོག་པ་དང་དཔྱོད་པ་ཆགས་སྡང་གང་ཡང་མེད་པས་ཡིད་ཤེས་དང་ཉོན་ཡིིད་ལས་ལོག་སྟེ། ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཁམས་གསུམ་པའི་སེམས་ལས་རྣམ་པར་གྲོལ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཞི་བ་ཉིད་ལས་གཞན་མ་ཡིན་པས་མཐར་ཐུག་པའོ།། །།


previousངལ་གསོའི་མགྲོན་པོའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ། །no next