Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།

1 occurrence of ཐ་མལ་གྱི་ཤེས་པ་
[Clear Hits]


  
 expand section
  
  
  
  
  
  
  
  
 expand section
 expand section
  
  
  
  
  
  
 expand section
  
  
 
རང་བཞིན་རྫོགས་པ་ཆེན་པོའི་ལམ།
  
  
  
  
  
  
 expand section
  
  
  
  
  
  
  
  
  


1 occurrence of ཐ་མལ་གྱི་ཤེས་པ་
[Clear Hits]

 
previousརང་བཞིན་རྫོགས་པ་ཆེན་པོའི་ལམ།next

རང་བཞིན་རྫོགས་པ་ཆེན་པོའི་ལམ།

༈ །རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་གསུམ་ལས། དང་པོ་ཕྱི་སེམས་སྡེ་ནི། བསྐྱེད་པ་མ་ཧཱ་ཡོ་གའི་སྐབས་སུ། རིམ་པ་བཞི་པའི་དོན་གྱི་འོད་གསལ། རྫོགས་པ་ཨ་ནུ་ཡོ་གའི་སྐབས་སུ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ངོ་བོ་ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་སྐབས་སུ་ཡེ་གྲོལ་ཀ་དག་གི་ལྟ་བ་ཞེས་བྱ་སྟེ། སྦྱང་བ་སྔོན་སོང་གི་དབང་པོ་རབ་ཏུ་གྱུར་པ་ལ། ལྟ་དགོངས་མཁྱེན་པ་དང་ལྡན་པའི་བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཚིག་དབང་གི་སྐབས་སུ་ཚིག་གི་ངོ་སྤྲད་པ་ཉིད་ཡིན་ཏེ། དེའི་དོན་བཤད་ན། གཤིས་ཡེ་ནས་དག་པས་ཡེ་དག །འཁོར་འདས་སྤངས་བླང་དུ་མི་འབྱེད་པས་རོ་མཉམ། རྟོགས་བྱ་དེ་ལས་ལྷག་པ་མེད་པས་ཆེན་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་ཉིད། སྟོང་ཆ་


ZP02_Page_447
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་གི་ངོས་ནས་གང་དུ་གྲུབ་པ་མེད་པས་ཡོད་མིན། སྣང་ཆ་ལྷུན་གྲུབ་ཀྱི་ངོས་ནས་འཁོར་འདས་ཀྱི་འཆར་གཞི་བྱེད་པས་མེད་མིན། དེས་ན་མ་དག་འཁྲུལ་བའི་གནས་སུ་འཁྲུལ་བཞིན་པའི་གཞི་ཡེ་གྲོལ་ཀ་དག་གི་དགོངས་པ་རང་གནས་ཆོས་སྐུའི་ཡེ་ཤེས་འགྲོ་ཀུན་ལ་གནས་པ་མེད་པ་མ་ཡིན། མ་དག་འཁོར་བའི་གནས་སུ་འཁྲུལ་བཞིན་པའི་སྐབས་སུའང་ཆོས་ཉིད་སངས་རྒྱས་སུ་གནས་པས་འཁོར་འདས་གཉིས་མེད་ཟུང་འཇུག་ཆེན་པོར་གནས། དམིགས་བསམ་སྤྲོས་པ་ལས་འདས་པས་རྟག་པ་མ་ཡིན། སོ་སོ་རང་རིག་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཆད་པ་མ་ཡིན། མིང་ཐམས་ཅད་སྒྲོ་འདོགས་ཡིན་པས་སྨྲ་བའི་ཡུལ་ལས་འདས། རྟོག་པ་ཐམས་ཅད་འཁྲུལ་བ་ཡིན་པས་བསམ་པའི་ཡུལ་ལས་འདས། ཚིག་ཐམས་ཅད་དངོས་པོར་མེད་པས་བརྗོད་པའི་ཡུལ་ལས་འདས། ཡེ་ནས་རང་བཞིན་གྱིས་གནས་པས་རང་གནས། ཐོག་མ་མེད་པའི་དུས་ནས་གནས་པས་ཡེ་གནས། སྣང་སྲིད་ཆོས་སྐུར་རྫོགས་པས་རྫོགས་པ། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཡིན་པས་ཆེན་པོ། མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བས་ཀུན་མིན། སྣང་སྟོང་ཕྱོགས་རེ་ཙམ་ནས་གཞལ་ན་འཁོར་འདས་རང་སར་བདེན་པས་ཐམས་ཅད་ཡིན། དོན་དམ་དཔྱོད་བྱེད་ཀྱི་བློ་ཡིས་གཞལ་ན་དྲན་བསམ་བརྗོད་པ་ལས་འདས། རྣལ་མ་ཆོས་ཉིད་ཀྱི་ངོས་ནས་གང་སྒྲུབ་ཀྱི་གྲུབ་མཐའ་ཐམས་ཅད་མིང་ཙམ་བཏགས་པ་ཙམ་ཡིན་པས་དོན་ལ་མི་རེག །ཇི་ལྟར་སྣང་བཞིན་པའི་འཁྲུལ་སྣང་འདི་ཡང་


ZP02_Page_448
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་དང་རྨི་ལམ་ལྟར་ཤར་བས་ཝལ་ལེ་བ་དགག་སྒྲུབ་དང་བྲལ། སྙིང་པོའི་ཚིག་གིས་མ་བསྐྱེད་པར་ལྷ་སྔགས་ལྷུན་གྲུབ་དུ་གནས་གང་དུ་ཇི་ལྟར་བརྟགས་ཀྱང་བསམ་བརྗོད་ཐམས་ཅད་དང་བྲལ་བའི་གནས་ལུགས་གཞོན་ནུ་མ་ལ་པྲ་ཕབ་པ་ལྟར་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་མཐོང་མེད་ཀྱི་ཚུལ་དུ་མཐོང་བའོ། །གཉིས་པ་ནང་ཀློང་སྡེ་ནི། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡེ་ཇི་བཞིན་པའི་དོན་དམ་སྟོན་པ་ལ་བཞི། ལྟ་བ་ངོ་སྤྲོད་པ། སྒོམ་པ་ངང་ལ་བཞགས་པ། སྤྱོད་པ་རང་གྲོལ་དུ་གཏོང་བ། འབྲས་བུ་མངོན་དུ་གྱུར་པའོ། །དང་པོ་ནི། ད་ལྟ་ངང་བབས་ཀྱི་ཤེས་པ་ཕྱིར་མི་སྤྲོ་བར་ནང་དུ་བཟུང༌། རང་བཞིན་རང་བབས་ཀྱི་ངང་དུ་ལྷོད་ཀྱི་གློད་དེ་བཞགས་པས་མིང་འདོགས་དཔྱོད་པ་ཐམས་ཅད་དང་བྲལ་བར་འཆར་བ་དེ་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན་པས་བློས་བྱས་ཐ་སྙད་ཀྱིས་སྟོང་བས་ཕན་མ་བཏགས་པ་གནས་ལུགས་རང་བཞགས་པ་དེ་ཉིད་ལྟ་བའོ། །གཉིས་པ་ནི། དེ་ལྟར་གཅེར་མཐོང་རང་གྲོལ་དུ་ཤེས་པའི་ངང་དེ་ཉིད་མ་ཤོར་བར་སྐྱོང་བ་ནི་སོ་མ། རང་དངས་རྒྱ་དངས་བ་ལྟ་བུའི་ཡེ་ཤེས་ལ་འཇོག་པ་ནི་རང་བཞག་པ། དེ་ལས་རྩལ་སྣང་བར་འཕྲོ་ཡང་གཉེན་པོས་བཅོས་བསྒྱུར་མི་བྱེད་པ་ནི་མ་བཅོས། རང་བབས་ཀྱི་རྩལ་ལས་གང་ཤར་གཤིས་སུ་གྲོལ་ནས་གཉུག་མའི་ངང་དེ་ཉིད་དུ་གནས་པ་ནི་རང་ག་མ། ཡིན་ལུགས་རྗེན་པར་འཇོག་པས་ མལགྱིཤེས ་དེ་ཉིད་རང་གྲོལ་དུ་གནས་པའི་རྒྱུན་བསྐྱང་ནས་རྒྱལ་བའི་གོ་འཕང་ཐོབ་ཅིང་ས་ལམ་ཆིག་ཆོད་དུ་འགྱུར་


ZP02_Page_449
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྒོམ་པའོ། །གསུམ་པ་ནི། དེ་ལྟར་རང་གནས་རང་བཞག་གི་སྒོམ་པ་སྐྱོང་བའི་ཚེ། དགགས་སྒྲུབ་དང་ཆགས་སྡང་གི་རྣམ་རྟོག་ཤར་ན། དེ་ཉིད་རང་གྲོལ་དུ་གཏོང་བ་ལ་གྲོལ་ལུགས་ཀྱི་གནད་དྲུག་སྟེ། རང་གྲོལ་གཉེན་པོ་མེད་པའི་གནད་ཀྱིས། སྦྲུལ་གྱི་མདུད་པ་ལྟར་གྲོལ་བས་གཞན་གྱིས་བཅོས་མི་དགོས། ཡེ་གྲོལ་བསྐྱར་གཞི་མེད་པའི་གནད་ནམ་མཁའི་འདུད་པ་ལྟར་གྲོལ་བས་གདོད་མའི་ངང་ལ་གནས། ཅེར་གྲོལ་ངོ་བོ་མེད་པའི་གནད་ངོ་ཤེས་ཀྱི་མི་དང་འཕྲད་པ་ལྟར་གྲོལ་བས་བདེན་པའི་སྒྲོ་འདོགས་ཀྱིས་སྟོང༌། རང་གྲོལ་གཉེན་པོ་མེད་པའི་གནད་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟར་གྲོལ་བས་རང་བཞག་ལ་ཐོབ་ཤོར་མེད། འགྱུ་གྲོལ་རང་སར་དག་པའི་གནད་ཆུ་ལ་རི་མོ་བྲིས་པ་ལྟར་གྲོལ་བས་ཤེས་པ་སྐད་ཅིག་མའི་རྒྱུན་མི་མཐུད། ཤར་གྲོལ་དུས་མཉམ་ཡིན་པའི་གནད་ཆུ་ལ་རལ་གྲི་བསྣུན་པ་ལྟར་གྲོལ་བས་རྟོག་པ་སྔ་ཕྱི་ཁྱད་མེད་པ་ནི་སྤྱོད་པ། བཞི་པ་ནི། དེ་ལྟར་ལྟ་བ་མ་བཅོས་པར་རྟོགས། སྒོམ་པ་རང་བབས་སུ་བཞག །སྤྱོད་པ་རང་བབས་སུ་ལྷོད་པའི་གནས་སྐབས་ན། འབྲས་བུ་ཀ་དག་གི་ཀློང་དུ་གྲོལ་ཏེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། སྐུ་གསུམ་རང་གནས་ཀྱི་ཡེ་ཤེས་མངོན་ཏུ་གྱུར་ནས། གང་ཟག་མིའི་ལུས་ལ་དགོངས་པ་སངས་རྒྱས་སུ་རྟོགས་པ་ནི་འབྲས་བུའོ། །གསུམ་པ་མན་ངག་སྡེ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་སྤྲོས་བྲལ་གཉུག་མའི་ཡེ་ཤེས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རིག་


ZP02_Page_450
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཟང་ཐལ་དུ་རྟོགས་པ་དེའི་དབྱིངས་ནས་འོད་གསལ་གྱི་སྣང་བ་དཔག་ཏུ་མེད་པ་འཆར་བའི་སྐབས་སུ་རྒྱང་ཞག་ཆུའི་སྒྲོན་མ་འོད་རྩ་དར་དཀར་གྱི་སྐུད་པ་ལྟ་བུས་རིག་གདངས་འཆར་བའི་སྒོ་ཕྱེ་ནས། དག་པ་དབྱིངས་ཀྱི་སྒྲོན་མ་འོད་ལྔ་འཇའ་ཚོན་གྱི་སྣང་བས་ཞིང་ཁམས་དང་གཞལ་ཡས་ཀྱི་རྒྱན་བཀྲམ་སྟེ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཁྱིམ་ཟླུམ་པོའི་རྣམ་པ་ལས་ཞི་ཁྲོའི་དཀྱིལ་འཁོར་དུ་འཆར་བ་སྟེ། དེ་ཡང་དང་པོ་ཆོས་ཉིད་མངོན་སུམ་གྱི་སྐབས་སུ་རྒྱུ་ཡིས་མ་བསྐྱེད་པའི་འོད་ལྔ་འཇའ་ཚོན་གྱི་སྣང་བ་དབྱིངས་སུ་ཤར་ནས། བར་དུ་ཉམས་གོང་འཕེལ་སྐབས་སུ་དེ་ཉིད་ཆེར་མཆེད་དེ། རིག་པ་ཚད་ཕེབས་ཀྱི་ཚེ་རྐྱེན་གྱིས་མ་བསྐྱེད་པའི་སྣང་ཉམས་རིགས་ལྔ་ཡབ་ཡུམ་ཟུང་འཇུག་ཏུ་འབྲེལ་བའི་ཚོམ་བུའི་དཀྱིལ་འཁོར་དུ་གྲུབ། ཐ་མ་ཆོས་ཉིད་ཟད་པའི་སྐབས་སུ་ལྟ་བའི་གནས་དག་སྟེ་རིག་གདངས་ཚད་ཕེབས་ཀྱི་སྣང་ཆ་དབྱིངས་སུ་བསྡུས་ནས། དབྱིངས་རིག་དབྱེར་མེད་དུ་འདྲེས། ཤེས་ཉམས་ཡིད་དཔྱོད་དང་བྲལ་བས་ཆོས་ཉིད་སྣང་ཉམས་དབང་པོས་མངོན་སུམ་མཐོང་བ་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་མཐར་ཕྱིན་པར་སྨོན་པའོ། །རྗེས་དེ་དག་གི་དོན་བསྡུ་བ་ནི། ཀ་དག་ཁྲེག་ཆོད་ཀྱི་ལྟ་བས་སྲིད་ཁུང་བདག་འཛིན་གྱི་རྩ་བ་བཅད་དེ་རང་གནས་ཆོས་ཉིད་ཀྱི་གདར་ཤ་བཅད། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པས་སྐུ་གསུམ་རྩལ་རྫོགས་ནས། འབྲས་བུ་གྲོལ་སའི་ཀ་དག་གདོད་མའི་གཞི་རྣམ་པར་དག་པའི་ཆོས་ཉིད་དང་ངོ་བོ་དབྱེར་མེད་པ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་


ZP02_Page_451
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དགོངས་པ་འཁོར་འདས་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་སྣང་བ་དེ་ལས་སྤྲོས་པའི་ཚེ་ན་སྐུ་གསུམ་དག་པའི་ཞིང་ཁམས་སྣོད་བཅུད་དང་བཅས་པ་མ་འདྲེས་པར་སྣང་ཞིང༌། བསྡུས་ཚེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཡུལ་གཡོ་བ་མེད་པར་སྨོན་པའོ། །བཀྲ་ཤིས་པར་ཤོག། །།


previousརང་བཞིན་རྫོགས་པ་ཆེན་པོའི་ལམ།next