བསྡུས་པའི་དོན།
རྒྱ་གར་སྐད་དུ། ཨཱཪྻ་པྲཛྙཱ་པཱ་ར་མི་ཏཱ་ཨཥྚ་ས་ཧ་སྲི་ཀཱ་བྱཱ་ཁྱཱ་ཨ་བྷི་ས་མ་ཡཱ་ལཾ་ཀ་ར་ཨཱ་ཀོ་ཀ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། མོས་བ་ལ་བྱམས་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །དངོས་རྣམས་སྒྱུ་མའི་རང་བཞིན་དང་མཚུངས་ལ་མཁས་རྣལ་འབྱོར་རྣམས་ཀྱི་ཐར་མཆོག་ཏུ། །འཁོར་བའི་ཁོངས་ནས་ཉེས་པའི་ཚོགས་སུ་ཀུན་དུ་རྒྱལ་བར་གྱུར་པའི་ལུས་ཅན་རྣམས། །བཅོམ་ལྡན་
བརྩེ་ལྡན་བྱམས་པ་རང་ཉིད་ཀྱིས་ནི་རྣམ་པ་ཀུན་ཏུ་བཀྲི་བྱའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ཤིན་ཏུ་གསལ་བར་རྒྱས་བཤད་ཚིག་ལེར་བྱས་པ་མཛད། །འཕགས་པ་ཐོགས་མེད་ཞེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་དེས་མཛད་པ་ཡི་མཐུས། །དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་ཤེས་པའི་མངོན་རློམ་གྱིས་མཐོ་བ། །སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་བར་དོན་བཤད་པ་ལ་གནས་ཐོབ་གྱུར། །རྣལ་འབྱོར་གོམས་པས་དོན་གྱི་དེ་ཉིད་བསྲུབས་ལས་འཇིག་རྟེན་འདས་པའི་ཤེས་རབ་ལྡན། །སྐྱེས་གྱུར་བློ་བཟངས་འཕགས་པ་རྣམ་གྲོལ་སྡེ་ཡིས་འབྲེལ་བ་ལ་ནི་ཆེར་འབད་ལ། །མཐའ་གཅིག་སྐྱེས་བུར་མི་མཐུན་ཕྱོགས་ལྟ་ཞི་བྱེད་བསྟན་བཅོས་ལ་མཁས་རྟོགས་ལྡན་གང༌། །རྣམ་གྲོལ་སྡེ་ཞེས་ཚིག་ཏུ་འཇིག་རྟེན་གྲགས་གཞན་པ་དེས་ནི་རྣམ་འགྲེལ་མཛད། །དེ་ལ་བློ་ཉམས་བདག་འདྲས་སྔོན་ཆད་མེད་ཅིང་བརྗོད་པར་ནུས་མིན་གང་གི་ཕྱིར། །མཁས་མཆོག་རྣམས་ཀྱིས་ཉིན་དང་ཉིན་ལམ་དཔྱད་དངོས་པོའི་ཚུལ་དེ་གང་ཞིག་ཡོད། །ཡེ་ཤེས་ཐོབ་བྱེད་ཆོས་ཀྱི་དེ་ཉིད་ཡུལ་ལ་བདག་ནི་འདོད་པ་སྐྱེས་གྱུར་པ། །དེས་ན་དམ་པའི་དོན་གྱི་ཡུལ་མཆོག་བཤད་པ་བྱེད་ལ་མངོན་པར་སྤྲོ་བར་གྱུར། །འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཀྱི་འབྲེལ་བ་དང་བརྗོད་པར་བྱ་བ་དང་དགོས་བ་དང་དགོས་པའི་དགོས་པ་རྟོགས་པ་སྔོན་དུ་སེང་བའི་འཇུག་པ་ནི། ཐམས་ཅད་དུ་དོན་དུ་འགྱུར་བའི་ཐེ་ཚོམ་གྱིས་ཡིན་ཏེ། དེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྲེལ་བ་ལ་སོགས་པ་རྣམས་བརྗོད་པར་བྱ་བ་ཡིན་ནོ། །འདི་ལྟར་གལ་ཏེ་འདིའི་འབྲེལ་བ་དང་བརྗོད་པར་བྱ་བ་མ་སྨྲས་ན་དེའི་ཚེ། སྨྱོན་ཚིག་ལ་སོགས་པ་ལྟར་འབྲེལ་པ་མེད་པ་དང་དོན་མེད་པར་དོགས་པས་ཉན་པ་ལ་སུ་ཡང་འཇུག་པར་མི་འགྱུར་རོ། །དེས་ན་འདིའི་འབྲེལ་པ་དང་བརྗོད་པར་བྱ་བ་ནི་གདོན་མི་ཟ་བར་བརྗོད་དགོས་སོ། །དེ་བཞིན་དུ་འབྲེལ་བ་དང་བརྗོད་པར་བྱ་བ་ཡོད་དུ་ཟིན་ཀྱང་བྱ་བ་རྫོགས་པའི་ལས་ལ་ཁྱད་པར་དུ་སྒྲུབ་པར་བྱེད་པ་མ་ཡིན་པ་སྒྲུབ་བྱེད་ཡིན་ནོ་ཞེས་བྱ་བ་ཡང་སྒྲུབ་པར་བྱེད་པའི་ཚུལ་ལས་འདས་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་མདོ་སྡེ་གཞན་དང་མ་འབྲེལ་བ་
འཇུག་པའི་ཡན་ལག་ཁྱད་པར་ཅན་གྱི་དགོས་པ་དང་བྲལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ལ་དད་པས་རྗེས་སུ་འབྲང་བདག་ཀྱང་མཉན་ཕ་ཙམ་དུ་ཡང་གུས་པ་མི་སྐྱེའོ། །དེ་བས་ན་མདོ་སྡེ་ལ་འཇུག་པར་འདོད་པ་རྣམས་འཇུག་པར་བྱ་བའི་ཕྱིར། དང་པོར་བྱ་བའི་འབྲས་བུ་ཐུན་མོང་མ་ཡིན་པ་དེར་གཏོགས་པའི་དགོས་པ་ཉིད་བརྗོད་པར་བྱའི། གཞན་དུ་གཏོགས་པ་ནི་མ་ཡིན་ཏེ། གཞན་དུ་ན་མ་འབྲེལ་བ་བརྗོད་པར་འགྱུར་རོ། །མདོ་སྡེའི་ཐོག་མར་དགོས་པ་བརྗོད་པ་ནི་མདོ་སྡེ་ལ་གཞན་འཇུག་པའི་དོན་དུ་ཡིན་གྱི་ཕོངས་པས་ནི་མ་ཡིན་ནོ། །དགོས་པའི་ངག་བསྟན་པས་གཞན་དག་མདོ་སྡེ་ལ་འཇུག་པར་ཡང་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་དེར་གཏོགས་པའི་དགོས་པ་ཉིད་བརྗོད་ཀྱི་གཞན་དུ་གཏོགས་པ་ནི་མ་ཡིན་ཏེ། གཞན་གྱི་དགོས་པ་བརྗོད་པས་གཞན་དུ་འཇུག་པར་འགྱུར་པ་ནི་སུ་ཡང་མེད་དོ། །མདོ་སྡེ་ཡང་ཁྱད་པར་ཅན་གྱི་དོན་གཙོར་སྟོན་པའི་ཚིག་ལ་བརྗོད་ཀྱི། བརྗོད་པར་བྱ་པའམ་དོན་སྟོན་པའི་ནུས་པས་སྟོང་པའི་སྒྲ་ཙམ་ལ་ནི་མ་ཡིན་ནོ། །དེ་པས་ན་བརྗོད་པར་བྱ་བ་ལ་སོགས་པར་གཏོགས་པ་ནི་བརྗོད་པར་ཕྱ་བ་མ་ཡིན་ནོ། །བྱ་བའི་རང་བཞིན་ཡང་དགོས་པ་མ་ཡིན་ཏེ། འདི་ལྟར་རང་གི་དོན་དུ་གྱུར་པའི་བརྗོད་པར་བྱ་བ་སྟོན་པར་བྱེད་པའི་མཚན་ཉིད་ཀྱི་བྱ་བ་ནི་ངག་ཐམས་ཅད་ལ་ཐུན་མོང་ཡིན་ལ། དེ་ཡང་ཤིན་ཏུ་གྲགས་པས་དགོས་པ་ཉིད་དུ་གཟུང་བར་འོས་པ་མ་ཡིན་ཏེ། དེ་ལ་ནི་བསྟན་བཅོས་འཁྲུལ་པ་མེད་པའི་ཕྱིར་རོ། །བརྗོད་པར་བྱ་བ་མེད་པ་ཉིད་དུ་དོགས་པ་བསལ་བའི་དོན་དུ་ཉེ་བར་བསྟན་པར་བྱ་བ་ཡིན་ནོ། །ཞེ་ན། མ་ཡིན་ཏེ་བརྗོད་པར་བྱ་བ་བསྟན་པ་ཉིད་ཀྱིས་དོགས་པ་དེ་བསལ་བའི་ཕྱིར་རོ། །བརྗོད་པར་བྱ་བའི་ཁྱད་པར་བསྟན་པར་འདོད་པས་དེ་ཉེ་བར་བཟུང་བ་ཡང་མ་ཡིན་ཏེ། བརྗོད་པར་བྱ་བའི་ཁྱད་པར་སྟོན་པ་ཉིད་ཀྱིས་དེ་བསྟན་པ་ཡིན་པའི་ཕྱིར་རོ། །བྱ་བའི་འབྲས་བུ་དེའི་ཡང་འབྲས་བུར་གྱུར་པའི་དགོས་པ་ཉེ་བར་བསྟན་པར་བྱ་བ་ཡིན་ཏེ། དེ་མེད་པར་བྱ་བའི་འབྲས་བུ་ཙམ་གྱིས་མདོ་སྡེ་ལ་འཇུག་པ་མི་སྲིད་པའི་ཕྱིར། །འདི་ལྟར་མངོན་པར་འདོད་པའི་གཙོ་བོའི་འབྲས་བུ་དོན་དུ་གཉེར་པའི་རྟོགས་པ་དང་ལྡན་པ་རྣམས་ནི་དེའི་ཐབས་ལ་འཇུག་སྟེ། རྒྱུ་མེད་པའི་འབྲས་བུ་མི་འཐད་པའི་ཕྱིར། ནད་མེད་པའི་སྒྲུབ་བྱེད་མ་ཚར་བ་
མེད་པ་རྗེས་སུ་བསྒྲུབས་པས་ནད་མེད་པ་ཐོབ་པ་དང་འདྲ་བར། ཤེས་པར་གྱུར་པའི་ཐབས་གོམས་པར་བྱེད་པ་ན་རང་གི་ཐབས་ལས་བྱུང་བའི་འབྲས་བུ་སྟེར་བར་བྱེད་པ་དེས་ན་ཐབས་རྟོགས་པར་བྱ་བའི་ཕྱིར་མདོ་སྡེ་ལ་འཇུག་གོ །དེ་པས་ན་འཇུག་པའི་ཡན་ལག་གི་གཙོ་བོ་ཉིད་ཡིན་པས་ན་དགོས་པའི་ཡང་དགོས་པ་ཁོ་ན་ངེས་པར་བསྟན་པར་བྱའོ། །དེ་ཡང་ཐབས་སུ་གྱུར་པ་འབྲེལ་བ་ལ་སོགས་པ་མེད་པར་བསྟན་པར་མི་ནུས་པས་མདོ་སྡེའི་དགོས་པའི་ཡང་དགོས་པའི་ཐབས་བསྟན་པར་བྱ་བའི་དོན་དུ་འབྲེལ་བ་ལ་སོགས་པ་བརྗོད་དོ། །དགོས་པའི་ཡང་དགོས་པ་དེ་ཡང༌། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་པ་སྟེ། །དེ་ལས་གཞན་པའི་དབང་བྱས་མིན། །ཞེས་བྱ་བའི་ཚུལ་གྱིས་འབྲེལ་བ་དང་རྗེས་སུ་མཐུན་པའི་ཐབས་དང་ལྡན་པར་བསྟན་པར་བྱ་བ་ཡིན་ནོ། །དེའི་ཐབས་རྗེས་སུ་བསྒྲུབ་པར་མི་ནུས་པ་ཡང་མ་ཡིན་ཏེ། གཞན་དུ་ན་རིམས་ནད་སེལ་བར་བྱེད་པའི་འཇོག་པོའི་གཙུག་གི་ནོར་བུ་རིན་པོ་ཆེ་རྒྱན་གྱི་དོན་དུ་ལྟར་སུ་ཡང་འཇུག་པར་མི་འགྱུར་རོ། །ཐུག་པ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་སྐྱེས་བུའི་མངོན་པར་འདོད་པ་ཡོངས་སུ་རྫོགས་པར་འདོད་པ་རྒྱུན་ཆད་པའི་ཕྱིར་དེ་ལས་གོང་དུ་དགོས་པ་གཞན་ཚོལ་བར་མི་བྱེད་དོ། །འདིའི་འབྲེལ་བ་ལ་སོགས་པ་གང་ཡིན་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། རེ་ཞིག་འབྲེལ་བ་ནི་དགོས་པ་ལ་སོགས་པ་ཤིག་ཏུ་བསྟན་པར་མི་བྱ་སྟེ། འབྲས་བུ་མེད་པའི་ཕྱིར་རོ། །གང་ཞིག་གང་བརྗོད་དུ་ཟིན་ཀྱང་རྟོགས་པར་མ་གྱུར་པ་དེ་ནི་ལོགས་ཤིག་ཏུ་བཟུང་པར་འོས་ཏེ། དཔེར་ན་བརྗོད་པར་བྱ་བ་ལ་སོགས་པ་གང་རུང་ཅིག་བརྗོད་པས་ཅིག་ཤོས་རྟོགས་པར་མི་འགྱུར་པ་ལྟ་བུ་ཡིན་ན། དགོས་པ་བརྗོད་པས་འབྲེལ་བ་མ་བརྗོད་པ་ནི་མི་སྲིད་དོ། །འདི་ལྟར་དེ་རབ་ཏུ་སྟོན་པས་ནི་བསྟན་བཅོས་དང་དགོས་པ་དག་གི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པའི་ངོ་བོའི་ཕྱིར་མཚན་ཉིད་བསྟན་པར་བྱའོ། །གཞན་བླ་མ་བརྒྱུད་པའི་བྱ་བ་ལ་སོགས་པའི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་དོན་དུ་གཉེར་བ་འཇུག་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །བསྒྲུབ་བྱད་དང་སྒྲུབ་བྱེད་ཀྱི་ངོ་བོ་དེ་ཡང་དགོས་པ་བརྗོད་པ་ཉིད་ཀྱིས་བསྟན་ཏེ། འདི་ལྟར་འདི་ནི་འདིའི་
དགོས་པ་ཡིན་ནོ་ཞེས་སྟོན་པས་ནི། འདི་ནི་འདིའི་སྒྲུབ་བྱེད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གང་ཞིག་གང་སྒྲུབ་པར་མི་ བྱེད་པ་དེའི་དགོས་པ་ནི་དེ་མ་ཡིན་ཏེ། ཧ་ཅང ་ཐལ་བའི་ཕྱིར་རོ། །དེ་བས་ན་དོན་གྱི་ཤུགས་ཀྱིས་གོ་བས་འདི་ནི་དགོས་པ་བརྗོད་པ་ལ་སོགས་པ་ཤིག་ཏུ་བརྗོད་པར་བྱའོ། །ཁ་ཅིག་ན་རེ་ཆོས་རྣམ་པར་འབྱེད་པའི་དོན་དུ་གཞི་ཐམས་ཅད་བསྡུས་པ་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་མི་མཐུན་པའི་ཕྱོགས་སྤང་བར་བྱ་བའི་ཕྱིར་གཉེན་པོའི་ཕྱོགས་མ་ལུས་བ་བསྟན་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ནི་ཤེས་བྱ་མ་ལུས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྣམ་པ་མ་ལུས་པ་བསྟན་པར་བྱ་བ་ཡིན་ནོ། །ཞེས་ཟེར་རོ། །དེ་དག་གསུམ་ཆར་ཡང་བདེན་པ་མ་ཡིན་ཏེ། འདི་ལྟར་ཕྱོགས་དང་བོ་གཞི་མ་ལུས་པར་བསྡུས་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར། ཆོས་མངོན་པའི་སྡེ་སྣོད་ལ་སོགས་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྟན་པས་མ་བསྡུས་པ་གང་ཡིན་པ་སྔ་ན་མེད་པའི་དངོས་པོའི་རིགས་དེ་ཡོད་པ་མ་ཡིན་ཏེ། དེས་ན་ཟློས་པའི་སྐྱོན་དུ་འགྱུར་རོ། །གཉིས་པ་གཉེན་པོའི་ཕྱོགས་ཐམས་ཅད་བསྡུས་པ་ལ་མི་མཐུན་པའི་ཕྱོགས་ཀྱི་དངོས་པོའི་གང་ཡིན་པ་མ་བསྡུས་པས། ཉན་ཐོས་ཀྱི་ལམ་ལ་སོགས་པ་གཉེན་པོའི་ཉིད་དུ་བསྒོམ་པར་བྱའོ་ཞེས་བརྗོད་ཀྱང༌། གང་གི་གཉེན་པོ་ཡིན་ཞེས་མ་ཤེས་ན། མི་མཐུན་པ་དང་གཉེན་པོའི་ཕྱོགས་སོ་སོར་ངེས་པར་རྟོགས་པ་མེད་པས། རྟོགས་པ་མེད་པའི་ཉེས་པར་འགྱུར་རོ། །གསུམ་པ་རྣམ་པ་མ་ལུས་པར་བསྡུས་པ་ལ་ཡང༌། ཅི་རྣམ་པ་བཞི་ལས་ཐ་མི་དད་པ་ཡིན་ནམ། འོན་ཏེ་ཐ་དད་པ་ཡིན་ཞེས་རྣམ་པར་རྟོག་པ་གཉིས་སོ། །གལ་ཏེ་རྣམ་པར་རྟོག་པ་དང་པོ་ལྟར་ན་དེའི་ཚེ་རྣམ་པའི་ཐབས་ཀྱི་གཞི་ཉིད་བསྡུས་པ་ཡིན་པས་གཞི་བསྡུས་པ་ལ་འབྱུང་བའི་ཉེས་པ་ཉིད་དུ་འགྱུར་རོ། །འོན་ཏེ་གཉིས་པ་ལྟར་དེའི་ཚེ་རྣམ་པར་རྟོག་པས་བསྐྱེད་པ་གཞི་མེད་པའི་རྣམ་པ་ཙམ་དུ་བསྡུས་པས། བརྒྱུད་པ་ཙམ་གཞི་གང་ལ་ཡང་འཇུག་པར་མི་འགྱུར་པའི་ཕྱིར། རྣམ་པ་འདི་བསྒོམས་ཀྱང་སྐྱེས་བུའི་དོན་དུ་མི་མཁོ་སྟེ། དེས་ན་སྐྱེས་བུའི་དོན་ལ་དགོས་པའི་དོན་མི་སྟོན་པས་མ་བཤད་པའི་ཉེས་པ་ཡོད་དོ། །དེ་པས་ན་ཇི་སྐད་བཤད་
བའི་དོན་གསུམ་ཆར་བསྡུས་པས། ཕྱོགས་རེ་རེ་ལས་འབྱུང་བའི་ཉེས་པ་མི་འཐད་པས། ཉན་ཐོས་ངང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་བསྡུས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་རྣམས་ཐོབ་པར་བྱེད་པའི་ལམ་མ་ལུས་པ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་ཐམས་ཅད་ལ་སྟོན་པར་མཛད་པའི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྟན་པར་མཛད་པ་ནི་བརྗོད་པར་བྱ་བ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བརྗོད་པར་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོའི་དོན་བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་བསྒྲུབ་པའི་རང་བཞིན། གནས་སྐབས་བརྒྱད་ཀྱི་དབྱེ་བ་ཕྱེ་བ་ཐམས་ཅད། སེམས་ཅན་མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱིས་མདོར་བསྡུས་ནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་མ་བརྒྱད་སྟོང་བ་བསྟན་པ་ཡིན་ནོ། །དེ་པས་ན་བསྟན་པར་བྱ་བའི་རྒྱུད་དུ་གཏོགས་པ། མདོར་བསྡུས་པས་དོན་མཐའ་དག་བདེ་བླག་ཏུ་རྟོགས་པ་ནི། ཐུན་མོང་མ་ཡིན་པའི་ཕྱིར་ན་བྱ་བའི་འབྲས་བུར་གྱུར་པའི་དགོས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བརྗོད་པར་བྱ་བ་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ། སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་འཁོར་བ་ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་བསམ་པའི་རྒྱུད་མ་རུངས་པར་བྱས་བ། དངོས་པོ་མ་ལུས་པ་བདག་མེད་པར་བསྒོམ་པ་གོམས་པར་མ་བྱས་པ་རྣམས་ཀྱིས་རྟོགས་པར་མ་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ལས། ཐོས་པའི་ཤེས་པས་བདེ་བླག་ཏུ་ངེས་པར་བཟུང་སྟེ། ཤིན་ཏུ་གསལ་བར་ཉམས་སུ་མྱོང་བས་སྐྱེས་པའི་བག་ཆགས་ལས་བྱུང་བ་དྲན་པའི་ཤེས་པ་ལ་བཞག་ནས་བསམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་ངེས་པར་བྱས་ཏེ། སྒོམ་པའི་རང་བཞིན་གྱིས་བསྒོམས་པ་ན། དེའི་ཕྱིར་ཡང་དག་ཡང་དག་མིན། །གང་དག་
ཤིན་ཏུ་གོམས་གྱུར་བ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་བུ། །ཞེས་བྱ་བའི་ཚུལ་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས། སྦྱིན་པ་ལ་སོགས་པ་དགེ་བ་བསགས་པ་དང་ལྡན་པ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་བློ་བསྐྱེད་པ་རྣམས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ཐོབ་པའི་རིམ་གྱིས་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ཐབས་དང་ལྡན་པ། བྱ་བའི་འབྲས་བུའི་འབྲས་བུར་གྱུར་པའི་དགོས་པ་ཡིན་ནོ། །དེ་སྐད་དུ་ཡང་མངོན་པར་རྟོགས་པའི་རྒྱན་ལས། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང༌། །གཞན་གྱིས་མྱོང་བམ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དབང་དུ་བྱས་ནས། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང༌། དམ་པའི་ཆོས་ཀྱི་ཚོགས་བསྲུང་བ་ལ་རྣམ་པ་ཐམས་ཅད་དུ་བདག་པོར་བྱས་པ་ཡིན་པའི་ཕྱིར་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ལས་བསྟན་པ་གཏད་པ་ཡིན་པའི་ཕྱིར་དང༌། གཞན་རྣམས་ཀྱི་ཁྱད་པར་བརྗོད་པ་མེད་པའི་ཕྱིར་ལྕང་ལོ་ཅན་ན་བཞུགས་པས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོས། འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་སྡུད་པར་གསོལ་བ་འདེབས་པ། འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །གཞན་དག་ནི་འདི་ཉིད་ཀྱི་ཡོངས་སུ་གཏད་པའི་ལེའུ་ལས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་པ་ཞེས་བྱ་བ་ལ་སོགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཏད་པ་ཡིན་པའི་ཕྱིར། ཡང་དག་པར་སྡུད་པར་བྱེད་པ་ནི་འཕགས་པ་ཀུན་དགའ་བོ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ངེས་
པའི་དོན་རྗོད་པར་བྱེད་པས། རང་དང་རྗེས་སུ་མཐུན་པའི་ཤེས་པས་ངེས་པར་བཟུང་པའི་མདོའི་དོན་མ་ལུས་པ་ཉེ་བར་སྟོན་པ་ལྷུར་ལེན་པའི་ཚིག་གིས་ནི། དེ་ནི་འདི་ལྟར་ཡིན་ནོ་ཞེས་ཕྱིན་ཅི་མ་ལོག་པ་ཉིད་དུ་བརྗོད་དོ། །བདག་གིས་ཞེས་བྱ་བ་བདག་ཉིད་སྟོན་པའི་ཚིག་གིས་ནི་བཅོམ་ལྡན་འདས་ཀྱི་ཐད་ནས་མངོན་སུམ་དུ་མཉན་པར་རོ། །ཐོས་པ་ཞེས་བྱ་བ་རྣ་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་པའི་ཚིག་གིས་ཀྱང་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་དག་གིས་འདི་ལྟ་བུའི་ཆོས་མཐའ་དག་རྟོགས་པའི་ནུས་པ་མེད་པས་རྟོགས་པ་མེད་པ་ཉིད་དུའོ། །ཚིག་གསུམ་པོ་འདི་དག་ནི་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་མདོ་སྡེ་རྩོམ་པའི་དང་པོར་བསྟན་པ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང་དོན་སྣ་ཚོགས་པ་ལ་ལྷག་པར་མོས་པས་རབ་ཏུ་ཕྱེ་བ་བདེ་བར་གཤེགས་པའི་གསུང་གི་རྒྱུན་རྟོགས་པར་དཀའ་ཞིང་བྱང་ཆུབ་ཉིད་ཐོབ་པར་བྱེད་པའི་དོན་རྟོགས་པར་གྱུར་པ་མེད་པ་ན། འགའ་ཞིག་གིས་ཇི་ལྟར་བསྡུ་པར་བྱ་སྙམ་དུ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སོམ་ཉི་སེལ་བར་བྱེད་པ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས། བཅོམ་ལྡན་འདས་མ་འོངས་པའི་དུས་སུ་དམ་པའི་ཆོས་ཇི་ལྟར་ཡང་དག་པར་བསྡུ་པར་བགྱི་ཞེས་ཞུས་པ་ན། ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་ཐོས་པར་བྱས་བར་དོན་མ་རྟོགས་སུ་ཟིན་ཀྱང་དམ་པའི་ཆོས་ཡང་དག་པར་སྡུད་པར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོ་ལས་དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་ཀྱིས་ལ་དམ་པའི་ཆོས་བསྡུ་པར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་འབྲེལ་བ་དང་གོ་རིམས་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཀའ་འདི་ལས་ཀྱང་ཡུལ་དང་དུས་ལ་སོགས་པའི་ཚིག་དང༌། དེ་བཞིན་དུ་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་བོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཉིད་ཀྱིས། ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་བྱས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་པ་མེད་དོ། །དེ་ལྟ་ཡིན་
དང་སངས་རྒྱས་ཀྱི་བཀར་སངས་རྒྱས་ཀྱི་བཀའ་མ་ཡིན་པ་བཅུག་པའི་ཉེས་པ་འདིའི་གོ་སྐབས་ཀྱང་རྒྱང་བསྲིངས་པ་ཉིད་དུ་བྱས་སོ། །དེ་བས་ན་ཇི་ལྟར་ཐོས་པ་དེ་བཞིན་དུ་ཡང་དག་པར་བསྡུས་པ་ཡིན་ནོ་ཞེས་འཐད་དོ། །དེ་ལྟར་བྱས་ན་ཁ་ཅིག་གིས་འདི་སྐད་བདག་ལ་བསྟན་ཏོ་ཞེས་བརྗོད་པར་བྱ་བ་ལས་འདི་སྐད་བདག་གིས་ཐོས་པ་ཞེས་ཅིའི་ཕྱིར་བརྗོད་ཅེས་རྩོད་པ་བཀོད་ནས། བཅོམ་ལྡན་འདས་ཀྱིས་སྟོན་པ་མི་འཐད་པ་ལ་སོགས་པའི་རིགས་བ་གཞན་དག་ཀྱང་བརྗོད་པ་གང་ཡིན་པ། དེ་ནི་ཤིན་ཏུ་མཛེས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་འཕགས་པ་ཀུན་དགའ་པོས་ཕྱོགས་གཞན་དུ། ཁོ་བོས་འདི་སྐད་ཐོས་པའི་ཚིག་གིས་གཟུང་བ་གང་ཡིན་པ། བཅོམ་ལྡན་འདས་ཀྱིས་བདག་གིས་མངོན་སུམ་དུ་གསུངས་པའི་མདོ་ཡང་ཡོད། ལྷ་ཡུལ་དུ་གསུངས་པ་ཡང་ཡོད། བརྒྱུད་དེ་འོངས་པ་ཡང་ཡོད་དོ་ཞེས་བརྗོད་པ། དེ་ཐམས་ཅད་ཀྱི་དབང་དུ་བྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། །བཅོམ་ལྡན་འདས་ཀྱིས་གང་དུ་གསུངས། །ཤེས་རབ་ཆེན་པོ་ཁྱེད་ཀྱིས་སྨོས། །བདེ་གཤེགས་སྲས་པོ་ཁྱེད་སྨྲོས་ཤིག །ཅེས་གསུངས་ཆེན་པོས་སྨྲས་པའི་ཚིག་གི་མཐར། འཕགས་པ་ཀུན་དགའ་བོས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་རྒྱུད་བརླན་པར་བྱས་ཤིང་བཞིན་མཆི་མ་ཅན་རྣམ་པར་འགྱུར་པར་དང་བཅས་པས་ཁྱབ་པའི་སྒྲ་དབྱངས་ཀྱིས་འདི་སྐད་བདག་གིས་ཐོས་པ་ཞེས་སྨྲས་པ་མ་ཡིན་ནམ། དེ་ཇི་ལྟར་བདག་གིས་ཞེས་བྱ་བ་བདག་ཉིད་སྟོན་པའི་ཚིག་གིས་མངོན་སུམ་དུ་ཐོས་པར་བརྗོད་ཅེ་ན། འདི་ལ་ཉེས་པ་མེད་དེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བསྟན་པ་ནི་ངེས་བསྟན་པ་ཡིན་པ་ལྟར། དེའི་མཐུས་གཞན་ལས་ཐོས་པ་ཡང་བཅོམ་ལྡན་འདས་ཉིད་ཀྱི་ཐད་ནས་ཐོས་པ་ཡིན་ནོ། །ཡང་ན་གཞན་དག་ལས་ཐོས་ན་ཡང་ཆོས་འཛིན་པའི་མཆོག་ཡིན་པས་དོན་ངེས་པར་བྱ་པའི་ཕྱིར་དེས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །དེས་ན་དོན་ངེས་པའི་དབང་གིས་བཅོམ་ལྡན་འདས་ལས་དེ་སྐད་ཐོས་པ་ཡིན་པས་ན་བདག་གིས་ཞེས་སྨྲས་པ་ཡིན་ནོ། །ཁོ་བོས་འདི་སྐད་ཐོས་པའི་ཚིག་གིས་བསྟན་པར་བྱ་བ་གང་ཡིན་པ་ཐམས་ཅད་གང་
བརྗོད་པ་དེ་ནི་གཞུང་གི་དབང་དུ་བྱས་པ་ཡིན་པས་ཉེས་པ་མེད་དོ། །དེ་ལྟར་གླེང་བསླང་བ་བྱས་ནས། ད་ནི་གང་གི་ཚེ་གང་ལས་གང་དུ་སུ་ཞིག་དང་ལྷན་ཅིག་ཁྱོད་ཀྱིས་འདི་ལྟ་བུའི་མདོ་སྡེ་རིན་པོ་ཆེ་ཐོས་ཞེས་དྲིས་པ་དང༌། བདག་ཉིད་ཚད་མའི་སྐྱེས་བུའི་བསྟན་པར་བྱ་བའི་ཕྱིར། ལན་འདེབས་པས་ཡུལ་དང་དུས་དང་སྟོན་བ་པོ་དང་འཁོར་ཕུན་སུམ་ཚོགས་པ་ནི་སྟོན་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་གླེང་གཞི་གསུངས་པ་ནི། དུས་གཅིག་ན་ཞེས་བྱ་བ་སྟེ། དུས་གཅིག་གི་ཚེ་ན་ཐོས་སོ། །ཞེས་སྔ་མ་དང་སྦྱར་རོ། །འདིས་ནི་འདི་ལྟ་བུའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟ་བུའི་མདོ་སྡེ་ནི་དུས་ཐམས་ཅད་དུ་ཐོས་མི་སྲིད་བའི་ཕྱིར་བརྒྱ་ལམ་ན་ཡིན་པར་བསྟན་པར་བསྟན་པ་ཡིན་པས་འདི་རྙེད་པར་དཀའ་བ་ཉིད་དུ་བསྟན་ཏོ། །ཡང་ན་སྡུད་པ་པོས་དུས་གཅིག་གི་ཚེན་བདག་གིས་མདོ་སྡེ་འདི་ཐོས་ཀྱི། གཞན་གྱི་ཚེ་ན་གཞན་ཡིན་ནོ་ཞེས་ཟུར་གྱིས་སྨོས་པས་འགྲོ་བའི་དོན་གྱི་ཕྱིར། སྙིང་རྗེ་ཅན་གྱི་སྨན་པའི་རྒྱལ་པོའི་ཚུལ་དུ་སྡུད་པ་པོ་རང་ཉིད་མང་དུ་ཐོས་པར་བརྗོད་པ་ཡིན་ནོ། །ཡང་ན་སྐད་ཅིག་མ་གཅིག་ལ་ཐོས་སོ་ཞེས་བྱ་བའི་དོན་ཏེ། རྨི་ལམ་དུ་ལྷ་ལ་སོགས་པའི་མཐུས་དུས་ཅུང་ཞིག་ལ་ཡང་ལོ་བརྒྱ་ལ་སོགས་བར་དམིགས་པ་དང་འདྲ་བར། བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་མཚུངས་བ་དེ་མ་ཐག་པའི་རྐྱེན་ཡིད་ཀྱི་རྣམ་པར་ཤེས་པ་ལས་བྱུང་བ། མདོའི་དོན་མ་ལུས་པ་སྣང་བ་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་ནི་སྐད་ཅིག་མ་གཅིག་ལས་བྱུང་བའི་ཕྱིར་རོ། །འདིས་ནི་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ན། བདག་གི་མཉན་པར་བྱ་བ་གང་ཇི་སྙེད་པ་དེ་ཐམས་ཅད་སྐད་ཅིག་མ་གཅིག་ལ་བདག་གིས་ཐོས་ཤིང༌། བརྗེད་པ་ཡང་མེད་དོ་ཞེས་བདག་ཉིད་ཚད་མའི་སྐྱེས་བུ་ཉིད་ཡིན་པར་སྟོན་ཏོ། །དེ་ཉིད་ཀྱིས་ན་ཡང་དག་པར་སྡུད་པར་བྱེད་པ་གདུལ་བྱའི་སྐྱེ་བོའི་ཚོགས་གཞན་རྗེས་སུ་གཟུང་བའི་དོན་དུ། ཕྱིས་རིམ་གྱིས་བསྟན་པ་ལ་འཇུག་པ་ན། རྟག་ཏུ་མཉམ་པར་གཞག་པ་ཡོད་པ་མ་ཡིན་པས། ཅི་ཞིག་ལྟར་བར་དུ་ཡུལ་གཞན་ལ་དམིགས་པའི་སེམས་ལུང་དུ་མ་བསྟན་པ་འབྱུང་དུ་ཟིན་ཀྱང༌། དུས་ཕྱིས་མདོ་མ་ཚང་བ་མེད་
པར་སྡུད་པ་ནི་མི་འགལ་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་ཡོངས་སུ་རྫོགས་པར་སྣང་བ་དང་ལྡན་པའི་ཤེས་པ་སྔར་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་འདི་ཉན་པར་བྱེད་པ་ན་ཆོས་ཉན་པའི་བདུད་རྩིའི་རོས་ཚིམ་པ་མེད་པའི་ཕྱིར་རོ། །གདུལ་བྱའི་ཚོགས་ལྷག་མ་རྣམས་ཀྱང་འདི་ལྟ་བུར་ཅིའི་ཕྱིར་མ་གྱུར་ཞེ་ན། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་རྗེས་སུ་འབྲངས་ན། བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་དག་པ་ནི་དེ་ལྟར་འགྱུར་པ་ཉིད་ཀྱི་ཡིན་གྱི། ཐམས་ཅད་ལ་ནི་མ་ཡིན་ཏེ། ཁྱད་པར་དུ་འཕགས་པའི་སྐལ་བ་ཉིད་མ་ཚང་བས་དེ་ལྟ་བུར་འཛིན་པའི་ནུས་པ་ཉིད་ཡོད་བ་མ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ན་བསྟན་པ་གཅིག་ལ་རྣམ་པར་དབྱེ་བ་འདིར་འགྱུར་ཞེ་ན། བསྟན་པ་འདི་ནི་ཀུན་རྫོབ་ཏུ་ཡི་གེ་དང་ཚིག་ཏུ་སྣང་བ་ཅན་གྱི་ཤེས་པའི་བདག་ཉིད་ཅན་ཡིན་ལ། དེ་ནི་སྟོབས་ཇི་ལྟ་བ་བཞིན་དུ་ལན་གཅིག་གམ་རིམ་གྱིས་སྐྱེ་བ་ཡིན་པས་ཉེས་པ་མེད་དོ། །ཡང་ན། ཡུལ་གཞན་གདུལ་བར་བྱ་ཕྱིར་དང༌། །དེར་གནས་དཀོན་པ་བསྐྱེད་ཕྱིར་དང༌། །ཉན་ཐོས་གནས་མང་བྱ་ཕྱིར་དང༌། །ཆགས་པ་མེད་པར་བསྟན་པ་དང༌། །ཡུལ་རྣམས་མཆོད་རྟེན་བྱ་ཕྱིར་དང༌། །འགྲོ་བའི་བསོད་ནམས་དོན་ཉིད་དང༌། །ཡམས་ལ་སོགས་པ་ཞི་དོན་དུ། །སངས་རྒྱས་རྒྱུ་བར་མཛད་པ་ཡིན། །ཞེས་བྱ་བས་གཞན་ལ་ཕན་པ་ལ་མཆོག་ཏུ་གཞོལ་བའི་ཐུགས་ཉིད་ཀྱིས་དུས་གཅིག་གི་ཚེ་ན་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །ཞེས་ཚིག་འོག་མ་དང་སྦྱར་བར་བྱ་སྟེ། གཞན་གྱི་ཚེ་ནི་གཞན་ལ་བཞུགས་པའི་ཕྱིར་རོ། །ཉོན་མོངས་ལས་དང་དེ་བཞིན་སྐྱེ།། ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེས་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་དོན་བརྗོད་པས་ངེས་པའི་ཚིག་གི་ཚུལ་གྱིས་ན། ཉོན་མོངས་པ་ལ་སོགས་པ་བཅོམ་པ་དང་ལྡན་པས་ན། བཅོམ་ལྡན་འདས་སོ། །ཡང་ན། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་བྱ་བ་དེ་འདི་ལ་མངའ་བས་ན། དབང་ཕྱུག་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བར་
སྤྱར་རོ། །དོན་དང་ལྡན་པའི་མིང་ཅན་རབ་ཏུ་གྲགས་པའི་གནས་ཀྱི་ཁྱད་པར་རྒྱལ་པོའི་ཁབ་ན། ད་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་བའི་ཡུམ་སྟོན་པ་ལ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོའི་ཁུར་ཡུལ་གཞན་གྱིས་འདེབས་པར་མི་ནུས་པ་ཉིད་ཀྱིས་མངོན་པར་བྱང་ཆུབ་པའི་གནས་དང་འདྲ་བར་འདོད་པར་བྱ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོར་གྱུར་པ་ཡོད་པ་གང་ཡིན་པ་དེ་ནི་བྱ་རྒོད་ཀྱི་ཕུང་པོའོ། །ལྷ་ལ་སོགས་པ་བསོད་ནམས་འདོད་པ་རྣམས་ཚེས་བརྒྱད་ལ་སོགས་པའི་དུས་ཚིགས་རྣམས་སུ་འདུ་བརྒྱ་ཆེར་བྱེད་པ་ཞེས་བྱ་བའི་ངེས་པའི་ཚིག་གི་ཚུལ་གྱིས་ན་རིའོ། །དེར་བཞུགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པས་འཇིག་རྟེན་ལས་འདས་པ་རྨད་དུ་བྱུང་བའི་ཆོས་སྟོན་པས་དང་པར་མཛད་དེ། ཀུན་བརྗོད་པའི་ཆོས་འཕྲུལ་གྱིས་བསམ་པ་དང་བག་ལ་ཉལ་ཡོངས་སུ་མཁྱེན་པས་ཡོངས་སུ་སྨིན་པར་མཛད་ནས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཐེག་པ་གསུམ་གྱིས་འདུལ་བའི་སེམས་ཅན་ཁྱད་པར་དུ་དྲན་པ་ལ་སོགས་པར་བྱེད་པ་རྣམས་གྲོལ་བར་མཛད་པས་མངོན་པར་འདོད་པའི་དོན་མཛད་ཅིང༌། སྐུ་དང་གསུང་གི་འཕྲིན་ལས་དང༌། ཆོས་དང་སེམས་ཅན་ལ་དམིགས་པའི་ཐུགས་ཀྱི་ངོ་བོ། །སྤྱོད་ལམ་དང༌། ཆོས་འཆད་པ་དང༌། སྙོམས་པར་འཇུག་པ་དང༌། ནང་དུ་ཡང་དག་འཇོག་སྟེ། རྣམ་པ་བཞིས་དེ་ལྟར་བཞུགས་བར་གྱུར་པ་ཡིན་ནོ། །གལ་ཏེ་བྱུང་ཟིན་ཕ་མ་ཡིན་པ་ལྐོག་ཏུ་གྱུར་བའི་དུས་ལ་ཏི་སྨའི་སྒྲའི་སྦྱོར་བ་བྱས་པ་མ་ཡིན་ནམ། འདིར་ནི་དུས་དེ་སྡུད་པར་བྱེད་པའི་ལྐོག་ཏུ་གྱུར་པ་མ་ཡིན་པ་དེས་ན་ཇི་ལྟར་ན་བཞུགས་ཏེ་ཞེས་སྦྱོར་ཞེ་ན། བདེན་ཏེ་འོན་ཀྱང་དེའི་རྗེས་ཐོགས་ཉིད་དུ་ལྐོག་ཏུ་མ་གྱུར་པ་ལ་ཡང་ངོ་ཞེས་བརྗོད་པ་དེས་ན་འདི་ལེགས་པ་ཉིད་ཡིན་ནོ། །ཡང་ན་སྔོན་གྱི་བྱཱ་ཀ་ར་ཎའི་དབང་གིས་སམ། སྐྱེ་བོ་གཞན་ལ་ལྟོས་ནས་ལྐོག་ཏུ་གྱུར་པར་ཉེ་བར་མཚོན་པ་ཡིན་པས་ཉེས་པ་མེད་དོ། །དེ་བཞིན་དུ་བཀའ་སྩལ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་གཞག་པར་མི་འོས་པས་སམ་ཚུར་ཤོག་ཅེས་བྱ་བས་བསྙེན་པ་རྫོགས་པ་ཉོན་མོངས་པའི་ཚོགས་བཅོམ་པ་རྣམས་སོ།།
དགེ་འདུན་ནི་སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང༌། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བརྗོད་དོ། །ཞེས་བྱ་བས་སོ། །ཆེན་པོ་ཞེས་བྱ་བ་ནི་གྲངས་དང༌། ཡོན་ཏན་ཆེན་པོ་ཉིད་དང་ལྡན་པས་མཐུ་ཆེ་བས་སོ། །ཐབས་གཅིག་པ་ནི་ལྷན་ཅིག་པ་སྟེ། ཡོངས་སུ་བསྐོར་ནས་བཞུགས་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལ་གྲངས་ཆེ་པ་ཉིད་ནི་སྟོང་ཉིས་བརྒྱ་ཞེས་བྱ་བ་ལ་སོགས་པས་བརྗོད་དེ་ཚིག་གི་དོན་གོ་སླའོ། །གྲངས་བརྗོད་པ་ནི་ཉན་ཐོས་ཀྱི་འཁོར་མཐའ་ཡས་པ་ལས་གྲངས་སུ་ངེས་པར་གཟུང་བའི་དོན་ཏོ། །དོན་མང་པོ་ལས་གྲངས་མདོར་བསྡུས་པ་སྨོས་པ་ནི་མི་བརྗེད་པས་གོ་སླ་བར་བྱ་བའི་དོན་དང༌། མང་དུ་ཐོས་པ་དང༌། འཛིན་པས་འཇིགས་པ་རྣམས་རྣ་གཏད་པའི་དོན་ནམ། ཚད་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་ཉེ་བར་གཟུང་བ་ཡིན་ནོ། །ཡོན་ཏན་ཆེ་བ་ཉིད་ནི་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པས་སྨོས་པ་ཡིན་ཏེ། འདིར་ཐམས་ཅད་ཀྱང་མཆོད་པ་དང༌། ཡོན་དང་ཚོགས་སུ་འདུ་བ་ལ་སོགས་པར་འོས་པས་ན་དགྲ་བཅོམ་པའོ། །སྲིད་པའི་རྩེ་མོའི་མཐར་ཐུག་པའི་འཁོར་བར་ཟག་པར་བྱེད་པའི་ཕྱིར་ཟག་པ་སྟེ། འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པ་གསུམ་པོ་རྣམས་སོ། །དེའི་གཉེན་པོའི་ཟག་པ་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ཐོབ་པས་ཅི་རིགས་པར་ཟད་པ་གང་ཡིན་པ་དེ་དག་ནི་ཟག་པ་ཟད་པའོ། །ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་གང་ཡིན་པ་དེ་དག་ནི་ཉོན་མོངས་པ་མེད་པའོ། །ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་ཐོབ་པས་གོ་རིམས་བཞིན་དུ་ཉེས་པར་སྤྱོད་པ་དང༌། སྲེད་པ་དང༌། ལྟ་པ་ངན་པ་དང༌། སྲིད་པའི་འཆིང་བ་ལས་རྣམ་པར་གྲོལ་བའི་ཕྱིར་ཡང་དག་པའི་སྤྱོད་ལམ་དང༌། མངོན་པར་ཤེས་པས་རྣམ་པར་བརྩེ་བ་དང༌། ལྷ་དང་འཕགས་པའི་བཞུགས་པ་ཐོས་པས། དེ་རང་ཉིད་འཇིག་རྟེན་གྱི་དང་འཇིག་རྟེན་དང་སེམས་དབང་དུ་གྱུར་པ་གང་ཡིན་པ་དང༌། རང་ཉིད་འཆིང་བ་ཐམས་ཅད་དང་བྲལ་ཞིང་རང་དབང་ཐོབ་པའི་ཕྱིར་དབང་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་དག་ནི་དབང་དུ་གྱུར་བའོ། །སྲེད་པ་དང་མ་རིག་པའི་ཕྱོགས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་
མོངས་པ་སྤང་བའི་ཕྱིར། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ནི་སེམས་རྣམ་པར་གྲོལ་བ་ཡིན་ལ། དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ནི། ཤེས་རབ་རྣམ་པར་གྲོལ་བ་ཡིན་ནོ། །དེ་ལྟར་བྱས་ན་སྲེད་པ་དང་མ་རིག་པའི་ཕྱོགས་རྣམས་མེད་པས། གོ་རིམས་བཞིན་དུ་འདོད་ཆགས་དང་བྲལ་བ་དང༌། མ་རིག་པའི་ཆགས་པ་དང་བྲལ་བའི་ཕྱིར། སེམས་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི། དེ་ལས་དེ་ཐོབ་པའི་ཕྱིར་སྙོམས་པར་འཇུག་པ་དང་ཉོན་མོངས་པའི་སྒྲིབ་པས་ལས་ཤིན་ཏུ་རྣམ་པར་གྲོལ་བས་རྣམ་པ་ཐམས་ཅད་དུ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དག་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ། །ཅང་ཤེས་པ་ཞེས་བྱ་བ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་འཇིགས་པ་རྣམས་དང་བདག་གིས་སྨད་པ་དང་གཞན་གྱིས་སྨད་པ་དང་ངན་འགྲོ་དང་འཚོ་བ་མེད་པ་དང་ཆད་པས་གཅད་པ་དང༌། ཚིགས་སུ་བཅད་པ་མེད་པ་དང་འཆི་བས་འཇིགས་པ་རྣམས་དང༌། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་གོས་པའི་འཇིགས་པ་དང༌། རང་གི་རྟོགས་པའི་གེགས་སུ་གྱུར་པ་མི་ཤེས་པ་དང་ཐེ་རྩོམ་དུ་གྱུར་པ་དང་ལོག་པར་ཤེས་པའི་འཇིགས་པ་རྣམས་མེད་པས། གོ་རིམས་བཞིན་དུ་སྡུག་བསྔལ་བ་དང། འཇིགས་པ་དང༌། འཇིག་རྟེན་གྱི་ཆོས་དང༌། མི་ཤེས་པའི་དོགས་པ་དང་བྲལ་བའི་ཕྱིར་འཇིགས་པ་མེད་པ་ཉིད་ཀྱིས་ཅང་ཤེས་པའོ། །རིག་པ་གསུམ་ལ་སོགས་པ་ཁྱད་པར་ཅན་གྱི་ཆོས་རྟོགས་པ་དང་ལྡན་པས་གཙོ་བོ་ཆེན་པོར་གྱུར་པའི་ཕྱིར་གླང་པོ་ཆེན་པོའོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཡོངས་སུ་རྫོགས་པས། སྡུག་བསྔལ་ཐམས་ཅད་ལས་ཐར་པ་ལ་སོགས་པ་ངེས་པར་བྱ་བ་རྣམས་བྱས་བ་དང༌། ཞར་ལ་བྱ་བ་རང་གི་འདོད་པ་ལ་རག་ལས་པས་འཇུག་པ་སྦྱངས་པའི་ཡོན་ཏན་ལ་སོགས་པའི་བྱ་བར་འོས་པ་གང་ཡིན་པ་དེ་ནི། བྱ་བ་བྱས་པ་བྱེད་པ་བྱས་པའོ། །སྡུག་བསྔལ་ལ་སོགས་པ་འཕགས་བའི་བདེན་པ་བཞི་བོ་རྟོགས་པའི་ཕྱིར་བདག་ཉིད་ཇི་ལྟ་བའི་ཡོངས་སུ་ཤེས་པར་བྱ་བ་དང༌། སྦང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པར་བྱ་བ་རྣམས་མེད་པས་ཁུར་བོར་བ་སྟེ། ཕུང་བོ་དང༌། ཉོན་མོངས་པ་དང༌། དམ་བཅས་པ་དང༌། བརྩོན་
པའི་ཁུར་རྣམས་རྣམ་པ་ཐམས་ཅད་དུ་སྤངས་པ་གང་ཡིན་པ་དེ་དག་ནི་ཁུར་པོར་བའོ། །རིག་པ་དང་མ་རིག་པ་ཐོབ་པ་དང་སྤངས་པ་དག་གིས་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤང་བའི་མཚན་ཉིད་ཅན་གྱི་རང་གི་དོན་རྣམ་པ་གཉིས་པོ་དང༌། བཅོམ་ལྡན་འདས་ཀྱི་རྗེས་སུ་ཐོབ་པ་གང་ཡིན་པ་དེ་དག་ནི་རང་གི་དོན་རྗེས་སུ་ཐོབ་པའོ། །སྲིད་པ་དང་སྐྱེས་བུ་ལྷན་ཅིག་ཀུན་ཏུ་སྦྱོར་བར་བྱེད་པ་ཁོང་ཁྲོ་བ་ལ་སོགས་པའི་ཀུན་ཏུ་སྦྱོར་པ་དགུ་པོ་ཇི་ལྟར་སྲིད་པའི་འཕགས་པའི་ལམ་གྱིས་ཀུན་ནས་ཡོངས་སུ་ཟད་བར་བྱེད་པ་གང་ཡིན་པ་དེ་དག་ནི་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་བཟད་པའོ། །ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཀུན་ནས་ཤེས་པས་ན་ཀུན་ཤེས་པ་སྟེ། དེ་ཁོ་ན་ཉིད་རྟོགས་པའོ། །དེས་སེམས་ལེགས་པར་རྣམ་པར་གྲོལ་ཞིང་འཆིང་བ་ཐམས་ཅད་ལས་ཤིན་ཏུ་རྣམ་པར་གྲོལ་བ་གང་ཡིན་པ་དེ་དག་ནི་ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མཚན་ཉིད་ཀྱི་སེམས་ཅན་ཐམས་ཅད་ལ་རང་དབང་དུ་གྱུར་པའི་ཕྱིར། དབང་ཡང་ཡིན་ལ་དེ་ནི་དམ་པའི་ཕ་རོལ་ཏེ། རང་གི་རིགས་རབ་ཀྱི་མཐར་ཕྱིར་པ་ཐོབ་བ་ལ་ཡང་ཡིན་པས་ན་དེ་དག་ནི་སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པའོ། །དེ་བས་ན་དེ་ལྟ་བུའི་དགེ་སློང་དང་ཞེས་ཐམས་ཅད་ལ་གསུམ་པའི་མཐར་སྦྱར་བའོ། །ཁ་ཅིག་ནི་ཐམས་ཅད་ཀྱང་དགྲ་བཅོམ་པའོ། །ཅིའི་ཕྱིར་ཞེ་ན། ཟག་པ་ཟད་པའི་ཕྱིར་རོ། །ཟག་པ་ཟད་པ་ནི་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་བྱ་བའི་བར་དུ་སྔ་མ་སྔ་མའི་རྒྱུ་ཕྱི་མ་ཕྱི་མ་ཡིན་ནོ། །སྐྱེས་བུའི་དོན་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་བའི་ཕྱིར་དེ་ལས་གཞན་པའི་ཁྱད་པར་ནི་བརྗོད་པར་མི་བྱའོ་ཞེས་ཟེར་རོ། །རྣམ་འགྲེལ་བྱེད་པ་ནི་དགྲ་རྣམས་བཅོམ་པས་ན་དགྲ་བཅོམ་པའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་བས་ན་ཟག་པ་ཟད་པའོ། །ཡང་ཟག་པ་ཟད་པར་འབད་པའི་བདག་ཉིད་ཅན་གྱི་ཉོན་མོངས་པ་མེད་པས་ན་ཉོན་མོངས་པ་མེ་པའོ། །དེ་ལྟར་ན་ཚིག་འདི་དག་གིས་ནི་ཉེས་པ་རྣམས་ཤིན་ཏུ་སྤངས་པའི་མཚན་ཉིད་ཅན་གྱི་ཡོན་ཏན་བརྗོད་ནས། ད་ནི་གཉེན་པོའི་ཕྱོགས་ཀྱི་མཚན་ཉིད་ཅན་གྱི་
ཡོན་ཏན་ནི་དབང་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པས་བརྗོད་དོ། །མངོན་པར་ཤེས་པ་ལ་སོགས་པ་ཁྱད་པར་ཅན་གྱི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་པ་མི་སློབ་པའི་ཞི་གནས་དང་ལྷག་མཐོང་དག་དང་ལྡན་པའི་ཕྱིར་འཇིག་རྟེན་གསུམ་ལ་ཕན་འདོགས་པར་ནུས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་གྱི་ཁུར་ལ་བཅོམ་ལྡན་འདས་ཀྱིས་ངེས་པར་སྦྱར་བ་ནི་དབང་དུ་གྱུར་པའོ། །རྣམ་པ་ཐམས་ཅད་དུ་སྲེད་པ་དང་ལྟ་བའི་འཆིང་བ་ལས་རྣམ་པར་གྲོལ་བས་གོ་རིམས་བཞིན་དུ་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བའོ། །ཡོན་པོ་མ་ཡིན་ཞིང་དྲང་པོའི་ལམ་གྱིས་བགྲོད་པར་བྱ་བ་ཇི་སྲིད་པར་འགྲོ་བས་ན་ཅང་ཤེས་པའོ། །ཉོན་མོངས་པའི་གཡུལ་ལས་རྣམ་བར་རྒྱལ་བའི་ཕྱིར་གླང་པོ་ཆེན་པོའོ། །ཡང་རྒྱལ་བར་བྱ་བ་མེད་པས་ན་བྱ་བ་བྱས་པའོ། །བྱ་བ་རྣམས་རིགས་པའི་ཚུལ་གྱིས་རྫོགས་པར་བྱས་པས་ན་བྱེད་པ་བྱས་པའོ། །ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་མི་སོགས་པས་ན་ཁུར་བོར་བའོ། །མྱ་ངན་ལས་འདས་པ་མངོན་དུ་ཐོབ་པར་བྱེད་པས། རང་གི་དོན་རྗེས་སུ་ཐོབ་པའོ། །སྲིད་པའི་རྒྱུ་ཡང་དག་པར་བཅོམ་པས་ན་སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པའོ། །མཐོང་བ་དང་བསྒོམ་པའི་ལམ་གྱིས་རབ་ཀྱི་མཐར་ཐུག་པས་ན་ཡང་དག་པའི་ཤེས་བས་སེམས་ཤིན་ཏུ་རྣམ་པར་གྲོལ་བའོ། །ཁྱད་པར་ཅན་གྱི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ལ་དབང་ཐོབ་པ་ཉིད་དང༌། རང་གི་རིགས་ཀྱི་མཆོག་ཏུ་གྱུར་པར་འགྲོ་བས་ན། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའོ་ཞེས་དེ་ཁོ་ན་ལྟར་འགྲེལ་ཏེ་སྔ་མའི་རྒྱུ་ནི་ཕྱི་མ་ཕྱི་མ་ཡིན་ནོ་མཐར་ཐུག་པ་བརྗོད་པ་ལ་ཡང་ཁྱད་པར་བརྗོད་པར་མི་བྱ་སྟེ། དེས་ན་མཐར་ཕྱིན་པ་མེད་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་འཆད་དོ། །ཆོས་འཛིན་པའི་མཆོག་ཡིན་པའི་ཕྱིར་ཇི་སྐད་དུ་སྨོས་པའི་གྲངས་ཀྱི་ནང་དུ་གཏོགས་སུ་ཟིན་ཀྱང༌། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཟག་གཅིག་མ་གཏོགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཟག་ཅེས་བྱ་བ་རྒྱུ་དང་འབྲས་བུའི་མཚན་ཉིད་བསྒོ་བར་བྱ་བ་དང༌། སྒོ་བར་བྱེད་པའི་ངོ་བོ་རྟག་པ་ནི་མི་འཐད་པས་དགེ་བ་དང་མི་དགེ་བའི་བག་ཆགས་རྣམས་ཀྱིས་གང་ཞིང་མི་རྟག་ལ། དེ་
ལྟ་བུ་དང་རྗེས་སུ་མཐུན་པའི་འགྲོ་བ་ལེན་ཅིང་འཛིན་པར་བྱེད་བ་ཞེས་བྱ་བའི་ངེས་བའི་ཚིག་གི་ཚུལ་གྱིས་ན་རྒྱུན་ཉིད་ཀྱིས་གང་ཟག་གཅིག་གོ །འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་ཉེ་བར་སྟོན་པ་ལྷུར་ལེན་པའི་ཚིག་ཕྲད་དོ། །ཚེ་འདོད་པར་གྱུར་པས་ཚེ་དང་ལྡན་པ་སྟེ། ཕན་པ་དང་བདེ་བ་དང་མཆོད་པ་རྗོད་པར་བྱེད་པའོ། །ལུང་ཐམས་ཅད་འཛིན་པ་དང༌། སངས་རྒྱས་ཀྱི་བསྙེན་བཀུར་གྱིས་དགའ་བ་ཐོབ་པ་ཉིད་ཀྱིས་ན་ཀུན་དགའ་བོའོ། །དེས་ན་ཚེ་དང་ལྡན་པ་འཕགས་པ་ཀུན་དགའ་བོ་འདི་སྟོན་པར་མཛད་པའི་དུས་ན་རྒྱུན་དུ་ཞུགས་པ་ཡིན་པས་འདི་སྐད་བརྗོད་པའི་ཡོན་ཏན་དང་མི་ལྡན་པས། གང་ཟག་གཅིག་པོ་འདི་མ་གཏོགས་ཏེ་བཞག་ནས་ཞེས་བརྗོད་པ་ཡིན་ནོ། །བྱ་བ་ཡོངས་སུ་རྫོགས་པ་དང༌། རང་ལ་ཕན་པར་འདོད་པ་དང༌། དེ་བཞིན་གཤེགས་པའི་བྱིང་ཡིས་བརླབས་ཀྱིས་ཐམས་ཅད་འབྱོར་པའི་ཕྱིར། ཉེས་དམིགས་ལྔ་དང་མ་འབྱོར་དང༌། །མིག་དགའ་ཆགས་དང་ཡིད་མི་བདེ། །འཐབ་དག་རྙེད་སོགས་སྲེད་དང་མཛའ། །བརྩེ་དང་བླ་མ་ལ་གུས་དང༌། །ཏོ་མཚར་ཁྱད་པར་དོན་ཕྱིར་དང༌། །ལྷུང་དང་དཀོན་མཆོག་རྒྱུ་དང་ནི། །མཆོད་རྟེན་ལ་སོགས་ཕྱག་བྱའི་ཕྱིར། །དགེ་སློང་རྒྱུ་བར་བྱེད་པ་ཡིན། །ཞེས་བྱ་བ་རྒྱུ་བར་བྱེད་པའི་རྒྱུ་བཅོ་ལྔ་དང་བྲལ་བའི་ཕྱིར་རང་ཉིད་གར་ཡང་མི་འགྲོའི། འོན་ཀྱང་བྱས་པས་ཤེས་པ་དང་ཆོས་ལ་གུས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཐད་ན་རྟག་ཏུ་གནས་པས་རང་གི་ཡིན་པའི་ཕྱིར། རང་གི་བའི་ཉན་ཐོས་ཆེན་པོའི་འཁོར་བརྗོད་པ་ཡིན་ནོ། །མདོ་སྡེ་རིན་ཆེན་ཟབ་མོ་ནི། །དཔག་མེད་ཉན་པའི་སྲིད་པ་ཡིས། །མཐའ་ཡས་འཇིག་རྟེན་ཁམས་རྣམས་སུ། །མཁས་པ་གང་ཕྱིར་རྒྱུ་བྱེད་པས། །དེ་ཡི་ཐེག་པ་བཤད་ཉིད་ཀྱིས། །དེ་དག་མང་པོ་འོངས་གྱུར་ཏེ། །དེས་ན་མདོ་སྡེའི་ལུང་རྣམས་སུ། །རྒྱལ་བའི་སྲས་རྣམས་མ་བརྗོད་དོ། །ཞེས་བྱ་བ་ནི་ཁ་ཅིག་གིའོ། །ཚིག་ལྷུར་ལེན་པ་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་འཕགས་པ་སྟོང་ཕྲག་བརྒྱ་པ་བསྟན་ཏོ། །བར་མ་ལ་དགའ་བ་སྤྲོས་ཏེ་བཤད་པས་གོ་བའི་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བས། དོན་ཐམས་ཅད་བསྡུས་ནས་འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པ་བསྟན་ཏོ། །མགོ་སྨོས་པས་གོ་བ་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་པ་བསྐྱེད་པའི་ཕྱིར་དེའི་ཡང་དོན་ཐམས་ཅད་དུ་བསྡུས་ནས་འཕགས་པ་
བརྒྱད་སྟོང་པ་གསུངས་པ་ཡིན་ནོ། །དེས་ན་དེའི་རྗེས་སུ་འབྲངས་ནས་ཆོས་མཐོང་བ་མདོར་བསྡུས་པ་ལ་དགའ་བའི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མའི་འཁོར་རྣམས་དང༌། དེ་བཞིན་དུ་ལྷག་པའི་བསམ་པ་རྣམ་པར་དག་པ་དང༌། རྩོལ་བ་དང་བཅས་པས་མཚན་མ་མེད་པ་ལ་གནས་པ་དང༌། ལྷུན་གྱིས་གྲུབ་པས་མཚན་མ་མེད་པ་ལ་གནས་པ་དང༌། ངེས་བའི་སྤྱོད་པ་ལ་ཡང་དག་པར་ཞུགས་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ནི་ཚད་མེད་པར་ཤེས་པར་བྱའོ། །ཞེས་བྱ་བ་ནི་གཞན་གྱིའོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས། དེ་ལྟར་ཇི་སྐད་བཤད་རྣམས་ཀྱིས། །བརྒྱད་སྟོང་འདི་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་པར་འདོད། །དོན་དེ་ཇི་སྐད་གསུངས་དེ་ཉིད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་དེའི་རྗེས་སུ་འབྲངས་པ་ཉིད་ཀྱིས་སྐལ་བ་ཞན་པ་རྣམས་འཁོར་ལ་སོགས་པ་མེད་པ་ན་ཡིད་མི་བདེ་བ་བཟློག་པར་བྱ་བའི་ཕྱིར་དང༌། འདོད་པ་ཆུང་བ་ལ་དགྱེས་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་གདན་བཤམས་ནས། མདོ་སྡེ་རིན་པོ་ཆེ་འདི་ནི་མཉམ་པར་གཞག་པ་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་བསྟན་པར་བྱ་བའི་ཕྱིར་ཤིན་ཏུ་རྐྱོང་བ་ལ་སོགས་པའི་ཉེས་པ་དང་བྲལ་བ་ཉིད་ཀྱིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་སྐུ་དྲང་པོར་བཞུགས་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་པ་སྔོན་དུ་འགྲོ་བས། ཤངས་ཀྱི་རྩེ་མོར་སྤྱན་གཏད་དེ་དྲན་པ་རྩེ་གཅིག་ཏུ་མངོན་དུ་ཕྱོགས་པར་མཛད་ནས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཞེངས་སོ། །དེ་ནས་བྱམས་པ་དང་སྙིང་རྗེའི་སྤྱན་དག་གིས་འཇིག་རྟེན་འདི་དག་སྡུག་བསྔལ་གྱིས་གཟིར་བ་ལ་ཡང་དག་པར་གཟིགས་ཏེ་བསྟན་པ་འདི་ནི་ཆུང་དུ་དང༌། འབྲིང་དང༌། ཆེན་པོའི་དབྱེ་བས་སྐལ་བ་ཇི་ལྟ་བ་བཞིན་ཏུ་འགྲོ་ཞིང་སངས་རྒྱས་ཉིད་ཀྱི་མཐར་ཐུག་པར་བྱེད་པའི་འབྲས་བུ་ཅན་ཡིན་ནོ་ཞེས་གདུལ་བྱ་རྣམས་ཀྱིས་རྟོགས་པར་མཛད་པས། ཅི་རིགས་པར་སྐུའི་ཡན་ལག་དང་ཉིན་ལག་རྣམས་དང༌། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་
སྟོང་དྲུག་ཅུ་དྲུག་ཅུ་དང་རང་བཞིན་གྱི་འོད་སྤྲོ་བ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་ཅིང༌། སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མཛད་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་དོ། དེ་ལས་འོད་ཟེར་གྱི་ཚོགས་མང་པོ་སྤྲོས་པ་ལ་གནས་པའི་པདྨའི་སྙིང་པོ་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་པ་སྔོན་དུ་འགྲོ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་སྟོན་པར་མཛད་པས་སྔ་མ་བཞིན་དུ་སེམས་ཅན་གྱི་དོན་མཛད་དེ། དེ་དོན་དུ་གཉེར་བའི་སྐྱེ་བོ་བསྡུ་བའི་ཕྱིར། ཡུམ་སྟོན་པའི་ལྟས་པ་ཐོགས་པ་མེད་པ་སྟོན་པར་མཛད་དོ། །དེའི་འོག་ཏུ་དེ་བཞིན་དུ་འཁོར་གྱི་འཇིགས་པ་ལ་སོགས་འཇིགས་པ་ཐམས་ཅད་དང་བྲལ་བས། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནས་མི་གཙང་བ་དང༌། ཉན་པོ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ལ་མི་མཁས་པ་ལ་རྒྱལ་བའི་ཡུམ་བསྟན་པར་མི་བྱའོ་ཞེས་ཆོས་སྨྲ་བ་རྣམས་ལ་གོ་བར་བྱ་བའི་ཕྱིར། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། གང་གིས་ལྟས་ཆེན་པོ་བཅྭ་བརྒྱད་སྔོན་དུ་འགྲོ་བ་དང་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་བསྡུས་པའི་མི་ཁོམ་པ་བརྒྱད་རྣམ་པར་བསལ་བས་གནས་ཡོངས་སུ་སྦྱངས་པས། དེ་ན་གནས་པའི་སེམས་ཅན་རྣམས་ལྷ་དང་མི་དང་སྐལ་པ་མཉམ་པར་སྐྱེས་ནས་སྐྱེ་བ་དྲན་ཏེ། དགའ་བ་དང་རབ་ཏུ་དགའ་བས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་བ་སྔོན་དུ་འགྲོ་བས་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་ལོང་བར་གྱུར་བ་ལ་སོགས་པའི་ཉེས་པ་དང་བྲལ་ཞིང༌། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་དང༌། ཚངས་པའི་གནས་བཞི་ལ་མངོན་པར་དགའ་ཞིང༌། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་ཐོབ་པས། རྒྱལ་བའི་ཡུམ་མཉན་པའི་སྣོད་དུ་གྱུར་པས་འདི་ལྟ་བུའི་རང་བཞིན་གྱི་ཤེས་རབ་དང་ཡང་དག་པར་ལྡན་པར་གྱུར་ཏེ། འདི་ལྟར་སྦྱིན་པ་ནི་ལེགས་པའོ། །དུལ་བ་ནི་ལེགས་པའོ། །ཞི་བ་ནི་ལེགས་པའོ། །ཡང་དག་
པར་སྡོམ་པ་ནི་ལེགས་པའོ། ཚངས་པར་སྤྱད་པ་ནི་ལེགས་པའོ། །སྲོག་ཆགས་སུ་གྱུར་པ་རྣམས་ལ་མི་འཚེ་བ་ནི་ལེགས་པའོ་ཞེས་བྱ་བའི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་རྣམ་པ་གཉིས་སོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཤེས་བྱ་མཐའ་དག་མངའ་བརྙེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་སྤྱོད་དོ་ཞེས་སྟོན་པར་མཛད་པས། གདུལ་བྱ་རྣམས་གྲུས་པ་བསྐྱེད་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་འོད་དང་སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མན་ན་ནས། གོ་རིམས་བཞིན་དུ་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱིས་རི་བོ་ཐམས་ཅད་ཟིལ་གྱིས་མནན་པ་ལྟ་བུར་མཛད་པར་གྱུར་ཏོ། །དེ་བཞིན་དུ་འདི་ལྟ་བུ་ཉིད་ཀྱིས་འདི་ཐུགས་སུ་ཆུད་པ་དང་སྟོན་པར་སྤྱོད་ཀྱིས་བདག་ཅག་ལྟ་བུས་ནི་མ་ཡིན་ནོ་ཞེས་གདུལ་བྱ་རྣམས་འབད་པ་འབད་པ་མི་བྱེད་པར་འགྱུར་དུ་འོང་བས། དེའི་ཕྱིར་མིར་གྱུར་པ་ཁོ་ནས་ཐམས་ཅད་བསྒྲུབས་པར་ནུས་སོ་ཞེས་སྤྲོ་བ་ཡང་དག་པར་བསྐྱེད་པའི་དོན་དུ། འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་ཀྱི་ལུས་དང་མཉམ་པ་རང་བཞིན་གྱི་སྐུ་ཐམ་ལ་པ་བསྟན་ཏོ། །དེ་ནས་རབ་ཏུ་དང་བ་ཁྱད་པར་ཅན་སྐྱེས་པར་གྱུར་བའི་ལྷ་དང་མི་ཡང་དག་པའི་དོན་སྒོམ་པ་གོམས་པ་ལས་དུས་གཞན་དུ་འདི་ལྟ་བུའི་བདག་ཉིད་ཀྱི་ཆོས་རྟོགས་པར་མཐོང་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མེ་ཏོག་ལ་སོགས་པས་མཆོད་པ་ན། ཇི་ལྟར་ཕུལ་བ་ཡོངས་སུ་ལོངས་སྤྱད་པ་དང༌། དེ་བཞིན་དུ་དེ་བཞིན་དུ་ལེགས་པར་སྔོས་བའི་དངོས་པོ་ཡོངས་སུ་ལོངས་སྤྱོད་པ་ལས་སེམས་དང་བས་བསོད་ནམས་མངོན་པར་སྤེལ་བ་དང༌། ལུས་ལ་སོགས་པ་ཤིན་ཏུ་སྦྱངས་པས་གདུལ་བྱ་རྣམས་ལ་ཡེ་ཤེས་ཀྱི་ཚོགས་བདེ་བར་བསྐྱེད་པར་འགྱུར་རོ་སྙམ་ནས་རྗེས་སུ་གཟིང་བའི་དོན་དུ། མེ་ཏོག་ལ་སོགས་མེ་ཏོག་ལ་སོགས་པ་དེ་དག་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས། ཉིད་ཀྱི་བུའི་སྟེང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་པའི་ཁང་པ་བརྩེགས་པ་རྒྱན་ཐམས་ཅད་ཀྱིས་མཛེས་ཤིང་འཇིག་རྟེན་གྱི་ཁམས་འདི་ཤིན་ཏུ་མཛེས་པར་བྱེད་
པའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། བདག་ཏུ་རློམ་པའི་བག་ཆགས་མ་སྤངས་པ་རྣམས་ལ། གཅིག་ལ་མངོན་པར་དམིགས་ཏེ་ཆོས་སྟོན་པར་མཛད་ན། ཡིད་མི་བདེ་བ་ལ་སོགས་པས་ཡང་དག་པར་འཇུག་པར་མི་འགྱུར་རོ་སྙམ་པས་སྔ་མ་བཞིན་དུ། རྣམ་པ་ཐམས་ཅད་དུ་འཛིན་པ་ལ་སོགས་པའི་དོན་དང༌། དེ་བཞིན་དུ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་འཇུག་ཀྱང༌། ཕྱིས་སྐལ་བ་ཇི་ལྟ་བ་བཞིན་དུ་མྱུར་བ་དང༌། རིང་ཞིག་ལོན་པའི་དབྱེ་བསལ་ལ་ཞིག་རྟོགས་པར་ལུང་བསྟན་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ལ་སོགས་པར་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཅན་ངེད་ལ་སེམས་གཞན་དུ་བྱ་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་མདུན་དུ་བདེ་བར་གཤེགས་པའི་རྒྱལ་པོས་ཆོས་རྣམ་པ་ཐམས་ཅད་སྟོན་པ་ལྟ་བུར་མཛད་པའི་བདག་གི་སྐུ་མཉམ་པར་བསྟན་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་གཉིས་སོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་སུ་འཁྲུངས་པའི་ཕྱིར་དང༌། ཤེས་རབ་ལ་སོགས་པ་ཕུལ་དུ་བྱུང་བ་ཡང་སྲིད་པའི་ཕྱིར་བཅམ་ལྡན་འདས་འདི་ནི་སངས་རྒྱས་ཐམས་ཅད་དང་རྣམ་བ་ཐམས་ཅད་དུ་འགྲོ་བའི་དོན་མཛད་པ་ལ་མཉམ་པ་མ་ཡིན་ནོ། །ཞེས་སྐྱེ་བོ་དམན་པ་རྣམས་ཀྱི་དོགས་པ་སེལ་བས། འཇུག་པ་དང་ཚོགས་རྫོགས་པ་མཚུངས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ་སོའི་སངས་རྒྱས་ཀྱི་ཞིང་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱབ་སྲིད་པས་སངས་རྒྱས་ཐམས་ཅད་དང་ལྷན་ཅིག །ཚོགས་དང་ཆོས་སྐུ་དག་དང་ནི། །འགྲོ་བའི་དོན་དུ་སྤྱོད་པར་ནི། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཆད་ཀྱིས་མིན། །ཞེས་བདག་ཉིད་མཚུངས་པར་བསྟན་པ་དང༌། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྐྱེ་བར་སྨོན་ལམ་བཏབ་པའི་རང་གི་གདུལ་བྱའི་བྱང་ཆུབ་སེམས་དཔའ་རྣམས་ལ་གསུང་རབ་མདོ་སྡེ་རིན་པོ་ཆེ་མ་ལུས་པར་ཕྱིན་ཅི་མ་ལོག་པར་བསྟན་པས། ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་འཛུམ་བ་མཛད་དེ། གང་
གིས་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་མི་མཉམ་པ་ཉིད་ཀྱི་ཐེ་ཚོམ་གྱི་ས་བོན་རྣམ་པ་ཐམས་ཅད་དྲུངས་ཕྱུང་བར་གྱུར་པ་ཐམས་ཅད་ཀྱི་ཕན་ཚུན་ནས་ཕན་ཚུན་གྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་འཁོར་གྱི་དཀྱིལ་འཁོར་གྱི་ཚོགས་དང་བཅས་པ་རྣམས་མཐོང་ནས་མཚུངས་པ་ཉིད་དུ་རྟོགས་པ་དང༌། དེ་བཞིན་དུ་སྣང་བ་ཆེན་པོ་ལ་སོགས་པའི་ལྟས་མཐོང་བ་སྔོན་དུ་འགྲོ་བས། རང་གི་བླ་མ་ལ་མ་ཞུས་པར་བབ་ཆོལ་དུ་འགྲོ་བ་ནི་མི་རིགས་སོ་སྙམ་ནས། དེའི་དོན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་དུ་སོང་སྟེ་ཞབས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཉིད་ཀྱིས། བཅོམ་ལྡན་འདས་སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་བ་འདི་དང་ཞེས་བྱ་བ་ལ་སོགས་པ་ཞུས་པའི་ལན་གྱི་རྗེས་ཐོགས་ལ། བསྔགས་པ་གསུང་བ་ཐོས་པས་རང་གི་བདག་པོའི་ཐུགས་དགོངས་བཟང་པོ་རིག་པ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་ལྟ་བུ་དེ་ལྟ་བ་ལ་སོགས་པའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་མཆིའོ་ཞེས་གསོལ་ཏེ་སྣང་བ་ཐོབ་ནས། རང་གི་བདག་པོས་ཆོས་ལ་གུས་པས་མཆོད་པའི་དོན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨའི་སྐྱེས་བསྐུར་བ་དང༌། གནོད་པ་ཆུང་ངམ་ཞེས་བྱ་བ་ལ་སོགས་པ་སྙུན་གསོལ་བའི་ཚིག་དང༌། འཇིག་རྟེན་གྱི་ཁམས་འདི་སྙིགས་མ་ལྔ་དང་ལྡན་པ་ཡིན་པས་བག་ཡོད་པར་གནས་པར་གྱིས་ཤིག་ཅེས་བྱ་བའི་རྗེས་སུ་བསྟན་པ་མནོས་ནས། འཁོར་དཔག་ཏུ་མེད་པ་དང་བཅས་པས་བར་གྱི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་ཅིང་འོངས་ནས། ཞབས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་མཆོད་པའི་ཚོགས་བྱིན་གྱིས་བརླབས་ཏེ། རང་རང་གི་གནས་སུ་འཁོད་ནས་རང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙུན་གསོལ་བའི་ཚིག་དང་པདྨ་ཕུལ་བར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་སྣང་བའི་ཆོ་འཕྲུལ་རྣམ་པ་གཉིས་ཡིན་ནོ། །དེའི་རྗེས་ལ་བཅོམ་ལྡན་
འདས་ཡོངས་སུམ་དག་པའི་འཇིག་རྟེན་གྱི་ཁམས་སུ་འཁྲུངས་སུ་ཟིན་ཀྱང་དེའི་ཉེས་པས་མ་གོས་པ་ཤེས་པར་བྱ་བའི་ཕྱིར་དང༌། དམ་པའི་ཆོས་ལ་མཆོད་བ་བྱ་བའི་ཕྱིར། པདྨ་དེ་རྣམས་རང་རང་གི་ཕྱོགས་སུ་གཏོར་བ་ན། པདྨ་དེ་རྣམས་ལ་དེ་བཞིན་གཤེགས་པ་བཞུགས་པ་སྔོན་དུ་འགྲོ་བ་ཅན་རྒྱལ་བའི་ཡུམ་སྟོན་པར་མཛད་པས། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མཛད་པའི་དོན་དུ་དམ་པའི་ཆོས་ལ་མཆོད་པ་ཕུལ་ནས། སྐལ་བ་ཇི་ལྟ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པའི་འདུས་པ་རྣམས་འོངས་པར་ཐུགས་སུ་ཆུད་ནས། ཐོག་མ་དང༌། བར་མ་དང༌། ཐ་མར་དགེ་བ་ལ་སོགས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་དོ་ཞེས་བྱ་བ་ནི་གླེང་གཞི་ཡིན་པར་ཤེས་པར་བྱའོ། །མགོ་སྨོས་པས་གོ་བ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་འཛིན་བ་བསྟན་པའི་དབང་དུ་མཛད་པ་ཡིན་པས་འདིར་ནི་དེ་དག་མ་གསུངས་སོ། །དེས་ནི་གང་གི་ཆོ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཇི་སྐད་དུ་བཤད་པའི་འཁོར་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། ཆོས་སྟོན་པར་མཛད་ཅིང་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལས་གནས་དེ་ཉིད་དུ་འཁོར་དེ་རྣམས་དང་ལྷན་ཅིག་འདི་སྐད་བདག་གིས་མདོ་སྡེ་རིན་པོ་ཆེ་ཐོས་སོ། །ཞེས་བརྗོད་པ་ཡིན་ནོ། །ཡུལ་ལ་སོགས་པ་ཡང་དག་པར་བསྒྲགས་པ་འདི་ཐམས་ཅད་ཀྱིས་ཀྱང༌། འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འབྲངས་པ་ལས་ཡང་དག་པར་སྡུད་པར་བྱེད་པས་བདག་ཉིད་ཚད་མར་བསྒྲུབས་པ་ཡིན་པའི་ཕྱིར་ན། གདུལ་བྱ་རྣམས་ལ་གུས་པ་དང་བཅས་བས་མཉན་པ་དང་བསམ་པ་ལ་སོགས་པར་བརྗོད་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས། སྟོན་པ་དབང་པོའི་འཁོར་དང་ནི། །ཡུལ་དང་དུས་ཀྱང་ངེས་བསྟན་པ། །དད་ལྡན་འཇུག་པའི་ཡན་ལག་ཏུ། །སྡུད་པོ་རང་ཉིད་ཚད་མར་ནི། །རབ་གྲུབ་ཕྱིར་ཡིན་འཇིག་རྟེན་ན། །ཡུལ་དང་དུས་སོགས་ཀྱིས་མཚོན་ཅིང༌། །དབང་པོར་བཅས་ཚིག་སྨྲ་བ་ཡི། །སྨྲ་པོ་ཚད་མར་རབ་ཏུ་རྟོགས། །ཞེས་བཤད་པ་ཡིན་ནོ། །དེ་ལ། མདོ་དོན་སྨྲ་བར་འདོད་པ་ཡིས། །
དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་རྣམ་པར་བཤད་པའི་རིགས་པ་ལས་རྣམ་པ་ལྔས་མདོ་སྡེ་བཤད་པར་བྱའོ། །ཞེས་ངེས་པར་བྱས་སོ། །དེ་ལ་དགོས་པ་ནི་བཤད་ཟིན་པ་ཁོ་ནའོ། །དེ་བས་ན་ཉན་པ་པོའི་སྐྱེ་བོ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང༌། བསྟན་བཅོས་དོན་རྣམ་པར་དབྱེ་པ་བྱས་པ་ནི་འཆད་པ་པོ་རྣམས་ཀྱིས་ཀྱང་བཤད་སླ་བ་དེས་ན་རེ་ཞིག་མདོར་བསྡུས་པའི་དོན་བརྗོད་པར་བྱའོ། །དེ་ལ་འབྲས་བུ་བསྟན་པས་བྱང་ཆུབ་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་ན་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྗོད་དོ། །དེ་ནི་ཉན་ཐོས་ཀྱི་ལམ་ལ་སོགས་པ་ཡོངས་སུ་ཤེས་པ་མེད་པར་མ་ཡིན་པས་དེའི་རྗེས་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །དེ་ཡང་གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་མ་ཡིན་པས་དེའི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་དོ། །དེ་ནས་དེ་ལྟར་ཐོབ་པའི་ཐམས་ཅད་མཁྱེན་ཉིད་གསུམ་རྣམ་པ་ཐམས་ཅད་དུ་དབང་དུ་བྱ་བའི་དོན་དུ་ཡང་རྣམ་པ་ཐམས་ཅད་དང་ལམ་དང་དངོས་པོའི་བྱེ་བྲག་བསྡུས་ནས་ཀུན་མཁྱེན་གསུམ་སྒོམ་པས་རྟོགས་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །ཁྱད་པར་ཅན་གྱི་ལམ་གྱིས་རབ་ཀྱི་མཐར་ཐུག་པ་རྟོགས་པ་ཐོབ་པ་རྩེ་མོའི་མངོན་པར་རྟོགས་པ་ལ་བརྟེན་ནས། སོ་སོབ་དང་བསྡུས་པའི་དབྱེ་བས་རྣམ་པར་བསྒོམས་པའི་དོན་རྣམས་ངེས་པར་བྱ་བའི་དོན་དུ་རིམ་པར་བཀོད་བས་མངོན་དུ་བྱེད་པ་ཞེས་བྱ་བ་མཐར་གྱིས་པའི་མངོན་པར་རྟོགས་པ་རིག་ནས། ཡང་ལེགས་པར་གོམས་པར་བྱ་བའི་ཕྱིར་རྣམ་པར་བསྒོམས་པ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་རྟོགས་པའི་དེ་མ་ཐག་ཏུ། སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ་མངོན་པར་རྟོགས་པ་བརྒྱད་མདོར་བསྡུས་པའོ། །དེ་སྐད་དུ་ཡང༌། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་
བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་གཏོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་གསུངས་པ་ཡིན་ནོ། །མདོར་བསྟན་པ་ནི་རྒྱས་པར་སྨྲས་ན་ལེགས་པར་བཤད་པ་ཉིད་ཡིན་པས་སླར་ཡང་བསྡུས་པའི་དོན་རྒྱས་པར་བརྗོད་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འགྲོ་བར་འདོད་པས་དང་པོར་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་རང་བཞིན་ཅན་རྣམ་པ་གཉིས་པོ་བསྐྱེད་ནས། སེམས་བསྐྱེད་པ་དང་དེས་འཕངས་པའི་ཆོས་རྣམས་རྫོགས་པར་བྱ་བའི་ཕྱིར་ཡང་དག་པར་ཐོབ་པའི་ཡོན་ཏན་ཡོངས་སུ་བསྲུང་བའི་དོན་གྱིས་མངོན་པར་འཕེལ་བར་བྱ་བའི་དོན་དུ་བསྒྲུབས་པ་ལ་སོགས་པ་གདམས་ངག་བཟུང་བའི་རྗེས་ལ། ཐོས་པ་ལ་སོགས་པ་རབ་ཏུ་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་དང་མཐུན་པ་དད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་དགེ་བའི་རྩ་བའི་འོག་ཏུ་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་བཞི་པོ་འཇིག་རྟེན་པའི་སྒོམ་པའི་རང་བཞིན་ངེས་པར་བྱས་ཏེ། ཇི་སྐད་བཤད་པའི་ངེས་བར་འབྱེད་པའི་ཆ་དང་མཐུན་པ་དང་གཞན་མཐོང་བའི་ལམ་ལ་སོགས་པ་ཡང་སྒྲུབ་པ་དང་ལྡན་པ་ཡིན་པས་ན་སྒྲུབ་པའི་རྟེན་དུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཆོས་ཐམས་ཅད་དམིགས་པ་སྔོན་དུ་འགྲོ་བ་ཅན། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱིས་སེམས་ཆེན་པོ་ཉིད་དང་སྤོང་བ་ཆེན་པོ་ཉིད་དང་རྟོགས་པ་ཆེན་པོ་ཉིད་ཀྱི་དབང་དུ་བྱས་ཏེ། སྒྲུབ་པ་ལ་འཇུག་པས་དབེན་གྱི་གནས་སུ་གྱུར་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་བསྒོམ་པར་བྱའོ། །དེའི་རྗེས་ལ་དེ་ཐོབ་བར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་དང༌། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམ་པ་བཞི་ལ་མངོན་པར་རྟོགས་པ་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ནོ། །དེས་ན་དེ་ལྟར་ཇི་ལྟབ་བཞིན་དུ་སྦྱོར་བ་དང་མཐོང་བ་དང་སྒོམ་པ་དང་ཁྱད་པར་
གྱི་ལམ་གྱི་ངོ་བོ་གོ་ཆ་ལ་སོགས་པའི་སྒྲུབ་པ་རྣམས་ཀྱི་ནང་ནས། བརྩོན་འགྲུས་ཀྱི་རང་བཞིན་ཡིན་པས་དང་པོར་གོ་ཆའི་སྒྲུབ་པས་གོ་བགོས་ནས། འཇུག་པའི་སྒྲུབ་པས་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་ལ་མངོན་པར་འཛེགས་པ་མངོན་དུ་འགྲོ་བ་ཅན། ཚོགས་ཀྱི་སྒྲུབ་པས་ཚོགས་བསགས་པས་ནི། ངེས་པར་འབྱུང་བའི་སྒྲུབ་པ་རྟོགས་པར་བྱའོ། །ཞེས་དེ་ལྟར་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཆོས་རྟོགས་པའི་རིམ་གྱིས་བསྟན་པ། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ལེའུ་དང་པོས་བསྡུས་པ་ཡིན་ནོ། །དེ་སྐད་དུ་ཡང༌། སེམས་བསྐྱེད་པ་དང་གདམས་ངག་དང༌། །ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཐམས་ཅད་ཡོངས་སུ་ཤེས་པ་མེད་ན་མ་ཡིན་པས་ལམ་ཐམས་ཅད་ཤེས་པ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དག་གིས་ལྷ་ལ་སོགས་པའི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་མོག་མོག་པོར་མཛད་པས་འཇིག་རྟེན་སྐྱོང་བ་ཉིད་ལ་སོགས་པའི་མངོན་པའི་ང་རྒྱལ་བསལ་བའི་ཕྱིར་ན་གང་ཟག་ང་རྒྱལ་བཅོམ་པའི་རྒྱུད་ཉིད་ལ་འདི་རྟོགས་པའི་སྐལ་བ་ཡོད་པ་ཡིན་ནོ་ཞེས་ཚིག་གི་ཟུར་གྱིས་བསྟན་པས་རྟེན་བརྗོད་པའི་རྗེས་ཐོགས་ལ། ཡུལ་སོ་སོར་ངེས་པ་ལ་སོགས་བ་བརྗོད་ནས། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ཡིན་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ལམ་བསྟན་པ་སྔོན་དུ་འགྲོ་བ་ཅན། འཇིག་རྟེན་འདི་ལ་སོགས་པའི་ཡོན་ཏན་དང་ཉེ་བར་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་ཕན་ཡོན་ཆེན་པོ་ཅན་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་པ་ལམ་བསྡོང་པར་བྱ་བ་ཉུང་བ་ཉིད་དང༌། གདུལ་བྱ་འབྲས་བུ་ལ་གཞོལ་བ་ཉིད་ཀྱིས་འཇུག་པའི་ཕྱིར་དང་པོར་དེའི་བྱེད་པ་བསྟན་ནས། ཟག་པ་དང་
བཅས་པ་དང་ཟག་བ་མེད་པའི་རང་བཞིན་གྱི་བསྒོམ་པའི་ལམ་རྣམ་པ་གཉིས་ཡིན་པས་ན། མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པའི་དབྱེ་བས་ཟག་པ་དང་བཅས་པའི་བསྒོམ་པའི་ལམ་གསུམ་ཡོད་པའི་ནང་ནས་འབྱུང་ཁུངས་ནས་གསེར་གྱི་གའུ་ལྟར་བསོད་ནམས་མངོན་པར་འདུ་བྱེད་བ་ཡིན་པའི་ཕྱིར། དང་པོར་མོས་པ་ཡིད་ལ་བྱེད་པ་གསུངས་ཏེ། དེ་བསྒོམ་པའི་བྱང་ཆུབ་སེམས་དཔའ་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། དེ་ལྟར་ལྷག་པར་མོས་པ་ལ་སངས་རྒྱས་ལ་སོགས་པ་བསྟོད་པ་ལ་སོགས་པ་མཛད་དོ་ཞེས་གོང་ནས་གོང་དུ་མངོན་པར་དགའ་བའི་རང་བཞིན་དུ་བསྟོད་པ་དང་བཀུར་བ་དང་བསྔགས་པ་གསུངས་སོ། །དེའི་རྗེས་ལ་དེ་གསེར་མགར་གྱི་རྒྱན་བཞིན་དུ་བསོད་ནམས་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་པ་བསྔོ་བ་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བ་ཅན། རང་དང་གཞན་གྱི་བསོད་ནམས་བྱ་བ་མཉམ་པ་ཉིད་ཐོབ་པར་བྱ་བའི་དོན་དུ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་གསུངས་སོ། །སྦྱོར་བ་དང་རྣམ་པར་དག་པའི་དབྱིབས་བསྒོམ་པའི་ལམ་ཟག་པ་མེད་པས་རྣམ་པ་གཉིས་ཡིན་པས་ན། དང་པོར་མངོན་པར་སྒྲུབ་པའི་མཚན་ཉིད་བསྟན་ནས། གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་སྟོན་པར་མཛད་པ་ཡིན་པས། ལེའུ་གཉིས་པ་ནས་བརྩམས་ཏེ་ལེའུ་བརྒྱད་པའི་བར་ནས། གསོལ་པ་གང་དེ་ལྟར་རྟོགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་འདིའི་མཐར་ཐུག་བས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་ཉིད་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང༌། མོག་མོག་པོར་བྱེད་ལ་སོགས་དང༌། །སློབ་མ་བསེ་རུའི་ལམ་གང་དང༌། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང༌། །བསྟོད་དང་བཀུར་དང་བསྔགས་པ་དང༌། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གསུངས་པ་ཡིན་ནོ། །
དེ་ནས་གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པར་མི་འགྱུར་བས་ན། ཐམས་ཅད་ཤེས་པ་ཉིད་བསྟན་པའི་དོན་དུ། ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཐོང་བ་དང་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པའི་གཞན་གྱི་དབང་དུ་གྱུར་པས་བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་དང༌། ཞི་བ་ལ་མི་གནས་པའི་ཕྱིར་ན་ལྡོག་པ་སྟོན་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པ་སྔོན་དུ་འགྲོ་བ་ཅན་དེ་ཉིད་གཞུང་གཟུགས་པའི་དོན་ཁོ་ནར་རྗེས་སུ་འགྲོ་བ་དང་ལྡོག་པས་མཚན་མར་འཛིན་པ་དང༌། མཚན་མ་མེད་པར་འཛིན་པ་ལས་རྒྱལ་བའི་ཡུམ་རིང་བ་དང་ཅིག་ཤོས་སུ་བསྟན་ཏེ། དམིགས་པ་དང་མི་དམིགས་པ་དང་གིས་མི་མཐུན་པ་དང་གཉེན་པོ་དག་བསྟན་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་དག་རྣམ་པར་བསྒོམ་པའི་སྦྱོར་བ་ཉིད་ཡང་རྗེས་སུ་འགྲོ་བ་ཉིད་ཀྱི་སྒོ་ནས་བརྗོད་པའི་དེ་མ་ཐག་ཏུ། དེའི་མཉམ་པ་ཉིད་བསྟན་པ་སྔོན་དུ་འགྲོ་བས། མཐོང་བའི་ལམ་བསྒོམ་པར་བྱ་བར་གསུངས་སོ་དེའི་ཕྱིར་ལེའུ་བརྒྱད་པ་ལས། ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་བརྩམས་ཏེ། ལེའུ་དགུ་པ་ནས། རབ་འབྱོར་ཆོས་གང་ཡང་བསྐོར་བའམ་ལྡོག་པ་མེད་དོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་གསུངས་པའི་མཐར་ཐུག་པའི་བར་གྱིས་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ནི་ཟློག་པའི་སྒོ་ནས་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མ་ཐུན་གཉེན་པོའི་ཕྱོགས་དག་དང༌། །སྦྱོར་དང་དེ་ཡིས་མཉམ་ཉིད་དང༌། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་ཡོངས་སུ་ཤེས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ། དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པའི་བྱེད་བྲམ་བསྡུས་ནས་ཐམས་ཅད་མཁྱེན་བ་ཉིད་གསུམ་
སྒོམ་པར་བྱེད་པས་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བསྟན་པའི་དོན་དུ་རྣམ་པ་རྣམས་སྦྱོར་བ་ཁྱད་པར་ཅན་རྣམས་ཀྱིས་གྲངས་ཇི་ལྟ་བ་བཞིན་དུ་ཡོན་ཏན་དང་སྐྱོན་བླང་བ་དང་དོར་བར་འདོད་ནས་མཚན་ཉིད་ཤེས་པ་སྔོན་དུ་བཏང་སྟེ། ཐར་པའི་ཆ་མཐུན་གྱི་དགེ་བ་སྐྱེས་པས་བསྒོམ་པར་བྱའོ་ཞེས་རྣམ་པ་ལ་སོགས་པ་བསྟན་ནས། ཐར་པའི་ཆ་མཐུན་རྣམ་པར་འཕེལ་བའི་སྤྲོ་བ་ཅན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་སློབ་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཚོགས་ཀྱིས་ཆོས་ཐོབ་པ་ནི། སངས་རྒྱས་ཉིད་ཀྱི་རྒྱུ་མཚན་སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་བསྒོམ་པ་སྔོན་དུ་སོང་བ་ཅན། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གྲུབ་པ། ཐབས་ལ་མཁས་པས་སྐལ་བ་ཇི་ལྟ་བར་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཕྲིན་ལས་འཇུག་གོ་ཞེས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་བསྟན་ཏོ། །དེ་བས་ན་ལེའུ་དགུ་པ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་མཁའ་མཐའ་ཡས་པའི་སླད་དུ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པའོ་བྱ་བ་ནས་བརྩམས་ཏེ། ལེའུ་ཉི་ཤུ་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པའོ་ཞེས་བྱ་བ་འདིའི་མཐར་ཐུག་པས། ཇི་ལྟར་སྲིད་པར་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང༌། རྣམ་པ་སྦྱོར་བར་བཅས་རྣམས་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ནི་ཁྱད་པར་གྱི་ལམ་གྱི་རྟོགས་པ་རབ་ཀྱི་མཐར་འགྲོའོ། །ཞེས་རྩེ་མོར་མངོན་པར་རྟོགས་པ་བསྟན་པའི་དོན་དུ། གྲངས་ཇི་ལྟ་བ་བཞིན་དྲོད་ལ་
སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ། རྟགས་དང་རྣམ་པར་འཕེལ་བ་དང་བརྟན་པ་དང་སེམས་ཀུན་ཏུ་གནས་པ་བསྟན་པ་སྔོན་དུ་སོང་བ་ཅན། འཇུག་པ་དང་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དག་བདག་དང་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་རྟེན་ཅན་དག་གྲངས་ཇི་ལྟ་བ་བཞིན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་གཉིས་ཡིན་པའི་ཕྱིར། རྣམ་པར་རྟོག་པ་རྣམ་པ་བཞིན་རྣམས་མཐོང་བ་དང༌། བསྒོམ་པའི་ལམ་སོ་སོ་ལ་སྤང་བར་བྱ་བ་ཉིད་དུ་དང༌། དེ་སྤོང་བར་བྱེད་པའི་གནས་སྐབས་ཀྱི་ཁྱད་པར་གཉེན་པོ་རྣམ་པ་བཞི་བླང་བར་བྱ་བ་ཉིད་དུ་བསྟན་ནས། སངས་རྒྱས་ཉིད་ཐོབ་བ་ལ་བར་ཆད་མེད་པས་བར་ཆད་མེད་པའི་ཏིང་ངེ་འཛིན་བདེན་པ་གཉི་ག་ལ་བརྟེན་པའི་ཐབས་ལ་མཁས་པས་སྤང་བར་བྱ་བའི་ལོག་པར་སྒྲུབ་པ་དང་བཅས་པ་བསྟན་ཏོ། །དེ་ནས་ལེའུ་ཉི་ཤུ་པ་ལས། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་ན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། ལེའུ་ཉི་ཤུ་རྩ་དགུ་པ་ལས་དགེ་བ་དང་མི་དགེ་བའི་ཆོས་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་འདིའི་མཐར་ཐུག་པས་རྩེ་མོའི་མངོན་པར་རྟོགས་པ་རྒྱུ་དང་བཅས་པར་གསུངས་སོ། །དེ་སྐད་དུ་ཡང༌། དེ་ཡི་རྟགས་དང་རྣམ་འཕེལ་དང༌། །བརྟན་དང་སེམས་ཀུན་གནས་པ་དང༌། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་བསྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས། ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ནི་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་བརྟན་པར་བྱ་བའི་ཕྱིར་རིམ་པར་བཀོད་ནས་རྣམ་པར་སྒོམ་པར་བྱེད་པ་ཡིན་ནོ། །ཞེས་ཆོས་ཐམས་ཅད་སྡུད་པར་བྱེད་པ་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་གསུམ་དུ། ལེའུ་ཉི་ཤུ་རྩ་དགུ་ཕ་ལས་སེང་གེའི་སྒྲ་སྒྲོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་ཚིག་གཅིག་པོ་ཉིད་ཀྱིས་མཐར་གྱིས་པའི་མངོན་པར་རྟོགས་པ་རྒྱུ་དང་བཅས་པར་གསུངས་པ་ཡིན་ནོ། །དེ་
སྐད་དུ་ཡང༌། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསྒོམས་པ་ནི་ཤིན་ཏུ་གོམས་པར་བྱ་བའི་ཕྱིར། རྟོགས་པའི་ཆོས་དེ་རྣམས་ཉིད་རྣམ་པར་སྨིན་པ་མ་ཡིན་པ་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ལ་སོགས་པ་དབྱེ་བ་རྣམ་པ་བཞིར་སྐད་ཅིག་མ་གཅིག་ཉིད་ཀྱིས་མངོན་དུ་བྱེད་དོ་ཞེས་ལེའུ་དེ་ཉིད་ལས་ཆོས་ཐམས་ཅད་འཁྲུག་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁྲུག་པ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་ཚིག་གཅིག་ཉིད་ཀྱིས་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་སྒོམ་པའི་རྣམ་པ་ནི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་བར་འགྱུར་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་མ་ཐག་པ་རྣམ་པ་གསུམ་བསྟན་ནས། སྐུ་ལྷག་མ་གསུམ་པོ་ནི་ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཡིན་ཏེ། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ལ་མོས་པ་ཇི་ལྟ་བས་རབ་ཏུ་ཕྱེ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་གཞག་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ། གང་ཕྱིར་དབེན་པར་གྱུར་པ་ལས། །དབེན་པ་ཐ་མི་དད་པར་འདོད། །ཅེས་བྱ་བའི་ཚུལ་གྱིས་ངོ་བོ་ཉིད་ཀྱི་སྐུ་དེ་ལས་ཐ་མི་དད་ཀྱང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐ་དད་དུ་འཐོབ་པ་ཡིན་གྱི་བཅོས་བུ་མ་ཡིན་པའི་དོན་གྱིས་ན་བྱས་པ་ནི་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟར་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ཡིན་ནོ་ཞེས་དེ་བརྗོད་པ་སྔོན་དུ་སོང་བ་ཅན། རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་དུ་སྣང་བ་སྐྱེད་པའི་སྒོ་ནས་གདོན་མི་ཟ་བར་ཁས་བླང་བར་བྱ་བ། གནས་ཡོངས་སུ་གྱུར་པས་ཡོངས་སུ་གྱུར་པ། ཆོས་སྟོན་པ་ལ་སོགས་པའི་དོན་བྱ་བ་བྱེད་པ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ། རྣམ་པ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་ནི། ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཡིན་ནོ། ཞེས་བསྟན་པའི་དེ་མ་ཐག་ཏུ། མདོ་སྡེ་རིན་པོ་ཆེ་སྣ་ཚོགས་ཉན་པར་འདོད་པས་བཅུ་ལ་རབ་ཏུ་
གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ལྷན་ཅིག་ཏུ། མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དགའ་བ་དང་བདེ་བ་ལ་ཉེ་བར་སྤྱོད་པའི་ཕྱིར་གཞལ་དུ་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་བསྟན་ནས། སྐལ་པ་ཇི་ལྟ་བ་བཞིན་འགྲོ་བ་མ་ལུས་པའི་དོན་བྱ་བ་བྱེད་པ་སྲིད་པ་ཇི་སྲིད་ཀྱི་མཐར་ཐུག་པར་རྣམ་པ་ཐམས་ཅད་དུ་རྒྱུན་མི་འཆད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཆ་ལས་བྱུང་བ། བྱིས་པ་དང་ཉན་ཐོས་ལ་སོགས་བས་དམིགས་པར་རུང་བར་བྱ་བ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ནི་སྤྲུལ་པའི་སྐུ་ཡིན་པར་བསྟན་ཏོ། །དེས་ན་ལེའུ་ཉི་ཤུ་རྩ་དགུ་པ་ལས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ནས་བརྩམས་ཏེ། ལེའུ་དེའི་ཞབས་ནས་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་རྣམས་ཡོངས་སུ་རྫོགས་པ་རྙེད་པར་དཀའ་བར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་མངོན་པར་བྱང་ཆུབ་བ་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང༌། །ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་ལ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་གདུལ་བྱའི་སྐྱེ་བོ་རྣམས་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་ལྟར་བསྒྲུབ་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེའི་སྔོན་གྱི་གཏམ་གྱི་སྦྱོར་བ་བརྗོད་པའི་སྔོ་ནས་དགེ་བའི་བཤེས་གཉེན་མཉེས་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་ཕན་ཡོན་བསྟན་པའི་དོན་དུ། མཇུག་བསྡུ་པའི་སྒོ་ནས། ཇི་སྐད་གསུངས་པའི་མངོན་པར་རྟོགས་པའི་རིམ་པ་ཉིད་ཚུལ་ལུགས་པར་པས་སྟོན་པ་ལྷུར་བྱེད་པ་ཉིད་ཀྱི་ལེའུ་གསུམ་བསྟན་ཏེ། དེ་ཡང་གོ་སླ་བའི་ཕྱིར་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པར་མ་བསྡུས་སོ། །དེ་ལྟར་རྣམ་པ་གཞན་གཉིས་ཀྱིས་ནི་བསྡུས་པའི་དོན་འཆད་པར་འགྱུར་བའི་ཕྱིར་རེ་ཞིག་བསྡུས་པའི་དོན་ནི་གཅིག་ཉིད་ཡིན་ནོ། །