Nitartha Digital Library
Tibetan
 
no previousལེགས་པ་རིན་པོ་ཆེའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ།next

ལེགས་པ་རིན་པོ་ཆེའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ།

རྗེ་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ།

བཻསྨཡྻིམཎིམཱལནཱམསྭཱམིཥགུགུརུབཛྲདྷཱརཝཱགིནྡྲཱནནྡབྷཱབྱཱནཱམཱཀརཛྙཱནདྷྭཛཤྲཱིབྷདྲསྱབིམོཀྵབིཧརཏིསྨ།
རྗེ་བླ་མ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་སུ་ཝཱ་གིནྡྲཱ་ཡ། ང༵ག་གི་དབ༵ང་ཕྱུག་འཇམ་མགོན་བླ་མ་ཡི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་གཟུགས། །ལེ༵གས་གསུང་མདོ་རྒྱུད་རྒྱ་མཚོའི་གཏེར་གྱུར་པ༵། །དྲིན་ཅན༷་རྩ་བའི་བླ་མ་ལ་ཕྱག་འཚལ། །གང་གི་གསང་གསུམ་ཡོན་ཏན་མཐའ་ཀླས་པ། །སྔོན་གྱི་སྐྱེས་ཆེན་རྣམས་དང་ཁྱད་མེད་པས། །ཀུན་རྨོངས་བྱིས་པའི་སྐྱེ་བོ་བདག་འདྲ་ཡི། །མོས་བློས་སྤྱོད་ཡུལ་གྱུར་པ་མ་ལགས་མོད། །འོན་ཀྱང་ཞབས་པད་ཡུན་རིང་བསྟེན་པའི་ཕྱིར། །དམ་པའི་གསུང་དང་རང་གིས་མཐོང་ཐོས་འགའ། །བསྟོད་འདོད་ངག་གིས་གཅམ་བུ་མ་ཡིན་པར། །སྒྲོ་སྐུར་སྤངས་ཏེ་མདོར་བསྡུས་བྲི་བར་བྱ། །གང་གསུང་བདུད་རྩིས་བློ་གྲོས་ལུས་འཚོ་ཞིང་། །ལས་ཉོན་ཚ་གདུང་འགོག་པའི་ཐུགས་རྗེ་ཡི། །གདུགས་དཀར་མཆོག་གི་བསིལ་གྲིབ་ལ་བརྟེན་པའི། །སྐལ་ལྡན་སློབ་མའི་ཚོགས་རྣམས་གསན་དུ་གསོལ། །དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །སྐུ་དྲིན་མཚུངས་པ་མ་མཆིས་པ། མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་བ་འདི་ཉིད་ནི་སྔོན་ནས་གྲུབ་པའི་ས་མཐོན་པོར་གཤེགས་པའི་སྐྱེས་ཆེན་དམ་པ་ཞིག་གདུལ་བྱའི་དོན་དུ་བསམ་བཞིན་དུ་སྙིགས་མའི་དུས་སུ་སུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་གི་གཟུགས་སུ་བྱོན་པར་ངེས་པས་འདིའི་རྣམ་པར་ཐར་པ་མཐའ་དག་ནི་སུས་ཀྱང་བརྗོད་པར་མི་ནུས་མོད། སྐུ་ཚེ་འདིའི་རྣམ་ཐར་རྗེ་ཉིད་ཀྱི་ཞལ་གསུང་མ་ནི། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཤཱཀྱའི་དགེ་སློང་ངག་དབང་ལེགས་པ་ནི་སྒ་སྨད་འཛི་འདའ་རུ། ཕ་ཀུན་དགའ་གྲགས་པ་དང་། མ་ལྷ་མོ་སྒྲོན་གཉིས་ཀྱི་བུ་རུ་སྐྱེས། ཕ་མ་དེ་གཉིས་ལ་བུ་བུ་མོ་བདུན་ཡོད་པའི་ཆེ་བ་ང་རང་ཡིན། ང་སྐྱེས་ནས་ཟླ་བ་མང་པོ་མ་ལོན་ཀྱང་། དཔལ་ཆུང་དཔལ་རྒྱས་ཚང་གི་བག་མ་བག་རོགས་རྣམས་གྲལ་བསྒྲིགས་ནས་བསྡད་པ་ད་ལྟ་ངས་གསལ་བར་དྲན་འདུག །སྤྱིར་བྱིས་པ་ཆུང་ངུའི་དུས་ཀྱི་སྤྱོད་པ་རྣམས་དྲན་པ་འདི་ཅུང་སྒྲིབ་པ་སྲབ་པའི་རྟགས་སུ་འདུག །ལོ་བདུན་གྱི་དུས་སུ་མཁན་ཆེན་རྡོ་རྗེ་འཆང་ཀུན་དགའ་བསྟན་པའི་བློ་གྲོས་ཀྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཐོབ། དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་དང་། དབྱངས་ཅན་མ་དཀར་མོའི་རྗེས་གནང་རྣམས་མནོས། དེ་ནས་རིམ་གྱིས་སྒྲོལ་དཀར་འབྱུང་འདུལ་སོགས་ཀྱི་བསྙེན་པ་བགྱིས་ཀྱང་བྱིས་པ་བསམ་མེད་དུ་སོང་བས་ཚུལ་མཐུན་མ་བྱུང་། ལོ་བཅུ་ལོན་སྐབས་གྲུབ་མཆོག་ངག་དབང་བཤད་སྒྲུབ་ཀྱི་མདུན་ནས། མཁའ་སྤྱོད་མའི་བྱིན་རླབས་ཁྲིད་རྣམས་ཚང་མ་ཐོབ། ལོ་བཅོ་ལྔའི་དུས་སུ་འཐག་ལུང་རྣམ་རྒྱལ་གླིང་གི་ཚོགས་སྒྲིགས་ལ་ཕྱིན། བཅུ་དྲུག་ལོན་པའི་དཔྱིད་ཀྱི་དུས་སུ་མཐུ་སྟོབས་ཀྱི་དབང་ཕྱུག་གྲུབ་མཆོག་འཇམ་དཔལ་བསྟན་འཛིན་གྱི་མདུན་ནས། རྡོ་རྗེ་ནག་པོ་ཆེན་པོ་དཀྱིལ་འཁོར་ལྔའི་དབང་དང་། ལྷ་བཅུ་གཉིས་མའི་རྗེས་གནང་། ལྷ་བརྒྱད། ལྕམ་དྲལ་ལྷ་གསུམ། ཕྱི་ནང་གསང་བའི་ལས་མཁན་རྣམས་ཀྱི་རྗེས་གནང་། ཁྲོ་བཅུའི་རྗེས་གནང་སྔོན་དུ་འགྲོ་བའི་བྲག་རྫོང་མའི་ཕྱི་ཁྲིད་རྒྱས་པ། གསང་ཁྲིད་ལྷ་དགུའི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་གསང་ཁྲིད་རྣམས་ཟབ་རྒྱས་སུ་ཐོབ། མར་སླེབས་ནས་མགོན་པོའི་བསྙེན་མཚམས་ལ་འདུག་ཁུལ་བྱས་པ་ན། གཏོར་མ་རྣམས་ལས་གཡག་གི་རྔ་རྩིད་འདྲ་བའི་སྤུ་ནག་པོ་ཤིན་ཏུ་ཕོན་ཆེ་བ་མང་པོ་སྐྱེས། ཞལ་གྱི་གཏོར་མ་ལས་ནི་སྤུ་དཀར་པོ་གཡག་གི་རྔ་རྩིད་དཀར་པོ་འདྲ་བ་ཕོན་མང་སྐྱེས། དེ་དུས་ཅི་ཡང་མ་ཤེས་ཀྱང་། ཕྱིས་སུ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྣམ་ཐར་ལ་བལྟ་དུས། ཁོང་ངོར་བླ་བྲང་གཞུང་ན་བཞུགས་དུས། གཏོར་མ་རྣམས་ལ་སྤུ་མང་པོ་སྐྱེས་ཚུལ་དང་། ཞལ་གྱི་བེ་བུམ་ན་དམ་རྫས་གཏོར་མ་ལ་སྤུ་འདྲ་སྐྱེ་བ། ཆོས་སྐྱོང་དེའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་འགྲུབ་པའི་རྟགས་སུ་གསུངས་པ་ཡོད་ཚུལ་འདུག་པ་དང་། བླ་མ་གཞན་གྱི་རྣམ་ཐར་ལས་ཀྱང་། གཏོར་མ་ལ་སྤུ་སྐྱེ་བ་དང་། དེ་ཡང་འཇའ་ཚོན་ཁ་དོག་སྣ་ལྔ་ཁྲ་ཁྱུག་ཁྱུག་འདུག་ཚུལ་གསུངས་འདུག་པ་བཞིན། ཕྱིས་སུ་གཏོར་མ་བརྗེ་དུས་སྤུ་དེ་དག་ལ་ཉི་མའི་ནང་ནས་བལྟས་པས་འཇའ་ཚོན་ཁ་དོག་སྣ་ལྔ་ཁྲ་ཁྱུག་གེ་ཡོད་པར་མཐོང་བ་འདི་ནི་ཚེ་རབས་སྔོན་ནས་ལས་འབྲེལ་ཡོད་པའི་ལྷ་དང་འཕྲད་པའི་རྟགས་སུ་འདུག །དེའི་སྟོན་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་དྲུང་ནས་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་ཤིན་ཏུ་རྒྱས་པ། རྨོར་ཆེན་གྱི་དཀར་ཆག་ནང་བཞིན་གྱི་བེ་བུམ་གྱི་ལུང་། དེ་ཉིད་དུ་མ་འདུས་པའི་མཁའ་སྤྱོད་མའི་ཆོས་སྐོར་དུ་མའི་ལུང་དང་། བཀའ་སྲུང་དུར་ཁྲོད་བདག་པོའི་རྗེས་གནང་སོགས་ཞིབ་རྒྱས་ཐོབ། དེ་ནས་ལོ་གཉིས་གསུམ་བར་དཔེ་ཆ་བྲི་བ་དང་། བསྙེན་སྒྲུབ་གང་འོས་བགྱིས། ང་ཆུང་ངུའི་དུས་སུ་སྤྱིར་ཐོས་བསམ་སྒོམ་གསུམ་དང་། ཁྱད་པར་དུ་བླ་མ་ལ་མོས་གུས་བཅོས་མ་མ་ཡིན་པ་ཡོད། ངག་དབང་བཤད་སྒྲུབ་རྒྱ་མཚོས་བཀའ་བཀྱོན་དང་། ཕྱག་འབེབས་གནང་བ་ལ་ཁོང་ཁྲོ་དང་མི་དགའ་བ་མེད་པར་སྙིང་ནས་གུས་པ་སྐྱེ་བ་ཞིག་ཡིན། ངས་གྲོ་ཆན་གྲང་མོ་ཞིག་ཟོས་པའི་རྐྱེན་གྱིས། གྲང་གཞིའི་ནད་ངན་པ་ཞིག་བྱུང་བ་ལ། བླ་མའི་ཞལ་ནས་ཁྱོད་ཀྱི་སྤྱི་བོར་རྡོར་སེམས་བསྒོམ་པའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩི་ཁྲོ་ཆུའི་དྲོད་དང་ལྡན་པ་ལྟ་བུ་གྲང་བའི་ནད་ཐམས་ཅད་སེལ་ནུས་པ་ཞིག་བབས་ནས་ལུས་ཀྱི་ནང་ཐམས་ཅད་གང་། གྲང་བའི་ནད་ཐམས་ཅད་འོག་སྒོ་གཉིས་ནས་ཕྱིར་འཐོན་པའི་དམིགས་པ་གྱིས་ལ་སྒོམས་གསུངས་པ་ལྟར། སེམས་མ་ཡེངས་པར་ཐུན་རེ་བསྒོམ་པའི་ཚེ་ལུས་ལ་དྲོད་སྐྱེས་པ་ཞིག་བྱུང་། དེ་ཡུན་བསྲིངས་པས་གྲང་གཞིའི་ནད་གཏན་ནས་མེད་པ་ཞིག་རེད་སོང་།

རང་ལོ་བཅོ་བརྒྱད་པར་དབུས་གཙང་གི་ཕྱོགས་སུ་ཕེབས་པའི་སྐོར།

རང་ལོ་བཅོ་བརྒྱད་པར་དབུས་གཙང་གི་ཕྱོགས་སུ་རིམ་བགྲོད་ཀྱིས། དཔལ་ཨེ་ཝཾ་ཆོས་ལྡན་དུ་སླེབས། ངོར་གྱི་གདན་རབས་ང་བརྒྱད་པ་ལྕེ་བཙུན་ངག་དབང་བློ་གྲོས་སྙིང་པོའི་དྲུང་ནས། འབྱུང་འདུལ། རྣམ་རྒྱལ་མ། རི་ཁྲོད་མའི་རྗེས་གནང་གསུམ་སྔོན་དུ་འགྲོ་བའི་སྒོ་ནས། ལམ་འབྲས་ཚོགས་བཤད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང་། ཀྱེ་རྡོར་བཀའ་བབས་ཕྱི་མ་གསུམ་གྱི་དབང་། པོད་སེར་པོད་དམར་གྱི་ལུང་། ཐར་རྩེ་པཎ་ཆེན་གྱིས་བསྒྲིགས་པའི་ཆོས་སྤྱོད་པོ་ཏིའི་ལུང་། དཔལ་མགོན་ཞལ་བསྙེན་དུས་ཀྱི་རྗེས་གནང་རྣམས་ཐོབ་ཅིང་། ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཐོབ། དེ་ནས་ས་སྐྱ་གོང་དུ་ཕྱིན། རབ་འབྱམས་པ་ཤེས་རབ་ཆོས་འཕེལ་གྱི་དྲུང་ནས། འདུལ་བ་མདོ་རྩ། ལྷ་ཁང་ཆེན་པོའི་མཁན་པོ་བྱམས་པ་ཆོས་བཀྲ་ཤིས་ཀྱི་མདུན་ནས་སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་གྱི་བཤད་ཁྲིད་ཐོབ། དབྱར་ཁར་ངོར་དུ་མར་ལོག་མཁན་ཆེན་གདན་ས་པའི་དྲུང་ནས། རྡོ་རྗེ་ཕྲེང་བ་ཀྲི་ཡ་ས་མུཙྪ་དང་བཅས་པའི་དབང་ཆེན་ཞེ་ལྔ། ཡིག་ཆ་ཐར་པཎ་གྱི་རྡོར་ཕྲེང་མཛེས་རྒྱན་གྱི་ལུང་བཅས་ཐོབ། དེ་དུས་ངོར་ན་སྐུ་ཡོན་མཁས་པའི་རྩེ་མོར་སོན་པ་མཆོག་སྤྲུལ་ཤེས་རབ་རྒྱ་མཚོ་ཉིད་གྲགས་ཆེ་བས་དེ་ཉིད་ཀྱི་དྲུང་ནས། ལམ་འབྲས་སྣང་རྒྱུད་མཛེས་རྒྱན། ཟླ་ཟེར་མན་ངག་རྣམ་བཤད། ཉི་ཟེར་རྣམས་ལ་ལྟ་རྟོག་དང་། མ་གོ་བ་མཁས་མཆོག་དེ་ཉིད་ཀྱི་དྲུང་ནས་དོགས་གཅོད་ཞུས། ཀྱེ་རྡོར་ལམ་དབང་། གྲུབ་རྒྱལ་ལུགས་ཀྱི་བསྐྱེད་རྫོགས་ཟུང་འཇུག་གི་ཁྲིད། ཡིག་ཆའི་སྐོར་མང་པོའི་ལུང་། ངོར་ལུགས་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་། སྤྱོད་འཇུག་གི་ལུང་རྣམས་ཞུས། དེའི་དགུན་རང་ཡུལ་ལ་ལོག་རྒྱུ་བྱས་པའི་ཚེ༑ཉིན་གཅིག་རྐང་པའི་རྟིང་པ་རྡོ་ལ་བརྡབ་པའི་རྐྱེན་བྱས་རྐང་པ་ཤིན་ཏུ་ཞ་བོར་འགྱུར་ལ་ཁད་བྱུང་། ཞག་ཤས་ནས་ཅུང་ཟད་བདེ་བར་སོང་ཡང་། ཕྱི་རྟིང་སྐྲངས་པ་ལས་རྣག་རྡོལ་ནས་ཟླ་བ་བཞི་ལྔ་ཙམ་གྱི་བར་དུ་ན་བ་བྱུང་བ་ནི། ངོར་པའི་ཆོས་སྐྱོང་རྣམས་ཀྱིས་ཁམས་ཕྱོགས་སུ་མི་གཏོང་བའི་རྟགས་སུ་འདུག །མར་ལམ་ལྷ་ས་རུ་ཇོ་བོ་མཇལ་བ་ལ་ཕྱིན། ལྷ་སའི་རྟེན་གསུམ་རྣམས་ལེགས་པར་མཇལ་ཞིང་སྨོན་ལམ་སྙིང་ནས་བཏབ། དེ་ནས་རིམ་བགྲོད་ཀྱིས་འོང་བ་འདམ་གཞུང་སྐོར་དུ་སླེབས་པའི་ཚེ། ཕྲན་གྱིས་དེ་སྐབས་ལམ་དུས་ཐུན་བཞི་རེ་འདོན་གྱི་ཡོད་པ་སོགས་ཁ་འདོན་གྱི་ཁུར་ལྕི་བ་དང་། གྲང་ངད་དང་དཀའ་ཚེགས་ཆེ་བའི་སྟོབས་ཀྱིས། བྲག་རྫོང་མའི་ཁ་འདོན་ཉིན་མང་པོ་ལ་ཆད་ཤོར། ནུབ་གཅིག་འགྱོད་པ་དང་བཅས། མགོན་པོའི་ཐུགས་དམ་རྒྱས་པ་དང་། མ་ཧཱ་ཀ་ལ་ཁྲི་གཅིག་བཟླས་པས་དེ་ནུབ་རྨི་ལམ་དུ། ངོར་གྱི་གསེར་སྐུ་ལྷ་ཁང་དུ་སླེབས་འདུག་པ། དེ་ན་གྲི་གུག་ཅིག་དང་། ཐོད་པ་བཞག་འདུག་པས། གྲི་གུག་དེ་ལག་པ་གཡས་པས་བཟུང་། གཡོན་པས་ཐོད་པ་བཟུང་ནས་གར་སྟབས་མང་པོ་བྱས་པ་རྨིས་པ་ངོ་མཚར་བའི་ལྟས་སུ་འདུག །བོད་ལ་ཡར་འགྲོ་དུས་སྒར་པ་རྣམས་ཀྱིས་བཤས་མང་པོ་བཤས་པ་ལ་ངེས་འབྱུང་དང་། སྐྱོ་ཤས་ཁ་ཙམ་མིན་པ་སྐྱེས། ཕྱིར་ལམ་ཡང་ལུག་འགའ་བསད་པ་མཐོང་བས། བསད་བྱའི་སེམས་ཅན་དེ་རྣམས་ལ་སྙིང་རྗེ་བཅོས་མ་མིན་པ་སྐྱེས་པ་དང་། ཕྱིན་ཆད་འདི་འདྲའི་སྡིག་ལས་བྱེད་པ་མིག་གིས་མི་མཐོང་སར་དགེ་སྦྱོར་བྱེད་པའི་དུས་ཤིག་ནམ་འོང་ན་སྙམ་པ་བྱུང་ཞིང་། དེ་རྣམས་ཀྱི་ཤ་ཁྲག་མཐོང་ཚེ་ཉིན་ཞག་མང་པོར་ཡི་ག་འགགས་ནས། ཁ་ཟས་ཆེར་ཟ་མི་མོས་པ་སོགས་བྱུང་བས། གོང་སྨོས་དགེ་སློང་གི་སྡོམ་པ་ཞུས་ནས་བཟུང་། ཤ་ཆང་གི་བཟའ་བཏུང་། ཕྱི་དྲོའི་ཁ་ཟས་རྣམས་སྤངས་ནས་རིམ་གྱིས། ཆོས་གོས་རྣམ་གསུམ་དང་གདིང་བ། ལྷུང་བཟེད་རྣམས་རྩོལ་སྒྲུབ་བགྱིས་ནས་བྱིན་གྱིས་བརླབས་ཏེ་འཆང་ཁུལ་བགྱིས། རང་ཡུལ་སླེབས་མ་ཐག་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྨྱུང་གནས་དཀར་པོ་ཆ་བརྒྱད་གཅིག་བསྡད། ལར་ངག་བརྒྱ་བསྙེན་བརྒྱ་ཞིག་ལའང་སྟན་ཐོག་གཅིག་ཏུ་འདུག་མྱོང་། དེ་ནས་ཀྱཻ་རྡོར་བསྙེན་མཚམས་ལ་ཞུགས་པས་ཟླ་བ་བརྒྱད་ཀྱི་ཁོངས་སུ་བསྙེན་པ་ཡོངས་རྫོགས་གྲུབ། རང་ལོ་ཉེར་གཅིག་པའི་དཔྱིད་ཀ་སྡེ་དགེ་ལ་ཕྱིན། ཐུབ་དབང་གཉིས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་དཀྱིལ་མཇལ། མི་ལུས་ཐོབ་པ་དོན་ལྡན་དུ་གྱུར། རྗེ་ཉིད་ཀྱི་དྲུང་ནས་སྔ་ཕྱིར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལན་གཉིས། བྱམས་སྨོན་བཤད་ལུང་ལན་གཉིས། མཁའ་སྤྱོད་མའི་བྱིན་རླབས་དང་། ཁྲིད་ལུང་ཡོངས་རྫོགས་ཚར་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་རྗེས་གནང་ཁྲིད་བཅས་ལན་གསུམ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་མདོར་བསྡུས། འཇམ་དབྱངས་གང་བློ་མའི་རིག་གཏད། ཨ་ར་པ་ཙའི་རྗེས་གནང་། ས་འཇམ་སྦགས་སྒྲུབ་ཀྱི་བྱིན་རླབས་སོགས་མང་པོ་ཐོབ། མངའ་རི་ཆོས་རྗེ་ཀུན་དགའ་འཇམ་དབྱངས་ཀྱི་དྲུང་ནས། སྒྲུབ་ཐབས་ཀུན་བཏུས་པོད་བཅུ་ཙམ་གྱི་དབང་ལུང་མཐའ་དག་ཞུས། རང་ཡུལ་དུ་སླེབས། བསྙེན་སྒྲུབ་དང་དཔེ་བལྟས་སོགས་རྣམ་དཀར་གྱི་བྱ་བ་གང་འོས་བགྱིས་ཤིང་། རང་ལོ་ཉེར་ལྔ་པའི་ཐོག་སླར་ཡང་སྡེ་དགེ་ལ་ཕྱིན། ཀུན་མཁྱེན་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་མཚན་དཔེའི་དཀྱིལ་འཁོར་མཇལ། ཆོས་མང་པོ་ཐོབ་ཅིང་། མཁས་པ་གཞན་གྱི་དྲུང་ནས། སྤྱོད་འཇུག །སྡོམ་གསུམ། དབུ་མ་འཇུག་པ། དབུ་མ་རྒྱན་རྣམས་ཀྱི་བཤད་པ་ཉན་ཅིང་། ཚིག་དོན་ལ་རྟོག་དཔྱོད་བགྱི་བའི་ཁུལ་བྱས། འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱི་དྲུང་ནས། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་སྒོ་འབྱེད་རྡོ་རྗེ་འཆང་གི་དབང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སོ་སོའི་བྱིན་རླབས། ཡི་དམ་མི་གཡོ་བ་དང་། བཀའ་སྲུང་མགོན་པོ་ཕྱག་བཞི་པའི་རྗེས་གནང་། གྲུབ་ཆེན་ཆོས་དྲུག་ཁྲིད། ཡིག་ཆའི་སྐོར་ཐམས་ཅད་ཀྱི་ལུང་། མར་མི་དྭགས་གསུམ་གྱི་བླ་སྒྲུབ་དང་། བསྲེ་འཕོ། ཆོས་དྲུག །ཕྱག་ཆེན་རྣམས་ཀྱི་ཁྲིད། འཇམ་དཀར་རྗེས་གནང་། ས་འཇམ་སྦགས་སྒྲུབ་ཀྱི་བྱིན་རླབས་སོགས་མང་པོ་ཐོབ་ནས་ཡར་རང་ཡུལ་ལ་སླེབས། མཁས་དབང་བློ་བཟང་སྦྱིན་པའི་དྲུང་ནས། སྒྲ་ཀཱ་ལཱ་པའི་མཚམས་སྦྱོར། མིང་ལེ། ཀུན་བཤད། ཀྲིཏྲ་བཅས་ལེའུ་ཉེར་ལྔའི་བཤད་པ་རི་མོ་སྙན་ངག་ལེའུ་གསུམ་ཀའི་གོ་དོན་བཤད་རྒྱུགས་རྩོམ་རྒྱུགས་འབུལ་བ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་བཤད་ཁྲིད་ལག་ལེན་བཅས་བསླབས། རང་ལོ་ཉེར་བདུན་ལོན་ཚེ། དོན་གླིང་ནས། ཐར་རྩེ་རྡོ་རྗེ་འཆང་འཇམ་དབྱངས་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས། རི་ཁྲོད་མའི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་ལམ་འབྲས་སློབ་བཤད་སྨིན་གྲོལ་ཆ་ལག་ཡོངས་རྫོགས་ལུང་བཅས་ཞིབ་ར་ཐོབ། དེ་ནས་རེ་ཞིག་གི་བར་བསྙེན་སྒྲུབ་དང་། བླ་མ་དེ་ཉིད་ཀྱི་དྲུང་ནས་ཚུར་ཞུས་པ་དང་། ཕར་ཆོས་ཕྲན་ཚེགས་འཆད་པ་མང་དུ་བྱས། རང་ལོ་སོ་དྲུག་པའི་དུས་སུ་ཕ་རྒན་དུས་ལས་ཡོལ། དེའི་སྟོན་རྒྱབ་སྐལ་བཟང་དགོན་དུ་བླ་མ་ཆོས་ལྷ་མཇལ་བ་ལ་འཁོར་ཙམ་ཕྱིན། བླ་མའི་དྲུང་ནས་སྔ་ཕྱིར་ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་། མཁའ་སྤྱོད་མའི་བྱིན་རླབས་ཁྲིད་མདོར་བསྡུས། ཞལ་སྒྲུབ་དུས་ཀྱི་མགོན་པོའི་རྗེས་གནང་སོགས་ཆོས་མང་དུ་ཞུས། དེ་གའི་དགོན་ཡར་མར་རྣམས་སུ་ཆོས་འཆད་སྤེལ་དུ་མ་བྱས། དགུན་རང་གནས་སུ་སླེབས། སྔ་ནས་ང་རང་གིས་ལམ་འབྲས་ཀྱི་དམིགས་རྣམ་ལོ་བཅོ་ལྔ་ལ་བསྒོམ་སྙམ་པ་ཡིད་ལ་ཡོད་པ་དང་། དེ་སྐབས་ཕ་རྒན་ཤི་བ་དང་། སྡེ་གཞུང་མཆོག་སྤྲུལ་སྙན་གྲགས་ལུང་རིགས་ཉི་མའི་མདུན་དུ་ལན་གཅིག་འགྲོ་སྙམ་པ་ལ། དེ་ཡང་ཞིང་ཁམས་གཞན་དུ་གཤེགས་པས་ངེས་འབྱུང་གི་རྐྱེན་བྱས། རང་ལོ་སོ་བདུན་པར་ཟླ་བ་དང་པོའི་ཚེས་གཅིག་གི་ཉིན་སྒྲུབ་པའི་བར་ཆད་སེལ་བའི་ཆེད་དུ། རྗེ་བླ་མ་སྒྲུབ་བརྩོན་དམ་པ་ཀུན་དགའ་ཉི་མའི་དྲུང་ནས། མགོན་པོ་ཁྲོ་བཅུའི་རྗེས་གནང་ཞིག་ཞུས། ཚེས་གསུམ་གྱི་ཉིན་སྒོ་འདག་སྦྱར་བགྱིས་ནས་མཚམས་ལ་ཞུགས།

དམ་བཅའ་དང་ཐུགས་སྨོན་མཛད་ནས་བསྙེན་སྒྲུབ་ལ་བརྩོན་པ།

དེའི་དུས་སུ་རྗེ་ཉིད་ཀྱིས་བསྙེན་སྒྲུབ་ཀྱི་དམ་བཅའ་དང་ཐུགས་སྨོན་མཛད་པ་ནི་འདི་ལྟར། མི་སྐྱེས་ཆོས་ལ་བཟོད་པ་མ་ཐོབ་པར། །གཞན་དོན་བསམ་པས་སྒྲུབ་ལ་སྦྱོར་བ་ཡིས། །བྱ་བྱེད་མང་པོའི་སྤྲོས་པ་ཀུན་དོར་ནས། །དབེན་གསུམ་བདུད་རྩིའི་བཅུད་ཀྱིས་འཚོ་བར་ཤོག༡། ཀློག་དང་སྤོང་བ་ཕྱོགས་རེར་ཞེན་པ་ཡི། །མཁས་པ་ཕལ་ཆེར་ཚིག་གི་སྦུན་པ་འཕྱར། །བླུན་སྒོམ་མང་པོས་གཏི་མུག་མུན་པ་སྤེལ། །དེ་སོགས་སྙིགས་མའི་རང་མདངས་ཕོག་མ་གྱུར། ༢། ཐོས་དང་བསམ་པས་སྒྲོ་འདོགས་ལེགས་བཅད་པས། །ཤེས་བྱ་ཀུན་ལ་ལྟ་བའི་མིག་ཡངས་ཤིང་། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ། །སྐད་ཅིག་ཙམ་ཡང་གཡེལ་བར་མ་གྱུར་ཅིག༣། ལུས་སྲོག་ འབེན next hit་ལ་བཙུགས་པའི་ཞེ་བཅད་ཀྱིས། །རྣམ་གྲོལ་ཚེ་འདིར་སྒྲུབ་པའི་གོ་ཆ་བགོས། །འདིར་སྣང་ཆོས་བརྒྱད་འཆིང་བའི་སྒྲོག་ལས་གྲོལ། །མིང་དོན་མཚུངས་པའི་བྱ་བྲལ་ཉིད་གྱུར་ཅིག༤། བྱམས་བརྩེ་བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །རིམ་གཉིས་ཏིང་འཛིན་ཟབ་མོའི་མྱུར་ལམ་གྱིས། །ཆེ་བ་གསུམ་ལྡན་བཅུ་གསུམ་རྡོ་རྗེའི་ས། །ཚེ་འདིི་ཉིད་ལ་བདེ་བླག་འགྲུབ་གྱུར་ཅིག༥། རང་དོན་སྤངས་དང་རྟོགས་པ་མཐར་ཕྱིན་ནས། །གཞན་དོན་བསྡུ་དངོས་བཞི་ཡི་ཕྲིན་ལས་ཀྱིས། །ཀུན་གསལ་སྒེག་མོའི་ཕ་མཐའི་རྗེས་ཞུགས་པའི། །འགྲོ་རྣམས་ཕན་བདེའི་ལམ་ལ་འགོད་གྱུར་ཅིག༦། མདོར་ན་བསྟན་དང་འགྲོ་བའི་དོན་གྱི་ཕྱིར། །ཟབ་ལམ་སྒྲུབ་པའི་འབྲས་བུ་མངོན་གྱུར་ནས། །ཕྱི་ནང་གསང་བའི་བདུད་སྡེ་དཔུང་བཅས་ཀྱི། །ཉེར་འཚེ་ཀུན་ལས་རྟག་པར་ཛ་ཡནྟུ། ༧། ཞེས་དམ་བཅའ་མཛད་ནས། དེ་ཡང་ཐོག་མར་བླ་མ་བརྒྱུད་པའི་རྣམ་ཐར་བསམ་ཞིང་གསོལ་འདེབས་བགྱིད་དགོས་པ་ལ། རྣམ་ཐར་ཐམས་ཅད་ཡིད་ལ་དྲན་བཞིན་པའི་སྒོ་ནས་འཇམ་དབྱངས་བླ་མ་ལ་རྩ་བརྒྱུད་ཀྱི་བླ་མ་སོགས་སྐྱབས་གནས་མ་ལུས་པ་འདུས་པར་མོས་ནས་ཤེས་བྱ་མ་འདོན་བཞིན་པས་ཕྱག་འབུམ་ཕྲག་བཅུ་ཕུལ། དེ་ནས་རིམ་བཞིན་སྣང་གསུམ་གྱི་ལམ་རྣམས་བསྒོམ་པའི་ཚུལ་བགྱིས་ཤིང་། ཐུན་མཚམས་རྣམས་སུ་ཕྱག་སོགས་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་པར་བགྱིས། དམིགས་རྐང་རྣམས་ཀྱི་ནང་ནས་ལས་དང་པོ་པ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཤིན་ཏུ་ཆེ་བར་འདུག་སུངས་པ་ལྟར་མི་རྟག་པ་ཟླ་བ་བཅུ་གསུམ་ལ་བསྒོམ། དམིགས་ཐུན་གཞན་རྣམས་ཆད་ལུས་མེད་པར་བསྒོམས་པས་ལོ་ཧྲིལ་པོ་གསུམ་སོང་། སྣང་གསུམ་དམིགས་ཞོར་དུ་སྐྱབས་འགྲོ་འབུམ་ཐེར་ཉེར་གསུམ་སོང་། བྱང་ཆུབ་ཀྱི་སེམས་བསྒོམ་སྐབས་ངེད་ཀྱི་གཅུང་ལེགས་འཛིན་ལ། གྲོང་འགོ་ཚང་གི་བུ་དབང་སྟོབས་ཀྱིས་གྲི་བརྒྱབ་པ་ཐོས་ཚེ། དང་པོ་སེམས་ལ་མི་དགའ་བ་ཆེན་པོ་བྱུང་། དེ་ནས་བདག་གཞན་བརྗེ་བ་བསྒོམས་པས་ཇི་ལྟ་བ་བཞིན་མི་ནུས་པར་འདུག །སླར་ཡང་ཡུལ་དེ་ཉིད་ལ་ཆེད་དུ་དམིགས་ནས་ཡུན་རིང་བསྒོམས་པས། ཕྱིས་སངས་རྒྱས་ཐོབ་པ་ལ་རེ་བ་སྤུ་ཙམ་མེད་པར་དགྲ་བོ་ལ་སྙིང་རྗེ་ཁོ་ནས། དེའི་ལས་ཉོན་སྡིག་སྡུག་ཐམས་ཅད་རང་ལ་ལེན་ཐུབ་པ་ཞིག་བྱུང་བ་ཡིན་གསུངས། དེ་ནས་རྒྱུད་གསུམ་ལ་འཇུག་པའི་སྔོན་འགྲོ་བསགས་སྦྱངས་འཇུག་གསུམ་ལས་ཚོགས་བསགས་པ་མཎྜལ་གྱི་རྣལ་འབྱོར་སྐབས། ཆོས་རྗེ་ས་སྐྱ་པཎྜི་ཏས། ཕྱི་ནང་གསང་གསུམ་གྱི་མཎྜལ་གྱི་ཡི་གེར། མཎྜལ་ཁྲུ་གང་ལས་མི་ཆུང་བ་དགོས་སོ་ཞེས་གསུངས་པ་ལྟར། ལས་སླ་ལ་མ་ཤོར་བར་མཎྜལ་ཁྲུ་གང་བ་ཞིག་བསྒྲུབས། ཚོམ་བུ་འགོད་རྒྱུ་ཡང་རབ་རིན་པོ་ཆེའི་ཚོམ་བུ་དགོས་གསུངས་པ་ལྟར། གསེར། དངུལ། རང་བྱུང་ཟངས་ཞུན། བྱེ་རུ། གཡུ། གཟི་སོགས་གང་འབྱོར་རྣམས་དུང་དང་། འགྲོན་བུ་རྣམས་གཞི་བྱས་པ་ལ་བསྲེས། ཁྱད་པར་དུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གཏེར་བྱོན། ཆོས་འཁོར་ནོར་བུའི་རྡུལ་ཕྱེ་མང་པོ་ཡོད་པ་རྣམས་དེ་ལ་བསྲེས། བྱུག་པ་རྣམས་རབ་ཁ་ཆེའི་གུར་ཀུམ་དགོས་གསུངས་པ་ལྟར་འབད་རྩོལ་ཆེན་པོ་བྱས་ཏེ་རྙེད་པ་རྣམས་དང་བཅས། སེམས་ཡེངས་མ་ཤོར་བར་དམིགས་རྣམ་ཞིབ་ཆ་དང་བཅས་མཎྜལ་འབུམ་ཕྲག་བཅུ་ཕུལ། མཎྜལ་ཕྱི་བའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པའི་བློ་སྦྱོང་དང་བཅས་ཏེ་བརྩོན་འགྲུས་དྲག་པོ་བྱས་པས། ལག་པའི་མཁྲིག་མ་ནས་གྲུ་མོའི་བར་གྱི་པགས་པ་ཐམས་ཅད་བརྡོལ་ནས་རྨར་སོང་། གཞན་ཡང་ཕྱག་འབུལ་བ་ལ་བརྩོན་འགྲུས་བསྐྱེད་པ་དང་། ངེད་ཀྱི་ཁྱིམ་ཚང་གིས་མར་ཁུར་འོང་བ་རྣམས་མ་ཟོས་པར་མར་མེ་ཁོ་ནར་བྱས་པས། རྐང་ལག་ཐམས་ཅད་ལ་སེར་ཀ་བྱུང་། ལུས་ལ་མི་བཟོད་པའི་སྡུག་བསྔལ་བྱུང་ཚེ། ངན་སོང་གསུམ་གྱི་སྡུག་བསྔལ་རང་ཐོག་ཏུ་བླང་བའི་བློ་སྦྱོང་བྱས། ཤིན་ཏུ་བཟོད་དཀའ་བའི་ཚེ་སྣང་བ་སེམས་སྒྲུབ་སྔོན་དུ་འགྲོ་བའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་བློ་བཞག་པས། གཟེར་ཟུག་རྣམས་ཞི་ནས་ཡལ་འགྲོ་བ་ཞིག་འོང་ར་འདུག །སྒྲུབ་པ་ལ་ཞུགས་པ་ནས་བཟུང་སྟེ་བར་ཆད་ཀྱི་རྣམ་གྲངས་མང་པོ་བྱུང་ཞིང་། ཁྱད་པར་དུ་སྒྲུབ་པའི་སློང་ཤིག་དང་ལྗི་བས་ཟོས་པ་ལ་འབྲུམ་བུ་ཆེན་པོ་བྱུང་ནས་བཟོད་དཀའ་བ་ལྟ་བུ་དང་། སྲོད་ཀྱི་དུས་སུ་གཉིད་ཀྱི་དོགས་ནས་སྒྲུབ་ཁང་གི་བར་ཁྱམས་ལ་སྟེགས་བུ་གྲུ་བཞི་གཡས་གཡོན་མདུན་རྒྱབ་གང་ལ་ཡང་མ་རེག་པ་ཞིག་གི་སྟེང་དུ་བསྡད་དུས་རབ་གསལ་གྱི་ཐད་སྒྲུབ་ཁང་སྟེང་གི་ཆུ་འགྲོ་བའི་ཝ་རྩེར། བྱ་ལུས་པོ་རྒོད་ཙམ་ལ་སྐེེ་འདོམ་གང་ཡོད་སྙམ་པ་ཞིག་བབས་ནས། རབ་གསལ་ལ་ཁ་བལྟས། ཧས་སྒྲ་མང་པོ་འབྱིན་པ་མཐོང་། སྒྲུབ་ཁང་ནང་ན་ཡོད་དུས། སྟེང་གི་རྒྱ་མཐོངས་གསལ་ཁུང་ཆུང་ངུ་ཞིག་ཡོད་པ་ལས་འུག་པ་གཉིས་སྐེ་བསྲིང་སྟེ་སྐད་འགྲིགས་བྱས་ནས་ཧ་སྒྲ་སྒྲོགས་པ་དང་། དངོས་སུ་ཁང་ཐོག་ཏུ་རྒྱལ་གདོན་དང་བསེན་མོས་ཆགས་པའི་གཏམ་སྨྲ་བ་སོགས་བྱུང་བའི་ཚེ། ལྟ་བའི་གདེང་བསྐྱེད་དེ་ནག་པོ་ཆེན་པོའི་སྒོམ་བཟླས་ལ་བརྩོན་ནས་ཟློག་པ་བྱས་པ་བར་ཆད་ཆེ་བའི་དབང་གིས་ཅུང་ཟད་རེའི་མཚམས་ནས་གཉིད་དུ་ཡུར་བྱུང་དུས། སྔས་ཐད་ཀྱི་གཏོར་སྒྲོམ་རྒྱབ་ནས་ཉི་དགའ་རིན་པོ་ཆེས་གཉིད་མ་འདུག་གསུང་བྱུང་སྣང་གིས་སད། ཡང་གཉིད་དུ་ཡུར་བ་ལ་སྔར་ལྟར་བོས་ནས་བསྐུལ་མ་ཡང་ཡང་གནང་བྱུང་བས་གཟབ་དགོས་པར་བསམས་ཏེ་ཟློག་པ་མཐིལ་ཕྱིན་པར་བྱས་པས། རྨི་ལམ་དུ་བྱི་ལ་ནག་པོ་ཞིག་བཟུང་ལག་མཐིལ་དུ་མཉེས་ཤིང་བཙིར་བའི་མཐར། ཞལ་དུ་མིད་མ་ཐག་ང་ལ་ཕམ་པ་བྱུང་དགོངས་ནས་འགྱོད། དུད་འགྲོ་བསད་པ་ལྟུང་བྱེད་ཙམ་ལས་ཕམ་པ་མིན་བསམ་པའང་བྱུང་། ཡང་རྨི་ལམ་དུ་ང་རང་གི་ཁྲིའི་འོག་ནས་མི་འདྲ་བ་ཞིག་གིས་ཚིག་ངན་མང་པོ་བརྗོད་ནས་འབར་འདུག་པས་ཁྲིའི་ཞབས་ལ་ལག་པས་བསྙབས་པ་གོས་ཧྲུལ་དམར་ཆད་མང་པོ་ཐོན་བྱུང་བ་རྣམས་རིམ་གྱིས་བཏོན་པས་གཅིག་གི་ནང་ན་བྱིས་པ་ཆུང་ངུ་འགྲོ་མི་ཐུབ་པ་ཞིག་དྲིལ་འདུག་པ་ལ་ཁུ་ཚུར་གྱིས་བསྣུན་རྡོག་པས་བརྫིས་ནས་བཀུམ། དེ་མ་ཐག་ཏུ་ང་ལ་ཕམ་པ་བྱུང་སྙམ་པ་ན་གཉིད་སད། ཕམ་པས་མ་གོས་པར་གོ་ནས་དགའ་ཚོར་ཆེན་པོ་བྱུང་། ཡང་རྨི་ལམ་དུ་ཁང་སྟེང་དུ། རྒྱལ་བསེན་གཉིས་བྱུང་བ་ལ་ཟློག་པ་བྱས་པས། བུད་མེད་དེ་ངུ་ཞིང་འོ་དོད་བོས་ནས་ང་ལས་སྡུག་པ་སུ་ཡོད་ཟེར་ནས། རྡིག་སྒྲ་དང་བཅས་ཁང་སྟེང་ནས་ལྕེབས་སོང་། དེ་ནི་རྒྱལ་བསེན་གཉིས་ཀྱིས་བར་ཆད་བྱས་པ་ལ་རྒྱལ་པོ་མངོན་སྤྱོད་ཀྱིས་ཚར་བཅད་ནས། བསེན་མོའང་ཚེའི་དུས་བྱས་པ་ཡིན་པ་འདྲ། སྐབས་དེ་དག་ཏུ་ཡིག་བརྒྱ་སྔ་ཕྱི་ཀུན་བསྡོམས་པའི་འབུམ་ཕྲག་བཅོ་བརྒྱད་སོང་། དེ་ནས་རིམ་བཞིན་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་བློ་སྦྱོང་བའི་ཚུལ་དང་། ཚམས་ཐོག་མར་བསྡམས་ནས་མཐར་མ་གྲོལ་གྱི་བར་མི་ལོ་བཅུ་དྲུག་ལ། མར་ཟ་རྒྱུ་ཡོད་པ་དང་། བསྔོ་རྟེན་ཕྲན་བུ་བྱུང་བ་རྣམས་ཀྱིས་མར་མེ་མང་པོ་དང་། བདུན་ཚར་ཆ་བདུན་ཡོད་པ་རྣམས་ཉིན་རེ་བཞིན་ལན་གསུམ་རེ་ཕུལ་བས་ཡོན་ཆབ་འབུམ་ཕྲག་བརྒྱད་སོང་། མཆོད་པ་དེ་རྣམས་ཀྱང་སེམས་བསྐྱེད་དང་དམིགས་པ་རྒྱ་ཆེན་པོ་བྱས། འཇམ་དབྱངས་བླ་མ་ལ་གསུང་ངག་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཀྱེ་རྡོར་ལྷ་དགུ་སོགས་སྐྱབས་གནས་མཆོག་གསུམ་རྒྱ་མཚོ་མ་ལུས་པ་འདུས་པར་དམིགས་ནས། འཇམ་དབྱངས་བླ་མའི་བསྟོད་པ་སྤྱི་དང་ཁྱད་པར་ཤེས་བྱ་མ་འདོན་བཞིན་པའི་ངང་ནས་ཕྱག་འཚལ་བ་སྔ་ཕྱི་ཀུན་བསྡོམས་པས་ཕྱག་འབུམ་ཐེར་བཞི་བཅུ་ཞེ་གསུམ་སོང་། དེ་དག་གི་སྐབས་སུ་འདོད་དོན་གསོལ་འདེབས་ཀྱི་གཙོ་བོ་ནི། འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ་ཁྱེད་ཐུགས་དགྱེས་པའི་ཕྲིན་ལས་ཐམས་ཅད་རྗེས་སུ་བསྒྲུབ་པའི་སླད་དུ། འཇམ་དབྱངས་བླ་མ་སྐྱབས་གནས་ཀུན་འདུས་ཁྱེད་ལ་སྙིང་ནས་དད་པས་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ཐབས་འདི་ལ་བརྟེན་ནས་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གཉིས་སྐད་ཅིག་ཉིད་ལ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བག་ཆགས་དང་བཅས་པ་ཐམས་ཅད་སྐད་ཅིག་ལ་ད་ལྟ་ཉིད་དུ་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འཇམ་དབྱངས་བླ་མའི་བྱིན་རླབས་སྙིང་ལ་ཞུགས་ནས། ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་ཐམས་ཅད་སྐད་ཅིག་ཉིད་ལ་ཡོངས་སུ་རྫོགས་ནས། བསྟན་པ་དང་སེམས་ཅན་གྱི་དོན་ནམ་མཁའི་མཐའ་དང་མཉམ་པར་བསྒྲུབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་པའི་ཁུལ་དུ་བྱས། དེ་སྐབས་སྤྱིར་ཚོགས་རྫོགས་སྒྲིབ་པ་བྱང་བའི་རྟགས་དུ་མ་དང་། ཁྱད་པར་དུ་ནུབ་གཅིག་རྨི་ལམ་ལ། ཉིན་མོའི་དུས་ལྟར་ཤེས་བྱ་མ་འདོན་ཞིང་ཕྱག་འཚལ་ནས་འདུག་པ་ལ། འཇམ་དབྱངས་བླ་མའི་བྲིས་སྐུའི་སྤྱན་གཉིས་ཁྲ་ཧྲིག་ཧྲིག་འབྱེད་འཛུམ་བྱེད་འདུག །དེའི་རྐྱེན་གྱིས་འདི་རྨི་ལམ་ཡིན་པ་འདུག་སྙམ་དུ་ཤེས་བྱུང་བ་ན། ཞལ་ཤིན་ཏུ་འཛུམ་ཞིང་མཆུ་སྒྲོས་པདྨ་ལྟར་དམར་བའི་དབུས་ནས། ཚེམས་རྣམས་སྐྱ་ཁྲིག་གེར་མཐོང་ཞིང་། བཞད་མོ་འཆོར་ལ་ཁད་མཛད་བྱུང་། དེ་ནས་མོས་གུས་བསྐྱེད་ནས། གོང་གི་འདོད་གསོལ་དེ་ཉིད་སྒྲ་དག་པར་ཚར་གཅིག་བརྗོད་པས། དབུ་གུག་གུག་པ་ལན་གསུམ་མཛད་བྱུང་། དེ་ང་རང་གི་དེ་དུས་གོ་ཚུལ། སྤྱན་གྱིས་འབྱེད་འཛུམ་མཛད་པ་ནི། མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་གྱིས་སྒྲིབ་མེད་དུ་གཟིགས་པའི་བརྡ་དང་། ཞལ་འཛུམ་པ་ནི་བརྩེ་བའི་ཐུགས་རྗེས་དུས་རྟག་ཏུ་དགོངས་པའི་བརྡ། དབུ་གུག་གུག་པ་ལན་གསུམ་མཛད་པ་ནི། མཛད་པའི་ཕྲིན་ལས་ཀྱིས་གསོལ་བ་བཏབ་པའི་དོན་གྱི་འབྲས་བུ་རྣམས་ཚུལ་བཞིན་དུ་སྩོལ་བར་མཛད་པའི་བརྡ་ཡིན་སྙམ་པ་བྱུང་། འོན་ཏེ་མདོ་སྡེ་གསེར་འོད་དམ་པ་ལས། ཡི་དམ་ལྷ་ཡི་བྲིས་སྐུའི་ཞལ་འཛུམ་མཛད་པ་ནི། ལུང་ཆེན་ཐོབ་པའི་སྔ་ལྟས་ཡིན་པར་སུངས་འདུག །འདི་དང་མཐུན་པར་འཇམ་དབྱངས་བླ་མའི་ཞལ་ནས་འོད་ཟེར་དཀར་པོ་འཕྲོ་ཞིང་འདུག་པ་མཐོང་བའང་དེར་གདའ། རྨི་ལམ་དུ་ལན་གཉིས་ཙམ་ཞིག་ལ་འཇམ་དབྱངས་བླ་མའི་ཕྱག་ཆོས་འཆད་ཀྱི་ཕྱག་རྒྱའི་ཕྱག་མཛུབ་རྣམས་འགུལ་ཤིག་ཤིག་མཛད་ཀྱིན་འདུག་པ་ཤིན་ཏུ་གསལ་བར་ལན་མང་པོར་རྨིས་པས། འདི་རྨི་ལམ་ནི་མིན། མངོན་སུམ་དུ་འདི་འདྲའི་རྟགས་འོང་བ་ངོ་མཚར་ཆེ་སྙམ་དགའ་བ་ཆེན་པོར་སྐྱེས་པ་ནི། ཆོས་འཆད་སྤེལ་མང་པོ་བྱེད་རྒྱུ་འོང་བའི་རྟགས་ཡིན་ནམ། འོན་ཀྱང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་རྣམ་ཐར་མཐོང་བའི་བག་ཆགས་ཡིན་ལས་ཆེ་སྙམ། དེ་ནས་ཕྱག་མང་དུས་ཉིན་རེར་སྟོང་ཕྲག་བཞི་རེ། ཉུང་དུས་སྟོང་ཕྲག་གསུམ་རེ་ཕུལ། མཇུག་བསྔོ་བ་སྨོན་ལམ་རྣམས་གོང་གི་འདོད་གསོལ་དང་མཚུངས་པར་འདུན་པ་ཤུགས་དྲག་པོའི་སྒོ་ནས་བསྔོ་བ་སྨོན་ལམ་བགྱིས་ཤིང་བདེན་ཚིག་བརྗོད་ཅིང་། ནུབ་མོ་གཉིད་སོང་མ་ཐག །མདུན་གྱི་འཇམ་དབྱངས་བླ་མ་དང་ང་རང་གཉིས་དབྱེར་མེད་དུ་འདྲེས་སོང་སྙམ་པ་ཤིན་ཏུ་མང་པོ་བྱུང་། བཅད་རྒྱལ་ལ་མ་བསྡད་གོང་འཇམ་དབྱངས་བླ་མའི་དུས་ཆེན་དགུན་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་ཉིན། སྔ་དྲོ་ཁྲུས་བྱས་ནས་རྗེ་མཁྱེན་བརྩེའི་ཕྱག་ནས་བྱུང་བའི་འཇམ་དབྱངས་རིལ་བུ་གྱུར་མིད་བྱས་ནས་ཉིན་རིང་ལ་ས་འཇམ་སྦགས་སྒྲུབ་ཀྱི་བླ་མཆོད་བཏོན་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ནུབ་མོ་རྨི་ལམ་དུ་གཞན་ཞིག་གིས་རྒྱུ་ཟན་ལས་བྱས་པ་ས་མདོག་གསེར་ལྟ་བུའི་པདྨ་འདབ་མ་ཕྱི་ནང་ཤིན་ཏུ་མང་པོ་ཡོད་པ། འདབ་མ་རེ་རེའི་སྟེང་ནས་ཨ་ར་པ་ཙའི་སྔགས་འབུར་དོད་དུ་ཡོད་པ་ཞིག་གཏད་བྱུང་བ་དེ་ཁོང་དུ་མིད་པས། ཨ་ར་པ་ཙའི་སྔགས་ཁོ་ནས་ལུས་ཐམས་ཅད་གང་བར་རྨིས་ཏེ། དེ་མཚན་ཧྲིལ་པོར་བྱུང་། དེའི་དོན་ལ་དཔྱད་ན་མི་བརྗེད་པའི་གཟུངས་ཐོབ་དགོས་རྒྱུ་ལྟ་བུ་འདུག་པ་ལ། དེ་འདྲའི་རེ་བ་མི་འདུག་པས། སྒྱུ་མ་ཉིང་འཁྲུལ་རང་ཡིན་པ་འདྲ། ནུབ་གཅིག་རྨི་ལམ་དུ་ས་ཆེན་ཡབ་སྲས་གསུམ་ཆོས་རྗེ་དང་བཅས་པའི་ཞལ་སློབ་དཀར་ཤཱཀྱ་གྲགས་ཡིན་ནམ་སྙམ་པ་ཤར་ཏེ། དེ་ཡང་ངེད་རང་གི་གཏོར་སྒྲོམ་སྟེང་ན་རབ་འབྱམས་ཆོས་རྗེ་བྱོན་འདུག་པ། ཐོག་མར་ངེད་རང་ལ་བར་ཆད་ཡོད་ཚུལ་གྱི་བརྡ་མང་པོ་ཞིག་བསྟན་བྱུང་། རྗེས་སུ་པད་གདན་གྱི་ཐད་ནས་ཡིག་ཕྲེང་ཞིག་ཤར་བྱུང་བ་དེ་བཀླག་པ་ན། དཀར་ཤཱཀྱ་གྲགས་ཟེར་བ་འདུག །དེ་རང་གི་སྐྱེ་བ་སྔ་མའི་ལུང་བསྟན་ཡིན་པ་འདུག་སྙམ་པ་ཤར། ཡང་ཁྲི་འདུ་སྐལ་བཟང་དགོན་ན་ཡོད། ཟས་ཤིག་གི་རྐྱེན་གྱིས་བད་ཀན་ཤིན་ཏུ་ཐུ་བ་ཞིག་གིས་ན། དེ་སྐབས་རྨི་ལམ་དུ་ངོར་ཆེན་རྡོ་རྗེ་འཆང་གི་སྐུ་ཞིག་ཐལ་བ་ལྟར་ཞིག་སོང་བ་རྨིས་པས། ད་རེས་ནད་འདིས་འཆི་བར་ངེས་སྙམ་སེམས་ཞུམ། དེ་རྗེས་ཉིན་གསུམ་ཙམ་ནས་ང་རང་གི་མདུན་གྱི་ནམ་མཁར་རྗེ་རྡོ་རྗེ་འཆང་བསྒོམས་ནས་གསོལ་བ་འདེབས་ཤིང་འདུག་པ་ལ། ངོར་ཆེན་ཉིད་གཞོན་ནུ་ལང་ཚོ་དར་ལ་བབ་པ་ན་བཟའ་ཕུན་སུམ་ཚོགས་པ་ཅན་ཞིག་མཇལ་བྱུང་བས། ནད་ཚབས་ཆེ་ཡང་འཆི་རྐྱེན་མི་བྱེད་པའི་ལྟས་སུ་གོ། ཡང་རྐྱེན་ཆག་ཆེ་བ་ཞིག་གི་སྐབས་སུ། ལམ་འབྲས་བླ་མ་བརྒྱུད་པ་ཞིག་འདུག་པ་དེའི་ནང་ནས་རྗེ་བཙུན་གྲགས་པའི་སྐུ་དེ་ཞིག་སོང་བ་རྨིས་པ་དང་། ཡང་རྐྱེན་གེགས་ཆེ་བ་ཞིག་གི་སྐབས་སུ། ངོར་གྱི་གསེར་སྐུ་ལྷ་ཁང་གི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གཟིམས་མལ་གྱི་སྐུ་འདྲ་དེ་ཞིག་སོང་བ་རྨིས་པ་དང་། ཕྱིས་ཞིག་རྐྱེན་ཆེ་བ་ཞིག་གི་སྐབས། ངེད་རང་གི་སློབ་མ་ཞིག་གིས་རྗེ་ས་ཆེན་གྱི་སྐུ་ངོ་མཚར་རྨད་དུ་བྱུང་བ་གཟི་འོད་འབར་བ་ཞིག་གི་དབུ་ལྷུང་འདུག་པ་རྨིས་ཟེར་བ་དང་། གུར་གྱི་མགོན་པོ་འདིས་དུས་དང་གནས་སྐབས་ཐམས་ཅད་དུ་བུ་གཅིག་པ་བཞིན་སྐྱོང་བར་མཛད་ཚུལ་འདི་དག་ལ་དཔགས་ན། སྐྱེ་བ་སྔ་མ་ཡང་ས་སྐྱ་པའི་བསྟན་པ་ལ་བྱ་བ་ཁྱད་པར་ཅན་བྱས་པའི་གང་ཟག་ཅིག་ཡིན་ནམ་སྙམ་པ་དང་། ཚེ་འདིར་ས་སྐྱ་པའི་བསྟན་པ་ལ་ཕན་ཐོགས་མཁན་ཞིག་ཡིན་དགོས་རྒྱུར་འདྲ་ཡང་། རང་རྒྱུད་ཀྱི་ཉོན་མོངས་དུག་ལྔ་ཤིན་ཏུ་རགས་པ་དང་། ཐོས་བསམ་སྒོམ་གསུམ་ལ་ཡར་སྐྱེད་ཅུང་ཟད་ཀྱང་མེད་པ་དང་། ལུང་རྟོགས་ཀྱི་ཡོན་ཏན་གྱིས་ཤིན་ཏུ་དབུལ་བ་སོགས་གང་ནས་བསམས་ཀྱང་གཏད་སོ་གང་ཡང་མེད་པས་སྒྱུ་མ་ཉིང་འཁྲུལ་རང་དུ་འདུག །ཡང་བཅད་རྒྱ་རུ་འདུག་བས། ཀོང་སྤྲུལ་རྡོ་རྗེ་འཆང་གི་གཏེར་བྱོན་ཀུན་ཏུ་བཟང་པོའི་སྨོན་ལམ་འགྲུབ་པའི་རིལ་བུ་རེ་ཟོས་ནས་ཡིད་ལ་རེ་བའི་སྨོན་ལམ་མང་པོ་བཏབ་པ་དེ་འདྲ་བ་ཉིན་དུ་མ་བྱས་པས། སྐབས་ཤིག་རྨི་ལམ་དུ། རྗེ་བླ་མ་སཱུཪྻའི་མཚན་ཅན་གྱི་དྲུང་དུ་སླེབས་འདུག་པ་ལ། རྗེ་དེ་ཉིད་ཀྱིས་འཇམ་དབྱངས་ཀྱི་སྐུ་གཟི་འོད་འབར་བ་ཞིག་དང་། སྣག་ཚ་ཞིག་གཏད་བྱུང་བས། ད་དུང་བདག་ལ་བྱིན་རྟེན་ཞིག་གནང་དགོས་ཞུས་པ་ན། རྗེ་བླ་མ་ངག་དབང་བཤད་སྒྲུབ་རྒྱ་མཚོའི་ཐུགས་ལྗགས་སྤྱན་གསུམ་གྱི་ནང་ནས་སྤྱན་དེ་ཁྱེད་ལ་དབང་བ་ཡིན་གསུངས་ནས་ལག་ཏུ་སྤྱན་ཞིག་གཏད་བྱུང་། འོ་ན་ད་དུང་རྗེ་བླ་མའི་ཕྱག་ཕྲེང་ཞིག་གནང་དགོས་ཞུས་པས། རྗེ་བླ་མ་དེ་ཉིད་ཀྱི་ཕྱག་ཕྲེང་གི་བརྒྱ་དཔོན་ཞིག་གནང་བྱུང་བ་བརྡ་ཞིག་ཡིན་པར་གོ། ལོ་གྲངས་བཅུ་དྲུག་ལ་སྒྲུབ་པའི་དམ་བཅའ་རྫོགས་ནས། སོ་སོའི་མོས་པ་དང་འཚམ་པར་ཆོས་འཆད་ཉན་མང་དུ་བྱས་པ་ནི། ལམ་འབྲས་སློབ་བཤད་ཡོངས་རྫོགས་ཚར་དགུ། མཁའ་སྤྱོད་མའི་བྱིན་རླབས་ཁྲིད་ཡོངས་རྫོགས་ཚར་བཅུ་གཉིས། མགོན་པོ་བྲག་རྫོང་ཕྱི་མའི་རྗེས་གནང་ཁྲིད་བཅས་ཚར་བཅུ། མགོན་པོའི་དཀྱིལ་འཁོར་ལྔའི་དབང་བཀའ་ཚར་གསུམ། མགོན་པོའི་གསང་ཁྲིད་ཚར་དྲུག་ཙམ། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དབང་དང་། རྭ་རྩེ་སེམས་འཛིན་གྱི་ཁྲིད་བཅས་ཚར་བརྒྱད། ཚར་ལུགས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཁྲིད་བཅས་ཚར་གསུམ། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་ཁྲིད་བཅས་ཚར་བརྒྱད། སྒྲུབ་ཐབས་ཀུན་བཏུས་ཚར་གཅིག །སྒྲུབ་ཐབས་བརྒྱ་རྩ་ཚར་བདུན། གཞན་ཞུ་བ་པོ་སོ་སོའི་ངོར་དབང་ཁྲིད་ལུང་སོགས་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་ཞིང་བརྗོད་ཀྱིས་མི་ལང་བ་ཞིག་སོང་། དེ་དག་ཀྱང་ཚིག་རྒྱུད་མ་ཆད་ཙམ་གྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་ཅུང་ཟད་འོང་བའི་རེ་བ་ཁོ་ནར་བྱས། ཆོས་ཉན་པ་པོ་དེ་དག་ལ་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་ཕན་ཅི་ཐོགས་ཟོལ་ཟོག་དང་ངོ་ལྐོག་མེད་པར་བྱས། བྱ་བ་ལས་ཀྱི་འཁོར་ལོའི་དབང་དུ་བྱས་ན་དགོན་འདིར། གཙུག་ལག་ཁང་ཤིན་ཏུ་ངོ་མཚར་བ་ཀ་བ་སོ་དྲུག་ཅན། དེའི་ནང་དུ་རྟེན་རྒྱུ་ཟངས་གསེར་ལས་གྲུབ་པའི་སྟོན་མཆོག་ཐུབ་པའི་སྐུ་ཁང་བརྩེགས་གསུམ་ཅན་དང་། དེའི་གཡས་སུ་ཆོས་རྗེ་འཇམ་པའི་དབྱངས་ས་སྐྱ་པཎ་ཆེན་དང་། གཡོན་དུ་རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་གཉིས་ཐོག་བརྩེགས་གཉིས་རེ་ཡོད་པ་ཤིན་ཏུ་སྒྲོས་གཙང་སྤུས་ལེགས་པ། དེ་དག་གིས་མཚོན་པའིསྐུ་གསུང་ཐུགས་རྟེན་ཆེ་ཕྲ་ཤིན་ཏུ་མང་པོ་དང་། དེ་དག་གི་མདུན་དུ་རྒྱ་དངུལ་རྡིལ་ཚད་གཉིས་རེ་ལས་བརྡུངས་པའི་ཀོང་བུ་ཆེ་བ་དགུ། དངུལ་སྲང་བཅུ་རེ་ལས་བརྡུངས་པའི་ཀོང་བུ་ཆུང་བ་བརྒྱ་ཕྲག་གཅིག་སྟེ། དེས་མཚོན་པའི་མཆོད་རྫས་རྣམ་གྲངས་དུ་མ་དང་། མགོན་ཁང་ཀ་བ་གཉིས་ཅན་དང་། བཀའ་འགྱུར་ལྷ་ཁང་ཀ་བ་ཉི་ཤུ་ཅན་དང་། གཞན་སྟེང་ཤོད་ཀུན་ཏུ་ཁང་མིག་མང་པོ་བྱས། མགོན་པོའི་བསྙེན་པ་མ་ཧཱ་ཀཱ་ལ་འབུམ་ཕྲག་བརྒྱ། ཤཱ་ས་ན་འབུམ་ཕྲག་ཉི་ཤུ་རྩ་གྲངས་སོང་ཡོད་སྙམ། དེ་དག་གི་སྐབས་སུ་སྒྲུབ་པ་ལ་བརྩོན་འགྲུས་ལྷོད་སོང་བ་ན། བརྩོན་འགྲུས་རྩོམ་དགོས་ཚུལ་གྱི་བརྡ་དང་། སེམས་ཡེངས་པ་ན་སེམས་མ་ཡེངས་གསུངས་པའི་བརྡ་དང་། སྔགས་ཟུར་ཉམས་པའི་ཚེ་དག་པར་གྱིས་ཤིག་གསུངས་པའི་བརྡ་དང་། སྤྱིར་ཡང་མགོན་པོའི་བསྙེན་སྒྲུབ་ལ་ལྷོད་མི་ཉན་པའི་བརྡ་སོགས་མང་པོ་བསྟན། ཡང་ཡང་དགེ་བའི་ལམ་ལ་བསྐུལ་བར་མཛད། སྡེ་དགེ་ལ་འགྲོ་སྐབས་ཤིག །ཆུ་དྲོན་མན་ཙམ་འགུ་ཟིའི་རྨ་རང་ལ་འགྲོ་བའི་སུམ་མདོ་དེ་ན་ཞག་གཅིག་བསྡད་སྐབས་རྨི་ལམ་དུ། མགོན་པོའི་སྐུ་ནམ་མཁའི་ཁྱོན་གང་བ་གཟི་བརྗིད་དང་ལྡན་པ་ཞིག་མཐོང་བྱུང་བ་ན། དེ་ཡི་ཟིལ་ལྟ་བུས་གྲིབ་ནོན་ཆེན་པོ་ཞིག་ཕོག་བྱུང་ཡང་། ཅུང་ཟད་ཡར་སངས་པ་ན། མགོན་པོའི་སྐུའི་ཆ་ཤས་རེ་མཐོང་བྱུང་བ་ན་གྲིབ་ནོན་རེ་ཕོག །དེའདྲ་ལན་མང་པོ་བྱུང་། མདོར་ན་ང་རང་གི་མི་ཚེ་ཧྲིལ་པོ་ད་ཡན་ཆོད་ཀྱི་ལོ་རྒྱུས་རགས་རིམ་བྲིས་པ་ནི། སྙིང་གི་བུ་མཆོག་གི་སྤྲུལ་སྐུ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས། ཡང་ཡང་བསྐུལ་མ་གནང་བཞིན་ཞལ་ངོ་མ་བཟློག་པར་ཅུང་ཟད་བྲིས་པའོ། །རང་རེ་ཕ་བུ་གཉིས་ཀྱི་གསང་གཏམ་འདི་སུས་ཀྱང་མི་ཐོས་པ་ཅིས་ཀྱང་གལ་ཆེ། མདོར་ན་རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་མཚན་ཉིད་པ་མི་འདུག་རུང་། དགེ་སེམས་ཅུང་ཟད་སྐྱེས་པ་ནས་ཉམས་ལེན་གྱི་གནད་དོན་འཁྲུལ་མེད་ཅུང་ཟད་གོ་བ་སོགས་དང་། ཆོས་དང་ཟང་ཟིང་གིས་གཞན་ལ་ཅུང་ཟད་ཕན་ཐོགས་པ་འདི་རྣམས་ཆོས་རྗེ་འཇམ་པའི་དབྱངས་དང་། རྡོ་རྗེ་ནག་པོ་ཆེན་པོ་གཉིས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཁོ་ན་ལས་བྱུང་བ་ཡིན་སྙམ། ཞེས་གསུངས་འདི་ཡན་ཆད་རྗེ་བླ་མས་ཞལ་ནས་གསུངས་ཤིང་ཁོ་བོས་སུག་བྲིས་སུ་བགྱིས་པ་ལགས།

སྤྲུལ་སྐུ་རིན་པོ་ཆེས་ཟིན་བྲིས་སུ་བཏབ་པའི་རྗེ་བླ་མའི་རྣམ་ཐར་གྱི་སྐོར།

དེ་ནས་བདག་ལ་སྐབས་སྐབས་སུ་གསུང་འཕྲོས་ཀྱི་ཚུལ་དུ་གསུངས་པ་རྣམས་སྒྲོ་སྐུར་མེད་པར་བྲི་ན། བདག་གིས་བླ་མ་རིན་པོ་ཆེ་ལ་ཉིད་ཀྱིས་ས་དང་པོ་མ་བརྙེས་ཀྱི་བར་དུ་སྒྲུབ་པ་ལས་མི་གྲོལ་བའི་དམ་བཅའ་མཛད་འདུག་པས། འཕགས་པའི་ས་མངོན་དུ་མཛད་ཨེ་ཡོད་ང་ལ་གསུང་རོགས་ཞུས་ཚེ། འ་འེ་དེ་འདྲ་ཡོང་མ་སོང་། ངས་ད་བར་སྒྲུབ་པར་བྱས་ན་གྲུབ་མཐའ་སྙོགས་པར་འདུག་སྟེ། བསྟན་པ་ལ་ཕན་དུ་རེ་ནས་གཞན་ལ་ཆོས་འཆད་ཁུལ་བྱས་པས་བར་ཆད་བྱས་སོང་ཞེས་དེ་དུས་ཞལ་གྱིས་མ་བཞེས་ཀྱང་དོན་དུ་འཕགས་པའི་ཡེ་ཤེས་མངོན་དུ་མཛད་པ་ནི་ཐེ་ཚོམ་མེད་དེ། རྗེ་ཉིད་ཀྱི་ཞལ་ནས་ངས་དང་པོར་སྒྲུབ་པ་བྱེད་དུས་ཉོན་མོངས་པ་རགས་པ་རང་མཚན་པ་རྒྱུད་ན་ཡོད་ཀྱང་། ད་ལྟ་ནི་བག་ཆགས་ཙམ་ཡང་མི་འདུག་ཅེས་གསུངས་ཤིང་། དེའི་རྒྱུ་མཚན་ཉམས་ལེན་མཛད་ཚུལ་བདག་ལ་ཞལ་གདམས་ཀྱི་ཚུལ་དུ་གསུངས་པ་ནི། རྗེ་བླ་མའི་ཞལ་སྔ་ནས། ཁོ་བོས་དང་པོར་བསླབ་པ་ལ་སྲུང་སྡོམ་ཕུན་སུམ་ཚོགས་པ་ཞིག་བགྱི་སྙམ་ནས། གུང་ཚིགས་ཡོལ་ནས་བཟུང་ཟས་མི་ཟ་བས་ཉིན་མང་པོ་འདའ་བ་སོགས་འབད་རྩོལ་དྲག་པོར་བྱས་ཀྱང་། རྒྱ་གར་གྱི་དགེ་སློང་ལྟ་བུའི་མིག་སྲོལ་བཟང་པོ་བསླབ་མཁན་གྱིས་གྲོགས་མ་རྙེད་པས་གནའ་དུས་ཀྱི་དགེ་སློང་ལྟ་བུ་ཕུན་སུམ་ཚོགས་པ་ཞིག་མ་བྱུང་ཡང་། རང་གི་ཤེས་ཚོད་ཀྱིས་ཕམ་ལྷག་བཅུ་བདུན་སོགས་བསླབ་བྱ་རགས་རིམ་རྣམས་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིས་ཏེ་རྨི་ལམ་དུའང་དྲན་ཤེས་ཀྱིས་ཟིན་པ་ཞིག་གོམས་པར་བྱས་ཡོད། སྡོམ་པའི་ངོ་བོ་ངེས་འབྱུང་གི་ཚུལ་ཁྲིམས་ཡིན་པར་ཤེས་ནས་སྤྱིར་འཁོར་བ་ལ་ངེས་འབྱུང་དང་། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་ཐུག་པར་གོ་ནས། རང་དོན་ཡིད་བྱེད་མེད་པར་དགྲ་བོ་ལ་ཡང་བདག་གཞན་བརྗེ་བའི་སེམས་བཅོས་མིན་མ་སྐྱེས་ཀྱི་བར་དུ་བློ་སྦྱངས། སྒྲུབ་པ་ཉམས་ལེན་བྱེད་པ་ལ་དཀའ་སྤྱད་དང་སྙིང་རུས་གནད་དུ་ཆེ་བར་བསམ་ནས་ཕྱག་ལེན་ཐམས་ཅད་དོགས་མཐར་བཟུང་སྟེ། སྤྱན་རས་གཟིགས་ཀྱི་སྒྲུབ་པ་དང་འབྲེལ་བར་སྨྱུང་གནས་ཆ་བརྒྱ་སྟན་ཐོག་གཅིག་ཏུ་གྲུབ་པར་བགྱིས་པ་དང་། ཡུན་རིང་སྒྲུབ་པ་ལ་ཞུགས་པའི་ཚེ་སྐེ་རགས་མ་བཀྲོལ་བར་བསྡད་པས་དང་པོར་སྒྲུབ་པའི་སློང་ཕྱི་ནང་གི་བར་ཆད་ཤིན་ཏུ་མང་བ་དང་། ཁྱད་པར་དུ་ཤིག་མང་པོ་བྱུང་བས་རུམ་ནས་སྦར་མོ་གང་རེ་ཙམ་དུས་གཅིག་ལ་ལེན་རྒྱུ་ཡོད་སྙམ་པ་ལྟ་བུ་དང་། ཤ་ཆང་ཕར་ཞོག་མར་ཡོད་པ་རྣམས་ཀྱང་མར་མེ་ཁོ་ནར་བགྱིས་པ་དང་། རྗེ་བཙུན་མི་ལ་སོགས་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དཀའ་སྤྱད་མཛད་པ་ལ་བསམས་ནས་ལུས་སྲོག་ཡལ་བར་འདོར་བའི་སྙིང་རུས་བསྐྱེད་ནས་ཕྱག་དང་མཎྜལ་འབུལ་བ་སོགས་སྡུག་བསྔལ་ཐམས་ཅད་དང་དུ་བླངས་ཏེ་བཟོད་སྲན་བསྐྱེད་པས། ལུས་ཀྱི་ཡན་ལག་ཕལ་ཆེར་གྱི་པགས་པ་བརྡོལ་ནས་རྨར་སོང་བ་དང་། ལུས་ཀྱི་ཉམས་ཤིན་ཏུ་ཞན་པ་གྱུར་པས། ཨ་མ་བུག་སྒོར་ཟས་སྐྱེལ་དུ་ཕྱིན་པ་ན་ང་མཐོང་བའི་ཚེ་མི་བཟོད་པར་ངུ་བ་དང་། ང་རང་གིས་ཀྱང་ཤིན་ཏུ་བཟོད་དཀའ་བར་གྱུར་པའི་ཚེ། གྲུབ་ཐོབ་བྱམས་བསྟན་གྱིས་ལྟུང་བཤགས་འབུམ་ཐེརདང་སྦྲགས་ནས་ཕྱག་འབུལ་དུས་ཀྱི་རྣམ་ཐར་ལྟར། ངན་སོང་གསུམ་གྱི་སྡུག་བསྔལ་དེར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་དོན་ཅིའང་མེད་པར་མྱོང་དགོས་ན། ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འདི་ཅིས་ཕྱིར་མི་བཟོད་སྙམ་དུ་བློ་སྦྱངས་པ་དང་། སྡུག་བསྔལ་འདི་དག་རང་སེམས་ཀྱི་འཁྲུལ་སྣང་ཡིན། སེམས་ཀྱི་ངོ་བོར་ཅི་ཡང་མ་གྲུབ་པས་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཀློང་ན་སྡུག་བསྔལ་གྱི་མིང་ཡང་མེད་པར་ཤེས་པས་ལྟ་བའི་ངང་བསྐྱངས། ཚེ་གཅིག་གིས་སངས་རྒྱས་བསྒྲུབ་པ་ལ། སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་ངག་གསུང་ངག་ལམ་འབྲས་ལྟ་བུ་དགོས་པར་གོ་སྟེ། དེའི་མན་ངག་གི་གནད་ཟབ་མོ་རྣམས་དྲི་བའི་ཡུལ་མ་རྙེད་ནས། རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་གཟུགས་འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་དང་རྩ་བའི་བླ་མ་ངོ་བོ་དབྱེར་མེད་དུ་མོས་ནས་གསོལ་བ་ཡུན་རིང་དུ་བཏབ་པས། སྤྱིར་ཤེས་བྱ་ཐམས་ཅད་དང་བྱེ་བྲག་ཏུ་དཔལ་ས་སྐྱ་པའི་སྙན་བརྒྱུད་ཟབ་མོའི་གདམས་པ་རྣམས་ལ་མི་འཕྲོག་པའི་ཡིད་ཆེས་ཀྱི་ངེས་པ་གཏིང་ནས་རྙེད། རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི་རིང་ལུགས། བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ཕྱོགས་གཅིག་ཏུ་བསྡུས་པ། གང་ཟག་མཆོག་དམན་ཐམས་ཅད་རིམ་གྱིས་བཀྲི་བའི་བཀའ་སྲོལ་འདི་པའི་ལུགས་ལ། ལྟ་སྒོམ་སྤྱོད་གསུམ་ལ་རིམ་གྱིས་སློབ་དགོས་པས། ལྟ་བ་འཁོར་འདས་དབྱེར་མེད་ཀྱི་དོན་གཞུང་རིན་ཆེན་སྣང་བ་རྩ་འགྲེལ་གཙོ་བོར་གྱུར་པའི་ཁྲིད་ཡིག་རྣམས་ཀྱི་དགོངས་པ་དང་། སྒོམ་པ་ཉམས་ལེན་རྒྱུད་དང་རྗེ་བཙུན་གོང་མའི་གསུང་རབ་དང་། ཀྱེ་རྡོ་རྗེའི་ཆོས་སྐོར་འཕགས་ཡུལ་ནས་བོད་དུ་འགྱུར་རོ་ཅོག་ད་ལྟ་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་ཐམས་ཅད་དང་། ས་ངོར་ཚར་གསུམ་གྱི་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་གང་རྙེད་ཐམས་ཅད་ལ་བལྟ་རྟོག་ཡུན་རིང་དུ་བྱས་ཏེ། སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་སོགས་དམིགས་རྐང་ཕྲ་རགས་ཐམས་ཅད་རིག་པ་གླེགས་བམ་ལ་མི་གནས་པར་སྒྲོ་འདོགས་ཆོད་པར་བྱས་ནས། ཉམས་སུ་ལེན་དུས་ཞིབ་ཆ་བྱས་ལ། ལམ་དུས་ཐུན་རེ་ཉིན་ཕྱེད་ཙམ་རེ་འགོར་སོང་ཡང་། སླ་ཆོས་མ་བྱས་པར་འདོན་སྒོམ་སྦྲགས་ནས་དམིགས་པ་ལ་རྩེ་གཅིག་ཏུ་གཏད། ངས་དང་པོ་བསྐྱེད་རིམ་ལ་སེམས་འཛིན་སྐབས། སྤྱན་དབུས་མ་ལ་སེམས་འཛིན་ཡུན་རིང་བྱས་པས། དང་པོ་ཁམས་འཁྲུགས་ངན་པ་ཞིག་བྱུང་། དེ་ལ་མཁྱེན་བརྩེ་རིན་པོ་ཆེས་གེགས་སེལ་མཛད་ནས་དྭངས་སོང་། སྤྱིར་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་གཉིས་ལས་ཕྱི་མ་གཙོ་ཆེ་བ་འདུག་སྟེ་ང་རྒྱལ་བརྟན་ན་རྣམ་པ་རང་ཤུགས་ཀྱིས་གསལ་ཡོང་བ་འདུག །དེ་ནས་རྟེན་དང་བརྟེན་པར་བཅས་པ་ལ་གསལ་སྣང་ལེགས་པོ་ཞིག་བྱུང་ཚེ་སླར་ཡང་མི་གསལ་བ་ཞིག་རེད་སོང་། དེའི་དུས་སུ་གསལ་མི་གསལ་སྙམ་པ་རྣམ་རྟོག་ཡིན། ལྟ་བའི་ཀློང་ནས་གསལ་མི་གསལ་མེད་པར་ཤེས་པས་ལྟ་སྒོམ་བསྲེས་ནས་བསྒོམས་པས་རགས་པའི་བསྐྱེད་རིམ་ཤིན་ཏུ་བརྟན་པར་གྱུར། ལུགས་འདི་ལ་དབང་བཞིའི་ལམ་སོ་སོར་རིམ་བཞིན་བསྒོམ་པ་དང་། བུམ་དབང་གི་ལམ་གྱི་ནང་དུ་དབང་གོང་མ་རྣམས་ཀྱི་ཟབ་གནད་ཐམས་ཅད་དྲིལ་ནས་བསྒོམ་པའི་ཚུལ་གཉིས་ལས། ཕྱི་མ་ལྟར་མངོན་བྱང་གི་སྐབས་ལྟ་བུར་མཚོན་ན་སྦྱང་གཞི་ལྔ་ཚན་བཅོ་ལྔ་པོ་ཐམས་ཅད་སྦྱར་ནས་བསྒོམ་པ་དང་། ལུས་དཀྱིལ་གྱི་ཉམས་ལེན་ཡང་། ལམ་འབྲས་ཀྱི་གདམས་པ་ཡོངས་རྫོགས་ཀྱི་གནད་བསྡུས་པར་གོ་ནས། བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་དུ་ཉམས་སུ་བླངས་པས། དེ་ནས་ཕྲ་བའི་བསྐྱེད་རིམ་ཡང་བརྟན་པར་གྱུར་ཏེ། སྤྱིར་ལྷ་ཐམས་ཅད་གསལ་ཞིང་ཁྱད་པར་དུ་མགྲིན་པ་དང་གསང་གནས་གཉིས་སུ་གཙོ་བོ་ནས་འབྲུ་ཙམ་དང་། འཁོར་ཡུངས་འབྲུ་ཙམ་རེ་བསྒོམ་ཚེ་ལྷ་དེ་རྣམས་ཀྱི་སྤྱན་དཀར་ནག་ཚུན་མ་འདྲེས་ཤིང་། དབུ་སྐྲ་ཉག་མ་རེ་རེ་བཞིན་མ་འཛིང་པ། རུས་རྒྱན་ཡང་སྲད་བུ་དམར་པོ་ལ་མུ་ཏིག་བརྒྱུས་པ་ལྟར་བཀྲ་ལམ་མེ་མཐོང་བ་ཞིག་མ་བྱུང་གི་བར་དུ་བསྒོམས། དེ་ཡང་དང་པོར་ཁབ་མིག་ཏུ་ལྷ་སྐུ་མི་ལུས་ཙམ་བསྒོམས་ནས་ཡང་དོགས་ཀྱི་འཛིན་པ་བྱུང་ཚེ་ཆོས་ཐམས་ཅད་རྫུན་པར་ཤེས་པའི་ལྟ་བས་རྒྱས་བཏབ་སྟེ་སྦྱངས། གཞན་ཡང་སྒྱུ་ལུས་འོད་གསལ་རྨི་ལམ་རྣམས་ཀྱང་ལེགས་པར་གོམས་པར་བྱས་ཤིང་། སྤྱོད་པ་ཐམས་ཅད་དོགས་མཐར་བཟུང་ནས་གང་ལའང་རྩིང་སྤྱོད་དུ་མ་ཤོར་བ་བགྱིས། དེ་ལྟར་ཡུན་བསྲིངས་ནས་ཉམས་སུ་བླངས་པས། ལྷ་དང་བླ་མའི་ཐུགས་རྗེས་ལྟ་ཐོག་ཏུ་སྒོམ་པ་འཁྱོལ་ནས་ཟབ་མོ་ནང་གི་རྟེན་འབྲེལ་ལ་ཡིད་ཆེས་ཀྱི་ངེས་པ་གཏིང་ནས་སྐྱེས། དེ་ནས་བདག་མདུན་སོ་སོར་དབྱེ་ནས་བསྒོམ་རྒྱུ་མེད་པ་ལྟ་བུར་གྱུར་ཏེ། སྣང་སེམས་འདྲེས་ནས་གཟུང་འཛིན་གྱི་སྒྲིབ་གཡོག་དང་བྲལ་ཏེ། རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ལ་གནས་པ་ཞིག་བྱུང་ཡང་རྒྱུན་བརྟན་པ་ཞིག་མ་བྱུང་བས་སྙིང་པོ་ཆེར་མི་འདུག །འོན་ཀྱང་སྙན་བརྒྱུད་བཞི་ལྡན་གྱི་ཚུལ་དུ་ལམ་འདི་ལ་ཡུན་རིང་དུ་གོམས་པས། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཇི་ལྟ་བ་བཞིན་ངོ་འཕྲོད་དེ། ད་ལྟ་ནི་སྦྱང་གཞི་སྦྱོང་བྱེད་སྦྱར་ཏེ་གཞི་ལམ་འབྲས་གསུམ་བསྲེས་ནས་བསྒོམ་པའི་ཚེ་རྣམ་རྟོག་གིས་སྒྲོ་བཏགས་ནས་མཚོན་ཆོས་བསྒྲིགས་པ་ཙམ་མ་ཡིན་པར། གདོད་ནས་སྐུ་དང་ཡེ་ཤེས་ཡིན་པ་ལ་ཡིན་པར་ངོ་ཤེས་པ་ལྟ་བུའི་ངེས་པ་རྙེད་ནས། ལམ་དུས་ཚིག་མྱུར་བུལ་ཇི་ལྟར་བྱས་ནས་བཏོན་ཀྱང་རུང་། སྲུང་འཁོར་བསྒོམ་པའི་ཚེ་བདུད་བཞི་དབྱིངས་སུ་གཅིག་ཆར་དུ་ཆོད་པ་དང་། གཞལ་ཡས་ཁང་གིས་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཚོན་ཚུལ་ཡང་རིག་པ་སྐད་ཅིག་མའི་སྟེང་དུ་ཚང་བར་ཤེས་ཤིང་། དེ་དང་ཁ་དོག་འཁོར་འདས་དབྱེར་མེད་ཀྱང་དུས་རིམ་ཅན་དུ་མི་དགོས་པར། ནང་གི་རྟེན་འབྲེལ་གྱི་སྟོབས་ཀྱིས་འོང་བར་གོ་ནས་ཁྲིགས་ཁྲིགས་འགྲིགས་པ་ཞིག་དང་། གཞན་ལ་ལམ་དབང་འདོན་དུས་སུ་ཡང་རང་ལུས་ལྷ་སྐུ་མི་ཚད་ཙམ་གྱི་ཐུགས་ཀར་ཐུགས་རྡོ་རྗེའི་མདུན་དུ་སློབ་མ་ཉེར་ལྔ་ཐམས་ཅད་ཀྱང་མི་ཚད་ཙམ་བསྒོམས་རུང་ཡང་དོགས་མེད་པར་གསལ་བ་ཞིག་བྱུང་གསུངས། གཞན་ཡང་རྗེ་ཉིད་ཀྱི་ཞལ་སློབ་མཁས་པའི་དབང་པོ་བླ་མ་ཆོས་འཕེལ་ལ་ཡང་འདི་ལྟར་གསུངས་ཏེ། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་འདི་རྟོགས་ན་བསྐྱེད་རིམ་བསྒོམ་པ་ལ་ཚེགས་མེད། དཔེར་ན་བསྲུང་བྱ་སྦ་བའི་དུས་སུ་སྙིང་གའི་རྡོ་རྗེའི་ལྟེ་བའི་ཧཱུྃ་ཡིག་གི་འོག་ཏུ་སྒ་ཆུ་ལུང་རུ་བཞི་བསྒོམས་ཚེ་ཐམས་ཅད་བཀྲ་ལམ་གྱིས་གསལ་ཐུབ། རྡོ་རྗེའི་ལྟེ་བ་ཆུང་སྐྱོན་མེད། སྒ་ཁོག་ཆེ་སྐྱོན་མེད་པ་ཞིག་ཡོད་ཀྱིན་འདུག་གསུངས། སྐབས་འགར་ང་རང་སོགས་སློབ་མ་དུ་མ་ལ། ད་ནི་རིག་པའི་ཡེ་ཤེས་རྗེན་ལ་བུད་ནས་ཕྱི་རོལ་གྱི་གཡེང་རྐྱེན་གྱིས་ནམ་ཡང་མི་བརྫི་བར་འདུག་ཅེས་དང་། ཤ་ཆང་སོགས་བསྟེན་ཀྱང་ང་ལ་མི་གནོད་པ་འདྲ་སྟེ། འོན་ཀྱང་བསྟན་པའི་མིག་སྲོལ་ལ་གནོད་ཀྱིས་དོགས་ནས་མ་བཞེས་པ་ཡིན་གསུངས། གནས་སྐབས་ཀྱི་ཀུན་སྤྱོད་གཞན་གྱིས་མཇལ་ཚེ་གཟིམ་ཡུར་བ་ལྟར་མཛད་ཀྱང་། གཞན་གྱི་བྱ་སྤྱོད་དང་ཆོས་གསན་པ་སོགས་འོད་གསལ་གྱི་ངང་ནས་སྒྲིབ་ཐོགས་མེད་པར་གཟིགས་པ་ནི། དགེ་བའི་བཤེས་གཉེན་ཆེན་པོ་བླ་མ་འཇམ་དབྱངས་རྒྱལ་མཚན་གྱི་ཞལ་སྔ་ནས་ཀྱང་གསུངས་ཤིང་། བདག་ཅག་སློབ་མ་དུ་མས་ཀྱང་མྱོང་བས་གྲུབ་བོ། །གཟིམ་ཁང་ནང་དུ་དབུ་བསྟུམས་ནས་བཞུགས་ཚེ་ཕྱི་རོལ་ན་བླ་མ་ཆོས་འཕེལ་འོང་བ་མཐོང་འདུག་འདི་ཅི་ཡིན་ཞེས་དང་། དགོན་ནང་ན་བཞུགས་དུས་ཐག་རིང་པོའི་སྐོར་ལམ་སྟེང་ནས་མི་འགའ་རེས་བླ་མ་འདིས་མ་བྱས་ཞེས་ང་ལ་འབར་འདུག་པ་ཐོས་འདུག །ཅེས་དང་། སྤྱིར་རྗེ་འདི་ཉིད་ཡོན་ཏན་ལ་སྦ་གསང་ཆེ་བའི་སྟབས་ཀྱིས་དུས་རྒྱུན་དུ་མི་གསུངས་ཀྱང་། ཞབས་པད་ཡུན་རིང་དུ་བརྟེན་པའི་རྡོ་རྗེའི་སློབ་མ་རྣམས་ལ་སྐབས་འགར་གསུང་འཕྲོས་ཀྱི་ཚུལ་དུ་གནང་བ། ལྷ་དང་བླ་མས་བྱིན་གྱིས་བརླབས་ཚུལ་དང་། དུས་གསུམ་སྒྲིབ་མེད་དུ་མཁྱེན་ཚུལ་སོགས་རགས་བསྡུས་ཙམ་བརྗོད་ན༑རྣམ་ཐར་ཞལ་གསུངས་མ་ལས། འཇམ་དབྱངས་ས་པཎ་གྱིས་རྗེས་སུ་བཟུང་བའི་གཟིམས་ལམ་ཡིན་པ་ལྟ་བུར་གསུངས་ཀྱང་། དོན་དུ་མངོན་སུམ་དུ་ཞལ་གཟིགས་ཤིང་ལན་གྲངས་དུ་མར་རྗེས་སུ་བཟུང་བ་ཡིན་ཏེ། གཞན་གྱིས་ཉིད་ཀྱི་ཕྱག་རྫས་རྣམས་ཆུད་ཟ་བར་འདུག །སྦྱིན་བདག་རྣམས་སྙིང་མི་རྗེའམ་ཞུས་པས། སྐྱོན་མི་ཡོང་ངེད་ལ་འབྲེལ་པ་ཐོགས་ཚད་འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏས་རྗེས་སུ་འཛིན་པའི་ཞལ་བཞེས་ཡོད་ཅེས་གསུངས་པ་དང་། ཕྲན་གྱིས་རྨི་ལམ་འཚུབ་ནས་འདུག་པས་དེ་བཟློག་ཐབས་ཅི་དགའ་ཞུ་ཤོག་ཕུལ་བའི་ལན་དུ་རྗེ་ཉིད་ཀྱི་ཕྱག་བྲིས་སུ། མདངས་ང་ལ་འཇམ་དབྱངས་ས་པཎ་གྱིས་ཞལ་གཟིགས་དེའི་གཡས་ན་མགོན་པོ་བཞུགས་འདུག་པས། ཁྱོད་ཀྱི་རྨི་ལམ་དེ་ཅི་ཡང་མི་སྐྱོན། བརྩོན་འགྲུས་བྱས་ན་བར་ཆད་བཟློག་ཐུབ་པའི་རྟགས་སུ་འདུག་ཅེས་གསུངས་པ་དང་། ཁོ་བོས་མདོ་སྔགས་ཀྱི་ཟབ་གནད་མ་ཤེས་པ་རྣམས་ཆོས་རྗེ་བདག་ཉིད་ཆེན་པོ་ལ་གསོལ་བ་བཏབ་པས་དེ་མ་ཐག་ཏུ་དྲན་པ་ཡིན་ཞེས་གསུངས་པ་དང་། བར་ཆད་ཀྱི་ལྟས་སུ་གཟིམ་ཁང་གི་ནང་ཐམས་ཅད་མིག་གིས་གང་བ་ཞིག་གཟིགས་པའི་ཚེ། ཆོས་རྗེ་སྤྱི་བོར་བསྒོམས་ནས་བཟློག་པར་མཛད་པས། དེ་ཐམས་ཅད་ཁྲ་ཉིལ་གྱིས་འཐོར་ནས་འཇའ་ཡལ་བ་ལྟར་གྱུར་སོང་ཞེས་གསུངས་ཤིང་། གཞན་ཡང་སྒྲོལ་དཀར་བསྙེན་པ་སྔ་ཕྱི་ཀུན་བསྡོམས་པས་འབུམ་ཕྲག་བརྒྱད་ཅུ་ཙམ་གསུངས་ཤིང་། ལྷག་པའི་ལྷ་འདི་ཉིད་ཀྱི་སྒོ་ནས་བདུན་མཚམས་རེ་བགྱིས་ཀྱང་བྱིན་རླབས་ཀྱི་རྟགས་རེ་མི་ཡོང་བ་ནམ་ཡང་མེད་ཅེས་ཡང་ཡང་གསུངས་པ་དང་། ཁྱད་པར་དུ་སྒྲུབ་པ་ལ་ཡུན་རིང་དུ་བཞུགས་སྐབས། བར་ཆད་ཤིན་ཏུ་མང་པོ་བྱུང་ཚེ། རྡོ་རྗེ་ནག་པོ་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་བསྙེན་བསྒྲུབ་མཐར་ཕྱིན་པར་མཛད་ཅིང་། ཉིད་ཀྱི་ཞལ་ནས་མགོན་པོ་འདི་མ་བསྒྲུབ་ཀྱང་འགྲུབ་པའི་གང་ཟག །བསྒྲུབ་ན་འགྲུབ་པའི་གང་ཟག །བསྒྲུབས་ཀྱང་མི་འགྲུབ་པའི་གང་ཟག་དང་གསུམ་ལས། ཁོ་བོ་ནི་བསྒྲུབ་ན་འགྲུབ་པའི་གང་ཟག་ཡིན་པར་འདུག །དུས་དང་རྣམ་པ་ཐམས་ཅད་དུ་མགོན་པོ་འདིས་བར་ཆད་བསྲུང་བ་དང་། ཡང་དག་པའི་ལམ་ལ་བསྐུལ་ཞིང་ལེགས་ཉེས་ཀྱི་ལུང་སྟོན་པ་ཡིན་ཞེས་དང་། གློ་བུར་དུ་མགོན་པོའི་སྐུའི་སྣང་བ་ཞིག་ཤར་བྱུང་བས་ཐུགས་དམ་མཛད་དགོས་པར་འདུག་ཅེས་ཡང་ཡང་གསུངས་པ་དང་། སྔར་རྫོང་སར་བཞུགས་སྐབས་དགོན་གྱི་སྲང་བར་ཞིག་ཏུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བྱོན་བྱུང་བ་ཞལ་ལུ་ཞིག་མཛད་པའི་ངར་སྣབས་རྡོ་ཞིག་གི་སྟེང་དུ་ལྷུང་བ་འཇམ་མགོན་ས་པཎྜི་ཏའི་སྤྲུལ་པ་དངོས་ཡིན་སྙམ་མོས་གུས་དྲག་ཏུ་བྱས་ལྷག་མ་མེད་པར་བལྡགས་པས་བྱིན་རླབས་ཀྱི་ཟིལ་ཆེན་པོ་བྱུང་གསུངས། རྫོང་གསར་དགོན་དུ་མཁྱེན་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་ལ་ལམ་འབྲས་སློབ་བཤད་གསུང་སྐབས། མཁྱེན་བརྩེའི་གཟིམ་ཁང་དུ་ཞག་བདུན་བཅད་རྒྱ་བཞུགས་ཚེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་མགོན་པོ་ལྷ་བརྒྱད་ཀྱིས་བསྐོར་བས་ཞལ་ལན་གསུམ་དུ་གཟིགས། མཆོག་སྤྲུལ་འདི་ཉིད་ལ་ངེད་ཀྱིས་ལམ་འབྲས་ཕུལ་བ་འདིས་ཁོང་ཐུགས་ཤིན་ཏུ་དགེས་པར་འདུག་ཅེས་དང་། བླ་མ་ཆོས་འཕེལ་ལའང་། གསུང་ངག་རིན་པོ་ཆེ་ལན་བརྒྱད་པ་གནང་ཚེ་ལྷ་ཁྲིད་རྫོགས་མཚམས་སྐབས་བླ་སློབ་ཐམས་ཅད་ཀྱི་གཟིམ་ལམ་འཁྲུགས་པ་སོགས་བར་ཆད་ཀྱི་ལྟས་བྱུང་བ་ན། ཐམས་ཅད་ཀྱིས་ཉིན་གསུམ་ལ་བཟློག་རིམ་མཛད། དེའི་རིང་ལ་བླ་མ་རྡོ་རྗེ་འཆང་ཐུགས་དམ་དམ་པོར་བཞུགས་ཆག་མཛད་པ་ལ། ཉིན་གཅིག་བཞུགས་ནས་སྐབས་ཤིག་འདིར་ཤོག་གསུངས་ནས། ད་བར་ཆད་བཟློག་ཐུབ་ཟིན། ནག་པོ་ཆེན་པོ་འདིས་ང་ལ་དྲིན་བསམ་གྱིས་མི་ཁྱབ། མི་ཉག་ནས་ད་ལོའི་བར་འུ་ཅག་མ་འཕྲད། དེའི་བར་ལ་དངོས་དང་རྨི་ལམ་སོགས་སུ་ཞལ་བསྟན་པ་དང་། བར་ཆད་བཟློག་པ་ལ་སོགས་པ་ལན་སུམ་ཅུ་ཙམ་བྱུང་གསུངས་འདུག །སྡེ་གཞུང་དུ་རྡོ་རྗེ་ཕྲེང་བ་ཐར་པཎ་གྱི་ཡིག་ཆའི་སྟེང་ནས་གསུངས་དུས། དང་པོ་ཡིག་ཆ་འདིའི་སྟེང་ནས་ངས་འདོན་མི་ཤེས་པར་འདུག་ཅེས་གསུངས་ཤིང་། དེའི་ཕྱི་ཉིན་མདངས་ངེད་ཀྱིས་རབ་འབྱམས་པའི་ཞལ་མཐོང་། ད་སྔགས་དོན་ཚུན་ཆད་ལེགས་པར་རྟོགས་བྱུང་བས་ད་འདོན་ཆོག་ཅེས་གསུངས་ཤིང་། ཡང་བླ་མ་ཆོས་འཕེལ་ལ། མི་ཉག་རི་ཁུག་ཏུ་འདུས་པ་ལྔ་བརྒྱ་ལྷག་ཙམ་ལ་གསུང་ངག་རིན་པོ་ཆེ་གནང་ཚེ་ཉིན་མཚན་ཁོར་ཡུག་ཏུ་དབང་སྒྲུབ་གནང་སྐབས། དབང་ཚོ་བཅུ་གཉིས་ཙམ་སོང་མཚམས་སྐུ་མདུན་དུ་སོང་ནས་འོ་བརྒྱལ་ཆེའམ་ཞུས་པས། ཐུགས་དགྱེས་པའི་སྒོ་ནས་དཀའ་བ་ཅུང་ཟད་ཀྱང་མི་འདུག་འདིར་སྡོད་དང་གསུངས་ནས། ད་ནང་དཀྱིལ་འཁོར་སྒྲུབ་ཚེ་ཀྱེ་རྡོ་རྗེ་ལྷ་དགུ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་བཞུགས་པའི་སྣང་བ་བྱུང་། ལུས་སེམས་ལ་དགའ་བདེ་ཁྱད་པར་ཅན་སྐྱེས། དེང་སང་དུས་ངན་ཡང་ཟབ་ཆོས་འདིའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་འདུག་ཅེས་གསུངས་འདུག །ཕྲན་ནད་ཀྱིས་ཡུན་རིང་མནར་ནས་མ་བཟོད་པར། བླ་མ་ཀུན་བཟང་སྐྱབས་འཇུག་ཞུ་སར་བཏང་བའི་ཚེ། དེ་ནུབ་ཕྲན་གྱི་རྨི་ལམ་དུ་མགོན་པོ་ལྷ་བརྒྱད་ནམ་མཁའ་ནས་འཕུར་བྱུང་བ་ལ། པུ་ཏྲ་མཐོང་ཚེ་ཟིལ་མ་བཟོད་པར་མིག་བཙུམས་པས་དེ་མ་ཐག་ཏུ་མེད་སོང་། ཕྱིས་ཆོས་རྗེ་རིན་པོ་ཆེའི་དྲུང་དུ་སླེབས་ཚེ། ངས་ཁྱེད་ལྷ་བརྒྱད་ལ་ཕྲིན་བཅོལ་ནན་ཏན་བྱས་ཡོད། པུ་ཏྲ་དེ་ཁྱེད་ལ་ཅུང་ཐུགས་མི་མཉེས་པ་འདུག་གསུངས། ལན་ཅིག་ང་རང་སྐུ་མདུན་དུ་སླེབས་ཚེ། ངས་ཁྱོད་ལ་སྨྱོ་གཏམ་ཞིག་ཨེ་བྱེད་གསུངས། ལེགས་སོ་ཞུས་ཚེ། མདང་མི་དྲུག་ངེད་ཀྱི་རྩར་སླེབས་བྱུང་བ་ལ། ཀུན་དགའ་རྒྱལ་མཚན་འདིས་བསྟན་པ་ལ་ཕན་ཐོགས་སུ་རེ་བ་ཞིག་ཡོད་པས། ཁྱེད་རྣམས་ཀྱིས་འདི་སུ་ལའང་གསོད་དུ་མ་བཅུག་བྱས་པས། འོ་ཡ་ཟེར། དེ་ནས་མི་གཉིས་བྱུང་བ་ལ། སྔ་མའི་མི་དྲུག་པོ་དེས་ངེད་ཀྱི་དྲུང་ནས་ཁས་བླངས་པ་དེ་ལ། ཁྱེད་གཉིས་ཀྱིས་དྲན་བསྐུལ་གྱིས་ཤིག་གསུངས་པས། འོ་ཡ་ཟེར་བ་ཞིག་བྱུང་། དེ་ཅི་ཡིན་གསུངས། མི་ཤེས་ལགས་ཞུས། ཕྱིས་སུ་དེ་དག་གི་བརྡ་དོན་བཀྲོལ་ནས་གསུངས་བྱུང་བས། དམ་ཅན་རྒྱ་མཚོ་བྲན་དུ་ཁོལ་བ་ལ་ཐེ་ཚོམ་མེད་པར་སྣང་ངོ་། །ཡང་སྐབས་ཤིག་འཆི་ལྟས་མང་པོ་བྱུང་བ་ན་སྒྲོལ་དཀར་སོགས་རིམ་གྲོ་མང་དུ་བྱས་ཀྱང་མ་བཟློག་པར། ཟངས་མདོག་དཔལ་རི་རྟེན་དང་བརྟེན་པར་བཅས་པ་མདུན་དུ་དམིགས་ནས་གསོལ་འདེབས་སྙིང་ཐག་པ་ནས་བགྱིས་ཤིང་། སིདྡྷི་ཁྲི་གཅིག་བཟླས་པས་གུ་རུ་རིན་པོ་ཆེ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བའི་གསལ་སྣང་བྱུང་བས་དེའི་ཕྱིར་ནང་ནས་རླུང་ལྟས་ལོག་ཅིང་། སྒྲ་མི་སྙན་གྱི་ཚེ་སྒྲུབ་བྱས་པ་གནད་སྨིན་དུ་གྱུར་ཅིང་ཚེ་གེགས་ཞིའོ་གསུངས། ཡང་སྐབས་ཤིག་གཟིམ་ལམ་དུ། ཁོང་ངོར་དུ་ཕེབས་འདུག་པ་ལ། དེའི་ལྷ་ཁང་གཞན་ཐམས་ཅད་ཀྱི་སྟེང་གི་རྒྱལ་མཚན་སོགས་འགྱེལ་འདུག་པ་ལ། ལམ་འབྲས་ལྷ་ཁང་གི་རྒྱལ་མཚན་སོགས་མ་ལོག་པར་འདུག །ལོག་བྲིས་ཀྱི་བིཪྺ་པའི་སྐུ་དེའི་མདུན་དུ་ཕྱིན་ནས་མར་མེ་ཞིག་ཕུལ་ནས། གསུང་ངག་རིན་པོ་ཆེའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་རྒྱས་སུ་འོང་བ་ཞིག་གསོལ་བ་བཏབ་པས། ཁོང་གི་གསུང་འབྱོན་ནས། ད་ང་རང་བོད་དུ་ལན་གཉིས་ལས་འོང་མི་དགོས། ཆོས་འདི་ཕྱོགས་ཐམས་ཅད་དུ་ཁྱབ་གདལ་དུ་དར་བ་ཞིག་དཀའ་འདུག་གསུངས་པ་ཞིག་བྱུང་བས། དེའི་ལྟས་ལ་དཔགས་ན། སྔོན་དུས་ཡོད་པའི་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བཤད་པ་སོགས་ཕལ་ཆེར་ནུབ་ཀྱང་། གསུང་ངག་འདིའི་བསྟན་པ་ད་དུང་མི་རབས་གཉིས་ཙམ་ལ་གནས་པ་ཨེ་ཡིན་ན་ཞེས་གསུངས་པ་སོགས་མཐའ་ཡས་ཀྱང་རེ་ཞིག་དེ་ཙམ་མོ། །དུས་གསུམ་གྱི་ཤེས་བྱ་ཐམས་ཅད་སྒྲིབ་མེད་དུ་མཁྱེན་ཚུལ་ལ། སྔོན་གྱི་སྐུ་སྐྱེ་བའི་ཕྲེང་བ་རྗེས་སུ་དྲན་ནས་གསུངས་པ་ནི། རབ་འབྱམས་པས་ཞལ་གཟིགས་དུས་ཡི་གེ་བསྟན་ནས་ཁྱོད་སྔོན་རྗེ་བཙུན་གྲགས་པ་དང་ཆོས་རྗེ་ས་པཎ་གཉིས་ཀའི་སློབ་མ་དཀར་ཤཱཀྱ་གྲགས་ཀྱི་སྐྱེ་བ་ཡིན་ཞེས་ལུང་བསྟན་པ་དང་། རྗེ་ཉིད་ཀྱི་ཞལ་ནས་ངེད་ལ་སྙིང་ནས་དད་པ་ཡོད་པའི་སློབ་མ་རྣམས་ཀྱིས། སྔོན་དུས་ས་སྐྱའི་རྗེ་བཙུན་ཁུ་དབོན་གྱི། །ཐུགས་ཀྱི་སྲས་མཆོག་དཀར་སྟོན་ཤཱཀྱ་གྲགས། །དུས་འདིར་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ། །སྒ་སྟོན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཞེས་གསོལ་བ་བཏབ་ཆོག་ཅེས་གསུངས་པ་དང་། རིན་པོ་ཆེའི་ཞལ་སློབ་རྡོ་རྗེ་འཛིན་པ་ཆེན་པོ་བླ་མ་ཟླ་འོད་ལ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱི་སློབ་མ་དྲུང་ཚུལ་ཁྲིམས་རྒྱལ་མཚན་ང་རང་ཡིན་པ་ད་ལྟ་སྐྱེ་བ་དྲན་པར་འདུག་གསུངས་པ་དང་། ཕྲན་ལའང་སྔ་དུས་ཐར་ལམ་དགོན་དུ་རབ་འབྱམས་པའི་རྣམ་ཐར་མཇལ་སྐབས་མོས་གུས་དྲག་པོས་དྲན་མེད་དུ་བརྒྱལ་འགྲོ་བ་ལྟ་བུ་བྱུང་། ང་རབ་འབྱམས་པའི་ཞལ་སློབ་ཡིན་པ་དྲན་གསུངས། དྲྭ་མ་སྒང་དུ་ལམ་འབྲས་གནང་དུས། དཔོན་སློབ་ངག་དབང་ལེགས་གྲུབ་ཀྱི་སྐུ་སྐྱེ་དེ་མ་ཐག་པ་ང་རང་ཡིན་ཚུལ་ཞིབ་ཏུ་དྲན་ཅེས་ངོས་ལ་གསུངས་ཤིང་། གཞན་ཡང་ཉག་རེ་གྲུབ་ཐོབ་ཀྱི་སྐུ་སྐྱེ་ཡིན་ཚུལ་མཁས་པའི་དབང་པོ་བླ་མ་ཚུལ་ཁྲིམས་ལ་གསུངས་པ་དང་། སྒ་སྟོད་དུ་ལྷ་བབས་ནས་སྐྱེ་བ་སྔ་ཕྱི་སོགས་ལུང་བསྟན་མཁན་ཞིག་བྱུང་བ་ལ། ཉིད་ཀྱི་ཞལ་ནས། དེ་འདྲ་ཤེས་མཁན་ཞིག་ཡིན་ན། ང་ས་ཆེན་གྱི་སློབ་མ་ཞིག་ཡིན་པར་འདུག་པས། དེ་ཅི་འདྲ་ཡིན་དྲིས་ཤོག་གསུངས་པ་སོགས་ཤིན་ཏུ་མང་བས་ཆོས་རྗེ་རིན་པོ་ཆེ་འདི་ཉིད་ཀྱི་དུས་གསུམ་གྱི་རྟོགས་བརྗོད་ནི་སུས་ཀྱང་གཞལ་བར་དཀའ་བ་ཡིན་མོད། སྐུ་སྐྱེ་སྔ་མའི་རྣམ་གྲངས་མཚོན་པ་ཙམ་སྨོས་པ་ཡིན་ནོ༑༑ད་ལྟའི་ཤེས་བྱ་མདོ་སྔགས་ཀྱི་ཟབ་གནད་རྣམས་ཚོགས་སྒྲོགས་མི་མཛད་པ་མ་གཏོགས། མཁས་པ་སུས་ཀྱང་བསྒྲུན་དུ་མེད་པར་མངོན་སུམ་དུ་གྲུབ་པ་དང་། ཁྱད་པར་དུ་གཞན་གྱི་སེམས་ལ་རྣམ་རྟོག་ངན་པ་སྐྱེས་པ་རྣམས་དེ་མ་ཐག་ཏུ་མཁྱེན་ནས་གསུངས་པ་སོགས་ཤིན་ཏུ་མང་ལ། འབྱུང་འགྱུར་གྱི་ལུང་བསྟན་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་ཐོག་ཏུ་བབས་པའི་ཚུལ་ནི། ཆོས་རྗེ་རིན་པོ་ཆེ་འདི་ཉིད་བཅད་རྒྱ་དམ་པོར་བཞུགས་སྐབས། བླ་མ་ཟླ་འོད་ངེད་དཔོན་སློབ་རྣམས་མཇལ་དུ་ཕྱིན་ནས་ཞུ་འཕྲིན་ཕུལ་བས། བུག་སྒོར་བྱིན་རླབས་དང་ཆོས་འབྲེལ་རེ་གནང་ཐབས་ཞུས་ཚེ། ཅི་ཡང་མ་ཐོབ་ནས་ཕྱིར་འོང་སྐབས་ངེད་ལ་སྒེར་དུ་གསུང་ཛར་ཞིག་གནང་ནས། ཁྱེད་ལ་ཁོང་གིས་རྡོ་རྗེ་ཐེག་པའི་སྨིན་གྲོལ་སྤྱི་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་གདམས་པ་སྦྱིན་པའི་སྐལ་བ་ཡོད་ཅེས་གསུངས་པ་དང་། ཕྲན་གྱིས་ཉིད་རིན་པོ་ཆེ་ནི་སྐུ་མཚམས་ལས་མི་གྲོལ་བར་འདུག །བདག་ནི་ཕན་ཆད་སྒ་ཁོག་ཏུ་འོང་རྩིས་མེད་པས་འདི་ཅི་ལ་གསུངས་ཞུས་པར། མ་འོངས་པ་ན་ང་རང་སྨན་ཤོད་དང་། རྣམ་རྒྱལ་མགོན་ཁང་སོགས་སུ་འོང་བའི་དུས་ཤིག་འབྱུང་། དེ་དང་ཁྱེད་ཚོའི་བར་ནས་ཐག་ཇི་ཙམ་ཡོད། འོན་ཀྱང་ད་ལྟ་གཞན་ལ་མ་བཤད་ཅེས་གསུངས་པ་ཕྱིས་ཐོག་ཏུ་འཁེལ་བ་དང་། དེ་ནས་ང་རང་གིས་དང་པོར་གདན་འདྲེན་ཞུས་ཚེ། རྗེའི་ཞལ་སྔ་ནས། ད་ལན་ཁྱེད་རྣམས་འོང་བ་དང་མཉམ་དུ་ངེད་ལ་གྲིབ་ཅིག་ཕོག །སྒྲ་གཅན་གྱིས་ངེད་ཀྱི་ལག་པ་ལ་དཀྲིས་འདུག་པའི་སྣང་བ་ཞིག་ཀྱང་བྱུང་། མདུན་དུ་གཟིག་ཅིག་ཀྱང་ཕར་ཚུར་རྒྱུགས་པ་འདུག་པས་གཟའ་དམར་གྱིས་གནོད་པ་ཡིན་པ་འདུག །ད་ང་རང་ཁྱེད་ཚོའི་ཡུལ་དུ་འགྲོ་ཨེ་ཕོད་ན་གསུངས། རིན་པོ་ཆེ་ཉིད་ཀྱིས་མཁྱེན། སྐུ་རིམ་ཅི་དགོས་ན་ཞུས་ཚེ། ཐུབ་བསྟན་དགོན་དུ་འགྲོ་གསུངས་ནས། དེར་པུ་ཏྲའི་ཞལ་འབག་བྱིན་རླབས་ཅན་དུ་གྲགས་པ་ཞིག་བཞུགས་པ་ཞལ་ཕྱེས་ནས་མཇལ་ཚེ། པུ་ཏྲས་ང་རང་གི་ལག་པ་ལ་ཕུ་བྱས་པའི་སྣང་བ་ཞིག་བྱུང་བ་དེས་ལག་པ་ན་བ་དེ་ཅུང་ཟད་དྭངས་སོང་། ད་ལ་བསྟོད་ཏུ་འགྲོ་གསུངས། དེར་གསུང་ཐུན་བཅད་ནས་བཞུགས་དུས། ད་ལམ་ངེད་ཀྱི་སྙིང་ཁ་ནས་ཕུག་རོན་ཞིག་འཕུར་སོང་། བླ་མ་རབ་འབྱམས་པའི་སྨན་སྐུ་ཆུང་ངུ་དེ་ནམ་མཁའ་ནས་འཕུར་ནས་འདིར་ཕེབས་བྱུང་། ང་རང་གི་མཇལ་དར་ཞིག་ཀྱང་ཕུལ། ད་སོང་ཡང་སྐྱོན་ས་མི་འདུག་གསུངས་ནས་བྱོན། ཕྱིས་སུ་ཁོ་བོ་ལ་ཁྱེད་རྣམས་ཀྱིས་རབ་འབྱམས་པ་ལའང་གསོལ་བ་ཐོབ་དང་། བྱིན་རླབས་འཇུག་པར་ཡོད། དང་པོར་ཁྱེད་ཚོའི་ཡུལ་དུ་འོངས་པ་དེ་ཡང་རབ་འབྱམས་པས་ལུང་བསྟན་པ་ཡིན། སྤྱིར་ང་དང་འབྲེལ་པ་ཡོད་ཚད་ལ་ཁོང་གི་བྱིན་རླབས་འཇུག་པར་འདུག་གསུངས། ཡང་གཟིམ་ལམ་དུ་ཁྲི་འདུ་སྐལ་བཟང་དགོན་པའི་སྟེང་གི་ནམ་མཁར་འཇམ་དབྱངས་ས་པཎ་གྱི་སྐུ་ཞིག་བཞུགས་འདུག་པ་ཡང་ཡང་གཟིགས། དེ་ཕྱོགས་ན་ད་ལྟ་སུ་འདུག་ཅེས་དྲིས་པས། བླ་མ་གཞན་དགའ་དང་། བླ་མ་འཇམ་དབྱངས་རྒྱལ་མཚན་གཉིས་བཞུགས་འདུག་ཟེར་བ་ཐོས། ཁོང་གཉིས་གང་རུང་ཞིག་ཆོས་རྗེའི་སྤྲུལ་པ་ཡིན་དགོངས་པ་བྱུང་གསུངས། དུས་ཕྱིས་ཁོང་འཛིན་མདའ་ན་བཞུགས་དུས། ནུབ་ཅིག་གཟིམ་ལམ་དུ་གཞན་ཞིག་གི་འཇམ་དབྱངས་ས་པཎ་གྱི་སྐུ་ཞིག་ཁུར་འོང་ནས་ཁོང་གི་ཕྱག་ཏུ་འཇོག་པར་རྨིས། དེའི་ཕྱི་ཉིན་བླ་མ་གཞན་དགའ་དེར་ཕེབས་བྱུང་བས། ཁོང་འཇམ་དབྱངས་ས་པཎ་གྱི་སྤྲུལ་པ་ཡིན་ངེས་སུ་འདུག་གསུངས། སྡེ་གླིང་འཁྲུག་རྩོད་སྐབས། མི་ཉག་ནས་ཡར་ཕེབས་དུས། ཨོ་ཐོག་རྫོང་ནང་དུ་བཞུགས་ཚེ། ཁོང་གི་གཟིམ་ལམ་དུ་ལྷ་ཁང་ཞིག་སྒོ་ཕྱེ་དགོས་རྒྱུ་ལ་ལྡེ་མིག་རང་གིས་བཟུང་འདུག་པས། ངས་མགོན་པོའི་སྒོ་ནས་རིམ་གྲོ་ཞིག་བྱས་ཚེ་ཕན་པར་འདུག་ཅེས་གསུངས་པ་ལ། གཡོན་རུ་ནང་དུ་ཕེབས་ཚེ་མཆོད་རྩམ་སོགས་ཕུལ་ནས་ཞུས་ཀྱང་དེར་གཞན་དབང་གིས་གསུང་མ་གྲུབ། དེ་དུས་དེར་ཡོད་པ་རྣམས་ལ། ཨ་ཁ་ཁ། མདངས་ཟླ་བ་ཞིག་ནམ་མཁའ་ལ་ཤར་བ་འཐོར་སོང་། ད་སྡེ་གཞུང་མ་རེད་མ་སོང་གསུངས་ནས་ཐུགས་འགྱོད་མཛད། འོན་ཀྱང་དེའི་ཤུལ་དུ་ཟླ་བ་གཅིག་ཤར་བྱུང་བས་གཏན་མེད་དུ་མི་འགྲོ་བར་འདུག་གསུངས། དེ་དུས་སྡེ་གཞུང་མའི་དཔོན་གཡོག་མང་པོ་གླིང་ག་གཤིས་པས་བསད་འཕྲལ་དེར་ཕེབས། ད་མྱུར་དུ་སྒ་ཁོག་ཏུ་ཕེབས་རྒྱུ་ཡིན་པས་སྐྱེལ་མ་གྲ་སྒྲིགས་གསུངས། ཕྲན་གྱིས་རིན་པོ་ཆེ་དཔོན་སློབ་ལ་བར་ཆད་འབྱུང་དོགས་མེད་ན་ཅུང་ཟད་ཐུགས་ལྷོད་མཛད་རོགས་ཞུས་ཚེ་ང་ལ་མགོན་པོས་བསླུ་བ་མི་ཡོང་། སྡེ་གཞུང་མ་ཡང་སྐྱོན་ས་མི་འདུག །མདངས་ངའི་རྨི་ལམ་དུ། མི་ནག་པོ་ཞིག་གིས་མེ་ཏོག་ཨུཏྤལ་ཁྲེས་པོ་ཞིག་ཁུར་ནས་སླེབས་བྱུང་བ་ལ་སྡེ་གཞུང་མ་ད་ཅི་འགྱུར་དྲིས་པས། སྐྱོན་མེད་སྐྱོན་མེད་གསུངས་ནས་མགོ་གུག་གུག་པ་ལན་གསུམ་བྱས་བྱུང་། དེ་མགོན་པོ་ཡིན་པར་འདུག་པས་སྐྱོན་མེད་གསུངས། ཡང་ཆོས་རྗེ་རིན་པོ་རྫོང་གསར་བླ་བྲང་དུ་བཞུགས་དུས་སྐབས་ཤིག་ལ་སྐུ་མདུན་དུ་ཕྱིན་པས། ཚར་ཆེན་ཡབ་སྲས་ཀྱི་བཀའ་འབུམ་ཀློག་མཛད་ཀྱིན་འདུག་པས། འདིར་ཤོག་དང་བལྟ་རྒྱུ་ལེགས་པོ་འདུག་ཅེས་གསུངས་པ་ལ། དེ་དུས་སྐུ་མདུན་དུ་མ་སོང་བས། ཕྱི་ཉིན་ཐུགས་མི་མཉེས་པ་ལྟར་མཛད་སྐབས། བལྟ་རྒྱུ་ཅི་འདུག་ང་རང་ལ་བསྟན་རོགས་ཞུས་པས་དཔེ་ཆ་ཞིག་ལྡེེབ་གསུམ་བཞི་ཞིག་གནང་ནས་དེ་ལ་ལྟོས་གསུངས། དེ་དཔེ་བཤུས་ནས་བལྟས་ཚེ་མཁྱེན་བརྩེའི་དབང་ཕྱུག་ལ་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་ཁམས་འཁྲུགས་ངན་པ་ཞིག་བྱུང་བའི་ལོ་རྒྱུས་ཞིག་འདུག །དེ་དུས་རྟོག་པ་ཅི་ཡང་མ་ཤར་ཡང་ང་རང་བསྙེན་མཚམས་ལ་ཡུན་རིང་དུ་སྡོད་སྐབས། སྨྱོ་ལ་ཁད་དུ་གྱུར་ནས་ཁམས་འཁྲུགས་བྱུང་ཚེ། བླ་མ་བློ་གྲོས་ཀྱི་གཟིམ་ལམ་དུ། གཞན་ཞིག་གིས་མཁྱེན་བརྩེའི་དབང་ཕྱུག་མོས་གུས་དང་ལྡན་པས་ཞེས་ཟེར་བ་ཞིག་བྱུང་བ་ཅི་ཡིན་གསུངས་པས། སྔར་གྱི་བླ་མའི་གསུངས་དེ་དྲན་ནས་ཡི་གེའི་ནང་བཞིན་གེགས་སེལ་བགྱིས་པས། ཁམས་འཁྲུགས་དེ་ཡང་དྭངས། གསུང་རབ་ཀྱི་དོན་ལ་གོ་བ་ཅུང་ཟད་སྐྱེས་པ་སོགས་བྱུང་ཞིང་། དེ་བཞིན་དུ་མཁྱེན་བརྩེ་གོང་མས་ཁོང་ལན་ཅིག་དབང་གྲལ་ནས་ཕུད་དུས། ཁོང་ལ་ལོག་ལྟ་གཏན་ནས་མ་སྐྱེས་ཀྱང་མ་འོངས་པ་ན་ཁོང་གི་སྤྲུལ་པའི་སྐུ་ལ་དབང་འབུལ་མཁན་དེ་ང་རང་ཡིན་པར་འདུག་འདི་ཅི་ཡིན་ན་སྙམ་དུ་དགོངས་བྱུང་གསུངས་པ་དང་། དགོན་པའི་གཙུག་ལག་ཁང་དང་པོར་བཞེངས་པའི་ཞལ་བཀོད་གནང་ཚེ། ནང་རྟེན་དང་བཅས་པ་ད་ལྟའི་འདི་ལྟ་བུ་དགོས་ཞེས་གསུངས་པ་ལ། རྒན་པ་རྣམས་ཀྱིས། ཕྱག་རྫས་ཆུང་བ་སོགས་གང་ལ་བསམས་ཀྱང་། དེ་འདྲ་མི་འགྲུབ་པར་འདུག་ཅེས་ཞུས་ནས་བཀའ་བཞིན་མ་བསྒྲུབས། དེ་དུས་ཕྲན་གྱིས་རིན་པོ་ཆེ་ལགས། དེ་འདྲ་ཨེ་འགྲུབ་ན་ཞུས་ཚེ། ང་ལ་རབ་འབྱམས་པའི་ལུང་བསྟན་ཡོད་འགྲུབ་འོང་གསུངས་པ་ཐོག་ཏུ་ཁེལ་པ་སོགས་ཤིན་ཏུ་མང་། ཁྱད་པར་རང་དང་འབྲེལ་པའི་གསུང་དུ་མ་ཡོད་དེ་དགོས་པ་ཆུང་བས་མ་བྲིས། ཆོས་རྗེ་འདི་ཉིད་ཀྱི་སྐྱེས་སྦྱང་གི་ཡོན་ཏན་མ་ལུས་པ་སུས་ཀྱང་བརྗོད་མི་ནུས་མོད། ཁོ་བོས་ཡུན་རིང་ཞབས་པད་གུས་པས་བསྟེན་ཅིང་བཀའ་བཞིན་སྒྲུབ་ནས་ཐུགས་མཉེས་པར་བྱས་པས། རང་གི་ཡིད་ལ་ཡོད་པ་རགས་བསྡུས་ཙམ་འདི། སྐལ་ལྡན་གྱི་སློབ་མ་རྣམས་ཀྱི་དད་པའི་གསོས་སུ་བཀོད་པ་ལགས་སོ། །སྐུ་གཤེགས་ཁའི་རྣམ་ཐར་སྐོར་ལ། འབྲུག་ལོ་ཟླ་བ་བཞི་པའི་ནང་ནས་སྐུ་དྲུང་དུ་བཅར་མཁན་རྣམས་ལ། ཡུན་རིང་དུ་མི་བཞུགས་པའི་ཞལ་ཏ་གནང་ཞིང་། སྐུ་ཁམས་ཀྱང་ཅུང་འཁྲུགས་ཚུལ་བསྟན་ནས་གཤེགས་ལ་ཉེ་བ་ན། ཁོ་བོ་སླེབས་ནས་སློབ་མ་གཞན་རྣམས་ལའང་བསྐུལ་ཞིང་བདག་ཅག་རྣམས་ཀྱིས་ཞབས་བརྟན་ཕུལ་ནས་བཞུགས་པར་གསོལ་བ་བཏབ་པས། བསྙུང་ཁམས་ཀྱང་ཅུང་ཡར་དྭངས་ངོས་ལོ་གཉིས་ཙམ་བཞུགས་པའི་ཞལ་བཞེས་གནང་ཡང་། ཞབས་བརྟན་ཕུལ་ས་གནས་གཞན་ཞིག་ཏུ་རྟེན་འབྲེལ་འགྲིགས་ན་དེ་ལྟར་ཡིན་པར་གདོན་མི་ཟ་ཡང་། གནས་དེ་ཉིད་དུ་ཕུལ་དགོས་བྱུང་བའི་དབང་གིས་དེ་ཙམ་བཞུགས་རྒྱུ་ཡིད་བརྟན་ཕེར་པ་མ་བྱུང་། འདི་མན་ཆད་ང་རང་ལ་ཆེར་མི་གསལ་ཡང་། དེར་ཕྱོགས་ཀྱི་ཡུལ་དགོན་སྤྱི་ལ་ཡོངས་སུ་གྲགས་ཤིང་སྐུ་བཅར་ཞུ་མཁན་རྣམས་ཞལ་མཐུན་པར་གསུངས་པ་འཁྲུལ་པ་མེད་ངེས་རྣམས་ཤིན་ཏུ་མདོར་བསྡུས་སུ་བྲི་ན། ལོ་དེའི་ཟླ་བ་བཅུ་གཅིག་པའི་ནང་དགོན་ནས་རི་ཁྲོད་དུ་ཕེབས་ཁར་སྐུ་འཁྲིས་པ་འགའ་ལ་ང་རང་འཆི་ས་དགོན་ནང་དུ་དགོས་པས། རྗེས་སོར་ཡར་འོང་དུས་རྟ་ཐོག་ཏུ་ཨེ་ཚུགས་མི་ཤེས། གྲལ་ཁྲི་འདྲ་ཚགས་གྱིས་ཞེས་གསུངས་ཤིང་། དགུན་ཚེ་གནས་ནང་ན་བཞུགས་དུས་ཀྱང་། ཉེ་གནས་ལ་ཡུན་རིང་མི་བཞུགས་པ་དང་འདི་ནས་བདེ་བ་ཅན་དུ་ཕེབས་འགྲོ་རྒྱུའི་གསུང་འཕྲོས་ཁོ་ན་གནང་ཞིང་། ཁྱད་པར་དུ་སྔ་མོ་ནས་བདག་ཅག་སློབ་མ་དུ་མ་ལ་ཁོང་བདེ་བ་ཅན་དུ་ཕེབས་ནས་ས་ཆེན་ཡབ་སྲས་ལས་ལམ་འབྲས་གསན་དགོས་ཚུལ་ཡང་ཡང་གསུངས་པའང་། འདི་སྐབས་ཉིན་གཅིག་ཉེ་གནས་ལ་ངས་བླ་མ་ས་སྐྱ་པ་ཆེན་པོ་དང་། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང་། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་གསུམ་ཀ་ལས་ལམ་འབྲས་ཐོབ་ཚར་ཞེས་ཉེ་བརྒྱུད་གསན་པའི་གསུང་སྒྲོས་ངོ་མཚར་ཅན་འདི་ཡང་གསུང་བར་གདའ། དེ་ནས་སྦྲུལ་ལོ་ཧོར་ཟླ་གཉིས་པའི་ནང་ནས་སྐུ་ཁམས་ཅུང་ཟད་འཁྲུགས་ཚུལ་བསྟན་ནས། ཟླ་བ་གསུམ་པའི་ཚེས་གཅིག་ལ་སྔར་གསུངས་པ་ལྟར་ཁྱོགས་ཀྱི་སྟེང་དུ་གདན་དྲངས་ནས་ཡར་ཐར་ལམ་དགོན་དུ་ཕེབས། དེར་དགོན་པའི་བླ་ཆོས་དང་སློབ་མ་སྦྱིན་བདག་སོགས་དད་པ་ཅན་རྣམས་ཀྱིས་བཞུགས་པར་གསོལ་བ་འདེབས་པ་རྣམས་ལའང་། ཁྱེད་རྣམས་ཀྱིས་བླུན་གཏམ་མ་བྱེད། སྔོན་ཡང་འཕགས་བོད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཙོས་མཁས་ཤིང་གྲུབ་པ་བརྙེས་པ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་ཚུལ་བསྟན། ཁྱད་པར་དུ་ཡང་རང་ལུགས་ཀྱི་ཕྱོགས་ནས་བསམས་ཀྱང་ཆོས་རྗེ་འཇམ་དབྱངས་བླ་མ་དང་། རྒྱལ་བ་རྡོ་རྗེ་འཆང་སོགས་སྟོན་པ་གཉིས་པ་ལྟ་བུ་རྣམས། སྐུ་ཚེ་མཐར་ཕྱིན་པའི་ཚད་དུ་བྱས་ཀྱང་། དེ་དག་ལས་ཀྱང་ང་རང་ལོ་གྲངས་མང་། ད་ང་གཅིག་པུ་འདུག་རྒྱུ་ག་ལ་ཡོད། ཅེས་ཡང་ཡང་གསུངས་ཤིང་། སྐུ་རིམ་སྒྲུབ་དགོས་ཞེས་ཞུས་པའི་ཚེ་དང་པོར་སློབ་མས་བླ་མའི་སྐུ་རིམ་བསྒྲུབས་ན་ཚོགས་ཆེན་པོ་རྫོགས་ཚུལ་གསུངས་ནས་ཐུགས་དགྱེས་ཚུལ་མཛད། དེ་ནས་ཉིན་གཉིས་གསུམ་ཐལ་བའི་མཚམས་སུ་ད་ཚོགས་པ་ཐམས་ཅད་ཀྱིས་རབ་འབྱམས་གཞུང་ལུགས་ཀྱི་མཐར། བདག་ཀྱང་ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །འཇམ་མགོན་བླ་མ་གཞུང་ལུགས་རབ་འབྱམས་པས། །བདེ་བ་ཅན་གྱི་ཞིང་དེར་དྲངས་ནས་ཀྱང་། །འོད་དཔག་མེད་པའི་ཞལ་མཆོག་མཐོང་བར་མཛོད། །ཅེས་པ་འདི་ཐོགས་ལ་དེ་ཁོ་ནར་གྲངས་གསོགས་ཤིག་ཅེས་གསུངས། སྒ་སྟོད་བསམ་གྲུབ་དགོན་པ་ཉིད་ཀྱི་སློབ་མ་ཞིག་གིས་ཚེ་ལྷ་རྣམ་གསུམ་གྱི་བྲིས་སྐུ་ཞིག་ཕུལ་ནས། ཁོང་ཚོས་དགོན་པས་ངོར་ཆེན་རྡོ་རྗེ་འཆང་གི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པས། དེ་ཉིད་ཀྱི་དུས་ཆེན་ཧོར་ཟླ་བཞི་པའི་ཚེས་ཉེར་ལྔ་ལ་རབ་གནས་ཤིག་མཛད་རོགས་ཞུས་པས། ཧ་ཧ་ང་དེ་དུས་འཇིག་རྟེན་ཕ་རོལ་ཏུ་འགྲོ་ཚར་གསུངས་པ་དང་། ཕྱོགས་ཐ་དད་ནས་སློབ་མ་མཇལ་དུ་ཕྱིན་པ་རྣམས་ལ་ཡང་མི་རྟག་པ་དང་། དགེ་བ་ལ་བསྐུལ་བའི་གསུང་འཕྲོས་ཁོ་ན་གནང་ཞིང་མཇལ་དར་ཕུལ་བ་རྣམས་ཀྱང་རང་རང་ལ་བསྐོན་ནས། དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་རེས་སྨོན་ལམ་གནང་ཞིང་། ཁྱད་པར་དུ་སྐུ་གཤེགས་ལ་ཉེ་བའི་གོང་ཙམ། འཇལ་མི་བྱུང་ཚད་སྐུ་མདུན་དུ་ཐོང་ཤོག་གསུངས་ནས་སྨོན་ལམ་རེ་གནང་མཛད། ཉེ་གནས་ཀུན་དགའ་ཆོས་དར་གྱིས་བསྙུན་ཚུལ་བསྟན་པའི་རིང་ལ་ངལ་དུབ་ཁྱད་དུ་བསད་ནས་ཞབས་ཏོག་ཕུལ་ཕྱིན་བསྒྲུབས་པས། རྗེ་ཉིད་ཀྱི་ཞལ་ནས། ཁྱོད་ཀྱིས་མཎྜལ་འབུམ་ཕྲག་བཅུ་ཕུལ་བ་བས་ད་ལོ་ང་ལ་ནད་གཡོག་བྱས་པ་འདིས་ཚོགས་རྫོགས་པ་ལ་དགའ་ངེས་སུ་འདུག་ཅེས་དང་། ཁྱེད་ཀྱིས་སྡིག་པ་ཚབ་ཆེན་མ་བསགས་དང་ནམ་འཆི་བ་ན་ངས་བསུས་ནས་བདེ་བ་ཅན་དུ་འགྲོ་ཆོག་ཅེས་གསུངས་ཤིང་། དེ་སྐབས་ཁང་གསར་མཁན་ཆེན་དང་། གྲའུར་དཔོན་བླ་མ་སོགས་ཀྱིས་ཞབས་བརྟན་ཕུལ་བ་ལའང་རྟེན་འབྲེལ་མཚོན་པ་ཙམ་ལས་ཞལ་བཞེས་ཇི་ལྟ་བ་བཞིན་མ་གནང་ལ་ཁྱད་པར་ཕྱག་རྫས་ཀྱི་རིགས་རྣམས་གྲའུར་བེ་ཧུ་བླ་མ་བསྟན་འཛིན་རྒྱལ་མཚན་སྐུ་མཆེད་ལ་ཞལ་བཀོད་མཛད་ནས། ས་ངོར་ལ་དགོངས་རྫོགས་མཆོད་འབུལ་དང་། ཐར་ལམ་དགོན་དུ་རྟེན་བཞེངས་འཕྲོར་འཇོག་རྒྱུ་དང་། སྐུ་ཚ་ཀུན་བཟང་བསྟན་འཛིན་ལ་གནང་རྒྱུ་སོགས་མཆོད་ཡོན་བཀའ་བགྲོས་མཛད་ནས་ཚགས་སུ་ཚུད་པར་མཛད་པ་སོགས་མི་བཞུགས་པའི་གསུང་སྒྲོས་ཁོ་ན་གནང་། སྤྱིར་ཅུང་ཟད་བསྙུན་ཚུལ་བསྟན་པའི་རིང་ལ། ཉིན་མོ་མི་མང་སར་བསྙུན་ཚུལ་ཆེར་བསྟན་ལ། མཚན་མོ་སྐུ་ལུས་དྲང་པོར་བསྲུངས་ནས་དུས་རྒྱུན་ལྟར་ཐུགས་དམ་ལ་བཞུགས་པ་དང་། སྐུ་མདུན་དུ་འོང་བ་རྣམས་ལའང་འགའ་ཞིག་ལ་བསྙུན་ཚུལ་ཆེར་བསྟན། འགའ་ཞིག་ལ་མི་བསྟན་པ་སོགས་མཐོང་བ་དང་། སྨན་པ་རྣམས་ཀྱིས་ཕྱག་རྩ་མཇལ་བའི་ཚེ་བསྙུན་གཞི་ཅུང་ཟད་ཀྱང་མི་འདུག་ཅེས་ཐམས་ཅད་མཐུན་པར་སྒྲོགས། སྐུ་མདུན་དུ་བཅར་མཁན་རྣམས་ཀྱིས་ཀྱང་རེས་ནི་བྱོན་བཞུགས་སོགས་ལ་སྐུ་བཏེག་རོགས་མི་དགོས་པར་ཅི་བདེར་བྱོན་པ་སོགས་ཀྱི་མཛད་སྤྱོད་ལ་དཔགས་ན་ཚུལ་བསྟན་མ་གཏོགས་དོན་ལ་ནི་བསྙུན་གཞི་ཅི་ཡང་མི་འདུག་པ་ཀུན་གྱིས་ཐུན་མོང་དུ་གྱུར། དེ་དག་གི་སྐབས་སུ༑ལན་གྲངས་དུ་མར་ས་གཡོ་བ་དང་། འཇའ་ཚོན་ཁ་དོག་སྣ་ཚོགས་ནམ་མཁའ་ལ་ཤར་བ་དང་། བྱ་རྒོད་མང་པོ་ལྡིང་ཞིང་འགའ་ཞིག་ཁང་སྟེང་དུ་བབས་པ་སོགས་བྱུང་ཞིང་། དེ་ནས་ཉིད་ཀྱི་སློབ་མ་དད་པ་ཅན་རྣམས་ཀྱིས་མི་བཞུགས་པར་ཐག་ཆོད་ནས། རྗེ་ཉིད་ཞིང་ཁམས་གང་དུ་བཞུགས་པ་དེར་བདག་ཅག་རྣམས་ཀྱང་སྐྱེ་བའི་ཐུགས་བསྐྱེད་ཞུས་པ་ན། ཁྱེད་ཐམས་ཅད་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཐོབ་དང་། ང་དེར་བཞུགས་ཡོད་པ་ཐག་ཆོད་ཡིན་ཅེས་ཡང་ཡང་གསུངས་ཤིང་། དེ་ནས་ཟླ་བ་གསུམ་པའི་ཉེར་དགུའི་ཉིན་ནངས་མོ་སྔ་བར་ཕྱི་ཁྱམས་སུ་ཕེབས་ནས་བཞུགས། དེ་ནས་ཅུང་ཟད་ཅིག་ན་བྱིན་རྟེན་དང་རྒུན་འབྲུམ་ཁུ་བས་སྦྲུས་པའི་ཟན་ཅུང་ཟད་གསོལ་ནས། ཞལ་འཛུམ་མང་པོ་མཛད། ཉིད་ཀྱི་སྐུ་ཉེ་ལེགས་འཛིན་མདུན་དུ་ཤོག་གསུངས་ནས་བོས་ཏེ། ཁྱོད་འདིར་ཡུན་རིང་བསྡད་ནས་ང་རང་འཆི་ཁར་མི་འདུག་པ་ཅི་ཡིན་ཅེས་གསུངས་པས། ལེགས་འཛིན་བཤུམས་ནས་ཕྱག་འཚལ་ཏེ་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཞུས་པ་ན། ཁྱོད་རང་སེམས་སྡུག་བྱེད་མི་དགོས། ཆོས་པ་རབ་ཡར་གྱི་ཟངས་ཐལ་དང་། སྡིག་པོ་ཆེ་མར་གྱི་ཟངས་ཐལ་ལས་བར་དོ་མེད་པ་ལ༑ང་ཡང་བར་དོ་མེད་པར་བདེ་བ་ཅན་དུ་འགྲོ་བ་ཡིན་ཞེས་གསུངས་པ་དེ་ན་ཡོད་པ་ཀུན་གྱིས་ཐོས། དེ་ནས་ཞལ་ནུབ་ཏུ་ཕྱོགས། ཞབས་གཉིས་བཟང་པོའི་འདུག་སྟངས་ཀྱིས་བཞུགས། སྐུ་ལུས་དྲང་པོར་བསྲངས་ཏེ། སྤྱན་གྱིས་མདུན་ཐད་དུ་ཟིམ་མེར་གཟིགས། ཤངས་སྒོའི་དྲི་མ་སོགས་བསལ། དབུ་ཅུང་ཟད་འཕྲུག །སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཐམས་ཅད་དུས་རྒྱུན་པ་ལྟར་མ་གཏོགས་པ་ད་མྱ་ངན་ལས་འདའ་བ་ཡིན་སྙམ་པ་གཏན་ནས་མི་འདུག་གསུངས། དེ་ནས་ཕྱག་ཕྲེང་བསྣམས་ནས་མ་ཎི་ཕྲེང་སྐོར་གཅིག་དང་། ཉག་མ་གསུམ་བཞི་ཙམ་གསུང་ཙ་ན། སྐུ་ལ་བགྲེས་ཚུལ་ལྟ་བུའི་གཉེར་མ་སོགས་གཏན་ནས་མེད་པར་ཞལ་གྱི་མདངས་ཤིན་ཏུ་གསལ་བར་གྱུར་ནས། མཉམ་བཞག་མཛད་ནས་ཅུང་ཞིག་ན་ཧིཀ་ཅེས་སྒྲ་ཆེ་བ་ཞིག་དང་། དེའི་རྗེས་ཇེ་ཆུང་དུ་གྱུར་པ་གཉིས་གསུངས་ནས། དགོངས་པ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པའི་ཚུལ་བསྟན་ཏོ། །དེ་ནས་ཞག་གསུམ་ནས་སྐུ་གདུང་རིན་པོ་ཆེ་མཇལ་བའི་ཚེ། ཤངས་བུག་གཡས་ནས་བྱང་སེམས་དམར་པོ་མཚལ་གྱི་མདོག་ལྟ་བུ་མང་པོ་ཞིག་སྐུ་པང་དུ་བབས་འདུག །དེ་ནས་སྐུ་ཁྲུས་གསོལ་ཞིང་། གདུང་ཆས་སོགས་དུས་ཐ་མའི་ཆོ་གའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གདུང་ལ་བྱ་བའི་ཆོ་ག་བཤད་ཚད་ཕྱག་ལེན་ལྟར་བགྱིས་ནས་བཞུགས་སུ་གསོལ་བ་ན། ཤངས་བུག་གཡོན་ནས་བྱང་སེམས་དཀར་པོ་མུ་ཏིག་གི་མདོག་ལྟ་བུ་ཞིག་བབས། དེ་ནས་ཞག་གསུམ་བཞིའི་བར་དུ་བྱང་སེམས་དཀར་པོ་ཁོ་ནར་བབ་ཅིང་། སྐུ་གདུང་སྔར་བས་དྭངས་པ་དང་། གཡོན་ངོས་ཅུང་ཟད་དམར་བ་ཞིག་ཏུ་གྱུར། ཧོར་ཟླ་བཞི་པའི་ཚེས་གསུམ་གྱི་ཉིན་མོར། སྐུ་གདུང་རིན་པོ་ཆེ་གཙུག་ལག་ཁང་དུ་གདན་དྲངས་ནས། མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཕུལ་བ་ན། དེ་སྐབས་ཉིན་མཚན་ཁོར་ཡུག་ཏུ་ནམ་མཁའ་ལ་འཇའ་ཁ་དོག་སྣ་ཚོགས་ཤར་བ་དང་། མེ་ཏོག་གི་ཆར་སིལ་བུར་བབས་པ་དང་། ཁྱད་པར་དུ་གཙུག་ལག་ཁང་དེ་ཉིད་ལ་འཇའ་འོད་ཀྱི་གུར་གདུགས་ལྟར་ཕུབ་པ་འགའ་རེས་མཐོང་བ་སོགས་བྱུང་ཞིང་། ཚེས་བཅུའི་ཉིན་གཙུག་ལག་ཁང་དེ་ཉིད་ཀྱི་སྟེང་གི་སྤུར་ཁང་དུ་བཞུགས་སུ་གསོལ་ནས། ཞུགས་ཕུལ་བགྱིས་ཚེ་མེ་སྦར་མི་དགོས་པ་ཐུགས་ཀ་ནས་མེ་མཆེད་དེ་རང་འབར་དུ་གྱུར་པ་དང་། དེ་ཡང་བསྲེག་རྫས་རྣམས་ཕུལ་ཚེ་དུ་ལོང་དུ་གྱུར་ནས། རང་དགར་བཞག་པའི་ཚེ་འབར་བ་དང་། བྱ་རྒོད་མང་པོ་གདུང་ཁང་གི་སྟེང་གི་ནམ་མཁར་ལྡིང་ཞིང་མཐར་ཇེ་མཐོར་གྱུར་ནས་ནུབ་ཕྱོགས་སུ་འཕུར་སོང་བ་དང་། ནུབ་ནས་ཤར་དུ་འཇའ་དཀར་པོ་སྣམ་བུ་བརྐྱང་པ་ལྟར་དྲང་ཐལ་ལེ་ཟུག་པ་དང་། ཁྱད་པར་དུ་ལྷོ་ནུབ་ཀྱི་མཚམས་ཀྱི་ནམ་མཁར་འཇའ་སྤྲིན་སྡོང་པོ་གཅིག་ལ་སྣེ་མོ་བརྒྱད་ཡོད་པ་པ་ཏྲའམ་འཁོར་ལོ་དང་ཆ་འདྲ་བ་ཞིག་ཤར་བ་དང་། སྤུར་ཁང་གི་ཕྱི་ནས་དད་པ་ཅན་འགའ་རེས་རིང་བསྲེལ་ཡང་དུ་མ་རྙེད་འདུག་པ་དང་། གདུང་ཁང་སྒོ་ཕྱེས་པ་ན་དབུ་དང་སྐུའི་མགྲིན་པ་དེའི་སྣེ་མོར་ཐུགས་ཏེ་གསུམ་པོ་ཕྱོགས་གཅིག་ཏུ་སྦྲེལ་ཏེ་འབྱར་བ་དང་། དབུ་ཐོད་སྟེང་དུ་མ་ཎི་འབྲུ་དྲུག་རང་བྱོན་དུ་འདུག་པ་དང་། ཞུགས་འབུལ་དུས་ཀྱི་ཀུན་རིག་དཀྱིལ་འཁོར་དེའང་ཚོན་གྱི་ཁ་དོག་སོགས་མ་ཡལ་བར་རྡོའི་རང་བཞིན་དུ་གྱུར་ནས། སྐྱེ་བོ་ཀུན་གྱིས་མཇལ་རྒྱུ་ཡོད་པ་སོགས་ངོ་མཚར་བའི་རྟགས་དུ་མས་གདུལ་བྱ་རྣམས་དད་པའི་ས་ལ་འགོད་པར་ཛད་དོ། །དེ་ལྟར་ཆོས་ཀྱི་རྗེ་དེ་ཉིད་ཀྱི་ཕྲིན་ལས་སྐྱོང་བའི་སློབ་མའི་ཚོགས་ནི། དཔལ་ཨེ་ཝཾ་ཆོས་ལྡན་གྱི་མཁན་པོ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གཙོ་བོར་སྨོས་ཤིང་། བདག་ཅག་གིས་མཐར་བརྟེན་པའི་དབུས་གཙང་ཁམས་གསུམ་དུ་དཔལ་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་གྲངས་མེད་པ་བྱུང་ཞིང་། དེ་དག་གི་ནང་ན་སྡེ་སྣོད་འཛིན་པ་དང་། སྒྲུབ་པ་ལ་གཞོལ་བ་སོགས་བཤད་སྒྲུབ་ཀྱི་བསྟན་པ་ལ་ཕན་ཐོགས་པ་མང་དུ་བྱོན་མོད། དེ་དག་ཐམས་ཅད་ཀྱི་རྣམ་ཐར་ལྟ་ཞོག་མཚན་གྱི་རྣམ་གྲངས་ཙམ་ཡང་བརྗོད་པར་མི་ནུས་ལ། འོན་ཀྱང་ཞལ་སློབ་ཐམས་ཅད་ཀྱི་གཙོ་བོ་ནི་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་གསོལ་བ་འདི་ཉིད་ཡིན་ཏེ། རྗེ་ཉིད་ཀྱི་ཞལ་ནས། རྫོང་གསར་མཁྱེན་བརྩེ་འདི་པ་ངེད་ཀྱི་བླ་མའང་ཡིན། ཁོང་གི་སྐུ་བརྙན་ཞིག་བྲིས་ནས་བླ་བརྒྱུད་ཀྱི་གྲལ་དུའང་བཞུགས་ཡོད། སློབ་མའི་གཙོ་བོའང་ཡིན་པས་ཁོང་གི་ཞབས་བརྟན་ངེད་ཀྱིས་ཀྱང་དུས་རྒྱུན་དུ་སྒྲུབ་ཀྱིན་ཡོད་ལ། ཁྱེད་ཚོས་ཀྱང་། དུས་གསུམ་རྒྱལ་བ་ཀུན་གྱི་གདུང་འཛིན་ཅིང་། །ཐེག་གསུམ་ཆོས་ཀྱི་དགའ་སྟོན་འགྱེད་མཁས་པ། །ཁམས་གསུམ་འགྲོ་བའི་འདྲེན་པ་གཅིག་གྱུར་པ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་བརྟན་གསོལ། །ཞེས་པ་འདི་ཚོགས་འདོན་གྱིས་ཞེས་ཡང་ཡང་གསུངས། མཆོག་གི་སྤྲུལ་སྐུས་ཀྱང་དད་མོས་དྲག་པོ་རྒྱུན་ཆགས་སུ་མཛད་ཅིང་། སྔར་ལམ་འབྲས་གསན་པའི་སྐབས་རྗེ་བླ་མ་སྒོ་རུམ་པ་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་རྣམ་འཕྲུལ་ཡིན་པར་ཐུགས་ངོར་གསལ་བ། རྗེ་བླ་མས་སྒོ་རུམ་པའི་རྣམ་ཐར་གསུངས་སྐབས་དེ་འདྲའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བྱིས་བློས་བསམ་པར་དཀའ་བ་ཞེས་སྤྱན་ཧུར་གྱིས་ཅེར་ནས་གསུངས་པས་རང་གི་དྲན་རྒྱུའི་ལྐོག་གྱུར་མཁྱེན་སྙམ་པ་བྱུང་། དོན་དེས་རྗེ་བླ་མར་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གྱི་བསྔགས་པ་ཕུལ་བ་ཡིན་གསུངས་པའི་ཕྱིར། དེ་ལྟ་བུའི་སློབ་མའི་ཚོགས་ཐམས་ཅད་ཀྱིས་བླ་མའི་རྣམ་ཐར་ལ་སློབ་པའི་ཚུལ་གྱིས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་ཡུན་དུ་སྐྱོང་བར་བྱེད་པ་ནི་ངོ་མཚར་རྨད་དུ་བྱུང་བའི་གནས་སུ་གྱུར་པ་ལགས་སོ།། །།སླར་ཡང་སྨྲས་པ། སྲིད་ལ་མ་ཞེན་ངེས་འབྱུང་ཚུལ་ཁྲིམས་དག །ཞི་ལ་མ་ཆགས་གཞན་ཕན་སེམས་མཆོག་འབྱོངས། །གཉིས་སུ་མ་ཞེན་འཁོར་འདས་དབྱེར་མེད་རྟོགས། །སུམ་ལྡན་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ། །རྣམ་མང་ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད། །དེ་དོན་བསམ་པས་གཞུང་ལུགས་གདམས་པ་ཤར། །ཡེངས་མེད་བསྒོམས་པས་ནང་གི་རྟེན་འབྲེལ་གྲུབ། །སྡེ་སྣོད་འཛིན་པའི་གཙུག་རྒྱན་ལ་ཕྱག་འཚལ། །དཀའ་བ་དང་བླངས་སྒྲུབ་པའི་རྒྱལ་མཚན་བཙུགས། །ཟབ་དོན་ལེགས་བསྒོམས་རྟོགས་པའི་དྲོད་ཚད་བརྙེས། །སྒྲུབ་འབྲས་མངོན་གྱུར་བསྟན་འགྲོའི་དོན་ཆེན་མཛད། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐེག་གསུམ་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། །སྡོམ་གསུམ་བཀའ་དྲིན་སྩོལ་བའི་དྲིན་ཅན་རྗེ། །སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པས་ཀུན་ཏུ་ཕྱག་འཚལ་ལོ། །མཚུངས་པ་མེད་པའི་དཔལ་མགོན་བླ་མ་ལ༑༑ཁ་ཞེ་མེད་པའི་དད་པའི་གདུང་ཤུགས་ཀྱིས། །ཉིན་མཚན་མེད་པར་གསོལ་བ་འདེབས་ལགས་ན། །རྒྱུན་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་ནི། །བདག་གཞན་ཚོགས་གཉིས་མྱུར་དུ་རྫོགས་བྱའི་ཕྱིར། །རྗེ་བཙུན་བླ་མ་མཆོག་ལ་མཆོད་པར་བགྱི། །མ་རིག་ཆགས་སྡང་འཁྲུལ་པའི་དབང་གྱུར་པས། །བདག་གིས་སྒོ་གསུམ་སྡིག་ལྟུང་གང་བགྱིས་པ། །གནོང་ཞིང་ཡིད་ལ་བཅགས་པའི་འགྱོད་སེམས་ཀྱིས། །འདྲེན་པ་ཁྱོད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས། །རང་ཉིད་ལས་ངན་མུན་པར་ཞུགས་མཐོང་ནས། །གཞན་གྱིས་དགེ་བའི་སྣང་བ་གང་བསྐྱེད་ལ། །མ་གུས་ཕྲག་དོག་རྟོག་པས་མ་བསླད་པར། །དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ་། །མགོན་པོ་ཁྱེད་ཀྱིས་ཡེ་ཤེས་སྐུ་བརྙེས་ཕྱིར། །གདུལ་བྱའི་ཡུལ་ལ་ཐོགས་པ་མི་མངའ་བས། །བདག་གི་ཉམས་དང་རྨི་ལམ་མངོན་སུམ་དུ། །ད་དུང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞིང་འདིར་མྱ་ངན་འདའ་བའི་ཚུལ་བསྟན་ཀྱང་། །ལྷུན་གྲུབ་ཕྲིན་ལས་རྒྱུན་ཆད་མི་མངའ་བས། །གུས་ལྡན་སློབ་མའི་དད་བརྒྱའི་སྤྱི་བོ་རུ། །ཉིན་མཚན་རྟག་ཏུ་བཞུགས་པར་མཛད་དུ་གསོལ། །རྗེ་བཙུན་བླ་མ་དག་པའི་ཞིང་དུ་གཤེགས། །སྐལ་ངན་བདག་ནི་འཁོར་བའི་གྲོང་དུ་འཁྱམས། །ལས་ངན་རང་གི་སྡུག་བསྔལ་མ་བཟོད་ནས། །གདུང་བའི་དབྱངས་ཀྱིས་འབོད་དོ་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་འཚོ་བཞིན་དུ། །ཕྱི་ནང་གསང་བའི་ཉེར་འཚེ་ཐམས་ཅད་ལས། །མགོན་པོ་ཁྱོད་ཀྱིས་སྐྱོབ་པར་མཛད་དུ་གསོལ། །ད་ནི་མི་ཚེའི་ལྷག་མ་ཅི་ཡོད་ལ༑༑རྣམ་གཡེང་སྡིག་པའི་ལས་ལ་མི་འཇུག་པར། །ཉིན་མཚན་དམ་པའི་ཆོས་ཀྱིས་འདའ་བྱས་ནས། །དལ་འབྱོར་སྙིང་པོར་ལོན་པར་མཛད་དུ་གསོལ། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ༑༑འདྲེན་པ་ཁྱོད་ཀྱིས་ཞལ་བཟང་ལེགས་བསྟན་ནས། །ཡིད་འཕྲོག་དཔའ་བོ་མཁའ་འགྲོའི་མཆོད་སྤྲིན་གྱིས། །བདག་གི་ལམ་སྣ་འདྲེན་པར་མཛད་དུ་གསོལ། །གང་གི་ཐུགས་བསྐྱེད་སྨོན་ལམ་གྲུབ་པ་དང་། །སློབ་མའི་མོས་གུས་མཆོག་གི་རྟེན་འབྲེལ་གྱིས། །མགོན་ཁྱེད་གང་དུ་བཞུགས་པའི་ཞིང་ཁམས་དེར། །བདག་ཅག་ཐམས་ཅད་འདྲེན་པར་མཛད་དུ་གསོལ། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །རྗེ་བཙུན་བླ་མའི་ཐུགས་དགོངས་རྫོགས་ཕྱིར་བསྔོ། །ཀུན་ཏུ་བཟང་པོའི་སྨོན་པས་ཡོངས་བཟུང་བའི། །སྤྱོད་པ་མ་ལུས་མཐར་ཕྱིན་འགྱུར་བར་ཤོག །ཡོན་ཏན་རིན་ཆེན་བྱེ་བ་ལས་གྲུབ་པའི། །བླ་མའི་ལྷུན་པོ་སྲིད་ན་མངོན་མཐོ་ཞིང་། །མཁས་མང་གསེར་རིའི་དབུས་ན་ལྷང་ངེ་བའི། །རྣམ་ཐར་སུས་ཀྱང་གཞལ་བར་མི་ནུས་ཀྱང་། །མོས་གུས་ཁོར་ཡུག་རྒྱུན་ཆད་མ་ཤོར་བས། །ཕྲིན་ལས་རྒྱ་མཚོ་ལྟོ་བར་བསྐྱིལ་ནུས་པ། །ལས་ངན་ལྕགས་མདོག་ཤར་བའི་རྨོངས་པ་དེས། །སྒྲོ་སྐུར་སྤངས་ཏེ་མདོ་ཙམ་བྲིས་པ་ལགས། །འདི་བགྱིས་པ་ལས་བདག་གིས་ཐོབ་པའི་རྣམ་དཀར་དགེ་བའི་ཆར་རྒྱུན་གྱིས། །སྐལ་ལྡན་སློབ་མའི་དད་པའི་ཞིང་སར་ཡོན་ཏན་ལོ་ཏོག་རབ་རྒྱས་ཤིང་། །ཕན་བདེའི་དགའ་སྟོན་མཆོག་ལ་སྤྱོད་པའི་གདུལ་བྱའི་ཚོགས་རྣམས་མ་ལུས་པའི། །སྲིད་ཞིའི་རྒུད་པ་མཐའ་དག་ཞི་ནས་བཀྲ་ཤིས་དགེ་ལེགས་བརྟན་པར་ཤོག །ཅེས་པ་འདི་ནི་རང་ཉིད་ཀྱིས་ཀྱང་སྔ་མོ་ནས་མོས་ཤིང་འདུན་པའི་ཁར། ཡོངས་རྫོགས་བསྟན་པའི་མངའ་བདག་མཁྱེན་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས་ལྷ་རེག་རིན་ཆེན་གཉིས་པའི་རྟེན་དང་བཅས་སྔ་ཕྱི་དུ་མར་བསྐུལ་མ་གནང་བའི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་ཏེ། རྗེ་བླ་མ་རྡོ་རྗེ་འཆང་དེ་ཉིད་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་པས་རྣམ་པར་ཐར་པ་ལ་མི་འཕྲོག་པའི་དད་པ་ཐོབ་པ་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་རྗེ་ཉིད་ཀྱི་ཞལ་གསུང་མ་སོར་བཞག་བྱས་ཤིང་། རང་གི་དྲན་ལམ་ན་ཡོད་པ་སྒྲོ་སྐུར་དང་བྲལ་བ་རྣམས་ཀྱིས་ཁ་བསྐངས་ཏེ། ས་བཅད་དང་། ཚིག་གི་སྙན་ཆ་དང་། ལུང་སྦྱོར་སོགས་བཏང་སྙོམས་སུ་བྱས་ཏེ། མགོན་པོ་གང་གི་སློབ་མ་རྣམས་ཀྱི་དད་པའི་གསལ་འདེབས་སུ་ཆུ་རྟ་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་དགེ་བར་རྫོང་གསར་བཀྲ་ཤིས་ལྷ་རྩེར་གྲུབ་པར་བགྱིས་པ་འདིས་ཀྱང་བདག་སོགས་ལྟོས་བཅས་ཐམས་ཅད་དཔལ་ལྡན་བླ་མ་དམ་པས་ཚེ་རབས་ཐམས་ལེགས་པ་རིན་པོ་ཆེའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ། ཅད་དུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།དགེའོ། །ༀ་སྭ་སྟི། འཇམ་མགོན་བླ་མའི་རྣམ་པར་ཐར། །སྤར་དུ་བསྐྲུན་པའི་ལེགས་བྱས་མཐུས། །འབྲེལ་ཐོགས་གཙོར་བྱས་སེམས་ཅན་རྣམས། །བླ་མ་མཆོག་གིས་རྗེས་འཛིན་ཤོག །དགེའོ། །མངྒ་ལཾ།


no previousལེགས་པ་རིན་པོ་ཆེའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ།next