འཆི་ཁ་བར་དོའི་ངོ་སྤྲོད།
བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་ལགས་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་འཆི་ཁ་བར་དོའི་ངོ་སྤྲོད་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷར་དུ་ཨ༔ བོད་སྐད་དུ། བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ ཙིཏྟ་ཀློང་ནས་ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་འཆི་ཁ་བར་དོའི་ངོ་སྤྲོད༔ ཚིག་ཉུང་ལ་དོན་འདུས་པ༔ དུས་ཀྱི་རིག་པ་གོ་སླ་བ༔ འདི་ལྟར་བསྟན༔ ཚེ་ལས་འདས་པ་ཆེ་གེ་མོ་མགོ་བྱང་དུ་བསྟན་ཞིང་༔ ཁ་མིག་ནུབ་ཏུ་བསྟན་ལ༔ ལུས་སྤྲུག་བསིག་མི་བྱ་བར༔ ཉེ་འདུན་དང་༔ ནོར་རྫས་རྩར་མི་བཞག༔ སྨྲེ་སྔགས་མི་འདོན་གལ་ཆེའོ༔ ཕྱི་དབུག་ཆད་པའི་དུས་སུ་ནང་དབུགས་ཡོད་སྐབས་སུ་འདུན་པ་རྩེ་གཅིག་གིས༔ རྣ་བུག་གཡོན་པའི་ནང་དུ་སྒྲ་ཕྲ་བར་བོས་ལ་འདི་སྐད་དོ༔
འོ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ང་ལ་ཉོན་ཅིག༔ འོ་ད་སྐབས་སུ་ཁྱོད་ཀྱི་བེམ་རིག་བྲལ་བར་ཡིན་ངེས་པའི་འདུན་པ་རྩེ་གཅིག་ཏུ་ང་ལ་ཉོན་ཅིག༔ འོ་ང་ཡང་ཐ་མལ་གྱི་སྐྱེས་བུ་ངན་པ་མ་ཡིན་པ༔ སྤྲུལ་པའི་སྐུ་མཆོག་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་དབུ་ལ་པད་ཞུ་སྒྲོ་དར་གྱིས་བརྒྱན་པ༔ སྐུ་ལ་ཟ་འོག་ཆོས་གོས་གསེར་གྱི་པ་ཊ་རི་མནབ་པ༔ ཐུགས་ཀར་རྡོ་རྗེ་དྲིལ་བུ་བསྣོལ་ཞིང་༔ རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ༔ སྤྱི་བོར་མདའ་གང་ཙམ་གྱི་མཚམས་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ སྟོན་པ་རྡོ་རྗེ་སེམས་དཔའ༔ ཀུན་བཟང་ཞི་ཁྲོའི་དམ་པ་རིགས་བརྒྱའི་ལྷ་ཚོགས་བཀྲ་ལྷང་ངེར་གསལ་བར་བསྒོམ་ཞིང་༔ འདུན་པ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་མོས་པ་མཛོད་ལ༔ མི་རྟག་དྲན་པའི་ངོ་སྤྲད་པ་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ང་ལ་ཉོན་དང་མི་རྟག་པ་ཁྱོད་ལ་བཤད༔ འོ་འཇིག་རྟེན་འདི་ནས་རྟག་པར་མི་འདུག་པའི༔ འཁོར་བ་པ་ནི་སྡུག་བསྔལ་གཞི་ལས་བྱུང་༔ མི་རྟག་པའི་ཁང་ཁྱིམ་བང་ཞིང་ལ་མ་ཆགས་མ་ཞེན་ཅིག༔ ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཤི་བ་ཡིན་པས༔ བུ་དང་བུ་མོ་ཆུང་མ་ལ་སོགས་ཉེ་བ་གཉེན་འདུན་རྣམས་ལ་མ་ཆགས་མ་ཞེན་ཅིག༔ ནོར་རྫས་བེའུ་ལུག་དང་༔ རྟ་གོས་ཟས་འབྲུ་ལ་སོགས་མི་རྟག་ཅིང་༔ ཆགས་པ་མེད་པས་མ་ཆགས་མ་ཞེན་ཅིག༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ སྔར་སོང་གི་འཇིག་རྟེན་བྲང་ང་ཁམས་ན་ཁང་ཁྱིམ་ནོར་རྫས་ཉེ་འདུན་མང་སྟེ༔ སུ་ཡང་ཆགས་པ་མེད་པར་འགྲོ་དགོས་པའི་དུས་ལ་བབ་ནས༔ འདུན་པ་དཀོན་མཆོག་གསུམ་ལ་གཏད་ནས་འགྲོའོ༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་གཅིག་པུར་མ་ཡིན་པས༔ ཀུན་འགྲོ་དགོས་པ་ཡིན༔ ད་རིག་པ་སྒྲིམས་ཤིག༔ ཤི་བ་སླེབ་པ་ཡིན་ནོ༔ ཁྱོད་རང་དཀོན་མཆོག་གསུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ཅིག༔
བེམ་རིག་བྲལ་ཚུལ་ངོ་སྤྲོད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ ཁྱོད་རང་གི་ལུས་འདི་འབྱུང་ལྔ་ལ་གཡར་པོ་ཡིན་པས༔ ཕུང་པོ་འཇིག་ཚུལ་ཅི་བྱུང་ཡང་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ འབྱུང་བ་ནམ་མཁའ་འཇིག་པའི་དུས་སུ་རྟགས་ལ་འོད་ཐམས་ཅད་མཐིང་ཀ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་༔ ཞིང་ཁམས་ཐམས་ཅད་མཐིང་ག་འཆར་བའི་དུས་སུ༔ རང་སྟོང་པའི་ཁམས་སུ་གཡེང་བ་ལྟ་བུའི་སྣང་བ་འོང་༔ དེ་ཆོས་ཀྱི་དབྱིངས་རང་སྒྲ་རང་གཟུགས་སུ་ཡིན་པས་དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ འབྱུང་བ་ས་འཇིག་པའི་དུས་སུ་རྟགས་ལ་འོད་ཁྱིམ་ཐམས་ཅད་སེར་པོ་རུ་འཆར་བའི་དུས་སུ༔ དེ་རང་རིག་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་ཞིང་ཁམས་ཐམས་ཅད་སེར་པོ་རུ་འཆར་བའི་དུས་སུ༔ རང་ས་འོག་མནན་པ་ལྟ་བུའི་སྣང་བ་འོང་༔ དེ་ཆོས་ཉིད་རང་སྒྲ་རང་གཟུགས་སུ་ཡིན་པས༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ འབྱུང་བ་ཆུ་འཇིག་པའི་དུས་སུ་རྟགས་ལ་འོད་ཐམས་ཅད་སྔོན་པོ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོ་སྐུ་རི་རབ་ཙམ་དང་ཞིང་ཁམས་ཐམས་ཅད་སྔོན་པོ་རུ་འཆར་བའི་དུས་སུ༔ རང་རྒྱ་མཚོ་ཆུ་ཡི་ནང་དུ་ལྷུང་བའི་སྣང་བ་འོང་༔ དེ་ཆོས་ཉིད་རང་སྒྲ་རང་གཟུགས་སུ་ཡིན་པས་མ་སྐྲག་ཅིག་མ་འཇིགས་མ་སྔངས་ཤིག༔ འབྱུང་བ་མེ་འཇིག་པའི་དུས་སུ་རྟགས་ལ་འོད་ཐམས་ཅད་དམར་པོ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་ཞིང་ཁམས་ཐམས་ཅད་དམར་པོ་རུ་འཆར་བའི་དུས་སུ༔ རང་མེ་འོད་དུ་བསྲེགས་པ་ལྟ་བུའི་སྣང་བ་འོང་༔ དེ་ཆོས་ཉིད་རང་སྒྲ་རང་གཟུགས་སུ་ཡིན་པས༔ དེ་ལ་མ་སྐྲག་མ་འཇིགས་མ་སྔངས་ཤིག༔ འབྱུང་བ་རླུང་འཇིག་པའི་དུས་རྟགས་ལ་འོད་ཐམས་ཅད་ལྗང་གུ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱུར་ཅིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་ཞིང་ཁམས་ལྗང་གུ་རུ་འཆར་བའི་དུས་སུ༔ རང་རླུང་གིས་གཡབ་ཅིང་སྤྲུག་བསིག་བྱེད་པ་ལྟ་བུའི་སྣང་བ་འོང་༔ དེ་རིག་པ་ཆོས་ཉིད་རང་སྒྲ་ཡིན་པར་མ་སྐྲག་མ་འཇིགས་མ་སྔངས་ཤིག༔
སྒོ་རྡིབ་དང་རྩ་ཁྲག་དང་བེམ་རིག་བྲལ་བའི་ངོ་སྤྲོད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་བར་ཉོན་ཅིག༔ ལུས་ལ་གྲུབ་པའི་དབང་པོ་སྒོ་རྡིབ་པའི་དུས་སུ༔ མུན་པའི་གླིང་དུ་སླེབ་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ ལུས་ལ་གྲུབ་པའི་རྩ་ཁམས་ཐམས་ཅད་ནས༔ ཁྲག་ནང་དུ་འདུས་པའི་དུས་སུ༔ རི་བོ་ཆེན་པོས་མནན་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ ལུས་ལ་གྲུབ་པའི་ཕ་ལས་ཐོན་པའི་ཐིག་ལེ་མ་ལས་ཐོན་པའི་རཀྟ་དུས་གཅིག་རྣམ་ཤེས་སྟེང་དུ་བབ་པའི༔ འདྲིལ་བའི་དུས་སུ་ས་སྣུལ་མེ་ཚིག་ནང་དུ་ཐོན་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ བེམ་རིག་བྲལ་བའི་དུས་སུ༔ རང་སྣང་ཁོག་ཆེན་པོ་དང་སོ་སོར་བྲལ་ནས༔ རང་སྣང་འཇའ་ཚོན་གྱིས་བསྐོར་བ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔
སྣང་བ་འཆར་འབྱུང་ངོ་སྤྲད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་མ་ཡེངས་པར་ཉོན་ཅིག༔ སྣང་བ་ལ་མི་འཆར་བ་མེད་པར༔ མདངས་ལ་སྨིག་སྒྱུ་མེ་རེ་རེ་དང་༔ མཚོན་ཆའི་ཆར་བབ་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ སྒྲ་འབྲུག་སྟོང་དུ་ལྡིར་བ༔ སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ གློ་བུར་ཧྲཱིལ་གྱི་ཁྲོ་བོའི་སྐུ་འཆར་བ་དང་༔ ལྷ་ཡི་གཟུགས་བརྙན་ཕྱག་མཚན༔ ཅི་ཤར་ཡང་རིག་པ་ལས་གྲུབ་པར་ཡི་དམ་གྱི་ལྷ་ཡིན་པ་ངོ་ཤེས་པར་གྱིས་ཤིག༔ གཞལ་ཡས་ཁང་གཟུགས་སྡུག་པ༔ ཉམས་དགའ་བ༔ ཟ་འོག་གི་བེར་བཤམ་པ་ལྟ་བུ་མཐོང་༔ དེ་ལ་ཆགས་སེམས་དང་འདུན་པ་སོགས་མ་བྱེད༔ འོད་གཟུགས་ཐམས་ཅད་མིག་ལས་བྱུང་༔ སྒྲ་ཐམས་ཅད་རྣ་བ་ལས་བྱུང་༔ མཚོན་ཆ་ཐམས་ཅད་སྐྲ་དང་བ་སྤུ་ལས་འབྱུང་བ་ཡིན༔ སྐྲག་མི་དགོས་པ་ངོ་ཤེས་པར་གྱིས༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ རིག་པ་ཆོས་སྐུ་ཅི་ཤར་ངོ་སྤྲད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ༔ ཁྱོད་རང་གི་སྣང་བ་འདུག་ཀློད་མེད་པར་རིག་པ༔ རིག་པ་སྟོང་པ་ཡིན༔ སྟོང་པ་ཆོས་སྐུའི་ངོ་བོ་ཡིན༔ ཞིང་ཁམས་དང་ཞི་སྐུ་ཁྲོ་གཟུགས་ལ་སོགས༔ རིགས་དྲུག་སྣང་བ་ཅི་ཤར་བ་ཐམས་ཅད༔ རྩ་ཁམས་དང་རླུང་གནད་ཀྱི་འཆར་ཚུལ་ཡིན༔ དེ་ལ་མ་འཇིགས་མ་སྐྲག་ཅིག༔ རིག་པ་སྟོང་པར༔ ས་ལེར༔ ཀྱི་ལེར༔ ཡེར་རེ༔ ཧྲིག་གེ་བ་དེར་མ་ཡེངས༔ རང་ཐོག་ཏུ་ལྟོས་ཤིག༔ བལྟས་ན་གསལ་སྟོང་གི་རིག་པ་མཐོང་བར༔ ཆོས་སྐུའི་བདེ་ཉམས་ཀྱི་འོད༔ སྐྱེ་འཆི་མེད་པའི་འོད་ཀྱི་བསུ་མ་འོང་བ་ཡིན་པར༔ ངོ་ཤེས་པར་གྱིས་ཤིག༔
སྒོ་བཀག་བཙན་ས་བསྟན་པའི་ངོ་སྤྲོད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ༔ མ་ཡེངས་པར་ཉོན་ཅིག༔ ད་ཁྱོད་རང་གི་རྩ་ཁམས་ཐམས་ཅད་ནི༔ ས་ཆུ་ལ་ཐིམ༔ ཆུ་མེ་ལ་ཐིམ༔ མེ་རླུང་ལ་ཐིམ༔ རླུང་རྣམ་པར་ཤེས་པ་ལ་ཐིམ༔ རིག་པ་ལུས་ཁང་རྒན་གྱི་ནང་དུ༔ མ་འདུག་པར་ཡར་རྙོགས་ཤིག༔ འོག་སྒོ་རུ་བུད་ན༔ དམྱལ་བར་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་བར་ཡར་ལ་ཤོག་ཅིག༔ ཆུ་ལམ་མངལ་སྒོ་རུ་བུད་ན༔ སྲིན་རིགས་ཡི་དྭགས་སུ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་ཡར་ལ་ཤོག་ཅིག༔ ལྟེ་བར་སྣ་ལ་བུད་ན༔ བྱོལ་སོང་དུ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་བར་ཤོག་ཅིག༔ ཁ་ནང་དུ་བུད་ན༔ འཐབ་རྩོད་སྲིན་པོར་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་ཡར་ཤོག་ཅིག༔ སྣ་གཡས་མིག་གཡོན་དུ་བུད་ན༔ མི་རིགས་མཐོན་པོ༔ སྡུག་གྲགས་ཅན་དུ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་ཡར་ལ་ཤོག་ཅིག༔ སྨིན་མཚམས་སུ་བུད་ན༔ ལྷ་ལ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་བར་ཡར་ཤོག་ཅིག༔ སྤྱི་གཙུག་ཏུ་བུད་ན༔ སྟོང་འཁོར་ལོ་བསྒྱུར་རྒྱལ་དུ་སྐྱེ་བའི་ས་ཡིན་པའི༔ ཡར་ཤོག་ལ་འདུན་པ་རྩེ་གཅིག་ཏུ༔ རིག་པ་བསྒྲིམ་པར༔ མ་ཡེངས་ཤིག༔ བཙན་ཐབས་སུ་རྒྱང་ འཕེན ་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ༔ ཆེ་གེ་མོའི་རྣམ་པར་ཤེས་པའི་ངོ་བོ༔ ཨཿདཀར་པོ་གཅིག་ཏུ་གྱུར་པ་ནི༔ སྤྱི་གཙུག་ཚངས་པའི་བུ་ཀར༔ རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་དུ་ཕྱུང་ནས༔ སྐྱེས་བུའི་མདའ་འཕང་བ་བཞིན་དུ་རྒྱངས་ཀྱི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་སྦྱོར་མཚམས་སུ་མཁའ་དབྱིངས་དག་པའི་ཞིང་ལ་ཐིམ༔ སངས་རྒྱས་པར་གྱུར་ཅིག༔ ཨཱཿ ཕཊཿཕཊཿཕཊཿ
སྨོན་ལམ་ནི༔ ༀ་ཨཱཿཧཱུྃ༔ འཆི་ཁ་བར་དོ་འཁོར་བ་འཁྱམས་པའི་ཚེ༔ རིག་པ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ ཆོས་སྐུ་ཀུན་ཏུ་བཟང་པོས་ལམ་སྣ་དྲོངས༔ ཆོས་དབྱིངས་ཀུན་ཏུ་བཟང་མོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལམ་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་ཤོག༔ ཨཱཿ ཕཊཿཕཊཿཕཊཿ ཞེས་འཕོ་བ་མ་ཐེབས་བར་དུ་བསྐྱར༔ འཆི་ཁ་བར་དོ་ངོ་སྤྲོད༔ གསལ་གདབ་པ་ཤིན་ཏུ་གལ་ཆེ༔ ངོ་སྤྲོད་ཀུན་ལ༔ རིམ་བཞིན་དཔེར་ན་ཆུ་བོའི་གཞུང་ཆེན་པོ་ལ་གདུང་གྲུ་འཕང་བ་ལྟ་བུ༔ རྩར་བཅད་ནས་སྐམ་སར་ལེན་པ་ལྟ་བུའོ༔ དེ་ལ་བར་དོ་འཕྲང་བགྲོད་པ༔ སྐབས་ཀྱི་ཐིམ་ལྟ་བུ་ཡིན་པས༔ གཅིག་ལ་ངོ་མ་འཕྲོད་ན༔ གཅིག་ལ་ངོ་མི་འཕྲོད་མི་སྲིད་དོ༔ བཤེས་གཉེན་བཟང་པོའི་ངོ་སྤྲོད༔ གསལ་གདབ་འཕོ་བ་སྤར་ན༔ མི་གྲོལ་མི་སྲིད༔ གལ་ཆེ༔ དཀོན་མཆོག་ལ་གསོལ་བ་བཏབ་པའི་རོགས་ལྡན་དང་༔ གཟུངས་སྔགས་བཟླ་ཞིང་སྨོན་ལམ་ཅི་ཤེས་བརྗོད༔ བཏགས་གྲོལ་བཅང་༔ གྲོགས་པོ་སྒྲ་གསལ་བ་གཅིག་གིས་རྒྱུན་དུ་ཀློག་པར༔ ཞག་ཉེར་གཅིག་ཏུ་མི་གྲོལ་མི་སྲིད་༔ ཅེས་ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་༔ འཆི་ཁ་བར་དོའི་ངོ་སྤྲོད༔ འཁྲུལ་པ་རང་གྲོལ་ཞེས་བྱ་བ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་ཟབ་མོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ༔རྒྱ༔རྒྱ༔