གཡང་སྐྱབས་བྱིན་འབེབས་དགོས་འདོད་ཀུན་འབྱུང་།
གཡང་སྐྱབས་བྱིན་འབེབས་དགོས་འདོད་ཀུན་འབྱུང་བཞུགས་སོ།།
ཀྱཻ། ཞིང་ཁམས་སུམ་བརྩེགས་ཕོ་བྲང་ན། །བླ་མེད་ཕྱི་ཡི་དཀོན་མཆོག་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །འཇའ་འོད་འཁྱིལ་བ་འོད་ལྔའི་ཀློང་། །བླ་མེད་ནང་གི་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །གནས་གསུམ་དག་པ་ཐིག་ལེའི་ཀློང་། །བླ་མེད་གསང་བའི་དཀོན་མཆོག་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །བདེ་བ་ཅན་གྱི་ཞིང་ཁམས་ནས། །རང་བྱུང་སྤྲོས་པ་
མི་མངའ་ཡང་། །སྣང་བ་མཐའ་ཡས་གཡང་གི་བདག །ཆོས་ཀྱི་ཀློང་ནས་བྱིན་ཕོབ་ཅིག །ལྔ་ལྡན་ཐིག་ལེའི་གཞལ་ཡས་ནས། །འོད་ལྔ་ལྡན་པ་ལོངས་སྤྱོད་རྫོགས། །རིགས་ལྔ་ཡབ་ཡུམ་གཡང་གི་བདག །ཡེ་ཤེས་ལྔ་ཡི་བྱིན་ཕོབ་ཅིག །དཔལ་རི་པདྨའི་གཞལ་ཡས་ནས། །རང་བཞིན་སྐྱེ་འཆི་མི་མངའ་བའི། །ཨོ་རྒྱན་པདྨ་གཡང་གི་བདག །འཆི་མེད་ཚེ་ཡི་བྱིན་ཕོབ་ཅིག །མཁའ་སྤྱོད་རྣམ་དག་ཕོ་བྲང་ནས། །གཞན་དོན་ཕྲིན་ལས་སྒྲུབ་པ་པོ། །མཁའ་འགྲོ་མཚོ་རྒྱལ་གཡང་གི་བདག །ཉམས་རྟོགས་སྤེལ་བའི་བྱིན་ཕོབ་ཅིག །
སྣང་སྲིད་རྣམ་དག་ཆོས་སྐུའི་ཀློང་། །པདྨའི་ལུང་བསྟན་སྙིང་གི་བུ། །སྨོན་ལམ་ལས་འཕྲོ་ལྡན་པ་ཡི། །གཏེར་སྟོན་བརྒྱ་རྩའི་བྱིན་ཕོབ་ཅིག །སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྩ་བརྒྱུད་བླ་མའི་བྱིན་ཕོབ་ཅིག །རང་སྣང་རྩ་བའི་ཕོ་བྲང་ནས། །ཡི་དམ་ལྷ་ཚོགས་བྱིན་ཕོབ་ཅིག །རྣལ་འབྱོར་བུ་བཞིན་སྐྱོང་བྱེད་པ། །མཁའ་འགྲོ་ཆོས་སྐྱོང་བྱིན་ཕོབ་ཅིག །གཡང་གི་ཕོ་ཉ་ལས་བྱེད་རྣམས། །རང་རང་གནས་ནས་བྱིན་ཕོབ་ཅིག །བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ། །དངོས་གྲུབ་ཆར་པ་སི་ལི་ལི། །འཆི་མེད་ན་བུན་ཐུ་ལུ་ལུ། །ཉམས་དང་ཤེས་རབ་བན་མ་བུན། །སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཅིག །ལུས་ངག་ཡིད་གསུམ་སྨིན་གྲོལ་ནས། །ཟག་མེད་གཏེར་གྱི་དངོས་གྲུབ་སྩོལ། །སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ན། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །གཡང་མཆོག་རྒྱལ་པོ་རྣམ་ཐོས་སྲས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །ནོར་ལྷ་ཨརྱ་ཛཾ་བྷ་ལ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །ནོར་རྒྱུན་ལྷ་མོ་བརྒྱད་དང་བཅས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །གཡང་སྲས་རྨ་
གཉན་སྤོམ་ར་ཡིས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །སྤོམ་ར་ལྷ་འཁོར་སུམ་བརྒྱའི་ཚོགས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །རྒྱ་མཚོ་ཀླུ་ཡི་ཕོ་བྲང་ན། །ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །སྟེང་འོག་ཕྱོགས་བཞིའི་ཕོ་བྲང་ན། །འབྱུང་བ་ལྔ་ཡི་ལྷ་མོ་རྣམས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །ཧཱུྃ། ཨ་བ་དཀར་པོ་གངས་ཀྱི་རྩི། །ཨ་གྲོང་དཀར་པོ་གཡའ་ཡི་རྩི། །སྤྲ་བ་དཀར་པོ་སྤང་གི་རྩི། །མཁན་པ་གསེར་མགོ་གད་པའི་རྩི། །ཤུག་པ་གཡུ་ལོ་ཉིན་གྱི་རྩི། །བལ་བུ་དཀར་པོ་སྲིབ་ཀྱི་རྩི། །ཙནྡན་དམར་པོ་ནགས་ཀྱི་རྩི། །ག་བུར་དཀར་པོ་གངས་ཀྱི་རྩི། །འབྲི་འོང་དཀར་པོ་ཤ་ཡི་སྨན། །གུར་གུམ་བག་དམར་པོ་རྩི་ཡི་སྨན། །ལྡུམ་བུ་སྟག་ཤ་ལྡུམ་གྱི་རྩི། །རྩི་དང་སྨན་གྱི་མཆོད་པ་འདི། །གཡང་སྲས་སྤྲུལ་པའི་ལྷ་ལ་འབུལ། །ཧཱུྃ། གཡང་འཁྱམ་པ་ཡོད་ན་དེ་རིང་བསྡུས་། །གཡང་ཉམས་པ་ཡོད་ན་དེ་རིང་གསོས། །གཡང་གས་པ་ཡོད་ན་དེ་རིང་སྦྱོར། །གཡང་རལ་བ་ཡོད་ན་དེ་རིང་དྲུབ། །གནམ་ལ་སྤྲིན་ཚོགས་གཏིབས་པ་བཞིན། །
དེ་རིང་གཡང་གི་བྱིན་ཕོབ་ཅིག །བར་སྣང་ཉི་ཟླ་ཤར་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །མཁའ་ལ་འཇའ་ཚོན་བཀྲ་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །སྤང་ལ་རྩི་ཐོག་བཀྲ་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །མཚོ་ལ་དར་ཆེན་ཆགས་པ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །རི་ལ་ཤ་རྐྱང་འོང་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ཤ་ལ་སྦྲང་བུ་འཚུབ་པ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །གངས་ལ་སེང་ཆེན་འོང་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ཤིང་ལ་བྱ་བྱིའུ་འཚོགས་པ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ཆུ་ལ་ཉ་སྲམ་འོང་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །འབྲོང་རྒོད་རྣོ་ལ་རུ་བརྡར་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ལྷ་གཞི་དཀར་པོའི་ཡང་སྟེང་འདིར། །གཡང་དང་དངོས་གྲུབ་ཆར་ལྟར་ཕོབ། །འཛམ་གླིང་གཏེར་གྱི་བྱིན་ཆེན་ཕོབ། །བཀྲ་ཤིས་སོ། །ཞེས་པ་འདི་ཡང་ཀརྨ་རཱ་ག་ཨ་སྱས་སྨྲས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།