Nitartha Digital Library
Tibetan
༄༅། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ་བཞུགས་སོ། །

3 occurrences of དགོངས་པ་ཟང་ཐལ་
[Clear Hits]


collapse section
༄༅། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ་བཞུགས་སོ། །
  
  
  
  
  
  
  
  
 
 
  
  
 
  


3 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
no previous༄༅། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ་བཞུགས་སོ། །no next

༄༅། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ་བཞུགས་སོ། །

༄༅། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ་བཞུགས་སོ། །

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འཁོར་འདས་གཞི་ཆོས་ཉིད་ལས་མ་འདས་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།

༄༅། །རྒྱ་གར་སྐད་དུ། མ་ཧཱ་སིནྟ་མཉྫུ་ཤྲཱི་ཙིཏྟ་ཏི་ཀ་ལ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གདོད་ནས་ལྷན་སྐྱེས་གཉུག་མའི་ཡེ་ཤེས་དཔལ། །ཡོད་མེད་རྟག་ཆད་སྤྲོས་པའི་ཡུལ་ལས་འདས། །བླང་དོར་དམིགས་མེད་སེམས་ཉིད་འདུས་མ་བྱས། །འཇམ་དཔལ་གཞོན་ནུར་འདུ་འབྲལ་མེད་ཕྱག་འཚལ། །མཁྱེན་བརྩེའི་ཡོན་ཏན་གདོད་ནས་ལྷུན་གྲུབ་པའི། །བརྟན་གཡོ་ཀུན་ཁྱབ་འཇམ་དཔལ་ཡེ་ཤེས་སེམས། །དེང་འདིར་བདག་གིས་གསོལ་ལོ་སྐལ་བཟང་རྣམས། །རྩེ་གཅིག་རྣ་བ་བླགས་ཏེ་གུས་པས་ཉོན། །སེམས་ཉིད་ངོ་བོ་དག་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་མ་འགགས་སྣ་ཚོགས་སྤྲུལ་པའི་སྐུ། །ཡེ་ནས་མ་བཙལ་ལྷུན་གྲུབ་འཇམ་དཔལ་དབྱངས། །འོད་གསལ་གཞི་ཡི་དཀྱིལ་འཁོར་ཆེན་པོ་སྟེ། །ཐོག་མའི་སྤྱི་གཞི་བདེ་གཤེགས་སྙིང་པོ་དང༌། །རིགས་དང་ཁམས་དང་རང་བྱུང་ཡེ་ཤེས་དང༌། །གཉུག་སེམས་གཞི་ཡི་འོད་གསལ་རྣམ་གྲངས་སོ། །སྣོད་བཅུད་སྣ་ཚོགས་སྣང་བའི་རོལ་བ་ཀུན། །སྐྱེ་མེད་ངང་ལས་འགགས་མེད་ཆོ་འཕྲུལ་ཏེ། །སྣང་བ་ཅི་ཤར་ཆོས་དབྱིངས་རོལ་བ་ལས། །གཞན་དུ་མེད་དེ་རྨི་ལམ་ཇི་བཞིན་ནོ། །གཟུགས་སྣང་རང་བྱུང་སྐུ་ཡི་དཀྱིལ་འཁོར་དང༌། །སྒྲ་གྲག་གསུང་དང་དྲན་རིག་མི་རྟོག་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་རང་ཤར་བ། །ཡེ་ཤེས་དཀྱིལ་འཁོར་གཅིག་ལས་གཞན་དུ་བྲལ། །གང་སྣང་རིག་པའི་ཆོ་འཕྲུལ་གསལ་སྣང་ཙམ། །མེད་ཀྱང་སྟོང་བའི་རང་གཟུགས་སྒྱུ་མ་དང༌། །རྨི་ལམ་ཇི་བཞིན་གཞན་ན་མེད་པ་འོ། །དག་པའི་མེ་ལོང་ཇི་བཞིན་རིག་པའི་རྩལ། །གང་ལྟར་ཤར་ཡང་ངོ་བོར་གོས་པ་མེད། །གློ་བུར་དྲི་མའི་རྣམ་པ་ཡོངས་དག་ཚེ། །སྐུ་དང་ཞིང་ཁམས་འཆར་རུང་མ་རྟོགས་པར། །གྲངས་ཅན་ལུགས་འདོད་དེ་ལ་སྨོད་པའང་འཁྲུལ། །འོད་དང་ཉི་མ་ཇི་བཞིན་སྐུ་གསུམ་ནི། །རང་བྱུང་རིག་པའི་ངོ་བོ་ལྷུན་གྱིས་རྫོགས། །ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་ཚེ། །ཆོས་ལོངས་སྤྲུལ་སྐུའི་སྣང་བ་ཐམས་ཅད་ཀྱང༌། །རྣམ་ཀུན་མཁྱེན་པའི་ཀློང་ལས་གཞན་དུ་མེད། །བསོད་ནམས་ཡེ་ཤེས་ཚོགས་ཀྱང་ལྷུན་གྲུབ་བོ། །གང་དུ་མ་གྲུབ་རོལ་རྩལ་མ་འགགས་པ། །སྒྱུ་མ་རྨི་ལམ་ཆུ་ཟླ་གཟུགས་བརྙན་དང༌། །སྤྲུལ་པ་ལྟ་བུ་སྣང་ལ་རང་བཞིན་མེད། །གཞི་བྲལ་ཀུན་བཟང་ཡབ་ཡུམ་དགོངས་པ་འོ། །དེ་ལྟར་སོ་སོར་རང་རིག་ཆོས་སྐུ་ལ། །དངོས་པོ་མཚན་མར་གྲུབ་པ་མ་དམིགས་ཀྱང༌། །ལྷན་སྐྱེས་ཀུན་བཏགས་བག་ཆགས་འཁྲུལ་བའི་རྒྱུས། །མ་དག་སྣོད་བཅུད་མེད་སྣང་སྟོང་གཟུགས་ཤར། །འོན་ཀྱང་རྨི་ལམ་རྟ་གླང་ཇི་བཞིན་དུ། །སྣང་དུས་ཞེན་ཡང་དོན་ལ་ཡོད་མ་མྱོང༌། །འཁྲུལ་དང་མ་འཁྲུལ་སྣང་བ་ཅི་ཤར་ཡང༌། །རིག་པའི་ངང་ལས་མ་གཡོས་འཁྲུལ་མི་སྲིད། །རང་བྱུང་ཡེ་ཤེས་སྒྲིབ་བྱེད་རང་སྣང་གི །ལྷུན་གྲུབ་སྒོ་ལས་རང་ཤར་གང་དུའང་མེད། །ཡེ་ཤེས་སྣང་ཙམ་སྣང་སྲིད་རིག་པའི་ངང༌། །ཉག་གཅིག་རང་མལ་ཀ་དག་ཆོས་སྐུར་བཞུགས། །འཁྲུལ་བ་མི་སྲིད་མ་འཁྲུལ་ཆོས་ཀྱང་བྲལ། །ལྟོས་གཞི་ལོག་པས་ལྟོས་ཆོས་ག་ལ་སྲིད། །དོན་ལ་མ་གྲུབ་ལྷུན་གྲུབ་ཅི་ཡང་སྣང༌། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འཁོར་འདས་གཞི་ཆོས་ཉིད་ལས་མ་འདས་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ཡི་ཆོས་རྣམས་ཡེ་ནས་རང་ཤར་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།

༈ ཡེ་ནས་རྣམ་དག་བརྡལ་བ་ཆེན་པོའི་ཀློང༌། །ཕྱི་ནང་ཕྱོགས་ཆ་ཡངས་དོག་འགྲོ་འོང་བྲལ། །འཁོར་འདས་སྟོང་བའི་གཟུགས་སྣང་ཅི་ཤར་ཡང༌། །ཐམས་ཅད་སྐྱེ་བ་མེད་པའི་རོལ་བ་ཙམ། །ལྷུན་གྲུབ་འགྲོ་འོང་བྲལ་བ་བྱང་ཆུབ་སེམས། །འཁོར་འདས་སྤྱི་དབྱིངས་ཀློང་ཆེན་དགོངས་པའི་གཟེར། །མཚན་དཔེ་རང་བཞིན་ཀུན་ལས་འདས་པའི་ཕྱིར། །ཐོག་མཐའ་སྐྱེ་འགགས་རྩོལ་སྒྲུབ་མཐའ་དབུས་མེད། །ཀུན་ཀྱང་བྱང་ཆུབ་སེམས་སུ་མཉམ་པ་ཉིད། །རང་བྱུང་ཡེ་ཤེས་ཆོས་ཀྱི་ཀློང་ཉིད་དུ། །ཀུན་བྱང་བདུད་དང་གོལ་ས་རྣམ་རོལ་བའི། །ཆོས་རྣམས་ཡེ་ནས་དབྱིངས་ཀྱི་འཁོར་ལོ་འདྲ། །གྲུབ་བསལ་བཅོས་སླད་མེད་པའི་དབྱིངས་ཀྱི་གཞི། །འཁོར་འདས་ཕྱོགས་ལྷུང་བྲལ་བའི་རང་བྱུང་དལ། །ཚད་དང་ངོས་བཟུང་མེད་པའི་ལྷུན་མཐོ་བ། །རིམ་རྩོལ་རྒྱུ་འབྲས་འདས་པའི་སྒོ་འཕར་ཅན། །གང་དེར་རང་བྱུང་རྒྱལ་པོ་མི་གཡོ་ཞིང༌། །རང་བབས་བསམ་གཏན་དམ་པའི་བཙུན་མོ་དང༌། །དོན་རྟོགས་དགོངས་པའི་སྲས་དང་བྲན་གཡོག་བཅས། །རང་རྩལ་ཤེས་པའི་ཡུལ་ལ་དབང་བསྒྱུར་རོ། །འཕོ་འགྱུར་བྲལ་བའི་རིག་པའི་གཏན་ཡུལ་ནི། །གང་ཤར་རང་གྲོལ་ཆོས་སྐུའི་ཞིང་ཁམས་སོ། །བདེ་ཀློང་བྱང་ཆུབ་སེམས་སུ་ཉག་གཅིག་པ། །ཆོས་སྐུ་བྱ་རྩོལ་བསམ་བྱའི་ཡུལ་ལས་འདས། །འགྲོ་དྲུག་ཁམས་དང་རྫོགས་པའི་སངས་རྒྱས་ཀྱང༌། །རང་བྱུང་རིག་པའི་ངང་དུ་འུབ་ཆུབ་བོ། །འགྲོ་བའི་དེད་དཔོན་སྐུ་གསུམ་དམ་པ་རྣམས། །རང་རིག་བདེ་སྟོང་ངང་དུ་ལྷུན་གྲུབ་པས། །མ་བཙལ་ཡེ་ནས་མི་འགྱུར་རང་བྱུང་ངོ༌། །དེ་བཞིན་འགྲོ་དྲུག་ཁམས་ཀྱང་ཐིག་ལེར་ཟླུམ། །འོན་ཀྱང་མ་རྟོགས་སྐྱེ་བོར་ཨ་འཐས་སྣང༌། །རྣལ་འབྱོར་ཅན་ལ་སྒྱུ་མའི་རྨི་ལམ་ཙམ། །འཁྲུལ་གཞི་ལས་ཉོན་གཅིག་དང་དུ་མའི་མཐའ། །དཔྱད་ན་བྲལ་བའི་ངོ་བོས་དབེན་པ་དེ། །གདོད་མའི་གཞི་ལ་འཁོར་འདས་ཡོངས་གྲོལ་བས། །ལྷུན་གྲུབ་བྱང་ཆུབ་མཆོག་གི་རང་བཞིན་ནོ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ཡི་ཆོས་རྣམས་ཡེ་ནས་རང་ཤར་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ཆོས་ཉིད་ཀྱི་རང་བཞིན་དཔེ་དོན་དུ་མས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།

༈ ཆོས་ཀུན་བྱང་ཆུབ་སེམས་ལས་རང་ཤར་བས། །སངས་རྒྱས་ཀུན་གྱི་དགོངས་པ་གཅིག་ཏུ་འདྲེས། །སྟོང་གསལ་སྤྲོས་བྲལ་དམིགས་མེད་ནམ་མཁའ་བཞིན། །སེམས་ཉིད་རང་བྱུང་ཡེ་ཤེས་མཚན་མ་བྲལ། །ཆོས་སྐུའི་སྙིང་པོ་ལྷུན་གྲུབ་སྤྲོས་བྲལ་ངང༌། །འཆར་ཚུལ་མ་འགགས་ཆུ་ནང་ཟླ་གཟུགས་བཞིན། །སྣ་ཚོགས་ཤར་ཡང་དོན་ལ་མ་གྲུབ་པས། །ཆོས་སྐུར་ལ་བཟླ་མེད་མཉམ་ནམ་མཁའ་བཞིན། །ཕྱོགས་ཡན་ཀ་ནས་དག་པའི་ཆོས་ཉིད་དང༌། །སྔ་ཕྱི་ངེས་མེད་ཡེ་ནས་མཉམ་པ་ཉིད། །ངང་གིས་འོད་གསལ་ཉི་མའི་དཀྱིལ་འཁོར་བཞིན། །སྒྲིབ་མེད་ཟང་ཐལ་བྱང་ཆུབ་སེམས་ཀྱི་ངང༌། །ངོ་བོ་རང་བཞིན་ཐུགས་རྗེ་སྐུ་གསུམ་གྱིས། །ཡོངས་གྲགས་འཁོར་འདས་ཀུན་ལ་གཅིག་ཏུ་ཁྱབ། །དེ་ལས་སྣང་སྲིད་མེ་ལོང་གཟུགས་བརྙན་བཞིན། །འཆར་གཞི་མ་འགགས་སྣ་ཚོགས་སྣང་བར་ཤར། །འོད་ལྔ་ནང་གསལ་ཤེལ་གྱི་གོང་བུ་བཞིན། །རྟོགས་དང་མ་རྟོགས་རྐྱེན་གྱིས་འཁོར་འདས་སྣང༌། །སེམས་ཉིད་རྣམ་དག་སྣང་བ་ལྷུན་གྱིས་རྫོགས། །རྣམ་ཀུན་མཆོག་ལྡན་སྟོང་བའི་དབྱིངས་ཞེས་བྱ། །སྐྱེ་འགགས་གནས་གསུམ་སྣང་བའི་དུས་ཉིད་ནས། །ཅུང་ཟད་མ་གྲུབ་མེད་སྣང་སྟོང་བའི་གཟུགས། །རིག་རྩལ་སྣ་ཚོགས་འཁོར་འདས་ཅི་ཤར་ཡང༌། །རྟེན་འབྲེལ་ཐ་སྙད་ཙམ་ལས་དོན་ལ་མིན། །སྒྱུ་མའི་རྨི་ལམ་ཇི་བཞིན་ཤེས་པར་གྱིས། །ཡེ་ནས་འཁོར་འདས་ཀུན་ཀྱང་རིག་པའི་གཤིས། །ཡོད་མེད་གང་དུ་མ་གྲུབ་ཆོས་དབྱིངས་དང༌། །ཀུན་ཁྱབ་ཡབ་དང་ཀུན་བསྐྱེད་ཡུམ་གྱི་དབྱིངས། །བཏང་བཞག་ཏིང་འཛིན་དམིགས་མེད་ལུང་ཆེན་གནས། །ལྷུན་གྲུབ་ཁྱབ་བདལ་རྒྱུན་ཆད་མེད་པའི་ཀློང༌། །སྐྱེ་མེད་འགགས་མེད་ཐིག་ལེ་གཅིག་ཏུ་ཟླུམ། །ཀུན་ལ་འདུ་འབྲལ་མེད་ཀྱང་སྐལ་བཟང་གིས། །སོ་སོར་རང་གི་ཡེ་ཤེས་ཁོ་ནའི་ཡུལ། །བསམ་བརྗོད་ཡུལ་ལས་འདས་ཕྱིར་ཤེས་བྱ་མིན། །སྨྲ་རྣམས་འཁྲུལ་ཞིང་ཐོག་ཕེབས་རང་རིག་ཡུལ། །འཕོ་འགྱུར་བྲལ་བའི་རིག་པ་སོར་གནས་ལ། །བྱིང་རྒོད་རྣམ་རྟོག་ཅི་བྱུང་རོལ་བའི་རྩལ། །གོལ་སྒྲིབ་ཡུལ་མེད་ལྷུན་གྲུབ་ཆེན་པོ་ནི། །གསེར་གླིང་ཡུལ་ཕྱིན་ས་རྡོ་མི་རྙེད་བཞིན། །དེས་ན་ཁམས་གསུམ་རིགས་དྲུག་ཅི་སྣང་ཡང༌། །ཡེ་ནས་རང་ཤར་ཞིང་ཁམས་རྡོ་རྗེ་དབྱིངས། །རང་བཞིན་རྫོགས་པ་ཆེན་པོར་སངས་རྒྱས་པས། །བཟང་ངན་བླང་དོར་རྣམ་པར་རྟོག་པ་བྲལ། །རྨོངས་པ་འགའ་ཞིག་ཐུན་སྦྱོར་མི་ཤེས་པར། །དག་པ་གཉིས་ལྡན་འཛིན་པ་ཤིན་ཏུ་འཁྲུལ། །གློ་བུར་དྲི་མའི་རྣམ་པ་ཡོངས་དག་ལས། །རྐྱེན་གྱི་སངས་རྒྱས་ལོགས་ནས་བཙལ་དུ་མེད། །རང་ངོ་ཤེས་ན་གོལ་སྒྲིབ་ཤུགས་ཀྱིས་ཆོད། །ལོགས་སུ་ལྟ་བསྒོམ་འཚོལ་རྣམས་རྨོངས་པ་འོ། །ཅི་སྣང་ཆོས་ཀྱི་དབྱིངས་ནས་མ་གཡོས་པས། །རང་བབས་གཉུག་མའི་ངང་ལས་མ་འཆོལ་ཅིག །ལྷུན་གྲུབ་ཡེ་ཤེས་ནོར་བུ་རིན་པོ་ཆེ། །འོད་གསལ་དྲི་མེད་འཁོར་འདས་ཡོངས་ལ་ཁྱབ། །ངོ་བོ་ཡུལ་ལས་འདས་ཤིང་སྣང་བའི་ཆ། །འདོད་དགུ་འབྱུང་བའི་དཔལ་དུ་ཡེ་ནས་ལྡན། །མཐའ་བཞི་རྣམ་གྲོལ་རིག་པ་ཆོས་ཉིད་ཀློང༌། །སྣང་སྟོང་ཟིལ་གནོན་ཡོད་མེད་མཐའ་ལས་འདས། །དུས་གསུམ་མཉམ་ཉིད་ཆོས་དབྱིངས་འདུས་མ་བྱས། །རིག་པ་གཟུང་འཛིན་སྣང་སྟོང་བྲལ་བ་ཡི། །ཆོས་སྐུ་གདོད་ནས་མངོན་པར་སངས་རྒྱས་པའི། །རང་བཞིན་ཉིད་དུ་མཁས་པས་རྟོགས་པར་བྱས། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ཆོས་ཉིད་ཀྱི་རང་བཞིན་དཔེ་དོན་དུ་མས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་ཆོས་ཐམས་ཅད་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་ཤིང༌། གཞི་བྱང་ཆུབ་སེམས་སུ་འདུས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

༈ དེ་ལྟར་ཡང་དག་རིག་པའི་ངོ་བོ་ལ། །ལྟ་བསྒོམ་སྤྱོད་འབྲས་དཀྱིལ་འཁོར་བསྐྱེད་རྫོགས་དང༌། །དབང་བསྐུར་དམ་ཚིག་སྡོམ་པ་སྲུང་དུ་མེད། །རིམ་རྩོལ་རྒྱུ་འབྲས་བྱས་པའི་ཆོས་ལས་འདས། །ཉི་མའི་ངོ་བོ་སྤྲིན་གྱིས་མ་བསྒྲིབས་པར། །ནམ་མཁའི་དབྱིངས་ནས་ངང་གིས་གསལ་བ་ལྟར། །རིག་པའི་ངོ་བོ་རྒྱུ་འབྲས་དགེ་སྡིག་གིས། །མ་བསྒྲིབས་རྩོལ་བའི་ཆོས་བཅུ་གང་བསྟན་པ། །དབང་དམན་རིམ་གྱིས་འཇུག་པའི་ཐབས་ཡིན་གྱི། །ཨ་ཏིའི་རྣལ་དུ་འབྱོར་ལ་བསྟན་པ་མིན། །རིམ་རྩོལ་སྐལ་བ་དམན་ལ་རིམ་བཞིན་དུ། །སེམས་དང་སེམས་བྱུང་བག་ཆགས་སྦྱངས་པའི་ཕྱིར། །རིམ་བརྒྱད་རྩོལ་བའི་ལམ་དུ་བྱེད་པ་བསྟན། །སྐལ་བཟང་རིག་འཛིན་མཆོག་ལ་ཆོས་ཀྱི་དབྱིངས། །རྡོ་རྗེ་སྙིང་པོ་ལྷུན་གྲུབ་ངང་གིས་རིག །བཅོས་སླད་མེད་པ་གཞི་ལམ་འབྲས་བུར་གསལ། །གཏི་མུག་མུན་པ་འཐུག་པོའི་གོས་གྱོན་པའི། །རྨོངས་པ་རྣམས་ཀྱིས་བག་ཆགས་འགྱུ་འཕྲོ་ཀུན། །སེམས་ཡིན་སྨྲ་ཞིང་གནོད་བྱེད་རང་ལུགས་བྱེད། །འདི་ནི་ཀུན་བཟང་བསྟན་པའི་ཆོམ་རྐུན་ནོ། །རང་བྱུང་ཡེ་ཤེས་སྟོང་གསལ་སྤྲོས་དང་བྲལ། །འཆར་གཞི་མ་འགགས་གང་ཤར་མི་དཔྱོད་པར། །ཡུལ་དང་གཉིས་མེད་ཁྱབ་བདལ་རོ་གཅིག་པར། །བར་མེད་ཕྱལ་བས་སྣང་སྟོང་ལྷུན་གྲུབ་པས། །རང་ངོར་རྗེན་སངས་རང་བྱུང་ཡེ་ཤེས་སོ། །མདོར་ན་གང་ཤར་ངོས་བཟུང་མེད་པ་ལ། །ཐུགས་རྗེ་འཆར་ཚུལ་མ་འགགས་ངོས་བཟུང་བས། །སྤྲོས་བྲལ་ཐིག་ལེ་ཉག་གཅིག་རང་ས་ཟིན། །འགའ་ཞིག་ཤར་ཐོག་གློད་ལ་ལྟ་བར་འཁྲུལ། །དེས་ནི་གནས་ལུགས་ཀུན་གཞི་མི་བྱེད་དོ། །ཁ་ཅིག་ངོ་བོ་དང་ནི་དེ་ཡི་རྩལ། །རང་བྱུང་ཡེ་ཤེས་བརྗོད་པས་གནས་འཆར་གཉིས། །དོན་ལ་འཁྲུལ་ནས་ངོ་བོ་མི་རྟོག་འཇོག །རྩལ་ལས་ཤར་གྲོལ་སྐྱོངས་ཞེས་ཆ་གཉིས་འབྱེད། །དེས་ཀྱང་གཅིག་པུའི་དོན་ལ་གནམ་ས་བཞིན། །འཆར་དུས་རང་ངོ་རྗེན་པའི་གཞི་ལ་གནས། །གནས་དུས་རིག་གདངས་མ་འགགས་འཆར་ཚུལ་གསལ། །སོ་སོ་མ་ཡིན་སྤྲོས་བྲལ་ཟང་ཀ་མ། །རང་རིག་ཀུན་ཏུ་བཟང་པོའི་དགོངས་པ་འོ། །གནད་འདི་ཇི་བཞིན་རྣལ་དུ་འབྱོར་བའི་ཚེ། །དབང་རྣོན་མ་བསྒོམ་སངས་རྒྱས་ཞེས་ཀྱང་བྱ། །ཕྱི་འཕྲོས་རྩལ་སྦྱངས་ལྟ་བསྒོམ་གཟུང་འཛིན་ལས། །འདས་པའི་རང་བྱུང་ཡེ་ཤེས་སྤྲོས་བྲལ་བཞེད། །སྣ་ཚོགས་རྩལ་དུ་ཤར་བའི་སྤྲོས་པའི་བློ། །དེར་ཞེན་གཟུང་འཛིན་བག་ཆགས་སྣ་ཚོགས་པས། །མེད་ལ་ཡོད་པར་བཟུང་བས་སྲིད་པར་འཁྲུལ། །གང་ཤར་རང་བཞིན་རིག་པ་ཟང་ཐལ་ལོ། །དོན་འདི་མ་རྟོགས་འཁྲུལ་རྣམས་འཆར་བ་ལ། །མ་བཟུང་ཡེ་ཤེས་བཟུང་ན་རྟོག་པ་ཟེར། །ཤར་བ་དེ་ལ་གློད་ནས་ལྟ་འོ་སྐད། །འདིས་ཀྱང་སྲིད་པ་ཐར་བར་ནོར་བ་འོ། །ཡུལ་སྣང་རིག་དུས་ཤེས་པ་རྗེན་སེངས་སེ། །རྟོགས་པར་མ་འཕྲོས་ཐུགས་རྗེའི་འཆར་གཞི་རྩལ། །མ་ཤེས་ཡུལ་དུ་འཕྲོ་བ་གཟུང་འཛིན་གྱིས། །རྣམ་རྟོག་འཁྲུལ་སྣང་དབང་གིས་སྲིད་པ་འགྲུབ། །རིག་པའི་རང་མལ་ཟིན་དང་ཡུལ་དུ་ཤོར། །འདྲ་གཞི་གཅིག་པས་ཁྱད་པར་ཕྱེད་པ་གཅེས། །འདི་ཡང་མཁྱེན་པའི་གཏེར་དང་ཀུན་མཁྱེན་རྗེའི། །བཀའ་དྲིན་ཁོ་ནས་ཡིན་ནོ་ཕྱི་རབས་རྣམས། །དོན་འདི་རྗེན་པར་རྟོགས་པའི་རྣལ་འབྱོར་པས། །རིག་པ་སྣང་ཡུལ་ཐོག་ཏུ་མི་འཆོར་བར། །འཁོར་འདས་ཆོས་སྐུ་ཟང་མ་ཐལ་བྱུང་དུ། །ཁམས་གསུམ་ཡོངས་གྲོལ་དགོངས་པར་རང་སར་ཕྱིན། །ངོས་བཟུང་བྲལ་བའི་རིག་པ་བྱར་མེད་ལ། །ལྟ་སྒོམ་སྤྱོད་འབྲས་ངོ་བོ་ཡུལ་ལས་འདས། །ཡེ་ནས་ལྷུན་གྲུབ་ས་ལམ་སྦྱངས་བགྲོད་མེད། །དབང་སྐུར་དཀྱིལ་འཁོར་བསྐྱེད་རྫོགས་དམ་ཚིག་མེད། །མདོར་ན་རྒྱུ་འབྲས་རྩོལ་སྒྲུབ་བྱས་པའི་ཆོས། །ཀུན་ལས་རང་བྱུང་ཡེ་ཤེས་འདས་པ་འོ། །སྣང་སྲིད་འཁོར་འདས་བསྡུས་པའི་ཆོས་རྣམས་ཀུན། །ཉི་མའི་འོད་དང་ཉི་མ་ཇི་བཞིན་དུ། །རང་བྱུང་རིག་པ་བྱང་ཆུབ་སེམས་སུ་འདུས། །དེ་ཡང་དཔྱད་ན་འགྲོ་འོང་གནས་སུ་བྲལ། །དག་དང་མ་དག་སྣང་བ་ཐམས་ཅད་ཀུན། །རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་བཞིན། །མ་བཅོས་ལྷུན་གྲུབ་གཉུག་མའི་ངང་དུ་འདུས། །དེ་ཕྱིར་འཁོར་འདས་ཀུན་གྱི་དབང་བསྒྱུར་ཏེ། །ཐམས་ཅད་བདལ་བའི་ཀློང་ལས་གཡོ་བ་མེད། །ཀུན་ཀྱང་སེམས་ཀྱིས་བྱས་ཤིང་སེམས་ལ་ཤར། །སེམས་ཉིད་སུས་ཀྱང་མ་བྱས་བྱ་བྱེད་འདས། །བཟང་ངན་བླང་དོར་མེད་པར་མཉམ་པ་ཉིད། །རོ་གཅིག་བྱང་ཆུབ་སེམས་ལས་ཀུན་ཤར་བས། །རྩོལ་སྒྲུབ་བྱིངས་ལས་མི་གཞན་དེས་ཅི་བྱེད། །རྨི་ལམ་རྩོལ་སྒྲུབ་བྱ་བ་ཅི་བྱས་ཀྱང༌། །དེ་ལ་ཅུང་ཟད་ཟིན་པ་ཡོད་དམ་ཅི། །སེམས་ཀྱི་དབྱིངས་ལས་ཐིག་ལེ་ཉག་གཅིག་ཏུ། །ཆོས་ཀུན་འདུས་ཤིང་གཞན་ནས་བཙལ་དུ་མེད། །རིམ་དགུའི་ཐེག་པའི་བརྗོད་བྱ་ཇི་སྙེད་ཀུན། །མ་བཅོས་རང་བབས་བྱང་ཆུབ་སེམས་ལ་འདུས། །ཀུན་ཀྱང་ཉག་གཅིག་རྫོགས་པ་ཨ་ཏིའི་ལམ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་ཆོས་ཐམས་ཅད་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་ཤིང༌། གཞི་བྱང་ཆུབ་སེམས་སུ་འདུས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ལྷུན་གྲུབ་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།

༈ འཁོར་འདས་ཆོས་ཀུན་མཆོག་གསང་ཐེག་པའི་རྩེར། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན། །མ་བཅོས་སྤྲོས་བྲལ་རང་བབས་ཆོས་སྐུའི་དོན། །མཐའ་བྲལ་མཉམ་ཉིད་རྡོ་རྗེ་ངོ་བོ་དབྱིངས། །རྟོགས་པར་མ་གྱུར་གཞན་གྱི་སྤྱོད་ཡུལ་མིན། །ངང་དེར་བབས་ཀྱིས་བཞག་པའི་ལྷུན་གྱིས་གྲུབ། །རང་གསལ་སྣང་ཡུལ་མ་འགགས་ལོངས་སྤྱོད་རྫོགས། །ཆེད་འཛིན་མ་ཞུགས་ས་ལེར་བཞག་པས་བསལ། །མ་འགགས་རོལ་བ་སྤྲུལ་སྐུར་འབྱམས་ཀླས་པ། །ཡོན་ཏན་ཕྲིན་ལས་ཡེ་ནས་ལྷུན་གྲུབ་པར། །རང་གནས་རིག་པའི་ངང་ལས་མ་གཡོས་གཅེས། །དེ་ལྟར་སྐུ་གསུམ་དགོངས་པ་རང་ཆས་སུ། །ལྷུན་གྱིས་གྲུབ་པས་གཞན་ནས་མ་འཚོལ་ཅིག །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ། །ཡེ་ནས་རང་བྱུང་རིག་པར་གྲུབ་ཟིན་པས། །གཞན་ནས་མི་འཚོལ་རང་བཞིན་བབས་ཀྱི་ངང༌། །ལྷུན་གྱིས་བཞག་པས་འབྲས་བུ་གཞི་ལ་རྫོགས། །རིག་པའི་ངོ་བོ་བཅོས་སླད་མ་བྱས་པར། །མངོན་དུ་གྱུར་ལ་ཆོས་ཀྱི་སྐུ་ཞེས་བརྗོད། །འཕོ་འགྱུར་མེད་པ་ཀུན་ལ་ཁྱབ་པའི་ཕྱིར། །ཟག་མེད་ལྷུན་གྲུབ་ཆོས་སྐུ་གཞི་ལ་རྫོགས། །སྲིད་པའི་འགྲོ་བ་ཀུན་གྱི་སེམས་ཉིད་གཤིས། །འཁོར་འདས་དབྱེར་མེད་དགོངས་པར་རོ་གཅིག་པས། །སྤང་བླང་ཡོངས་བྲལ་རང་བྱུང་ཡེ་ཤེས་ཕྱིར། །ལྷུན་གྲུབ་ཆོས་ཀྱི་སྐུ་རུ་གཞི་ལ་རྫོགས། །མཐའ་བྲལ་ཆོས་དབྱིངས་ངོ་མཚར་ཡེ་ཤེས་དཔལ། །མ་བྱས་འཁོར་འདས་ཀུན་ལ་ཡེ་ནས་ཁྱབ། །རྣམ་རྟོག་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །ཀུན་ལ་ལྷུན་གྱིས་གྲུབ་པར་གཞི་ལ་རྫོགས། །སྨིན་བྱེད་དབང་བཞིའི་ཆུ་བོ་རྣམ་པ་བཞི། །སྐུ་གསུམ་རིག་པའི་ངོ་བོ་ལྷན་ཅིག་སྐྱེས། །རྒྱལ་ཐབས་སྤྱི་བླུགས་གསང་བ་ཆེན་པོའི་དབང༌། །ལྷུན་གྲུབ་རིག་པའི་ངང་དུ་གཞི་ལ་རྫོགས། །སྐྱེ་འགགས་གནས་གསུམ་བྲལ་བ་རིག་པའི་གཤིས། །དབང་དང་བསྐྱེད་རྫོགས་མེད་པར་ཐག་བཅད་ཅིང༌། །སྨིན་གྲོལ་འབྲས་བུ་ཡེ་ནས་གྲུབ་ཟིན་པའི། །ལྷུན་གྲུབ་རྣམ་ཀུན་མཆོག་ལྡན་གཞི་ལ་རྫོགས། །ཡེ་སྟོང་ཆོས་སྐུ་སྤྲོས་བྲལ་ལྷུན་གྱིས་གྲུབ། །འཆར་ཚུལ་ཅི་སྣང་བྱུང་བར་ལྷུན་གྱིས་གྲུབ། །ཡོད་མེད་མཐའ་དང་བྲལ་བར་ལྷུན་གྱིས་གྲུབ། །སྣང་ལ་མ་གྲུབ་སྟོང་ལ་མ་འགགས་པའོ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ལྷུན་གྲུབ་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ལས་རིགས་དྲུག་འཁྲུལ་བའི་ཚུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།

༈ ཐོག་མའི་ཆོས་ཁམས་དགེ་བ་ཀུན་གྱི་གཞི། །ངོ་བོ་སྟོང་ལ་རང་བཞིན་རྣམ་པར་གསལ། །ཐུགས་རྗེས་ཀུན་ཁྱབ་ཡོན་ཏན་ལྷུན་གྱིས་གྲུབ། །ཡེ་ནས་འོད་གསལ་འཁོར་བའི་ཆོས་ལས་འདས། །སྦྱོར་བ་དོན་གྱི་ཀུན་གཞི་ཞེས་བྱ་བ། །རང་ངོ་མ་རིག་རྣམ་ཤེས་ཚོགས་བརྒྱད་དང༌། །ཡུལ་དང་ལས་ཀྱི་བག་ཆགས་འཛིན་པ་ལ། །བག་ཆགས་སྣ་ཚོགས་ཀུན་གྱི་གཞི་ཞེས་བྱ། །ཐོག་མའི་སྒྲིབ་པ་ལྷན་སྐྱེས་མ་རིག་པ། །མུན་པ་ཆེན་པོ་ཡེ་ནས་མི་ཤེས་པ། །མིང་གི་རྣམ་གྲངས་ཐར་བ་བརྟེན་པའི་གཞི། །སྦྱོར་བ་དོན་དང་འཁོར་རྩ་ཀུན་གཞིར་འདོད། །དེ་ཡང་ལུང་དུ་མ་བསྟན་མེ་ལོང་འདྲ། །རྣམ་ཤེས་དེ་ཡི་དྭངས་ཤིང་གསལ་བ་དང༌། །སྒོ་ལྔའི་ཤེས་པ་གཟུགས་བརྙན་ཤར་དང་མཚུངས། །དེ་ལ་དཔྱོད་པ་ཡིད་ཀྱི་ཤེས་པ་དེ། །དེ་ལ་ཆགས་སྡང་བར་མ་ཅི་རིགས་སུ། །མཚུངས་ལྡན་ཤར་བ་ཉོན་མོངས་ཡིད་ཡིན་ནོ། །གཟུང་འཛིན་རགས་པའི་ཀུན་ཏུ་རྟོག་པ་ཡིས། །དགེ་དང་མི་དགེ་ལས་ཀྱིས་འདོད་ཁམས་དང༌། །སྣང་ལ་རྟོག་མེད་སྲིད་པའི་ཏིང་འཛིན་གྱིས། །གཟུགས་ཀྱི་ཁམས་དང་སྣང་ཡུལ་མ་ལུས་པ། །བཀག་པས་གཟུགས་མེད་སྐྱེ་བའི་ས་བོན་ནི། །ཀུན་གཞིའི་སྟེང་དུ་བསོག་ཅིང་འཇོག་པ་འོ། །གང་ལ་མི་རྟོག་ངང་ནས་རྩེ་གཅིག་པ། །ཀུན་གཞིའི་སྣང་ཡུལ་ས་ལེར་མཐོང་བའི་དུས། །གང་དུ་མི་རྟོག་ཀུན་གཞིའི་རྣམ་ཤེས་སོ། །ཡུལ་ལྔ་སོ་སོར་གསལ་བའི་རྣམ་པར་ཤེས། །རིག་པ་སྒོ་ལྔའི་དབང་ཤེས་ཞེས་བྱ་འོ། །གང་རུང་ཡུལ་ལ་དང་པོ་གཟུང་བར་ཤར། །གཉིས་པ་དཔྱོད་བྱེད་ཡིད་ཀྱི་རྣམ་ཤེས་དང༌། །ཆགས་སྡང་བར་མ་འཛིན་པ་ཉོན་ཡིད་སྐབས། །བདག་རྐྱེན་དྲུག་ལས་བྱུང་བའི་རིག་ཤེས་མིང༌། །འདོད་དང་གསལ་ལ་མི་རྟོག་ལྷག་མཐོང་ཆོས། །གཟུགས་ཁམས་རྩེ་གཅིག་གཞི་གནས་བརྟན་པོ་ཡིས། །གཟུགས་མེད་སྲིད་པར་འཁྲུལ་བར་བྱེད་པ་འོ། །ཟག་མེད་ཐར་བའི་ལམ་གྱིས་མ་ཟིན་པས། །གཟུང་འཛིན་དགེ་སྡིག་རྣམ་ཀུན་སྲིད་པར་འཁྱམས། །གཟུགས་མེད་ཁམས་སུ་ཀུན་གཞི་གཟུགས་ཁམས་སུ། །དེ་ཡི་རྣམ་ཤེས་འདོད་པར་ཚོགས་བདུན་གཙོ། །འདོད་པའི་ས་རྣམས་གཉིད་དུ་འགྲོ་བའི་ཚེ། །སྒོ་ལྔ་ཉོན་ཡིད་དེ་ཡང་ཡིད་ཤེས་ལ། །ཡིད་ཤེས་ཀུན་གཞིའི་རྣམ་ཤེས་ཀུན་གཞི་ལ། །ཀུན་གཞི་ཆོས་ཀྱི་དབྱིངས་སུ་ཐིམ་པ་ཡི། །ཕྲ་རགས་འཛིན་རྟོག་ནུབ་ཅིང་འོད་གསལ་འཆར། །རང་ངོ་ཤེས་ན་འཁྲུལ་བ་ལྡོག་པར་བྱེད། །ཆོས་ཀྱི་དབྱིངས་ལས་སླར་ཡང་ཀུན་གཞི་དང༌། །རྣམ་ཤེས་ཡིད་ཤེས་ལངས་པས་རྨི་ལམ་ཤར། །བག་ཆགས་ཡིད་ཀྱི་ཆོས་ལ་བདག་གིར་འཛིན། །ཀུན་རྟོག་གཡོ་དང་ཚོགས་བདུན་བསྟེན་པའི་རྩ། །རོ་རྐྱང་དབུ་མའི་ནང་དུ་འཇུག་པའི་ཚོགས། །ཀུན་གཞི་གསུམ་མཉམ་རྣམ་པར་ཤེས་ཞེས་བྱ། །འོད་གསལ་མི་འགྱུར་འོད་ཀྱི་དབུ་མ་ལ། །ཀུན་གཞི་ཐིམ་ཚེ་འོད་གསལ་སྣང་བ་འཆར། །སླར་ཡང་ཀུན་གཞིའི་ཤེས་པ་ཡིད་ཤེས་རྣམས། །མཆེད་ཚེ་སྲོག་རྩའི་ནང་དུ་རླུང་མཆེད་དོ། །དེ་ནས་དབང་པོའི་རྩལ་ཏུ་རབ་ཞུགས་ནས། །ཉིན་གྱི་སྣང་བ་གཟུང་འཛིན་རང་གར་འཆར། །འདོད་པའི་ཁམས་སུ་རགས་པ་གཙོ་བོར་ལྡན། །ཡུལ་ལ་རྟོག་པའི་འཁོར་གྱི་ཚུལ་དུ་དང༌། །བཞི་པ་རིམ་བཞིན་རྟོག་དཔྱོད་དགའ་སྡུག་དེ། །ཚོར་བ་སྐྱོན་དུ་ལྡན་དང་སྲིད་པ་འོ། །གཟུགས་མེད་མི་རྟོག་ངང་དུ་རང་རང་གི །རྩེ་གཅིག་བྱས་ནས་མིང་བཞིའི་ཕུང་པོར་བརྟེན། །ཐར་བ་མ་ཟིན་བསམ་གཏན་གཟུགས་མེད་སེམས། །ལུང་དུ་མ་བསྟན་གཏི་མུག་གཉིད་མང་ཕྱིར། །ཟད་ཅིང་འཁོར་བའི་རྒྱུ་འབྲས་ཕྱིན་ཅི་ལོག །དེ་ཕྱིར་དེ་བས་ཐར་བ་ཤིན་ཏུ་གཅེས། །འདོད་སེམས་ཇི་བཞིན་གོམས་པས་ཐར་བའི་རྒྱུར། །འགྱུར་ཕྱིར་ཚུལ་བཞིན་ཡིད་བྱེད་མི་དམན་བྱ། །ཉིན་དུས་ཚོགས་བདུན་གཙོར་ལྡན་གཞན་གཉིས་འཁོར། །གཟུགས་མཐོང་མིག་གི་རྣམ་པར་ཤེས་པ་འོ། །གསལ་ལ་མི་རྟོག་ཀུན་གཞིའི་རྣམ་ཤེས་དང༌། །མི་རྟོག་ཀུན་གཞི་ལྷག་མ་དེ་བཞིན་ཤེས། །རྩེ་གཅིག་གཉིད་དུས་ཤེས་ཀུན་ཀུན་གཞི་གཅིག །རྨི་ལམ་དུས་ན་རྣམ་ཤེས་མི་ཤེས་ལངས། །སད་པས་ཀུན་གཞི་ཚོགས་བརྒྱད་ངོ་བོ་གཅིག །འོད་གསལ་རང་ངོ་མ་ཤེས་གཟུང་འཛིན་གྱིས། །སེམས་ཅན་སྲིད་པར་འཁྲུལ་བའི་རང་བཞིན་ནི། །རྩ་བ་མ་རིག་མཚུངས་ལྡན་དུག་གསུམ་དང༌། །དེ་དང་མཚུངས་ལྡན་མི་དགེ་རྣམ་པ་བཅུ། །བསོད་ནམས་ཆ་མཐུན་གཡོ་བ་མེད་པའི་ལས། །གསུམ་གྱིས་རིམ་བཞིན་ངན་སོང་འདོད་ལྷ་མི། །བསམ་གཏན་གཟུགས་མེད་སྲིད་པའི་རྒྱུ་འབྲས་གྲུབ། །གོ་འབྱེད་ཅི་ཡང་མེད་པའི་ནམ་མཁའ་ལ། །རླུང་གི་རྒྱ་གྲམ་ཆུ་ཡི་དཀྱིལ་འཁོར་དག །སྲ་མཁྲེགས་རྡོ་རྗེའི་རང་བཞིན་དེ་ཡི་སྟེང༌། །དབང་ཆེན་གསེར་གྱི་ས་གཞི་མུ་ཁྱུད་བཅས། །མཁའ་ལས་ཆར་བབས་མཚོ་ཡི་ལྦུ་བ་ལས། །རི་རབ་མཚོ་དང་བཅས་པའི་འཇིག་རྟེན་ཆགས། །རི་རབ་རིན་ཆེན་རང་བཞིན་གསེར་རི་བདུན། །རོལ་མཚོ་བདུན་དང་ཕྱི་ཡི་རྒྱ་མཚོ་ཆེ། །གླིང་བཞི་གླིང་ཕྲན་སྟེང་ན་རྩ་གསུམ་ནས། །ཉི་ཟླས་རྣམ་བརྒྱན་སྣོད་ཀྱི་འཇིག་རྟེན་ཀུན། །དུ་མའི་སྤྱི་མཐུན་ལས་ལས་གྲུབ་པ་འོ། །འོད་གསལ་ལྷ་ལས་གླིང་བཞི་གླིང་ཕྲན་མི། །ལས་ངན་སྣང་བའི་གངས་རི་ཏི་སེའི་འོག །ཚ་དམྱལ་གྲང་དམྱལ་བརྒྱད་ཚན་འགྲན་པ་བཞིན། །ཚ་དམྱལ་ཉེ་འཁོར་བ་དང་ཉི་ཚེ་རྣམས། །ངེས་མེད་གནས་སུ་མྱ་ངན་དྲག་པོས་གཟིར། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་འོག །སེར་སྐྱའི་གྲོང་ནི་ཡི་དྭགས་རྩ་བའི་གནས། །ཁ་འཐོར་མཁའ་ལ་རྒྱུ་དང་མིའི་གནས་སུ། །བཀྲེས་སྐོམ་བཟོད་གླགས་མེད་ཅིང་ཉམ་རེ་ཐག །ཁ་འཐོར་བཀོལ་ཞིང་སྤྱོད་པའི་མྱ་ངན་གྱིས། །ལྷ་དང་མི་ཡི་ལས་སུ་ཨ་ཐང་ཆད། །གླིང་བཞི་གླིང་ཕྲན་རྔ་ཡབ་མ་གཏོགས་པར། །མི་གནས་ལོངས་སྤྱོད་བདེ་སྡུག་སྤེལ་མའི་ཚུལ། །སྐྱེ་རྒ་ན་འཆི་དགྲ་གཉེན་ངེས་མེད་པ། །ཡིད་བརྟན་མི་རུང་སྐྱོ་བ་སྐྱེ་བའི་གནས། །རི་རབ་གསེང་ན་ཆུ་མཚམས་སྒྲ་གཅན་འཛིན། །བར་ན་སྐར་ཕྲེང་གནས་ནས་མགུལ་ཕྲེང་ཅན། །ས་མཚམས་ཐགས་བཟང་རིས་སོགས་ལྷ་མིན་རྣམས། །རབ་ཏུ་འབྱོར་ཞིང་ཕྲག་དོག་སྡུག་བསྔལ་ཆེ། །རི་རབ་ཕྱེད་མཚམས་འདས་པར་ཉི་ཟླ་དང༌། །གཟའ་སྐར་རྒྱལ་ཆེན་རིགས་བཞིའི་བང་རིམ་ལ། །སྟེང་ན་རྩ་གསུམ་གོང་ན་གཟའ་སྐར་བཞིན། །ནམ་མཁར་མཐའ་བྲལ་དགའ་ལྡན་འཕྲུལ་དགའ་དང༌། །གཞན་འཕྲུལ་དབང་བྱེད་ལྷ་རྣམས་ལོངས་སྤྱོད་ཀྱིས། །རབ་ཏུ་འབྱོར་ཀྱང་འཆི་འཕོ་སྡུག་བསྔལ་ཆེ། །རིམ་བཞིན་ནམ་མཁར་གནས་པའི་གོང་མའི་ལྷ། །སྔོན་སྦྱངས་ཏིང་འཛིན་འབྲས་ལ་བདེ་སྤྱོད་ཀྱང༌། །འཕེན་པ་ཟད་ཚེ་སླར་ཡང་ལྕགས་བསྲེགས་གཞིར། །ཤིན་ཏུ་མྱ་ངན་འགྱུར་བས་སྐྱོ་བའི་ཚུལ། །གླིང་བཞི་བསམ་གཏན་དང་པོའི་ལྷ་གནས་བཅས། །སྟོང་མཐར་ལྕགས་རིས་བསྐོར་བ་སྤྱི་ཕུད་ཁམས། །དེ་འདྲའི་སྟོང་ལ་བསྐོར་བ་བར་མ་དང༌། །དེ་ཡང་སྟོང་དུ་བསྐོར་བ་སྟོང་གསུམ་ཁམས། །མཆོག་སྤྲུལ་གཅིག་གི་དུས་མཉམ་གདུལ་ཞིང་ངོ༌། །གཞན་ཡང་གྲུ་བཞི་ཟླུམ་པོ་ཟླ་གམ་སོགས། །ནམ་མཁའི་ཁམས་ཀུན་མ་ངེས་འཇིག་རྟེན་གྱིས། །ཁྱབ་ཅིང་སེམས་ཅན་གྱེན་ཐུར་ཕྲེད་ལྟ་སོགས། །སོ་སོའི་ལས་ཚུལ་བསམ་གྱིས་མི་ཁྱབ་སྣང༌། །དེ་ལྟར་སེམས་ཅན་འཁྲུལ་བར་ཨ་འཐས་ཚེ། །ཐུབ་པ་རྣམས་ཀྱང་དེ་མཐུན་འདུལ་བྱེད་སྣང༌། །རང་སྣང་ཟག་མེད་ངང་ལས་མ་གཡོས་བཞིན། །ལོངས་སྤྱོད་རྫོགས་སྐུ་གངས་ཆེན་རིགས་ལྔ་བྱོན། །དབུས་ཀྱི་རྣམ་པར་སྣང་མཛད་གངས་ཆེན་མཚོ། །གྲངས་མེད་སྤྲུལ་པའི་ཞིང་ཁམས་བཀོད་པ་ལས། །ལྷུང་བཟེད་ཟེའུ་འབྲུ་དབུ་མར་བརྩེགས་མ་རུ། །སྟོང་གསུམ་ཉི་ཤུ་རྩ་ལྔ་བཀོད་པ་ཡིས། །མི་མཇེད་ཐུགས་ཀྱི་ཐུགས་རྗེའི་དཀྱིལ་འཁོར་ན། །བདེ་གཤེགས་སྟོང་གི་སྤྲུལ་པ་རྣམ་པར་བྱོན། །ཡ་ཐོག་རིང་མོ་མར་འགྲིབ་དཔག་མེད་དུས། །རྣམ་གཟིགས་བྱོན་ཅིང་རྒྱལ་བ་ཤཱཀྱ་ཐུབ། །རབ་བདུན་ཚེ་ན་ཉིས་བརྒྱ་ཉིས་བརྒྱ་བྲི། །བཅུ་པ་བརྒྱ་ཡིས་འཕེལ་བའི་བརྒྱད་ཁྲིའི་དུས། །བྱམས་པ་བྱོན་ཅིང་བརྒྱ་ཡི་བཅུ་བར་བྲི། །ཡར་སྐྱེད་མར་འགྲིབ་ཁུགས་ཆེན་བཅོ་བརྒྱད་ལ། །བདེ་གཤེགས་དགུ་བརྒྱ་དགུ་བཅུ་རྩ་ལྔ་བྱོན། །མ་ཐོག་རིང་མོར་སངས་རྒྱས་མོས་པ་ཡིས། །སྔ་མ་ཀུན་གྱི་མཛད་པ་གཅིག་ཏུ་མཛད། །བསྐལ་བཟང་འདི་ལ་དགེ་བ་ཕྲ་མོ་ཙམ། །བྱས་པ་ཚུན་ཆད་འཁོར་བའི་གནས་ལས་བསྒྲལ། །མྱ་ངན་འདས་ཤིང་ཆོས་ཀྱང་དེ་སྙེད་གནས། །དེ་ཡི་འོག་ཏུ་བཅུད་ཀྱི་སེམས་ཅན་སྟོངས། །དེ་ནས་ཉི་མ་བདུན་གྱིས་སྟོང་གསུམ་ཁམས། །ལན་བདུན་བསྲེགས་ནས་ཐལ་བ་ཆུ་ཡིས་བཤལ། །རླུང་གིས་གཏོར་ཏེ་ནམ་མཁའ་གཅིག་ཏུ་འགྱུར། །དེ་ལྟར་སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །ཀུན་བཏགས་གཞན་དབང་ཡོངས་སུ་གྲུབ་པར་འདུས། །གང་དུ་མ་གྲུབ་རྟོག་པས་བཏགས་ཙམ་གྱི། །མཚན་ཉིད་ཡོངས་སུ་ཚང་དང་འཁྲུལ་བའི་ངོར། །སྣོད་བཅུད་སྐྱེ་མཆེད་ཕུང་ཁམས་བདེ་སྡུག་སོགས། །སྣ་ཚོགས་ཤར་ཞིང་དོན་ལ་མ་གྲུབ་པའི། །རྣམ་གྲངས་པ་དང་རྣམ་པ་གཉིས་སུ་འདོད། །བག་ཆགས་མཐུ་ལས་སྐྱེས་པའི་སྣོད་དང་བཅུད། །མ་དག་པ་དང་རྫོགས་པའི་སངས་རྒྱས་ཀྱིས། །དག་པའི་གཟུགས་སྣང་ཇི་སྙེད་ཡོད་པ་འོ། །སྣང་དང་སྣང་ཡུལ་ཁྱད་པར་མ་བྱས་པར། །གཅིག་ཏུ་འཛིན་པའི་བླུན་པོ་ཡོངས་སུ་འཁྲུལ། །རང་བཞིན་ཡོངས་དག་འགྱུར་བ་མེད་པ་དང༌། །དེ་དོན་ཇི་བཞིན་ཁོང་དུ་ཆུད་པ་ཡི། །ཕྱིན་ཅི་མ་ལོག་ཡོངས་གྲུབ་རྣམ་གཉིས་འདོད། །ཆོས་རྣམས་རྟོག་པས་བཏགས་ཙམ་ལེགས་རྟོགས་ཏེ། །འོད་གསལ་སེམས་ཀྱི་གནས་ལུགས་མངོན་གྱུར་ནས། །གཞན་དབང་སྲིད་པར་འདས་པའི་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་རང་དབང་བསྒྱུར། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་ལས་རིགས་དྲུག་འཁྲུལ་བའི་ཚུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་འཁྲུལ་བ་འདུལ་བྱེད་ཀྱི་ཐེག་པའི་རྣམ་གྲངས་དང༌། རྡོ་རྗེའི་ལུས་ཀྱི་གནས་ཚུལ་བཤད་པའི་ལེའུ་སྟེ་བདུན་པའོ།། །།

༈ དེ་ལྟར་གདོད་ནས་དག་པའི་ཆོས་ཉིད་ཁམས། །གློ་བུར་བག་ཆགས་དྲི་མ་སྦྱོང་བའི་ཕྱིར། །རིམ་དང་ཅིག་ཆར་དཀྲི་བའི་ཐབས་མཁས་ལམ། །རྣམ་བཞག་ཚུལ་གྱིས་བསྡུ་ན་འདི་ལྟར་རོ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག་བྱེད་དང༌། །དབྱེར་མེད་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ། །དམན་མཆོག་དབང་པོའི་རིམ་པས་རབ་དབྱེ་ནས། །གསུམ་ཚན་གསུམ་གྱིས་རང་བཞིན་བསྟན་པ་འོ། །སྲིད་པ་སྡུག་བསྔལ་རང་བཞིན་ལེགས་རྟོགས་ནས། །བདེན་བཞི་བླང་དོར་ཚུལ་བཞིན་བྱེད་པ་ཡིས། །ཉོན་མོངས་སྤངས་པའི་འབྲས་བུ་དོན་གཉེར་ལ། །ཉན་ཐོས་ཐེག་པའི་རྣམ་གྲངས་ཇི་སྙེད་བསྟན། །འཁོར་བར་ངེས་འབྱུང་རྟེན་ཅིང་འབྲེལ་འབྱུང་ལམ། །ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་དང༌། །ཟུང་འབྲེལ་བསྐལ་བརྒྱར་བསོད་ནམས་བསགས་པའི་འབྲས། །དོན་དུ་གཉེར་ལ་རང་རྒྱལ་ཐེག་པ་འོ། །སྣང་སྲིད་ཆོས་རྣམས་བདེན་མེད་སྒྱུ་མ་བཞིན། །ཁོང་དུ་ཆུད་ཅིང་གཞན་དོན་ཁུར་ཁྱེར་གྱིས། །འགྲོ་དོན་གྲངས་མེད་གསུམ་དུ་ཚོགས་རྫོགས་པའི། །རིགས་ཅན་རྣམས་ལ་བྱང་སེམས་ཐེག་པ་འོ། །སྤྱན་དྲངས་ཡེ་ཤེས་ལྷ་ལ་རྗེ་བོ་དང༌། །རང་ལ་བྲན་གྱི་འདུ་ཤེས་ལེགས་བཞག་སྟེ། །བལྟས་པའི་ཆགས་པ་ལམ་བྱེད་རིགས་ཅན་ལ། །བྱ་བའི་རྒྱུད་ཀྱི་གཙང་སྦྲ་གཙོ་བོར་བསྟན། །བྱ་སྤྱོད་རྣལ་འབྱོར་ཆ་མཉམ་སྒྲུབ་པ་དང༌། །དམ་ཚིག་ཡེ་ཤེས་སྤུན་གྲོགས་ཚུལ་གྱིས་བལྟ། །རྒོད་པའི་ཆགས་པ་ལམ་བྱེད་རིགས་ཅན་ལ། །མངོན་པར་བྱང་ཆུབ་སྤྱོད་པའི་རྒྱུད་སྡེ་བསྟན། །དམ་ཚིག་ཡེ་ཤེས་དབྱེར་མེད་ཕྱག་རྒྱ་བཞིས། །རྒྱས་འདེབས་ཟབ་གསལ་གཉིས་མེད་རྣལ་འབྱོར་གཙོ། །སྤྱོད་པ་གྲོགས་དང་འཁྱུད་བདེ་ལམ་བྱེད་པའི། །རིགས་ཅན་རྣམས་ལ་ཡོ་གའི་ཐེག་པ་འོ། །གོང་མ་མ་ཧཱ་ཨ་ནུ་ཨ་ཏི་གསུམ། །རིམ་བཞིན་ཐབས་དང་ཤེས་རབ་གཉིས་མེད་ཀྱི། །ཡེ་ཤེས་ཡེ་ནས་སྐྱེ་བ་མེད་པའི་ཚུལ། །རང་ངོ་ཤེས་ནས་ཉམས་སུ་ལེན་པ་འོ། །ཐབས་ཀྱི་རྒྱུད་རྣམས་དཀྱིལ་འཁོར་བསྐྱེད་པ་དང༌། །འབྱུང་ལྔའི་རླུང་ཁམས་རྣམ་པར་དག་པ་ཡི། །གསལ་སྟོང་རྣམ་པར་མི་རྟོག་ཡེ་ཤེས་གཙོས། །ཐུན་མོང་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད། །ཤེས་རབ་རྒྱུད་ལས་བསྐྱེད་པའི་སྤྲོས་པ་ཆུང༌། །ཞི་བདེ་ཁམས་ཀྱི་བདེ་ཆེན་རང་གཞན་ལས། །ཐབས་དང་ལྡན་ལ་བརྟེན་ནས་དགའ་བ་བཞིས། །བདེ་ཆེན་ཡེ་ཤེས་བྱང་ཆུབ་སྒྲུབ་པར་བྱེད། །གཉིས་མེད་རྒྱུད་ལས་གདོད་ནས་ལྷན་ཅིག་སྐྱེས། །བདེ་ཆེན་ཡེ་ཤེས་གཅིག་དང་དུ་མ་བྲལ། །འོད་གསལ་སེམས་ཀྱི་གནས་ལུགས་གཙོར་བྱེད་པའི། །བྱང་ཆུབ་ལམ་བཟང་རང་ངོ་ཤེས་པས་སྒྲུབ། །ལས་རླུང་ཁམས་ཀྱི་དྭངས་མ་དྷུ་ཏིའི་ནང༌། །བབས་པས་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །ནམ་མཁའ་ཁྱབ་པར་ཟག་པ་མེད་པ་ཡི། །བདེ་བའི་འོད་གསལ་མངོན་དུ་གྱུར་པ་འོ། །ནང་དུ་རླུང་ལྔའི་དྭངས་མ་དབུ་མའི་ནང༌། །མཆོག་ཏུ་ཆུད་པས་དྭངས་གསལ་ཡེ་ཤེས་འཆར། །ས་ཡི་རླུང་གི་ནང་དུ་སེམས་གནས་ཤིང༌། །ཕྱི་འོད་སེར་པོ་རིན་འབྱུང་རང་བཞིན་གསལ། །མཉམ་ཉིད་ཡེ་ཤེས་ལ་སྤྱོད་ང་རྒྱལ་དག །ཟད་པའི་ས་ལ་དབང་བསྒྱུར་དཔལ་ལྡན་བསྒྲོད། །ཆུ་རླུང་དྭངས་མའི་ནང་དུ་དྭངས་གསལ་སེམས། །ཕྱི་འོད་དཀར་པོ་མི་བསྐྱོད་ངོ་བོར་གསལ། །མེ་ལོང་ཡེ་ཤེས་ལ་སྤྱོད་ཞེ་སྡང་དག །ཟད་པར་ཆུ་ཡི་ཏིང་ངེ་འཛིན་ལ་དབང༌། །མངོན་པར་དགའ་བའི་ཞིང་དུ་བསྒྲོད་པ་འོ། །མེ་རླུང་དྭངས་མའི་ནང་དུ་བདེ་དྲོད་སྐྱེས། །ཕྱི་འོད་དམར་པོ་སྣང་བ་མཐའ་ཡས་གསལ། །སོར་རྟོག་ཡེ་ཤེས་ལ་སྤྱོད་འདོད་ཆགས་ཟད། །ཟད་པ་མེ་ཡི་ཏིང་ངེ་འཛིན་ལ་དབང༌། །བདེ་ཆེན་འཇིག་རྟེན་ཞིང་དུ་བསྒྲོད་པ་འོ། །རླུང་རླུང་དྭངས་མའི་ནང་དུ་གཡོ་མཆེད་ཐོབ། །ཕྱི་འོད་ལྗང་གུ་དོན་ཡོད་གྲུབ་པ་གསལ། །བྱ་གྲུབ་ཡེ་ཤེས་ལ་སྤྱོད་ཕྲག་དོག་དག །ཟད་པར་རླུང་གི་ཏིང་ངེ་འཛིན་ལ་དབང༌། །ལས་རབ་བརྩེགས་པའི་ཞིང་དུ་བསྒྲོད་པ་འོ། །ནམ་མཁའ་རླུང་གིས་ཤིན་ཏུ་མི་རྟོག་ཐོབ། །ཕྱི་འོད་མཐིང་ག་རྣམ་པར་སྣང་མཛད་གསལ། །ཆོས་དབྱིངས་ཡེ་ཤེས་ལ་སྤྱོད་གཏི་མུག་དག །ཟད་པར་ནམ་མཁའི་ཁམས་ལ་དབང་བསྒྱུར་ཅིང༌། །འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་བསྒྲོད། །གཞི་ལས་སེམས་ཅན་འཁྲུལ་ཚུལ་སྔར་ལྟར་ལ། །ཁྱད་པར་མི་རྣམས་མངལ་དུ་འཁྲུལ་བའི་ཚེ། །ཐོག་མར་མིག་དང་ལྟེ་བའི་རྩ་མདུད་ཆགས། །དེ་ལས་ལུས་རྣམས་དྭངས་མ་དབང་པོར་གྱུར། །རྩ་གསུམ་ཡི་གེ་གསུམ་གྱི་རང་བཞིན་ཅན། །ཕྱི་རུ་ལུས་ངག་ཡིད་གསུམ་རྟེན་བྱེད་ཅིང༌། །ནང་དུ་དུག་གསུམ་གསང་བ་སྐུ་གསུང་ཐུགས། །དབུ་མ་ཚངས་བུག་གསང་བའི་གནས་སུ་ཟུག །གཡས་སུ་རོ་མ་དཀར་ཞིང་གཡོན་རྐྱང་མར། །གཉིས་ཀས་སྔོ་སྐྱའི་དབུ་མར་སྣེ་གཅིག་འཁྱུད། །སྤྲུལ་དང་ལོངས་སྤྱོད་ཆོས་ཀྱི་འཁོར་ལོ་ཡི། །སྐུ་གསུམ་ཐུགས་ཀྱི་བདེ་ཆེན་རྩ་འཁོར་གསུམ། །བདེ་ཆེན་འཁོར་ལོ་བསྣན་པས་ཡེ་ཤེས་བཞི། །བདེ་སྐྱོང་འཁོར་ལོ་བཅས་པའི་སྐུ་ལྔའི་ལྔ། །གསང་བ་ཡེ་ཤེས་ལོངས་སྤྱོད་དབུ་མ་བདེ། །གཙུག་ཏོར་ནམ་མཁའ་ཆོས་འཁོར་སྤྲུལ་འཁོར་དྲུག །འཁོར་ལོ་དྲུག་གི་རྩ་ཡི་གནས་ཞེས་བྱ། །སྒྱུ་འཕྲུལ་རྩ་བའི་དབང་བྱས་འཁོར་ལོ་གཉིས། །ལྷ་ཡི་གྲངས་མཉམ་ཕྲ་བ་བསམ་མི་ཁྱབ། །གཞན་ཡང་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། །བརྒྱད་ཁྲི་བཞི་སྟོང་འདོད་ཚུལ་ཤིན་ཏུ་མང༌། །ཉིན་ཞག་ཕྲུགས་གཅིག་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱའི་རླུང་རྒྱུ་འགྱུ་ཆུང་ཀུན་རྟོག་གྲངས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྟ་བྱེད་དོ། །ཕོ་རླུང་སྟོད་དང་མོ་རླུང་སྨད་ན་གནས། །མ་ནིང་རླུང་ནི་ཆ་མཉམ་གནས་པ་འོ། །སྲོག་འཛིན་མེ་མཉམ་ཁྱབ་བྱེད་གྱེན་རྒྱུ་དང༌། །ཐུར་སེལ་ལྔ་ལ་ཕྱི་ཡི་རླུང་ཞེས་གྲགས། །ནང་རླུང་ས་ཆུ་མེ་རླུང་ནམ་མཁའ་ལྔ། །སྔ་མའི་སྲོག་གནས་དྲོད་བབས་ལུས་གནས་དང༌། །དབུགས་འབྱུང་རྔུབ་དང་འགྲོ་འདུག་ཟག་འདོར་བྱེད། །ཕྱི་མའི་ཕུང་ཁམས་སྐྱེ་མཆེད་གནས་པ་དང༌། །མ་དག་དུག་ལྔ་དག་པ་ཡེ་ཤེས་མཆེད། །གསང་བའི་རླུང་ནི་ཡེ་ཤེས་ལྔ་རུ་གྲགས། །ཁམས་ཀྱི་དྭངས་མ་དཀར་དམར་རོ་རྐྱང་ནས། །འཁོར་ལོ་སོ་སོའི་རྩ་འདབ་ལ་གནས་སོ། །བུད་མེད་རྣམས་ལ་གཡས་གཡོན་གོ་ལྡོག་ཅིང༌། །ཟླ་བ་རོ་མའི་ནང་ནས་སྤྱི་བོའི་ཧོཿ ཉི་མ་རྐྱང་མའི་མར་སྣེ་གསང་བའི་ཨཱཿ སྐྱེས་པའི་རྐྱང་མ་བུད་མེད་རོ་མ་གཉིས། །མར་སྣེ་དུད་པས་ཁམས་རྣམས་འཕོ་མེད་འདོད། །རྩ་མདུད་གཉིས་རེ་གྲོལ་འབར་ས་རེ་ནོན། །ཡོན་ཏན་རྣམས་ཀྱང་དེ་ཡི་མཐོང་སྣང་བྱེད། །ད་ལྟ་རྩ་མདུད་བར་ན་དཀར་དམར་ཁམས། །དཔའ་བོ་དཔའ་མོའི་ཚུལ་དུ་འཁྲིལ་སྦྱོར་ཡོད། །དེ་ལྟར་རྩ་ཐིག་རླུང་གསུམ་རྟེན་དང་བརྟེན། །ཡེ་ཤེས་ཆེན་པོའི་རྟེན་ཏུ་གནས་པ་འོ། །སྙིང་གི་ཁོང་སྟོང་དབུས་སུ་དྭངས་མ་ཡི། །རྩ་བརྒྱད་གནས་ཤིང་གསུམ་ནི་ཆོས་ཉིད་རྩ། །གཅིག་ནི་ཡེ་ཤེས་གསུམ་ནི་རང་རྒྱུད་རྩ། །ཡོན་ཏན་རྩ་གཅིག་དབུས་གསུམ་སྐུ་གསུམ་གྱི། །ཆོས་ཉིད་མི་འགྱུར་བ་ཡི་རྟེན་བྱེད་དོ། །མདུན་གྱི་མེ་ལོང་རྩ་ལས་ཡེ་ཤེས་བཞི། །རྒྱབ་དང་ལྟོ་ཡི་ཡོན་ཏན་རྩ་ཡིས་ནི། །ཞིང་ཁམས་གཞལ་ཡས་སྣང་བ་འཆར་བར་བྱེད། །གཡོན་གྱི་དུག་གསུམ་རང་རྒྱུད་རྩ་ཡིས་ནི། །ཁམས་གསུམ་རང་མཚན་འཁྲུལ་སྣང་བསྐྱེད་པ་འོ། །ཆོས་ཉིད་རྩ་སྦུབས་འོད་གསལ་ཟླུམ་པོའི་ཁྲོད། །སྦྱང་གཞི་སུ་ཏྲི་སྦྱོང་བྱེད་ཨོཾ་དང་བཅས། །ཡེ་ཤེས་རྩ་ཡི་མཐིང་ག་གྲུ་བཞིའི་སྦུབས། །སྦྱོང་བྱེད་ཧཱུཾ་དང་སྦྱང་བྱ་ཨ་དང་ནི། །རང་རྒྱུད་རྩ་ཡི་ཟླ་གམ་དམར་པོའི་སྦུབས། །སྦྱོང་བྱེད་ཨཱཿདང་སྦྱང་གཞི་བྲེ་དང་དུ། །ལས་ཉོན་བག་ཆགས་གང་ཡིན་ཡི་གེ་སྟེང༌། །བསྲེགས་ཏེ་ཞེ་སྡང་ཁོང་ཁྲོ་དུ་ཡི་སྟེང༌། །འདོད་ཆགས་བྲེ་དང་ང་རྒྱལ་ཨ་དང་ནི། །ཕྲག་དོག་སུ་དང་གཏི་མུག་ཏྲིའི་སྟེང་ངོ༌། །རྟོགས་པའི་ཡེ་ཤེས་རང་རྩལ་དགེ་བ་རྣམས། །སྐུ་འབྲེལ་ཨོཾ་དང་གསུང་འབྲེལ་ཨཱཿདང་ནི། །རྣམ་པར་མི་རྟོག་སྒོམ་པ་ཧཱུཾ་གི་སྟེང༌། །བཞག་པའི་བག་ཆགས་ཐམས་ཅད་དག་པར་བྱེད། །ཆོས་ཉིད་ཡེ་ཤེས་རང་རྒྱུད་ཡོན་ཏན་རྩ། །རྣམ་བཞི་བྱེ་བྲག་དྲུག་ལ་རྣམ་ཤེས་གནས། །སེར་པོ་ཀུན་གཞི་མཐིང་ག་ཡིད་རྣམས་དང༌། །དམར་པོ་ཉོན་ཡིད་དམར་ནག་སྒོ་ལྔའི་ཤེས། །དེ་ལྟར་སྙིང་གི་རྩ་འདབ་བརྒྱད་ཀྱི་དབུས། །དྭངས་མའི་རྩ་དཀར་དར་གྱི་སྐུད་པ་འདྲ། །རྟ་རྔ་བརྒྱར་གཤགས་ཙམ་ནང་ཁྲག་དབུགས་ཀྱི། །དྭངས་མ་གཅིག་འདྲེས་ཁ་དོག་འོད་ལྔ་ལྡན། །སེམས་ཉིད་འོད་གསལ་ཆོས་སྐུ་བྱང་ཆུབ་བོ། །རླུང་སེམས་དེར་འདུས་མྱ་ངན་འདས་པའི་ཞིང༌། །ལྷུན་གྲུབ་རང་སྣང་འོད་ཀྱི་ཁང་བ་རུ། །བར་དོར་ཡེ་ཤེས་སྒྲོན་མ་འཆར་བ་སྟེ། །ངེས་དོན་སྟུག་པོ་བཀོད་པའང་ཉིད་དོ། །རྩོལ་བཅས་རྩོལ་མེད་ལམ་གྱི་རྣལ་འབྱོར་པས། །འབད་ན་རླུང་སེམས་དྭངས་མ་དེར་རྫོགས་ནས། །སྣང་ཆ་འོད་ལྔ་སྟོང་ཆ་ཆོས་ཀྱི་སྐུ། །རོ་གཅིག་འདྲེས་པས་མངོན་པར་འཚང་རྒྱ་འོ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཞི་འཁྲུལ་བ་འདུལ་བྱེད་ཀྱི་ཐེག་པའི་རྣམ་གྲངས་དང༌། རྡོ་རྗེའི་ལུས་ཀྱི་གནས་ཚུལ་བཤད་པའི་ལེའུ་སྟེ་བདུན་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཉིས་མེད་ཀྱི་ལྟ་བ་ཐག་བཅད་པའི་ལེའུ་སྟེ་བརྒྱད་པའོ།། །།

༈ དེ་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་ངོ་བོ་རོ་གཅིག་པ། །མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དུ། །འཁོར་འདས་རོལ་བའི་རྩལ་ལས་གཞན་དུ་མེད། །གཏད་མེད་རང་ཤར་མེད་པ་གསལ་སྣང་ཙམ། །ཆོས་ཀུན་སྟོང་བའི་རང་བཞིན་རིག་པ་དག །གཉིས་མེད་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །མ་གྲུབ་མི་འགགས་རིག་ངོར་སྣང་ཙམ་དང༌། །རྒྱུ་རྐྱེན་རྟེན་འབྲེལ་འཆར་ཚུལ་གཉིས་མེད་མཉམ། །འདི་ལྟར་སྣང་སྲིད་ཆོས་ཀུན་སྣང་ངོ་ཅོག །མེད་སྣང་ཇི་ལྟར་སྣང་རུང་གསལ་སྣང་ཙམ། །གཅིག་དང་དུ་བྲལ་རང་མཚན་རྡུལ་ཙམ་མེད། །རིག་ངོར་ཅི་ཤར་དབྱིངས་ལས་ཤར་བའི་ཕྱིར། །རིག་པ་རང་བྱུང་རིག་པའི་ཆོ་འཕྲུལ་ལོ། །ཆོས་ཀུན་བྱང་སེམས་ཀློང་དུ་ངོ་བོ་གཅིག །ཐམས་ཅད་སེམས་སུ་འདོད་པ་ཤིན་ཏུ་འཁྲུལ། །རྩལ་དང་རོལ་བ་བྱང་ཆུབ་སེམས་དང་གསུམ། །ནམ་མཁའ་དག་པའི་མེ་ལོང་ཤར་བའི་ཆོས། །མཚོན་དཔེ་གསུམ་གྱིས་གཏན་ལ་ཕབ་པ་འོ། །བྱང་སེམས་ཀུན་གྱི་གཞི་གྱུར་ཐོག་མའི་ཁམས། །འཆར་ཚུལ་མ་འགགས་རྩལ་དང་རོལ་བ་ཤར། །ངོ་བོ་གཅིག་དང་ཐ་དད་ཆོས་ལས་འདས། །སྣང་ཚུལ་ཐ་སྙད་གསུམ་དུ་བརྗོད་པ་སྟེ། །དེ་ལྟར་འཁོར་འདས་རྣམ་བཞག་མེད་སྣང་ཙམ། །མ་འགགས་འཇོག་པ་གཞན་ལས་ཁྱད་པར་ཞུགས། །རིག་འཕྲུལ་ཆོས་ཀུན་རིས་མེད་མཉམ་པ་ཉིད། །ཡོད་མེད་མཐའ་ལས་འདས་པའི་ཟུང་འཇུག་ལམ། །སྒྱུ་མ་ཇི་བཞིན་སྤང་བླང་བཟང་ངན་སོགས། །མ་འགགས་སྣང་བ་ཤར་བའི་རང་བཞིན་མཚར། །འཁོར་བ་མྱང་འདས་ཆོས་རྣམས་ཐམས་ཅད་ཀུན། །མེད་པར་སྣང་བའི་རོལ་བར་ངེས་ཤེས་ཏེ། །དག་མཉམ་ངོ་བོ་གཉིས་སུ་མེད་པ་འོ། །ཆོས་ཉིད་དོན་ལ་ཆོས་ཅན་མཚར་རོ་ཆེ། །ཡོད་མེད་ལས་འདས་སྣ་ཚོགས་སྣང་བར་ཤར། །དོན་ལ་མེད་ཀྱང་འཛིན་པས་ཉོན་མོངས་བྱེད། །མེད་སྣང་བདག་ཏུ་འཛིན་པས་ཨ་རེ་འཁྲུལ། །ཕྱི་ནང་རང་བཞིན་སྟོང་བའི་སྒྱུ་མ་ཙམ། །མི་མཁས་བྱིས་པས་རང་མཚན་དོན་དུ་ཞེན། །མེད་པ་ཡོད་པར་འཛིན་པས་སྒྲོ་རེ་བཏགས། །མ་འཁྲུལ་འཁྲུལ་བར་འཛིན་པས་སྲིད་པར་འཁྱམས། །ཅོལ་ཆུང་འཁྲུལ་བའི་སེམས་ཀྱི་རྗེས་འབྲངས་ནས། །སྐད་ཅིག་གཅིག་ལ་རང་དོན་མི་ཤེས་པར། །རྒྱུན་ཆགས་འཁྲུལ་བའི་སེམས་ཀྱིས་དུས་འདས་ཏེ། །སྐད་ཅིག་ཐེངས་ཅིག་ཡུད་ཙམ་ཉིན་ཞག་དང༌། །ཉིན་ཞག་རེ་དང་ཟླ་བ་ལོ་རེ་འཁྲུལ། །འོན་ཀྱང་ཆོས་སྐུའི་རིམ་པ་མཁའ་ལྟར་དག །སེམས་ཅན་རྣམས་ཀྱིས་འཁྲུལ་སྣང་རང་མཚན་ཞེན། །རྣལ་འབྱོར་པ་ལ་སྒྱུ་མའི་རྩེད་མོ་ཙམ། །ངོ་བོ་འཁྲུལ་དང་མ་འཁྲུལ་ཆོས་ལས་འདས། །རང་གསལ་ཟང་ཐལ་རྗེན་པ་ཆོས་སྐུ་རུ། །སྲིད་པར་འཁྲུལ་སྣང་རང་སངས་རང་སྟོང་ངོ༌། །ཕྱི་ནང་ཡུལ་མེད་ནང་འཛིན་རྟེན་གཞི་བྲལ། །ངོས་བཟུང་མཐའ་ལས་འདས་པའི་རང་སེམས་གཤིས། །རང་བཞིན་རང་སངས་དྲན་པར་རང་སར་དག །བག་ཆགས་ཡུལ་དང་སྣང་བའི་གཏད་སོ་བྲལ། །གཟུང་འཛིན་གཞི་མེད་རྩ་བྲལ་རྟོགས་པས་རིག །རང་བྱུང་ཡེ་ཤེས་བཏགས་ཀྱང་དོན་ལ་སྟོང༌། །ཕྱི་ནང་མེད་པས་ནང་གི་སེམས་ཉིད་མེད། །རང་བཞིན་མེད་པ་རང་རིག་གཏན་ནས་བྲལ། །གཟུང་འཛིན་ཡོད་མ་མྱོང་བས་བྲལ་འབྲས་སྟོང༌། །ཚོར་བ་མིང་མེད་མྱོང་བ་གཉིས་མེད་སྟོང༌། །སེམས་དང་སེམས་བྱུང་མེད་པས་སེམས་ཉིད་སྟོང༌། །གསལ་དང་མི་གསལ་མེད་པས་མ་གྲུབ་སྟོང༌། །རང་སངས་བརྗོད་མེད་རྫོགས་པ་ཆེན་པོས་སྟོང༌། །རང་བྱུང་ཡེ་ཤེས་བྱང་སེམས་ཆོས་ཀྱི་སྐུ། །ཆོས་དབྱིངས་ལྷུན་གྲུབ་རིག་པ་ཇི་བཏགས་ཀྱང༌། །བཏགས་ཤིང་ངོ་བོ་མེད་པ་ཁོ་ན་འོ། །དབུ་མའི་སྟོང་ཙམ་ལུགས་འདིར་ཟང་ཐལ་གྱིས། །མ་གྲུབ་མི་འགགས་རིག་ཙམ་གཞིར་བྱས་ནས། །ཤར་བའི་ཆོས་རྣམས་མཐའ་གྲོལ་གཏན་ལ་འབེབས། །གཏད་མེད་ཡོངས་གྲོལ་ཆེན་པོའི་རྣལ་འབྱོར་པས། །རང་གིས་རྟོགས་པའི་དུས་ནས་གཞན་ཀུན་གྱི། །སྣང་བ་རྟོགས་རུང་སྒྱུ་མའི་ལྟད་མོ་ལ། །རྒྱུས་ཡོད་མི་བཞིན་མཐོང་ཐོས་དྲན་རེག་ཀུན། །གཏད་མེད་སྟོང་བ་སྟོང་བ་གཏད་ཡལ་བ། །རིག་པ་ཕྱམ་བདལ་བྱུང་ཚོར་སྤུན་དག་ཆད། །ཤེས་པ་རང་སངས་བྱ་བྱེད་ཟང་མ་ཐལ། །རང་ཉིད་རྒོད་འཆོར་གཞན་ལ་སྨྱོ་འམ་སྙམ། །དམིགས་མེད་སྙིང་རྗེའི་རང་ཤར་རྡོ་རྗེའི་གླུ། །གཏད་མེད་སྤྱོད་པའི་ཞེན་མེད་རིག་པ་སྟོན། །ཟང་མ་ཐལ་དུ་སྣང་བ་དུས་གཅིག་ཤར། །གཟུང་འཛིན་རང་ལོག་ཆོས་སྐུ་ཁོང་ནས་ཤར། །བདག་འཛིན་ཡུལ་མེད་ཞེན་ཡུལ་ཆོས་སྐུར་ཤར། །ཞེན་འཛིན་མཐའ་གྲོལ་ཀློང་ཡངས་རིག་པར་ཤར། །རྟོགས་པ་ཁོང་ཤར་སྣང་བ་གཏད་མེད་དང༌། །ཉིན་མཚན་ཁོར་ཡུག་ཆོས་སྐུའི་ལུག་རྒྱུད་ཤར། །དགྲ་གཉེན་ཆགས་སྡང་གཏན་བྲལ་ཆོས་ཉིད་ཤར། །བླང་དོར་ཕྱོགས་རིས་མེད་པས་ཉོན་སྒྲིབ་བྲལ། །གཉེན་པོ་མཆོག་འཛིན་མེད་པས་ཤེས་སྒྲིབ་དག །མ་ཕྱིན་ཆོས་ཟད་གདོད་མའི་གཞི་ལ་ཐུག །རང་བྱུང་ཀུན་བཟང་དགོངས་པར་འཁོར་འདས་གྲོལ། །ཆིག་ཆོད་རྟོགས་པའི་རིག་པ་རྗེན་ལ་བུད། །འཁོར་འདས་བཟང་ངན་ཞེན་རྟོག་རིག་པར་དག །ཉོན་མོངས་རྣམ་རྟོག་གཞི་གྲོལ་ཆོས་ཉིད་ཟད། །འཁོར་འདས་རྒྱ་རལ་ཕྱལ་མེད་རྣལ་དུ་འབྱོར། །འདི་དུས་གང་ཤར་ཉོན་མོངས་ཕྱམ་བདལ་གྲོལ། །གཞན་ངོར་ཉོན་མོངས་ལྟར་སྣང་ཚོར་བ་མངོན། །རྣལ་འབྱོར་པ་ལ་ཟང་ཐལ་ནམ་མཁའ་བཞིན། །དགེ་སྡིག་དྲི་མ་ལས་འདས་བཅིངས་གྲོལ་མེད། །དོན་དེར་མ་སླེབས་དགེ་སྡིག་ལས་ཀྱིས་སྒྲིབ། །རང་ཉམས་མི་དཔག་སྟོང་ལྟའི་ཁ་རྦད་དང༌། །བློས་བྱས་རྟོག་གེའི་རིགས་པའི་ཡིད་དཔྱོད་ཀྱིས། །རྟག་ཆད་གདངས་སུ་འཆའ་བ་དེང་སང་མང༌། །རང་བྱུང་འཕོ་འགྱུར་བྲལ་བའི་ཆོས་ཀྱི་དབྱིངས། །སེམས་ཉིད་ཆོས་ཉིད་བྱེད་མེད་དོན་ལ་གོམས། །སྦྱངས་སྟོབས་ཁོང་ནས་འཆར་བ་ཆོས་སྐུའི་རྫོང༌། །ངོ་བོ་མཐའ་བྲལ་རྟོགས་པ་རང་གྲོལ་རྒྱུ། །འབྲས་བུ་རང་སངས་རྣམ་དག་ལྷུན་གྱིས་གྲུབ། །རང་བྱུང་ཆོས་སྐུ་རྟོགས་དང་མ་རྟོགས་ཚད། །ཞེན་ཆ་རིག་པར་ཡོད་དང་མེད་པས་ཕྱེ། །ནམ་མཁའ་དག་དང་མ་དག་སྤྲིན་བཞིན་ནོ། །མདོར་ན་ཞེན་འཛིན་བྲལ་བས་གནས་ལུགས་རྟོགས། །གང་ལ་ཞེན་འཛིན་བླང་དོར་མི་འཆའ་ཞིང༌། །ཆོས་དང་ཆོས་མིན་བྱེད་ཀྱང་ཕྱོགས་རིས་བྲལ། །ལྟ་སྒོམ་སྤྱོད་འབྲས་འཛིན་པ་མི་དམིགས་པ། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་རོ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་གཉིས་མེད་ཀྱི་ལྟ་བ་ཐག་བཅད་པའི་ལེའུ་སྟེ་བརྒྱད་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་སྒོམ་པ་ཆོས་ཉིད་ཀྱི་ཀློང་དུ་ལ་བཟླ་བའི་ལེའུ་སྟེ་དགུ་པའོ།། །།

༈ དེ་ལྟར་གཉིས་སུ་མེད་པའི་བྱང་ཆུབ་སེམས། །རིག་པའི་ངོ་ལ་ཆོས་ཀུན་ལ་བཟླ་བ། །གར་ཡང་མ་ཆད་གང་དུ་མ་ལྷུང་བའི། །བློ་བྲལ་ཟང་ཐལ་རྗེན་པའི་ཡེ་ཤེས་ནི། །གཉིས་མེད་སྐྱེ་འགགས་མེད་པ་ངོས་བཟུང་བ། །ཀ་དག་ཆོས་སྐུ་ཟང་ཐལ་ཆེན་པོ་འོ། །ཕྱི་རུ་མ་སྤྲོས་ནང་དུ་མ་བཟུང་ཞིང༌། །བར་དུ་མ་བཞག་བློ་ཡིས་མ་བཅོས་པ། །རྟོག་པ་མ་འགྱུ་ཤེས་པ་བར་མེད་ཀྱི། །ཕྱལ་ཡས་ཟང་ཀ་དུས་མཉམ་ཀུན་ཏུ་ཡོད། །དཔོན་སློབ་དར་ཅིག་ཙིན་ནེ་ཡོད་པའི་དུས། །རྗེན་ནེ་ཤར་བ་བྱིན་གྱིས་རླབས་པའི་ངང༌། །སློབ་མར་ངོ་སྤྲོད་ཟང་མ་རྗེན་པར་མཐོང༌། །ཆོས་སྐུར་ངོ་ཤེས་མ་ཡེངས་ངང་ལ་སྐྱོངས། །ལུས་གནད་སྐྱིལ་ཀྲུང་རླུང་གནད་དལ་བ་དང༌། །མིག་གནད་ནར་སོ་སེམས་གནད་མི་རྟོག་བཞག །གསལ་སང་གནས་དུས་གསལ་གནས་ཉམས་ཡིན་ལ། །རིག་པ་རྗེན་ནེ་བ་དེ་ཆོས་སྐུའི་ཆ། །སེམས་བཟུང་ངོ་སྤྲོད་སེམས་གནས་ངོ་སྤྲོད་ནི། །བཟུང་བ་མ་ཡིན་ལྷན་ནེ་རང་བབས་དུས། །གནས་ཆ་དེ་རུ་བཞག་པའི་ས་ལེ་བ། །རིག་པ་ངེས་བཟུང་མེད་པ་ཆོས་སྐུ་འོ། །རྩ་བ་བཅད་ནས་ངོ་སྤྲོད་བྱེད་པའི་ཚུལ། །གང་ནས་བྱུང་ཞིང་གང་ན་འདུག་པ་དང༌། །གང་དུ་འགྲོ་བའི་མཐའ་ལ་རྩད་བཅད་ནས། །ཅི་ཡང་མ་རྙེད་མི་རྟོག་དེ་བཞག་ལ། །རིག་པ་མིང་དོན་ལས་འདས་ཆོས་སྐུ་འོ། །སེམས་ནི་ཡུལ་ལ་ཤོར་དུས་དེ་ཡི་ཡུལ། །དུམ་བུ་གང་ན་སེམས་འདུག་མཐའ་དེད་པས། །ཡུལ་མེད་སེམས་མེད་སྟོང་སང་ངང་ལ་གནས། །འཕྲོ་འདུ་མེད་པའི་རིག་ཆ་ཆོས་སྐུ་འོ། །ཤེས་པ་ཡུལ་ལ་ཤར་དུས་སེང་ངེར་བཞག །ཡུལ་དང་སེམས་ལ་ཕར་ཚུར་མི་བསམ་པར། །བར་མེད་ཧར་སེང་དུས་ན་གནས་ཆ་བཞག །ཧིག་གེ་ས་ལེ་རིག་པ་ཆོས་སྐུ་འོ། །ཐ་མལ་ཤེས་པ་གཞན་དུ་གཡེང་བའི་ཚེ། །གློ་བུར་ཡིད་ལ་མེད་པའི་གཏམ་ལ་དྲི། །ཅི་ཟེར་གཏད་མེད་སྟོང་སངས་ཧ་བྱད་དེ། །ལུས་ཚེ་གནས་ཆ་བཞག་པའི་རིག་པའི་ཆ། །ས་ལེར་རྗེན་པར་སོང་བ་ཆོས་སྐུ་འོ། །མདོར་ན་རྩ་རླུང་ཐིག་ལེ་སེམས་གཡེང་དང༌། །གནས་འཕོ་འགྱུ་བ་ཅི་ཡོད་ཐབས་ལ་བརྟེན། །བློ་བྲལ་ཆོས་སྐུ་ཆེན་པོ་ངོ་སྤྲད་དོ། །གསལ་ཉམས་ས་ལེ་བ་ནི་གནས་པའི་ཆ། །གསལ་རིག་གནས་ཆ་བྲལ་བ་ཆོས་ཀྱི་སྐུ། །སྣང་བ་སྟོང་བ་གསལ་བདེ་མི་རྟོག་པའི། །ཉམས་དང་མ་འདྲེས་རིག་པ་ཟང་ཐལ་ལེ། །ངོས་བཟུང་བྲལ་བ་ངོས་བཟུང་བྱེད་པ་འོ། །རང་གྲོལ་ཀ་དག་ཆེན་པོ་ལ་བཟླ་བ། །མ་བསྒོམ་རིག་པ་སྐྱེ་འགགས་གནས་གསུམ་བྲལ། །སྨྲ་བསམ་བརྗོད་མེད་དགེ་སྡིག་གྲུབ་བསལ་འདས། །དེ་ལྟར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལམ། །མངོན་དུ་བྱས་པའི་དམ་པ་དེ་ཉིད་ནི། །བླ་མས་ངོ་སྤྲོད་རིག་པ་ཆོས་སྐུ་སྟེ། །ཡངས་དོག་མེད་པའི་རྒྱ་གྲོལ་ནམ་མཁར་ལྡིང༌། །ཐེག་དམན་ཟིལ་གནོན་གཡེང་བ་ཤུགས་ཀྱིས་ཆོད། །ལུས་རྒྱ་གྲོལ་ཚེ་ཀ་དག་དབྱིངས་སུ་བསྒྲོད། །ཇི་ལྟར་མཁའ་ལྡིང་དབང་པོའི་ཕྲུ་གུ་བཞིན། །གྲུབ་བསལ་མེད་པའི་རིག་པ་བླང་དོར་བྲལ། །ཐེག་དམན་སྔངས་སྐྲག་སྐྱེས་པས་མི་འཐད་ཀྱང༌། །ཡང་ཟབ་རྫོགས་ཆེན་དོན་དང་དངོས་པོའི་གཤིས། །འདིར་བརྩོན་རབ་ནི་ལུས་རྒྱ་ན་བུན་བཞིན། །འབྲིང་ནི་བུམ་པའི་ནམ་མཁའ་ཐ་མ་ཡང༌། །བཅོ་ལྔའི་ཉི་ཟླ་ལྟ་བུར་གྲོལ་བར་འགྱུར། །རབ་ཀྱིས་སྣང་བཞི་གོ་ལྡོག་རྟགས་ཚད་ཕེབས། །དང་པོ་ཀ་དག་ཆོས་ཟད་རང་ངོ་ཤེས། །ཆོས་སྐུའི་ དགོངས་ཇི་བཞིན་སྐྱོང་བའི་དུས། །མཐའ་གྲོལ་རིག་ཟངཐལ next hit་ཚད་ལ་ཕེབས། །རྐྱེན་སྣང་ཆོས་ཉིད་ངང་ལས་མི་འདའ་བར། །དགག་སྒྲུབ་ཉོན་མོངས་རྟོག་པ་རང་སར་དག །ཕྱོགས་མེད་ཟང་ཀ་རྒྱ་ཡན་འཛིན་མེད་ཀློང༌། །མཐར་འགྱུར་ཉམས་ཟད་རིག་པ་གཞི་ལ་ཕེབས། །ཆོས་ཉིད་མངོན་སུམ་སྣང་བ་ཐད་ཀར་ཤར། །དང་པོ་ཀ་དག་རྗེན་པར་རང་ཐོག་གནས། །འདི་དུས་ཆོས་བོར་ཆོས་ཟད་ཞེས་བྱ་འོ། །རྫུ་འཕྲུལ་མངོན་ཤེས་འགྲུབ་ཅིང་འབྱུང་བ་དབང༌། །ས་ཡིས་མི་ནོན་ཆུ་ཡིས་མི་འཁྱེར་ཞིང༌། །མེ་ཡིས་མི་འཚིག་རླུང་གིས་མི་གཡོ་བ། །མཁའ་ལ་བྱ་བཞིན་དངོས་བསྒྱུར་གནས་སྤོ་དང༌། །རྟེན་འབྲེལ་སྣ་ཚོགས་ཤར་བས་འགྲོ་ལ་ཕན། །ལུས་ཀྱི་རྡུལ་མཐོང་ལྷ་མིག་མངོན་ཤེས་ཐོབ། །སྤྱན་དང་རྫུ་འཕྲུལ་སྣ་ཚོགས་འགྲུབ་པ་འོ། །འབྲིང་ནི་འཆི་ཚེ་ལུས་ཀྱི་བུམ་པ་དང༌། །བྲལ་བས་ཀ་དག་ཆོས་སྐུའི་དགོངས་པར་འདྲེས། །རིག་པ་ཆོས་སྐུ་ཉག་གཅིག་སངས་རྒྱས་ཏེ། །ལྷུན་གྲུབ་ཕྲིན་ལས་མཁའ་ལ་གཟའ་སྐར་ལྟར། །ཐ་མ་བཅོ་ལྔའི་ཟླ་བ་མ་ནུབ་བཞིན། །འཆི་རིག་རྗེན་པའི་ངང་ལ་མ་ཉམས་པ། །རྟོགས་པས་ཕྱིར་ཕུད་ཟླ་ལྟར་ཆོས་ཉིད་ཀྱི། །བར་དོ་ཡེ་ཤེས་རང་ལ་ཡོད་པར་ཤར། །དེ་ཡི་སྔོན་བསུ་གཞན་གྱིས་མ་ཆོད་པར། །རིག་སྟོང་རྗེན་པའི་ངང་དུ་འཚང་རྒྱ་འོ། །ཆོས་སྐུ་འོད་གསལ་སྤྲོས་དང་བྲལ་བ་སྟེ། །དབུགས་ཆད་རྣམ་ཤེས་ཁར་ཐོན་ཚེ་ན་འཆར། །འབྱུང་བའི་རླུང་བཞི་ཐིམ་ནས་ནམ་མཁའི་རླུང༌། །འོད་གསལ་ལ་འཇུག་ཚེ་ན་རྣལ་འབྱོར་པས། །རྣམ་ཤེས་རླུང་བཞིན་ཡར་གྱི་ཟང་ཐལ་ལོ། །སེང་གེའི་འདུག་སྟངས་རིག་པ་མིག་ལ་གཏད། །བར་སྣང་དབྱིངས་དང་རིག་པ་མི་གཏད་པའི། །ངང་ལས་འཕོས་ན་བར་དོ་མེད་པ་རུ། །ཀུན་བཟང་གདོད་མའི་གཞི་ལས་སངས་རྒྱས་སོ། །ངོ་བོ་སྐྱེ་མེད་རྒྱུ་འབྲས་ལས་འདས་པའི། །རོལ་རྩལ་སྐྱེ་བའི་ཆོ་འཕྲུལ་འཆར་བ་ནི། །རྒྱུ་འབྲས་ཐེག་པ་རྣམས་ལ་མི་རིགས་ཀྱང༌། །ངེས་གསང་ཨ་ཏི་ཡོ་གའི་དོན་ལ་འཐད། །རྨི་ལམ་འཁོར་འདས་སེམས་སུ་གཅིག་པ་ལྟར། །སྲིད་དང་ཞི་བ་རིག་པའི་ངང་དུ་གཅིག །སྤང་བླང་རེ་དོགས་མཐའ་ལས་རྣམ་པར་འདས། །ཆོས་རྣམས་ཡེ་གྲོལ་ད་གཟོད་གྲོལ་མི་དགོས། །ཡེ་ནས་མ་གྲོལ་གྲོལ་བར་མི་ནུས་པས། །རྟོགས་དང་མ་རྟོགས་གྲོལ་དང་མ་གྲོལ་མེད། །གང་དུ་མ་གྲུབ་ཟང་ཐལ་བརྗོད་མེད་དོན། །རྟོགས་པས་བཟང་དུ་མ་སོང་མ་རྟོགས་ཀྱང༌། །ངན་དུ་མ་སོང་ཡེ་ནས་མཉམ་ཉིད་ལ། །རྩོལ་བས་ཅི་བྱ་ངོ་ཡང་མ་སྤྲོད་ཅིང༌། །རང་ཡང་མི་བསྒོམ་ལྟ་སྐུལ་ལས་འདས་སོ། །ཐབས་ཤེས་རྩ་ཐིག་རླུང་གསུམ་གནད་ལ་བརྟེན། །བརྗོད་མེད་རྟོགས་པར་འདོད་ཀྱང་བླུན་པོའི་བློ། །ཡེ་ནས་སྐད་ཅིག་མི་འབྲལ་རང་རིག་ངོ༌། །གང་ལ་མ་ལྟོས་ཟང་ཐལ་རྗེན་པར་རྟོགས། །མཐའ་དབུས་གཏིང་མཐའ་མེད་པ་ཡུལ་ལས་འདས། །སྟོང་འབྱམས་མུ་མེད་འདོད་པ་མ་ཡིན་པར། །རིག་པ་ཟང་ཐལ་གཅིག་ཆོད་རྗེན་པ་རུ། །བློ་དང་དམིགས་ཡུལ་མེད་པར་སོ་སོ་ཡི། །རང་གི་རིག་པའི་ཡུལ་དུ་མཐོང་བ་ནི། །སེམས་དང་ཡེ་ཤེས་ཕྱེད་པའི་གནད་ཀྱིས་རྟོགས། །འཁོར་འདས་ཆོས་ཀུན་རྩ་བ་ཉག་གཅིག་དང༌། །སྣང་སྲིད་སྣོད་བཅུད་སྣ་ཚོགས་རྟེན་འབྲེལ་འདི། །ལུགས་འབྱུང་ལུགས་ལྡོག་ཚུལ་དུ་བྱུང་བར་སྙེགས། །ཀུན་ཀྱང་རིག་པའི་འཕྲུལ་དུ་རྟོགས་པའི་དུས། །སངས་རྒྱས་ལོགས་ན་མེད་པ་ཐག་ཆོད་ནས། །རེ་བ་སྤངས་ཤིང་འཁོར་བའི་རྩ་བ་ཡང༌། །མ་རིག་འཁྲུལ་སྣང་ཉིད་དུ་ཐག་ཆོད་ནས། །རྟོག་མེད་ལྷུན་གྲུབ་ཆེན་པོར་ལ་ཟློས་ཤིག །ཆོས་དབྱིངས་རིག་པའི་ངང་ལས་མ་གཡོས་པས། །འཁོར་བར་སུ་ཡང་མ་ལྷུང་མི་ལྷུང་བས། །རྨི་ལམ་ཇི་བཞིན་རང་བཞིན་ཡེ་དག་པ། །འཁྲུལ་བ་སྟོང་གཟུགས་ཆོས་སྐུར་ལ་ཟློས་ཤིག །ཡེ་སྟོང་མཁའ་ལྟར་འཁོར་བ་ཀ་ནས་དག །གྲོལ་བ་མ་གྲུབ་མྱང་འདས་རྣམ་པར་དག །ཡོད་མེད་རྩོལ་སྒྲུབ་ལས་འདས་རང་རིག་དང༌། །འཁོར་འདས་གཉིས་མེད་ཆོས་སྐུར་ལ་ཟློས་ཤིག །རྒྱ་ཆད་ཕྱོགས་ལྷུང་དུས་དང་སྤང་གཉེན་དང༌། །བྱ་བྱེད་འགྲོ་འོང་ལྟ་སྒོམ་སྤྱོད་པའི་འབྲས། །ཡིན་མིན་རྩོལ་སྒྲུབ་ཆད་པར་རང་རིག་དང༌། །མཐའ་གྲོལ་ཀློང་ཡངས་ཆོས་སྐུར་ལ་ཟློས་ཤིག །རང་རིག་ངོ་བོ་གཞི་མེད་ཟང་ཀ་མར། །དག་དང་མ་དག་སྤྲོས་བཅས་སྤྲོས་མེད་དང༌། །གཉུག་མའི་གཤིས་ལ་གྲུབ་བསལ་མེད་པ་རུ། །མཁའ་མཉམ་ཡངས་པ་ཆེན་པོར་ལ་ཟློས་ཤིག །བྱ་བྱེད་རིག་པ་ལམ་དང་དགག་སྒྲུབ་དང༌། །ལྟོས་གཞི་ལྟོས་ཆོས་འཛིན་ལ་གོལ་བ་དང༌། །འདས་དང་མ་འདས་མེད་པ་རང་རིག་ངང༌། །བློ་འདས་ཁོང་ཡངས་ཆེན་པོར་ལ་ཟློས་ཤིག །སངས་རྒྱས་ཐོབ་ཏུ་མི་རེ་ལམ་མི་བསྒོམ། །འཁོར་བར་འཁྱམས་པ་མི་དགོས་སྐྱབས་མི་འཚོལ། །འཁོར་འདས་སྤང་ཐོབ་མེད་པ་བློ་བདེའི་ངང༌། །ཟང་ཐལ་བྲལ་ཐོབ་མེད་པར་ལ་ཟློས་ཤིག །ཆོས་ལ་བྱར་མེད་ཡོད་མེད་མཐའ་རུ་འདུག །ཡིན་མིན་བློ་དང་ལྟ་སྒོམ་སྒྲོག་ཏུ་འདུག །ཡོད་མེད་བློ་ཡི་བྱ་བ་ཀུན་བཏང་ལ། །རང་ཡན་རྒྱ་གྲོལ་ངང་དུ་ལ་ཟློས་ཤིག །དགོངས་པ་ཆོས་ཉིད་ངང་ལས་མ་གཡོས་ཤིང༌། །ཆོས་ཟད་མིང་མེད་ངང་དུ་རང་གྲོལ་བའི། །ཅི་སྣང་རང་བྱུང་ཡེ་ཤེས་རོལ་བར་མཐོང༌། །མེད་སྣང་སྟོང་གཟུགས་སྒྱུ་མའི་ལྟད་མོར་རོལ། །གང་ཤར་གཞི་ལས་ཤར་བས་བཟང་ངན་མེད། །ཤར་ཚད་རིག་རྩལ་ཡིན་པས་ངོ་བོ་འདྲ། །ཤར་དུས་རང་གྲོལ་ཟིན་པས་དབྱེ་བསལ་མེད། །སྨིག་རྒྱུའི་ཆུ་ལྟར་བློ་བཟུང་ཆོས་ལས་འདས། །ཆོས་དང་ཆོས་མིན་བྱ་བ་བློ་ཡིས་བྱས། །ཆོས་ལ་བྱ་བྱེད་བྲལ་བས་ཡེ་ཟིན་རྟོགས། །འཇིག་རྟེན་སེམས་ཀྱི་བྱ་བའང་དེ་ལ་བྲལ། །རང་བབས་ཐ་མལ་གཉུག་མའི་ངང་ལ་གནས། །རང་བབས་དྲན་པའི་གཤིས་ལ་སྤྱོད་པ་དང༌། །ཆོས་ལ་རྩོལ་སྒྲུབ་བྱེད་རྣམས་རིག་པའི་ངོར། །ཁྱད་མེད་རྣལ་འབྱོར་སྤྱོད་ལམ་ཀུན་ཀྱང་ཆོས། །ཆོས་ཉིད་རོལ་བར་ལྷུན་གྱིས་གྲུབ་པ་འོ། །སྤང་བླང་ཡོད་མེད་ཡིན་མིན་ལས་འདས་པའི། །ཀུན་མཉམ་ཡངས་པ་ཆེན་པོར་ཀློང་གཅིག་གོ །རིག་སྟོང་རྗེན་པར་གྲོལ་བས་ཆོས་ཐམས་ཅད། །རང་བྱུང་ཡེ་ཤེས་རོལ་བར་གདེང་འཆོས་ཏེ། །སྣང་ཤེས་གཉིས་མེད་ཟང་ཐལ་སྐད་ཅིག་ལ། །ཆ་མེད་བྱུང་ཞིང་སྐྱེ་བའི་དུས་གཉིས་པར། །མི་སྡོད་གྲོལ་ནས་ཆོས་ཉིད་རང་ཤར་དུ། །སྣང་ཤེས་གཞི་མེད་ཡིན་པས་འབད་རྩོལ་དང༌། །འཆིང་བ་ཞེན་པ་ཀུན་ལས་འདས་པ་དང༌། །ཆོས་རྣམས་རང་སྟོང་བཙལ་བྱ་ལས་འདས་པས། །རང་བབས་རང་ཡལ་རྗེན་པར་གདེང་འཆའ་འོ། །ཆོས་རྣམས་ཡེ་གྲོལ་བསྐྱར་ནས་འབད་མི་དགོས། །རང་གྲོལ་སྦྲུལ་གྱི་མདུད་ལྟར་ལེགས་རྟོགས་པས། །གཉེན་པོར་མི་བརྟེན་ཁོང་ཡངས་གཏད་སོ་བྲལ། །ཡོངས་གྲོལ་ཕྱམ་བདལ་འབད་མེད་བློ་བདེ་བ། །དེ་ལྟར་གནད་མཐོང་གཉེན་པོའི་རྩོལ་སྒྲུབ་ཅིག །སྤང་བྱ་དྲན་བསམ་འཆིང་ཞེན་དགག་སྒྲུབ་མེད། །བློ་ཟད་ཆོས་ཟད་རིག་པ་མཁའ་ལྟར་དག །ཉིན་བྱེད་ཤུགས་ཀྱིས་མུན་པ་རང་ཡལ་ལྟར། །གཟུང་འཛིན་མ་སྤངས་རང་གྲོལ་དབྱིངས་སུ་ཡལ། །ཆོས་རྣམས་ཡེ་མཉམ་བཟླ་བྱ་བཟླ་བྱའི་ཡུལ། །ཟློ་བའི་མཁན་པོ་ལ་བཟླ་ཆེན་པོ་ཡང༌། །མིང་དོན་གཏད་སོ་ཀུན་ལས་འདས་པ་འོ། །དེ་ལྟར་རང་རིག་ལྷུན་གྲུབ་འདུས་མ་བྱས། །གངས་ལྗོངས་ཤིང་རྟ་ཀློང་ཆེན་རབ་འབྱམས་ཀྱི། །དགོངས་པའི་གན་མཛོད་རིན་ཆེན་ཆོས་ཀྱི་གཏེར། །དབང་མཛད་གཞན་ལ་བརྩེ་བའི་ཚུལ་དུ་གདམས། །སྔོན་ནས་གྲངས་མེད་རྒྱལ་སར་ལེགས་བྱས་གཏེར། །མང་དུ་བསགས་པའི་སྐལ་བཟང་སྐྱེས་བུ་ཀུན། །འཇམ་མགོན་ཞི་བར་གཤེགས་པའི་ཞལ་གྱིས་གདམས། །མི་འབྲལ་སྙིང་གི་ཐིག་ལེར་རྟག་ཏུ་ཆོངས། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་སྒོམ་པ་ཆོས་ཉིད་ཀྱི་ཀློང་དུ་ལ་བཟླ་བའི་ལེའུ་སྟེ་དགུ་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་ཆོས་ཐམས་ཅད་དགོངས་པ་ཆོས་ཉིད་ལས་མི་གཡོ་བ་ལ་ལ་བཟླ་བའི་ལེའུ་སྟེ་བཅུ་པའོ།། །།

༈ བཏང་བཞག་འགྲོ་འོང་མེད་པའི་ཆོས་ཉིད་གཤིས། །བཙལ་བའི་མི་རྙེད་རང་བཞིན་བཞག་པས་འགྲུབ། །ཐུན་མོང་ཐེག་པའི་གཟུགས་སྒྲ་དྲི་རོ་རེག །ལྷ་སྐུ་ཕྱག་མཚན་ཕྱི་ཡི་སྣང་བའི་ཡུལ། །རྩ་རླུང་ཐིག་ལེ་འཁོར་ལོ་གཏུམ་མོ་དང༌། །ཡི་གེ་འོད་ཀྱི་གོང་བུར་སྣང་དང་བཅས། །སྣང་མེད་མི་རྟོག་ངང་ལ་ཧད་རེར་བཞག །འདི་དག་གཏད་སོ་ཅན་གྱི་སྒོམ་པ་སྟེ། །གཟུང་འཛིན་འགོག་པར་འདོད་ཀྱང་གཟུང་འཛིན་དུ། །སོང་བས་ཟབ་མོའི་དོན་ལ་འཇུག་ཐབས་ཙམ། །མེ་ལ་ཚ་བ་ཆུ་ལ་གཤེར་བ་ལྟར། །རང་བབས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །ཡོན་ཏན་ངང་གིས་སྐྱེ་བས་དུས་རྣམ་ཀུན། །མི་འབྲལ་སྐུ་གསུམ་རིག་པའི་རང་ཞལ་མཇལ། །གནས་ཆ་དང་ནི་རིག་པ་རང་གནས་བབས། །གསལ་ལ་མི་རྟོག་ཙམ་དུ་འདྲ་ན་ཡང༌། །སེམས་ཀྱི་གནས་སའི་ཆ་ལ་ཞེན་ཆ་དང༌། །རིག་པ་ཟང་ཐལ་བྱུང་བར་མཚམས་པ་མེད། །སེམས་ཀྱི་དྲན་བསམ་ཡུལ་ཐོག་འཆར་བ་དང༌། །རིག་པ་དྭངས་གསལ་སྣང་ཆ་མ་འགགས་པ། །སྣང་ཡུལ་ཤེས་པ་འདྲ་ཡང་རིག་པ་ནི། །ཡུལ་ཕྱིར་མི་འབྲང་ཟང་ཐལ་རྩ་བ་ཆོད། །སེམས་ནི་ཡུལ་ཐོག་ཕར་འཕྲོ་རྟོག་པ་སྐྱེ། །མདོར་ན་དམིགས་གཏད་ཅན་ཀུན་གཟུང་འཛིན་བློ། །རང་བབས་རིག་པ་ཆོས་ཉིད་འཁོར་ལོ་ཡིན། །སྔ་མས་སྲིད་པ་ཕྱི་མས་ཐར་བ་འོ། །རིག་སྟོང་རྗེན་པར་རྟོགས་པས་ནོར་དོན་མེད། །དབང་པོའི་མངོན་སུམ་རྟོགས་པས་རྟོག་དཔྱོད་བྲལ། །རིག་པ་ཟང་ཐལ་དག་པས་ཚིག་ལས་འདས། །ཅིར་སྣང་སྐུ་གསུམ་ལམ་སྣང་གདེང་འཆའ་བྲལ། །ཟང་ཐལ་ལྟ་སྒོམ་སྤྱོད་འབྲས་སྒྲིབ་བྱེད་མཐོང༌། །སེམས་གནས་ངལ་གསོའི་ཞི་གནས་ལྷག་མཐོང་ལ། །རེ་ལྟོས་མི་འཆའ་དུ་མ་ཁྱད་པར་འཕགས། །དགག་བསྒྲུབ་སེམས་བཟུང་བྱ་བ་ཀུན་བཏགས་ནས། །རིག་སྟོང་ཟང་ཐལ་རྗེན་པར་བུད་པ་ལ། །ངོ་བོ་མ་གཡོས་ཚུར་ལ་མི་ལེན་ཞིང༌། །ཕར་ལ་མི་སྤྲོ་སྒོམ་པས་མ་བཅིངས་པར། །ཟང་ཐལ་རང་བབས་བཞག་ཐབས་རྣམ་བཞི་དང༌། །ཏིང་འཛིན་གསུམ་གྱི་རིག་པ་སྲད་དུ་འཛུད། །རླུང་གིས་མ་བསྐྱོད་རྒྱ་མཚོར་གཟའ་སྐར་རྣམས། །ཆུ་ལས་མ་གཡོས་མ་གོས་སྣང་བ་ལྟར། །རིག་པ་ཟང་ཐལ་སྣང་ཡུལ་མ་འགགས་པར། །གང་ཤར་འཛིན་པས་མ་བསླད་དྭངས་སང་ངང༌། །མི་སྤྲོ་མི་བསྡུ་རེ་དོགས་མེད་པ་རུ། །རྒྱ་མཚོ་ཅོག་བཞག་དགོངས་པའི་ཉམས་སུ་བླངས། །ཁ་ཅིག་ཅོག་བཞག་ཐོད་རྒལ་ལྷུན་གྲུབ་ཐབས། །ཡིན་ཞེས་སྨྲ་བ་ཉིད་ནི་ཕྱོགས་རིས་བློ། །ཐོད་རྒལ་ལམ་ལ་ཟང་ཐལ་རིག་པ་འདི། །རྗེན་ལ་མ་བུད་སྲིད་འཁྲུལ་ཤེར་བྱར་གསུངས། །རིག་གདངས་ལུ་གུ་རྒྱུད་ལ་འཇོག་པ་ཡང༌། །ཟང་ཐལ་རྗེན་པའི་སྟེང་དུ་འཇོག་པ་གནད། །རིག་པ་དྭངས་པ་རྒྱ་མཚོ་ལྟ་བུའི་ངང༌། །གནས་དུས་རིག་པ་རྗེན་པར་ངོས་བཟུང་ནས། །དེ་ལས་མ་གཡོས་ཕྱི་ནང་བར་མཚམས་མེད། །ཆོས་ཉིད་གཅིག་ཏུ་འཆར་བ་སྔ་ཕྱི་ཟབ། །སྣང་བ་ཅིག་ཆོད་གསང་བ་སྣང་བ་ལ། །ཞེན་པས་མ་བཅིང་རང་སྣང་རྒྱ་ཡན་ནོ། །སྤང་བླང་མི་བྱེད་དབྱེ་གསལ་མེད་པའི་ངང༌། །ཡུལ་སྣང་མ་འགགས་རིག་ཅིང་རྟོག་མེད་དུ། །མི་བཞག་མི་བཀག་རང་གསལ་རང་ཤར་དུ། །ཟང་ཐལ་གོས་པ་མེད་པར་རིག་པར་གནས། །སྣང་ཤེས་གཉིས་མེད་རོ་གཅིག་ཉམས་བླངས་ཏེ། །སྣང་བ་གང་ཤར་རིག་པ་ཟང་ཀ་མར། །ངོས་བཟུང་དུས་གསུམ་འབྲེལ་ཐག་ཆད་པ་ཡི། །དགོངས་པ་རང་ཤར་འོད་གསལ་ལྷུན་གྲུབ་དང༌། །འདས་པ་མི་རྟོག་མ་འོངས་མི་བསམ་ཞིང༌། །ད་ལྟ་མི་དཔྱོད་ཟང་མ་རྗེན་པའི་ངང༌། །མི་གཡོ་མི་སྤྲོ་མི་བཟུང་ངང་ལ་བཞག །འདས་དང་མ་འདས་ད་ལྟའི་སེམས་དང་ནི། །དུག་གསུམ་དུས་གསུམ་སངས་རྒྱས་གང་ལ་ཡང༌། །ཞེན་འཛིན་བློ་ཡི་གཏད་སོ་མི་བྱེད་པར། །ལྷན་མཉམ་ཡངས་པ་ཆེན་པོར་བབས་ཀྱིས་ཞོག །ཡེ་ནས་འཕོ་འགྱུར་མེད་པ་ཆོས་ཉིད་དང༌། །སྣང་སེམས་གཉིས་མེད་རང་བབས་ཏིང་འཛིན་དང༌། །རྐྱེན་སྣང་འགྱུ་བའི་མི་གཡོ་རི་བོ་བཞིན། །མཆོག་གསང་ཀུན་བཟང་ཐུགས་ཀྱི་དགོངས་པར་ཞོག །ལུས་ནི་སྐྱིལ་ཀྲུང་མིག་ནི་བར་སྣང་གཏད། །ཤེས་པ་སྤྲོ་བསྡུ་མེད་པ་ས་ལེར་བཞག །རིག་པ་ཟང་ཀའི་ངོ་བོ་མི་གཡོ་བར། །སྣང་སེམས་རྒྱས་ཐེབས་ཡེ་ནས་སྤྱི་བླུགས་སོ། །རང་གནས་ཏིང་འཛིན་ལྟ་སྒོམ་སྤྱོད་འབྲས་ལས། །འདས་ཀྱང་དེ་ཡི་མིང་གིས་མཚོན་པ་ནི། །རང་བབས་ཆོས་ཉིད་དམིགས་བསལ་བྲལ་བ་ཡི། །བལྟར་མེད་རིག་པ་སྤྱི་བླུགས་ཚུལ་དུ་བལྟ། །བཏང་བཞག་འགྲོ་འོང་བྲལ་བའི་ངང་བསྒོམ་གྱིས། །བསྒོམ་མེད་ཡེངས་མེད་སྤྱི་བླུགས་བསྒོམ་པ་འོ། །ཀློང་གསལ་བྱ་བྱེད་ཀུན་ལས་འདས་པ་ཡི། །སྤྱོད་མེད་སྤྱོད་པ་སྤྱི་བླུགས་སྤྱོད་པ་ཡིན། །ཡེ་ནས་ཆོས་སྐུ་ལྷུན་གྲུབ་སྒྲུབ་མེད་དང༌། །དེ་དོན་ལྷུན་གྱིས་བཞག་པ་སྤྱི་བླུགས་འབྲས། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི་ཡི་དོན། །སྣང་བར་མི་སྤྲོ་ཤར་བ་རང་གིས་བརྒྱན། །རང་ཡལ་རྗེས་མེད་སྤྱོད་པ་ཟང་ཐལ་ལ། །ནང་འགྱུ་སེམས་ལ་མི་རྟོག་མ་འགགས་རྩལ། །རང་ངོ་རང་དྭངས་རང་གསལ་རྒྱ་མཚོའི་ཀློང༌། །གཉིས་མེད་མཉམ་པའི་ངང་ལ་མི་བསྒོམ་པར། །རང་བབས་བསམ་གཏན་ཚོགས་དྲུག་ལྷུག་པ་ལ། །འཛིན་རྩོལ་གཉེན་པོས་མ་བསླད་རང་གནས་ཀྱི། །ཅོག་བཞག་ཏིང་ངེ་འཛིན་ལ་བསླབ་པར་བྱ། །ཡུལ་དུ་མི་རྟོག་སེམས་སུ་མི་འཛིན་ཅིང༌། །རེ་དོགས་འབྱུང་འཇུག་ཡུལ་སེམས་མཉམ་པའི་ངང༌། །རང་རིགས་བསམ་གཏན་ཡུལ་ཐོག་འཆར་བ་གཉིས། །ཅེར་གྱིས་ངེས་བཟུང་གཏན་ལ་འབེབས་པ་འོ། །ཐམས་ཅད་གཞི་ཀློང་བྱང་ཆུབ་སེམས་ཀྱི་ངང༌། །ཐུགས་རྗེ་འཆར་ཚུལ་མ་འགགས་རོལ་བའི་རྩལ། །སྣ་ཚོགས་སྣང་བའི་ཆོས་ཀུན་བཟང་ངན་དང༌། །བླང་དོར་བྲལ་བ་ཆོས་ཉིད་ངང་དུ་འདུས། །ཐམས་ཅད་ཡེ་ནས་མཉམ་ཉིད་རང་གི་རིག །ཤར་དང་མི་ཤར་གནས་དང་མི་གནས་དང༌། །གྲོལ་དང་མ་གྲོལ་ཡེ་ནས་མི་དམིགས་སོ། །ཤར་གནས་གྲོལ་གསུམ་རང་གི་རིག་ཐོག་ལས། །གཞན་མེད་ཟང་ཀའི་རང་ས་ངོ་ཤེས་ཟིན། །ཤར་གནས་གྲོལ་གསུམ་རང་བྱུང་རིག་པར་བསྡམ། །ཆོས་རྣམས་རང་བཞིན་མེད་པར་ཡེ་ནས་བསྟོད། །སྐྱེ་འགགས་གནས་གསུམ་རྩ་བ་ཡེ་གྲོལ་དུ། །རང་བྱུང་རིག་པའི་ངང་དུ་འགགས་བསྡམ་པ། །ཤེས་པ་ཐུག་འཕྲད་སྣང་བ་ཐུག་འཕྲད་དུ། །ཤར་དུས་ཟང་ཀར་གཞི་མེད་རྩ་བྲལ་དུ། །མི་འགགས་མི་འཛིན་མི་དཔྱོད་རྗེན་པ་རུ། །ངོས་བཟུང་ངང་ལ་མ་ཡེངས་སྐྱོང་བ་འོ། །རྒྱུན་ཆད་མེད་པའི་རིག་རྩལ་མ་འགགས་པ། །ཤར་གནས་གྲོལ་གསུམ་ངང་ལས་མི་འདའ་བའི། །ཤར་གྲོལ་དུས་མཉམ་རྒྱུ་འབྲས་མ་ཟད་པར། །གཅེར་མཐོང་གྲོལ་བ་ཆེན་པོར་འགགས་བསྡམ་པ། །གང་ཤར་དེ་ལ་ཅེར་གྱིས་བཞག་པ་ཡི། །རྗེས་མེད་རང་ཡལ་རིག་པ་ངོས་བཟུང་ནས། །གནས་ཆ་ཞི་གནས་ཟང་ཐལ་རིག་པ་རུ། །ཁྱད་པར་འབྱེད་པ་གོལ་ས་མེད་པ་འོ། །གང་དུ་མ་གྲུབ་རིག་པ་ཀུན་ཏུ་བཟང༌། །སྟོང་གསལ་ཟང་ཐལ་རང་ངོ་ཟིན་པ་ལ། །མཐའ་གྲོལ་བསམ་བརྗོད་བྲལ་བར་འགགས་བསྡམ་པ། །མི་རྟོག་མི་བསམ་སྐྱེ་མེད་ངོས་བཟུང་ངོ༌། །བཟང་ངན་བླང་དོར་མེད་པར་མཉམ་པ་ཉིད། །གཞི་མེད་མཁའ་ལྟར་རྟོགས་པའི་བྱང་ཆུབ་སེམས། །རེ་དོགས་མཚན་མ་བྲལ་ལ་ཨ་རེ་སྐྱིད། །གེགས་དང་གོལ་ས་མེད་པས་ཉམས་རེ་དགའ། །ཐིག་ལེ་ཉག་གཅིག་ཆོས་སྐུ་བློ་བདེའི་ངང༌། །མ་བཅོས་རྣལ་བཞག་ཆོས་ཉིད་ཆེན་པོ་ལ། །གཅིག་གྲོལ་ཟང་ཀ་རྗེན་པར་འགགས་བསྡམ་པར། །རིག་པ་ཉག་གཅིག་ངོས་བཟུང་རྒྱ་ལས་གྲོལ། །རྨི་ལམ་འགྲོ་འདུག་སྣང་བ་ཐམས་ཅད་ཀུན། །གཉིད་ཀྱི་ངང་ལ་འགྲོ་འདུག་མེད་པ་ལྟར། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །རང་མལ་ཆོས་སྐུའི་ངང་ལས་མ་གཡོས་སོ། །སྨྲ་བརྗོད་ཐམས་ཅད་བརྗོད་མེད་རིག་པའི་ངང༌། །དྲན་རིག་བྱང་སེམས་གཞི་མེད་རྩ་བ་ལ། །སྐུ་གསུམ་ཞིང་ཁམས་རང་རིག་གཅིག་པུར་འདུས། །དྲན་བསམ་མེད་པའི་སེམས་ཉིད་ཆོས་ཀྱི་དབྱིངས། །འབྱུང་འཇུག་རེ་དོགས་བྲལ་བ་ཕྱམ་བདལ་ནས། །མཁའ་མཉམ་བསམ་བརྗོད་བྲལ་བར་འཆིངས་སུ་བཅང༌། །རིག་པའི་རང་བཞིན་འོད་གསལ་ཉི་ཟླ་ལྟར། །རང་གསལ་རྗེན་བུ་རྣམ་རྟོག་འཕྲོ་འདུ་མེད། །ས་ལེར་བཞག་པའི་གསལ་སྟོང་རིག་པར་འཆར། །འཆར་ཚུལ་མ་འགགས་འགྱུ་འཕྲོས་ཅི་ཤར་ཡང༌། །བཟང་ངན་མེད་པ་ཟང་ཐལ་རིག་པ་རུ། །ངོས་བཟུང་གང་ཤར་འཆར་དུ་འཇུག་པ་དེ། །ཤར་གྲོལ་རེ་མེད་རྗེན་པར་བཅིང་བ་འོ། །རྩལ་དང་རོལ་བ་འཆར་ཚུལ་མ་འགགས་པར། །མ་བཟུང་མ་བཏགས་འཆར་གཞི་ཟང་ཀ་མ། །ངོས་བཟུང་མ་ཡེངས་ངང་དུ་འཕྲང་བསལ་དེ། །ཟང་ཀ་ཐིག་ལེ་གཅིག་ཏུ་མ་གཡོས་པ། །ཟང་ཀའི་རང་ངོ་ཤེས་དང་མི་ཤེས་པས། །སྲིད་པའི་བསམ་གཏན་རང་རིག་བསམ་གཏན་འགྲུབ། །ངོ་བོ་མ་གཡོས་གཏད་སོའི་བསྒོམ་མེད་པ། །ངོ་བོ་བློ་འདས་འཕྲང་བསལ་དྲན་བསམ་དང༌། །ཡུལ་ཕྱིར་འཕྲོ་འདུ་ལས་འདས་འགགས་སུ་བཅིང༌། །ལྟ་སྒོམ་སྤྱོད་འབྲས་སྤྲོས་བྲལ་ཉག་གཅིག་ལ། །གང་ལྟར་བཏགས་ཀྱང་ཡོད་པའི་འཕྲང་བསལ་ཀྱང༌། །འཁོར་འདས་སྤང་ཐོབ་མེད་པ་ཉག་གཅིག་གོ །རང་གནས་ཟང་ཐལ་རྗེན་པའི་ས་བཟུང་ནས། །རྒྱ་གྲོལ་ཡངས་པ་ཆེན་པོར་དཔངས་བསྟོད་ནས། །ཐམས་ཅད་previous hit ཟངཐལ་ངང་དུ་ཐག་ཆོད་དེ། །དགོངས next hit་རང་གནས་ཏིང་འཛིན་ཅོག་བཞག་གོ །ངོ་བོ་བཟུང་མེད་རོལ་བ་ཅི་ཤར་ཡང༌། །མ་བཟུང་སྣང་བའི་རིག་པར་མ་གོས་ཏེ། །སྐྱེ་བའི་ཡུལ་མེད་འཛིན་པའི་ཆོས་མེད་ལ། །ལྷུན་མཉམ་ཀུན་བཟང་དགོངས་པའི་མཆོག་ཏུ་ཕྱིན། །ཉོན་མོངས་སྟོང་སྟེ་འཁྲུལ་མཁན་འཇུག་མཁན་མེད། །འཛིན་པའི་རྒྱ་གྲོལ་གཟུང་འཛིན་མཁར་ཡང་འགྱེལ། །གཟུང་འཛིན་ཡུལ་མེད་སངས་རྒྱས་ཉག་གཅིག་གོ །འཛིན་པའི་སེམས་འཁྲུལ་བྲལ་བ་སངས་རྒྱས་ཐུགས། །སེམས་སྣང་ལས་ཉོན་རྣམ་སྨིན་དཔག་མེད་ཀྱང༌། །སེམས་ཀྱི་རྫུན་རིས་རྫུན་ཕུག་ད་རྡིབ་བོ། །སེམས་དང་ཡེ་ཤེས་ཁྱད་པར་ཤིན་ཏུ་གལ། །རང་མལ་གནས་པའི་ཟང་ཐལ་རྗེན་པ་ནི། །རིག་པའི་ཆ་ཡིན་རྟོག་པ་མི་འཕྲོ་བ། །ཞི་གནས་ཆ་དེ་ཤིན་ཏུ་ཁྱད་པར་བྱེད། །རིག་པ་མེ་ལོང་རྩལ་ནི་དྭངས་གསལ་འདྲ། །རོལ་བ་གཟུགས་བརྙན་ལྟ་བུར་ཤར་བའི་དུས། །ཟང་ཐལ་རང་ངོ་ཟིན་པ་ཆོས་ཀྱི་སྐུ། །ཟང་ཀ་མ་རྟོགས་རྟོག་མེད་ལུང་མ་བསྟན། །ཀུན་གཞི་བསམ་གཏན་སྒྲུབ་པ་རྣམ་ཤེས་ཆ། །ཚོགས་དྲུག་ཡུལ་ལ་ཕར་འཕྲོ་སྲིད་ལས་བསགས། །སྤྲོས་བྲལ་ལས་དང་བག་ཆགས་ན་མ་ཡིན། །ཀུན་གཞི་སྲིད་པ་འཁོར་བའི་གཞི་རྟེན་ནོ། །སེམས་ཀྱི་ངོ་བོ་འཁྲུལ་བར་རྟོག་པ་འོ། །རིག་པ་ཟང་ཐལ་ངང་ལས་མ་གཡོས་པ། །སེམས་ལ་དག་དང་མ་དག་རྣམ་པ་གཉིས། །ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་ནི། །ཡུལ་ལ་ཇི་ལྟ་ཇི་སྙེད་རྣམ་གཉིས་སོ། །ཟང་ཐལ་ཆོས་སྐུའི་ངོ་བོ་རྒྱུ་འབྲས་ལས། །འདས་ཀྱང་རྒྱུ་འབྲས་གཏན་མེད་མི་འདོད་དོ། །སྲིད་པའི་རྒྱུ་འབྲས་རྨི་ལམ་འདྲ་བ་ཉིད། །དོན་མེད་བྱིས་པའི་བྱ་བ་ཇི་བཞིན་དུ། །རྟོགས་ནས་གཉུག་མའི་རང་བབས་མི་འདའ་བར། །ཉམས་སུ་ལེན་པ་འདུན་པའི་ཡང་རྩེ་ལགས། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་ཆོས་ཐམས་ཅད་དགོངས་པ་ཆོས་ཉིད་ལས་མི་གཡོ་བ་ལ་ལ་བཟླ་བའི་ལེའུ་སྟེ་བཅུ་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་རྐྱེན་སྣང་རང་གྲོལ་གྱིས་སྤྱོད་པ་ལ་ལ་བཟླ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།

༈ དེ་ལྟར་ཆོས་སྐུ་རང་མལ་ལེགས་ཟིན་ནས། །རང་སྣང་རང་གྲོལ་རང་བཞིན་རང་དག་དང༌། །རང་ཡལ་རང་གདངས་རང་བཞག་ཅོག་བཞག་དང༌། །མི་ལྟ་མི་བསྒོམ་མི་སྤྲོ་མི་བསྡུ་བཞག །མི་སྤོང་མི་སྦྱོང་མི་འགྱུར་མི་ལེན་ཞིང༌། །མི་ལྟ་མི་བསྒོམ་རིག་པ་ཟང་ཀ་མ། །ངོས་བཟུང་རིག་མདངས་མ་འགགས་ངང་ལ་སྐྱོངས། །རིག་སྟོང་ཟང་ཀར་མཐོང་བས་ཟང་ཀར་གྲོལ། །ངོ་བོ་ཡེ་དག་མཐོང་བ་ཡེ་ནས་གྲོལ། །རང་བཞག་ཐད་ཀར་བཞག་པས་རང་སར་གྲོལ། །སྣང་བ་ཅེར་གྱིས་ཡལ་བས་ཅེར་གྲོལ་དང༌། །མ་གྲོལ་གཞི་མེད་རྟོགས་པས་ཡོངས་གྲོལ་ལོ། །འཆར་དུས་གྲོལ་བར་སྐྱེས་པས་སྐད་ཅིག་གྲོལ། །ཀུན་ཀྱང་རང་གྲོལ་ཞེས་པའང་ཐ་སྙད་ཙམ། །གང་ལ་དགའ་བ་སྐྱེས་དུས་རིག་པའི་མདངས། །ཟང་ཐལ་ངོས་བཟུང་བབ་ལས་མ་གཡོས་བཞག །དགའ་ཆེན་རང་གྲོལ་རྣམ་གཟེར་ཟང་ཐལ་ལོ། །དེ་བཞིན་དགའ་དང་མི་དགའ་འཕྲོ་འདུའི་སེམས། །གང་ཤར་ངོས་བཟུང་སྤང་བླང་མི་བྱེད་པར། །འཕྲོ་འདུ་གཉིས་མེད་ཟང་ཐལ་ངང་དུ་གྲོལ། །མཚན་མོ་སེང་གེ་ཉལ་ལུགས་གཉིད་ཀྱི་དུས། །ཟང་ཀ་རྒྱ་ཡན་ངང་དུ་མ་ཡེངས་པར། །རླུང་སེམས་དབུ་མར་ཚུད་པའི་མི་རྟོག་དང༌། །རོ་གཅིག་འདྲེས་ཏེ་འོད་གསལ་ཁོར་ཡུག་དང༌། །གནས་པ་ཨ་ཏིའི་ཡང་ཟབ་གདམས་པའི་དོན། །ཉིན་དུས་ཤེས་པའི་རྩལ་སྣང་རོལ་བར་འཆར། །རང་བྱུང་ཡེ་ཤེས་ཕྱི་གསལ་ཕར་ཤར་ཉིད། །མཚན་དུས་རོལ་བའི་སྣང་ཞེན་རྩལ་ལ་ཐིམ། །རྩལ་རྣམས་གཞི་ཡི་འོད་གསལ་ལ་ཐིམ་པ། །གཉིད་ཀྱི་ཡེ་ཤེས་རང་བྱུང་ཞེས་བྱ་འོ། །དུག་གསུམ་འདོད་དང་མི་འདོད་ཤར་རོ་ཅོག །དབྱིངས་ལས་བྱུང་ཞིང་ངོས་བཟུང་དེར་བཞག་དུས། །རང་ཤར་རང་ཡལ་ངོ་བོ་ཡོད་མ་མྱོང༌། །ལས་ཀྱི་བག་ཆགས་གཉེན་པོ་ཐར་བའི་ལམ། །གཞི་ལ་ཡེ་གྲོལ་བཟང་ངན་བླང་དོར་མེད། །ཐེག་མཆོག་རྨད་དུ་བྱུང་བའི་ཡང་ཟབ་གནད། །སྐལ་མེད་སྐྱེ་བོ་རྣམས་ལ་གསང་རྒྱ་བཏབ། །ཟབ་མོའི་སྣོད་དུ་མ་གྱུར་སྐྱེ་བོ་ཕལ། །བློ་ཆུང་སྐྲག་ལྡང་དུས་མིན་གསང་སྒོ་འཆོལ། །གསང་བ་མ་སྲུང་སྨོད་པས་མནར་མེད་སྐྱེ། །གསང་བས་རང་གཞན་དོན་འགྲུབ་བསྟན་པ་གནས། །དེ་ཕྱིར་སྣོད་ཀྱི་ཆོས་ལ་ཞིབ་ཏུ་བརྟག །མཁས་ཤིང་བྱིན་རླབས་ཐུགས་རྗེ་རབ་ལྡན་པས། །འབྲེལ་ཚད་དོན་ལྡན་རྡོ་རྗེ་སློབ་དཔོན་གྱིས། །ལྟ་སྒོམ་སྤྱོད་འབྲས་སྟོན་པའི་སྣོད་གྱུར་པ། །སྐལ་བཟང་སློབ་མར་གསང་བའི་མན་ངག་གནད། །རྐྱེན་སྣང་རང་གྲོལ་ཅོག་བཞག་རིག་པའི་གནད། །ཐམས་ཅད་འཆིང་བ་རྣལ་དུ་འབྱོར་ལ་གྲོལ། །ཆུ་དང་རླབས་བཞིན་བདེ་སྡུག་བླང་དོར་དུ། །ཞེན་རྣམས་འཁྲུལ་དེ་རོ་མཉམ་བསྲེས་པ་འོ། །ཀུན་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་དང༌། །ཐམས་ཅད་ཡོད་མེད་སྣང་སྟོང་བདེན་འཛིན་ཀུན། །འཆིང་ཞེན་ཀུན་གྲོལ་མཉམ་ཉིད་དབྱིངས་སུ་གྲོལ། །སྐུ་གསུམ་གནད་ཟིན་འཁོར་འདས་གཉིས་མེད་པའི། །བདེ་བ་སངས་རྒྱས་ཀུན་གྱི་ཡང་སྙིང་ངོ༌། །རིག་པའི་ངོ་བོ་ལྟ་བ་རང་བཞིན་བསྒོམ། །ཐུགས་རྗེ་སྤྱོད་པ་དབྱེར་མེད་ལྷུན་གྲུབ་འབྲས། །ལྟ་སྒོམ་སྤྱོད་འབྲས་རྐྱེན་སྣང་མཁའ་ལྟར་དག །ཆོས་རྣམས་ཡེ་ནས་བདེ་ཆེན་ངང་དུ་གྲོལ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་རྐྱེན་སྣང་རང་གྲོལ་གྱིས་སྤྱོད་པ་ལ་ལ་བཟླ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འབྲས་བུ་རང་གྲོལ་ཆེན་པོ་ལ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།

༈ དེ་ལྟར་རྐྱེན་སྣང་ཡེ་ནས་དག་པ་ནི། །རང་ཆས་འབྲས་བུ་གྲུབ་ལ་རག་ལས་པས། །ཆོས་རྣམས་དོན་ལ་མ་གྲུབ་གཞིར་སྣང་གི །ཆོ་འཕྲུལ་ཙམ་དུ་ཡེ་ནས་གྲོལ་བ་འོ། །ཡེ་གྲོལ་སྣང་དང་སྟོང་བའི་ཆོས་ཉིད་དེ། །རང་བཞིན་བདེན་མེད་ཆ་ལ་མིང་བཏགས་ཙམ། །འཁོར་འདས་ཡེ་གྲོལ་ལྷུན་གྲུབ་གཞི་ལ་གྲོལ། །སྣང་སྲིད་ཡེ་གྲོལ་བྱང་ཆུབ་གཞི་ལ་གྲོལ། །སྤྲོས་དང་སྤྲོས་མེད་སྐྱེ་བ་མེད་པ་འོ། །བདེ་སྡུག་དག་མཉམ་གཞི་མེད་ཡེ་ནས་གྲོལ། །ས་ལམ་ལྟ་སྒོམ་སྤྱོད་འབྲས་རིག་པའི་ངང༌། །བྱ་བྱེད་ཡེ་གྲོལ་ཆེན་པོ་རྟོགས་པར་བྱ། །ཆོས་སྐུ་རང་གནས་རྩོལ་སྒྲུབ་མེད་པ་ལ། །ལྟ་སྒོམ་སྤྱོད་འབྲས་ལ་སོགས་སྒྲུབ་པའི་ཕྱིར། །རང་བཞིན་དག་མཉམ་ཆེན་པོར་གཏན་ལ་བབས། །འཁོར་བའི་རྩ་བ་གཟུང་འཛིན་མ་སྤངས་པར། །ཅོག་བཞག་སྤྲོས་བྲལ་ཆེན་པོ་རྗེན་པར་བཞག །སྤང་བྱར་རང་ལོག་གཉེན་པོ་རང་གྲོལ་བ། །ཀུན་བཏགས་འཁོར་བའི་རྩ་བ་སྟོང་བའི་དུས། །ལྡོག་ཆ་མྱ་ངན་འདས་ཀྱང་དམིགས་མེད་དོ། །ཡོད་མེད་རྟག་ཆད་ཡང་དག་ཡང་དག་ནི། །ལས་ཉོན་བག་ཆགས་རྣམ་སྨིན་ཡེ་གྲོལ་ལོ། །སྤང་བླང་གྲོལ་དང་མ་གྲོལ་གློད་པ་དང༌། །ཅོག་བཞག་ཡེ་གྲོལ་གྲོལ་རྒྱུ་མེད་པར་གྲོལ། །དེ་ལྟར་རང་གྲོལ་རིག་པ་ཟང་ཐལ་ལོ། །མ་ལྟ་མ་བསྒོམ་མ་བཅོས་མ་བསྒྲུབ་པར། །མ་སྤངས་མ་ལེན་མ་བཅིང་རང་གྲོལ་ལོ། །འཁྲུལ་དང་མ་འཁྲུལ་ཀུན་ལས་འདས་པའི་དོན། །སྙིང་པོ་ངོ་བོ་རང་བཞིན་ཐིག་ལེ་གསུམ། །ལྟ་བ་བཞག་ཐབས་ཕྱི་ཡི་སྣང་བ་དང༌། །ནང་འགྱུར་གསང་བ་རིག་པ་ཅོག་བཞག་གོ །སྤྱོད་པ་ཆགས་མེད་སྣང་བ་ཅེར་གྲོལ་དང༌། །འགྱུ་བ་རང་གྲོལ་རིག་པ་ཡེ་གྲོལ་ལོ། །ཡེ་བབས་ཅིག་ཆོད་ཕྱི་ཡི་སྣང་བ་དང༌། །ནང་གི་ཤེས་པ་གསང་བ་རིག་པ་དང༌། །གནས་ལུགས་གཞི་ལ་དྲན་བསམ་རྟེན་བྲལ་ལོ། །གསང་བཅུད་གནས་དུས་འགྱུ་བའི་རང་གི་རིག །ཟང་ཐལ་ངོས་བཟུང་རྟོགས་པ་རང་གྲོལ་ལོ། །རང་བབས་སྐྱེལ་བ་ཀ་དག་རྗེན་པ་འོ། །རིག་པ་ལྷུན་གྲུབ་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་རྟག་ཆད་འདས་པ་འོ། །འབྲས་བུ་ལྷུན་གྲུབ་སྟོང་གསལ་འགགས་མེད་དོ། །ཐུགས་འཕྲད་དུག་ལྔ་རང་གྲོལ་ངོ་བོ་འོ། །སྟོང་གསལ་དགོངས་པའི་གདེངས་དྲུག་ཡེ་སྟོང་བར། །སྤྲོ་བསྡུ་མེད་དང་རང་སྟོང་རང་སར་བཞག །གསལ་སྟོང་ཡུལ་སྣང་མི་འགགས་ངོ་སྟོང་བས། །རང་ལས་མི་གཡོ་ཡོངས་སྟོང་མཚན་མི་འཛིན། །མེད་སྟོང་རིག་པའི་དྭངས་མ་མ་འགགས་སོ། །སྐྱེལ་ས་ཡོད་མེད་སྣང་སྟོང་འཁོར་འདས་དང༌། །བཅིང་གྲོལ་ཆོས་ཟད་མིང་མེད་ལ་བཟླ་འོ། །སྣང་བ་སྐུ་དང་གྲག་པ་གསུང་དང་ནི། །དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་རྣམ་གསུམ་མོ། །ཟང་ཐལ་ཆོས་ཟད་ཆེན་པོའི་རང་གཤིས་སུ། །སྣང་སྲིད་འཁོར་འདས་ཆོས་རྣམས་བདེན་མེད་དུ། །ཕྱམ་ལོག་ཡུལ་མེད་མཁའ་ལྟར་དག་མཉམ་གཅིག །བཅོས་མའི་མཐའ་བྲལ་་གདེང་འཆའི་ལྟ་བ་ལོག །གཏད་མེད་ཕྱོགས་བྲལ་རིག་པ་མཚན་བརྗོད་འདས། །སེམས་འཛིན་ཞི་ལྷག་རང་གྲོལ་རང་བབས་ཀྱི། །ལྷུན་གྲུབ་དགོངས་པར་བར་མཚམས་རེ་དོགས་མེད། །གྲོལ་ཤོར་འཕྲང་བསལ་ཡེ་ཤེས་རྗེན་པར་བུད། །གྲོལ་འཁྲུལ་ཆོས་སྐུ་འདྲེས་པས་ཅི་ཞིག་བྱ། །ཕན་གནོད་བདེ་སྡུག་ལ་སོགས་གད་མོའི་གནས། །སྣང་བ་ངོ་མཚར་རང་གྲོལ་རང་མལ་བདེ། །ཆོས་ཉིད་རང་སྣང་རོལ་བར་ལྷུན་གྲུབ་པའི། །གཏན་འཛིན་འཁྲུལ་བ་སྟོང་བའི་ཕྱལ་ཡས་དང༌། །འཁོར་འདས་ཆོས་ཀུན་གདོད་མའི་དབྱིངས་སུ་སངས། །ཆོས་ཀུན་གདོད་ནས་མ་སྐྱེས་གནས་པ་མེད། །འགགས་མེད་སྲིད་པ་གསུམ་གྱིས་བསྡུས་པ་འོ། །ཕྱོགས་མེད་ཕྱོགས་སུ་འཛིན་པས་རང་བསླད་ནས། །འཁྲུལ་མེད་འཁྲུལ་བར་འཛིན་པ་ཨ་རེ་འཁྲུལ། །འཁྲུལ་གྲོལ་བཅིང་གྲོལ་མང་གྲོལ་ཆོས་ཉིད་དང༌། །ཕྱམ་གདལ་ཞེན་འཛིན་དགག་སྒྲུབ་ཐོང་ལ་ཞོག །དེ་ལྟར་རང་གྲོལ་རང་ངོ་མ་ཤེས་པར། །ཁྱིམ་གནས་གླང་པོ་གཞན་དུ་རྩད་གཅོད་ལྟར། །གཉེན་པོ་གཞན་ནས་འཚོལ་རྣམས་ཨ་ཐང་ཆད། །ཆོས་ཀུན་ཉག་གཅིག་སྤྲོས་བྲལ་རྗེན་པ་ལ། །གཟུང་འཛིན་ཕྱོགས་སུ་ཞེན་པ་བར་ཆད་བདུད། །ཕྱོགས་མེད་ལྷུན་གྲུབ་མཁའ་ལྟར་ཤེས་པར་བྱོས། །ཕུང་བོ་འཆི་བདག་ཉོན་མོངས་ལྷའི་བུའི་བདུད། །དབྱེ་ན་ཉེར་བརྒྱད་རྣམ་འཕྲུལ་བསམ་མི་ཁྱབ། །རྟོག་མཐའ་ལས་ཀྱི་བྱེ་བྲག་ཉོན་མོངས་ཚོགས། །བསྡུ་ན་རྣམ་པར་རྟོག་པ་གཅིག་པུ་འོ། །སྣང་གྲག་ཅི་ཤར་དབྱེ་བསལ་མེད་པའི་ཀློང༌། །ཡེ་གྲོལ་མཉམ་པ་ཉིད་དུ་ལ་ཟློས་ཤིག །འཆར་གཞི་གནས་པའི་ཆ་ནས་དབྱིངས་ཞེས་བྱ། །ལྷུན་གྲུབ་ཡོན་ཏན་སྟོན་པའི་གཞི་དང་ནི། །རང་བྱུང་དབྱེ་བསལ་མེད་པས་ཀློང་དུ་བརྗོད། །ཀུན་གྱི་སྙིང་པོར་གྱུར་པའི་བྱང་ཆུབ་སེམས། །རང་བཞིན་ཟང་ཐལ་དག་པའི་རང་རྩལ་ལས། །དག་དང་མ་དག་སྣང་བ་ཅི་ཤར་ཡང༌། །རང་བྱུང་ཆོས་ཀྱི་དབྱིངས་ལས་མ་གཡོས་སོ། །ངོ་བོ་ཀ་དག་ཆོས་རྣམས་རང་གྲོལ་ངང༌། །དབྱེ་བསལ་འདུ་འབྲལ་མེད་པར་ཀློང་དུ་གྲོལ། །འཆར་རིག་ངེས་མེད་སྣང་སྟོང་ཆོས་ལས་གྲོལ། །ཡེ་གྲོལ་མ་རྟོགས་ཡིད་དཔྱོད་གདེང་བཅས་ནས། །གནས་ལུགས་རྟོགས་པར་སྨྲ་བ་ཤིན་ཏུ་སྨད། །ཐམས་ཅད་མ་སྐྱེས་ངོ་བོ་གཅིག་ཏུ་གྲོལ། །རྟག་པ་ལྷུན་གྲུབ་གནས་ལུགས་ངང་དུ་གྲོལ། །ཀུན་ཀྱང་མཉམ་ཉིད་ཡེ་ཤེས་ངང་དུ་གྲོལ། །རྟོགས་ལུགས་ཟང་ཐལ་གྲོལ་ལུགས་ཀ་དག་སངས། །ཐོབ་ལུགས་རང་གི་མལ་དུ་གནས་པ་འོ། །སྣ་ཚོགས་ཕྱོགས་མེད་ཤར་བའི་ཆོས་རྣམས་ཀུན། །རང་བྱུང་རང་སྟོང་རང་སར་གྲོལ་བ་འོ། །མི་གཡོ་སྟོང་གསལ་རང་བྱུང་འོད་གསལ་བ། །ཟང་ཐལ་སྐྱེ་མེད་ངང་དུ་ཆོས་ཀུན་གྲོལ། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འབྲས་བུ་རང་གྲོལ་ཆེན་པོ་ལ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།

།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འབྲས་བུ་ལྷུན་གྲུབ་ཀུན་ཏུ་གཟིགས་པའི་ཞིང་ཁམས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།

༈ དེ་ལྟར་ལྟ་བསྒོམ་སྤྱོད་པའི་འབྲས་བུ་ལ། །རང་གྲོལ་ལྷུན་གྲུབ་ཆེན་པོར་ལ་བཟླ་བས། །རང་གནས་སྐུ་གསུམ་དཀྱིལ་འཁོར་མངོན་གྱུར་ཏེ། །ཚད་མེད་འགྲོ་བའི་ཁམས་བཞིན་གསང་གསུམ་གར། །ངོ་བོ་འཕོ་འགྱུར་མེད་པ་འདུས་མ་བྱས། །གློ་བུར་དྲི་བྲལ་དག་པ་གཉིས་ལྡན་བཅས། །རྒྱལ་ཀུན་ཟག་མེད་previous hit དགོངས་རོ་གཅིག་། །མི་འགྱུར་རྡོ་རྗེ་འོད་ལྔ་ནང་གསལ་ཚུལ། །ཡེ་ནས་ཟངཐལ ་ཉག་གཅིག་ཆོས་སྐུའི་ཀློང༌། །སྐུ་དང་ཡེ་ཤེས་ལྷུན་གྲུབ་ཡོན་ཏན་ཆ། །གདོད་ནས་རང་བྱུང་མངོན་པར་བྱང་ཆུབ་པར། །ཡེ་ཤེས་སྣང་བ་དམ་པའི་མཆོག་སྦྱིན་དཔལ། །རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན། །ཟག་མེད་ནམ་མཁའི་དབྱིངས་ཁྱབ་འོད་ལྔའི་མདངས། །གྲངས་མེད་ཞིང་ཁམས་སྐུ་ཡི་བཀོད་པ་གསལ། །ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང༌། །དེས་སྤྲུལ་མངོན་པར་དགའ་སོགས་ཞིང་ཁམས་ལྔ། །རྡོར་སེམས་ལ་སོགས་བྱེད་སྤྲུལ་ལོངས་སྐུ་ལྔ། །ཞི་ཁྲོའི་ལྷ་ཚོགས་གྲངས་མེད་རོལ་གར་རྩེན། །གཞན་ཡང་མཆོག་གི་སྤྲུལ་དང་སྐྱེ་བའི་སྤྲུལ། །བཟོ་བོའི་སྤྲུལ་སྐུ་གང་ལ་གང་འདུལ་གྱིས། །རྣམ་རོལ་དཔག་མེད་གདུལ་བྱའི་ཁམས་བཞིན་ཁྱབ། །རང་སྣང་མཚན་རྫོགས་དཔེ་བྱད་རྒྱན་གྱིས་སྤྲས། །ཡན་ལག་དྲུག་ཅུའི་གསུང་དབྱངས་རྒྱུན་མི་ཆད། །རྣམ་རྟོག་མི་མངའ་ཆོས་ཀུན་ས་ལེར་མཁྱེན། །ཕྲིན་ལས་ཆོས་ཀྱི་དབྱིངས་དང་རྣམ་པར་མཉམ། །མཁྱེན་བརྩེ་ནུས་པའི་བདག་ཉིད་གངས་ཆེན་མཚོ། །གདོད་ནས་ལྷན་སྐྱེས་རང་ལ་འདུ་འབྲལ་མེད། །འབད་རྩོལ་བྱས་པའི་ཆོས་ཀྱིས་མི་མཐོང་བའི། །རང་བབས་ཅོག་བཞག་ཆེན་པོའི་ཏིང་འཛིན་ངང༌། །ལྷུན་མཉམ་ཡངས་པ་ཆེན་པོར་ཕྱམ་བདལ་ནས། །ཚེ་འདིར་གོ་འཕང་མཆོག་དེ་རྙེད་པར་འགྱུར། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འབྲས་བུ་ལྷུན་གྲུབ་ཀུན་ཏུ་གཟིགས་པའི་ཞིང་ཁམས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།

མཛད་བྱང།

༈ དེ་ལྟར་ཤིན་ཏུ་ཡང་ཟབ་ཆོས་ཀྱི་དོན། །མཁྱེན་གཏེར་མི་ཡི་རྣམ་རོལ་ཤིང་རྟ་ཆེ། །ཀློང་ཆེན་རབ་འབྱམས་དགོངས་དོན་གསལ་ཕྱིར་དང༌། །ཚུལ་འདི་ཡུན་དུ་གནས་པར་བྱ་བའི་ཕྱིར། །ཀློང་ཆེན་དགོངས་པའི་གནད་ལ་མི་འཇིགས་པའི། །ཐོས་བསམ་བསྒོམ་པའི་བག་ཆགས་མཐུ་བརྟས་པའི། །སྐལ་བཟང་སྐྱེས་བུ་ཡོངས་ཀྱི་སྤྱི་ནོར་དུ། །སྤེལ་འདོད་འདུན་པ་དྲག་པོས་སྟར་ཆགས་སུ། །བསྟན་པའི་གསལ་བྱེད་མཆོག་གི་སྤྲུལ་པའི་སྐུ། །ཀུན་བཟང་བཞད་པའི་རྡོ་རྗེས་ནན་བསྐུལ་དང༌། །གཞན་ཡང་མཆོག་དམན་དུ་མས་མང་དུ་སྨྲས། །ཉེ་ཆར་རང་སློབ་ལམ་འདིའི་རིག་པ་འཛིན། །ཀུན་བཟང་རང་གྲོལ་རྡོ་རྗེ་ཞེས་བྱ་དེས། །ནན་ཏན་བསྐུལ་བ་དོན་ཡོད་བྱ་བའི་ཕྱིར། །ལམ་འདིར་སྨྲ་བའི་དོན་ལ་མི་ཞུམ་པའི། །རིག་འཛིན་འཇམ་དཔལ་རོལ་བའི་བློ་གྲོས་སམ། །མཁའ་ཀློང་ཡངས་པ་རྩལ་དུ་འབོད་པ་དེས། །བླ་མ་དང་ནི་རྗེ་བཙུན་མཁྱེན་པའི་གཏེར། །དབྱེར་མེད་ཐུགས་རྒྱུད་བསྲེས་པའི་མཉམ་བཞག་ངང༌། །སྣང་ཆ་གང་ཤར་རབ་བྱུང་བཅོ་ལྔ་པའི། །ས་རྟའི་ནག་ཟླའི་ཡར་ངོས་ཚེས་བཅུའི་དུས། །དབུ་བརྩམས་ཆུ་ཤེལ་དཀྱིལ་འཁོར་ཡོངས་རྫོགས་དུས། །འགྲུབ་པར་བགྱིས་ལ་ནོངས་པ་བླ་མར་བཤགས། །དགེ་བས་འགྲོ་ཀུན་རང་རིག་འཇམ་དཔལ་དབྱངས། །མངོན་དུ་གྱུར་ནས་ཟག་མེད་ཆོས་ཀྱི་དབྱིངས། །བདེ་སྟོང་ཡེ་ཤེས་མཆོག་གི་ལོངས་སྤྱོད་ལ། །རྣམ་ཀུན་སྤྱོད་པའི་དཔལ་ལ་དབང་གྱུར་ཅིག །རྫོགས་པ་ཆེན་པོ་འཇམ་དཔལ་༧ཐུགས་ཏིག་ཅེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་སྦྱར་བ་རྫོགས་སོ། །དགེའོ། །བཀྲ་ཤིས།


no previous༄༅། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ་བཞུགས་སོ། །no next