Nitartha Digital Library
Tibetan
 
no previousno next

(༡)འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཀྱི་ཁྲིད་ཡིག་ནམ་མཁའ་སྤྲིན་བྲལ་ཞེས་བྱ་བ་བཞུགས་སོ། །

(༢)དེ་ལ་འདིར་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་བཤད་པ་ལ་གསུམ་སྟེ། །ཐོག་མར་ཀླད་ཀྱི་དོན་དང་། བར་དུ་གཞུང་གི་དོན་དང་། ཐ་མར་མཇུག་གི་དོན་ནོ། དང་པོ་ལ་གསུམ་སྟེ། མཚན་དོན་དང་མཆོད་པར་བརྗོད་པ་དང་།

(༣)བརྩམ་པར་དམ་བཅའ་བའོ། དང་པོ་ནི། འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་ཡིག་ནམ་མཁའ་སྤྲིན་བྲལ་ཞེས་བྱ་བ་བཞུགས་སོ། །གཉིས་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བླ་མ་ལ་ཕྱག་འཚལ་ལོ། ཞེས་པས་བསྟན། གཉིས་པ་ནི། ཀ་དག་སྟོང་ཆེན་གཞི་ཀློང་ཆོས་ཀྱི་དབྱིངས་

(༤)ལྷུན་གྲུབ་སྐུ་གསུམ་རང་ཆས་གཞི་ལ་རྫོགས། །སྟོང་གསལ་འགགས་མེད་འཁོར་འདས་ཀུན་འབྱུང་ཀློང་། དུས་གསུམ་འབྲལ་མེད་རིག་པའི་ཀློང་ལ་འདུད། །གཉིས་པ་བརྩམ་པར་དམ་བཅའ་བ་ནི། སེམས་ཉིད་རང་བཞིན་བདེ་གཤེགས་སྙིང་པོའི་གཤིས། །ངོ་བོ་རྣམ་དག་རང་བཞིན་བརྗོད་མེད་དོན། །མདོ་རྒྱུད་ལུང་དང་བླ་མའི་མན་ངག་བཞིན། ཉམས་ལེན་གནད་ཀྱི་མདོ་ཙམ་བཤད་ཀྱིས་གསོན། གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ཁྲེགས་ཆོད་ལྟ་བ་སྤྱིར་བཤད་པ། གྲོལ་འཁྲུལ་གྱི་རང་བཞིན་བྱེ་བྲག་ཏུ་བཤད་པ། དོན་གྱི་འབྲས་བུ་བཤད་པའོ། །དང་པོ་ལ་གསུམ། ལུས་རྩ་རླུང་གི་གནད་ཀྱི་ནན་ངག་ལ་བརྟེན་ནས་ངོ་བོ་སྐྱོང་བ། རང་བབས་སྤུ་ལྷོད་པའོ། །དང་པོ་ལྟ་བ་ངོས་

(༥)བཟུང་བ་ལ་གསུམ་སྟེ། དང་པོ་རིག་པ་བསལ་བཞག་མེད་པར་ལྷོད་ལ་འཇོག་པ་ནི། ད་ལྟའི་ཐ་མལ་ཤེས་པ་རྒྱ་ཡན་ལ། །ཚིག་གིས་མི་མཚོན་སྨྲ་བསམ་བརྗོད་དུ་མེད། ཟང་ཐལ་བར་མེད་ཕྱི་ནང་ཀུན་ལ་ཁྱབ། །བསལ་བཞག་བྲལ་བའི་ངང་ལ་ལྷོད་དེ་ཞོག །གཉིས་པ་བྱུང་གནས་འགྲོ་གསུམ་གྱིས་སྒྲོ་འདོགས་གཅོད་པ་ནི། བཟང་ངན་རྣམ་རྟོག་ཤར་ཚེ་ངོས་བཟུང་ལ། །དང་པོ་གང་བྱུང་བར་དུ་གང་ལ་གནས། །ཐ་མ་གར་འགྲོའི་ཕྱོགས་ལ་བལྟ་བར་གྱིས། །དབྱིབས་དང་ཁ་དོག་ཡོད་མེད་ཞིབ་པར་དཔྱོད། །གསུམ་པ་རང་བྱུང་རིག་པ་ངོས་བཟུང་བ་ནི། །བལྟས་པས་མི་མཐོང་དངོས་པོ་མཚན་མ་མེད། །བཙལ་བས་མི་རྙེད་ཡེ་སྟོང་ནམ་མཁའ་

(༦)འདྲ། །མ་བཅོས་རྒྱ་ཡན་གནས་ཚེ་གསལ་ཧྲིག་གེ། །བརྟག་ཅིང་དཔྱད་ཚེ་རང་གཤིས་སྟོང་སེང་ངེ་། །ཅི་ཡང་མེད་ཅིང་གང་ཡིན་འཆར་དུ་ཡོད། །རིག་པའི་རང་གདངས་མ་འགགས་ས་ལེ་བ། །རང་བྱུང་རིག་པའི་ངོ་བོ་འདི་ཉིད་ཡིན། །འདི་ཉིད་ཤེས་ན་རིག་ངོ་འཕྲོད་ཅེས་བརྗོད། །གཉིས་པ་རྩ་རླུང་གི་གནད་ཀྱི་མན་ངག་ལ་བརྟེན་ནས་ངོ་བོ་སྐྱོང་བ་ལ་བཞི་སྟེ། དང་པོ་ལུས་ཀྱི་གནད་ལ་བརྟེན་ནས་འཛིན་མེད་སྟོང་གསལ་གྱི་ངོ་བོ་སྐྱོང་བ་ནི། ལུས་ཀྱི་གནད་ནི་སྐྱིལ་ཀྲུང་དྲང་པོར་བསྲང་། །མིག་གཉིས་སྨིན་མཚམས་དབྱིངས་ལ་ཧྲིག་གེར་བལྟ། །འགྲམ་པ་བསྡམས་ཏེ་མཆུ་སོ་རང་སར་བཞག །དབུགས་ནི་འབྱུང་རྔུབ་མེད་པར་བཞག་པའི་ཚེ། །བཟང་

(༧)ངན་རྣམ་རྟོག་ཐམས་ཅད་རང་ཡལ་ཏེ། །སྣང་ཡུལ་མ་འགགས་ཆུ་ནང་ཟླ་གཟུགས་བཀྲ། །རང་སེམས་འཛིན་མེད་སྟོང་གསལ་སེང་ངེ་བ། །དེ་ཡི་ངང་དུ་ཞོག་ལ་ངོ་བོ་སྐྱོང་། །གཉིས་པ་རྩ་རླུང་གི་གནད་ཀྱིས་རིག་པ་མངོན་གྱུར་གྱི་མན་ངག་བསྟན་པ་ནི། དུས་ཀུན་ལུས་ཀྱི་འདུག་སྟངས་སྔར་ལྟར་གྱིས། །དབུགས་ནི་འབྱུང་རྔུབ་སོ་ཡི་བར་ནས་བྱེད། །ཀ་ཏི་ཤེལ་བུག་སྙིང་ནས་ཁ་འབྲེལ་གནད། །གནད་ཀྱིས་ལས་རླུང་འགག་ཏེ་རྟོག་ཚོགས་ཞི། །ཁྲེགས་ཆོད་ལྟ་བ་རང་གདངས་ཐད་ཀར་ཤར། །རིག་པ་མངོན་དུ་འགྱུར་བའི་མན་ངག་ཡིན། །གསུམ་པ་སྤྱོད་ལམ་ཐམས་ཅད་དུ་གྲིམ་ལྷོད་མེད་པར་རང་གཤིས་སྐྱོང་བ་ནི། དེ་ཕྱིར་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །གྲིམ་པས་མ་སྡོམ་ལྷོད་པས་མ་གཡེང་ངང་། །ཇི་ལྟར་འགྲོ་ཡང་རིག་པའི་ངང་ལ་འགྲོ། །ཇི་ལྟར་འདུག་

(༨)ཀྱང་རིག་པའི་ངང་ལ་འདུག །ཅི་ལྟར་གནས་ཀྱང་སེམས་ཉིད་ལུས་ལ་གནས། །མལ་བདེ་གནས་ལ་ལུས་བདེ་ཕྱམས་སེ་ཞོག །ཤེས་པ་བག་ཡང་རང་གཤེས་རྗེན་པར་སྐྱོང་། བཞི་པ་རྣམ་གཡེང་གི་ཇག་པ་ལ་དྲན་ཤེས་ཀྱི་སྒོ་སྲུང་བསྡད་ལ་ངོ་བོ་སྐྱོང་བ་ནི། རྣམ་གཡེང་ཇག་འཁྱམས་དབང་དུ་མ་ཤོར་བར། །དྲན་ཤེས་ལྡན་པ་སྒོ་ས་སྡོད་ལ་སྲུང་། བརྩོན་འགྲུས་བརྟན་པོས་ཐུན་བཞིའི་དམ་བཅའ་དགོས། །ཡང་རབ་རྣམས་ལ་འདི་ལྟར་མི་དགོས་མདོ། །བདག་འདྲའི་ལས་ཅན་རྣམས་ལ་གནད་དུ་ཆེ། །གསུམ་པ་རང་བབས་སུ་ལྷོད་པ་ལ་གསུམ་སྟེ། དང་པོ་ནི། གོམས་པའི་རང་མལ་ལྷོད་ལ་འཇོག་པ་ནི། དེ་ལྟར་གོམས་པས་མ་བསྒོམས་རང་ཤུགས་ཀྱིས། །རྩོལ་མེད་ཉམས་རྟོགས་ཆུ་བོའི་རྒྱུན་བཞིན་དུ། །གནས་པ་འདི་ཉིད་རང་བབས་ཤིག་གེ་བ། །ལུས་སེམས་མ་བཅོས་རང་སར་ལྷོད་ལ་ཞོག །སྣང་བ་གང་ཤར་

(༩)རང་སར་ཐོངས་ལ་སྐྱོང་། །གཉིས་པ་ལྟ་བ་གསུམ་བྲལ་ཆོས་སྐུའི་རང་ངོ་འཇོག་པ་ནི། རང་བྱུང་རིག་པའི་ངང་ལ་ཡེ་བབས་སུ། །མ་བཅོས་འོད་གསལ་གཉུག་མའི་རང་ངོར་ལྟོས། །ཡང་ཡང་བལྟས་ན་བལྟ་རྒྱུ་མེད་པ་མཐོང་། །བལྟ་བྱ་བྲལ་བ་ལྟ་བའི་རང་གདངས་གནས། །བལྟ་མེད་བལྟ་བ་ཆོས་སྐུའི་རང་ངོ་ཡིན། །གསུམ་པ་དུས་རྒྱུན་ནམ་མཁའ་ཟུང་འཇུག་གི་ཀློང་དུ་འཇོག་པ་ནི། གདོད་ནས་སྐྱེ་མེད་ནམ་མཁའ་ལྟ་བུའི་ངང་། །རིག་པའི་རང་རྩལ་མ་འགགས་ས་ལེ་བ། །འགྱུ་འཕྲིག་རྟོག་པས་སྔོན་རྗེས་མི་མཐུད་པར། །ཡངས་བ་ལྷོད་ལ་ནམ་མཁའ་ལྟ་བུར་ཞོག །དགོངས་པ་ཀློང་དུ་མ་གྱུར་བར་དུ་གནད། །གཉིས་པ་གྲོལ་འཁྲུལ་གྱི་རང་བཞིན་བྱེ་བྲག་བསྟན་པ་ལ་གསུམ། འཁོར་འདས་གྲོལ་འཁྲུལ་གྱི་མདོ་འགག་བཤད་པ། འཁྲུལ་ཚུལ་བཤད་པ། འཁྲུལ་བ་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་

(༡༠)པའོ། དང་པོ་འཁོར་འདས་གྲོལ་འཁྲུལགྱི་མདོ་འགགས་བཤད་པ་ནི། གཞི་ཡི་ངོ་བོ་གྲོལ་འཁྲུལ་གཉིས་མེད་ཀྱང་། །གཞི་སྣང་ཤར་ཚེ་གྲོལ་འཁྲུལ་གཉིས་སུ་གྱེས། །རང་ངོ་ཤེས་པས་གདོད་མའི་གཞི་ཐོག་གྲོལ། །འཁོར་འདས་གཉིས་ཀྱི་སྟོན་པ་དེ་ནས་བྱུང་། །གདོད་མའི་མགོན་པོ་ཞེས་བྱའི་མཚན་གྲགས་སོ། །རང་ངོ་མ་ཤེས་འཁྲུལ་བའི་འཁོར་བར་འཁྱམས། །འགྲོ་དྲུག་སྐྱེ་གནས་བཞི་པོ་དེ་ནས་བྱུང་། །གཉིས་པ་འཁྲུལ་ཚུལ་བཤད་པ་ལ་གཉིས། །དང་པོ་གཞི་གདངས་རླུང་གི་གཡོས་ནས་འཁྲུལ་ཚུལ་ནི། འདི་ཡི་འཁྲུལ་ཚུལ་ཅུང་ཟད་བཤད་པ་ནི། །འཁོར་འདས་གཉིས་མེད་ཀུན་གྱིས་ཡར་སྔོན་ལ། །གདོད་མའི་སྤྱི་གཞི་ཁྱབ་གདལ་འཁོར་ཡུག་གཅིག །གནས་པའི་ཚེ་ན་གཞི་གདངས་རླུང་གིས་གཡོས། །ནང་གསལ་རིག་པ་གཞི་སྣང་ཕྱི་ལ་ཤར། །ལྷན་སྐྱེས་མ་རིག་པ་ཡི་

(༡༡)རྒྱུ་བྱས་ཏེ། །གཞི་སྣང་རིག་པ་སྐྱ་རིང་སྤྲིན་འཐིབ་ལྟར། ཀུན་བཏགས་མ་རིག་པ་ཡི་སྐྱེན་བྱས་པས། །དང་པོ་ང་ཞེས་བདག་དང་འདི་ཞེས་འབྱུང་། གནས་དོན་ལུས་ཀྱི་བག་ཆགས་རིམ་གྱིས་བགོས། འཁྲུལ་སྣང་བདེ་སྡུག་སྣ་ཚོགས་སྐར་ལྟར་བཀྲ། །གཉིས་པ་དཔེ་དོན་གྱིས་འཁོར་མཐའ་ཐུག་མེད་དུ་བཤད་པ་ནི། དཔེར་ན་འཁོར་མཚོ་རྒྱ་ཆེ་གཏིང་མཐའ་མེད། །དགེ་སྡིག་ལས་ཀྱི་གཟུགས་བརྙན་རྟག་ཏུ་འཆར། །ཀུན་རྟོག་འཁྲུལ་བའི་རྦ་རླབས་བགྲང་ལས་འདས། །རྗེས་དེད་ཚེ་ན་འཁྲུལ་མཐའ་ཐུག་པ་མེད། །དོན་ལ་རིག་དང་མ་རིག་གཉིས་ཀྱི་དབྱེ། །གསུམ་པ་འཁྲུལ་པ་གཞི་མེད་རྩ་བྲལ་དུ་གཏན་ལ་དབབ་པ་གསུམ། འཁྲུལ་སྣང་རང་སར་གྲོལ་བའི་རང་བྱུང་ཡེ་ཤེས་ཆེན་པོས་རང་ངོ་སྐྱོང་ཚུལ། ཨ་ཏི་ཡོ་ག་ཆེན་པོས་གཤིས་ཀྱི་བཞུགས་ཚུལ། སྣང་གྲག་བ་རིག་གསུམ་གཉིས་མེད་མཉམ་ཉིད་ཆེན་པོའི་ཀློང་ལས་མི་གཡོ་

(༡༢)ཚུལ་དང་གསུམ་ལས། དང་པོ་རང་བྱུང་ཡེ་ཤེས་ཆེན་པོའི་རང་ངོ་སྐྱོང་ཚུལ་ལ་བཞི། རིག་པའི་རང་གཤིས་སྐྱོང་ཚུལ། ཕྱག་རྫོགས་དབུ་གསུམ་ལུགས་ཀྱི་ལྟ་བའི་དོན་གནད་གཅིག་ཏུ་བསྟན་པ། འཁྲུལ་སྣང་ཐམས་ཅད་གཞི་རྩ་དང་བྲལ་བར་བསྟན་པ། །མ་བཅོས་རབ་བབས་ཀྱི་སྟེང་དུ་ལྟ་བའི་དོན་གནད་འདུ་ཚུལ་ལོ། །དང་པོ་རིག་པ་རང་གཤིས་སྐྱོང་ཚུལ་ལ་བཞི། དང་པོ་རིག་པའི་གཤིས་ལ་བདེ་སྡུག་དང་བྲལ་བར་བསྟན་པ་ནི། འཁོར་འདས་ཡོངས་ཁྱབ་བདེ་སྡུག་གྲངས་ལས་འདས་རིག་པའི་གཤིས་ལ་སྦྱར་ན་གང་ཡང་མེད། །གཉིས་པ་ཤར་གནས་གྲོལ་གསུམ་གྱི་ཀློང་ཏུ་བསྟན་པ་ནི། འདི་ལྟར་བདེ་སྡུག་སྣ་ཚོགས་ཅི་ཤར་ཡང་། །དང་པོ་ཤར་ཡང་རིག་པའི་ཀློང་ནས་ཤར། །བར་དུ་གནས་ཀྱང་རིག་པའི་ཀློང་དུ་གནས། །ཐ་མ་གྲོལ་ཡང་རིག་པའི་ཀློང་དུ་གྲོལ་། རིག་པའི་ངོ་ལ་ཤར་གནས་གྲོལ་གསུམ་མེད། །གསུམ་པ་ཡུལ་ལྔའི་རྟོག་ཚོགས་རིག་པའི་རང་གཤིས་སུ་གྲོལ་ཚུལ་ནི། །

(༡༣)ལྔའི་རྗེས་སུ་དབང་ལྡས་སྤྱོད་པའི་ཚེ། །མ་ཡེང་དྲན་པས་ཟུངས་ལ་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་རྟོག་པ་ཡུལ་མེད་པ། །དེ་ཡི་ངང་ལ་རང་སེམས་ལྷོད་ལ་ཞོག །བཞི་པ་མཁས་གྲུབ་ཡོངས་ཀྱི་དགོངས་པ་རིག་པ་གཅིག་གི་སྟེང་དུ་ཐག་བཅད་པ་ནི། སེམས་ཉིད་སྟོང་གསལ་མ་འགགས་ས་ལེ་བ། འོད་གསལ་རྫོགས་པ་ཆེན་པོ་འདི་ཉིད་ཡིན། །མཁས་པ་བརྒྱ་དང་གྲུབ་པ་སྟོང་གིས་ཀྱང་། །བསྒྲོ་གླེང་བྱས་ནས་ཞལ་བསྡུར་བྱས་ན་ཡང་། །འདི་ལས་གཞན་མེད་བློ་ཐག་རྦད་ཀྱིས་ཆོད། །གཉིས་པ་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བའི་དོན་གནད་གཅིག་ཏུ་བསྟན་པ་ལ་གསུམ། །དང་པོ་གྲུབ་མཐའི་མིང་གི་རྣམ་གྲངས་བརྗོད་པ་ནི། འདི་ལ་མིང་གི་རྣམ་གྲངས་ཐ་དད་བཏགས། མཐའ་བཞི་ལས་གྲོལ་དབུ་མ་ཆེན་པོ་ཟེར། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཟེར། །སྤྲོས་བྲལ་ཀློང་ཡངས་ཕྱག་རྒྱ་

(༡༤)ཆེན་པོ་ཟེར། །འགྲོ་དྲུག་ཁམས་ལ་བདེ་གཤེགས་སྙིང་པོས་ཁྱབ། །རང་བཞིན་གནས་ལ་རྫོགས་པ་ཆེན་པོར་གྲགས། །གཉིས་པ་དོན་རྟོགས་ན་འབྲས་བུ་རང་ཆས་སུ་ཡོད་པར་བསྟན་པ་ནི། འདི་དོན་རྟོགས་ན་སྐུ་གསུམ་རང་ལ་གནས། །ངོ་བོ་སྟོང་པ་ཆོས་སྐུའི་ངོ་བོ་ཡིན། །རང་བཞིན་གསལ་བ་ལོངས་སྐུའི་རང་གདངས་ཡིན། ཐུགས་རྗེ་འགགས་མེད་སྣ་ཚོགས་སྤྲུལ་པའི་སྐུ། །ཇི་ལྟར་འོད་རྣམས་ཉི་མར་འདུས་པ་ལྟར། །གསུམ་པ་དོན་མེད་ཤེས་པར་འཁྲུལ་བས་དུབ་པ་རྣམས་ལ་རིག་པའི་ཀློང་དུ་ངལ་གསོ་བསྐུལ་བ་ནི། དེ་བཞིན་སྐུ་གསུམ་སེམས་ཉིད་ངོ་ལ་གནས། །འདི་དོན་མ་རྟོགས་བླང་དོར་དགག་སྒྲུབ་བྱས། །འགྲོ་དྲུག་གནས་སུ་བུམ་ནང་བུང་བཞིན་འཁོར། །ཉིན་མཚན་རིས་མེད་དུ་བས་རྟག་ཏུ་མནར། །འཁྲུལ་བའི་སེམས་ཉིད་དབྱིངས་རིག་སྟོང་གསལ་

(༡༥)ངང་། །ཧྲིག་གེར་ཞོག་ལ་ཅུང་ཟད་ངལ་གསོས་ཤིག །གསུམ་པ་འཁྲུལ་སྣང་ཐམས་ཅད་བཞི་རྩ་དང་བྲལ་བར་བསྟན་པ་ལ་གསུམ། །དང་པོ་རྨི་ལམ་གྱི་དཔེའི་འཁྲུལ་སྣང་བདེན་མེད་དུ་གཏན་ལ་ཕབ་པ་ནི། འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །གཉིད་ཀྱི་སྐབས་སུ་རྨི་ལམ་སྣང་བ་བཞིན། །བདེ་སྡུག་སྣ་ཚོགས་ཀུན་རྟོག་ཅི་ཤར་ཡང་། །མ་སད་བར་དུ་བདེན་ཡོད་ལྟར་སྣང་ཡང་སད་པའི་དུས་ན་འཁྲུལ་བར་ངོ་ཤེས་ཏེ། །རྨི་ལམ་སྣང་བ་བདེན་མེད་རང་སར་ཞིག །དེ་བཞིན་འཁོར་འདས་བཟང་ངན་གང་ཤར་ཡང་། །འཁྲུལ་སྣང་མ་སད་བར་དུ་བདེན་ཡོད་ལྟར། །དགེ་སྡིག་གཟུགས་བརྙན་རི་མོས་རྗེས་སུ་འབྲང་། །བདེ་སྡུག་འགྲོ་ལྔའི་གནས་སུ་འཕང་བཞིན་འཁོར། །འཁྲུལ་སྣང་རང་ངོ་ཤེས་པའི་སྐད་ཅིག་ལ། །ཀུན་རྟོག་འཁྲུལ་བའི་འཁོར་

(༡༦)ལོ་རྒྱུན་ཆད་དེ། །གཟུགས་བརྙན་རི་མོ་རིག་པའི་ཀློང་དུ་ཞིག །གཉིས་པ་ཆབ་རོམ་གྱི་དཔེའི་འཁྲུལ་སྣང་རང་གྲོལ་དུ་བསྟན་པ་ནི། ཇི་ལྟར་རྒྱ་མཚོ་ཆུ་ཡི་རང་བཞིན་ལ། འབྱུང་བའི་ཁམས་ཀྱི་གྲང་རེག་ངར་བའི་དུས། །ཆུ་ནི་མི་སྣང་ཆབ་རོམ་ཉིད་དུ་འགྱུར། །འཁྱག་མཁན་གཞན་མེད་འབྱུང་བའི་ཤུགས་ལས་གྲུབ། །སོས་གསུམ་ཉི་མའི་དྲོད་སྟོབས་རྒྱས་པའི་ཚེ། །དྲོད་མཁན་གཞན་མེད་ཆབ་རྣམས་ཆུར་འགྱུར་ལྟར། །དེ་བཞིན་དུག་ལྔའི་རང་སྟོབས་རྒྱས་པའི་ཚེ། །སུས་ཀྱང་མ་བཅིང་འཁོར་བའི་རང་བཞིན་འཆིང་། །རང་བྱུང་ཡེ་ཤེས་རྟོགས་པའི་དུས་ཉིད་ལ། །སུས་ཀྱང་མ་གྲོལ་འཁོར་བའི་གཞི་རྩ་གྲོལ། །གསུམ་པ་སྤྲིན་རུམ་གྱི་དཔེའི་རིག་པའི་རང་གི་ཤེས་ལ་དྲི་མས་མ་གོས་པར་བསྟན་པ་ནི། ཇི་ལྟར་ཉི་མའི་སྤྲིན་གྱིས་སྒྲིབ་སྣང་ཤར། །ཉི་མའི་རང་ངོ་སྒྲིབ་པ་རྡུལ་

(༡༧)ཙམ་མེད། །དེ་བཞིན་གློ་བུར་དྲི་མས་སྒྲིབ་པར་སྣང་། །རིག་པའི་རང་ངོ་དྲི་མས་གོས་མ་མྱོང་། གློ་བུར་རྟོག་ཚོགས་བདེན་མེད་སྒྱུ་མ་བཞིན། །འཁྲུལ་རྟོག་སྤྲིན་རུམ་ནམ་མཁའི་དབྱིངས་སུ་ཞིག །བཞི་པ་མ་བཅོས་རང་བབས་ཀྱི་སྟེང་དུ་ལྟ་བའི་དོན་གནད་འདུ་ཚུལ་ལ་གཉིས། དང་པོ་རིག་པ་རང་བབས་གཤེས་ཀྱི་བཞུགས་ཚུལ་བསྟན་པ་ནི། སྟོང་གསལ་མཁའ་ལྟར་དག་པའི་རིག་པ་ལ། །ཡོད་མེད་ཕྱོགས་མཐར་ཞེན་པའི་དམིགས་གཏད་བྲལ། །བཟང་ངན་རྟོག་པའི་ཕྱོགས་སུ་མ་ལྷུང་བ། སྨྲ་བསམ་བརྗོད་ལས་འདས་པ་གདོད་མའི་གཤིས། །རྣམ་རྟོག་འཁྲུལ་པས་མ་བཅིང་རང་སར་གྲོལ། །ཀུན་རྫོབ་སྤྲོས་པའི་ཡིད་སྤྱོད་སྦུབས་ལས་གྲོལ། །མ་བཅོས་མཉམ་ཉིད་ཁྱབ་གདལ་ནམ་མཁའི་ཀློང་། གཞི་མེད་རྩ་བྲལ་འཁོར་འདས་དབྱེར་མེད་གནས། །སྤང་བླང་བྱེད་པའི་གཉེན་པོ་

(༡༨)རང་སར་ཞི། །དུས་གསུམ་རྟོག་པ་མས་མ་བསླད་སོ་མའི་ངང་། །ཆུ་དང་རིག་པ་རང་སར་བཞག་ན་དྭངས། །གཉིས་པ་དེ་བཅོས་བསླད་རྩོལ་སྒྲུབ་ལས་འདས་དགོས་པར་བསྟན་པ་ནི། དཔེར་ན་སྣོད་ཆུ་རྡུལ་གྱིས་རྙོག་པའི་ཚེ། །འཕྱར་དཀྲུག་དབྱུགས་པས་འབད་པ་བརྒྱ་བྱས་ཀྱང་། །ཆུ་ནི་མི་སྣང་རྡུལ་གྱི་ཕུང་པོར་འགྱུར། །རང་སར་བཞག་ན་རང་དྭངས་གསལ་བ་ལྟར། །དེ་བཞིན་ཆོས་ཉིད་བདེ་གཤེགས་སྙིང་པོའི་དོན། །འཚལ་བས་མི་རྙེད་འབད་པས་མཐོང་མི་འགྱུར། །ལུས་ངག་ཡིད་ཀྱི་བྱ་བ་ཕྱམ་གྱིས་ཞོག །རང་གཤིས་ལྷོད་ལ་ཞོག་དང་ངང་གིས་གསལ། ཁ་བཤད་ཚིག་གིས་བརྗོད་པའི་སྤྱོད་ཡུལ་མིན། །སེམས་ཀྱི་རང་བཞིན་འོད་གསལ་རྒྱ་དང་བྲལ། རིག་རྩལ་འགགས་མེད་རོལ་མ་སྣ་ཚོགས་འཆར། །རང་བཞིན་རྣམ་དག་དམིགས་པའི་མཐའ་དང་བྲལ། །ཆོས་དབྱིངས་ཀློང་

(༡༩)དུ་དབྱེར་མེད་གཅིག་ཏུ་གྱུར། །གོང་གི་གཉིས་པ་ཨ་ཏི་ཡོ་ག་ཆེན་པོས་གཤིས་ཀྱི་བཞུགས་ཚུལ་བསྟན་པ་ལ་བདུན། དང་པོ་འཁོར་འདས་ཆོས་དབྱིངས་ཀློང་དུ་ཡེངས་སུ་བསྟན་པ་ནི། སྐྱེ་འཇིག་གཉིས་མེད་གདོད་མའི་ཀློང་དུ་གཅིག །གཞི་ལམ་འབྲས་གསུམ་རིག་པའི་ཀློང་དུ་གཅིག །འཁོར་འདས་དབྱེར་མེད་ཆོས་དབྱིངས་ཀློང་དུ་གཅིག །ཕྱམས་གཅིག་རང་གྲོལ་དགོངས་པ་ཡེ་སངས་རྒྱས། མདོ་མེད་ཨ་ཁུ་སྨྱོན་པས་དེ་སྐད་དོ། །གཉིས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ཀློང་དུ་འབུབས་ཆུབ་པ་ནི། སེམས་ཉིད་སྟོང་གསལ་འགྱུར་མེད་ཆོས་དབྱིངས་ཀློང་། །འཁོར་འདས་ཡོངས་ཁྱབ་སྣོད་བཅུད་བདེ་སྡུག་ཀློང་། །རོལ་པ་ངེས་མེད་ཆོ་འཕྲུལ་སྣ་ཚོགས་ཀློང་། །ཐམས་ཅད་འུབ་ཆུབ་རིག་པའི་ཀློང་དུ་འདུས། གསུམ་པ་གདོད་མའི་རང་ངོ་དག་པར་བཤད་པ་ནི། གདོད་མའི་སེམས་ཀྱི་ངས་ལུགས་སྤྲོས་མཐའ་བྲལ། །ཡོད་མེད་གཉིས་འཛིན་གྲུབ་

(༢༠)མཐའི་གཟེབ་ལས་གྲོལ། །བདེན་རྫུན་དབྱེ་བའི་དགག་སྒྲུབ་བྱེད་དོན་མེད། །རིག་པའི་རང་གཤིས་ངང་ལ་ཡེ་བབས་སུ། །སྨྲ་བསམ་སྤྲོ་བསྡུ་བྲལ་བའི་རང་བཞིན་ཉིད། །ངོ་བོ་རྣམ་དག་རང་གཤིས་འཁྲུལ་བ་བྲལ། །བཞི་པ་རྗེས་མེད་ཆོས་སྐུའི་རོལ་པ་ཡེ་ཤར་གྱི་གྲོལ་ས་བསྟན་པ་ནི། མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །རང་རིག་ཆོས་དབྱིངས་དང་ལས་གཡོས་པ་མེད། །འགྱུ་འཕྲིག་རྟོག་ཚོགས་སྣང་བ་ཅི་ཤར་ཡང་། །ངོས་ཟིན་གནད་ལ་རྗེས་མཐུད་མེད་པར་ཞོག །འགྱུ་བ་རྗེས་མེད་འགྲོ་བ་ཆོས་སྐུ་དངོས། །དེ་ལས་གཞན་དུ་བཙལ་བས་རྙེད་མི་འགྱུར། །འདི་ལྟར་སྣང་བའི་ཆོས་རྣམས་ཡོད་དོ་ཅོག །རྩལ་ལས་རོལ་བར་ཤར་བ་ངོས་བཟུང་ལ། །སྤང་བླང་མེད་པར་སོ་མའི་ངང་དུ་བཞག །རྗེས་མེད་ཙམ་ལ་གྲོལ་ཞེས་བརྗོད་པ་ཡིན། །ལྔ་པ་སྣང་སྲིད་ཡེ་མཉམ་ཆོས་དབྱིངས་མཉམ་ཉིད་དུ་བསྟན་པ་ནི།

(༢༡)སྣང་མཉམ་སྟོང་མཉམ་ཟུང་འཇུག་ཀློང་དུ་མཉམ། །ཡོད་མཉམ་མེད་མཉམ་གཉིས་མེད་ཀློང་དུ་མཉམ། །བདེན་མཉམ་རྫུན་མཉན་ཀུན་རྫོབ་ཀློང་དུ་མཉམ། །ཀུན་རྫོབ་དོན་དམ་གཉིས་མེད་ཀློང་དུ་མཉམ། འཁོར་འདས་མཉམ་ཉིད་རིག་པའི་ཀློང་དུ་མཉམ། །ཐམས་ཅད་ཡེ་མཉམ་ཆོས་དབྱིངས་ཀློང་དུ་མཉམ། ཨ་ཏི་ཡོ་ག་རོ་མཉམ་ཆེན་པོ་ཟེར། །དྲུག་པ་གཉིས་སྣང་གི་ཆོས་ཐམས་ཅད་ཀུན་མཉམ་རིག་པའི་ཀློང་དུ་གཟེར་བརྡབ་པ་ནི། ལྷ་སྤྱོད་དམ་ཚིག་དབང་དང་དཀྱིལ་འཁོར་སོགས། །ཀུན་མཉམ་གདོད་མའི་དབྱིངས་ལ་མཉམ་པར་བརྡལ། །ཀུན་བཟང་གདོད་མ་སྤྱི་ཡི་གནས་ལུགས་ཡིན། །ཡང་ཟབ་དགོངས་པའི་གནད་ཀྱི་གཟེར་བཏབ་པས། །ཐིག་ལེ་ཉག་གཅིག་དབང་པོའི་མངོན་སུམ་དུ། །རིག་པའི་གཤིས་ལ་ཇི་ལྟར་གནས་པ་སྟོན། །སེམས་ཅན་

(༢༢)སངས་རྒྱས་ཀྱང་འགྱོད་པ་མེད། །འགྲོ་དྲུག་སེམས་ཅན་ཡེ་ནས་སངས་རྒྱས་ངེས། །དུས་གསུམ་སངས་རྒྱས་གྲོལ་ཡང་ངོ་མཚར་མེད། །རང་བྱུང་རིག་པ་ཡེ་ནས་གྲོལ་བར་ངེས། །བདུན་པ་ཡིད་ཆེས་མན་ངག་ལ་ལུང་གི་གནད་སྒོ་བསྟན་པ་ནི། ཡང་གསང་སྙིང་ཐིག་གདམ་པའི་མན་ངག་ཡིན། །དགའ་རབ་རྡོ་རྗེའི་ཞལ་ཆེམས་གནད་གསུམ་ཡིན། །ཀློང་ཆེན་དགོངས་པའི་སྙན་རྒྱུད་ཞལ་ཕྱེས་ལས། །དྲིན་ཆེན་བླ་མའི་ཉམས་ཁྲིད་ལུགས་བཞིན་དུ། །ཚིག་ཟིན་མདོར་བསྡུས་གང་དྲན་བྲིས་པ་ཡིན། །ད་ནི་གོང་གི་སྣང་གྲངས་རིག་གསུམ་གཉིས་མེད་མཉམ་ཉིད་ཆེན་པོའི་ཀློང་ལས་མི་གཡོ་ཚུལ་བསྟན་པ་ལ་གསུམ། དང་པོ་དག་པ་དཀྱིལ་འཁོར་རྣམ་གསུམ་རིག་ཀློང་དུ་མཉམ་པར་བརྡལ་བ་ནི། རིག་པ་མཁའ་ལྟར་དག་པའི་བལྟ་བ་ལ། །གང་ཤར་ངང་ལ་ཡངས་པ་ཁྲོལ་ལེ་ཞོག །ཡུལ་ལ་ཞེན་པའི་འཛིན་པ་ཀུན་དག་ནས།

(༢༣)གང་ཤར་དག་པ་ལྷ་ཡི་དཀྱིལ་འཁོར་གསལ། །རང་བཞིན་མཉམ་པ་རིག་པའི་ཀློང་དུ་ཞིག །གྲགས་པ་ཐམས་ཅད་ཆོས་ཉིད་རང་སྒྲ་སྒྲོགས། །གྲགས་སྟོང་སྐྱེ་མེད་རིག་པའི་ཀློང་དུ་ཞིག །འགྱུ་རིག་དྲན་རྟོག་ཆོས་སྐུའི་རོལ་བར་ཤར། །ཤར་གྲོལ་རིས་མེད་གཞི་ཀློང་གཅིག་ཏུ་གྱུར། །སྣང་གྲགས་རིག་གནས་དཀྱིལ་འཁོར་གཅིག་གི་ངང་། །སྣང་སྲིད་དག་པ་སྣོད་བཅུད་མཉམ་པ་ཉིད། །གཉིས་པ་ཆོས་ཐམས་ཅད་དོན་དམ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལས་མི་འདའ་བར་བསྟན་པ་ནི། ཆོས་ཀུན་བྱང་ཆུབ་སེམས་སུ་མ་རོལ་བའི། །བཟང་ངན་རྟོག་པའི་ཆོས་ཞིག་ལོག་ན་མེད། །ལྟ་བའི་རྒྱལ་པོ་ས་ཏིག་རྫོགས་པ་ཆེ། །ཐིག་ལེ་ཉག་གཅིག་འཁོར་འདས་དབྱེར་མེད་བསྟན། །གྲོལ་འཁྲུལ་གཉིས་མེད་རིག་པའི་རང་ངོ་བསྟན། །གསུམ་པ་འདི་ལྟར་རྟོགས་ན་འཁོར་འདས་ཡེ་གྲོལ་ཀྱི་ལྟ་བ་ཡིན་པར་བཤད་

(༢༤)པ་ནི། གནད་འདི་ཇི་བཞིན་རྟོགས་པའི་རྣལ་འབྱོར་པའི། །རིག་པ་ཐོད་རྒལ་ཀུན་སྤྱོད་ངེས་མེད་གྲོལ། །འཁོར་བ་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །འདས་པ་ཡེ་གྲོལ་གྲོལ་གཞི་མེད་པར་གྲོལ། །ས་ལམ་ཡེ་གྲོལ་སྤང་ཐོབ་བྲལ་བར་གྱུར། ད་ཅི་གོང་གི་དོན་གྱི། འབྲས་བུ་བཤད་པ་ལ་གཉིས། སྐྱེ་འཆི་བར་དོ་གསུམ་གང་རུང་དུ་གྲོལ་ཚུལ་དང་། གྲོལ་ནས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གཟུགས་སྐུའི་འགྲོ་དོན་མཛད་ཚུལ་ལ། དང་པོ་གྲོལ་ཚུལ་ལ་གཉིས་ལས། རབ་ཚེ་འདིར་གྲོལ་ཚུལ་དང་། འབྲིང་དང་ཐ་མ་འཆི་ཁ་དང་བར་དོར་གྲོལ་ཚུལ་ལོ། །དང་པོ་རབ་ཚེ་འདིར་གྲོལ་ཚུལ་ནི། འཁོར་འདས་ཡོངས་གྲོལ་རྫོགས་པ་ཆེན་པོའི་ས། །ཡོངས་གྲོལ་ཀ་དག་དགོངས་པའི་གནད་བཟུང་ནས། །ཉིད་མཚན་འོད་གསལ་དབྱིངས་ལས་མ་གཡོས་བཞིན། །སྣང་བཞི་མཐར་ཕྱིན་གདོད་མའི་མཁའ་དབྱིངས་སུ། །ཚེ་འདི་

(༢༥)ཉིད་ལ་གཏན་སྲིད་ཟིན་པར་ངེས། །གཉིས་པ་འབྲིང་ཐ་གཉིས་འཆི་ཁ་དང་བར་དོར་གྲོལ་ཚུལ་ལ་གསུམ། དང་པོ་གཞིའི་འོད་གསལ་ཤར་ཚེ་གྲོལ་ཚུལ་ནི། ནམ་ཞིག་གདོས་བཅས་ལུས་རྒྱ་རལ་བའི་དུས། །དཀར་དམར་ནག་གསུམ་སྣང་བ་རིམ་མཆེད་ནས། །ཐོབ་མཐར་བརྒྱལ་བས་ཀུན་གཞིའི་ཀློང་དུ་གནས། །བརྒྱལ་སངས་དུས་ན་གདོད་མའི་ཡེ་གདངས་ཤར། །སྟོན་གྱི་མཁའ་ལ་སྐྱོན་གསུམ་བྲལ་བ་བཞིན། མཐའ་དབུས་བྲལ་བའི་སྟོང་གསལ་རང་གདངས་མངོན། །སྔར་འདྲིས་གདངས་ཐོབ་གཞི་སྣང་དབྱིངས་ལ་ཐིམ། །ནང་དབྱིངས་བུམ་སྐུ་ཀུན་བཟང་དགོངས་ཀློང་གྲོལ། །གཉིས་པ་འཆི་ཁའི་མན་ངག་ཟབ་མོ་ལ་བརྟེན་ནས་ནང་དབྱིངས་རིག་པ་ཕྱི་ལ་གྲོལ་ཚུལ་ནི། འཆི་བ་འོད་གསལ་ཀ་དག་ཆོས་སྐུའི་ས། །གྲོལ་ས་གཅིག་ལ་གྲོལ་ལུགས་མི་འདྲ་བའི། ནང་

(༢༦)དབྱིངས་རིག་པ་ཕྱི་ལ་གྲོལ་ཚུལ་ནི། །སྟོང་གསལ་རིག་པ་མིག་ནས་དབྱིངས་ལ་འཕོ། །དབྱིངས་རིག་བལྟས་ནས་དུས་བྱས་འདའ་བ་ན། །ཕྱི་དབྱིངས་ཁྱབ་གདལ་འགྱུར་མེད་ནམ་མཁའི་ཀློང་། ནང་དབྱིངས་འོད་གསལ་རིག་པ་བྱང་ཆུབ་སེམས་ཆོས་དབྱིངས་མ་ལ་རིག་པ་བུ་རུ་བཞེད། །དབྱིངས་རིག་འདྲེས་ཚེ་མ་བུ་འདྲེས་ཞེས་བརྗོད། །རིག་པ་འོད་གསལ་སྟོང་པའི་དབྱིངས་སུ་གྲོལ། །དབྱིངས་རིག་གཉིས་མེད་གདོད་མའི་མགོན་པོ་དངོས། །འདི་ནི་མན་ངག་ལུགས་ཡིན་དེང་སྐབས་བཤད། ཀློང་བྱམས་རྣམ་གཉིས་དགོངས་མཐུན་བྲིས་པ་ཡིན། །གསུམ་པ་ཕྱི་གསལ་ཤེས་པ་ནང་དུ་ལྡོག་ནས་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲོལ་ཚུལ་ནི། །ཀ་དག་གཞི་སྣང་འོད་གསལ་ཐིམ་པའི་ཚེ། ཡེ་ཤེས་རྣམ་ལྔའི་འོད་གདངས་ཕྱི་ལ་ཤར། །ལྷུན་གྲུབ་སྣང་ཆ་མ་འདྲེས་སོ་སོར་

(༢༧)གསལ། །ལྔ་ལྡན་ཚོམ་བུ་དྲུག་ཕྲག་རང་འཁོར་བཅས། །སྐུ་དང་ཞིང་ཁམས་སྣང་བས་ཕྱོགས་ཀུན་ཁྱབ། རང་སྣང་རང་ཤར་ཤེས་པའི་སྐད་གཅིག་ལ། །མ་པང་བུ་འཇུག་ལྟ་བུར་གྲོལ་ནས་ཀྱང་། །གཉིས་པ་གྲོལ་ནས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་གཟུགས་སྐུའི་འགྲོ་དོན་མཛད་ཚུལ་ནི། གདོད་མའི་དབྱིངས་སུ་མངོན་སངས་རྒྱས་ནའང་། །གདུལ་བྱའི་ཆུ་སྣོད་ཇི་སྙེད་མཆིས་པའི་ནང་། །འདུལ་བྱེད་སྤྲུལ་བཟླ་གཟུགས་ཤར་བ་བཞིན། །འགྲོ་སྒྲོལ་བར་དུ་གང་འདུལ་དེ་སྟོན་མཛད། །གདུལ་བྱ་མེད་ཚེ་གདུལ་བྱེད་དབྱིངས་སུ་ནུབ། །འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་སུ། །སྟོན་པ་རང་བྱུང་འཁོར་ནི་རང་ལས་སྣང་། སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ། །འཕྲིན་ལས་ལྔ་སོགས་ཉི་ཤུ་རྩ་ལྔ་རྣམས། །མ་འདྲེས་མཁའ་ལ་འཇའ་ཚོན་ཤར་བ་

(༢༨)ལྟར། །འཕེལ་འགྲིབ་མེད་པར་དུས་ཀུན་རྟག་ཏུ་བཞུགས། །འབྲས་བུ་རང་གཞན་དོན་གཉིས་ལྷུན་གྱི་གྲུབ། ཀ་དག་དོན་གྱི་འབྲས་བུ་འདི་ཡིན་ཏེ། རིག་པའི་རང་བཞིན་སེམས་ཉིད་འདུས་མ་བྱས། །སྟོང་གསལ་ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །འགྲོ་དྲུག་གནས་སུ་མཁྱེན་ཆ་འགགས་མེད་གསལ། །ཆོས་དབྱིངས་ངང་ལས་ཆོས་ཅན་གཟིགས་པ་ཙམ། །དབྱིངས་ཀྱི་ངང་ཤར་དབྱིངས་ཀྱི་ངང་ལ་གནས། །ཐ་མ་དབྱིངས་ཀྱི་ངང་ལ་གྲོལ་བར་འགྱུར། གདོད་མའི་དབྱིངས་སུ་ཐིག་ལེ་གཅིག་ཏུ་གྱུར། ད་ནི་གོང་གི་ཐ་མར་དགེ་བ་མཇུག་གི་དོན་ལ་བདུན། །དང་པོ་དེ་ལྟར་བརྩམ་པའི་དགེ་བ་བསྔོ་ཚུལ་ནི། དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །རང་བཞིན་འོད་གསལ་སྙིང་པོའི་དོན་རྟོགས་ཏེ། མ་ལུས་འབད་མེད་སྐུ་གསུམ་མངོན་གྱུར་ནས་

(༢༩)ཕྱམས་གཅིག་ཀུན་བཟང་དགོངས་ཀློང་གྲོལ་བར་ཤོག །གཉིས་པ་སྐུ་གསུམ་སྣང་བ་འབྲལ་མེད་དུ་སྨིན་པ་ནི། ཀ་དག་ཆོས་སྐུ་གདོད་མའི་མཁའ་ཀློང་ནས། །ལྷུན་གྲུབ་ལོངས་སྐུའི་གཟའ་སྐར་མཁའ་ལ་བཀྲ། །གདུལ་བྱའི་ཡན་ལག་བརྒྱད་ལྡན་དངས་མཚོ་ལ། །འགགས་མེད་སྤྲུལ་སྐུའི་གཟུགས་བརྙན་འཆར་གྱུར་ཅིག །གསུམ་པ་ལུང་རྟོགས་སྣང་བའི་ཁྱབ་པར་སྨོན་པ་ནི། རྒྱལ་དབང་པདྨའི་རིང་ལུགས་སྨད་བྱུང་བའི། གསང་གསུམ་བསྟན་པའི་སྲོལ་འཛིན་ཀློང་ཆེན་པ། །ཡང་གསང་བཀའ་གཏར་མངའ་བདག་འཇིགས་མེད་གླིང་། །ལུང་རྟོགས་བསྟན་པས་ས་གསུམ་ཁྱབ་གྱུར་ཅིག །བཞི་པ་བསྟན་པ་མཐའ་རྒྱས་སུ་སྨོན་པ་ནི། སྤྱིར་རྒྱལ་བསྟན་ཡུན་རིང་གནས་གྱུར་ཅིག །དགོས་འོད་གསལ་རྫོགས་པ་ཆེན་པོ་ཡིས། །དུས་ནུབ་མེད་

(༣༠)མཁའ་ལ་ཉེ་ཤར་བཞིན། །ཕྱོགས་ཐ་གྲུ་སྣང་བས་ཁྱབ་གྱུར་ཅིག །ལྔ་པ་གསང་སྔགས་ཀྱིས་བཀའ་དང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་རྣམས་མཛད་ཕྲིན་རྒྱས་པར་ཕྲིན་ལས་བཅོལ་བ་ནི། དབྱིངས་ཀྱི་རྒྱལ་མོ་ནམ་མཁའི་རལ་གཅིག་མ། །སྐད་གཅིག་འབྲལ་མེད་བཀའ་ཡི་བྱ་ར་གྱིས། །རིག་འཛིན་གདུད་བརྒྱུད་འཛིན་པའི་སྐྱེས་བུ་ཡི། །སྐུ་ཚེས་བསྟན་ལ་མཛད་འཕྲིན་རྒྱས་པར་མཛོད། །དྲུག་པ་བསྐུལ་བའི་གང་ཟག་དང་རྩོམ་པ་པོས་མིང་སྨོས་པ་ནི། །ཅེས་པ་འདི་དམ་པའི་སྐྱེས་བུ་བན་ནག་དབོན་སྒྲུལ་གྱིས་འདི་ལྟར་འབྲི་དགོས་ཞེས། བཀྲ་ཤིས་མཚོན་པའི་སྐུ་གསུམ་དར་གྱི་རྟེན་འབྲེལ་དང་བཅས་གནང་བ་ལ་བརྟེན་ནས་དུས་མཐར་སྐྱེས་པའི་སྙོམས་ལས་པ་མ་ཏི་རས་སྤེལ་བའོ། །བདག་གི་སྔོན་སྐྱེས་བུ་དམ་པ་རྣམས་ཀྱི་མདུན་ནས་རྒྱུད་སྡེ་ཕྱི་ནང་གི་འབྲེལ་བ་དང་ཀློང་ཆེན་པའི་གསུང་སོགས་མན་ངག་གི་ཁྲིད་ཅུང་ཟད་རེ་ཐོབ་མྱོང་ཡང་ཉམས་ལེན་

(༣༡)གྱི་བརྩོན་པ་ཞན་སྟབས་རང་རྒྱང་ལ་མ་འབྱོར་བའི་དབང་གིས་བརྗེད་སྙེལ་དུ་སོང་ནས་མགོ་འཇུག་དོན་ཚང་བཟང་པོ་ཞིག་མེད་པས་དེ་ལུགས་ཐུགས་འཛིན་ཞུ། བདུན་པ་མཇུག་བཀྲ་ཤིས་པར་བརྗོད་པ་ནི། རྩ་རྒྱུད་བླ་མའི་བྱིན་རླབས་ཉི་ལྟར་ཤར། །དགོངས་རྒྱུད་རྟོགས་པ་འཕོ་བའི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཡི་བྱིན་རླབས་སྤྲིན་ལྟར་འཁྲིགས། །དངོས་གྲུབ་ཆར་རྒྱུན་འབེབས་པའི་བཀྲ་ཤིས་ཤོག །མ་དང་མཁའ་འགྲོའི་བྱིན་རླབས་གློག་ལྟར་འཁྱུག །ཆོས་མཛད་བར་ཆད་སེལ་བའི་བཀྲ་ཤིས་ཤོག །ཆོས་སྐྱོང་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །བསྟན་པ་མཐའ་དབུས་རྒྱས་པའི་བཀྲ་ཤིས་ཤོག །དགེའོ། དགེའོ། དགེའོ། །

(༣༢)ཐོད་རྒལ་བླ་རྣལ་བྱིན་རླབས་འོད་འབར་བཞུགས། །

(༣༣)ཨ་བདག་ཉིད་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་སེམས་དཔའི་སྐུ་རུ་གསལ། །མདུན་གྱི་ནམ་མཁར་འོད་ལྔའི་ཀློང་། བླ་མ་ཀུན་ཏུ་བཟང་པོ་ནི། །རྩ་གསུམ་ཀུན་འདུས་ངོ་བོར་གསལ། །ཐོད་རྒལ་སྣང་བཞིའི་ཡེ་ཤེས་ཉིད། །མྱུར་དུ་འཆར་བར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བཏབ་མཐུས། །ཀུན་ཏུ་བཟང་པོའི་གནས་གསུམ་ནས། །འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། །

(༣༤)དེས་ནང་ཐིག་ལེ་གསུམ་འབྲེལ་དང་། །ཐིག་ཕྲན་རྡོ་རྗེ་ལུ་གུ་རྒྱུད། །མཁར་ཐབས་པདྨ་སྟོང་ལྡན་དང་། །མཆོད་རྟེན་གྲི་གུག་རྒྱ་གྲམ་དང་། །ཕྱག་མཚན་འཁོར་ལོ་རྡོ་རྗེ་སོགས། །ཡིག་འབྲུ་སྣ་ཚོགས་ངེས་མེད་འཆར། །རྡོར་སེམས་ལ་སོགས་རིགས་ལྔའི་སྐུ། །རྐྱང་དང་ཡབ་ཡུམ་ཟུང་འབྲེལ་དང་། །ཚོམ་བུའི་དཀྱིལ་འཁོར་དཔག་མེད་དང་། །ཞི་བ་དང་ནི་ཁྲོ་བོའི་ཚོགས། །ལྷ་

(༣༥)ཚོགས་དཔག་མེད་རྣམས་བྱུང་ནས། །རང་གི་གནས་གསུམ་ཐམས་ཅད་དུ། །མཚོ་ལ་ཁ་བ་བབས་པ་བཞིན། །སེབ་སིབ་ཐིམ་ནས་རང་གི་ལུས། །ལྔ་ལྡན་གྱུར་ནས་འོད་ཕུང་གྱུར། །འཇའ་འོད་ཁ་དོག་ལྔ་ལྡན་དང་། །ལྷ་སྐུ་ཡིག་འབྲུ་ཕྱག་འཚན་གྱི། །གང་ནས་ཤིག་ཤིག་འགུལ་བར་བསམ། །མཐར་ནི་ཀུན་ཏུ་བཟང་པོ་ཉིད། །དགྱེས་བཞིན་སྤྱི་བོ་ནས་ཞུག་སྟེ། །སྙིང་ཁར་པད་ཟླའི་གདན་བཞུགས་ནས། །འོད་གསལ་སྣང་བཞིའི་ཡེ་ཤེས་ཉིད། །བླ་མའི་མྱུར་དུ་སྦར་བར་བསམ། །དེ་ནས་ཐོད་རྒལ་ཉིད་ལ་གཟིགས། །མི་གཡོ་གསུམ་ལྡན་ངང་ཉིད་ལས། །ཐུན་བཞིའི་རྣལ་འབྱོར་བརྩོན་བྱས་ན། །འོད་གསལ་མྱུར་དུ་འཆར་བ་སོགས། །སྣང་བཞིའི་ཡེ་ཤེས་རིམ་གྱིས་འཆར། །

(༣༦)འདི་བྲིས་དགེ་བའི་གདུལ་བྱ་ཡིས། །ཚེ་གཅིག་སངས་རྒྱས་གྲུབ་པའི་ལམ། །འོད་གསལ་ཐོད་རྒལ་བསྒོམ་པའི་ཚེ། །སྣང་བཞིའི་ཡེ་ཤེས་མཐར་ཕྱིར་ཤོག །ཅེས་པ་འདི་ནི་བསོད་ནམས་རྡོ་རྗེའི་བསྐུལ་ངོར་མ་ཏི་ས་རས་བྲིས་པ། དགེའོ། དགེའོ། དགེའོ། །སརྦ་མངྒ་ལཾ།། །།


no previousno next