Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
བཀའ་གཏེར་ཟུང་འཇུག་རྒྱལ་བ་བྱམས་པའི་དབང་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབཀའ་གཏེར་ཟུང་འཇུག་རྒྱལ་བ་བྱམས་པའི་དབང་ཆོགnext

བཀའ་གཏེར་ཟུང་འཇུག་རྒྱལ་བ་བྱམས་པའི་དབང་ཆོག


CMR019_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཟུང་འཇུག་རྒྱལ་བ་བྱམས་པའི་དབང་ཆོག་བཞུགས་སོ༔


CMR019_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བཀའ་གཏེར་ཟུང་འཇུག་གི་བྱམས་པའི་དབང་ནི། གཞི་སྟེང་དུ་པདྨ་འདབ་བརྒྱད་དམ་འབྲུའི་ཚོམ་བུ་བཀོད། བུམ་པ་དབང་གཏོར་མཆོད་གཏོར་སྤྱི་ལྟར་བཤམས། མངོན་རྟོགས་གཅིག་གིས་བདག་མདུན་དང་གཏོར་མ་བུམ་ལྷ་དུས་གཅིག་བསྐྱེད། སྐྱབས་སེམས་སྤྱི་འགྲོ་ད་ནངས་སོང་བས་འཐུས། བདག་ཉིད་དང་མདུན་བསྐྱེད་བུམ་ལྷ་གཏོར་མ་རྣམས། དམ་ཡེ་དབྱེར་མེད་སྐད་ཅིག་དྲན་རྫོགས་སུ་བྱམས་པ་དམར་སེར་བྱང་ཆུབ་སེམས་དཔའི་ཆ་བྱད་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་རིལ་བ་འཛིན་པ། རིན་པོ་ཆེའི་ཁྲི་ལ་བརྟེན་ཐབས་སུ་བཞུགས་པ། སྤྱི་བོར་མཆོད་རྟེན་གྱིས་བརྒྱན་ཅིང་དཔག་བསམ་གྱི་


CMR019_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གྲིབ་ལ་བཞུགས་པ། དེའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་དབུས་སུ་ཟླ་གདན་ལ་མེ་ཡིག་སྔགས་ཀྱིས་གཡས་སུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དགའ་ལྡན་ལྷའི་གནས་ནས་རྒྱལ་བ་བྱམས་པའི་སྐུ་ཆེ་ཕྲ་སྣ་ཚོགས་ཆར་བཞིན་དུ་བབས་ནས་བདག་མདུན་བུམ་ལྷ་གཏོར་མ་རྣམས་ལ་ཐིམ་པར་གྱུར། ཨོ་མེ་ཏྲེ་སྭཱ་ཧཱ། ཞེས་པ་ཅི་འགྲུབ་བཟླས་རྗེས། ཨགྷཾ་སོགས། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེག །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཐུབ་པའི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་པ་དེ་ལ་


CMR019_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །བུམ་ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར། དེ་ནས་སློབ་མ་འདུས་ཁྲུས་བྱས་མཎྜལ་ཕུལ་ལ། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ། སངས་རྒྱས་རིན་ཆེན་གདུགས་ཞེས་བྱ་བའི་ཞབས་དྲུང་དུ་དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བ་ཞིག་བྱུང་བ་དེས། སྲོག་ཆགས་བརྒྱ་རེ་བསླབ་པའི་གཞི་ལྔ་ལ་མ་བཀོད་ཀྱི་བར་དུ་ཟན་མི་གསོལ་བར་དམ་བཅས་ནས་དེ་ལྟ་བུའི་ཚུལ་གྱིས་ལོ་བརྒྱད་ཁྲི་བཞི་སྟོང་དུ་སེམས་ཅན་དཔག་ཏུ་མེད་པ་བསླབ་པའི་གཞི་ལྔ་ལ་བཀོད། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག །རང་རང་གི་སྐལ་པ་ལྟར་ཐེག་པ་གསུམ་ལ་བཀོད་ཏིང་ངེ་འཛིན་ལ་བཀོད། བྱམས་པའི་ཏིང་ངེ་འཛིན་ལ་བཀོད། དགེ་སློང་དེ་ཡང་བསོད་སྙོམས་ལ་རྒྱུ་བའི་ཚེ་ཡང་བྱམས་པའི་ཏིང་ངེ་འཛིན་བསྒོམས་པས་ས་བླའི་ལྷ་ནིས་གནས་གཙང་མའི་རིགས་ཀྱི་ལྷ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱམས་པར་གྱུར་ཏེ། འདི་ལྟར་གྲོང་ཁྱེར་དུ་གཤེགས་པའི་དུས་ཀྱང་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པའི་སྒྲ་བསྒྲག །སངས་རྒྱས་རིན་ཆེན་གདུགས་ཀྱིས་ཁྱོད་ནི་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སེམས་


CMR019_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བྱམས་པ་ཞེས་བྱ་བར་འགྱུར་ཞིང་སངས་རྒྱས་པའི་ཚེ་ན་ཡང་མིང་དེ་ཉིད་དུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །ད་ལྟ་སྟེང་ཕྱོགས་དགའ་ལྡན་ལྷའི་གནས་རིན་པོ་ཆེའི་གཞལ་ཡས་ཁང་སེང་གེ་པདྨའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འཛམ་བུ་ཆུ་བོའི་གསེར་མདོག་སྐུ། ཆུར་དཔག་ཚད་བཅུ་དྲུག་མཚན་དཔེས་རྫོགས་པ་ཐོར་ཚུགས་དང་ལྡན་པ། རིན་པོ་ཆེ་སྣ་ལྔས་དབུ་བརྒྱན་པའི་དབུ་རྒྱན་ནང་ན་ཡང་སྤྲུལ་པའི་སངས་རྒྱས་སྟོང་ཕྲག་ཁྲི་འཁོར་དང་བཅས་ཏེ་གནས། བྱམས་པའི་སྨིན་མཚམས་ཀྱི་འོད་ཟེར་དཀར་པོ་ལས་མཚན་དཔེས་བརྒྱན་པའི་ལྷ་བུ་བརྒྱད་ཁྲི་བཞི་སྟོང་པདྨའི་གདན་ལ་བཞུགས་ནས་ཉིན་མཚན་རྟག་ཏུ་ཕྱིར་མི་ལྡོག་པའི་ཆོས་སྟོན་ནས་ལྷ་བུ་རྣམས་ཕྱིར་མི་ལྡོག་པ་ལ་འགོད་དོ། །བྱམས་པའི་མཚན་ཐོས་ནས་གུས་པས་ཕྱག་འཚལ་ནས་སེ་གོལ་གཏོགས་ཙམ་ནས་དགའ་ལྡན་དུ་སྐྱེ། བྱམས་པའི་མཚན་ཐོས་ནས་ཆེའི་དུས་བྱས་པའི་འོག་ཏུ་མུན་པའི་ཁམས་སུ་མི་ལྟུང་མཐའ་འཁོབ་ཀྱི་ཡུལ་དང་ལོག་པར་ལྟ་བ་དང་མི་དགེ་བ་ཐམས་ཅད་སྤྱོད་པར་མི་སྐྱེ། སྐྱེ་བ་ཐམས་ཅད་དུ་དྲང་པོར་ལྟ། འཁོར་ཕུན་སུམ་ཚོགས་པ་དང་དཀོན་མཆོག་གསུམ་མི་སྨོད་པ་སྐྱེའོ། །


CMR019_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ལ་ཞིག་སྐད་ཅིག་ཙམ་བྱམས་པའི་མིང་ནས་བརྗོད་པའི་མི་དེ་དག་ནི་བསྐལ་པ་སྟོང་ཉིས་བརྒྱའི་སྐྱེ་ཤི་ལས་གྲོལ་ཞིང་སྡིག་པ་བྱང་བར་འགྱུར་རོ། །བྱམས་པའི་མཚན་ཐོས་པས་ཐལ་མོ་སྦྱར་བའི་མི་དེ་དག་ནི་བསྐལ་པ་ལྔ་བཅུའི་སྐྱེ་ཤི་ལས་ཐར་བར་འགྱུར་རོ། །གང་ལ་ལས་བྱམས་པ་ལ་གུས་པས་ཕྱག་འཚལ་བས་བསྐལ་པ་བྱེ་བ་བརྒྱའི་སྐྱེ་ཤི་ལས་གྲོལ་ནས་ཐར་ཞིང་སྡིག་པ་བྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་མ་འོངས་པའི་སེམས་ཅན་སྐྱབས་སུ་སོང་ན་བླ་ན་མེད་པའི་ལམ་ལས་ཕྱིར་མི་ལྡོག་གོ །དེས་ན་རྒྱལ་བ་བྱམས་པ་ལ་སོགས་པའི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་པས་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །གསུམ། དེ་ནས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་


CMR019_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །གསུམ། དེ་ནས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་བྱམས་པ་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས་། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །གསུམ། ད་དབང་རྫས་དང་སློབ་དཔོན་རྒྱལ་བ་བྱམས་པར་དངོས་སུ་གསལ་བའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ། སྟོན་པ་ཐུགས་རྗེའི་མངའ་བདག་མ་ཕམ་པ། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ན། །འཇིགས་ཤིང་ཡ་ང་ཁྱོད་ལ་གསོལ་བ་འདེབས། །


CMR019_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང་། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །གསུམ། དེ་ནས་གནང་བ་སྦྱིན་པ་ནི། །བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱིས་མ་རིག་མུན་པ་སེལ། །ཁྱེད་ཀྱིས་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །སློབ་མ། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་ཐ་མལ་དུ་གནས་པའི་སེམས་ཉིད་ཡི་གེ་མེ་གསེར་གྱི་མདོག་ཅན། དེ་ཉིད་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་པས་མཉེས་ཤིང་ཐུགས་རྒྱུད་བསྐུལ། སླར་འོད་ཟེར་ཚུར་འདུས་མེ་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་རྗེ་བཙུན་བྱམས་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱིས་ཕྱག་རྒྱས་ཨུཏྤལ་བསྣམས་པའི་རྩེ་མོ་གཉིས་སྙན་གྱི་ཐད་ན་ཁ་བྱེ་བའི་སྟེང་ན། གཡས་ཀྱི་ཕྱག་ན་བུམ་པ། གཡོན་པས་ཀླུ་ཤིང་བསྣམས་པ། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། སྐུ་བྱད་བལྟ་བས་ཆོག་མི་ཤིས་པར་གསལ་བར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ


CMR019_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བའི་སྟེང་དུ་མེ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་ཐིམ་པར་བསྒོམ། ཧཱུཾ། རྒྱལ་བ་བྱམས་པའི་ལྷ་ཚོགས་མ་ལུས་རྣམས། །གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ། །སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར། །ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ། །ཨོ་མེ་ཏྲི་སྭཱ་ཧཱ། ཨོ་མེ་ཏྲི་མེ་ཏྲི་སྭཱ་ཧཱ། ཨོཾ་བུདྡྷ་མེ་ཏྲི་མཾ་སྭཱ་ཧཱ། ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད་སྤོས་དང་རོལ་མོ་བྱ། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨགྷཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱི་བདུད་རྩིའི་བུམ་པ་ཐོགས་ནས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་


CMR019_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་མཆོད་རྟེན་གྱི་དབུ་བརྒྱན་པར་གྱུར། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེག །ཡེ་ཤེས་འོདཀྱིས་མ་རིག་མུན་པ་སེལ། །ཐུབ་པའི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་པའི་སྐུ་ཡི་བཀྲ་ཤིས་ཤོག །དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །དེང་ཕྱིན་ཆད་འདིའི་སྐུ་བསྒོམ་པར་དབང་། འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབ་པའོ། །ད་ཁྱེད་རང་གིས་ངེད་ལ་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། བཅོམ་ལྡན་བདག་གི་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་དང་སློབ་དཔོན་ཐ་མི་དད་པའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་ཞལ་དུ་ཞུགས། ཐུགས་ཀར་ས་བོན་གྱིས་མཐར་འཁོད་པར་བསྒོམ་ལ་རྗེས་བཟློས་མཛོད། ཨོ་མེ་ཏྲི་སྭཱ་ཧཱ། ཨོ་མེ་ཏྲི་མེ་ཏྲི་སྭཱ་ཧཱ། ཨོཾ་བུད་མེ་ཏྲི་མེ་སྭཱ་ཧཱ། ཞེས་ཕྲེང་བ་བགྲང་ཞིང་རྗེས་ཟློས་བཅུག །སྔགས་ཕྲེང་དེ་ཉིད་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིངས་བའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་


CMR019_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། འདི་ལ་འགོ་བར་མཛད་དུ་གསོལ། །བྱམས་ཆེན་མེ་ཡིས་སྡང་བུད་ཤིང་བསྲེག །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཐུབ་པའི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་པའི་གསུང་གི་བཀྲ་ཤིས་ཤོག །དེས་ངག་གི་སྒྲིབ་པ་དག་གསུང་གི་དབང་ཐོབ། འདིའི་སྙིང་པོ་བཟླ་བར་དབང་། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པའི་སྐལ་བ་དང་ལྡན་ནོ། །དེ་ནས་ཐུགས་ཀྱི་དབང་གི་དོན་དུ་སློབ་དཔོན་ལ་མོས་འདུན་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་། མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྟེང་ཕྱོགས་དགའ་ལྡན་ལྷའི་གནས་ནས་རྒྱལ་ཚབ་བྱམས་པ་མགོན་པོའི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་མེ་སེར་པོ་དང་རིལ་བ་སྤྱི་བླུགས་དང་ཀླུ་ཤིང་གི་ཡལ་ག་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལ་སོགས་ཆར་བཞིན་བབས་ན་ཁྱེད་རང་གི་སྙིང་གར་ཐིམ་པར་སྒོམས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་


CMR019_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་སྦྱིན་པར་བྱ། །ཨོ་མེ་ཏྲི་སྭཱ་ཧཱ། ཨོ་མི་ཏྲི་མེ་ཏྲི་སྭཱ་ཧཱ། ཨོཾ་བུདྡྷ་མེ་ཏྲི་ཡེ་སྭཱ་ཧཱ། ས་མ་ཡ་ཧཱུཾ། རྡོ་རྗེའམ་ཕྱག་མཚན་སྙིང་གར་བཞག །བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེག །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཐུབ་པའི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་པའི་ཐུགས་ཀྱི་བཀྲ་ཤིས་ཤོག །དེས་སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། བྱམས་ཆེན་གཉུག་མའི་ཏིང་ངེ་འཛིན་བསྒོམས་པར་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ། །ད་ཁྱེད་རང་རྣམས་ལ་འཕགས་པའི་ནོར་བདུན་གྱི་ངོ་བོ་རྒྱལ་སྲིད་སྣ་བདུན་གྱིས་མངའ་ཕུལ་ཞིང་། དབང་བསྐུར་བས། ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྒོམས་ཤིག །ཧཱུྃ། འཁོར་ལོ་རིན་ཆེན་དབང་བཅུར་ལྡན། །འཁོར་བའི་འཁོར་རྒྱུན་རབ་བཅད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ས་བཅུའི་འབྲས་བུའི་དབང་ཐོབ་ཤོག །ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ་བཙུན་མོ་རིན་ཆེན་བསོད་ནམས་སྟེར། །ཕ་རོལ་ཕྱིན་བཅུའི་གཟུགས་དང་ལྡན། །ཚེ་དཔལ་ལོངས་སྤྱོད་རྒྱས་པར་བྱེད། །ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག །


CMR019_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པྲཛྙཱ་པཱ་ར་མི་ཏ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། ནོར་བུ་རིན་ཆེན་མཆོག་གསུམ་གནས། །འཁོར་བའི་སྐྱོན་སེལ་བདེ་བ་འབྱུང་། །ཡིད་བཞིན་རེ་སྐོང་གཏེར་མངའ་ཞིང་། །ལྷག་མཐོང་ཤེས་རབ་དབང་ཐོབ་ཤོག །ཙིཏྟ་རཏྣ་ཨ་བྷི་ཉྩ་ཨཱཿ ཧཱུྃ། ཁྱིམ་བདག་རིན་ཆེན་ནོར་བདུན་ལྡན། །གང་ལ་ཅི་འདུལ་དཔག་བསམ་འདྲ། །གཞན་དོན་ཚོགས་གཉིས་མྱུར་རྫོགས་ཤིང་། །ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག །མ་ཧཱ་མ་ཎི་རཏྣ་ཨ་བྷི་ཌིཉྩཨཱཿ ཧཱུྃ། བློན་པོ་རིན་ཆེན་དམག་དཔོན་ཆེ། །བརྩོན་འགྲུས་གོ་བསྒོས་འཁྲུལ་འཁོར་འཇོམས། །ཐབས་ལྡན་མི་འཇིགས་སྐྱབས་སྦྱིན་ཅིང་། །འཇིགས་ཚོགས་ལྟ་བ་འཇོམས་པའི་དབང་ཐོབ་ཤོག །མ་ཧཱ་ཏ་རཏྟ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། རྟ་མཆོག་རིན་ཆེན་ས་ལམ་བགྲོད། །འཁོར་བའི་མཚོ་སྒྲོལ་སྤྲིན་ཤུགས་འཆང་། །མི་གནས་ཡེ་ཤེས་གནས་བགྲོད་ཅིང་། །རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ཤོག །ཀརྨ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། གླང་པོ་རིན་ཆེན་དོན་དམ་ཐེག་པ་བདེ། །བདུད་བཞི་དཔུང་བཅས་རབ་འཇོམས་སྟོབས་དང་ལྡན། །སྟོབས་བཅུས་བདག་གཞན་དོན་མཛད་ཅིང་། །ཡང་


CMR019_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྙིང་པོའི་དབང་ཐོབ་ཤོག །ཧསྟི་རཏྟ་ཨ་བྷི་ཥིཉྩ་ཨཱཿ བསོད་ནམས་རི་བོ་བཞིན་དུ་སོགས་བྱ། ད་གཏོར་མ་འདི་ཉིད་བྱམས་པ་དམར་སེར་བྱང་ཆུབ་སེམས་དཔའི་ཆ་བྱད་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་རིལ་བ་འཛིན་པ། རིན་པོ་ཆེའི་ཁྲི་ལ་བརྟེན་ཐབས་སུ་བཞུགས་པ། སྤྱི་བོར་མཆོད་རྟེན་གྱིས་བརྒྱན་ཅིང་དཔག་བསམ་ཤིང་གི་བསིལ་གྲིབ་ལ་བཞུགས་པ། དེ་ཁྱེད་རང་གི་སྤྱི་བོར་བྱོན་པས། དེའི་སྐུ་ལས་འོད་ཟེར་འཕྲོས། སྟེང་ཕྱོགས་དགའ་ལྡན་ལྷའི་གནས་ནས། རྒྱལ་བ་བྱམས་པ་མགོན་པོའི་སྐུ་ཆེ་ཕྲ་སྣ་ཚོགས། གསུང་སྔགས་ཀྱི་ཕྲེང་བ། ཐུགས་ཐིག་ལེ་གསེར་མདོག་མེ་གྱིས་མཚན་པ་ཆར་བཞིན་བབས་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རྒྱལ་བ་བྱམས་པ་མགོན་པོ། སློབ་དཔོན་ཐོགས་མེད། དབྱིག་གཉེན་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད། སེང་གེ་བཟང་པོ་ལ་སོགས་པ་རིང་རྒྱུད་གསར་མ་བརྒྱུད་པ་རྣམས་དང་། ལོ་ཆེན་བཻ་རོ་ཙཱ་ན། ཤུད་པུ་དཔལ་གྱི་སེངྒེ། མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པ་དགོངས་གཏེར་བརྒྱུད་པ་རྣམས་དང་། །


CMR019_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བྱམས་པ་མགོན་པོ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་དང་བཅས་པས་བྱིན་གྱིས་རློབས་ཤིག །ནད་ཞི་བར་བྱིན་གྱིས་རློབས་ཤིག །གདོན་ལས་ར་བྱིན་གྱིས་རློབས་ཤིག །ཚེ་འཕེལ་བར་བྱིན་གྱིས་རློབས་ཤིག །བསོད་ནམས་རྒྱས་པར་བྱིན་གྱིས་རློབས་ཤིག །མ་རྒྱལ་བ་ཐམས་ཅད་ལས་རྒྱལ་བར་བྱིན་གྱིས་རློབས། །དུག་དང་མཚོན་དང་དགྲའི་གནོད་པ་མི་འབྱུང་བར་བྱིན་གྱིས་རློབས་ཤིག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ལྷ་མི་འགྲོ་བ་ཐམས་ཅད་ཀྱིས་བྱམས་པར་བྱིན་གྱིས་རློབས་ཤིག །བླ་ན་མེད་པ་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱིན་གྱིས་རློབས་ཤིག །དེ་ནས་བླ་མས་གཏོ་ར་མ་སྤྱི་བོར་བཞག་ལ། ཧཱུྃ། བྱམས་པ་མེ་ཏྲིའི་སྐུ་གསུང་ཐུགས། །དབང་མཆོག་ཁྱོད་ལ་སྦྱིན་པར་བྱ། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །འགྲོ་བ་འདུལ་བའི་དབང་ཐོབ་ཤོག །བོདྷི་ས་ཏཱ་མེ་ཏྲི་ཡེ། །བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེག །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཐུབ་པའི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་པ་དེ་ཡི་བཀྲ་ཤིས་ཤོག །འོ་


CMR019_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སློབ་དཔོན་ཐོགས་མེད་དང་རྡོ་རྗེ་གདན་པ་ཆེ་ཆུང་གིས་མཛད་པའི་དབང་ལུང་གི་རྒྱུན་ཡང་ཅི་རིགས་པ་ཐོབ་ཅིང་། ཁྱད་པར་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་བྱུང་བ་ཕྱག་ལེན་གྱིས་བརྒྱན་པ་རྒྱས་པར་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་བཟུང་བའི་མོས་པས་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་སོགས། མཎྜལ་ཕུལ། ས་གཞི་སྤོས་ཀྱིས་ཕྱུག་སོགས། ཞེས་བཀའ་གཏེར་ཟུང་འཇུག་གི་དབང་ལེགས་པར་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་བརྩོན་འགྲུས་ཏེ། འདི་ལ་ཉེས་འགལ་གྱི་ཆ་མཆིས་ན་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་རྒྱལ་བ་བྱམས་པའི་ཐུགས་རྗེས་བློའཛིན་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousབཀའ་གཏེར་ཟུང་འཇུག་རྒྱལ་བ་བྱམས་པའི་དབང་ཆོགnext