གཏོ་མཁན་ཀུན་གྱི་སྔོན་འགྲོའི་གསོལ་འདེབས་ཐར་པའི་སྒྲོན་མེ་མཚན་ཐོས་ཕ་རོལ་རྒོལ་འཇོམས།
གཏོ་མཁན་ཀུན་གྱི་སྔོན་འགྲོའི་གསོལ་འདེབས་ཐར་པའི་སྒྲོན་མེ་མཚན་ཐོས་ཕ་རོལ་རྒོལ་འཇོམས་བཞུགས་སོ།།
ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། །སྟོན་པ་རྡོར་སེམས་བཅོམ་ལྡན་ཤཱཀྱ་ཐུབ། །དགྲ་བཅོམ་འཕགས་པའི་གནས་བརྟན་ཉེ་སྲས་བརྒྱད། །ཕྱོགས་བཅུའི་སངས་རྒྱས་རྒྱལ་སྲས་བཅས་རྣམས་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །དགའ་རབ་ཤྲཱི་སེང་བི་མ་པདྨ་འབྱུང་། །མགོན་པོ་ཀླུ་སྒྲུབ་ཐོགས་མེད་རྒྱན་དྲུག་དང་། །ཏེ་ལོ་ནཱ་རོ་ལུ་ཧི་ཌ་བྷི་པ། །ས་ར་ཧ་སོགས་གྲུབ་བརྙེས་རྗེ་འབངས་གྲོགས། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །པཀྴི་རང་བྱུང་རྡོ་རྗེ་གཡུང་
སྟོན་ཞབས། །འབྲི་སྟག་འབྲུག་པ་ཆེ་བཞི་ཆུང་བརྒྱད་ཀྱི། །ཕྱག་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །སོ་ཟུར་གནུབས་དང་རོང་ཟོམ་ཆོས་བཟང་དང་། །དམ་ གཙང ་བྱམས་གསུམ་ཀློང་ཆེན་རབ་འབྱམས་དང་། །པདྨ་དབང་རྒྱལ་གཏེར་བདག་གླིང་པ་སོགས། །རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །ཟབ་གཏེར་མངའ་བདག་སངས་རྒྱས་བླ་མ་དང་། །ཉང་རལ་ཆོས་དབང་གླིང་པ་བཅུ་གཅིག་ཞབས། །དྲི་མེད་སྡེ་ལྔ་མི་
འགྱུར་རྡོ་རྗེ་སོགས། །ཟབ་མོ་གཏེར་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །ཇོ་བོ་རྗེ་དང་འབྲོམ་སྟོན་གླང་ཐང་པ། །འབན་དང་པོ་ཏོ་འཆད་ཁ་ཁ་རག་དང་། །ཙོང་ཁ་པ་དང་རྒྱལ་ཚབ་མཁས་གྲུབ་རྗེ། །ལམ་རིམ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །རྡོ་རྗེ་འཆང་དངོས་བླ་ཆེན་སྙིང་པོའི་ཞབས། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་དང་། །ས་པཎ་འཕགས་པ་ཀུན་དགའ་བཟང་པོ་སོགས། །ལམ་འབྲས་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །ཡུམ་ཆེན་ཤཱཀ་ཐུབ་སྨྲ་སེང་སྒྲོལ་མ་དང་། །སུ་ཁ་སིདྡྷི་ཨརྱ་དེ་བ་རྗེ། །དམ་པ་སངས་རྒྱས་མ་གཅིག་ལབ་ཀྱི་སྒྲོན། །ཐོད་སྨྱོན་བསམ་འགྲུབ་རྒྱལ་བ་དོན་གྲུབ་སོགས། །གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །ལྷ་ལུང་དཔལ་རྡོར་ར་ལོ་རྡོ་རྗེ་གྲགས། །རོང་སྟོན་ལྷ་དགའ་གཡུང་སྟོན་ཁྲོ་རྒྱལ་དང་། །དུམ་པ་ཞང་ཁྲོ་ཁུ་ལུང་ཡོན་ཏན་མགོན། །དྲག་སྔགས་གྲུབ་
བརྙེས་བླ་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །དུས་འཁོར་གསང་འདུས་འཇིགས་བྱེད་འཁོར་ལོ་སྡོམ། །ཡཱ་དགྲ་ནག་གདོང་དྲུག་གཤེད། །མི་གཡོ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །སྒྲུབ་པ་བཀའ་བརྒྱད་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །མགོན་པོ་ཕྱག་བཞི་ཕྱག་དྲུག་གུར་མགོན་དང་། །བེང་དམར་བེར་ནག་ཅན་དང་ཨ་གྷོ་ར། །བདེ་ཆེན་ཞིང་སྐྱོང་དུར་བདག་ཡབ་ཡུམ་སོགས། །མགོན་པོ་ཕོ་རྒྱུད་དམ་ཅན་ཆོས་སྐྱོང་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །ཨེ་ཀ་ཛཱ་ཊི་ལྷ་མོ་རེ་མ་ཏི། །ཚེ་རིང་མཆེད་ལྔ་ཨ་ཕྱི་གཡུ་སྒྲོན་མ། །ཁ་རག་ཁྱུང་བཙུན་བརྟན་མ་བཅུ་གཉིས་སོགས། །ལྷ་མོ་མོ་རྒྱུད་སྲུང་མ་ཐམས་ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །བྱ་རྒོད་སྤུང་རི་མཆོད་རྟེན་རྣམ་དག་དྲུང་། །ཙཱ་རི་གངས་རི་རོང་བཙན་ཁ་བ་དཀར། །རི་བོ་རྩེ་ལྔ་ལྷ་ས་བསམ་ཡས་དང་། །བལ་ཡུལ་མཆོད་རྟེན་སྲས་མཁར་དགུ་ཐོག་སོགས། །འཛམ་གླིང་གནས་ཆེན་སྒྲུབ་གནས་ཐམས་
ཅད་ལ། །གསོལ་བཏབ་ཐུགས་རྗེས་བདག་གཞན་བར་ཆད་སོལ། །ལྷ་ཀླུ་གནོད་སྦྱིན་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །མགུར་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང་། །བརྟན་མ་བཅུ་གཉིས་གངས་ལྗོངས་ཡུལ་གཞིའི་བདག །དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འདུལ་བ་དང་། །གསོལ་བཏབ་ཐུགས་རྗེས་གྲོགས་དན་ཕྲིན་ལས་མཛོད། །ཁམས་གསུམ་དབང་དུ་འདུ་བའི་ཕྲིན་ལས་མཛོད། །སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད། །ནད་ཡམས་དུས་འཁྲུགས་ཟློག་པའི་ཕྲིན་ལས་མཛོད། །གདོན་བགེགས་བར་ཆད་འདུལ་བའི་ཕྲིན་ལས་མཛོད། །བསམ་སྦྱོར་ལོག་པའི་དགྲ་བགེགས་ཟློག་སྒྱུར་མཛོད། །རྒྱལ་ཁམས་ཆོས་ལ་བསྒྱུར་ཞིང་དབང་དུ་འདུས། །ཕ་རོལ་དགྲ་བགེགས་བརླག་བྱང་ཆུབ་ལམ་ལ་བཀོད་ནུས་ཤོག །འགྲོ་དོན་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག །ཅེས་གནམ་ཆོས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་ཆ་ལག་གྲུབ་མཐའ་རིས་མེད་ཀྱི་གསོལ་འདེབས་ཐར་པའི་སྒྲོན་མེ་བར་
ཆད་གདོན་འདུལ་ཕ་རོལ་རྒོལ་འཇོམས་འདི་གཏོ་མཁན་རང་གི་ནུས་སྲུང་ཡིན་པའི་ཕྱི་རབས་རྣམས་ནས་བཅོས་བསླད་མི་བྱ་བར་རང་སོར་བཞག་པར་ཞུ། གསུམ་སྲུང་མར་བཤགས། །དགེ་བས་འགྲོ་བ་ཀུན་ལ་གནས་སྐབས་དང་། །མཐར་ཐུག་ཕན་བདེའི་དགའ་སྟོན་རྒྱས་བྱེད་ཤོག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།