Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
བསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ།next

བསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ།

བསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡ། །འདིར་བསྙེན་གནས་ཀྱི་སྡོམ་པ་ལེན་པའི་ཚུལ་ཁྱད་པར་ཕྱེ་བ་ཞིག་བརྗོད་ན། དེ་ལེན་པ་ལ་ངན་སོང་ལས་ཐར་འདོད་ཙམ་དུ་མ་ཟད། འཁོར་བ་སྤྱི་ལས་ཐར་འདོད་ཡོད་པ་ཞིག་དགོས་ཤིང་། སྡོམ་པ་འདི་ཐོག་མར་ལེན་པའི་ཚེ་སོ་ཐར་གྱི་སྡོམ་ལྡན་ཞིག་གི་མདུན་དུ་ལེན་དགོས་ལ། ཕྱིས་དུས་བཟང་གསུམ་སོགས་ལ་བསྲུང་བའི་ཚེ་ཇི་ལྟར་བྱ་བ་ནི། དེ་ཡང་སྤྱིར་གང་ཟག་གཞན་གྱི་དྲུང་དུ་ལེན་དགོས་པར་བཤད་པ་ལྟར་ཡིན་ཡང་། དེ་ལྟར་ལེན་མ་ཐུབ་པའི་དམིགས་བསལ་ལྟ་བུར་རྟེན་གྱི་དྲུང་དུ་ལེན་ཚུལ་རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་བཤད་པས། དང་པོ་གང་ཟག་གཞན་གྱི་དྲུང་དུ་ལེན་པའི་ཚེ། བྱུང་ན་སྟོན་པའི་སྐུ་ལ་སོགས་པའི་དྲུང་དུ་མཆོད་པ་བཤམས་ཏེ། ནམ་ལང་ཉི་མ་མ་ཤར་དུས་སུ་བསྒྲུབ་བྱ་དེ། རང་རང་རྟེན་ལ་ཕྱག་འཚལ་རང་ཉིད་མདུན་དུ་པུས་བཙུག་ཐལ་མོ་སྦྱར་ནས། རྟེན་དེ་ལ་སྟོན་པ་དངོས་ཀྱི་འདུ་ཤེས་དང་། རང་ལ་ཡང་སྟོན་པ་ལྟ་བུའི་འདུ་ཤེས་འཇོག་ཏུ་བཅུག་ལ། དལ་འབྱོར་རྙེད་དཀའ་ཚུལ་དང་། ངན་སོང་དང་འཁོར་བ་ལས་ཐར་འདོད་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཚུལ་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་འདོད་དགོས་ཚུལ་རྣམས་ཇི་ལྟར་འཚམ་པར་རེ་བཤད་ནས། དངོས་བཞི་ལ་མི་འདྲ་བ་ཡོད་ཀྱང་འདིར་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སྔི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དང་། ཇི་སྲིད་འཚོའི་བར་གྱི་ཉ་སྟོང་ཚེས་བརྒྱད་ལ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་ཅིང་། གསུམ་པའི་མཇུག་ཏུ་སྡོམ་པ་སྐྱེ་བའི་བརྡ་སྤྲོད། དེ་ནི་ཕྱིས་སུ་རྟེན་གྱི་དྲུང་དུ་ཆོ་གས་བླངས་ན་སྐྱེ་བའི་དགོས་པ་དང་། གལ་ཏེ་ཆོ་གས་ལེན་པ་མ་གྲུབ་ཀྱང་། རྟེན་གྱི་དྲུང་དུ་ཕྱག་བྱས་ནས་བླངས་པའི་མོས་པ་བྱས་ན། སྔར་དུས་གཅིག་ཏུ་བླངས་པའི་རྟེན་འབྲེལ་གྱིས་སྐྱེ་བའི་གནད་ཡོད་པར་བཤད་པའི་ལུགས་ཡིན་པས་ལེགས། ཉི་མ་གཅིག་ཙམ་ཞིག་སྲུང་བ་ལ་ནི། སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ་ཞེས་པ་ཙམ་གྱིས་ཆོག །མཇུག་ཏུ་རང་གིས་ཐབས་ཡིན་ནོ། །དེས་ལེགས་སོ། །ཞེས་བྱ། གལ་ཏེ་ཉི་མ་ཤར་བའི་རྗེས་སུ་ལེན་འོང་ན་ཡང་བཟློག་ཏུ་མི་རུང་སྟེ། བཟློག་ན་དགེ་བའི་བར་ཆད་དུ་འགྱུར་རོ། །དེས་ན་དགོས་པའི་དབང་གཙོ་ཆེ་བར་བྱས་ཏེ། སྔར་བཞིན་བྱར་རུང་ངོ་། །གཞན་དུ་ན་སྡོམ་པ་ལེན་པའི་དུས་ཕྱི་བ་ཙམ་གྱིས་འགོག་ན། ངེས་འབྱུང་གི་བསམ་པ་མེད་ན་སྡོམ་པ་མི་སྐྱེ་བར་བཤད་པས་ཇི་ལྟར་བྱ། དེའི་ཚེ་ཁྱོད་ལ་ངེས་འབྱུང་གི་བློ་མེད་པས་སྡོམ་པ་མི་སྐྱེ་ཞེས་བྱས་ནས་བཟློག་ཏུ་མི་རུང་བ་བཞིན་ནོ། །བཟློག་ན་ནི་སྡོམ་པ་དངོས་སུ་མ་ཟད། སྡོམ་པ་རྗེས་མཐུན་པ་ལེགས་སྨོན་ཙམ་ལ་ཡང་བར་གཅོད་དུ་འགྱུར་བའམ་ཉེས་པ་ཡོད་པས་བཏང་སྙོམས་སུ་བྱ་དགོས་སྟེ། དཔེར་ན་རབ་བྱུང་དང་བསྙེན་རྫོགས་མང་པོ་སྟབས་གཅིག་བསྒྲུབ་པའི་སྐབས་བཞིན་ནོ། །གཞན་ཡང་ལུགས་མི་འདྲ་བ་མང་ཞིང་བསྲུང་བ་བརྗེད་ནས་ཟན་ཟོས་ཀྱང་བླངས་ཆོག་ལ། ཉིན་ཞག་ཕྱེད་པའི་བསྙེན་གནས་ཀྱང་ཡོད་པར་བཤད་པས། མདོར་ན་ཕྱོགས་གཅིག་མཐོང་ཙམ་གྱིས་མི་ཆོག་གི་སྤྱིར་བཏང་དམིགས་བསལ་དུས་དང་གནས་སྐབས་དགོས་དབང་སོགས་ཀྱང་ཤེས་དགོས་སོ། །མཇུག་ཏུ་བསླབ་པ་བརྗོད་པ་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ཇི་ལྟར་བསྲུང་བ་དེ་བཞིན་དུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་གྱིས་ཤིག །བཙུན་པ་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དང་། ཇི་སྲིད་འཚོའི་བར་གྱི་ཉ་སྟོང་ཚེས་བརྒྱད་ལ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དང་། ཇི་སྲིད་འཚོའི་བར་གྱི་ཉ་སྟོང་ཚེས་བརྒྱད་ལ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ལན་གཅིག་བརྗོད། ཐབས་ཡིན་ནོ་དང་། ལེགས་སོ་ཞེས་བྱའོ། །༈ གཉིས་པ་ཕྱིས་གང་ཟག་གཞན་གྱི་མདུན་དུ་ལེན་པར་མ་གྲུབ་ན་རྟེན་གྱི་དྲུང་དུ་ཆོ་གས་ལེན་པ་ནི། རྟེན་དེ་དག་ལ་སྟོན་པ་སོགས་དངོས་ཡིན་པའི་འདུ་ཤེས་བཞག་ནས། སྡོམ་པ་ལེན་འདོད་ཀྱི་བསམ་པས་ཕྱག་ལན་གསུམ་བྱས་ཏེ་པུས་མོ་བཙུགས་ནས་ཐལ་མོ་སྦྱར་ཏེ། སྟོན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཞེས་པ་ནས་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་སྟོན་པས་གཟུང་དུ་གསོལ་ཞེས་པའི་བར་ལན་གསུམ་ཇར་ལྟར་དང་། མཇུག་དུ་སྟོན་པས་ཐབས་ཡིན་ནོ་ཞེས་གསུང་པར་མོས་ཏེ་རང་གིས་ལེགས་སོ་ཞེས་བརྗོད། བསླབ་པ་བརྗོད་པའི་ཚེ་ཡང་། སྟོན་པ་དགོངས་སུ་གསོལ། ཞེས་སོགས་ལན་གཅིག་བརྗོད། ཆོ་ག་འདི་ལྟར་མ་གྲུབ་ན་མོས་པས་ལེན་ཚུལ་ནི་ཇར་བཤད་པ་ལྟར་རོ། །སྡོམ་པ་འབོག་པ་པོ་ཡོད་ན་དེས་སྡོམ་པ་བསྲུང་པའི་ཕན་ཡོན་བསྡུ་ན་གནས་སྐབས་ལྷ་དང་མིའི་རྟེན་ཐོབ་པ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ་ཞེས་སོགས་སྐབས་བསྟུན་གྱིས་བརྗོད་པར་བྱའོ། །སྤྲོ་ན་ཕན་ཡོན་ལ་ལུང་མཚོན་ཙམ་ནི། བསྲུང་བ་པོ་དེ་མ་འོངས་པ་ན་བྱམས་པའི་བསྟན་པ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་པར་འགྱུར་ཞེས་གསུངས་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། ཡན་ལག་བརྒྱད་ལེགས་མཉམ་གཞག་ཅིང་། བསྙེན་གནས་གསོ་སྦྱོང་བྱས་ན་ནི། །ང་ཡི་བསྟན་ལ་ལྷགས་སོ་ཞེས། །དོན་འདི་རབ་ཏུ་གསུང་བར་འགྱུར། །ཞེས་གསུངས་ཤིང་། དེར་མ་ཟད། བསྲུང་མཁན་དེ་གནས་སྐབས་ལྷའི་རྒྱལ་པོར་འགྱུར་ཞིང་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཏེ། བརྒྱ་བྱིན་དང་སྟོན་པ་གཉིས་ཀས་མཐུན་པར། ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུང་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་གསུངས་པ་དང་། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །འཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །ཞེས་བཤད་པ་ལྟར་རོ། །སྤྱིར་མདོའི་སྒྲས་ཟིན་ལས་ནི་འགྲོ་བ་གཞན་གྱི་རྟེན་ལ་བསྙེན་གནས་སྲུང་བ་ཡོད་པར་བཤད་ཀྱང་། དེ་ནི་ལུགས་གཞན་ཡིན་པ་དང་བར་མའི་དགེ་བ་ཙམ་ལ་དགོངས་ཀྱི། བྱེ་སྨྲའི་ལུགས་འདིར་བསྙེན་གནས་ཀྱི་སྡོམ་པ་མ་ཡིན་ལ། ཉིན་ཞག་ཕྱེད་པའི་བསྙེན་གནས་ཀྱི་སྡོམ་པ་ཡང་དེ་དངོས་མིན་ཏེ། ལེགས་སྤྱད་ཙམ་དང་བར་མའི་དགེ་བ་ཙམ་ཡིན་པའི་ཕྱིར་རོ། །སྨྱུང་གནས་ལ་བསྙེན་གནས་ཀྱི་ཐ་སྙད་ཡོད་ཀྱང་དོན་མི་འདྲ་སྟེ། སྨྱུང་གནས་ནི་ལྷའི་རྣལ་འབྱོར་ལ་གནས་ཚེ་ཟས་སྐོམ་བཀག་སྟེ་ལྟོགས་པར་གནས་པའི་དོན་ཡིན་ལ། བསྙེན་གནས་ཀྱི་སྒྲ་དོན་ནི་དགྲ་བཅོམ་ཐོབ་པ་དང་ཉེ་བར་གནས་པའི་དོན་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་གཉིས་ཀ་ཉིན་ཞག་གཅིག་ཙམ་དུ་ཁས་ལེན་པ་དང་། སྤང་བྱ་བརྒྱད་སྤོང་བར་ཁས་ལེན་པ་ཙམ་ལ་ནི་འདྲའོ། །ཞེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་འདོད་ཀྱི་བསམ་པས་སྦྱར་བའི་ཚེ། །པར་དུ་བརྐོ་བ་པོ་རང་གི་ཕྱག་གཡོག་འཇམ་དབྱངས་རྒྱ་མཚོའོ། །མངྒ་ལཾ། །


no previousབསྙེན་གནས་ཀྱི་སྡོམ་པ་ལེན་ཚུལ།next