མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ།
༄༅། །ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་འབྲུ་འགྲེལ་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
བརྟན་དང་གཡོ་བ་ཀུན་ལ་ཁྱབ་ཀྱང་ཀུན་ལ་མི་གནས་སྨྲ་བསམ་བརྗོད་བྲལ་རྫོག༵ས་པ་ཆེ། །སྲིད་དང་ཞི་ཞིང་༼བ༽རྣམ་པར་མི་རྟོག་རྣམ་པ་དུ་མ་སྐུ་དང་ཡེ་ཤེས་གཏེར༵་ཆེ༵ན་པོ། །ངོ་མཚར་པ༵ད་མ༵་སྒྱུ་འཕྲུལ་རོལ་པར་འཆར་ཀུ༵ན་སྒྱུ་མ་རང་གྲོ༵ལ་འཁོར་འདས་ཀུན་གྱི་མགོན། །ཀུན་ཏུ་བཟང་པོ་ལྷ་ཡི་ཚོགས་ཀྱི་ལྷར་གྱུར་ཕྱོགས་ལས་རྣམ༵་པར་རྒྱ༵ལ་བ་གང་དེར་འདུད། །གང་གི་ངོ་བོ་ཀ་ནས་དག་པས་རྟག་པའི་མཐའ་ལས་རྣམ་པར་གྲོལ། །རང་གདངས་མ་འགགས་ལྷུན་གྱིས་གྲུབ་པས་ཆད་པར་ལྟ་བ་རྣམ་པར་འཇིག། ཐུགས་རྗེའི་ཉི་མ་སྟོང་བདལ་སྐུ་དང་ཡེ་ཤེས་འོད་གསལ་འབྱམས་སུ་ཀླས། །ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་ཡོངས་ཤར་འདུ་འབྲལ་མེད་པ་ཕྱག་གིས་མཆོད། །ཁྱབ་བདག་སྟོན་པ་གདོད་མའི་མགོན་པོ་འཁོར་འདས་སྤྱི་དཔལ་ཆོས་ཀྱི་སྐུ། །དྲུག་པའི་བདག་ཉིད་རྡོ་རྗེ་འཆང་དབང་ཁ་སྦྱོར་བདུན་ལྡན་རྡོ་རྗེ་སེམས། །གསང་ཆེན་མངའ་བདག་དགའ་རབ་དཔའ་བོ་དཔལ་གྱི་སེང་གེ་ཞེས་སུ་གྲགས། །དགོངས་པ་བརྡའ་བརྒྱུད་ཚོགས་ཀུན་བདེ་ཆེན་འཁོར་ལོའི་རྒྱན་དུ་འབྲལ་མེད་མཆོད། །ཕྱོགས་བཅུ་དུས་བཞིར་སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བདག། མཆོག་གསུམ་རྩ་གསུམ་སྐུ་གསུམ་རིག་འཛིན་བརྒྱུད་པར་བཅས། །འགྲོ་ཁམས་ཇི་སྙེད་གང་འདུལ་དེར་སྤྲུལ་ཀུན་འདུས་རྗེ། །མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས་ལ་ཤིས་པ་སྩོལ། །རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གསང་ཆེན་བཀའ་ཡི་སྡུད་པོ་མཚོ་རྒྱལ་དང་། །འཇིག་རྟེན་མིག་གཅིག་སྤྲུལ་པའི་རིག་པ་འཛིན། །ཅོག་རོ་ཀླུ་ཡི་རྒྱལ་མཚན་མགོས་ཕྱག་འཚལ། །བརྒྱུད་པའི་མན་ངག་ཟབ་དོན་སྙིང་པོར་དྲིལ། །གཞོམ་མེད་རྡོ་རྗེའི་སྒྲོམ་བུར་རྒྱས་བཏབ་པ། །གངས་ལྗོངས་འགྲོ་ལ་སྤེལ་མཁས་ཀརྨ་གླིང་། །ཉི་ཟླ་ནམ་མཁའ་རྒྱ་མཚོ་བརྒྱུད་བཅས་མཆོད། །དེ་ལས་བྱུང་བའི་གདམས་པ་ཟབ་མོའི་ཕུལ། །ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་མཆོག། མངོན་དུ་བྱེད་པའི་ཐབས་མཆོག་རྨད་བྱུང་བ། །ཐོས་གྲོལ་ཚོར་བ་རང་གྲོལ་ཞེས་བྱ་བའམ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །ལས་བྱང་ཚོར་བ་རང་གྲོལ་འབྲུ་འགྲེལ་ནི། །ཀུན་ཏུ་བཟང་པོའི་དགོངས་རྒྱན་འདི་བསྟན་པས། །མཁའ་འགྲོ་དམ་ཅན་བཀའ་ཡིས་གནང་བ་སྩོལ། །ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ་སྔོན་དུ་སོང་ནས་འདིར་གང་བརྗོད་པར་བྱ་བའི་དོན་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ་ནས་ཟབ་ཆོས་ཀུན་གྱི་སྙིང་པོའི་ཡང་ཞུན་དུ་བཀོད་པ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་འབྲུ་འགྲེལ་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ་འཆད་པ་ཡིན་ལ། དེ་ཡང་སྔོན་གྱི་དུས་སུ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དྲུང་དུ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཡབ་སྲས་དང་ལོ་ཙྪ་བ་ཅོག་རོ་ཀླུའི་རྒྱལ་མཚན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སོགས་པ་ལས་ཅན་དག་པའི་འཁོར་རྣམས་ཀྱིས་གསེར་གཡུ་སོགས་རིན་པོ་ཆེའི་མཎྜལ་ཕུལ་ནས་ཞུས་པ་སྟེ། འདི་ཉིད་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས་ཆོས་འབྱུང་ནོར་བུའི་ཕྲེང་བ་ལས། ཀྱཻ་སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་སྐབས་(ཚད)མ་མཆིས་ཤིང་། སྔོན་ཆད་ཀྱང་ཐེག་པ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་དཔག་ཏུ་མེད་པ་ཐུགས་ལ་བཏགས་མོད་ཀྱང་ད་དུང་ཡང་བདག་ཅག་རྗེ་བློན་གྲོགས་འབངས་རྣམས་དང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་འགག་དོན་གཅིག་ཏུ་དྲིལ་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས་ཡུན་རིང་པོར་དཀའ་སྤྱད་སྙིང་རུས་ཀྱི་འབད་རྩོལ་ལ་མ་ལྟོས་པར། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་ཅིང་ཉུང་ལ་དོན་འདུས་པ་ཞིག་བཀའ་སྩལ་ཏུ་གསོལ་ཞེས་གདུང་ཤུགས་དྲག་པོས་མཆི་མ་བླག་ཅིང་ཞུས་པས། སློབ་དཔོན་ཆེན་པོ་དར་ཅིག་དགོངས་པ་ལ་བཞུགས་ནས་བཀའ་སྩལ་པ། ཀྱཻ་མངའ་བདག་རྒྱལ་པོ་ཡབ་སྲས་རྗེ་བློན་རྣམས་ཀྱི་ཐུགས་བཞེད་ལྟར་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་བ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་ནས་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་པ། གོ་བ་ཙམ་གྱིས་བདེ་ཆེན་ས་ལ་གཤེགས་པ། དོན་ཡིད་ལ་བྱེད་པ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ལ་གཤེགས་པར་བྱེད་པ། གང་འབྲེལ་ཐམས་ཅད་དོན་ཆེན་དང་ལྡན་པའི་ཆོས་དེ་ལྟ་བུ་ཞིག་བདག་ལ་ཡོད་ཀྱང་། གདུལ་བྱ་བློ་ཆུང་ཐེག་དམན་གྱི་རིགས་སྐལ་མེད་ལོག་ལྟ་ཐེ་ཚོམ་ཅན་གྱི་བློར་མི་ཤོང་ནས་སླར་སྐུར་བ་འདེབས་པས་ངན་སོང་དུ་ འཕེན ་པས་ན་ཁྱེད་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་གཞན་སུ་ལ་མ་བསྒྲགས་ཤིགམ་འོངས་སྙིགས་དུས་ཀྱི་འགྲོ་རྣམས་ཀྱི་དོན་དུ་གཏེར་དུ་སྦ་བར་བྱའོ། །ཞེས་གསུངས་ནས། ཆོས་ཐམས་ཅད་མདོ་འགག་གཅིག་ཏུ་དྲིལ་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བར་མཚན་གསོལ་ཏོ། །མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ལ་དགོངས་ཏེ། དྭགས་ལ་སྒམ་པོའི་རི་ལྷ་བྲན་གར་བྱེད་འདྲ་བའི་གནས་སུ་གཏེར་དུ་སྦས་ནས། སྐལ་ལྡན་ལས་འཕྲོ་ཅན་ལ་སྨོན་ལམ་བཏབ་པ་ནི། དེ་ཉིད་ཀྱི་བདེ་ཆེན་རང་གྲོལ་ལས། ཨེ་མ་ཆོས་རྣམས་ཀུན་ཀྱི་མཐར་ཐུག་པ༔ ཡང་གསང་བླ་མེད་ཀུན་གྱི་སྙིང་པོ་མཆོག༔ སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བའི་ཐབས༔ ད་ལྟ་མངོན་པར་སངས་རྒྱས་རང་ཐོབ་ཡིན༔ དུས་གསུམ་རྒྱལ་བའི་དགོངས་པ་སྙིང་པོའི་དོན༔ བཅུད་བསྡུས་མར་གྱི་སྙིང་པོའི་ཡང་ཞུན་འདི༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བ་རྣམས་ཀྱི་དོན་དུ་བཀོད༔ སུ་ལ་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ མ་འོངས་སྙིགས་མའི་དུས་ཀྱི་ཐ་མ་ལ༔ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུས༔ དེ་དུས་འདི་འདྲའི་གདམས་པ་མེད་པ་ཀུན༔ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེད༔ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིར༔ ཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦས༔ དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་ཅིག༔ ཕ་ལ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུང་༔ ཀརྨ་གླིང་པ་ཞེས་བྱའི་སྙིང་སྟོབས་ཅན༔ བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲས་མཚན༔ འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ ཅེས་གསུངས་པ་དེ་ལྟ་བུ་འཆད་པ་ལ་དོན་གསུམ་སྟེ། མཚན་གྱི་དོན་བསྟན་པ། དོན་གྱི་ཁོག་ཕུབ་པ། ཇི་ལྟར་བྱུང་ཁུངས་སྨོས་པའོ། །དང་པོ་ནི། གམྦྷི་རའི་སྒྲ་ལས་ཟ༷བ་པ་སྟེ་ཐེག་པ་ཐམས་ཅད་ཀྱི་རྩེ་མོ། ནང་རྒྱུད་ཡོ་ག་གསུམ་གྱི་ཡང་སྙིང་། མན་ངག་ཐམས་ཅད་ཀྱི་གནད་འགག་གཅིག་ཏུ་དྲིལ་བ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་བླ་ན་མེད་པ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། དོན་ཟབ་དོན་ནི་རྒྱ་ཆེ་བ། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་པ་ལྟ་བུའོ། །དེ་ཉིད་ཀྱང་སྣོད་མིན་ལ་ཤིན་ཏུ་གསང་བར་བྱ་བའི་ཆོ༷ས་ཏེ། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ནས་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་སོ། །ལྷ་ཞི༷་བ་དང་ཁྲོ༷་བོ་སྒྲུབ་པའི་ཐབས་ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་པོའི་དགོ༷ངས་པ༷་ར༷ང་བཞིན་དུ་གྲོ༷ལ་བའི་རིམ་གཉིས་ཀྱིས་བསྡུས་པའི་རྒྱབ་ཆོས་མང་དུ་ཡོད་པ་ལས་ཞི་བ་དང་ཁྲོ་བོ་མ་ལུས་ཐམས་ཅད་འདུས་པའི་ཕྲིན་ལ༷ས་ཀྱི་བྱང༷་བུ་སྟེ། དེ་ཡང་འགྲོ་བ་གང་གིས་ཐོས་པའམ་ཚོར༷་བ༷་ཙམ་གྱིས་ཀྱང་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་ར༷ང་བཞིན་གྱིས་གྲོ༷ལ་བར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་བཞུ༷གས་ཞེས་ཏེ། དེ་ཡང་བསྟན་པ་བུ་གཅིག་ལས། བཀླགས་པས་ཐོས་ཚད་འཚང་རྒྱ་བས༔ དེ་ཕྱིར་ཐོས་གྲོལ་ཞེས་བྱའོ༔ དབུགས་ལ་སླེབས་ཚད་འཚང་རྒྱ་བ༔ དེ་ཕྱིར་ཚོར་གྲོལ་ཞེས་བྱའོ༔ ཞེས་སོ། །