Nitartha Digital Library
Tibetan
 
no previousདྲི་བ་སྣ་ཚོགས་པའི་ལན་རིམ་པར་སྤེལ་བ་རིན་ཆེན་ཕྲེང་བ། གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ། next

དྲི་བ་སྣ་ཚོགས་པའི་ལན་རིམ་པར་སྤེལ་བ་རིན་ཆེན་ཕྲེང་བ། གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ།

སངས་རྒྱས་ལ་མ་དག་པའི་སྣང་བ་ཡོད་མེད་སོགས།


MLP013_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་སྣ་ཚོགས་པའི་ལན་རིམ་པར་སྤེལ་བ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ།


MLP013_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་སྣ་ཚོགས་པའི་ལན་རིམ་པར་སྤེལ་བ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །མ་དག་པའི་སྣང་བ་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་དག་པ་མ་ཡིན་ཡང་སེམས་ཅན་གྱི་མ་དག་པའི་འཁྲུལ་སྣང་སངས་རྒྱས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྣང་ཞིང་གཟིགས་ཏེ། དཔེར་ན་ཆུ་ལ་རིགས་དྲུག་གི་འཁྲུལ་སྣང་དྲུག་ཇི་ལྟར་སོ་སོར་སྣང་བ་ལྟར་ཡང་གཟིགས་ལ། དེ་རྣམས་མ་དག་པ་འཁྲུལ་པའི་སྣང་བ་ཡིན་པར་ཡང་གཟིགས་ཤིང་། སྣང་བ་ལྟར་མ་གྲུབ་པ་ཡང་གཟིགས་སོ། །མདོར་ན་སོ་སོའི་སྐྱེ་བོ་རྣམས་ཀྱི་མ་དག་པའི་སྣང་བ་དང་། འཕགས་པ་རྣམས་ཀྱི་མ་དག་དག་པ་གཉིས་ལྡན་གྱི་སྣང་བ་དང་། ཤིན་ཏུ་རྣམ་པར་དག་པའི་སྣང་བ་ཐམས་ཅད་སོ་སོར་མཁྱེན་ཅིང་གཟིགས་པས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཞེས་བྱ་ཡི། མ་དག་པ་མི་སྣང་ན་དེ་ཇི་ལྟར་གཟིགས། མ་གཟིགས་ན་ནི་མཁྱེན་པར་མི་རུང་ལ། དག་པའི་སྣང་བ་ཁོ་ན་མཁྱེན་ཅིང་གཟིགས་པ་ཙམ་ལ། ཤེས་བྱ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཞེས་བྱ་བར་ཇི་ལྟར་རུང་། གལ་ཏེ་མ་དག་པ་ཐམས་ཅད་སངས་རྒྱས་ལ་མི་སྣང་ཞིང་མ་གཟིགས་ན་ནི་གདུལ་བར་བྱ་བའི་སེམས་ཅན་ཡང་མི་སྣང་ཞིང་མ་གཟིགས་པ་དང་། འདུལ་བར་བྱེད་པའི་ཆོས་སྟོན་པ་ཡང་མི་སྣང་ཞིང་མ་གཟིགས་པར་འགྱུར་ལ། གདུལ་བྱ་གཞན་སྣང་སངས་རྒྱས་ལ་མི་སྣང་ན་ནི་གཟུགས་སྐུ་གཉིས་དང་ཞིང་སོགས་ཀྱང་། གདུལ་བྱའི་སྣང་བ་ཡིན་པས་སངས་རྒྱས་ཀྱི་ཞིང་དང་གཟུགས་སྐུ་གཉིས་དང་མཛད་པ་ཕྲིན་ལས་སོགས་ཀྱང་སངས་རྒྱས་ལ་མི་སྣང་ཞིང་མ་གཟིགས་པར་འདོད་དགོས་པར་འགྱུར་རོ། །གཞན་ཡང་སངས་རྒྱས་ལ་རང་སྣང་ཁོ་ན་མ་གཏོགས་གཞན་
སྣང་གང་ཡང་མི་སྣང་ཞིང་མ་གཟིགས་ལ་མི་མཁྱེན་པར་འདོད་དགོས་པར་འགྱུར་ཞིང་། གཞན་ཡང་གནས་དང་གནས་མ་ཡིན་པ་མཁྱེན་པ་སོགས་ཀྱང་ཡུལ་སྣང་བ་མེད་པའི་མཁྱེན་པར་ཐལ་བར་འགྱུར་རོ། །འོ་ན་སངས་རྒྱས་ལ་མ་དག་པ་སྣང་ན་འཁྲུལ་སྣང་ཡོད་པར་འགྱུར་རོ་ཞེ་ན། སངས་རྒྱས་ཀྱིས་ཤེས་བྱ་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་འཁྲུལ་པའི་སྣང་བ་ལ་གང་སྣང་བ་དང་། ཇི་ལྟར་འཁྲུལ་པ་དང་། དེ་སེལ་བའི་ཐབས་རྣམས་ཀྱང་སྒྲིབ་མེད་དུ་གཟིགས་པ་ནི་འཁྲུལ་པ་མེད་པར་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་འབད་པས་བསྒྲུབས་པའི་སྤྱན་དེས་གཟིགས་ཤིང་སྣང་བ་ཡིན་གྱི། འཁྲུལ་ནས་སྣང་བ་ནི་མ་ཡིན་ནོ། །སངས་རྒྱས་ཀྱིས་ཤེས་བྱ་ཇི་ལྟར་མཁྱེན་ཚུལ་ནི་ཆོས་ཀྱི་དབྱིངས་དང་ཡེ་ཤེས་དབྱེར་མེད་ལ་ཆོས་དབྱིངས་ནི་ཆོས་ཅན་ཐམས་ཅད་དང་དབྱེར་མེད་ཀྱང་། ཆོས་ཅན་ལ་ཐ་དད་པའི་དབྱེ་བ་ཡོད་ལ་དཔེར་ན་མེ་ལོང་ལ་གཟུགས་བརྙན་མེད་ཀྱང་འཆར་ལ། དབྱེར་མེད་བཞིན་དུ་སྐྱེ་འགག་སོགས་ཐ་དད་པ་བཞིན་ཡུལ་ཆོས་ཅན་ཤེས་བྱ་ཐམས་ཅད་དང་། ཡུལ་ཅན་ཆོས་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་གཉིས་ཐ་མི་དད་ཀྱང་། ཆོས་དབྱིངས་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་ཅིང་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་མཁྱེན་ཏེ། དཔེར་ན། སེམས་ཅན་གྱི་དུས་སུ་སྣང་སེམས་གནས་ཚུལ་ལ་ཐ་མི་དད་ཀྱང་སྣང་ཚུལ་ལ་ཐ་དད་པ་བཞིན་སྙམ་སྟེ་ཚུལ་འདི་ཉིད་ལས་འཕྲོས་པའི་འབེལ་གཏམ་ཅུང་ཟད་བྱུང་བའི་ཚེ་བཛྲཱ་ཀྵ་རས་བྲིས་པའོ། །

མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་ལན་དུ་ཕུལ་བ།


MLP013_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་ལན་དུ། སྤྱིར་དགེ་བ་ལ་དམན་མཆོག་གི་དབང་དུ་བྱས་ན། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐམས་ཅད་ནི་རྣམ་པ་ཅི་ལྟར་ཡང་ཟག་མེད་དམ་འཇིག་རྟེན་ལས་འདས་པའི་དགེ་བ་དང་། དེས་མ་ཟིན་པའི་དགེ་བ་རྣམས་ཅི་ལྟར་སྣང་ཡང་ཟག་བཅས་སམ་འཇིག་རྟེན་པའི་དགེ་བ་ཞེས་བྱ་སྟེ། ཡུམ་ལས། སྦྱིན་པ་ནི་འཇིག་རྟེན་པ་ལའང་ཡོད། འཇིག་རྟེན་ལས་འདས་པ་ལའང་ཡོད་དོ། །དེ་ཡང་


MLP013_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་སྦྱིན་པ་གང་ཞེ་ན། གང་སྦྱིན་པ་བྱིན་པས་འཇིག་རྟེན་ལས་མི་འཕགས་མི་འདའ་ན་འཇིག་རྟེན་པའི་སྦྱིན་པ་ཞེས་བྱའོ། །གང་སྦྱིན་པ་བྱིན་པས་འཇིག་རྟེན་ལས་གཡོ། འཕགས། འདའ་ན། འཇིག་རྟེན་ལས་འདས་པའི་སྦྱིན་པ་ཞེས་བྱའོ། །ཞེས་སོགས་གསུངས་པས་དེ་ལྟ་བུའི་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐར་པ་ཆ་མཐུན་རྣམས་རྫོགས་ཆེན་པས་ཀྱང་ཐུན་མཚམས་ཀྱི་བྱ་བ་ཉིད་དུ་བླང་བྱ་ཡིན་ཞིང་། ཁྱད་པར་གྱི་དབང་དུ་བྱས་ནས་མཉམ་བཞག་གི་དོན་ཟབ་མོ་ལ་འཇོག་པའི་ཚེ་ན་བཟང་རྟོག་ངན་རྟོག་གཉིས་ཀ་བྱར་མེད་སྤྲོས་བྲལ་གྱི་དོན་ལ་སྒྲིབ་པ་ཡིན་པས་དོར་བར་གསུངས་པ་སྟེ་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་ནང་ཚན་ནོར་བུ་ཕྲ་བཀོད་ལས། བྱ་བ་མི་བྱ་བྱེད་པ་སྤང་། །སྒྲུབ་པ་མི་བྱ་སྔགས་མི་བཟླ། །ཆོས་ལ་མི་དཔྱད་དྲན་པ་དོར། །ཡིད་ལ་རྟོག་པ་རྣམས་སྤངས་ཏེ། །རང་སྣང་གཅིག་ལས་མེད་པར་གསུངས། །ཞེས་པ་དང་། སྙིང་ཐིག་འདས་རྗེས་ལས། གནས་བརྟན་གྲོལ་བའི་གདེངས་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པས། དེ་ཡང་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ལ་གདེངས་ཐོབ་ནས། ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ། ཞེས་པའི་གྲངས་ཀྱི་ངོས་འཛིན་ནི། སྙིང་ཐིག་ཐོད་རྒལ་གྱི་དོན་ཁྲིད་ལས། དང་པོ་ལུས་ཀྱི་བྱ་བ་ཕྱི་ནང་གསང་གསུམ་ནི། ཕྱིའི་བྱ་བ་འཇིག་རྟེན་གྱི་བྱ་བ་མཐའ་དག་བཏང་། ནང་ཆོས་སྤྱོད་ཀྱི་བྱ་བ་བཏང་། གསང་བ་གཅིག་པུར་སྡོད་པའོ། །ངག་གི་ཕྱིའི་བྱ་བ་འཇིག་རྟེན་གྱི་གཏམ་ཐམས་ཅད་སྤང་། ནང་ཆོས་སྤྱོད་བཟླས་བརྗོད་ཐམས་ཅད་བཏང་། གསང་བ་ལྐུག་པ་ལྟར་གནས་པའོ། །ཡིད་ཀྱི་ཕྱིའི་བྱ་བ་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད་སྤང་། ནང་ཆོས་སྤྱོད་ཀྱི་རྟོག་པ་ཐམས་ཅད་སྤང་། གསང་བ་སྔ་ཕྱིའི་བསམ་མནོ་ཐམས་ཅད་སྤང་ངོ་། །དགོས་པ་ནི་གནས་སྐབས་སུ་བྱ་བ་ཐོངས་པ་དང་སྒོ་གསུམ་འཁྲུལ་པའི་ཕྱིར་མི་འབྲང་། མཐར་ཐུག་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་མྱུར་དུ་འཆར་བའི་དགོས་པ་ཡོད་དོ། །ཞེས་གསུངས་པ་དང་། དེར་མ་ཟད་ངེས་དོན་ཟབ་མོའི་གནས་ལུགས་སྟོན་པའི་སྐབས་སུ་གསར་རྙིང་ཐམས་ཅད་དགོངས་པ་མཐུན་ཏེ། བརྟག་གཉིས་ལས། སྒོམ་མེད་སྒོམ་


MLP013_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། དོ་ཧ་སོགས་བྱར་མེད་ཀྱི་དོན་གཙོ་བོར་སྟོན་པའི་བསྟན་བཅོས་རྣམས་ནས་ཀྱང་རྒྱས་པར་གསུངས་པ་དང་། དམ་པ་སངས་རྒྱས་ལ། དམ་པ་ཀུན་དགས་རྫོགས་ཆེན་རྒྱུ་འབྲས་ལས་འདས་ཟེར་བ་བདེན་ནམ་ཞུས་པས་ལན་དུ། རྫོགས་ན་བདེན་གསུངས་པ་སོགས་དགོངས་པའི་གཞི་གཅིག་པ་ཁོ་ན་ལགས། བསྐོར་བ་སོགས་ཐུན་མོང་གི་ཆོས་སྤྱོད་འདི་དག་ནི་ཚེ་རབས་འདིར་ལྟ་བ་དངོས་སུ་རྟོགས་པའི་མཐུ་མེད་ན་ཚེ་རབས་ཕྱི་མ་རྣམས་སུ་རྟོགས་པའི་ཐབས་ལ་རྟེན་འབྲེལ་སྙིང་པོའི་གཟུངས་མཆོད་རྟེན་དུ་བཅུག་ནས་རྟེན་འབྲེལ་སྙིང་པོ་བཟླ་བཞིན་དུ་བསྐོར་བ་བྱ་ཞིང་སྨོན་ལམ་གདབ་པར་བྱའོ་ཞེས་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་རྣམས་གསུང་ཞིང་། དེའི་ཁུངས་རྒྱལ་པོ་ཛཿས་མཛད་པའི་སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། དེ་མིན་རྒྱུ་ཙམ་གསོག་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཉིད་དོན་རྣམས་རྟོགས་འགྱུར་ཏེ། །ཞེས་པ་འདི་ཡིན་གསུངས་ཤིང་། འཇམ་དཔལ་བཤེས་གཉེན་གྱི་དྲང་དོན་རྣམ་པར་བཀོད་པའི་འགྲེལ་པ་བི་མ་ལས་མཛད་པར། ཁྱད་པར་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རྟེན་རིས་སུ་བྲིས་པ་དང་། འབུར་དུ་བཏོད་པ་དང་། ལུགས་སུ་བླུག་པ་ལ་སོགས་དང་། གསུང་གི་རྟེན་པུསྟི་གླེགས་བམ་རྣམས་དང་། ཐུགས་ཀྱི་རྟེན་རྡོ་རྗེ་དྲིལ་བུ་ལ་སོགས་པ་དང་། ཁྱད་པར་དུ་སྐུ་གསུང་ཐུགས་འདུས་པའི་རྟེན་རང་གི་བླ་མ་ལ་ལུས་མི་དལ་བའི་ཕྱག་བྱ་བ་དང་། བསྐོར་བ་དང་། བླ་མའི་བྱ་བ་ཇི་ལྟར་རིགས་པ་རང་གི་ཆོས་སུ་འགྲོ་བས་བཟུང་ཞིང་། དེ་ཉིད་ལས་མི་འདའ་བར་བྱའོ། །ཞེས་གསུངས་པ་དང་། སངས་རྒྱས་གླིང་པའི་ཐུགས་རྗེ་ཆེན་པོ་ན་བསྐོར་བའི་རྒྱུ་མཚན་ཞིག་ཡོད་ཚོད་ཡིན་ཡང་འདིར་དཔེ་མེད་པས་འབུལ་རྒྱུ་མ་བྱུང་ལགས་པ་དང་། མདོ་མང་ཁྲོད་དུ་མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ཞེས་པའི་མདོ་ཆུང་ཞིག་འདུག་པ་ནི་དགོངས་པར་མངའ་བས་མ་ཕུལ་བ་ལགས། བསླབ་བཏུས་ལས། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པས་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་


MLP013_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། །ཞེས་དང་། མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟེན་ཅིང་མཐུ་བརྟེན་པ། །བརྟེན་ཅིང་རྣམ་པར་མཆོག་བརྟེན་དང་། །དེ་ནི་མྱུར་དུ་མཁས་པར་འགྱུར། །ཞེས་སོགས་ཀྱང་སྣང་ལགས། ཡན་ལག་བརྒྱད་པ་ནི། སངས་རྒྱས་གསང་བའི་ལམ་རིམ་དུ། ཡན་ལག་བརྒྱད་པའི་ཚུལ་བཟུང་ལ། ཞེས་པའི་དོན་སྒེག་པ་རྡོ་རྗེའི་རྒྱུན་བཤགས་རྩ་བར། རྒྱལ་བ་འཁོར་བཅས་སྤྱན་དྲངས་ཏེ། །བླ་མ་སྙིང་པོར་བཞུགས་པ་ལ། །ཕྱག་སྐྱབས་མཆོད་དང་བཤགས་པ་དང་། །ཡི་རངས་སེམས་བསྐྱེད་ལུས་དབུལ་དང་། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཞེས་དང་། དེའི་ལས་བྱང་དུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་འབྱུང་བས་ཡན་ལག་བརྒྱད་པ་འདི་ཡིན་པ་ལ་སོམ་ཉི་མ་མཆིས་ལགས། ཡན་ལག་བཅུ་པ་ནི། བཀའ་བརྒྱད་ཡོངས་རྫོགས་ཡང་དྲིལ་ཧཱུྃ་གི་སྒྲུབ་པར། ཡན་ལག་བཅུ་ཡི་དགེ་སྦྱོར་ནི༔བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ཉི་ཟླ་པདྨའི་གདན་ལ་བཞུགས༔ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས༔གསང་སྔགས་སྒྲུབ་ལ་རྗེས་ཡི་རངས༔སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐུལ༔མྱ་ངན་མི་འདར་གསོལ་བ་འདེབས༔སྙིང་པོ་སེམས་ཅན་དོན་དུ་བསྔོ༔ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ཅེས་གསུངས་པས། ཡན་ལག་བརྒྱད་པའི་སྐབས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། ཆོས་འཁོར་བསྐུལ་བ་གཉིས་མི་འབྱུང་བ་ནི་སྔགས་ཀྱི་སྟོན་པ་ངེས་པ་ལྔ་ལྡན་ཡིན་ཕྱིར་མྱ་ངན་ལས་མི་འདའ་བར་སྟོན་པ་དང་། དེ་བཞིན་ཆོས་དུས་གསུམ་དུས་མེད་དུ་སྟོན་པ་ལས་བསྐུལ་བ་ལ་མི་ལྟོས་པས་ཐུན་མོང་མ་ཡིན་པའི་སྐབས་འདིར་དེ་གཉིས་མི་དགོས་ཞེས་པ་གཞན་དུ་འཆད་པ་ཡང་འདི་དང་ཕྱོགས་མཚུངས་པ་དང་། གཉིས་པོའི་འཚོབ་ཏུ་སྐྱབས་སེམས་ལུས་དབུལ་བསྣན་པས་ཡན་ལག་བརྒྱད་དང་། བཅུ་པ་ནི། སྤྱི་མཐུན་བདུན་པོའི་སྟེང་དུ་སྤྱན་འདྲེན་བཞུགས་གསོལ། བསྔོ་བ་སྨོན་ལམ་ཁྱད་པར་ཕྱེ་བས་བཅུར་བརྩིས་པ་ལགས། ཞེས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་རྒྱ་མཚོའི་གསུང་ལན་དུ་ཕུལ་བའོ། །

འབྲུག་པ་མཆོག་སྤྲུལ་གྱི་བཀའ་ལན་དང་པོ།


MLP013_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྲུག་པ་མཆོག་སྤྲུལ་གྱི་བཀའ་ལན། ལྷ་མིའི་འདྲེན་པ་མཆོག་གི་ཞབས་དྲུང་དུ། དད་པ་རྒྱ་མཚོའི་དཔྱིད་ལས་འཐོན་པའི་ལག་པའི་པདྨོ་འཛུམ་པས་ཞུ་བ། བརྩེ་བས་མ་བསྐྱུད་པའི་བཀའ་སམ་ལྷ་རྫས་ཀྱི་འཆིང་བ་ཕྱག་རྒྱས་བཀྲ་བ་སྤྱི་བོར་ཕེབས་པ་བཀའ་དྲིན་དུ་འཁུམས། ཐུགས་དོགས་སེལ་བའི་ཚིག་དོན་འབྲེལ་ཆགས་འབུལ་འོས་ནི་སྤྲང་པོའི་དོར་འཇོལ་གྱི་དཔེར་ལགས་པ་དང། ཕྱག་རྒྱ་དྲུག་ལ། རྒྱུ། དབྱིབས། མཚོན་བྱེད། མཚོན་བྱ་དག་སྦྱོར་སོགས་རྒྱུད་སྡེ་སོ་སོའི་བཤད་སྲོལ་ལས་འདྲ་མིན་ཅི་རིགས་སྣང་བ། ས་ལུགས་ལ་རྗེ་བཙུན་གྲགས་པའི་རྒྱན་དང་ཆ་བྱད་ཀྱི་རྣམ་ངེས་དང་། དགེ་ལུགས་ལ་དགའ་ལྡན་མཁས་གྲུབ་པའི་རྣལ་འབྱོར་རོལ་པའི་དགའ་སྟོན་དུ་གྲགས་པ་འདི་དག་ཏུ་རྒྱས་བཤད་མཐའ་གཅོད་མང་བ་འདུག་པ་སོགས་སྤྱན་ལམ་དུ་ཐོགས་པ་ལྟར་ལགས་པས་ཞུ་གསོལ་མ་དགོས་ཤིང་། གསང་སྔགས་ལ་དབང་བསྐུར་སྔོན་དུ་སོང་ནས་རིམ་གཉིས་ལ་འཇུག་པ་དགོངས་པ་ཕྱོགས་གཅིག་ཏུ་མཐུན་ཡང་། ས་པཎ་གྱིས་སྡོམ་གསུམ་དུ། རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། །གསུངས་པ་ནི། སྤྱིར་བཀའ་བརྒྱུད་རྣམས་ཕྱག་ཆེན་གྱི་སྔོན་དུ་དབང་བསྐུར་མེད་ཀྱང་རུང་བའི་ཕྱག་ལེན་དང་། ཡང་སྒོས་འབྲི་གདན་རྣམས་དབང་མཛད་ནའང་། ཕག་མོ་བརྡ་བཞིའི་དབང་གིས་ཆོས་སྒོ་དབྱེ་བ་ཞེས་པ་འདི་ལ་ཟུར་ཟ་བ་སྟེ་དབང་བསྐུར་ཆོས་སྒོ་ཙམ་མ་ཡིན་ཞེས་རྡོ་རྗེ་ཐེག་པའི་ལམ་གྱི་ངོ་བོ་ཡིན་གསུང་རྒྱུར་འདུག་པ། གང་ཟག་དབང་རྣོན་ལ་དབང་དུས་སུ་བྱིན་ཕོབ་པ་སོགས་བཙན་ཐབས་ཀྱི་སྦྱོར་བས་ཆོས་ཉིད་མངོན་གྱུར་དུ་ངོ་འཕྲོད་ནས་རིམ་གཉིས་ཀྱི་ལམ་ཅིག་ཆར་དུ་རྫོགས་པར་བཤད་ཀྱང་། དབང་བརྟུལ་ལ་ཐོག་མར་དབང་གིས་སྨིན་པར་བྱས་ནས། དེ་རྗེས་རིམ་གཉིས་ཀྱི་ལམ་མཐར་ཆགས་སུ་བསྒོམ་དགོས་ཏེ། སྔ་མ་སྔ་མ་ལ་བརྟེན་ནས། །ཕྱི་མ་ཕྱི་མ་བསྒྲུབ་པར་བྱ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །ཞེས་གསུངས་པ་བཞིན་དང་། དབང་ལ་ཆོས་སྒོ་ཞེས་སྨོས་པས། འཇུག་སྒོ་ཙམ་ལས་ལམ་གྱི་ངོ་བོ་མིན་པར་འགྱུར་ན། ཆོས་
སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་དེ་དང་མཚུངས་པར་འགྱུར་རོ་སྙམ་པ་དང་། བཀའ་བརྒྱུད་རང་བཞེད་ལ་ཡང་། གནས་ལུགས་ཕྱག་ཆེན་དབང་ལ་མ་ལྟོས་པ་དང་། བདེ་སྟོང་ཕྱག་ཆེན་དབང་ལ་ལྟོས་པར་བཞེད་པ་ལ། ས་པཎ་གྱིས་འཐིང་སླད་མཛད་པའི་སྐྱོན་སྤོང་ལུང་རིགས་ཁྱད་པར་ཅན་གྱིས་སྒྲུབ་བྱེད་འགོས་ལོ་ཡབ་སྲས་ཀྱིས་རྩལ་བཤད་དུ་མཛད་པའི་རྗེས་སུ། བཀའ་བརྒྱུད་ཀྱི་མཁས་པ་ཕལ་ཆེར་འབྲེང་བར་སྣང་ཡང་། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་། རྗེ་མི་བསྐྱོད་རྡོ་རྗེ། ཕྱིས་ཀྱི་རྗེ་བཙུན་ཏཱ་ར་ནཱ་ཐ་རྣམས་ཀྱིས་ནི། དེས་ཀྱང་བཀའ་བརྒྱུད་གོང་མའི་དགོངས་པའི་གནད་མ་ལོན་པས་འཕྲལ་གྱི་སྐྱོན་སེལ་ཉི་ཚེ་བ་ཙམ་ལས་མིན་ཚུལ་གསུང་བ་སོགས་མཁས་པ་རྣམས་ལ་ཡང་དགོངས་པ་མི་མཐུན་པ་མང་བས་སྐྱོང་དཀའ་བ་ལྟ་བུར་འདུག་ཀྱང་། རང་རེ་ནི་བཀའ་བརྒྱུད་གོང་མའི་བཞེད་པ་དེ་དོན་ལ་གནས་སམ་སྙམ་པའི་མོས་བློ་ལམ་བྱེད་ལས་སོ་སྐྱེའི་བློ་ལ་ངེས་པ་མ་མཆིས་པ་སོགས་འདི་སྐོར་ལ་རྗེ་པད་དཀར་དང་། རྗེ་སངས་རྡོར་བ། བྱ་གཤོངས་ཀླུ་སྒྲུབ་པ། ཐུབ་བསྟན་ཆོས་རྣམ་པ་སོགས་ཀྱི་བརྒལ་ལན་སོགས་རྒྱ་ཆེར་འདུག་པ་གཟིགས་ཚོད་ལྟར་ལགས་པ་དགོངས་པར་གཅགས་པའི་ཕེབས་མཆིད་ཀྱང་མཁྱེན་མཁྱེན་ལགས་པ་དང་། བཀའ་བརྒྱུད་ཅེས་པའི་བརྡ་འདི་ལ་ཡང་དྭགས་ཤངས་སོགས་བརྒྱུད་སྲོལ་གཞན་ཐམས་ཅད་བཀའ་བརྒྱུད་ཅེས་གསུང་བར་སྣང་ནའང་། འབྲུག་ལུགས་སུ་ཁ་དོག་གི་བརྡས་ཕྱེ་བའི་དཀར་བརྒྱུད་ཅེས་གསུང་པ་ལ་གཞན་གྱི་གླན་ཀ་སེལ་བའི་སྒྲུབ་བྱེད་བཀོད་འདུག་ནའང་། གོང་མ་ཞིག་གིས་རྟོག་དཔྱོད་མེད་པར་རང་གར་གསུངས་པའི་ཉི་ཚེའི་སྐྱོན་བསྲུབ་མིན་ལས་ཆེ་སྙམ་པ། དྲི་མ་མེད་པའི་དཔེས་དཀར་པོར་མཚོན་ན། འགྱུར་བ་མེད་པའི་དཔེར་ནག་པོར་བྱས་ཀྱང་ཆོག་གམ་སྙམ་པ་ནི་ཀུ་རེའི་ཚུལ་དུ་ཕུལ་བ་ལགས། ད་ལྟ་ཕུལ་བའི་ཞུ་སམ།

བཀའ་ལན་གཉིས་པ།


MLP013_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལན་གཉིས་པ་ནི། ལྷ་མིའི་སྐྱབས་མགོན་མཆོག་གི་ཞབས་བརྟེན་པདྨོའི་དྲུང་དུ། གུས་པ་མི་ཕྱེད་པས་ཞུ་བ། ཚིག་དང་དོན་བཟང་པོ་ཅན་གྱི་བཀའ་སམ་ལྷ་རྫས་ཀྱིས་ཀླུབས་པ་


MLP013_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྟགས་མ་རྨས་པ་ཕེབས་པ་བཀའ་དྲིན་བླ་མེད་དུ་གྱུར་ཅིང་། ཕྲན་བུའང་མཚམས་མུས་ན་ལགས། ཇི་ལྟར་ཕེབས་དོན་དེ་བཞིན་ཤེས་བྱ་ཀུན་གཟིགས་དམ་པའི་གོ་འཕང་ལ་བཞུགས་པ་ཉིད་ལྟ་བུས་ནི་གཞན་གྱིས་མ་རྟོགས་པ་དང་ལོག་པར་རྟོག་པའི་ཐེ་ཚོམ་གྱི་དྲ་བ་སེལ་བའི་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པར་མཛད་འོས་ཀྱི། རང་གིས་མཁྱེན་བཞིན་དུ་གཞན་དག་ལ་དྲི་བར་མཛད་པ་ནི་འོས་སུ་མ་གྱུར་པ་སྟེ། སྟོན་པ་སངས་རྒྱས་ཀྱིས་ཉན་ཐོས་རྣམས་ལས་ཐེ་ཚོམ་གཅོད་པར་མི་མཛད་པའི་ཕྱིར་རོ། །དེ་ལྟ་ནའང་དམ་པའི་ཐུགས་ལ་དགྱེས་པ་བསྐྱེད་པའི་རྒྱུར་གྱུར་ན་བསོད་ནམས་ཀྱི་དངོས་པོར་འགྱུར་ཡང་སྐྱེས་ཐོབ་ཀྱི་ཤེས་རབ་མཐུ་ཆུང་ཞིང་། སྦྱངས་སྟོབས་ཀྱི་ནུས་རྩལ་ཞན་པས་འབྲེལ་ཆགས་ཀྱི་ཞུ་བ་འབུལ་དུ་མི་འཚལ་བར་མ་ཟད། ཕྱོགས་འདིར་གོང་མའི་བླ་ནས་བཀས་བཅད་པའི་སྐུ་རིམ་གྱིས་མཚོན་གཡེངས་བ་མུ་མེད་ཟ་ཟིའི་གཞན་དབང་གིས་ཡིད་ཡུལ་ཅུང་ཟད་ངེས་པ་དག་ཀྱང་བྲེལ་བ་རྒྱུན་ཆགས་ཀྱིས་བྲི་བའི་ལོང་ཡོད་དུ་མ་གྱུར་པ་དང་། ཡི་གེ་ཉུང་ངུ་ཙམ་གྱིས་ནི་དོན་གྱི་གོ་བ་ལྷོངས་པར་མི་འགྱུར་བའི་ཕྱིར། ཐུགས་ལ་དགྱེས་པའི་མཆོད་པར་འགྱུར་ན་སྟོན་པ་སངས་རྒྱས་ལ་དབུལ་པོས་རྫས་ངན་ངོན་གྱིས་བསོད་ནམས་འདུ་བྱས་པ་བཞིན་ཇི་ཙམ་ནུས་པ་དག་བྲིས་ནས་སླད་ཀྱིས་སྤྱན་ལམ་དུ་འབུལ་བའི་སྨོན་པ་ཞུ་ཞིང་། རུས་པའི་རྒྱན་གྱི་སྐབས་སུ། ཀུན་ཏུ་དབུག་དང་བཅིང་བ་དང་། །གཞུག་དང་དེ་བཞིན་བསྐྱོད་པ་དང་། །འབེབས་དང་འདི་ནི་འཁྱིལ་བའོ། །དེ་བཞིན་ལུས་ཀྱི་དང་པོའི་རྒྱན། །ཚངས་སྐུད་ལུས་ལ་གྲོལ་བ་དང་། །ཞེས་སོགས་དང་། སྲོག་ཤིང་གཅིག་གྱུར་ཞེས་སོགས་ཀྱི་དོན། སྲོག་ཤིང་ཞེས་པ་ནི་གང་ལ་རྒྱུ་བའི་སྲད་བུ་ལས་སྙིང་ཁའི་ཐད་ཀྱི་མདུན་རྒྱབ་ཏུ་རུས་པའི་འཁོར་ལོའི་ཟུར་བཞིར་བུག་པ་བྱས་པ་ལས་འཐོན་པའི་སྲད་བུ་ལ་རུས་པའི་ཕྲེང་བ་རྒྱ་གྲམ་དུ་བྱས་པ་ཕྲག་པ་གཉིས་དང་མཆན་འོག་གཉིས་བསྣོལ་མར་གྱོན་པ་མཆོད་ཕྱིར་ཐོག་དང་། རུས་པ་མེད་ན་རྐུན་མའི་སྐྲ་ལས་བྱས་པ་སོགས་ཀྱང་སྟེ། ཕྲག་ཤལ་དང་རྒྱ་གྲམ་རིས་ཇི་ལྟར་བྱས་པའང་རུང་བར་འཆད་ཅིང་། འོག་པག་སྲོག་ཤིང་བརྒྱད་པ་སྟེ། ཞེས་པ་སྐ་རགས་ནི་དབུས་ཀྱི་གཞུང་


MLP013_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐའ་བརྟེན་གཉིས་ཏེ་ཕྱོགས་རེར་བུག་པ་བརྒྱད་བརྒྱད་བྱས་པ་ལས་དྲངས་པའི་སྐུད་པ་ལ་རུས་པའི་ཕྲེང་བ་བརྒྱད་རིམ་གྱིས་བསྣོལ་མར་སྡོམས་པའི་དོན་ཡིན་ཞེས་འཆད་པར་སྣང་བ་དོན་ལ་ཇི་ལྟར་གནས་གཟིགས་ཚོད་ལྟར་ལགས། བླུན་པོས་ཕྱག་རྒྱ་ཆེ་སྒོམ་པས། ཞེས་སོགས་ནི། གནས་ལུགས་ཀྱི་དོན་ལ་ཤེས་རབ་ཁྱད་པར་ཅན་གྱིས་སྒྲོ་སྐུར་མ་ཆོད་པར་སེམས་མི་རྟོག་པ་ལ་བཞག་ཀྱང་འཇིག་རྟེན་པའི་བསམ་གཏན་ལས་མ་འདས་པར་གསུང་རྒྱུ་ཡིན་པ་འདྲ་ཞིང་། སྐལ་དམན་རིམ་འཇུག་གི་ལམ་ལ། དང་པོར་གསོ་སྦྱོང་སོགས་དངོས་བསྟན་གྱི་དོན་ལྟར། སྔ་མ་སྔ་མ་ལ་བརྟེན་ནས། །ཕྱི་མ་ཕྱི་མ་བསྒྲུབ་པར་བྱ། །ཞེས་སོགས་གསུངས་པ་བཞིན་ཏེ། རིམ་འཇུག་དང་ཅིག་ཅར་དུ་འཇུག་ཚུལ་ནི་ཕར་ཕྱིན་ཐེག་པ་ལས་ཀྱང་གསུངས་སོ། །འཁོར་ལོ་གསུམ་གྱི་འདོད་ཚུལ། མཐར་ཐུག་གྲུབ་མཐའི་འཇོག་སོར་ཐུགས་རྩེ་གཏོད་ལུགས་ཀྱིས་དྲང་ངེས་ཀྱི་བཞེད་ཚུལ་མི་མཐུན་པ་ལྟར་སྣང་བ་ནི། རྒྱ་གར་དུ་དཔལ་ལྡན་ཟླ་བ་སོགས་དང་། བོད་དུ་ས་སྐྱ་བ། བུ་སྟོན། རྗེ་ཙོང་ཁ་པ་སོགས་བར་པ་ངེས་དོན་དུ་བཞེད་པའི་ཕྱོགས་དང་། ཐ་མ་ངེས་དོན་དུ་བཞེད་པ། རྒྱ་གར་དུ་ཐོགས་མེད་སྐུ་མཆེད། ཙནྡྲ་གོ་མི་སོགས་དང་། བོད་དུ་མཉམ་མེད་དྭགས་པོ་ལྷ་རྗེ། ཀརྨ་པ་རང་བྱུང་པ་སོགས་བཀའ་བརྒྱུད་གོང་མ་ཕལ་ཆེར་དང་། ཇོ་ནང་པ་ཡབ་སྲས་སོགས་ཡིན་པར་སྣང་བ་ལས། རང་ལུགས་ཀྱི་བློའི་གཏད་སོ་ཕྱི་མ་དོན་ལ་གནས་པའི་དབང་དུ་བྱས་ན། བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོར་ལས་དང་པོ་པ་དང་། བློ་ཅུང་ཟད་དམན་པ་རྣམས་འཇུག་པ་ལ་དགོངས་ཏེ། སྤང་གཉེན་གྱི་རིམ་པ་ཉམས་སུ་ལེན་པའི་ཐབས་གསལ་བར་གསུངས་ཤིང་། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོ་ཅུང་ཟད་སྦྱང་པ་བྱས་པ་དང་། དབང་པོ་འབྲིང་པོ་རྣམས་འཇུག་པའི་རིམ་པ་ལ་དགོངས་ཏེ། ངོ་བོ་ཉིད་མེད་པའི་རྣམ་གྲངས་ཀྱི་གཉེན་པོ་ལ་བདག་ཏུ་འཛིན་པ་རྣམས་སྐྱེ་བ་མེད་པར་གསུངས་ལ། བཀའ་ཐ་མ་ངེས་པ་དོན་གྱི་རྣམ་གྲངས་ལ། གཙོ་བོར་ཡོངས་སུ་རྫོགས་པའི་ཐེག་པ་རྣམས་དང་། དབང་པོ་རྣོན་པོ་རྣམས་འཇུག་པའི་རིམ་པས་གཤིས་ལ་ཇི་ལྟར་གནས་པའི་


MLP013_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་རྒྱ་ཆེར་གསུངས་ཏེ། དང་པོས་འཁོར་བའི་མཚན་ཉིད་སྤང་བྱ་ལས་ལྡོག་པའི་ལམ་བསྟན། བར་པས་སྤང་བྱ་བདེན་པར་འཛིན་པའི་རང་བཞིན་ངོ་བོ་མེད་པས་ཤེས་སྒྲིབ་སྤང་བྱར་བསྟན། ཐ་མས་ཡིན་ལུགས་སྙིང་པོ་བསྟན་ཏེ། དབང་པོའི་རིམ་པ་དང་འཇུག་ཚུལ་གྱི་གོ་རིམ་ལ་བརྟེན་ནས་གསུངས་པ་རྣམས་ཀྱི་དོན་གསལ་བར་ཕྱེ་ནས་ཉམས་སུ་བླང་བ་ལ། འདིར་དང་པོ་དྲི་མ་དང་བཅས་པ་མ་དག་པའི་གནས་སྐབས་དང་། ལམ་གྱིས་སྦྱངས་པས་དྲི་མ་རིམ་བཞིན་དུ་དག་པ་ཅུང་ཟད་མ་དག་པའི་གནས་སྐབས་དང་། དྲི་མ་ཐམས་ཅད་དང་བྲལ་བ་ཤིན་ཏུ་རྣམ་དག་གི་གནས་སྐབས་རྣམ་པ་གསུམ་ལ་ལྟོས་ནས་གཞི་ལམ་འབྲས་བུའི་རྣམ་གཞག་གསལ་བར་མཛད་པ་ནི། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སེམས་ཅན་པའི་དུས་ཀྱི་འོད་གསལ་བའི་ཡེ་ཤེས་རང་ལ་ཡོད་པ་ནི་གཞི། བྱང་ཆུབ་སེམས་དཔའི་དུས་ཀྱི་ཚོགས་སྦྱོར་མཐོང་སྒོམ་ནི་ལམ། དེ་བཞིན་གཤེགས་པའི་དུས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་ནི་འབྲས་བུའོ། །དེའི་ཕྱིར་ན་འཁོར་ལོ་ཕྱི་མ་ངེས་དོན་མཐར་ཐུག་ཏུ་འཇོག་དགོས་པ་ནི་རང་ལུགས་གོང་མ་རྣམས་ཀྱི་བཞེད་པ་བཞིན་བདག་ཀྱང་དེའི་རྗེས་སུ་འབྲང་བར་རློམ་པ་ལགས། འཁོར་ལོ་གསུམ་པོ་དག་ཏུ་སངས་རྒྱས་ཀྱི་བཀའ་མཐའ་དག་འདུ་མི་འདུའི་བཤད་སྒྲོས་ཐ་དད་ཅི་རིགས་སྣང་ཡང་། དོན་ལ་དམན་དང་རྒྱ་ཆེའི་ཆོས་ལ་མོས་པ་རྣམས་ལ་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འཁོར་ལོ་འདོད་ཆགས་བྲལ་བའི་གཟུགས་ཀྱིས་བསྐོར་བ་དང་། ཟབ་མོའི་དོན་ལ་མོས་པ་རྣམས་ལ་འཁོར་ལོ་སྒྱུར་བའི་གཟུགས་སུ་སྤྲུལ་ནས་རྣམ་མང་རྒྱུད་སྡེའི་འཁོར་ལོ་འཇིག་རྟེན་འདིར་འཚང་རྒྱ་བའི་ཚུལ་མ་བསྟན་པའི་སྔ་རོལ་ལ་སོགས་པ་དུས་གནས་སྣ་ཚོགས་སུ་བསྐོར་བ་མཛད་མོད། རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་མི་འབྲེལ་བ་མེད་དོ། །ལུང་དེ་དང་འབྲེལ་ཆགས་སུ། ལྷ་གནས་གསུམ་དུ་གྲགས་པ་ཡི། །ཞེས་པས་གསལ་བ་དང་། གལ་ཏེ་མ་འོངས་འབྱུང་འགྱུར་དུ་ལུང་བསྟན་པས་ཐུབ་པའི་བཀར་མི་འགྱུར་ན།
སྟོན་པ་འདས་ནས་རིང་ཞིག་ལོན་པ་ན་ཐེག་ཆེན་དར་བ་དང་ལུང་བསྟན་པ་སོགས་ཀྱིས་ཐེག་ཆེན་གྱི་མདོ་རྣམས་ཀྱང་སྟོན་པའི་བཀའ་མིན་པར་མི་འགྱུར་ལགས་སམ། གསང་སྔགས་རྣམས་ཐུབ་པ་ཆེན་པོའི་བཀར་མི་འདུ་ན་སུ་ཞིག་གི་བསྟན་པར་འགྱུར་རམ། གཞིའམ་རྒྱུའི་རྒྱུད་ཅེས་བྱ་བའང་། རྒྱུའི་ཐེག་པར་བདེ་གཤེགས་སྙིང་པོ་མེད་དགག་དང་མ་ཡིན་དགག་ཏུ་འདོད་ཚུལ་ཐ་དད་པའི་དབང་གིས་ངོས་འཛིན་མི་འདྲ་བ་དེ་བཞིན་ལགས་ཀྱང་། རང་ལུགས་ལ་གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་གང་ཡིན་པ་སྟེ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་། རང་བཞིན་གྱིས་གནས་པའི་རིགས་དང་། ཀུན་གཞིའི་ཡེ་ཤེས་དང་། དྲི་བཅས་དེ་བཞིན་ཉིད་ལ་སོགས་པའི་ཐ་སྙད་གང་ལའང་འཇུག་པའི་གཞིའོ། །དེ་ཉིད་གཞི་ལམ་འབྲས་བུ་གསུམ་གྱི་ལྡོག་བྱ་གང་རུང་དང་མ་བསྟུན་པར་སྤྱིར་བཞག་པ་ན། རང་བཞིན་ནམ། གནས་ལུགས་དང་། གློ་བུར་གྱི་དྲི་མ་སྦྱོང་བ་དང་བསལ་སྟོབས་ཀྱིས་མངོན་དུ་གྱུར་པ་ལ་ལྟོས་ནས་ལམ་དང་འབྲས་བུར་བཞག་པ་སྟེ། ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལ་སོགས་གོང་མ་རྣམས་ཀྱི་དགོངས་པར་རློམ་པ་ལགས། དཀར་བརྒྱུད་ཀྱི་སྒྲ་བཤད་ནི། མཁས་པའི་གསུང་དང་འབྱིན་རིལ་གྱི་འཐེན་ཕྱོགས་བཞིན་འགྱུར་རམ་སེམས་ལགས། སྙིང་པོའི་བསྟན་པ་དྲི་མ་མེད་པ་འཛིན་པ་གངས་རིའི་ཁྲོད་འདིར་བླ་མ་ལྷ་རྗེ་ཆེན་པོ་ཡབ་སྲས་ཁོ་ན་རབ་དང་ཕུལ་དུ་གྱུར་པ་གཟུ་བོར་བཞུགས་པའི་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན་པའི་ཕྱིར་ན། གང་དེའི་རིང་ལུགས་དང་གསུང་རབ་ཀྱི་དོན་བཞིན་འགྲོ་བ་མཐའ་དག་ཐུགས་རྗེའི་སྐྱོ་ཐང་གིས་མི་བསྐྱུད་པ་མཁྱེན་མཁྱེན། འདེགས་རྟེན་བཅས་ཕུལ།

བཀའ་ལན་གསུམ་པ།


MLP013_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལན་གསུམ་པ། ལྷ་བཅས་སྐྱེ་དགུའི་འདྲེན་པ་མཆོག་གི་ཞབས་དྲུང་དུ། གུས་པས་ཞུ་བ། བཀའ་སམ་རིན་པོ་ཆེ་ལྷ་རྫས་ཀྱི་འཆིང་བ་ཅན་དུ་སྤྱི་བོར་ཕེབས། རྨོངས་པའི་གདོལ་གཏམ་གྱིས་དམ་པའི་ཐུགས་ལ་དགྱེས་པ་བསྐྱེད་པ་ཅིར་སྲིད་ཀྱང་། དག་པ་རབ་འབྱམས་ཀྱིས་


MLP013_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབྱུང་བསྩལ་བ་བཀའ་དྲིན་ཆེ། ཇི་ལྟར་ཕེབས་འབྲས་སྤྱིར་འཁོར་ལོ་གསུམ་དུ་བདེ་བར་གཤེགས་པའི་བཀའ་ཐམས་ཅད་འདུས་པར་བཞེད་པ་དང་། དགོངས་འགྲེལ་གྱི་དོན་དམ་ཡང་དག་འཕགས་པའི་ཞུས་ལན་དངོས་བསྟན་འཁོར་ལོ་གསུམ་དུ་ཐུབ་དབང་གི་གསུང་མི་འདུ་བ་སོགས་ཚད་མར་གྱུར་པའི་མཁས་པ་དག་ཀྱང་དགོངས་པ་མི་མཐུན། རྒྱུ་མཚན་དེའི་ཕྱིར་གསང་སྔགས་ཀྱང་ཆོས་འཁོར་གསུམ་དུ་མི་གཏོགས་པའི་ཆོས་འཁོར་བཞི་པར་འདོད་པ་ཡང་ཡོད་མོད། ཇི་ལྟར་ཕེབས་དོན་བཞིན། ཆོས་འཁོར་གསུམ་མམ་སྡེ་སྣོད་གསུམ་དུ་རྡོ་རྗེ་ཐེག་པ་འདུས་པའི་དབང་དུ་བྱས་ན། མདོ་སྡེ་ཞེས་པ་པཱུ་ཏྲའི་སྒྲ་ལས་དྲངས་ན་དོན་ཚན་བསྡུས་ནས་བསྟན་པའི་སྒོ་ནས་སྒྲ་དོན་བཤད་ཅིང་། གསང་སྔགས་ཀྱང་ཚུལ་དེས་མདོ་སྡེར་བཞག་ནུས་པའི་ཕྱིར་དང་། མཁས་པའི་སྐྱེ་བོ་དུ་མའི་དགོངས་པའང་ལགས་ཏེ། རྒྱ་གར་དུ་ཤནྟི་པ་དང་། བོད་དུ་ཕྱིས་ཀྱི་ཤིང་རྟ་ཆེན་པོ་དག་གི་གསུང་ལས་ཀྱང་མཁྱེན་པར་འགྱུར་ཞིང་། འོན་ཀྱང་གསང་སྔགས་སྡེ་སྣོད་བཞི་པ་རིག་པ་འཛིན་པའི་སྡེ་སྣོད་ཅེས་ཟུར་དུ་བཞག་ནའང་ཤིན་ཏུ་ལེགས་ཤིང་། གནོད་བྱེད་ཕྲ་མོའང་འཇུག་པའི་གནས་མེད་དེ། སྔ་འགྱུར་ཀུན་བྱེད་རྒྱལ་པོ་ལས། དུག་གསུམ་གྱི་གཉེན་པོར་སྡེ་སྣོད་གསུམ་རིམ་ཅན་དུ་གསུངས་ཚུལ་བཤད་པ་དང་རྗེས་འབྲེལ་དུ། དུག་གསུམ་ཆ་མཉམ་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས་པར་མ་ཟད། རྗེ་ཙོང་ཁ་པའི་གསང་འདུས་འཕགས་ལུགས་ཟླ་གྲགས་ཀྱི་སྒྲོན་མ་གསལ་བའི་མཐའ་གཅོད་རིན་ཆེན་མྱུ་གུ་ཞེས་པར་ཡང་བཤད་ཚུལ་འདི་དང་མཚུངས་པར་སྣང་བ་སོགས་ཡེ་ཤེས་ཀྱི་གཟིགས་པས་སྤྱོད་པ་མཁྱེན་མཁྱེན་ལགས། ཁ་སང་བར་བྲེལ་བ་མུ་འབྱམས་ཀྱིས་ཞུ་ལན་འབུལ་འགྱངས་ལ་ཆོས་དབྱིངས་མི་རྙོག་པ་དང་། དེང་སང་མཚམས་བཅད་ཅིག་དང་ཐུག་ཅིང་། དེ་རྗེས་གཡེངས་བ་རང་དབང་དུ་གྱུར་ན་བཀའ་སྩལ་རྗེས་སུ་སྒྲུབ་པར་སྨོན་པ་ཐུགས་རྗེའི་སྐྱབས་འོག་ནས་མི་འདོར་བའི་ཕེབས་ཚོགས་མཁྱེན་མཁྱེན། འདེགས་རྟེན་བཅས་ད་ལྟ་ཕུལ་བའི་ཞུ་སམ། ལེ་ཚན་གསུམ་པོ་འདི་འབྲུག་པ་སྤྲུལ་པའི་སྐུའི་ཕྱག་བྲིས་རིམ་པ་གསུམ་གྱི་ལན་དུ་ཕུལ་བའོ། །

དྲུག་ཡིག་ཆང་ཁྱིམ་པའི་ལྐོག་ལན།


MLP013_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༈ དྲུང་ཡིག་ཆང་ཁྱིམ་པའི་ལྐོག་ལན་དུ། ལགས། སྨྱུག་འཛིན་དབང་པོ་མཁྱེན་རབ་ཀྱི་སྤྱན་སྟོང་རྣམ་པར་བཀྲ་བ་གང་གི་བཀའ་མཆིད་ལས་རྣམ་པར་མ་དག་པ་དང་ཐ་སྙད་མེད་པའི་ཁྱབ་མཐར་རྙིང་མ་ཞེས་བཀའ་སྩལ་འདུག་པ་དེ་ལྟ་ན། སྲོང་བཙན་སྒམ་པོའི་དུས་གསང་སྔགས་ཀྱི་སྒྲུབ་སྐོར་འགའ་ཞིག་བྱུང་འདུག་པ་དང་། ཁྱད་པར་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སློབ་དཔོན་ཆེན་པོས་རྒྱལ་བློན་སྐལ་ལྡན་འགའ་ལ་དབང་བསྐུར་ཞིང་ལམ་དེ་ཉིད་ལས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པ་མང་ཞིག་བྱུང་ཚུལ་གྱི་ལོ་རྒྱུས་དུ་མ་ཞིག་འདུག་པས་མཚོན། ལོ་ཆེན་རིན་བཟང་གིས་ཕྱི་འགྱུར་འགོ་མ་བཙུགས་པའི་གོང་དེ་སྲིད་དུ་ཡོད་པའི་ཆོས་དེ་རྣམས་གསར་མ་ཡིན་པར་བསྒྲུབས་པས་ནི་མ་བྱུང་། དེ་རྣམས་མ་དག་པའི་ཕྱོགས་སུ་ཕུད་པས་ནི་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་དྲི་མ་མེད་པའི་ངོས་འཛིན་བྱེད་རྒྱུ་ཟད་ཅིང་། དེ་དག་ཀྱང་མ་དག་པའི་ཕྱོགས་སུ་བཞེད་ན་ནི་རིན་བཟང་ཡན་ཆད་དུ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་མང་པོ་བྱོན་པ་དེ་དག་གི་ཉམས་ལེན་ཡང་འཁྲུལ་པ་དང་ལོག་པར་ཞལ་གྱིས་བཞེས་དགོས་མ་ཟད། བསྟན་པ་སྔ་དར་ཞེས་ཡོངས་ལ་གྲགས་པའི་མཚན་གཞི་ཡང་མི་སྣང་བས་བདག་གིས་རྣམ་པར་དག་ཅེས་ཞུ་བའི་རྔོ་ཅི་ཐོག །ཇོ་བོ་རྗེས་སྔ་འགྱུར་གྱི་བསྟན་པའི་འཕེལ་རྒྱས་བོད་དུ་བྱུང་བ་ལྟ་བུ་རྒྱ་གར་དུ་ཡང་མ་བྱུང་ཞེས་རྣམ་ཐར་ཚད་ཐུབ་ཏུ་བྲིས་འདུག་པར་གུར་གུམ་གྱི་ཚོས་ཀྱིས་བཀུ་བར་བྱ་བའི་གནས་སུ་མི་འགྱུར་རམ། འོན་ཀྱང་ཆོས་ཚན་འགའ་ཞིག་རྣམ་པར་དག་ལ་འགའ་ཞིག་རྣམ་པར་མ་དག་ཅེ་ན་ནི། དེ་འདྲ་གསར་མ་བ་ལ་ཡང་ཡོད་པས་རྙིང་མ་བ་ཁོ་ན་ཁྱབ་མཐར་སྩོལ་བ་ཅི་ཞིག །དེ་ལྟ་མིན་ཏེ་རྙིང་མའི་རྒྱུད་ཁོ་ན་ལྷད་ཅན་ནོ་ཞེ་ན། དེ་ཡང་གོང་དང་མཚུངས་པ་ཉིད་དོ། །དྲི་མེད་ཁྲོས་པའི་རྒྱུད་ལས་ཡི་གེ་གཞན་རྣམས་ལྷད་ཅན་དུ་དགོངས་ན་ནི། བསྟོད་པ་ལ་སོགས་པ་འགའ་ཞིག་ནི་སངས་རྒྱས་ཀྱི་གསུང་དང་། རྩ་བའི་སྒྲུབ་ཐབས་ལེ་ཚན་རྣམས་མགོན་པོ་མི་ཕམ་པ་ཉིད་ཀྱི་གསུང་ཡིན་ཞིང་། ཁ་སྐོང་དང་ཆོག་སྒྲིག་ཁ་ཤས་ལུགས་འདི་རང་ལ་མཁས་ཤིང་གྲུབ་བརྙེས་བརྒྱུད་མར་བྱོན་པ་


MLP013_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྒྲིགས་པར་སྣང་ཞིང་། འོན་ཀྱང་ཐེ་ཚོམ་གྱི་གནས་རེ་གཉིས་ཡོད་སྲིད། དེ་འདྲ་ནི་རྒྱ་གར་མཁས་པའི་གཞུང་ཆེན་མོ་དག་ལ་ཡང་བོད་ཀྱི་མཁས་པར་གྲགས་པ་འགའ་ཞིག་གི་ལུང་རིགས་ལྟར་སྣང་བ་དུ་མས་འགེབས་པ་ཡང་འདུག་མོད། ཡི་གེའི་སྡེབ་སྦྱོར་མ་དག་པ་སོགས་ནི་གཞུང་དེའི་དངོས་སྐྱོན་མིན་ཞིང་ཡི་གེ་པའི་རྣམ་དཔྱོད་ཀྱི་སྐྱོན་དེ་རྒྱལ་བའི་བཀའི་ཡི་གེ་དག་ལ་ཡང་དེ་འདྲ་ཡོད་པ་མང་བས་རྒོལ་བ་ནུས་སམ། སྤྱིར་སྒྲུབ་ཐབས་འདི་རྣམས་ཀྱི་བབས་དང་གསར་མའི་གུར་ཞལ་ཕྱག་དྲུག་པ་སོགས་ཀྱི་སྒྲུབ་ཡིག་སྙན་བརྒྱུད་པུསྟི་སོགས་སུ་གྲགས་པ་དང་ཡོང་བབས་མི་གཅིག་པ་མེད་འདྲ་ཡང་། དེ་དག་རྡུལ་མུན་དུ་གཟིམས་པས་སྤྱན་སྔར་མ་སོན་པ་ལེགས་འདུག །སོན་ན་མ་དག་པའི་བཀའི་ཟུར་གནམ་ལྕགས་ཀྱི་སོ་སྟར་རྣོ་བ་འདི་ཁོང་རྣམས་ལ་ཡང་འཕོག་ཉེན་འདུག་ལགས། གཞི་ནས་ཞི་རྫོགས་གཉིས་པོ་འདི་རྒྱལ་བའི་གསུང་རབ་ངེས་དོན་མཐའ་དག་གི་སྙིང་པོར་གྲུབ་ཅིང་། སྨིན་གྲོལ་གྱི་ཆོག་གཞུང་། ལམ་གྱི་རྩ་བ་དང་ཡན་ལག་ཐམས་ཅད་བབས་གཅིག་པར་འདུག་གཤིས། དྲང་དོན་གཙོ་གྱུར་གྱི་ལམ་ལ་ཨ་འཐས་པས་ཆགས་ལོ་དང་སྨྱལ་པ་ཧྲུལ་པོ་སོགས་མཁས་པའི་མཚན་གྱིས་མཛེས་པ་དུ་མ་ཞིག་གིས་ཟུར་ཟའི་གླན་ཀ་མཛད་འདུག་པ་དང་། འཇིགས་བྲལ་བོ་དོང་པ་ཞེས་མཁས་པ་དེས་ཀྱང་དེང་འདིར་ཞི་བྱེད་ཀྱི་གཞུང་རྣམས་ཐོག་མར་གཟིགས་ཚེ་མདོ་རྒྱུད་ཀྱི་ཐེག་པ་གཞན་དང་ཆོས་སྐད་མི་མཐུན་པ་སྣ་ཚོགས་འདུག་པ་ཐུགས་སུ་མ་ཤོང་ནས་རྩོད་པའི་ཡི་གེ་རྩོམ་པའི་སྦྱོར་བ་ལ་ཞུགས་པ་ན། དེ་འོས་སུ་མི་འགྱུར་བའི་རྟགས་དུ་མ་མངོན་སུམ་དུ་བྱུང་ཞིང་གཞུང་ལུགས་དེ་ཡང་རྡོ་རྗེ་ཕ་ལམ་དང་མཚུངས་པས་ལྟར་སྣང་གི་ལུང་དང་རིགས་པའི་མཚོན་རྩེས་མ་ཕིག་ནས། སླར་ཡང་གཞུང་དེ་ངེས་དོན་གྱི་མཐར་ཐུག་ཏུ་ངེས་པ་འཁྲུངས་ནས་དགོངས་འགྲེལ་གྱི་ཡི་གེ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོར་ཡང་བཞུགས་འདུག་ཅིང་། ཞི་བྱེད་ཀྱི་བཀའ་བསྲུང་ཨ་གྷོ་རའི་སྒྲུབ་ཐབས་ཕྱག་བཞི་དྲུག་སོགས་མགོན་པོ་གཞན་གྱི་སྒྲུབ་ཐབས་དང་བརྗོད་ཚུལ་མི་འདྲ་བ་འདི་ཐུགས་སུ་མ་ཤོང་ན། བརྒྱུད་པ་སྔ་ཕྱི་བར་གསུམ་ནས་བརྒྱུད་པའི་ལམ་གྱི་རྩ་བ་ཐུན་མོང་གི་ཐེག་པ་
གཞན་དང་བརྗོད་བབས་མི་འདྲ་བ་དེ་ཉིད་སྤྱན་སྔར་སོན་ན་ཐུགས་མཚོར་འགལ་འདུའི་ཟླ་གཟུགས་བརྒྱ་ཕྲག་ཙམ་ཤར་ཉེན་འདུག་ལགས། སྤྱིར་ཆོས་སྐྱོང་དགྱེས་ཤིང་འགོ་བའི་རྩ་བ་ལྷ་དང་བླ་མ་ལ་གུས་ཤིང་གདམས་ངག་ལ་ཡིད་ཆེས་པ་རྣམས་གཅེས་གནད་དུ་གསུངས་འདུག་པ་ཆོས་སྐྱོང་བསྟེན་པའི་གང་ཟག་ལ་གལ་ཆེ་བ་ལགས། ཞི་བྱེད་ཀྱི་བརྒྱུད་འཛིན་དུ་ཞལ་འཆེས་ནས་ལམ་འདི་ལ་ཡིད་མ་ཆེས་ན་གྲུབ་མཐའ་གཞན་པ་རྣམས་དབང་ལུང་དང་ཆོས་རྒྱུན་མ་ཆད་ཙམ་འཛིན་པ་ནི་ངལ་བའི་གནས་ཁོ་ནར་མི་འགྱུར་ལགས་སམ། ཇི་ལྟར་བསླབ་སྟོན་སྩལ་བ་བཞིན་རྒྱལ་མཆོག་རིགས་ཀྱི་བདག་པོ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་སྤྱན་སྔར་ཀུནྡའི་འདབ་མ་ལྟར་དཀར་ཞིང་མཛེས་པའི་ལྷ་རྫས་ལས་མེ་ཏོག་གསེར་གྱི་གེ་སར་བཞད་པས་བཏུད་དེ་མང་ཉུང་གི་མཐའ་གཉིས་སུ་མ་ལྷུངས་ཤིང་། ཡིད་ལ་འདོད་པ་དེ་ཁོ་ན་ལྟར་འཇོ་བའི་དཔག་བསམ་གྱི་ལྗོན་པ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་སྩོལ་བར་མཛད་དུ་གསོལ་བ་བཏབ་པ་ལས་གདུལ་བྱའི་བསམ་པ་དང་རྗེས་སུ་མཚུངས་པར་དེ་དེ་བཞིན་ནོ། །ཞེས་ཚིག་དང་དོན་བཟང་པོ་ཅན་གྱི་ཕྲིན་ལས་ཀྱི་རིམ་པ་ལེགས་པར་བཤད་པ་མཐའ་དག་གི་ཆུ་གཏེར་བསྲུབས་པ་ལས་ཟབ་དོན་ཉི་མའི་དཀྱིལ་འཁོར་མཐའ་བྲལ་གདུལ་བྱའི་མཁའ་ལ་ཤར་བ་འདི་བཞིན་ཡིན་འདུག་ལགས།

དགེ་སློང་ཕྱག་རྡོར་དབང་ཕྱུག་གི་དྲི་ལན།


MLP013_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགེ་སློང་ཕྱག་རྡོར་དབང་ཕྱུག་གི་དྲི་ལན། ལོཀྟྲིའི་དོགས་པ་ཕྲན་བུ་ཞུ་རྒྱུ་ལ། གླང་སྨྱོན་སྣ་རྩེའི་ནང་དུ། བཟློག་བསད་བྱ་དུས་སྔགས་སྡེབ་བཞིན་མགོ་ཅན་མགོ་བོ་གཅོད་པའི་བཟླ་ལུགས་བྱེད་ཕེབས་འདུག་པའི་བཟླ་ལུགས་ཅི་འདྲ་ལགས། སྔགས་དཀྱུས་བཞིན་བཟླས་པས་རྟགས་མཚན་མ་མཐོང་ན། ༀ་ལོཀྟྲི་པཱ་ལ་ནན༔ཞེས་སོགས་ཀྱི་མགོ་བོའི་ༀ་བཞག་ནས་ལོཀ་ཏྲི་ཞེས་པ་ནས་འགོ་འཛིན་པ་ཡིན། ཡང་། ཕ་རོལ་ལྷས་སྐྱོབ་ཆེ་ན་དབྱེ་བའི་མན་ངག་ཟབ་མོ་བྱ་གནང་འདུག་པའི་བྱེད་ལུགས་ཅི་འདྲ་ལགས། ལྷས་སྐྱོབ་ཆེ་བའི་རྟགས་སྤྱི་ཙམ་ལ་ལྷ་དབྱེ་དཀྱུས་བཞིན་བྱས་པས་ཕྲོལ་རྟགས་མ་མཐོང་ན་གུ་གུལ། སྦྲུལ་ཤ །མུ་ཟི། མཛེ་ཕོའི་ལྷམ་འབོག །ར་ཐུག་དང་གླང་རུའི་གཞོབ། ཕག་ཚིལ། རྟ་བོན་


MLP013_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཏེར་ཁ་འདི་ག་དང་ཕྱོགས་མཐུན་པའི་རྫས་སྦྱོར་ཡིན་པས་དེའམ། ཡང་ན་འོག་ཏུ་བཤད་པའི་རྫས་སྡེབ་སྦྱོར་གྱིས་ནུབ་ཕྱོགས་ཀྱི་རྫིང་ཡུར་རྫ་སྣོད་ཀྱི་བཅས་ལྡན་དུ་མེ་ལ་བསྲེགས་པས་ལིངྒ་ལ་བདུག་ཅིང་རང་ལ་དྲི་མ་མ་འཕོག་པ་དཀྱུས་བཞིན་བྱེད་ཅིང་། དབྱེ་རྫས་སྒྲོ་གཉིས་ཀྱིས་འབྱེད་པ་དང་། སྒྲུབ་པ་པོ་རྣམས་ཀྱིས་འོག་ཏུ་བཤད་པའི་སྔགས་ཚན་དྲུག་ཀར་བཟླ་བ་སོགས་རྟགས་མ་མཐོང་གི་བར་དུ་བྱེད་པ་ཡིན། སོ་སོས་སྐྱོབ་པའི་རྟགས་རྣམས་ལས༔སད་འཁྱེར་འབོབ་དང་རྒྱ་ཚིལ་གྱིས༔ཆོས་དང་བོན་གྱི་བསྲུང་མ་སྐྲོད༔ༀ་དགྲ་བོ་སྙིང་ཤ་ཕཊ༔ༀ་དགྲ་བོ་ལྷ་ཤ་ཕཊ༔གླང་སྐྱེས་གཞོབ་དང་དྲི་ཚིལ་བདུག༔དུད་པས་ཕོ་ལྷ་དགྲ་ལྷ་འབྱེད༔ༀ་དགྲ་བོ་དགྲ་ཤ་ཕཊ༔རྟ་བོང་བངས་དང་རྟ་གསེབ་བོན༔གསུམ་གྱིས་མ་ལྷ་ཞང་ལྷ་འབྱེད༔ༀ་དགྲ་བོ་མོ་ཤ་ཕཊ༔ཡུགས་དོར་ཡུལ་ལྷའི་གཉེན་པོ་སྟེ༔ༀ་དགྲ་བོ་ཡུལ་ཤ་ཕཊ༔ཏིལ་དང་ཡུངས་ནག་སྲོག་ལྷའི་གཤེད༔ༀ་དགྲ་བོ་སྲོག་ཤ་ཕཊ༔ཅེས་པའི་རྫས་རྣམས་ཀྱིས་དམིགས་ཕྱེད་པར་བདུགས་ཤིང་སྔགས་རྣམས་བརྒྱ་རྩ་རེས་ཉུང་མཐའ་བྱས་པ་བཟླ་བ་སོགས་སོ། །རྟགས་ནི། སློབ་དཔོན་དང་སྔགས་པ་བྱུང་ན་ཆོས་བསྲུང་། བོན་པོ་དང་བྱིའུ་བྱུང་ན་བོན་ལྷ། བྱ་ཆེ་བའི་རིགས་བྱུང་ན་མཁར་གྱི་རྩེ་ལྷ། མི་དཀར་བྱུང་ན་ལྷན་སྐྱེས་ལྷ། ལུག་ཁྱུ་དང་གཡག་དཀར་བྱུང་ན་ཕོ་ལྷ། རྟ་དཀར་དང་བྱིང་རྨུགས་བྱུང་ན་སྲོག་ལྷ། ཁྲ་སྤྱང་བྱུང་ན་དགྲ་ལྷ། སྐྱེས་པ་ཞུབ་ཅན་བྱུང་ན་ཕ་ལྷ། བྱ་རོག་བྱུང་ན་ཞང་ལྷ། བུད་མེད་དང་ཤ་བ་ཡུ་མོ་བྱུང་ན་མ་ལྷ་ཡིན་པར་བཤད་ཅིང་། སྔགས་ཀྱང་གོང་མ་དང་མི་འདྲ་ཙམ་གཏེར་ཁྱིམ་ནས་བཤད། དབྱེ་རྫས་ཀྱི་ཐུམ་བུ་ལིངྒའི་སྙིང་གར་འཇོག་ཅིང་སྒྲུབ་ཁང་གི་ཐེམ་འོག་ཏུ་ཞག་གསུམ་ཙམ་མནན་པས་ཀྱང་ལྷ་དང་ཕྲོལ་བར་བཤད་དོ། །བླ་སྲོག་འཛོམ་ཐ་དད་དུ་རྒྱུ་ཞིང་འཛོམ་པའི་དུས་ཡོད་པ་ཞལ་ལས་དྲི་བ་གལ་ཆེའོ། །མཆན། པའི་དུས་ཐུན་ཟོར་དང་བདེན་པ་བརྗོད་དགོས་པའི་གནད་འགག་ཟབ་མོ་ཞལ་ལས་བྲིས་ཕེབས་འདུག་པའི་ཞིབ་ཆ་ཇི་ལྟར་ལགས། སྟག་ཡོས་གཉིས་ཀྱི་བླ་ཆུ་སྲོག་ཤིང་། རྟ་སྦྲུལ་གཉིས་ཀྱི་བླ་ཤིང་སྲོག་མེ། བྱ་སྤྲེལ་གཉིས་ཀྱི་བླ་ས་སྲོག་ལྕགས། བྱི་ཕག་གཉིས་ཀྱི་བླ་ལྕགས་སྲོག་ཆུ། ཁྱི་འབྲུག་གླང་ལུག་བཞིའི་བླ་མེ་སྲོག་


MLP013_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ས། དེ་ནས་ལུས་ནི་ཤིང་བྱི་གླང་གི་ལུས་ལྕགས། མེ་བྱི་གླང་གི་ལུས་ཆུ། ས་བྱི་གླང་གི་ལུས་མེ། ལྕགས་བྱི་གླང་གི་ལུས་ས། ཆུ་བྱི་གླང་གི་ལུས་ཤིང་། ཤིང་སྟག་ཡོས་ཀྱི་ལུས་ཆུ། མེ་སྟག་ཡོས་ཀྱི་ལུས་མེ། ས་སྟག་ཡོས་ཀྱི་ལུས་ས། ལྕགས་སྟག་ཡོས་ཀྱི་ལུས་ཤིང་། ཆུ་སྟག་ཡོས་ཀྱི་ལུས་ལྕགས། ཤིང་འབྲུག་སྦྲུལ་གྱི་ལུས་མེ། མེ་འབྲུག་སྦྲུལ་གྱི་ལུས་ཤིང་། ས་འབྲུག་སྦྲུལ་གྱི་ལུས་ཤིང་། ལྕགས་འབྲུག་སྦྲུལ་གྱི་ལུས་ལྕགས། ཆུ་འབྲུག་སྦྲུལ་གྱི་ལུས་ཆུ། ཤིང་རྟ་ལུག་གི་ལུས་ལྕགས། མེ་རྟ་ལུག་གི་ལུས་ཆུ། ས་རྟ་ལུག་གི་ལུས་མེ། ལྕགས་རྟ་ལུག་གི་ལུས་ས། ཆུ་རྟ་ལུག་གི་ལུས་ཤིང་། ཤིང་སྤྲེལ་བྱའི་ལུས་ཆུ། མེ་སྤྲེལ་བྱའི་ལུས་མེ། ས་སྤྲེལ་བྱའི་ལུས་ས། ལྕགས་སྤྲེལ་བྱའི་ལུས་ཤིང་། ཆུ་སྤྲེལ་བྱའི་ལུས་ལྕགས། ཤིང་ཁྱི་ཕག་གི་ལུས་མེ། མེ་ཁྱི་ཕག་གི་ལུས་ས། ས་ཁྱི་ཕག་གི་ལུས་ཤིང་། ལྕགས་ཁྱི་ཕག་གི་ལུས་ལྕགས། ཆུ་ཁྱི་ཕག་གི་ལུས་ཆུ། དབང་ཐང་འབྱུང་བ་གང་ཤར་ཡིན། ཀླུང་རྟ་ནི། བྱི་འབྲུག་སྤྲེལ་གསུམ་ཀླུང་རྟ་ཤིང་། བྱ་གླང་སྦྲུལ་གསུམ་ཀླུང་རྟ་ཆུ། ཡོས་ལུག་ཕག་གསུམ་ཀླུང་རྟ་མེ། སྟག་རྟ་ཁྱི་གསུམ་ཀླུང་རྟ་ལྕགས། བླ་ཞེས་བྱ་བ་ནི་སྤྱི་ཙམ་དུ། སྲོག་གི་འབྱུང་བའི་ཁམས་གང་ཡིན། དེ་ལྟར་ལོ་རྒན་དྲུག་ཅུ་བརྩིས་ནས། གང་དགྲ་གཤེད་དུ་བབས་པའི་དུས་ལས་སྦྱོར་དང་། དགུག་བསྐྲད་མནན་གཟིར་གྱི་ལས་བརྩམས་པ་ཡིན་ཏེ། དཔེར་ན་དགྲ་ཕག་ལོ་པ་ཡིན་ན་གསོད་གཟིར་གྱི་ལས། དྭ་བླ་གཤེད་འདི་དུས་ཚོད་མཚོན་ཆའི་དཔེ། ཡང་། དགྲ་ཡོས་ལོ་པ་ལ། ཉི་མ་བྱ་སྤྲེལ། གཟའ་ཉི་མ་མིག་དམར་ལྟ་བུ་དུས་ཚོད་བྲུབ་ཁུང་ཟེར་བ་ཡིན་ཏེ་དུས་དགྲའི་ལོ་དང་སྒྲིག་པའོ། །མཆན། ནམ་ཕྱེད་ཡོལ་གླང་གི་དུས་སུ་བྱེད་པ་ལྟ་བུས་མཚོན་ནོ། །ཕུར་འདེབས་དུས་བོ་དྷི་ཙིཏྟ་ཞེས་པའི་མཇུག་གི་བསམ་བྱར། ཟུང་འཇུག་ལ་དམིགས་པ་ཤིན་ཏུ་གསལ་བར་བྱའོ། །ཕེབས་འདུག་པར་སྒོམ་དོན་ཁྱེར་བདེ་བ་ཞིག་དང་། རྣམ་ཤེས་སྤར་ས་ཡང་སྐབས་འདི་ཁར་ཡིན་ནམ། འདི་འཇུག་རྡོ་རྗེ་ཕུར་བུ་ཀི་ལ་ཡ། ཞེས་པ་ནས། སྔགས་མཇུག་རྦད་རྦད་ཅེས་པའི་དུས་གཉིས་གང་སྤར་རྒྱུ་ཡིན། ཕུར་བུ་བསྐྱེད་པ་ཡང་། ལས་བྱང་དུ། དྲེགས་འདུལ་དྲང་སྲོང་སྤྲུལ་པའི་སྲས། །ཞེས་པ་ཙམ་ལས་གསལ་བ་ཞིག་མི་འདུག་པས། སྐུ་མདོག་དང་ཞལ་ཕྱག་ཅི་འདྲ་ཞིག་ཡིན་ལགས་པ་དང་། འདི་ཁ་ལ་ཚེ་ཁྲུས་རྫོང་འཕྲང་སྲོག་གསུམ་གསོ་བ་རྣམ་གསུམ་དང་


MLP013_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་སྐོར་རྣམས་ཞལ་གསལ་བ་ཞིག་མི་འདུག་པས་ཡང་བཟློག་སོགས་ཀྱི་རྒྱས་འགེབས་བྱས་པས་འཐུས་སམ། དེ་མིན་སྙིང་པོར་དྲིལ་བ་ཞིག་མཁྱེན་ལགས། བདག་དང་ལྷ་བསྒྲལ་བྱ་གསུམ་ག་གཉིས་སུ་མེད་པ་སྤྲོས་བྲལ་བློ་འདས་ཆོས་སྐུ་ཐིག་ལེ་ཉག་གཅིག་དེ་ཁོ་ན་ཉིད་ཀྱི་ངང་ལ་བློ་འཇོག་ཅིང་། རྣམ་ཤེས་སྤར་བ་ཡང་སྐབས་འདི་ཉིད་རང་དུ་ཡིན་ཏེ། ངོ་བོ་བརྟེན་པ་སེམས་ཀྱི་ཆོས་ཉིད་བསྒྲལ་བའོ། །རྡོ་རྗེ་ཕུར་བུ་ཞེས་པ་མན་ཆད་ནི་རྟེན་ནམ་རྟེན་གཞི་བག་ཆགས་ཀྱི་གཟུགས་རྟེན་བསྒྲལ་བ་ཡིན། ཕུར་བུ་བསྐྱེད་པའི་དམིགས་བསལ་གཞུང་དུ་མི་འདུག་ཀྱང་། གཞན་གྱི་རིགས་འགྲེ་ལྟར་ན། སྲས་མཆོག་ཞལ་གཅིག་ཕྱག་གཉིས་མཐིང་ནག་ཕུར་བུ་འདྲིལ་བ་སྨད་ཕུར་བུར་བསྒོམ་པས་ཁྱབ་ཅིང་། ཡང་ཕྱག་གིས་ཐོ་རལ་འཛིན་པར་བྱས་ཀྱང་འགལ་བ་ནི་མ་མཐོང་། རྫོང་འཕྲང་སྲོག་གསུམ་གྱི་གནད་ནི་དྲག་སྔགས་སྤྱི་ལ་གཅེས་པའི་ཁོག་ཡིན་པས་རྒྱ་འབག་གི་མིག་ལྟར་འཕྲུལ་ཤེས་དགོས་གསུངས་པ་བཞིན། ཡང་བཟློག་སོགས་ཀྱི་གཞུང་ནས་བཤད་པ་བཞིན་གནང་བས་ཤིན་ཏུ་ཁྱབ་ཅིང་། གཞུང་ལ་ལར་དམིགས་གནད་འདྲ་མིན་སྔ་ཕྱིར་ཁ་ཤས་བྱུང་ཡང་བཤད་ཚུལ་ཡིན་གྱི་བཤད་གཞིའི་དགོངས་དོན་ལ་མི་མཐུན་པ་མེད་དོ། །གྲོལ་ཉིན་གཏོར་ཆེན་ཟོར་བསྒྱུར་བྱས་རྗེས། སླར་གཏོར་མ་གསལ་འདེབས་མན་ངག་ལྟར་བྱ་གནང་འདུག་པ་བུ་པོད་ཀྱི་ཟིན་བྲིས་སུ་འདུག་པ་དེ་ཁ་ཡིན་ནམ། དེ་མིན་ཇི་ལྟར་ལགས། དྲག་གཏོར་གནས་གྱུར་རྫུས་སྐྱེས་སུ། །ཞེས་སོགས་ཟོར་གྱི་མན་ངག་ཏུ་བཤད་པ་ལྟར་ཡིན། ལྕེ་རྩར་ཞི་སྔགས་བཟླ་དུས་མན་ངག་བཞིན་བྱེད་ཟེར་བ་ཆོས་ཚན་དུ་འདུག་པས་ཇི་ལྟར་ལགས། མགྲིན་པའི་ཟླ་བའི་དབུས་སུ་ཨཱཿཡིག་ལ་ཏྲཾ་དུས་སྔགས་ཀྱིས་བསྐོར་བར་སྔར་ནས་བསྒོམས་པར་འདི་དུས་དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་པའི་དོན་ཡིན། རང་ལུས་རྡོ་རྗེར་བསྒོམ་པའི་ཡར་རྩེ་ནམ་མཁའ་ཞེས་གདུགས་འོག་དང་། མར་རྩེ་དབང་ཆེན་གཞི་ལ་རེག་ཅེས་པ་བུམ་ཞབས་ཡིན་ཚུལ་འདུག་པ་དེ་ཁ་ཡིན་ནམ། ཇི་ལྟར་ལགས། འདི་ལ་རྩ་བའི་ཡི་གེ་རྡོ་རྗེ་སྒོམ་པའི་སྐབས་སུ་མཆོད་རྟེན་གྱི་བཤད་གཞི་ཡོད་ཚོད་མིན། དེས་ན་ཡར་རྩེ་ནམ་མཁའ་དང་མར་རྩེ་ས་གཞིར་དོགས་པ་མི་དགོས་མཆོད་རྟེན་བསྒོམས་ཕྱིན་ཚིག་དོན་མི་འབྲེལ་ཡང་ཇི་ལྟར་གསུངས་པ་བཞིན་མཛད་པ་ལས་འོས་མེད་པ་འདྲ། མངོན་


MLP013_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱི་སྐབས་འདིར་ཐུན་ཐག་མ་ཡན་པ་གལ་ཆེ་ཕེབས་འདུག་པ། ངེས་པར་ཐུན་བར་མ་ཆད་པའི་ལག་པས་འཛིན་དགོས་རང་ཡིན་ནམ། སྤོམ་རག་པའི་ཞལ་གདམས་སུ། མདུན་དུ་ལྕགས་ཕུར་ལ་བརྟོད་ལ་འཇོག་གསུངས་པ་བཞིན་བྱས་ཆོག་པ་ཅི་འདྲ་ལགས། ལྕགས་ཕུར་འདི་དང་། ལས་ཁུང་གི་བསད་ལིང་གི་སྙིང་གར་སེང་ཕུར་སོར་བཞི་པར་ཐུན་ཐག་བཏགས་འདུག་པའི་འདི་གཉིས་ལྷ་རུ་བསྐྱེད་རྒྱུ་ཡོད་དམ་མེད། ཡོད་ཚེ་ཅི་འདྲ་ཞིག་ཏུ་བསྐྱེད་རྒྱུ་ཡིན་ལགས་པ་དང་། ཐུན་ཐག་བརྒྱུད་ནས་འོད་ཟེར་སྤྲོ་བ་ལྕེའི་སྔགས་ཕྲེང་རང་ནས་ཡིན་ནམ། ཐུགས་ཀ་ནས་ཡིན་ཇི་ལྟར་ལགས། ཐུན་ཐག་མི་ཡན་པའི་དོན་ནི། སྒྲུབ་གྲོགས་དང་བཅས་པའི་ཚེ་ན་སྔགས་གསུང་མི་ཆད་ཡིན་པས། སྒྲུབ་པ་པོས་བཟུང་ཕྱིན་ཐུན་ཐག་མི་ཡན་པ་ཡིན་ལ། གྲོགས་མེད་ན་མདུན་གྱི་ཐུན་ཕུར་ལ་བརྟོད་པར་བཤད་ཅིང་། སྒོམ་དོན་ནི་དམིགས་སུ་མི་གསལ་ཡང་ཞེ་སྡང་རྡོ་རྗེ་ཉིད་དུ་སྒོམ་པའོ། །ཡང་ན་ངོ་བོ་ལྷ། རྣམ་པ་ཕུར་བུ་ཉིད་དུ་བསྒོམ་པས་ཀྱང་རུང་ངོ་། །འོན་ཀྱང་རྒྱུན་དུ་ཐུན་ཕུར་ཉིད་ལ་བརྟོད་བཞིན་པའི་སྣེ་མོ་ནས་སྒྲུབ་པ་པོས་འཛིན་པ་ཕྱག་ལེན་ལ་འདུག་གོ །བསྲུང་བཟློག་དུས་བུམ་ནང་དུ་ལྷ་རྣམས་བསྒོམས་པའི་ཕྱི་རོལ་དུ་སྔགས་ཕྲེང་ཚར་གཅིག་བསྒོམ་དགོས་པ་ཡིན་ནམ་ལགས། བཟླས་དམིགས་སུ་ཞེས་པའི་སྔགས་ཕྲེང་རང་ཉིད་ལྷར་གསལ་བའི་ཕྱི་རོལ་འོད་ཟེར་གཡས་སུ་ཡོད་པ་བསྐོར་ཞིང་ཞེས་པ་འདུག་པར་དོགས་པ་བྱུང་ལགས། འདི་རྣམས་ལ་བཀའ་མཆན་གསལ་བ་ཞིག་མཁྱེན་ལགས། ལྷའི་ཕྱི་རོལ་དུ་སྔགས་ཀྱི་ཕྲེང་བ་འོད་ཟེར་འཕྲོ་བ་དང་བཅས་སྒོམ་དགོས་པ་ཅིས་ཀྱང་ཡིན་ནོ། །ཡང་བཟློག་གི་ནྲིཿརཀྴ་སོགས་ལ་ཡང་གོ་བདེའི་བསླབ་སྟོན་ཞུ། ནྲིཿརཀྴ་སེམས་ཆགས། ཤ་རཀྴ་ཤ་ཆགས། ཁམས་རཀྴ་ཁྲག་ཆགས། ཀེཾ་རཀྴ་རུས་ཆགས། རཾ་རཀྴ་དྲོད་དང་ལྡན། ཡཾ་རཀྴ་དབུགས་དང་ལྡན། ཞེས་པའི་དོན་ནི་བསྒྲལ་བྱའི་དམིགས་རྟེན་ལུས་དེ། ནམ་མཁས་གོ་ཕྱེ་ནས། ས་ཆུ་མེ་རླུང་སྟེ་འབྱུང་བ་ལྔ་སེམས་ཤ་ཁྲག་དྲོད་དབུགས་སུ་སྣང་བ་ཡིན་པས། དེའི་རྟེན་ཡང་འབྱུང་བ་ལྔ་ལས་གྲུབ་པར་དགོངས་པས་དམིགས་པའི་འབེན་ངོས་བཟུང་ནས་དེ་ལ་འབྱུང་བ་ལྔའི་ལས་ཀྱི་སྦྱོར་བ་རྣམས་གཤེད་དུ་འབེབས་པའོ། །ཡང་། མནན་པའི་སྐབས་འབྱུང་བའི་རྒྱས་འདེབས་ནི། ཨེ་ནྲི་ཏྲི་མཱ་ར་ཡ་སྟམྦྷ་ཡ་ནན། དེ་བཞིན་དུ། ཡཾ། རཾ། བཾ། ལཾ། སུཾ་སོགས་རིམ་བཞིན་ནམ་མཁའ་ཆོས་འབྱུང་
གྲུ་གསུམ། རླུང་གཞུ་དབྱིབས། མེ་གྲུ་གསུམ། ཆུ་ཟླུམ་པོ། ས་གྲུ་བཞི། རི་རབ་སྤྱི་མཐུན་རྣམས་རིམ་པ་ཅན་བསྒོམས་པས་འབྱུང་བ་རིམ་ཅན་དུ་ཆགས་པའི་སྣོད་བཅུད་ཆེན་པོ་གཅིག་གིས་ཅིས་ཀྱང་མི་ཐར་བར་གནན་པར་བསམ་མོ། །སཱཙྪ་ཆུ་ཀླུང་དུ་སྦྱར་བ་ལ་ཉེས་པ་མེད་ཅིང་ཕན་པའི་ཁུངས་ནི། ངན་སོང་སྦྱོང་རྒྱུད་སོགས་ནས་སྦྱིན་སྲེག་བྱས་པའི་རུས་བུ་ལས་སཱཙྪ་བཏབ་སྟེ་ལམ་གྱི་གཞི་མདོར་མཆོད་རྟེན་སོགས་སུ་བཞུགས་སུ་གསོལ་ནས་ཚེ་འདས་ཀྱི་མིང་ནས་སྨོས་པའི་གཟུངས་བཟླས་པས་ངན་སོང་ལས་ཐར་བ་དང་། གཟུངས་ཀྱི་རྟོག་པ་དག་ལས་སཱཙྪ་ཆུ་བོར་གཤེགས་སུ་གསོལ་བས་སྡིག་སྒྲིབ་སྦྱོང་བར་གསུངས་པ་སོགས་ཀྱང་གསལ་པོར་འདུག་པས། དེང་སང་ཆུ་བོར་གཤེགས་པའི་ཁུངས་ཀྱང་དེ་བཞིན་ཡིན་འདུག །

མི་དབང་ཆེན་པོའི་བཀའ་དྲིའི་ལན་དུ་གསོལ་བ།


MLP013_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོའི་བཀའ་དྲིའི་ལན་དུ་གསོལ་བ། རིག་འཛིན་བརྒྱད་ཀྱི་ནང་ཚན་ཧཱུྃ་ཀ་ར་ནི། རྒྱ་གར་གྱི་མཐའ་འཁོབ་ཅིག་ཏུ་འཁྲུངས། ཐོག་མར་མུ་སྟེགས་ཀྱི་ལུགས་ལ་མཁས་ཤིང་ནུས་པ་གྲུབ་པ་ལས། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་ནཱ་ལེནྡྲར་སློབ་དཔོན་མར་མེ་མཛད་བཟང་པོ་དང་། དེའི་བླ་མ་སངས་རྒྱས་ཡེ་ཤེས་ཞབས་གཉིས་ལ་ཕ་རོལ་ཕྱིན་པ་ནས་བརྩམས་ཏེ་གསང་སྔགས་ཕྱི་ནང་གི་བར་ལ་ཐོས་པས་རྒྱུད་སྦྱངས། དབང་དང་གདམས་པ་མཐའ་དག་གསན། ཁྱད་པར་འདུས་པ་དང་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་མེ་ཏོག་ཁྲོ་བོ་ཧཱུྃ་མཛད་ལ་ཕོག །ཡུན་རིང་དུ་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། གདོལ་པའི་རིགས་ཀྱི་ཕྱག་རྒྱ་ཞིག་ལ་བརྟེན་ནས་བསྒྲུབས་པས་ནམ་མཁའ་ནས་ཧཱུྃ་གི་སྒྲ་ཆེན་པོ་བསྒྲགས། ཧེ་རུ་ཀའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་གཟིགས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། གཞན་ཕན་གྱི་ཕྲིན་ལས་དཔག་མེད་བསྐྱངས་ནས་སྐུ་ལུས་དེ་ཉིད་ཕྱིས་མི་བསྐྱོད་པའི་ཞིང་དུ་གཤེགས་ཞེས་གསར་རྙིང་གཉིས་ཀ་ལ་ལོ་རྒྱུས་གུ་རུ་ལུགས་སུ་སྣང་བའི་མཚན་གཞི་དེ་ལས་གསར་མ་བ་རྣམས་སློབ་དཔོན་སྨན་པའི་ཞབས་


MLP013_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྙིང་མ་བ་རྣམས་ཧཱུྃ་ཀ་ར་ཞེས་བརྗོད་ཅིང་དེ་ཉིད་སད་ན་ལེགས་ཀྱི་དུས་བོད་དུ་ཡང་བྱོན་པར་འཆད་ལ། འཁྲུངས་ཡུལ་ནི་རྒྱ་གར་མཐའ་འཁོབ་ཅིག་ཡིན་པར་བཤད། བཀའ་ཐང་ལས། རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ་ཞེས་གསུངས་པའང་འགྲིག་ཅིང་། ལ་ལར་བལ་ཡུལ་ཡིན་པར་ཡང་བཤད། རྙིང་མ་བའི་ལོ་རྒྱུས་འགར་རྒྱ་གར་ཧཱུྃ་ཀ་རའི་སློབ་མ་བལ་པོ་ཧཱུྃ་ཀ་ར་ཡིན་པ་དང་། དེ་ཉིད་ཡང་དག་གི་རིག་འཛིན་དེ་ཡང་ཡིན་པ་འདྲ་ཞིག་དང་། ཡང་། ཡང་དག་གི་རིག་འཛིན་ཧཱུྃ་ཀ་ར་ནི་རྒྱ་གར་ཧཱུྃ་ཀ་ར་ཡིན་ལ། བལ་པོ་ཧཱུྃ་ཀ་ར་ནི་ཕུར་པའི་སློབ་དཔོན་གསུམ་གྱི་ནང་ཚན་བལ་པོ་ཤི་ལ་མཉྫུའི་གསང་མཚན་ཧཱུྃ་ཀ་ར་སྟེ། དེ་ཉིད་རྒྱ་གར་ཧཱུྃ་ཀ་རའི་སློབ་མ་ཡིན་པར་བཤད་པའང་སྣང་ཡང་། བཀའ་བརྒྱད་ཀྱི་རིག་འཛིན་འདུས་པ་རྩ་བའི་རྒྱུད་ཀྱི་ལུང་བསྟན་ལྟར་ན་རྒྱ་གར་ཤར་ཕྱོགས་སིངྒའི་གླིང་ཞེས་ཟ་ཧོར་དང་ཁད་ཉེ་འབྲེལ་ཆགས་པ་དེ་ཉིད་ཡིན་པར་གྲུབ་སྟེ། སིངྒ་ལ་ཡི་ཡུལ་དུ་ནི༔ཧཱུྃ་ཞེས་གྲགས་པ་འབྱུང་བ་དེས༔ཁྱད་པར་ཐུགས་ཀྱི་སྒྲུབ་ལུགས་སྟོན༔ཅེས་བཤད་པ་དང་ཡང་འགྲིག་ལགས། རིག་འཛིན་གཞན་གསུམ་པོར་ལོ་རྒྱུས་རྒྱས་པ་ཡིག་ཆར་འཁོད་པ་ཡོད་དུ་སྲིད་ཀྱང་ད་རེས་དམིགས་རྙེད་པ་ཞིག་མ་བྱུང་བ་དང་། འཁྲུངས་ཡུལ་ཙམ་ནི་བདེ་འདུས་རིག་འཛིན་རྩ་རྒྱུད་ཀྱི་ལུང་གི་འཕྲོས་ལས། ཨོ་རྒྱན་ཐོ་གར་ཡུལ་དུ་ནི༔སྐྱེས་པའི་དྷ་ན་ས ཾ་སྐྲྀ་ཏས༔མངོན་རྫོགས་ལྷ་ཡི་རྒྱལ་པོ་སྟོན༔ལྷ་ཡི་ཟླ་བ་ཞེས་བྱ་བས༔འཇིག་རྟེན་རང་རྒྱུད་མང་པོ་སྟོན༔ཞི་བའི་སྙིང་པོ་ཞེས་བྱ་བས༔དྲག་སྔགས་སྤྱོད་པ་སྒྲུབ་ཅིང་སྟོན༔ཅེས་གསུངས་པ་ལྟར་ན་འདི་གསུམ་གྱི་གནས་དང་མཚན་གྱི་ཁྱད་པར་ཙམ་ལས་རགས་པ་ཡུལ་ཕྱོགས་གཅིག་ཏུ་བསྟན་པ་ལྟ་བུར་སྣང་ལགས་པ་དང་། ཀླུ་སྒྲུབ་ཀྱི་སྦྲུལ་གདེངས་ལ་ལོ་རྒྱུས་དངོས་གནས་མཐོང་བ་གཞན་མ་བྱུང་ཡང་། ལོ་རྒྱུས་གཞན་གྱི་རྗེས་སུ་དཔག་ན། མདོ་མངོན་འབྱུང་དུ། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས་པ་ན་རླུང་ལ་སོགས་པས་སྐུ་ལ་མི་གནོད་པའི་ཕྱིར། ཀླུ་རྣམས་ཀྱི་ལུས་ཀྱིས་སྐུ་ལ་དཀྲིས། མགོ་བོ་གདེངས་ཀར་བྱས་ཏེ་བཀུར་སྟིས་མཆོད་པ་ལྟར་ན། ཀླུ་སྒྲུབ་ཀྱིས་གསེར་འགྱུར་གྱིས་དགེ་འདུན་གྱི་འཚོ་བ་བསྐྱངས་པའི་སྡིག་སྦྱོངས་


MLP013_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་བར་སློབ་དཔོན་གྱིས་གདམས་པ་ལས་དེ་གང་ཟག་གཅིག་གིས་འགྲུབ་དཀའ་བས་ཀླུ་ལ་གྲོགས་པོ་འཆོལ་བའི་ཆེད་དུ་ཀུ་རུ་ཀུལླེའི་རིག་སྔགས་ཀྱིས་ཀླུ་དབང་དུ་བསྡུས་ནས་མཐར་ཀླུའི་གནས་སུ་བྱོན་ཏེ་ཆོས་བསྟན། འགྲོ་ཕན་རྒྱ་ཆེར་མཛད་ཚེ་བསྐུར་སྟིས་མཆོད་ཚུལ་མངོན་འབྱུང་ནས་བཤད་པ་དང་ཕྱོགས་འདྲ་བ་སྙམ་ལགས་པ་དང་། བློས་བསླང་རྟེན་གང་དུ་བསྡུ་བའི་ཆ་ཡོངས་གྲགས་ལ་སྐུ་རྟེན་གཟུགས་སྐུ་ཁོ་ན་དང་། ཐུགས་རྟེན་ཐུན་མོང་པ་མཆོད་རྟེན། ཁྱད་པར་སྔགས་ཀྱི་ཁྱད་ཆོས་ཀྱིས་ཟིན་པའི་ཕྱག་མཚན་སོགས་ལ་བྱེད་ཅིང་། ལ་ལ་དག་མཆོད་རྟེན་ཐུགས་ཀྱི་རྟེན་དུ་མི་བཞེད་པ་དང་ཕྱོགས་མཚུངས་བློས་བསླང་ཡང་སྐུ་རྟེན་ཁོ་ནར་འཇོག་པ་ལྟ་བུར་སྣང་ན་ཡང་། སྤྱིར་མཆོད་རྟེན་དུ་བཞག་པ་ལ་འགལ་བ་མེད་པར་མ་ཟད། ཁྱད་པར་སྔགས་ཀྱི་ཁྱད་ཆོས་ཀྱིས་ཟིན་པའི་དཀྱིལ་འཁོར་བློས་བསླང་ཐུགས་ཀྱི་རྟེན་དུ་འཇོག་པ་གནང་བ་ལ་འགལ་བ་མེད་སྙམ་སྟེ། སྐུ་རྟེན་ཡིན་ན་གཟུགས་སྐུ་ཁོ་ན་ཡིན་པར་མ་ངེས་ཏེ་ཆོས་ཀྱི་སྐུའི་རྟེན་ཡང་སྐུ་རྟེན་དུ་གྲུབ་པ་དང་། དེ་གྲུབ་ཕྱིན་ཐུགས་ཆོས་ཀྱི་སྐུ་དང་འབྲེལ་བ་སྟེ། དེ་ཡང་སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་ཆོས་ཇི་སྙེད་པ་ནི་ཐུགས་ཆོས་སྐུའི་ནང་འདུ་ཞིང་། དེ་བཞིན་དུ་གསུང་ནི་གཟུགས་ཀྱི་སྐུའི་ནང་དུ་འདུ་སྟེ། སྐུ་དེ་གཉིས་ལ་བརྟེན་པའི་ཡོན་ཏན་གྱི་ཁྱད་པར་གཙོ་ཆེ་བ་ལ་དཔྱད་ན། ཆོས་སྐུ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་ཚད་མེད་པ་དང་ལྡན་ལ་གཞན་སྣང་གིས་བསྡུས་པའི་གཟུགས་སྐུ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ནོ། །དེས་ན་སྤྱིར་མཆོད་རྟེན་དང་ཁྱད་པར་ཐུགས་ཆོས་སྐུའི་ཡོན་ཏན་ཁྱད་ཆོས་སུ་སྦྱོར་བ་ལ་བརྒལ་བར་མི་ནུས་ཏེ། བྱང་ཕྱོགས་སོ་བདུན་གྱི་ཆོས་རྣམས་ཐུན་མོང་གི་མཆོད་རྟེན་དང་། ཁྱད་པར་གྱི་མཆོད་རྟེན་དུ་གྲུབ་པ་དཀྱིལ་འཁོར་ལ་སྦྱོར་བ་སོ་སོའི་བཤད་ཁུངས་མདོ་རྒྱུད་རྣམས་སུ་གསལ་བར་གསུངས་པའི་ཕྱིར་རོ། །དེས་ན་མཆོད་རྟེན་ཆོས་སྐུའི་རྟེན་དུ་འདོད་ཀྱང་ཐུགས་རྟེན་མིན་པར་སྒྲུབ་པ་ནི། ཆོས་སྐད་སྤྱི་ཁྱབ་ཏུ། རྟེན་སྐུ། བརྟེན་པ་ཡེ་


MLP013_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། མཛད་པ་ཕྲིན་ལས་ཞེས་པ་ལ་བསམ་པ་ལྟར་སྣང་ཡང་མཆོད་རྟེན་དང་དཀྱིལ་འཁོར་དག་སྦྱོར་དུ་གསུངས་པས་ན་སྐྱེས་བུའི་ལུས་ཀྱི་མགོ་མགོ་བོར་འདོད་ཀྱང་དེ་ལ་བརྟེན་པའི་ཁ་མིག་སོགས་དེ་དང་དེ་མིན་ཅེས་སྨྲ་བ་དང་མཚུངས་པས། ཆོས་སྐུའི་རྟེན་དུ་གྲུབ་ཕྱིན་ཆད་ཐུགས་ཀྱི་རྟེན་དུ་མ་གྲུབ་པར་སྨྲ་བ་ལ་ཤེས་བྱེད་ཡོད་པར་མ་གོ་བས། སྔ་སོར་ཡིན་ལུགས་ལྗགས་བཤད་དུ་གནང་བ་ནི་ལེགས་བཤད་གསེར་གྱི་གར་བུ་དཔྱད་བདར་གྱིས་ངོ་མཚར་གསལ་བ་ལྟ་བུ་ལགས། སྟག་ཚང་པ་དོན་གནས་ཀྱི་མཁས་པ་ལེགས་བཤད་སྨྲ་བར་མཐུན་སྣང་དུ་གྲུབ་པ་ལྟ་བུ་སྣང་ཡང་། དཔལ་རྒྱམ་དང་སྡོམ་གསུམ་འགྲེལ་པ་སོགས་སུ་དབང་ཆེན་སྟངས་ཆོད་ཀྱི་གསུང་ཡང་ཅི་རིགས་སུ་སྣང་སྟེ། སངས་རྒྱས་གསང་བའི་དཀྱིལ་འཁོར་ཆོས་དོན་སོགས་རྣམ་དག་ཡིན་པར་མཁས་པ་དག་གིས་བཤད་ཀྱང་། རྫུན་མར་བསྒྲུབ་ཅིང་རྒྱུ་མཚན། ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་ཀོ་ས་ལ་དང་། ཨ་བྷ་ཡའི་ཕྲེང་བ་སོགས་དང་མི་མཐུན་པ་ལ་མཛད་མོད། དེས་ན་དེ་དག་ཀྱང་རྣམ་དག་མིན་པར་འགྱུར་ཏེ་སངས་རྒྱས་གསང་བ་དང་མི་མཐུན་པའི་ཕྱིར་དང་། དེ་དག་པཎ་གྲུབ་ཡིན་མཉམ་ལ་སངས་རྒྱས་གསང་བ་ལ་འགྲན་དུ་མེད་པ་ལགས། ཨོ་རྒྱན་གྱི་ཕྱག་མཚན་གྱི་དོན་རྟགས། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནི་ཐབས་འགྱུར་བ་མེད་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་རང་རིག་དང་གཞན་རིག་གི་ཆ་རྣམ་པར་སྤངས་པའི་ཆོས་ཉིད་གདངས་ཡེ་ཤེས་ལྔར་མ་འགགས་པར་མཚོན་པའི་བརྡ་དང་། གཡོན་གྱི་ཐོད་པ་ནི་ཀ་པཱ་ལའི་སྒྲ་ལས་བདེ་བ་སྐྱོང་བར་བྱེད་པ་སྟེ། གང་གིས་སྐྱོང་ན་ཤེས་རབ་རྣམ་པར་མི་རྟོག་པའི་ཆོས་ཉིད་དྲི་མ་མེད་པའི་བདག་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་སྣང་ཆ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་བདུད་རྩིས་གང་བའོ། །གྲུ་མོ་གཡོན་ན་ཁ་ཊཱཾ་ཀ་བསྟེན་པ་ནི་ཡུམ་གསང་སྤྱོད་ཀྱི་དུས་ཁ་ཊཱཾ་ཀར་བསྒྱུར་བ་སྟེ། གཞི་ཆོས་ཉིད་རྣམ་པར་དག་པ་རྡོ་རྗེའི་ཁམས་མཚོན་པའི་རྩ་བ་རྡོ་རྗེ་རྩེ་གཅིག་པ། བྱང་ཆུབ་ཀྱི་སེམས་དྲི་མ་མེད་པའི་བདག་ཉིད་མཚོན་པའི་ཡུ་བ་དཀར་པོ། ཕྲིན་ལས་བཞི་མཚོན་པའི་སྣ་ཚོགས་རྡོ་རྗེ། གདུལ་བྱའི་རེ་བ་སྐོང་བའི་བུམ་པ། ཡུམ་ཡེ་


MLP013_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མཁའ་འགྲོའི་སྐུ་གསུང་ཐུགས་མཚོན་པའི་མགོ་བོ་རློན་པ། རྙིང་པ། སྐམ་པོ་གསུམ་བརྩེགས་པ། བདེན་གསུམ་དབྱེར་མེད་པས་དུག་གསུམ་རྩད་ནས་གཅོད་པ་མཚོན་པའི་རྩེ་མོ་རྡོ་རྗེ་རྩེ་གསུམ་རྭ་གདེངས་པ། དེ་ལས་འཕྱང་བའི་མེ་ལོང་ནི་ཐུགས་གསལ་ལ་རྟོག་པ་མེད་པའི་ཆོས་ཉིད། རང་བཞིན་ཐབས་ཤེས་ཀྱི་ཆོས་སྒྲ་སྒྲོག་པའི་ཌཱ་དྲིལ་གཡེར་ཁ། ཕྲིན་ལས་ལྷུན་གྱིས་གྲུབ་པའི་བ་དན་དཔྱངས་པའོ། །དེ་ཡང་དབང་བཞི་རྫོགས་པ་དང་སྦྱར་ན། རིག་པའི་དབང་ལྔ་བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པ་སྟེ། བུམ་དབང་རྫོགས་པས་ཕུང་པོ་ལྔར་འཛིན་གྱི་དྲི་མ་སྦྱངས་ནས་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་དག་པས་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་པ། ཆོས་ཉིད་རྣམ་པར་དག་པའི་བདེ་བ་སྐྱོང་བའི་ཐོད་པ་བདེ་ཆེན་བྱང་ཆུབ་སེམས་ཀྱིས་བཀང་བ་གཡོན་མཉམ་བཞག་གིས་འཛིན་པ་གསང་དབང་རྫོགས་པའི་བརྡ། ཡུམ་སྦས་པའི་ཚུལ་དུ་གྲུ་མོར་ཁ་ཊཱཾ་ཀ་བསྣམས་པ་ནི་རྟེན་ཤེས་རབ་ཡེ་ཤེས་དང་བརྟེན་པ་དབང་བཞི་པའི་ཡེ་ཤེས་རྫོགས་པའི་བརྡར་འགྱུར་རོ། །དེ་དག་གི་ངག་དོན་སྙིང་པོར་དྲིལ་ན། རཏྣ་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་གི །ཕྱག་གཡས་རྡོ་རྗེ་བྷཉྫ་གཡོན༔ཞེས་པའི་འགྲེལ་པར་རཏྣ་གླིང་པས་ཕྱག་གཡས་སྐུ་གསུང་ཐུགས་མི་འགྱུར་བ་ཐབས་ཀྱི་རྡོ་རྗེ་དང་། གཡོན་རྟོག་མེད་ཀྱི་བྷཉྫ་ཡེ་ཤེས་ཀྱི་བདུད་རྩིས་གང་བའོ། །ཞེས་པ་དང་། པད་གླིང་གཏེར་བྱོན་གུ་རུའི་དོན་བསྟོད་ཨོ་རྒྱན་གྱི་གསུང་ལས། བླ་མེད་དོན་རྟོགས་རྡོ་རྗེ་ཐུགས་ཀར་འཛིན༔དངོས་གྲུབ་མཆོག་སྟེར་ཐོད་པ་བདུད་རྩི་བསྣམས༔དུག་གསུམ་རྩད་གཅོད་ཁ་ཌཱཾ་རྩེ་གསུམ་འཕྱར༔ཞེས་ཀྱང་གསུངས་སོ། །རྗེ་བཙུན་ས་པཎ་དང་རྗེ་བདག་ཉིད་ཆེན་པོར་ཕྱག་མཚན་རལ་གྲི་དང་པུསྟི་མཛད་པ་ནི། ངོ་བོ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་རྣམ་པ་གདུལ་བྱ་ཐུན་མོང་གི་ངོར་དགེ་སློང་གི་ཚུལ་བཟུང་བ་ལས་དོན་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་པའི་ཤེས་བྱེད་དུ་དེའི་ཕྱག་མཚན་ཕྱག་རྒྱ་དེ་ཉིད་ཀྱིས་འཛིན་པར་མཛད་པ་སྟེ། ས་པཎ་དང་འཇམ་དབྱངས་སྦྲགས་སྒྲུབ་ཏུ་གྲགས་པའི་བྱིན་རླབས་དང་བླ་མའི་རྣལ་འབྱོར་ལུགས་ལ་གྲགས་ཤིང་། དགེ་ལུགས་
ལའང་རྗེ་བདག་ཉིད་ཆེན་པོ་འཇམ་དབྱངས་དང་གཉིས་མེད་ཀྱི་བླ་མའི་རྣལ་འབྱོར་དང་། པཎ་ཆེན་དགེ་འདུན་རྒྱ་མཚོས་ཀྱང་། ཡབ་ཀྱི་ཡབ་གཅིག་འཇམ་དཔལ་དབྱངས། །དགེ་སློང་ཚུལ་བཟུང་ཙོང་ཁ་པ། །ཞེས་གསུངས་པ་དང་། དེ་བཞིན་དུ་འབྲོམ་སྟོན་དང་། སྐྱབས་མགོན་ཐམས་ཅད་མཁྱེན་པའི་སྐུའི་ཕྱག་ཏུ་པད་དཀར་འཛིན་པ་སོགས་དང་ཡང་མཚུངས་པ་འདྲ་སྙམ་ལགས།

དུས་འཁོར་གྱི་བློས་བསླང་ལ་བརྟེན་པའི་མི་དབང་ཆེན་པོའི་དྲི་ལན།


MLP013_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༈ དུས་འཁོར་གྱི་དཀྱིལ་འཁོར་བློས་བསླང་ལ་བརྟེན་པའི་མི་དབང་ཆེན་པོའི་བཀའ་དྲིའི་ལན་དུ་ཕུལ་བ། ལགས། དུས་འཁོར་བློས་བསླང་བཞེངས་པ་གནང་རྒྱུ། སྤྱིར་རྣལ་འབྱོར་པས་ཏིང་ངེ་འཛིན་སྒོམ་དུས་ཀྱི་ལྷ་གྲངས་མང་ཉུང་གི་བྱེད་པས་དངོས་གྲུབ་འགྲུབ་པ་ནི་མཆོག་དམན་གྱི་སྟོབས་ཀྱིས་ཁྱད་པར་ཅུང་ཟད་ཙམ་དང་། དབང་བསྐུར་ནའང་རྒྱུད་སྨིན་ཚབ་ཆེ་ཆུང་ནི་གང་ཟག་མཆོག་གི་སྤྱོད་ཡུལ་འགར་མ་གཏོགས་འོང་བར་བཞེད་པ་བཞིན་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བཞེངས་པ་གནང་ཐུབ་ན་སྨོས་མ་དགོས། དེ་མིན་རྒྱུད་ལས། རང་གི་སེམས་ཀྱི་ནུས་པ་ཤེས་པས་བཅོམ་ལྡན་འདི་ཡང་རྣལ་འབྱོར་པ་རྣམ་དག་གིས་བསྒོམ་པར་བྱ། ཞེས་གསུངས་པའི་རིགས་པས། བསྒོམ་བྱ་ཡང་རྣལ་འབྱོར་པའི་བློའི་ནུས་ཚད་ལ་རག་ལུས་པར་གསུངས་ཤིང་། ཁྱད་པར་རྒྱུད་ལས། དཔལ་ལྡན་རྡོ་རྗེ་ཅན་དང་ཀུན་བཟང་རིགས་ཀྱི་དབང་གིས་རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེར་འགྱུར། ཞེས་པ་ནས། དེ་བཞིན་རྣམ་པ་བཅུ་ཡི་སྒེག་མོ་ལ་སོགས་ཀུན་རབ་གསལ་ཏེ་སྣ་ཚོགས་ཡུམ་གྱི་ལྷག་མའོ། །ཞེས་པའི་བར་ཚིགས་བཅད་ཕྱེད་དང་བཅུས། གསུང་དཀྱིལ་དང་སྐུ་དཀྱིལ་གཉིས་ཐུགས་དཀྱིལ་དུ་བསྡུ་ཚུལ་གསུངས་ལ། དེའི་ཕྱིར་རིགས་དང་རིགས་ཅན་གྱི་སྒོ་ནས་སྐུ་གསུང་ཐུགས་ཡོངས་རྫོགས་ཐུགས་དཀྱིལ་དུ་འདུས་པར་བཞེད་པ་ནི་ཐུགས་དཀྱིལ་ཉིད་གཙོ་བོར་འགྱུར་ཞིང་། དེར་དབང་བསྐུར་བ་ཐོབ་པས་ཀྱང་རྒྱུད་དོན་མཐའ་དག་སྒྲུབ་པ་ལ་དབང་བས་ན་ཐུགས་དཀྱིལ་རྒྱས་པའི་ལུགས་ཁོ་ན་བཞེངས་པ་གནང་ནའང་། དོན་ལ་ཁྱད་མེད་ལྟ་བུར་འགྱུར་འདྲ་ལགས་
རུང་། འདིར་དབང་སྒྲུབ་ཀྱི་རྟེན་ཙམ་དུ་བྱས་པ་ཉམས་ལེན་པ་ཁོ་ནའི་དབང་དུ་མ་ཟད། གནས་སྐབས་མཁས་པ་རྣམས་ཀྱིས་རྒྱུད་འགྲེལ་གྱི་བཤད་པའི་ཤགས་རལ་དང་བསྟུན་ཏེ་དཔྱད་པ་འཇུག་པའི་རྟེན་དུའང་། ཕྱི་ནང་གཞན་གསུམ་གྱི་དག་སྦྱོར་རིགས་བཤད་དུ་འཆད་པ་ན་ཕྱིའི་འཇིག་རྟེན་ཁམས་དཔག་ཚད་འབུམ་ཕྲག་བཞི་པ། ནང་རྡོ་རྗེའི་ལུས་རང་ཁྲུ་བཞི་པ། གཞན་སྐུ་དཀྱིལ་གྱི་རྩིག་པའི་ནང་མཐའ་ཚུན་ཆོད་ལ་ཁྲུ་བཞི་སོགས་གསུངས་པ་ལྟར་སྦྱར་ན། སྐུ་གསུང་ཐུགས་ཡོངས་རྫོགས་རང་བཞེངས་པ་གནང་ན་ལེགས་པ་འདྲ་སྙམ་ཞིང་། གལ་ཏེ་ས་ཡུལ་གྱིས་མ་ཤོང་ན། ཐུགས་དཀྱིལ་བློས་བསླང་དང་། གསུང་སྐུ་གཉིས་རི་མོར་གནང་བ་ལས་ནི་ཐུགས་དཀྱིལ་གཅིག་པོ་བློས་བསླང་དུ་གནང་ན་ལེགས་པ་འདྲ་ལགས་ཏེ། བྲིས་འབུར་སྤེལ་མ་གནང་བའི་ཚེ་ནའང་། ཕྱག་ཚད་ནི། སྐུ་དཀྱིལ་ཁྲུ་བཞི་པའི་ཚེ། གསུང་དཀྱིལ་ལ་ཁྲུ་དོ། ཐུགས་དཀྱིལ་ལ་ཁྲུ་གང་གི་ཚད་ལས་གཞན་དུ་འཆུགས་པ་མ་བྱུང་བས་ས་ཡུལ་ཡངས་དོག་ལའང་མི་ཕན་ཞིང་། རྒྱུ་རྐྱེན་མི་འཛོམས་པའི་གང་ཟག་གིས་བྲིས་འབུར་གཉིས་བཞེངས་པ་ལ་དཀའ་སླ་འབྱུང་ནའང་། རྒྱུ་དང་། བཟོ་འཕྲུལ། ལྗགས་བཀོད་སོགས་གང་གིས་ཀྱང་མ་ཕོངས་པ་འདི་ལྟ་བུ་ལ་ལྷ་རྣམས་ཀྱང་བྲིས་ཀྱིས་འཐོན་པར་འབུར་གྱིས་འཐོན་པ་གཞིར་བཅས་ལགས་པ་དང་། གནས་སྐབས་ལྟར་སྣང་ལའང་གསུང་དཀྱིལ་ཕན་ཆད་བྲིས་གནང་ན་ཐུགས་དཀྱིལ་གྱི་གཞི་གདན་སྟེགས་བུ་ལྟ་བུར་འགྲོ་འདུག་པས། དེ་ཧ་ཅང་རྒྱ་ཆེ་བས། དབུས་ཀྱི་བློས་བསླང་ཆུང་བས་མཎྜལ་ལ་ཚོམ་བུ་བཀོད་པ་ལྟ་བུ་ཞིག་གིས་མི་མཛེས་པ་བྱུང་དོགས་འདུག་ལགས་པ་དབྱིངས་དཔྱོད་མཁྱེན།

མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ།


MLP013_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ། ལགས། གཙུག་ལག་ཁང་གི་རབ་གནས་ཀྱི་རྟེན་བསྐྱེད་སྤྱིར་སྒོམ་པའི་དུས་རྣམ་སྣང་གིས་བྱས་པའི་རིགས་པས་སྐུ་རྟེན་དུ་བསྡུ་བ་འཐད་འདུག་ལགས་ཤིང་། དེ་ལའང་མཆོད་རྟེན་ནི་བྱང་ཕྱོགས་སོ་བདུན་སོགས་རྟོགས་པའི་ཡེ་ཤེས་ཆོས་སྐུ་ལ་མངའ་བའི་འབྲས་བུ་མཐར་ཐུག་གི་ཡོན་ཏན་རྣམས་བསགས་པའི་ཆོས་གཟུགས་ཀྱི་སྣང་
བརྙན་ཡིན་པས་ཆོས་སྐུའི་རྟེན་དུ་འཐད་ཅིང་། གསང་སྔགས་ཀྱི་མཆོད་རྟེན་བློས་བསླང་སོགས་ཀྱང་དེ་དང་འདྲ་ལགས་པ་དང་གཙུག་ལག་ནི་རྒྱལ་བའི་གསུང་རབ་ཀྱི་མིང་གི་རྣམ་གྲངས་ཏེ། དེ་གཙོ་བོར་གྱུར་པའི་རྟེན་གསུམ་བཞུགས་པའི་གནས་གཙུག་ལག་ཁང་ནི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་གང་ཞིག་མཐོང་བ་ཙམ་གྱིས་དད་པའི་གདུངས་ཤུགས་གཡོ་བས་ཐར་པའི་ས་བོན་འཇོག་པ་སྟེ་འགྲོ་བའི་དོན་མང་བྱེད་པའི་བེམ་པོའི་གཟུགས་བརྙན་རྣམས་ཀྱང་སངས་རྒྱས་ཀྱི་རྣམ་སྤྲུལ་ཁོ་ནར་སྙན་གྱི་གོང་རྒྱན་དུ། ང་ནི་སྙིགས་མའི་དུས་ཀྱི་ཚེ། །བཟོ་དང་ཡི་གེའི་གཟུགས་སུ་འདུག །ང་ཡིན་སྙམ་དུ་དད་པ་བྱོས། །ཞེས་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། སྐྱེད་མོས་ཚལ་དང་། ནོར་བུ་དང་། སྨན་དང་། རིག་སྔགས་དང་། ཉེ་བར་མཁོ་དགུའི་ཡོ་བྱད་དུ་སྣང་བས་གདུལ་བར་བྱ་བ་ཡིན་ནོ། །དེ་དང་དེའི་གཟུགས་དང་ཁ་དོག་ཏུ་སྣང་ངོ་། །ཞེས་པ་ལྟར་སྣ་ཚོགས་སྤྲུལ་སྐུའི་རྟེན་དུ་བཞག་ན་སྐྱོན་མེད་ཅིང་བདེ་བ་འདྲ་ལགས།

མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ།


MLP013_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ། འཆི་ཁའི་འོད་གསལ་ཆོས་ཀྱི་སྐུ་གྲོལ་ཚེ་ལུས་རྒྱ་འབོར་མཚམས་ཀྱང་རགས་པའི་དབུགས་ཕྱི་ནང་གི་འགྱུ་བ་ཆད་མཚམས་ནས་འཛིན་པ་ནི་འཇིག་རྟེན་པའི་གྲགས་སྡེ་ཙམ་ལས་དོན་ལ་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་རིམ་གྱིས་ཐིམས་ནས་ཤེས་པའི་རང་གདངས་གསལ་བས་སྣང་བ་དང་། ཤིན་ཏུ་གསལ་བར་སྣང་བས་མཆེད་པ་དང་། སེམས་འགགས་པ་ལ་ཕྱོགས་པའི་ཉེར་ཐོབ་དང་། ཡང་དག་པའི་མཐའ་དོན་དམ་འོད་གསལ་ཏེ་སྣང་བ་བཞིའམ། ཡང་ན། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེར་ཐོབ་བཞིས་འོད་གསལ་དུ་འཇུག་པ་སྟེ། དེ་དག་ཀྱང་རིམ་བཞིན་གཟུང་འཛིན་གྱི་རྟོག་པ་རགས་པས་སྟོངས་པས་སྟོང་པ་དང་། ཆེས་སྟོངས་པས་ཤིན་ཏུ་སྟོང་པ་དང་། ཆེས་ཆེར་སྟོངས་པས་སྟོང་ཆེན་དང་། སྣང་གསུམ་འགགས་པས་ཐམས་ཅད་འོད་གསལ་ཞེས་གྲགས་པ་སྤྲིན་མེད་ཀྱི་ནམ་མཁའ་ལྟར་མཐའ་དབུས་མེད་པ་བདེ་སྟོང་གཉིས་སུ་མེད་པའི་ཉམས་དེ་ནི་འཆི་


MLP013_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སྡིག་ཅན་རྣམས་ལའང་སྐད་ཅིག་མ་རེ་འཆར་ཞིང་། དེ་ཡང་དབུ་མའི་རླུང་དང་དྭངས་མའི་ཤིན་ཏུ་དྭངས་མ་ཡེ་ཤེས་ཀྱི་དབུ་མར་འདུས་པ་ལས་འཆར་དགོས་པས་དེ་དུས་རྟེན་ལུས་དང་བྲལ་བ་ལྟར་སྣང་ཡང་དོན་ལ་རྡོ་རྗེའི་ལུས་དང་འབྲེལ་བའི་ལུས་ཅན་ཟག་མེད་ཀྱི་ཡེ་ཤེས་ཡིན་པས་གསོན་གྱི་གཉིད་འཐུག་གི་འོད་གསལ་ལྟར་རྟེན་དང་བྲལ་བའི་ཐུགས་དོགས་མི་དགོས་ལགས་ཏེ། རྒྱུ་རྐྱེན་འཕོ་བའི་མཚམས་སྦྱོར་འདེབས་པའི་དུས་ཀྱང་འོད་གསལ་དེ་ལས་ལྡང་བའི་ཚེ་ན་དུས་གནད་དུ་གསུངས་པས་གསལ་བའི་ཕྱིར་ཏེ། གཏེར་གསར་ཐུགས་རྗེ་ཆེན་པོའི་བཙན་ཐབས་འཕོ་བའི་མན་ངག་ལས་ཀྱང་། དུས་ནི་འཆི་བའི་འོད་གསལ་ལས༔ལྡང་བའི་དུས་ན་ཉེས་པ་མེད༔ཅེས་གསུངས། དེས་ན་རྣལ་འབྱོར་པ་གདམས་ངག་ཅན་ལ་ཡུན་རིང་པོར་ཕུང་པོའི་བཞིན་གྱི་བཀྲག་མདངས་ཆེར་རྒྱས་པ་སོགས་འོད་གསལ་ཟིན་པའི་རྟགས་མངོན་གྱུར་དུ་སྣང་བ་ལྟར། ཐ་མལ་པ་རྣམས་ལའང་འོད་གསལ་སྐད་ཅིག་མ་རེ་འཆར་བ་ཉིད་རྫོགས། བཞིན་བཀྲག་ཡལ་བ་ན་འཕོ་བ་འདེབས་པའི་ཕྱག་ལེན་སོགས་མན་ངག་པ་རྣམས་ཀྱི་སྤྱན་རྒྱུན་ལས་འབྱུང་བ་བཞིན་ནོ། །འོན་ཀྱང་འཆི་ཁའི་འོད་གསལ་ཆོས་སྐུའི་ངང་ནས་བར་དོ་ཟུང་འཇུག་གི་སྐུར་ལྡང་བའི་ཚེ་རྣམ་ཤེས་གཟུགས་ཕུང་ལ་གནས་མི་གནས་ཀྱང་། དེ་དུས་ཕྲ་རགས་ཀྱི་གཟུགས་ཕུང་ལ་བརྟེན་ནས་བྱ་བ་བྱེད་ནུས་པ་ག་ལ་སྲིད་རུང་། ཤིན་ཏུ་ཕྲ་བ་གཉུག་མའི་གཟུགས་ཕུང་རྣམ་སྣང་གི་སྦྱང་གཞིར་གྱུར་པ་གཟུགས་ཕུང་ཕྲ་རགས་ཀྱི་སྣང་གཞིའང་བྱེད་པ་དེ་ལ་ནི་ངེས་པར་ནང་གི་མྱོང་བས་བསྟེན་དགོས་ཏེ། ཤིན་ཕྲའི་དྭངས་མ་ལྔ་ནི་རིགས་ལྔ་དང་ཡེ་ཤེས་ལྔར་ཡེ་བཞུགས་ཀྱི་མི་ཤིགས་པ་ཟག་མེད་ཀྱི་ཕུང་པོ་ལྔ་ཡིན་པའི་ཕྱིར་རོ། །དེས་ན་ཕྲ་རགས་ཀྱི་ཕུང་པོ་ནི་མེད་སྣང་གློ་བུར་བ་རྫུན་པའི་ཆོས་ཅན་ཡེ་ཤེས་ཀྱི་སྒྲིབ་བྱེད་སྦྱང་བྱའི་དྲི་མ་ཡིན་པ་ལས་སྦྱང་གཞི་ཞེས་ཕྱི་རབས་པ་རྣམས་བཞེད་ཀྱང་དེར་ནམ་དུའང་མི་རུང་བ་ལགས། བསམ་གཏན་གྱི་འདུག་སྟངས་སོགས་ཀྱང་གཉིད་འཐུག་གི་འོད་གསལ་ཟིན་པའི་རྟགས་ལྟར་ཕ་རྒྱུད་པ་ལྟར་ན་འཆི་ཁར་སེམས་དབེན་གྱི་མན་ངག་ཡིད་ལ་བྱས་པས་སྣང་གསུམ་འོད་གསལ་དུ་ཐིམ་


MLP013_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། རྫོགས་ཆེན་ལས། འཆི་ཁར་ཆོས་ཉིད་ཀྱི་སྣང་བ་དྲན་པར་བྱས་པས་ནམ་མཁའ་འོད་གསལ་ལ་ཐིམ་མཚམས་ནས་ཆོས་ཉིད་ཀྱི་བར་དོ་ཤར་བ་གནད་གཅིག་ཅིང་། དེའི་ཚེ་འོད་གསལ་དེ་ཉིད་ངོས་ཟིན་པའི་སྒོམ་སྟོབས་ཅན་ལ་དེའི་ཕྱི་རྟགས་མངོན་དུ་སྟོན་ནུས་པ་དགག་ཏུ་མེད་ལ། གཞན་དུ་ལྷག་མཐོང་གི་ཡེ་ཤེས་དང་ཞི་གནས་མཚན་ཉིད་པ་ལྟ་ཅི་སྨོས། ཞི་གནས་སྐྱོན་ཅན་གྱི་ཉམས་མྱོང་ཙམ་ཡང་མ་སྐྱེས་པའི་གང་ཟག་ལ་ཡང་དེ་ལྟར་བྱུང་ཞེས་སྒྲོ་འདོགས་པ་དག་ནི་ཇི་ལྟར་སྩལ་ཕེབས་ལྟར་རང་གཞན་བསླུ་བའི་རྫུན་ཙམ་ལས་གཏད་སོ་མ་མཆིས་ལགས་ཤིང་། མདོར་ན་འོད་གསལ་ཆོས་སྐུའི་ངང་ནས་བར་དོ་ཟུང་འཇུག་གི་སྐུ་ལྡང་བའང་དྭངས་མ་ལྔའི་གནད་ཀྱིས་འཆར་བ་ལ་དཔག་ན་ལྟེ་བའི་རྩ་འཁོར་ཞིག་པ་དང་། རྟེན་ནམ་བཞོན་པ་དབུགས་ཀྱི་འགྱུ་བ་འབྲེལ་ཆད་པས་དེ་ལ་བརྟེན་པའམ་ཞོན་པའི་རྣམ་ཤེས་རགས་པའི་འབྲེལ་ཆད་ཀྱང་རྩ་རླུང་བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཕྲ་བ་ལ་འདུ་འབྲལ་མེད་པ་མི་ཤིགས་པའི་རང་བཞིན་ཅན་ཡིན་པའི་གྲོལ་ཚུལ་ཡང་འོད་གསལ་རྟོགས་ནས་ཟུང་འཇུག་གི་སྐུར་ལངས་ཏེ་སྐྱེ་བ་སྤྲུལ་སྐུས་སེམས་ཅན་གྱི་དོན་བྱེད་པ་མྱུར་བར་གཉིད་སད་པའི་སྣང་བ་ལྟར་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་དཔག་དཀའ་བ་ལགས་ཤིང་། ཐ་མལ་པ་ལྟར་ན་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པའི་ས་མཚམས་དེ་ནས་སྲིད་པའི་བར་དོ་འཆར་བས། ཞིབ་ཏུ་དཔྱད་ན་དེ་ཡན་ཆད་ལུས་ཅན་དང་འབྲེལ་བ་དྭངས་མ་སྡུད་པའི་གདངས་ལས་རང་ཤར་བའི་བར་དོ་ཡིན་པས་ཕྲ་བའི་རྟེན་བོར་མཚམས་ཀྱང་འཐད་པར་ཐུགས་དམ་ལ་ཡུན་རིང་བཞུགས་པའི་པུར་ལ་རུལ་མྱགས་སོགས་མི་འབྱུང་བ་དང་། དེ་ལས་གྲོལ་བ་དང་སྟེང་གི་སྒོ་ལས་བྱང་སེམས་འཛག་པ་སོགས་སྣང་བས་ཤེས་པ་ལགས་ཤིང་། སྟོང་པ་དང་སྣང་བ་ལྷུན་གྲུབ་ཀྱི་བར་དོ། དེ་རྣམས་ཀྱི་ཞག་ཀྱང་སྐད་ཅིག་སྟེ་ཐ་མལ་པ་རྣམས་ལ་ཡུད་ཙམ་ལས་མི་གནས་པ་དང་། ཏིང་འཛིན་ལ་གོམས་པའི་རྣལ་འབྱོར་པ་དྲན་བསམ་སྔ་ཕྱིས་མ་བསླད་པའི་བར་གྱི་གསལ་དྭངས་ལ་ཇི་ཙམ་གནས་པའི་ཡུན་དུ་ད་རེས་བར་དོའི་སྐད་ཅིག་མ་བསམ་གཏན་གྱི་ཞག་ཏུ་བཤད་པས་འོད་གསལ་ཟིན་ངེས་ཀྱི་ཐུགས་དམ་ལ་བཞུགས་པར་གྲགས་པ་རྣམས་


MLP013_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུན་རིང་པོར་འབྱུང་བའི་གནད་ཀྱང་དེ་ལགས་ཤིང་རྫོགས་ཆེན་ལས། འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་བ་ཆོས་ཉིད་ཀྱི་བར་དོ་ལས་ལྷུན་གྲུབ་ཟུང་འཇུག་གི་སྐུར་ལྡང་བའི་དུས་དེར་དུས་གནད་ཀྱི་གདམས་པ་དྲན་པ་གསུངས་པ་ལས་འཇུག་པ་ཚོམ་བུའི་སྣང་བ་ཞག་ལྔ། གྲོལ་བ་ཡེ་ཤེས་ཀྱི་སྣང་བར་བཞི། མཐར་ཕྱིན་པ་ལྷུན་གྲུབ་ཀྱི་སྣང་བ་ལ་བརྒྱད་དེ་བཅུ་བདུན་དུ་གསུངས་པ་སོགས་ཀྱང་གནས་པ་ཏིང་ངེ་འཛིན་གྱི་ཞག་ཁོ་ན་ལགས། དེས་ན་བར་དོ་དང་པོ་གཉིས་ཀྱི་ཞག་རྣམས་བསམ་གཏན་གྱི་ཞག་ཕྱེད་དང་བཞིའི་ཕྱི་མ་ཕན་ཆད་ལ་རང་ཤི་བར་ངོ་ཤེས་པར་བཤད་པའི་དུས་གནད་སྒྲིག་པ་ཡིན་ཞིང་། བདུན་ཚིགས་ཞེས་པའང་སྲིད་པ་བར་དོའི་ཚེ་ཚད་ཞག་བདུན་རེ་ལ་རྫོགས་ཏེ། སྐྱེ་བའི་ཚོགས་མ་རྙེད་ན་བར་དོའི་ཡིད་ལུས་གཉིས་པ་ལེན་པར་བཤད་པས་མཚམས་དེ་དག་ཏུ་དགེ་བའི་སྟོངས་འདེབས་པའི་རྒྱུན་སྔོན་གྱི་ལོ་པཎ་མཁས་གྲུབ་རྣམས་ཀྱིས་སྲོལ་བཙུགས་པས་གོ་བ་ལགས་ཤིང་། གོང་གི་འོད་གསལ་ལ་ཞུགས་ལྡང་སོགས་ཀྱང་རྡོ་རྗེའི་ལུས་རྟེན་འདི་ལས་ལམ་སྦྱངས་པའི་དབང་དུ་བྱས་པ་སྟེ། གཞན་དུ་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས་ནི་ཚེས་ཀྱི་དབང་གིས་གནམ་གང་གི་ཟླ་བ་མཁའ་དབྱིངས་སུ་ནུབ་པ་ལྟར་གདུལ་བྱར་གྱུར་པའི་དངོས་ཀྱི་གདུལ་ཞིང་ཟད་པ་ན་འདུལ་བྱེད་སྤྲུལ་པའི་སྐུ་ཡང་སྤྲུལ་གཞིའི་ཀློང་དུ་ཐིམ་པ་ཙམ་ལས་སྐྱེ་འཆི་ལ་སོགས་པ་ཐམས་ཅད་གཞན་སྣང་གི་མཐོང་ཚུལ་ཁོ་ནས་བསྡུས་པ་ལགས། ཁྱད་པར་རྡོ་རྗེའི་ལུས་རྟེན་འདིས་གསར་བསྒྲུབས་ཀྱི་འཕགས་ལམ་དང་པོ་ནུས་པ་མ་རྫོགས་པའི་མཐོང་ལམ་རྣམ་སྨིན་རིག་འཛིན་དུ་གྲགས་པའང་ལུས་རྒྱ་གྲོལ་མ་ཐག་ཏུ། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཅེས་དེ་ལ་བརྗོད། །ཅེས་པ་ལྟར་ནུས་ཐོབ་ཀྱི་མཐོང་ལམ་ཚེ་དབང་རིག་འཛིན་གྱིས་གསར་ཐོབ་མི་དགོས་པར་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན་ལ་སྦྱོར་བར་ཕར་ཕྱིན་ཐེག་པ་དང་གོ་བསྟུན་ན། ཚེ་དབང་རྣམ་སྨིན་གཉིས་མཐོང་ལམ་དང་། ཕྱག་ཆེན་ས་གཉིས་པ་ནས་དགུ་པའི་བར་དང་། ལྷུན་གྲུབ་རིག་འཛིན་ས་བཅུ་པར་ཁད་མཉམ་པར་སྦྱར་


MLP013_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། འདིའི་ཀྱང་སྒྲ་ནི་བསྡུ་བའི་དོན་ཏེ། སངས་རྒྱས་གསང་བའི་ལམ་རིམ་དུ། མཐོང་ལམ་རྣམ་སྨིན་ཚེ་དབང་གཉིས་སྒོམ་ལམ་ཕྱག་ཆེན། མཐར་ལམ་ལྷུན་གྲུབ་རིག་འཛིན་ཞེས་སྦྱར་བ་དེ་རྒྱུའི་ཐེག་པ་དང་མཐོང་སྒོམ་མི་འདྲ་མོད་ཀྱང་། ཞེས་འོག་གི་དོན་ཁྱད་པར་ཡོད་ཚུལ་བསྡུ་བ་ལགས། མཆན། དོན་ལ་རྒྱུའི་ཐེག་པའི་མཐོང་ལམ་དང་རྣམ་སྨིན་དགོངས་པ་མཉམ་ཞིང་། ཚེ་དབང་འཆི་མེད་དྭངས་མའི་ལུས་སུ་འགྱུར་བ་དང་། རྒྱུའི་ས་བརྒྱད་པར་ཟག་མེད་ཀྱི་ལུས་འགྲུབ་མཚམས་མཉམ་པ་དང་། དེ་བཞིན་ས་བཅུ་པ་དང་རྒྱ་ཆེན། ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་མཉམ་པར་སངས་རྒྱས་གསང་བ་སོགས་ཀྱིས་གསུངས་པའི་གནད་གནད་ཟེར་བའི་རྒྱུ་མཚན་མདོ་སྔགས་གཉིས་ས་ལམ་གུང་བསྒྲིགས་པའི་ཚེ་སངས་རྒྱས་གསང་བས་ནུས་ཐོབ་ཀྱི་མཐོང་ལམ་ཚེ་དབང་རྒྱུའི་ས་བརྒྱད་པ་དང་འདྲ་བ་སོགས་བཤད་པའི་རིགས་པས་སྔགས་ཀྱི་ནུས་པ་མ་ཐོབ་པའི་མཐོང་ལམ་རྣམ་སྨིན་རིག་འཛིན་དེའི་ས་དང་པོ་དང་འདྲ་བར་དོན་གྱིས་འཕངས་པའི་གོ་བ་ལགས། མཆན། ཀྱིས་རྣམ་སྨིན་སྔགས་སུ་ནུས་པ་མ་ཐོབ་པའི་མཐོང་ལམ་དུ་བཞག་ཀྱང་རྒྱུའི་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་རྫོགས་པར་སྣང་ཞིང་ལུས་རྒྱ་དང་བྲལ་མ་ཐག་སྒོམ་ལམ་ལ་སྦྱོར་བ་ཡིན་གྱི། ས་པཎ་གྱིས་ཁྱུང་གི་སྒོང་རྒྱ་གྲོལ་བའི་དཔེ་ལ་སྐྱོན་༼བརྗོད་༽པའི་ཕྱོགས་སྔ་དང་མི་གཅིག་སྟེ། ཕྱོགས་སྔ་དེས་ནི་རྟེན་འདི་མཐོང་ལམ་ཐོབ་ཀྱང་མཐོང་ལམ་གྱི་ཡོན་ཏན་ལུས་རྒྱ་དང་གྲོལ་ནས་འབྱུང་ཞེས་པ་དེ་དགག་པ་ཡིན་པར། སྡོམ་གསུམ་དུ། ཉི་མ་ད་ནངས་ཤར་བ་ལ། །འོད་ཟེར་ནངས་པར་འབྱུང་རྒྱུ་མཚར། །ཞེས་སོགས་གསུངས་པ་ཡིན་ནོ། །མདོར་ན་རྣལ་འབྱོར་པ་ལམ་གྱི་རིམ་པ་སྦྱང་པ་དེ་ཉིད་འོག་མིན་དུ་འཚང་རྒྱ་བའམ། རིམ་ལྔར། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་པས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཅེས་གསུངས་པས་གཙང་མའི་འོག་མིན་དུ་བྱང་ཆུབ་བརྙེས་པའང་སློབ་པའི་ཟུང་འཇུག་བརྙེས་པ་ནས་དེར་གཤེགས་པ་རྒྱུའི་ཐེག་པའི་བྱང་སེམས་ས་དང་པོའི་བདེན་པ་མཐོང་བའི་གནས་གཙང་མའི་འོག་མིན་ཡིན་པར་བཤད་པ་དང་མཚུངས་ཤིང་། ཞིང་འདིར་སློབ་པའི་ཟུང་འཇུག་བརྙེས་པའི་རྣལ་འབྱོར་པ་ཡང་རང་སྣང་ལ་གཙང་མའི་འོག་མིན་དུ་སྣང་བར་ངེས་ལ། མཐར་ཐུག་མི་སློབ་
པའི་ཟུང་འཇུག་བརྙེས་པའི་གནས་ནི་གཙང་རིས་སྤངས་པའི་འོག་མིན་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་རང་སྣང་གི་ཞིང་ཁམས་ཕྱོགས་དང་རིས་སུ་མ་ཆད་པ་ནམ་མཁས་གར་ཁྱབ་ཏུ་སྣང་བས་མ་དག་པའི་ཞིང་སྤངས་པའི་ཕ་རོལ་ན་བློས་བཙལ་དུ་མེད་པ་ལགས་ཏེ། ཇི་སྐད་དུ། གཙང་མའི་རིས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །ཞེས་པ་དང་། སྒྱུ་འཕྲུལ་གྱི་བཤད་རྒྱུད་རྡོ་རྗེ་མེ་ལོང་དུའང་། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་གསུངས་པ་ལྟར་རོ། །

མི་དབང་ཆེན་པོའི་ཡང་ལན་དུ་ཕུལ་བ།


MLP013_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོའི་ཡང་ལན་དུ་ཕུལ་བ། སྤྱིར་འཆི་བ་འོད་གསལ་ཆོས་སྐུར་འདིའི་འཆི་བའི་འོད་གསལ་ངོས་ཟིན་པས་ཆོས་སྐུར་གྲོལ་ཚེ་འོད་གསལ་མི་རྟོག་པའི་ཆ་དེ་ཆོས་སྐུའི་ངོ་བོ། དེ་ལས་སྣང་ཆ་ལྡང་བ་ཟུང་འཇུག་སྟེ་ལོངས་སྐུའི་རྣམ་པ། དེས་ཕྲིན་ལས་རང་ཤར་བ་སྤྲུལ་སྐུ་སྟེ་རང་གྲོལ་གྱི་ཡེ་ཤེས་གཅིག་གི་ཡོ་ལང་དུ་སྣང་བས་དེ་དུས་རྟེན་བོར་ཞེས་སྨྲས་ཀྱང་སྐྱོན་མེད་འདྲ་རུང་། བར་དོ་དང་པོ་འོད་གསལ་ཆོས་སྐུར་མ་གྲོལ་ན། ལུགས་ལྡོག་གི་སྣང་གསུམ་དུ་ལྡང་བ་དེ་ལོངས་སྐུའི་དོད་ཐུབ་དང་། དེ་ལས་རླུང་མེ་ཆུ་སའི་རིམ་པ་འབྱུང་བཞི་ཕྲ་བ་ལས་བྱུང་བའི་སྲིད་པ་བར་དོའི་ཡིད་ལུས་འཛིན་པ་སྤྲུལ་སྐུའི་དོད་ལགས་པས་ལོངས་སྐུ་ལྷུན་གྲུབ་ཀྱི་བར་དོ་དེ་ཡང་ལུས་ཅན་དང་འབྲེལ་བ་འདྲ་ཞིག་རང་འདུག་པས་ཕྲ་བའི་རྟེན་བོར་མཚམས་འདིར་བྱས་ན་ངོ་སྤྲོད་ཕལ་ཆེ་བར་འཆི་ཁའི་འོད་གསལ་ངོས་མ་ཟིན་ན་བར་དོའི་ཡིད་ལུས་བླངས་ཏེ་ཞེས་པ་དང་ཡང་དགོངས་པ་གཅིག་ཏུ་བབས་འདྲ་ལགས། མཆན། གྲོལ་ཚེ་རྣམ་སྨིན་ལུས་རྒྱ་འབོར་དགོས། འོད་གསལ་དེ་ལས་ཟུང་འཇུག་ཏུ་ལྡང་བའི་ཚེ་བར་དོར་མིང་གིས་བཏགས་པ་ཡིན་པས། དེའི་ཚེ་རྣམ་ཤེས་གཟུགས་ཀྱི་ཕུང་པོར་གནས་མི་གནས་དོགས་གཞི་ཆེ། དེ་ལྟར་གྱི་ཚེ་བསམ་གཏན་གྱི་འདུག་སྟངས་སུ་སྡོད་པའང་མི་རིགས་པ་འདྲ། བླ་མ་ལོ་པ་སྤྱན་སྔ་ལ་གྲྭ་པ་རྣམས་ཀྱིས་ཐུགས་དམ་ལ་བཞུགས་དགོས་ཞུས་པར། ང་རོ་ལ་ཆགས་ནས་བསྡད་དེ་རྐང་མི་འདྲེན་གསུངས་པ་དང་། སྔགས་གསར་རྙིང་གི་ལམ་ལྟ་ཅི། ལམ་རིམ་གྱི་ཁྲིད་ཙམ་ཡང་མ་ཐོབ་པའི་རྟོག་གེ་བ་སོགས་རོགས་འཁོར་གྱིས་ཕུང་པོ་དཀྲོང་མོར་བཟོས། རིགས་ལྔ་སོགས་ཀྱིས་བརྒྱན་ནས་མཇལ་


MLP013_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གཏོང་བ་ལ་གཏད་སོ་ཅི་ཡོད། དེ་ཡང་ཕ་རྒྱུད་སོགས་ཀྱི་དགོངས་གཞི་སྣང་གསུམ་འོད་གསལ་དང་བཅས་པ། ལུགས་འབྱུང་གི་སྟོང་པ་བཞིས་འཆི་ཀའི་འོད་གསལ་མངོན་དུ་བྱས་ཏེ། དེའི་ངང་ལས་ལུགས་ལྡོག་གི་སྣང་བ་གསུམ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་ཏེ། དེ་དང་འོད་གསལ་ངོ་བོ་གཅིག་ཏུ་གྱུར་ནས་ཟུང་འཇུག་ཐོབ་པའམ། འཆི་ཁར་སེམས་དབེན་གྱི་མན་ངག་གསལ་བཏབ་པས་སྣང་གསུམ་ཐིམ་སྟེ་མཐར་ཐུག་གི་འོད་གསལ་སྐྱེས་ནས་བར་དོར་སྒྱུ་ལུས་མངོན་དུ་བྱས་ནས་སླར་སྐྱེ་བ་སྤྲུལ་སྐུ་སྒྱུ་ལུས་ཀྱི་ལམ་རིག་པ་འཛིན་པའི་རྟེན་ཁྱད་པར་ཅན་གྱི་ལུས་བརྒྱུད་དེ་གྲོལ་བར་བཤད་པ་དང་། ལམ་འབྲས་བུམ་དབང་སོགས་ནས་དྲན་པ་རྣམ་གསུམ་སོགས་མདོར་བསྡུས་སུ་གསུངས། གང་ལྟར་ཡང་འཆི་བ་གཞིའི་འོད་གསལ་ཆོས་སྐུའི་བར་དོ་དང་། དེ་ལས་ལངས་པའི་བར་དོའི་སྣང་བ་ལོངས་སྐུའི་བར་དོ་དང་། དེ་ནས་སྐྱེ་བ་སྤྲུལ་སྐུ་དང་སྦྱར་ཏེ་གསུངས་པ་ནི། སྔགས་གསར་རྙིང་ཐམས་ཅད་དགོངས་པ་མི་མཐུན་པ་མེད་ལ་སྐབས་དོན་རྙིང་མའི་སྒྱུ་འཕྲུལ་བཤད་རྒྱུད་ཐལ་བ་ལས། འགྲོ་བ་མ་ལུས་ཐམས་ཅད་དག །ཅེས་སོགས་དང་། ལམ་རིམ་ལས། ཤི་བ་དོན་དམ་བདེན་པ་སྟེ། །ཞེས་སོགས་གསུངས་པས། རྣམ་ཤེས་ནམ་མཁར་ཐིམ་པ་ན་འཆི་ཁའི་བར་དོ་དང་། ནམ་མཁའ་འོད་གསལ་ལ་ཐིམ་དུས་ཆོས་ཉིད་བར་དོ་ཞེས་བཏགས་ཏེ་ཆོས་སྐུའི་བར་དོ་དང་གནད་གཅིག །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནས་སྲིད་པ་བར་དོ་མ་ཤར་གྱི་བར་ལྷུན་གྲུབ་ཀྱི་བར་དོར་བཞག་སྟེ། ཐལ་འགྱུར་ལས། ནམ་མཁའ་འོད་གསལ་ལ་ཐིམ་དུས། །སོགས་དང་། འདི་ལ་དགོངས་ནས་ས་པཎ་གྱིས། ཁྱུང་གི་སྒོང་རྒྱ་ཇི་བཞིན་དུ། །ཞེས་པས་འདིར་མཐོང་ལམ་གྱི་ས་ཐོབ་ནས་ཡོན་ཏན་བར་དོར་འཆར་ཞེས་འདོད་པའི་ཕྱོགས་ལ་དགག་པར་མཛད་མོད། དེས་བར་དོར་འཚང་རྒྱ་བའི་ལུགས་ནི་དགག་མི་ནུས་ཏེ་འདིར་ཉམས་སུ་བླངས་པ་དེ་ས་བོན་དུ་སོང་ནས་བར་དོར་ལམ་སྦྱངས་ཏེ་འཚང་རྒྱ་བར་སྨྲས་ཀྱི། འདིར་སངས་རྒྱས་ནས་བར་དོར་སངས་རྒྱས་ཀྱི་ཡོན་ཏན་རྫོགས་ཞེས་མ་སྨྲས་པའི་ཕྱིར་དང་། རྙིང་མའི་རྣམ་སྨིན་རིག་འཛིན་ཕྱག་ཆེན་ལ་སྦྱོར་ཚུལ་དང་འདྲ་བའི་ཕྱིར་རོ། །དེ་ཡང་སྔ་འགྱུར་དུ་རིག་


MLP013_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བཞིར་བཞག་པའི། ལྷག་མེད་མྱང་འདས་རྣམ་སྨིན་རིག་འཛིན། ལྷག་བཅས་མྱང་འདས་ཚེ་དབང་། ཡེ་ཤེས་སྒྱུ་མ་རིགས་ལྔར་གྱུར་པ་ཕྱག་ཆེན། རིག་ལྔ་དབྱེར་མེད་རང་དབང་ཐོབ་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཏེ་བཞི་ལས། དེའི་རིག་འཛིན་དང་པོ་ནི་མཐོང་ལམ་ཐོབ་ལ་མ་རྫོགས་པ། གཉིས་པ་ནི་ཐོབ་ཅིང་རྫོགས་པར་གནས་པ། གསུམ་པ་ནི་གཉིས་པ་ནས་དགུ་པའི་བར། བཞི་པ་ནི་བཅུ་པ་ནས་སངས་རྒྱས་ཀྱི་ས་ཉིད་དུ་སྦྱོར་བར་རྣམ་པར་བཞག་པ་ལས། དེའི་རིག་འཛིན་དང་པོ་ནི། བློ་ཆུང་བས་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་ཡེ་ཤེས་ཀྱི་མེས་རྣམ་སྨིན་གྱི་ལུས་འབྱུང་ཆེན་སྙིགས་མ་སྦྱོང་མ་ནུས་ཀྱང་། ལུས་རྒྱ་དོར་མ་ཐག་ཁྱུང་སྒོང་ཤུན་དང་བྲལ་བ་ལྟར་མཐོང་ལམ་གསར་ཐོབ་བྱེད་མི་དགོས་པར་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་རྒྱ་ཆེན་པོར་སྦྱོར་བར་གསུངས་ཏེ། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཅེས་དེ་ལ་བརྗོད། །ཅེས་དང་། མདོར་ན་རྣལ་འབྱོར་པ་ལམ་གྱི་རིམ་པ་ཤིན་ཏུ་སྦྱངས་པ་དེ་ཉིད་འོག་མིན་དུ་འཚང་རྒྱ་བའི་ངེས་པ་ནི། རིམ་ལྔར། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། སངས་རྒྱས་ཞིང་ནས་མི་ལྡོག་པས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཅེས་འབྱུང་ངོ་། །འོ་ན་རྣལ་འབྱོར་པ་ཞིང་འདིར་འཚང་རྒྱ་བ་ན་གཙང་མའི་གནས་ཀྱི་འོག་མིན་དུ་ཇི་ལྟར་འཚང་རྒྱ་ཞེ་ན། རྣལ་འབྱོར་པ་གང་དུ་སངས་རྒྱས་པའི་ཞིང་དེ་ཉིད་དུ་ཁམས་གསུམ་པ་ཉིད་དུ་ཡང་དག་པར་སྦྱང་པའི་སྐུ་གསུམ་གྱི་གནས་དང་ཞིང་ཁམས་ཕྱོགས་དང་རིས་སུ་མ་ཆད་པ་ནམ་མཁས་གར་ཁྱབ་དུ་སྣང་བས་མ་དག་པའི་ཞིང་སྤངས་པའི་ཕ་རོལ་ན་བློས་བཙལ་དུ་མེད་པ་སྟེ། སྒྱུ་འཕྲུལ་མེ་ལོང་ལས། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་གསུངས་པ་ལྟར་རོ། །

མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ།


MLP013_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ། ཐེག་ཆེན་གྱི་ལུགས་ལ་མཐོང་ལམ་རྣམ་པར་མི་རྟོག་
པའི་ཡེ་ཤེས་སྐྱེས་པའི་བྱང་འཕགས་ལ་ལས་ཀྱི་མྱོང་བ་སྨིན་དུ་མེད་པར་མགོན་པོ་བྱམས་པས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པས་གསལ་བར་བསྟན་མོད། འོན་ཀྱང་སྒྲིབ་པ་ཅུང་ཟད་ཡོད་པ་ནད་ལྟ་བུའི་སྡུག་བསྔལ་གྱི་རྣམ་པ་ཕྲ་མོས་བྱང་འགྲོ་བར་བཤད་པ་སོགས་ཀྱི་དགོངས་གཞི་ཐེག་ཆེན་གྱི་རིགས་ཅན་ལས་འབྲས་ཀྱི་ངེས་པ་ལ་ཁ་དྲང་བའི་ཕྱིར་ཚུལ་བསྟན་དུ་གསུངས་པ་ལྟར་རམ། ཡང་། ཐེག་ཆེན་རང་ལུགས་ཀྱི་ཆོས་སྐད་ཀྱི་དབང་དུ་བཞེད་པ་ལྟར་ན། རྣམ་སྣང་མངོན་བྱང་ལས། ཚོགས་ལམ་ཆེན་པོའི་སྐབས་སུ་ས་བཅུ་རྗེས་མཐུན་པ་ཞིག་གསུངས་པ་ལྟར་མདོར་བྱས་སུ། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་བསྐྱེད་རིམ་གྱིས་ས་བརྒྱད་དང་སྣང་གསུམ་གྱིས་དག་པ་ས་གསུམ་ཐོབ་པར་བཤད་པ་ཡང་དོན་འདི་ལ་དགོངས་པར་འགོས་ལོ་གཞོན་ནུ་དཔལ་ཡབ་སྲས་བཞེད་པར་སྣང་བས་སྤྱི་སྐད་ཀྱི་བྱང་འཕགས་ཁོ་ན་དང་སྦྱོར་བའི་ས་བཅུ་ཕྲུག་གཅིག་པོ་འདི་ལ་མཐོང་ལམ་ཐོབ་ནས་ལས་ཀྱི་སྡུག་བསྔལ་སྨིན་པ་མི་རུང་། མོས་སྤྱོད་ཀྱི་སར་ཡང་ས་བཅུ་ཕྲུགས་གཅིག་ཁས་བླངས་པ། དེ་ལྟར་ན་དགོངས་གཞི་དེ་འདྲ་བའི་དོན་ལ་དགོངས་པའང་ཡིན་པ་སྲིད་ཅིང་། གཞན་དུ་སྔ་འགྱུར་གྱི་རང་སྐད་ལྟར་ན། ཟག་མེད་འཕགས་པའི་སློབ་ལམ་ས་བཅུ་པོ་རིག་འཛིན་རྣམ་པ་བཞིར་འདུ་ཞིང་། དེའི་ནང་གི་མཐོང་ལམ་ས་གཉིས་སུ་ཕྱེ་བའི་བློ་རབ་ཆོས་ཉིད་རང་མཚན་མཐོང་བའི་སྟོབས་ཀྱིས་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱངས་ཏེ་རྡོ་རྗེའི་ལུས་སམ། འབྱུང་བའི་དྭངས་མའི་ལུས་འཕོ་འཇིག་མེད་པ་ཐོབ་ཅིང་ཟག་པ་ཀུན་དང་བྲལ་བ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ཏེ། ཨོ་རྒྱན་ཆེན་པོས་མ་ར་ཏི་ཀའི་བྲག་ཕུག་ཏུ་ཚོགས་ཀྱི་ཉེ་རྒྱུ་ལ་བརྟེན་ནས་བསྒྲུབས་པ་ལྟ་བུ་ཡིན་ལ། དེ་ཉིད་བློ་ནུས་ཆེ་ཆུང་གིས་སྒོམ་ལམ་ཕྱག་ཆེན་ལ་སྦྱོར་བའམ། མཐར་ལམ་ས་བཅུ་པ་ལྷུན་གྲུབ་རིག་འཛིན་ལ་ཐོད་རྒལ་གྱི་ཚུལ་དུ་སྦྱོར་ནུས་པ་ཡང་ཡོད་པས་དེ་འདྲ་བའི་མཐོང་ལམ་བརྙེས་པའི་འཕགས་པ་དེ་ལ་ཁམས་བདེ་མི་བདེ་སོགས་མི་སྲིད་ཀྱང་། བློ་ཆུང་བ་འགའ་ཞིག་ཆོས་ཉིད་ཀྱི་བདེན་པ་མཐོང་བས་ཟག་


MLP013_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་འཕགས་ལམ་ས་དང་པོ་བརྙེས་པར་གྱུར་ཀྱང་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པས་ལྷག་མ་དང་བཅས་པའི་ཕྱིར། འཁོར་བའི་རྒྱུའི་གཙོ་བོ་ཉོན་མོངས་པའི་འཛིན་པ་སྤངས་ཟིན་ཀྱང་གླ་རྩིའི་སྣོད་ཤུལ་གྱི་དྲི་ལྟར། རང་དོན་དུ་སྲིད་པ་ཕྱི་མ་མི་ལེན་ནའང་རེ་ཞིག་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་ཡོད་པ་ལྟར་སྣང་བས་བདེ་སྡུག་གི་སྣང་ཆ་ཕྲ་མོ་ཙམ་སྲིད་པ་རྣམ་སྨིན་གྱི་ལུས་རྒྱ་འདི་དང་བྲལ་མ་ཐག་མཐོང་ལམ་གསར་ཐོབ་མི་དགོས་པར་སྒོམ་ལམ་རིག་འཛིན་ཕྱག་ཆེན་ལ་སྦྱོར་ངེས་པ་ཅན་དེ་རྣམ་སྨིན་རིག་འཛིན་དུ་གྲགས་པ་འདི་འདྲ་བ་བཤད་པ་ལྟར་ན་འཕགས་པ་ལ་ན་བ་སོགས་ཀྱི་སྒྲིབ་པའི་ལྷག་མ་ཅུང་ཟད་སྦྱོང་རྒྱུ་ཡོད་པ་ལྟར་གསུངས་པ་ལའང་སྐྱོན་མེད་དམ་སྙམ་ལགས་ཤིང་། ཁྱད་པར་བཞེད་པ་གང་ལྟར་ཁས་བླངས་ཀྱང་སླ་ཡི། དོན་ལ་ཟག་མེད་ཀྱི་ལམ་ལ་གནས་པའི་འཕགས་པ་རྣམས་གནས་སྐབས་སུ་སྐུ་བསྙུན་པར་སྟོན་པ་ལ་སོགས་པ་ནི་དོན་ལ་མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོས་ཀྱང་དེ་ལྟ་བུའི་ཚུལ་བསྟན་པ་ལྟར་གདུལ་བྱའི་སྣང་ཚུལ་ཁོ་ནར་སེམས་པ་ལགས། ཐུགས་དམ་ལ་བཞུགས་པ་ཞེས་པའི་ཐ་སྙད་ནི། འོད་གསལ་ལ་འཇུག་ཅིང་དེ་ལས་ལྡང་བ་ལ་སོགས་པ་འདི་དག་ཚེ་འདིའམ། བར་དོར་འཚང་རྒྱ་བ་གང་ཡིན་ཡང་རུང་སྟེ་གཞི་ལམ་གྱི་འོད་གསལ་མ་བུ་རོ་མཉམ་དུ་གྱུར་པས་སྟོང་པ་གཞིའི་ཏིང་ངེ་འཛིན་ལ་བརྟེན་ནས་ལམ་སྦྱང་དགོས་པ་གསང་སྔགས་གསར་རྙིང་ཐམས་ཅད་དགོངས་པ་མཐུན་ལ། དེ་ཡང་གཞིའི་འོད་གསལ་ནི་བི་མ་ལའི་གསང་ཐིགས་སུ། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། ལུས་ཅན་རྣམས་ཀྱི་སྙིང་དབུས་ན་དྭངས་མ་ལྔ་འདུས་ཀྱི་སྙིང་པོ་མི་ཤིགས་པའི་ཐིག་ལེ་གདོད་ནས་སྒྲིབ་བྲལ་གཉུག་མའི་སེམས་ཉིད་འོད་གསལ་ཆོས་སྐུ་བྱང་ཆུབ་ཀྱི་སེམས་ཏེ། མིང་གཞན་རྒྱུད་སྡེ་རྣམས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། འོད་གསལ་ཕྱག་རྒྱ་ཆེན་པོ་དང་། དབྱིངས་ཡེ་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་དང་། རང་གནས་ཀྱི་ཡེ་ཤེས་དང་། ཐོག་མཐའ་མེད་པའི་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། དང་པོའི་སངས་རྒྱས་སོགས་ཀྱིས་བསྙད་ཅིང་། མདོ་སྡེ་རྣམས་


MLP013_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདེ་བར་གཤེགས་པའི་སྙིང་པོ་དང་། གཞི་དོན་གྱི་ཀུན་གཞི་ལ་སོགས་སུ་བསྙད་ནས་གསུངས་པ་སྟེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང་། དོ་ཧར། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡི། །ལུས་ལ་ཡེ་ཤེས་ཡོད་པར་མ་རྟོགས་སོ། །ཞེས་དང་། ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་འདུས་ལས། ཡེ་ནས་ངང་གིས་མ་སྐྱེས་པ། །མ་བཅོས་ཡོངས་ཀྱི་འོད་གསལ་བ། །ཞེས་དང་། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། །ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། རྒྱུད་བླ་མར། རྫོགས་སངས་རྒྱས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཇི་ལྟར་རང་ལུས་བུམ་པ་ཉིད། །དེ་ཉིད་མར་མེ་ལྟ་བུ་སྟེ། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་གསུངས་པའི་དོན་ནོ། །དེ་ལྟར་རང་གནས་ཀྱི་གཞིའི་འོད་གསལ་དེ་ཉིད་ལམ་གྱི་འོད་གསལ་གྱིས་གོམས་པར་བྱས་པ་ལ་བརྟེན་ཏེ། རིན་ཆེན་རྒྱ་མཚོ་ལས། འོད་གསལ་བ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོའི་ས། །སྣང་བ་རྣམ་པར་མི་རྟོག་པ། །མཆེད་པ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པ་རྫོགས་པའོ། །ཞེས་པ་ལྟར། བཞག་ཐབས་ཀྱི་མན་ངག་གང་ལ་བརྟེན་ཀྱང་རུང་སྟེ། དེའི་མཐུས་སེམས་གཉུག་མའི་ངང་དུ་གནས་པའི་ཚེ་སྣང་བའི་ཡེ་ཤེས་རྟོག་བྲལ་གསལ་དྭངས་མི་གཡོ་བའི་འོད་གསལ་དང་པོར་སྐྱེས་པས་ཐར་པའི་ལམ་སྣ་ཟིན། དེ་ཉིད་ཆེས་ཆེར་གོམས་པས་མཆེད་པའི་ཡེ་ཤེས་ཆོས་ཀུན་དུ་མ་རོ་གཅིག་ཏུ་རྟོགས་པ་ནམ་མཁའ་ལྟ་བུར་མཐོང་བས་སྦྱོར་ལམ་ཐོབ། དེ་ཉིད་ཆེས་ཆེར་གོམས་པས་ཐོབ་པའི་ཡེ་ཤེས་སེམས་ཉིད་འོད་གསལ་ཟག་མེད་ཀྱི་ཡེ་ཤེས་དང་པོར་མཐོང་བས་མདོ་ལྟར་ན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། སྔགས་ལྟར་ན་ནང་གི་ཁམས་ལ་ཡེ་ལྡན་གྱི་ཞིང་ཁམས་སྣང་བས་མཐོང་སྤང་ལས་གྲོལ་བ་ས་དང་པོ་བརྙེས། དེའི་རྒྱུན་གོམས་པར་བྱས་


MLP013_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉེར་ཐོབ་ཅེས་བྱ་བ་སྒོམ་ལམ་ཡེ་ཤེས་ཏེ་ལྷན་སྐྱེས་ས་དགུའི་དྲི་མ་རྣམས་སྦྱངས་ནས། འཕགས་ལམ་རྫོགས་པར་བྱེད་ཚུལ་དེ་བཞིན་དུ་འཆི་ཀའི་སྐད་ཅིག་མ་བཞི་ལ་སྦྱར་ནས་གྲོལ་ཚུལ་ཡང་ནང་དུ་ས་ཆུ་ལ་ཐིམ་པ་ནས་རླུང་རྣམ་ཤེས་ལ་ཐིམ་པའི་བར་དང་། དེ་དག་གི་ཚེ་ཕྱི་རོལ་གྱི་གཟུགས་སྒྲ་ལ་ཐིམ་པ་ནས་རོ་རེག་གི་བར་ཐིམ་པའི་དུས་ན་དབུགས་ཀྱི་འགྱུ་བ་ཆད་ཅིང་རོ་རྐྱང་གི་དྭངས་མ་ཡས་མས་ཀྱི་རྩེར་འདུས། དེ་ནས་རེག་ཆོས་ལ་ཐིམ་དུས་ནང་དུ་རྣམ་ཤེས་འོད་གསལ་ལ་འཇུག་སྟེ་ཡས་མས་ཀྱི་དྭངས་མ་གཉིས་པོ་ཧཾ་ལ་ཐིམ་པ་སྙིང་གི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེར་འདུས་པ་ཕྲ་རགས་ཀྱི་རྟོག་པ་འགགས་ནས་སྟོང་པའི་འོད་གསལ་སྣང་མཆེད་ཐོབ་པ་ཉེར་ཐོབ་བཞི་རིམ་པར་ཤར་བས་ཕྱི་རྟགས་སུ་དཀར་དམར་ལ་སོགས་པའི་སྣང་བ་དང་། ནང་རྟགས་སུ་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བོགས་ཕྱིན་པའི་ཚུལ་དུ་ཤར་བས་འོད་གསལ་དང་པོ་གསུམ་གྱིས་རང་བཞིན་བརྒྱད་ཅུའི་རྟོག་པ་རིམ་གྱིས་འགགས་པར་བྱས་ནས་སྒྲིབ་པ་རགས་པ་རྣམས་དབྱིངས་སུ་ཐིམ། བཞི་པའི་དུས་སུ་སྒྲིབ་པ་ཕྲ་བ་རྣམས་ཀྱང་ཐིམ་པས་སྒྲིབ་པ་མཐའ་དག་དང་བྲལ་བའི་ལྷན་སྐྱེས་ཀྱི་འོད་གསལ་སྐབས་དེར་འཆར་ཞིང་། སྐད་ཅིག་བཞི་པའི་རྗེས་དེ་ཉིད་ནས་སྣང་བའི་འོད་གསལ་ཡེ་ཤེས་ལྔའི་ཞིང་སྣང་རིགས་ལྔ་གཙོ་འཁོར་གྱི་ཚོམ་བུའི་དཀྱིལ་འཁོར་གྱི་རྣམ་པར་འཆར་བར་བཤད་དོ། །སྙིང་གི་དྭངས་མ་ལྔའི་གནད་ཀྱིས་ཡིན་ལ། དེའི་དང་པོ་ཆོས་སྐུའི་འོད་གསལ་དང་། གཉིས་པ་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ཞེས་བྱ་ཞིང་། དེ་ངོ་འཕྲོད་ན་རྫོགས་ཆེན་པ་རྣམས་ཡེ་ཐོག་ཏུ་གྲོལ་བ་ཞེས་བྱ་བའི་ཐ་སྙད་བྱེད་ཅིང་། དེར་གྲོལ་བར་མ་ནུས་པའི་རྣལ་འབྱོར་པ་དག་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ཚུལ་སོགས་རྒྱས་པར་བཤད། འདི་དག་གསང་འདུས་པ་སོགས་འཆི་ཀའི་མན་ངག་གི་སྟོབས་ཀྱིས་སྣང་གསུམ་འོད་གསལ་དང་བཅས་པ་ལུགས་འབྱུང་གི་སྟོང་པ་བཞིས་འཆི་ཀའི་འོད་གསལ་མངོན་དུ་བྱས་ཏེ། དེའི་ངང་ལས་ལུགས་ལྡོག་གི་སྣང་བ་གསུམ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་ཏེ། དེ་དང་འོད་གསལ་ངོ་བོ་གཅིག་ཏུ་གྱུར་ནས་ཟུང་འཇུག་ཐོབ་པའམ། འཆི་ཁར་


MLP013_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དབེན་མཐར་ཐུག་གི་འོད་གསལ་སྐྱེས་ནས་བར་དོར་སྒྱུ་ལུས་མངོན་དུ་བྱས་ཏེ། སླར་སྐྱེ་བ་སྤྲུལ་སྐུ་སྒྱུ་ལུས་ཀྱི་ལམ་རིག་པ་འཛིན་པའི་རྟེན་ཁྱད་པར་ཅན་གྱི་ལུས་བརྒྱུད་དེ་གྲོལ་བར་བཤད་པ་སོགས་དང་ཡང་དགོངས་པ་འབྱོར་བ་ལགས། དེས་ན་ཐུགས་དམ་བཞུགས་ཟེར་བ་ཡང་གཞི་དུས་ལྷན་སྐྱེས་ཀྱི་འོད་གསལ་ཤར་བ་དེ་ལམ་དུས་འོད་གསལ་དང་སྦྱར་ནས་སྙོམ་པར་འཇོག་པ་སྟེ། དེ་ཡང་གོ་འཕང་མཐོ་བའི་རྣལ་འབྱོར་པས་དུས་དེར་ཀ་དག་དེ་བཞིན་ཉིད་ཀྱི་གནས་ལུགས་ངོ་འཕྲོད་དེ་གྲོལ་ཞིང་། དགོངས་པ་དམའ་བ་དག་ལ་ནི་སྟོང་པའི་འོད་གསལ་གྱི་ཆ་ཕྲ་རགས་རྟོག་པ་ནུབ་པའི་ཞི་གནས་ལ་སེམས་ཟིན་པ་ཙམ་ལས་ངོ་འཕྲོད་པར་མ་གྱུར་པས་དེ་ལས་ལངས་པའི་སྣང་ཆ་ཡང་བར་དོའི་སྣང་བར་ཤར་ནས་དེར་གདམས་པ་དྲན་པས་ཕྱི་མ་ལ་ལམ་གྱི་འཕྲོ་མཐུད་ནས་གྲོལ་བར་འགྱུར་རོ། །གང་ལྟར་ཡང་འཆི་བ་གཞིའི་འོད་གསལ་ལ་ཆོས་སྐུའི་བར་དོ་དང་། དེ་ལས་ལངས་པའི་བར་དོའི་སྣང་ཆ་ལོངས་སྐུ་དང་། དེ་ནས་སྐྱེ་བ་སྤྲུལ་སྐུ་དང་སྦྱར་ནས་གསུངས་པ་ནི་གསར་རྙིང་ཐམས་ཅད་དགོངས་པ་སྤྱི་ཙམ་དུ་མཐུན་པའི་ཕྱིར་མཁས་གྲུབ་རྗེས་བཤད་པ་རྣམས་ཀྱང་། རྗེ་དེ་རྩལ་བཤད་མང་ཚུལ་ལྟར་ན་བཤད་སྒྲོས་ཟུར་ཁྱད་མི་འདྲ་བ་ཡོད་པ་སྲིད། སྤྱི་ལྡོག་ནས་མི་འདྲ་བ་མེད་དམ་སྙམ་པ་དང་། གསང་སྔགས་རྙིང་མ་ལས་ཀྱང་དེ་དག་དང་མཐུན་པར་འབྱུང་བ་ནི། སྒྱུ་འཕྲུལ་བཤད་རྒྱུད་ཐལ་བ་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡི། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བ་ལ། །རེ་དོགས་མེད་པ་ནམ་མཁའ་བཞིན། །བར་མར་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཉི་ཟླ་འདྲེས་ཤིང་ཟུང་འཇུག་པས། །སྤྲུལ་པ་གཟུགས་ཀྱི་སྐུ་འགྱུར་རོ། །ཞེས་དང་། སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རིམ་དུ། ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བས་རིམ་གསུམ་གཉིས་མེད་དོན། །ཞེས་གསུངས། རྫོགས་ཆེན་ལས། རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ཡན་འཆི་ཀའི་བར་དོ་དང་། ནམ་མཁའ་འོད་གསལ་ལ་ཐིམ་དུས་ཆོས་ཉིད་བར་དོ་ཞེས་


MLP013_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཏེ་ཆོས་སྐུའི་བར་དོ་དང་གནད་གཅིག །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནས་སྲིད་པའི་བར་དོ་མ་ཤར་གྱི་བར་ལྷུན་གྲུབ་ཀྱི་བར་དོར་བཞག་སྟེ། ཐལ་འགྱུར་ལས། ནམ་མཁའ་འོད་གསལ་ལ་ཐིམ་དུས། ཕྲ་རགས་སྣང་བ་ཀུན་འགགས་ཏེ། ཞེས་དང་། འཇུག་ཅིང་སྨིན་པའི་རླུང་ལའང་། །ཕྱོགས་བཞི་མཚམས་དང་སྟེང་འོག་ཏུ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ནང་དུ་འོད་གསལ་གྱི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པ་དེའི་ཚེ་དཀྱིལ་འཁོར་གྱི་ལྷའི་ངོ་བོ་བཞུགས་པ་ཉིད་མཚོན་པར་བྱེད་པའི་བཀུར་སྟི་དང་། གུར་ལས་ཀྱང་། སློབ་དཔོན་མཐར་བྱེད་དུས་སུ་ནི། ཞེས་སོགས་ཀྱིས། གཏན་ལ་ཕབ་ནས་དེ་ཡི་དུས། །རྡོ་རྗེ་དྲིལ་བུ་ལག་པར་སྦྱིན། །མགོ་བོར་དབུ་རྒྱན་བཀོན་པར་བྱ། །ཞེས་གསུངས་པ་བཞིན་དང་། དེ་ལྟ་བུའི་ཆས་འཇུག་འོས་པའི་རྟེན་དེ་ཆོ་ག་ལ་སོགས་པས་མཆོད་པའི་དུས་སུ་དཀྱིལ་འཁོར་གྱི་ལྷའི་ངོ་བོར་བསྒོམ་ཞིང་མཆོད་པ་སོགས་ཀྱིས་བསོད་ནམས་འདུ་བྱེད་པའི་ཕན་ཡོན་ནི། གསང་འདུས་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་དཀྱིལ་འཁོར་རིམ་བཞིན་གནས། །ཞེས་དང་། གསང་བ་རབ་འབྱམས་ལས། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བླ་མ་མཆོག་ཡིན་དངོས་གྲུབ་ཆེ། །ཞེས་དང་། དེ་ལྟ་བུའི་ངེས་ཤེས་ཀྱིས་དྲངས་ཏེ་བཀུར་སྟི་བྱས་པས་བསོད་ནམས་རྨད་དུ་བྱུང་བ་ཐོབ་པའང་། ཡེ་ཤེས་དམ་པའི་རྒྱུད་ལས། །བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིགས་པ་གཅིག་བྱུགས་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་གསུངས། གལ་ཏེ་བླ་མ་དམ་པ་ཡིན་ཡང་སྔར་ལས་སྤངས་རྟོགས་ཅུང་ཟད་དམའ་བའི་རིགས་ལ་དབང་གི་དུས་ཁོ་རང་གིས་བདག་འཇུག་བཞེས་ཚུལ་དུ་བསྐུར་བ་དང་། གཞན་ཡང་ས་ལམ་གྱི་བར་ཆད་དུ་གྱུར་པའི་སྒྲིབ་པའི་གཉེན་པོར་སྒྲིབ་སྦྱོང་སོགས་ཇི་ལྟར་རིགས་པ་བྱས་ཀྱང་མི་འགལ་ལོ། །བླ་མ་ཡོངས་བཟུང་གི་རྒྱུད་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པ་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བཅོམ་སྟེ། །ཤིན་ཏུ་མི་ཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་གསུངས་སོ། །

སྐྱེ་སྤྲུལ་གྱི་ཁྱད་པར་སོགས་ལས་བརྩམས་པའི་མི་དབང་ཆེན་པོའི་དྲི་ལན།


MLP013_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐྱེ་སྤྲུལ་གྱི་ཁྱད་པར་སོགས་ལས་བརྩམས་པའི་མི་དབང་ཆེན་པོའི་དྲི་ལན་དུ་ཕུལ་བ། ལགས། སྤྱིར་སྐྱེ་སྤྲུལ་གྱི་ཁྱད་པར་ནི། སྐུའི་བཀོད་པ་སྔ་མ་བསྡུས་ཏེ་ཕྱི་མ་འཛིན་པ་སྐྱེ་བ་དང་། སྤྲུལ་གཞི་མ་བསྡུས་པ་ལས་སྐུའི་བཀོད་པ་གཞན་དག་སྟོན་པ་སྤྲུལ་པ་ཞེས་གྲགས་ཤིང་། སྔ་མ་ལ་རྒྱུད་གཅིག་པ་ངེས་པར་དགོས་ཀྱང་སྤྲུལ་པ་ཡིན་མིན་གཉིས་ཀ་སྲིད་དེ། དཔེར་ན། རྒྱལ་བུ་དོན་གྲུབ་སྐྱེ་བ་སྤྲུལ་སྐུ་ཡིན་ཡང་། དེ་དང་རྒྱུད་གཅིག་པའི་བྲམ་ཟེའི་ཁྱེའུ་སྣང་བྱེད་སྐྱེ་བ་སྤྲུལ་སྐུར་མི་འགྱུར་བ་བཞིན་དང་། ཕྱི་མ་ལ་རྒྱུད་གཅིག་པ་ཞིག་ཡིན་ཡང་སྤྲུལ་གཞི་གཅིག་ཁོ་ནར་མ་ངེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་ཕྱག་ན་རྡོ་རྗེ་ལྟ་བུས་གདུལ་བྱ་པདྨའི་རིགས་ཀྱིས་འདུལ་བར་འོས་པ་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བསྟན་ནས་དོན་མཛད་པའི་ཕྱིར། ཡང་། སྤྱན་རས་གཟིགས་ཀྱང་སྙིང་རྗེ་པད་དཀར་དུ། ཡབ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བར་འཚང་རྒྱ་བར་ལུང་བསྟན་པ། དེའི་ཆོས་སྲོད་ལ་ནུབ་པའི་ཐོ་རེངས་རྒྱལ་བུའི་ཐུ་བོ་མིག་མི་འཛུམ་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོར་འཚང་རྒྱ་བར་ལུང་བསྟན་པ་སོགས་འཚང་རྒྱ་འགྱུར་དུ་གསུངས་པ་དང་། རྒྱལ་པོ་བཀའ་འབུམ་སོགས་ནས་སངས་རྒྱས་ཟིན་དུ་གསུངས་པ་གཉིས་ལའང་ནང་འགལ་བའི་ཉེས་པ་མེད་པ་འདྲ་ལགས་ཏེ། དཔེར་ན། རྒྱུད་བླ་མར། ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ཞེས་སོགས་དང་། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་བཟང་ལོངས་སྤྱོད་རྫོགས་པ་ལས། །འདུལ་བའི་སྤྲུལ་པ་གྲངས་མེད་ཅིང་། །ཁྱད་པར་མི་མཇེད་འཇིག་རྟེན་དུ། །སྟོང་རྩ་གཉིས་ཀྱི་སྐུར་སྣང་ངོ་། །ཞེས་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་པའི་ཐུགས་རྗེ་ཆེན་པོའི་ངང་དེ་ལས་གང་འདུལ་གྱི་སྤྲུལ་སྐུར་རང་ཤར་བར་གསུངས་ཀྱང་། འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོས་སླར་རྒྱལ་བུ་དོན་གྲུབ་ཀྱི་རྟེན་ལ་སངས་རྒྱས་པའི་ཚུལ་བསྟན་པ་བཞིན་ནོ། །རྒྱུ་མཚན་


MLP013_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་ཉིད། རྣམ་པ་རྒྱལ་སྲས་ཐུ་བོའི་ཚུལ་བཟུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་སྒྲུབ་པ་ཞིག་ཡིན་ལ། རྒྱུད་སྡེ་རྣམས་ལས་ཀྱང་དེ་ལྟ་བུའི་སྣང་ཚུལ་དང་མཐུན་པར་བྱང་སེམས་སློབ་པའི་ཚུལ་དུ་སྒྲུབ་པ་དང་། ཡང་། གནས་ཚུལ་ལ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཡིན་པ་ལྟར་དཀྱིལ་འཁོར་གྱི་དབང་ཕྱུག་རིགས་བདག་རྡོ་རྗེ་འཆང་ཆེན་པོའི་ཚུལ་དུ་སྒྲུབ་པ་གསང་འདུས་འཇིག་རྟེན་དབང་ཕྱུག་ལྟ་བུས་མཚོན་ནས་མང་བའི་ཕྱིར། འདི་ཡང་སྔོན་ནས་སངས་རྒྱས་ཟིན་པར་གསུངས་པ་གནས་ཚུལ་དང་། སླར་ཡང་རྒྱ་འགྱུར་དུ་གསུངས་པ་སྣང་ཚུལ་དུ་ངེས་ལགས་པ་དང་རྒྱལ་པོ་བཀའ་འབུམ་ནས་བཤད་པའི་སངས་རྒྱས་པའི་དུས་ད་ལྟའི་སྔོན་སོང་གི་བསྐལ་པ་དགུ་བཅུ་རྩ་གཅིག་དང་། པད་དཀར་ལས་བདེ་བ་ཅན་དུ་ཚེ་དཔག་མེད་ཀྱི་རྒྱལ་ཚབ་དུ་འཚང་རྒྱ་བར་གསུངས་པའི་དུས་གཉིས་པོའི་སྔ་ཕྱི་ཡང་མཐའ་གཅིག་ཏུ་དཀའ་བ་འདུག་ལགས་རུང་དོན་གནས་ཚུལ་ལ་དཀྱིལ་འཁོར་གྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོར་གདོད་ནས་བཞུགས་པར་ཐུན་མོང་མ་ཡིན་པའི་རྒྱུད་རྣམས་ནས་གསུངས་པ་ལྟར་ན་བསྐལ་པ་གོ་གཅིག་གི་སྔོན་རོལ་དུ་སངས་རྒྱས་པ་དང་། བདེ་བ་ཅན་དུ་འཚང་རྒྱ་འགྱུར་གཉིས་ཀ་ཚུལ་བསྟན་དུ་མཚུངས་པར་འགྱུར་ལ། འོན་ཀྱང་བསྐལ་པ་གོ་གཅིག་གི་སྔོན་རོལ་དུ་སངས་རྒྱས་ནས་སླར་ཡང་བདེ་བ་ཅན་དུ་འཚང་རྒྱ་ཚུལ་སྟོན་ཅེས་བཤད་ན་གནས་སྐབས་སུ་འཆད་བདེའམ་སྙམ་མོད། གཉིས་ཀ་ཚུལ་བསྟན་དུ་འདོད་པའི་ཕྱོགས་ལ་གང་ལྟར་བཤད་ཀྱང་འགལ་བ་ནི་མ་མཐོང་ལགས། ཡང་། རྒྱལ་པོ་འཇིག་རྟེན་དབང་ཕྱུག་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་བྱུང་བ་དང་། སྤྱན་རས་གཟིགས་འཇིག་རྟེན་གྱི་ཁམས་འདིར་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ་རྒྱལ་བུ་མིག་མི་འཛུམ་དུ་སྐྱེས་ཏེ་སེམས་བསྐྱེད་པ་སོགས་གསུངས་པས་རྒྱལ་པོ་འཇིག་རྟེན་དབང་ཕྱུག་སྔོན་དུ་འཐད་པ་ལྟ་བུ་བྱུང་ཡང་། དོན་ལ་འཕགས་པ་སྤྱན་རས་གཟིགས་གནས་ཚུལ་ལ་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་སོགས་ཀྱིས་ཀྱང་


MLP013_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཟུང་དུ་མེད་པ་ཐོག་མ་མེད་པའི་དུས་ནས་སངས་རྒྱས་པའི་ཕྱིར་ན། འདིར་རྒྱལ་པོ་དེས་ལམ་བསྒྲུབས་ནས་སྤྱན་རས་གཟིགས་ཀྱི་གོ་འཕང་བརྙེས་པ་ལྟ་བུ་མ་ཡིན་པར་སྤྲུལ་གཞི་སྤྱན་རས་གཟིགས་དང་། སྤྲུལ་པ་རྒྱལ་པོ་འདིར་འབྲེལ་བས་གོ་རིམ་དཀྱུས་སུ་གནང་བ་འདི་བཞིན་འཐད་པ་དང་བཅས་པ་ལགས། གླེགས་བམ་ལས་གསུངས་པའི་རྒྱ་གར་གྱི་འཁྲུངས་རབས་རྣམས་ཇི་ལྟར་ཕེབས་གནང་བཞིན། ཞུ་ལན་ནོར་བུའི་ཕྲེང་བའི་ནང་ནས་རྔོག་གིས་ཡོན་ཏན་གྱི་ཚིག་རེ་བཏོན་ནས་འབྲོམ་གྱིས་སྔོན་དེ་ཇི་ལྟར་གནས་ཚུལ་ཞུས་པའི་ལན་གྱི་གོ་རིམ་ལྟ་བུ་ལས་སྔ་ཕྱི་བབས་བསྒྲིགས་ནས་གསུངས་པ་མི་འདྲ་ཞིང་། རྒྱལ་པོ་དཔལ་ཡང་། སྔོན་ཚེ་བསྐལ་པ་མང་པོའི་དུས། །ཡུལ་དེར་རྒྱལ་པོ་དཔལ་བཟང་ཞེས། །ཁྱོད་གྱུར་ཅེས་རྒྱལ་པོ་དད་པ་རབ་བརྟན་སྔོན་བསྐལ་པ་མང་པོའི་གོང་དུ། ཁམས་དྷའི་ཡུལ་དེར་རྒྱལ་པོ་དཔལ་དུ་སྐྱེས་པ་ཙམ་ལས་བསྐལ་པའི་གྲངས་སོགས་མ་སྨོས་པས་འདི་ཙམ་ནས་བྱུང་ཞེས་དཔྱད་དཀའ་བར་མ་ཟད། འདི་དག་གླེགས་བམ་རིན་པོ་ཆེ་ཁོ་ན་ལས་གཏམ་རྒྱུད་གཞན་དང་གུང་བསྒྲིག་རྒྱུ་མ་རྙེད་པ་བཅས། འདི་ལྟར་གླེགས་བམ་གྱི་གོ་རིམ་བཞིན་གནང་བ་འདི་ཀ་ལེགས་པ་འདྲ་ལགས། རྒྱལ་པོ་གཙུག་ལག་འཛིན་གྱིས་སློབ་དཔོན་ཆེན་པོ་གསོན་བསྲེགས་བྱས་པའི་དགོས་པ་སློབ་དཔོན་གྱིས་འདུལ་བའི་དུས་ལ་བབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་ཉེར་བསྡོགས་ཀྱིས་བསྐུལ་ཞིང་། རྒྱལ་པོ་རང་གི་རིགས་ཀྱི་ནུས་པ་སད་པར་ཉེ་བས་མཚམས་སྦྱར་བར་སྣང་མོད་ཀྱི་དེ་ལས་གཞན་དུ་དགོས་པ་འདི་དང་འདི་ཞེས་པའི་གཏམ་རྒྱུད་ངོ་མཚར་བ་གཞན་དུ་འདུག་པ་མ་མཐོང་ལགས། བོད་ཀྱི་རྒྱལ་རབས་ལྟ་བུ་ཡབ་སྲས་འཁྲུངས་རབས་སུ་བྱུང་བ་དང་། བླ་མ་ཞང་དང་གཡའ་བཟང་པ། ཆོས་རྒྱལ་འཕགས་པ་དང་གུ་རུ་ཆོས་དབང་། མངའ་རིས་པཎ་ཆེན་བྱང་བདག་པ་གཉིས་པོ་ཐམས་ཅད་མཁྱེན་པ་སྐུ་ན་རིམ་འགའ་དང་ཐོག་མཚུངས་པ་སོགས་བྱུང་ཡང་འགལ་ཆར་མི་འགྱུར་བ་འདྲ་ལགས་ཏེ། སོ་སྐྱེའི་སྐྱེ་བརྒྱུད་ལྟ་བུ་ཡིན་ན་དེ་འདྲ་མི་སྲིད་ཀྱང་། འདིར་འཕགས་པའི་རྣམ་སྤྲུལ་ཚད་མེད་པས་དུས་གཅིག་ལ་སྐུའི་བཀོད་


MLP013_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུ་མ་སྟོན་པ་མི་འགལ་བ་ཡིན་ཏེ། འཕགས་པའི་མཛད་པ་གདུལ་བྱའི་སྣང་བ་ལ་གོ་མི་འགག་པར་ཐུགས་རྗེ་ཆེན་པོའི་འབྲེལ་པས་སྣང་བར་གྲུབ་པའི་ཕྱིར། དཔེར་ན། མཁའ་ཟླ་ཉིད་ཆུ་དྭངས་པའི་སྣོད་ཇི་སྙེད་པར་བར་སྣང་ལ་སྒྲིབ་གཡོགས་མེད་པའི་རྐྱེན་གྱིས་དེ་སྙེད་དུ་སྣང་བ་བཞིན་དང་། མདོར་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུ་སྣང་ཚུལ་དུའང་ས་བཅུའི་བྱང་ཆུབ་སེམས་དཔའི་རྣམ་པར་སྟོན་པའི་ཕྱིར་སྐུའི་བཀོད་པ་དུ་མ་བསྟན་ནས་དོན་མཛད་པ་ལ་སྐྱོན་དུ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་སྐུའི་བཀོད་པ་བརྒྱ་ཕྲག་ཏུ་སྟོན་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྟོན་ནུས་པའི་རྒྱུ་མཚན་གྱིས་སོ། །དེ་ཡང་ཕལ་པོ་ཆེ་ལས། ཏིང་འཛིན་བརྒྱ་དང་སངས་རྒྱས་བརྒྱ་རྣམས་མཐོང་བྱེད་ཅིང་། །ཞིང་བརྒྱ་བསྐྱོད་ཅིང་རབ་ཏུ་སྣང་བྱེད་ཀུན་ཏུ་འགྲོ། །སེམས་ཅན་བརྒྱ་སྟོང་ཆོས་ཀྱི་སྒོ་ལ་འགོད་པར་བྱེད། །རྒྱལ་བའི་སྲས་ཀྱང་བརྒྱ་ཡི་གྲངས་ཚད་རབ་ཏུ་སྟོན། །དེ་ཡི་གོང་ན་སྨོན་མཆོག་སྟོབས་ལྡན་ཚད་ཀྱང་མེད། །ཅེས་གསུངས། དེས་ན་འདིར་སྐྱེ་བ་དངོས་དང་། སྤྲུལ་པ་དང་། ཐུགས་རྒྱུད་གཅིག་པ་དང་། བྱིན་གྱིས་བརླབས་པ་སོགས་ཀྱི་ཚིག་གི་གསལ་བྱེད་མ་གནང་ཡང་ཆོག་འདྲ་ལགས་ཏེ། དཔེར་ན་ཆོས་རྒྱལ་ཁྲི་སྟོང་ལྡེའུ་བཙན་དུ་འཁྲུངས་པ་ལྟ་བུ་ལ། དེ་ཚེ་དེའི་དུས་ན་སྐུའི་བཀོད་པ་གཅིག་ནི་རང་གི་སྲས་སད་ན་ལེགས་ཀྱི་ཚུལ་དུ་བསྟན་ནས། ཞེས་པ་ལྟ་བུ་གནང་ཡང་འགལ་བ་ཅི་ཡང་མེད་པའི་ཕྱིར་རོ། །དེས་ཁ་ཆེ་དགོན་པ་བ་ནས་མཁྱེན་རབ་རྗེའི་བར་གྱི་བརྒྱད་པོ་སོགས་སྐྱེ་སྤྲུལ་དངོས་སུ་འགྲོ་དཀའ་བ་དང་། འགྲོ་མགོན་འཕགས་པ་སོགས་རང་གི་རྣམ་ཐར་དང་བསྟུན་ན་སྐུ་སྐྱེ་དངོས་གྲས་སུ་འགྲིག་མདོག་མི་ཁ་བ་སོགས་ཀྱི་དགོངས་ཕྱོགས་རྣམས་སེལ་བར་ནུས་ལགས་ཤིང་། མདོར་ན་འཕགས་ཆེན་རྣམས་ལ་སེམས་ཅན་འདི་དང་འདིའི་མདུན་དུ་ངས་གཟུགས་འདི་ལྟ་བུ་བསྟན་ནས་འདུག་པར་བྱ་སྙམ་དུ་རྣམ་པར་མི་རྟོག་ནའང་། སེམས་ཅན་རྣམས་ཀྱིས་རང་རང་གི་བསམ་པ་དང་དབང་པོའི་ཁྱད་པར་དེ་དང་མཐུན་པའི་སྤྲུལ་པའི་སྐུའི་བཀོད་པ་དེ་ཉིད་ཀྱང་རང་རང་གི་ངོ་ན་སྣང་ཞིང་། དེ་དག་ཀྱང་ལ་ལར་


MLP013_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྒྱུད་དང་། སྤྲུལ་གཞི་དང་། ཕྲིན་ལས་ཀྱི་འཇུག་པ་སོགས་གཅིག་པ་དང་། ལ་ལར་ཐ་དད་དུ་སྟོན་པ་སོགས་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་གྱི་སྒོ་མཐའ་ཡས་པར་སྟོན་པ་ཆོས་ཉིད་ཡིན་པས་ཆུ་སྣོད་ཀྱི་ཟླ་བ་ཇི་སྙེད་པ་ཡང་མཁའ་ཟླའི་ཀློང་དུ་གཅིག་པ་ལྟར། འདིར་སྐྱེ་སྲིད་དང་། སྤྲུལ་པ་དང་། སྐུའི་བཀོད་པ་དུ་མའི་ཚུལ་དུ་རྣམ་པར་རོལ་པ་འདི་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀུན་མཁྱེན་བླ་མ་འདི་ཉིད་ཀྱི་རྨད་དུ་བྱུང་བའི་ཆོ་འཕྲུལ་ཁོ་ནར་གདོན་མི་ཟ་བ་ཉིད་དུ་གྲུབ་པ་ལགས་སོ། །དེ་ལྟར་ཡང་ཕལ་པོ་ཆེ་ལས། ཇི་སྙེད་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བར། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མེད། །ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པར་ནི་རབ་ཏུ་སྣང་། །སྐུ་ནི་འདས་པ་མ་ཡིན་ཏེ། །མ་འོངས་པ་ཡང་སྐུ་མ་ཡིན། །སྐྱེ་དང་བྱང་ཆུབ་མྱ་ངན་འདས། །སྐད་ཅིག་གཅིག་གིས་རབ་ཏུ་སྣང་། །ཇི་ལྟར་སྒྱུ་མར་གྱུར་པའི་གཟུགས། །སྐྱེས་པ་མ་ཡིན་འོངས་པ་མིན། །དེ་ལྟར་དེ་བཞིན་གཤེགས་པའི་སྐུ། །སྐྱེ་བ་མེད་ལས་ཤིན་ཏུ་བསྟན། །ཅེས་དང་། གཞན་ཡང་འགགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོའི་དཀྱིལ་འཁོར་ནམ་ཕྱེད་ཀྱི་དུས་ན་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་མདུན་ན་ཟླ་བའི་དཀྱིལ་འཁོར་འདུག་པར་ཤེས་ཀྱང་། ཟླ་བའི་དཀྱིལ་འཁོར་ནི་སེམས་ཅན་དེ་དག་གིས་བདག་ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་ཤེས་པར་འགྱུར་བ་བདག་གི་མདུན་ན་འདུག་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་འཇམ་དཔལ། ཟླ་བའི་དཀྱིལ་འཁོར་ནི་མ་འདྲེས་པའི་ཆོས་དང་ལྡན་པས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པས་དེ་ལྟ་བུའི་བྱ་བ་འདི་འབྱུང་ངོ་། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


MLP013_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱང་། འཁོར་དཔག་ཏུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་པའི་སྒྲས་བརྗོད་དུ་མེད་པའི་དབུས་ན་དེ་བཞིན་གཤེགས་པ་བཞུགས་པར་མཐོང་མོད་ཀྱི། འཇམ་དཔལ། དེ་བཞིན་གཤེགས་པ་ནི་སེམས་ཅན་དེ་དག་གི་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་འགྱུར་བར། ང་སེམས་ཅན་དེ་དག་གི་མདུན་ན་འདུག་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་གྱིས་མཐོང་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་མདུན་ན་བཞུགས་སོ། །འཇམ་དཔལ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་གདུལ་བར་བྱ་བ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ཡང་གསེར་གྱི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ་བཻཊཱུཪྱ་དང་། ཨནྡ་རྙིལ་དང་། སྤུག་དང་། མུ་ཏིག་དམར་པོའི་ཁ་དོག་གིས་གདུལ་བར་བྱ་བ་ཡིན་ན། དེ་དག་གི་ཁ་དོག་ཏུ་བཞུགས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། དམྱལ་བ་དང་། གཤིན་རྗེའི་འཇིག་རྟེན་པས་གདུལ་བར་བྱ་བ་ཡིན་ན། དེ་དག་གིས་གཟུགས་སུ་བཞུགས་ནས་ཆོས་སྟོན་ཏོ། །ཞེས་དང་། བི་མ་ལས་མཛད་པའི་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་ཆུང་ལས་ཀྱང་། དཔེར་ན་བར་སྣང་ཟླ་བ་གཅིག་ཤར་བ། །འཛམ་གླིང་ཆུ་རྣམས་ཀུན་ཏུ་ཆུ་ཟླ་སྣང་། །ཆུ་གཅིག་ནང་གི་ནམ་མཁའི་ཟླ་བ་ཡང་། །འགྲོ་བ་སོ་སོ་རང་གི་མདུན་དུ་སྣང་། །དེ་བཞིན་སྤྲུལ་སྐུ་གཅིག་ལ་གླིང་རྣམས་སྣང་། །གླིང་རྣམས་གཅིག་ལ་འགྲོ་བ་དྲུག་ཏུ་སྣང་། །ཐ་དད་དེ་ཀུན་སྤྲུལ་སྐུ་གཅིག་ཏུ་གྲགས། །དེ་འདྲའི་སྟོང་གསུམ་མཐའ་ཡས་མུ་མེད་ན། །དེ་འདྲའི་སྤྲུལ་སྐུ་རེ་རེས་འགྲོ་དོན་མཛད། །ཅེས་གསུངས་པ་ལགས། ཁ་ཆེ་དགོན་པ་བ་དང་། པཎྜི་ཏ་བཛྲ་མ་ཏིའི་རྣམ་ཐར་དང་། ཟ་ཧོར་གྱི་རྒྱལ་རབས་ཀྱི་ལོ་རྒྱུས་གཞན་མ་མཐོང་ལགས་ཤིང་། ལུང་བསྟན་དང་མཛད་པ་འགངས་ཆེ་བའི་ཆད་ལུས་འདྲ་རང་བློས་གང་ཤེས་སོ་སོའི་ཐད་དུ་ཤོག་འཛར་ཞུས་ཡོད།

ཞབས་བརྟན་ཚོགས་མཆོད་ཆེན་མོའི་མཆོད་སྐོར་གྱི་འཆར་གཞི་ཕུལ་བ།


MLP013_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཞབས་བརྟན་ཚོགས་མཆོད་ཆེན་མོའི་མཆོད་སྐོར་གྱི་འཆར་གཞི་ཕུལ་བ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ཉིད་ཐོག་མ་མེད་པའི་དུས་ནས་མངོན་པར་བྱང་ཆུབ་པའི་གོ་འཕང་བླ་ན་མེད་པ་ལ་བདག་གིར་མཛད་ནས་འགྲོ་བ་མཐའ་དག་རང་གིས་བརྙེས་པའི་རྣམ་གྲོལ་གྱི་ལམ་བཟང་པོ་དེ་ལ་དཀྲི་བར་དགོངས་པ་ཡང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་རིས་མེད་དུ་བསྒྲུབ་པའི་ཡེ་ཤེས་ཆེན་པོའི་རྣམ་པར་རོལ་པ་ཚད་མེད་པས་གང་ལ་གང་འདུལ་གྱི་སྒྲོན་མ་རྣམ་པར་བཀོད་པ་ཉིད་ལས་ནམ་དུ་ཡང་རྣམ་པར་གཡོ་བའི་རྩོལ་རྟོག་མེད་དུ་ཟིན་ཀྱང་། ཚུལ་བསྟན་ཙམ་དུ་མཆོད་རྟེན་བརྒྱད་བསྟོད་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བར་དུ་གཅོད་པའི་བདུད་བཞི་འདུལ་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་བྱུང་བ་ལ་སྤྱོད་པས་གོམས་ཤིང་མཐར་ཕྱིན་པར་མཛད་ནས་ཞིང་ཁམས་འདིར་སྤྲུལ་པའི་སྐུའི་གཟུགས་བཟུང་སྟེ་རྡོ་རྗེ་གདན་གྱི་སྤོ་ལ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རེངས་རྔ་བརྡུང་དུ་ཉེ་བ་ན་བླ་ན་མེད་པའི་བདུད་རྩི་མངོན་དུ་བརྙེས་ནས་གདུལ་བྱ་གང་ལ་གང་འདུལ་གྱི་རྣམ་པ་ཀུན་དང་ལྡན་པར་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་ཞིག་བསྐོར་བའི་མཐར་རྩྭ་ཅན་གྱི་གྲོང་ཁྱེར་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་མཛད་ཅིང་། དེ་དག་གི་ནང་ནས་ཀྱང་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་ཁྱད་པར་བ་དག་གང་གི་ཚེ་བསྟན་པའི་དུས་དེ་ཉིད་བཟང་པོར་བྱིན་གྱིས་བརླབས་པའི་དུས་ཆེན་ཡང་གཙོ་ཆེ་ཞིང་གྲགས་ཆེ་བ་ནི། མངོན་བྱང་ཆུབ་དང་ཆོས་འཁོར་བསྐོར། །ལྷ་བབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་གསོག་བྱེད་པའི། །ཁྱད་པར་ཅན་གྱི་དུས་ཆེན་ཡིན། །ཞེས་དུས་ཆེན་བཞི་མདོ་དང་བསྟན་བཅོས་རྣམས་ནས་རྒྱ་ཆེར་བཤད་ཅིང་འཕགས་ཡུལ་གྱི་ཡུལ་གྲུ་སོ་སོར་ཡང་དུས་སྟོན་གྱི་སྲོལ་རྒྱ་ཆེར་དར་


MLP013_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྲགས་ལ། དེའི་དུས་ངོས་འཛིན་ཚུལ་ཡང་། མཆུ་ཟླ་བ་ལ་ཆོ་འཕྲུལ་མཆོད་པ་དང་། ས་ག་ཟླ་བར་མངོན་བྱང་། ཆུ་སྟོད་ཟླ་བར་ཆོས་འཁོར། དབྱུག་པ་ཟླ་བར་ལྷ་བབས་དུས་ཆེན་ཡིན་པར་ཐམས་ཅད་ཞལ་མཐུན་མོད་ཀྱི། འོན་ཀྱང་སྐར་མ་དེ་དག་ཟླ་བའི་ར་འབྲིང་གང་ལ་སྦྱོར་བ་ལ་བཞེད་སྲོལ་ཐ་དད་པ་གཉིས་བྱུང་སྟེ་ཤོང་རྡོར་རྒྱལ་གྱི་ཡི་གེ་དང་། པཎྜི་ཏ་བི་མ་ལ་ཤྲཱིའི་ངག་རྒྱུན་ཙམ་ལ་བརྟེན་ནས་མཁས་པ་བུ་སྟོན་ཁ་ཆེ་ལ་སོགས་པས་མ་བརྟགས་པར་སྲོལ་བཏོད་པར་མཛད་པ་སྟེ། ལུགས་དེ་ལ་ཉ་སྐར་རྣམས་བོད་སྤྱི་ལས་ཟླ་བ་རེས་སྔ་བསྒྱུར་ནས་མཆུ་ཟླ་དགུན་འབྲིང་ཧོར་ཟླ་བཅུ་གཉིས་པར་ངོས་བཟུང་ནས་སྔོན་འཁྱགས་མཆོད་ཅེས་ཁ་སྐད་དུ་གྲགས་པ་ཆོ་འཕྲུལ་མཆོད་པ་དང་། ས་ག་ཟླ་བ་དཔྱིད་འབྲིང་ཧོར་ཟླ་གསུམ་པ་ལ་ངོས་བཟུང་ནས་སྔོན་གནམ་ས་འདེབས་པ་དང་འགྲིག་པས་མཐོང་མཆོད་དུ་གྲགས་པ་མངོན་བྱང་མཆོད་པ་དང་། ཆུ་སྟོད་ཟླ་བ་དབྱར་ར་ཧོར་ཟླ་ལྔ་པར་བཟུང་ནས་སྔོན་ཡུར་མཆོད་དུ་གྲགས་པ་ཆོས་འཁོར་དུས་མཆོད། དབྱུག་པ་ཟླ་བ་སྟོོན་ར་ཧོར་ཟླ་བརྒྱད་པ་ལ་བྱས་ནས་སྔོན་དགག་དབྱེ་མཆོད་པར་གྲགས་པ་ལྷ་བབས་དུས་མཆོད་དུ་བཞེད་པ་དང་། གཞན་ཡང་རྒྱ་བོད་ཀྱི་མཁས་པ་ཕལ་ཆེ་བའི་དགོངས་པ་ནི། མཆུ་ཟླ་དགུན་ཟླ་ཐ་ཆུང་ཧོར་ཟླ་དང་པོ། ས་ག་ཟླ་བ་དཔྱིད་ཟླ་ཐ་ཆུང་ཧོར་ཟླ་བཞི་པ། ཆུ་སྟོད་ཟླ་བ་དབྱར་འབྲིང་ཧོར་ཟླ་དྲུག་པ། དབྱུག་པ་ཟླ་བ་སྟོན་འབྲིང་ཧོར་ཟླ་དགུ་པ་ལ་ངོས་འཛིན་པའི་ལུགས་གཉིས་ལས། དོན་ལ་གནས་པ་ནི་བཞེད་པ་ཕྱི་མ་ཉིད་ཡིན་པར་མངོན་ཏེ་ལུགས་སྔ་མ་དེའི་ཁུངས་ཤོང་སྟོན་གྱི་ཡི་གེའི་རྗེས་སུ་འབྲང་བར་རློམ་ཡང་། ཤོང་ནས་རིམ་པར་བརྒྱུད་པའི་སྐར་རྩིས་ཀྱི་ལག་རྒྱུན་མཁས་པ་བརྒྱུད་མས་རིམ་པར་བཟུང་བའི་སྲོལ་ལས་ཀྱང་དཔྱིད་འབྲིང་ནག་པ་ཟླ་བར་བྱས་ཏེ་འདས་ཟླ་བསྲེ་བར་བྱེད་པས་གནོད་ཅིང་། པཎྜི་ཏའི་ངག་རྒྱུན་དེ་ཡང་ཡར་ངོ་མར་ངོའི་འགོ་འཛིན་ལུགས་སོ་སོ་ལས་ནག་ཟླའི་ནག་ཕྱོགས་དེ་ནག་པ་ས་གའི་གཞི་མཐུན་དུ་འགྱུར་བ་ལྟར་དེ་འདྲ་ལས་འཁྲུལ་བ་སྲིད་ལ། གཞན་དུ་བསམ་ཡས་ཀྱི་མདོ་སྡེ་མཆོད་པ་དེང་སང་ཧོར་ཟླ་ལྔ་པར་བྱས་པས། རྒྱལ་བློན་སྔ་དར་གྱི་དུས་ཀྱི་ཟླ་བའི་ངོས་འཛིན་ཚུལ་


MLP013_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་ལྟར་ཡིན་ནོ་སྙམ་ན། ད་ལྟའི་མདོ་སྡེ་མཆོད་པའི་དུས་འདི་ནི་བར་སྐབས་ནས་འཆུགས་པར་མངོན་གྱི། སྔོན་ལྷ་སྲས་ཀྱི་དུས་མཆོད་བཙུགས་དུས་སྦ་བཞེད་ཞབས་བཏགས་མར། དབྱར་ཟླ་འབྲིང་པོ་ཚུལ་འཇུག་གི་ཟླ་བ་ལ་མདོ་སྡེ་མཆོད་པ་བགྱིས་ཏེ། ཞིང་པ་རྣམས་ཡུར་གྲ་བཤིག་ནས་མཆོད་པ་བྱེད་དུ་འོང་། ཞེས་དབྱར་འབྲིང་གསལ་བར་སྨོས་པས་གནོད་ཅིང་། ཚུལ་གཞུག་ནི་དབྱར་གནས་ལ་ཞུགས་པའི་དོན་ཡིན་པས་དབྱར་སྔ་མ་ཁས་ལེན་ཟླ་བ་དྲུག་པ་ལ་བྱས་པས་ཧོར་ཟླ་དགུ་པ་ལ་དབྱར་ཟླ་གསུམ་རྫོགས་པའི་ཕྱིར། དེའི་བཅོ་ལྔ་ལ་དགག་དབྱེ་འབྱུང་ལ། དེ་ཡང་ཡུམ་བདེན་པ་ལ་འགོད་ཕྱིར་སུམ་ཅུ་རྩ་གསུམ་དུ་དབྱར་ཟླ་གསུམ་གནས་པར་མཛད་པས་དགག་དབྱེ་སྔ་དྲོ་གྲོང་ཁྱེར་གསལ་ལྡན་དུ་བབས་པར་ཁ་ཅིག་བཞེད་ཀྱང་། དགག་དབྱེའི་ཉིན། ད་སྟེ་ཞག་བདུན་ན་མི་ཡུལ་དུ་འབྱོན་པར་ཞལ་གྱིས་བཞེས་པར་ལུང་ལས་བཤད་པས་ཧོར་ཟླ་དགུ་པའི་ཉེར་གཉིས་ལ་དོན་གྱིས་འགྲིག་པ་ཡིན་ནོ། །དེའི་རིགས་པས་ཆོས་འཁོར་དུས་ཆེན་ཡང་ཚུལ་ཞུགས་ཀྱི་ཟླ་བ་དེའི་ཉ་ལ་བྱེད་པ་ཡང་ཅུང་ཟད་འཆུགས་པ་སྟེ། ས་གའི་ཉ་ལ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པར་བཤད་པས་ཚེས་བཞི་ལ་རིགས་པ་ཡིན་ཞིང་། མངོན་བྱང་གི་དུས་ཀྱང་ཧོར་ཟླ་གསུམ་པར་མི་རིགས་པ་རྣམ་པར་དག་པའི་ཡར་ལོག་གི་རིགས་པ་ལ་བརྟེན་ནས་ཟླ་བར་སྒྲ་གཅན་འཇུག་པ་རི་མོས་རྟོགས་པའི་ཕྱིར་རོ། །གཞན་ཡང་ཧོར་ཟླ་བཞི་པ་ལྷུམས་ཞུགས་དང་མྱང་འདས་ཀྱི་དུས་ཀྱང་ཡིན་པས། དུས་ཆེན་གསུམ་འཛོམ་དུ་འགྱུར་ལ། བལྟམས་པ་ནི་མདོ་རྩའི་འགྲེལ་ཆུང་གི་རྗེས་སུ་འབྲངས་ནས་ས་གའི་ཚེས་བདུན་ལ་བྱེད་པ་ཡང་ཡོད་མོད། ལུང་རིགས་གཏེར་མཛོད་པ་སོགས་འདུལ་འཛིན་ཕལ་ཆེར། རྒྱ་ཆེ་རོལ་པ་ལས། དགེ་སློང་དག་དེ་ལྟར་དགུན་འདས་ཏེ་དཔྱིད་ཀྱི་དུས་དཔྱིད་ཟླ་ཐ་ཆུང་གི་ཚེ། ཞེས་པའི་མདོ་ཚིག་འདི་ལྷུམས་ཞུགས་ཀྱི་དུས་ལ་ངོས་བཟུང་ནས། ཚིག་གཏེར་ལས། འདི་ན་དཔྱིད་ཟླ་ར་བ་སོགས། །སུམ་མཚན་བཞི་རུ་ཕྱེ་སྟེ་སྨྲ། །ཞེས་བོད་རྒྱལ་པོའི་ལུགས་ཀྱི་ལོ་འགོ་ཤར་བའི་དུས་སྟོན་ཧོར་ཟླ་གཉིས་པ་དབོས་ཉ་ཟླ་བ་ལ་སྐུ་བལྟམས་པའི་དུས་ཆེན་དུ་བཞེད་དེ། དེ་དང་མཐུན་པར་གོང་


MLP013_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོས་ཀྱང་། དབོ་ཟླའི་ཚེས་བཅུར་གློ་གཡས་ནས་བལྟམས་ཚེ། །ཞེས་གསུངས་པ་ལྟར་རོ། །སྤྱིར་ཟླ་བ་གང་རུང་སྟེ་ཐུན་མོང་གི་དུས་ཀྱང་ཉ་སྟོང་བརྒྱད་ལ་སོགས་པ་དང་། ཐུན་མོང་མ་ཡིན་པ་ཇི་སྐད་དུ། དགུན་ཟླ་འབྲིང་པོ་ལ་སོགས་པའི། །ཚེས་བཅུ་ལ་ནི་དད་པས་མཆོད། །ཅེས་པ་ལྟར་ཡར་ངོ་མར་ངོའི་ཚེས་བཅུ་ལ་སོགས་པ་དད་པ་ཅན་རྣམས་ཀྱི་བསོད་ནམས་རྒྱ་ཆེར་སྤེལ་བའི་དུས་དགེ་བ་དེ་དག་ལ་དུས་མཆོད་ཀྱི་སྲོལ་ཇི་ལྟར་དར་བའི་ཚུལ་ཡང་། སྔོན་འཕགས་ཡུལ་དུ་ཆོ་འཕྲུལ་མཆོད་པ་མཉན་ཡོད། མངོན་བྱང་མ་གྷ་དྷ། ཆོས་འཁོར་ཝ་ར་ཎ་སི། ལྷ་བབས་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་གཙོ་བོར་དར་བར་བཤད་ཅིང་། གངས་ཅན་གྱི་ལྗོངས་འདིར་ཡང་སྦ་བཞེད་ལས། སྲས་མུ་ནེ་བཙན་པོ་དགུང་ལོ་བཅོ་ལྔ་ལོན་ཙ་ན་ཇོ་མོ་ཡོང་བཟའ་མདོ་ཁབ་ཏུ་བཞེས་ཏེ་རྒྱལ་སྲིད་ཤིན་ཏུ་རྒྱ་ཆེ་བས་ཡབ་ཀྱི་ཞལ་ཆེམས་ཐུན་ཚགས་སྐར་མ་དང་མཐུན་པར་འབངས་ཀྱི་མཆིས་བགྱི་བར་དགོངས་ནས་བླའི་མཆོད་གནས་རབ་ཏུ་བྱུང་བའི་མངའ་ཐང་དང་ཆོས་འཁོར་སྟོད་སྨད་ཀྱི་ཞབས་ཏོག་ཡབ་ཀྱི་སྲོལ་བཞིན་དུ་མཛད། དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་དུས་ཀྱི་མཆོད་པ་བཞི་བཙུགས། ཞེས་གསུངས་པ་ལྟར་སྔོན་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ཆེམས་བཞིན་ལྷ་སྲས་མུ་ནེ་བཙན་པོས་དུས་ཆེན་བཞིའི་མཆོད་པའི་སྲོལ་ཟླ་མེད་པ་བཏོད། དེ་ཡང་སྦ་བཞེད་དུ་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ཀྱི་མིང་དངོས་སུ་མ་སྨོས་ཀྱང་། མདོར་བསྟན་ལ། དུས་མཆོད་བཞི་བཙུགས་ཚུལ་དང་། རྒྱས་བཤད་དུ་བཀྲེན་ཕྱུག་དང་པོ་སྙོམ་པ་དེ་ཆོ་འཕྲུལ་ཆེན་པོ་ཡིན་པར་དོན་གྱིས་འགྱུར་ཏེ། དེ་ནས་མངོན་པར་བྱང་ཆུབ་པའི་ཟླ་བ་ལ་ཞེས་པའི་མཚམས་སྦྱོར་དང་། ལྷ་བབས་ལ་ཆོ་འཕྲུལ་ཆུང་བར་བཏགས་པས་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ཀྱང་བསྟན་པས་མཚོན་ཞིང་། དེ་དག་ལ་མིང་གི་ཐ་སྙད་ཀྱང་སྔར་གྱི་ཁ་སྐད་ལས་བྱུང་བ་ལྟར་ཞང་བློན་རྣམས་ཀྱི་ངོ་བསྲུང་བའི་ཕྱིར། གཅིག་ལ་ཡབ་མེས་ཀྱི་མཆོད་པ་ཞེས་བཏགས་ནས། གཞན་གསུམ་ལ་མདོ་སྡེ་དང་། མངོན་པ། འདུལ་


MLP013_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོད་པ་ཞེས་འདོགས་པའི་རྒྱུ་མཚན། མཆོད་པའི་ཡུལ་དམ་པ་མཉེས་པར་བྱེད་པའི་རྣམ་དཀར་གྱི་ལས་ཤིག་ཡིན་པས་དུས་དེ་དང་དེའི་ཚེ་སྡེ་སྣོད་གསུམ་སོ་སོའི་ཆོས་གྲྭའི་ཉན་བཤད་ཀྱང་རྩལ་དུ་འདོན་པའི་སྲོལ་དར་བ་ལས་བཏགས་པར་མངོན་ལ། སྤྱིར་ན་མཆོད་པའི་ངོ་བོ་ནི། མཆོད་ཡུལ་དུ་གྱུར་པའི་ཞིང་དམ་པ་རྣམས་བླར་བཀུར་ཞིང་མཆོད་པའི་བསམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་རྣམ་པར་དགེ་བའི་བྱ་བ་དང་། དངོས་པོ་ཡོ་བྱད་སྟོབ་པའི་སྒོ་ནས་ཀྱང་མཉེས་པར་བྱེད་པ་ཡིན་ལ། ངེས་ཚིག་ནི། པཱུ་ཛའི་སྒྲ་ལས་དྲངས་ན། སྔོན་དུ་བསྐྱེད་པ་དང་། ཡང་ནས་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱི་གནས་སུ་སྟོབ་པར་བྱེད་པའི་དོན་གྱིས་མཆོད་པ་ཞེས་གྲགས་ཤིང་། དེ་ལ་དབྱེ་ན། སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའམ། བླ་ན་ཡོད་པ་དང་བླ་ན་མེད་པའི་མཆོད་པ་ཞེས་པའི་དབྱེ་བ་རྣམ་པ་གཉིས་སུ་ངེས་ཤིང་། དེ་ཡང་མཆོད་ཡུལ་ཞིང་གི་སྒོ་ནས་དབྱེ་ན། དཀོན་མཆོག་མཆོད་པ་ནི་འཇིག་རྟེན་ལས་འདས་པའམ། བླ་ན་མེད་པའི་མཆོད་པ་དང་། ལྷ་ཆེན་པོ་དྲག་པོ་དང་། དབང་ཕྱུག་སོགས་ལ་མཆོད་པ་ནི་འཇིག་རྟེན་པའི་མཆོད་པའམ་བླ་ན་ཡོད་པའི་མཆོད་པ་ཞེས་བྱ། ཡང་བསམ་པའི་ཁྱད་པར་གྱིས་དབྱེ་ན། མཐོ་རིས་ཀྱི་རྒྱུ་ཙམ་ལ་དམིགས་ནས་འབུལ་བ་ནི་འཇིག་རྟེན་པའི་མཆོད་པ་དང་། ཐར་པའི་རྒྱུར་དམིགས་ནས་འབུལ་བ་ནི་འཇིག་རྟེན་ལས་འདས་པའི་མཆོད་པའོ། །ཡང་དངོས་པོའི་སྒོ་ནས་དབྱེ་ན། ཡོ་བྱད་ཀྱི་དངོས་པོས་མཆོད་པ་དང་། ཐོས་བསམ་སྒོམ་གསུམ་སོགས་རྒྱལ་བ་མཉེས་པའི་ཐབས་བསྒྲུབ་པས་འདས་མ་འདས་དང་། རྣམ་པའི་སྒོ་ནས་དབྱེ་ནའང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཟབ་མོས་ཟིན་པའི་སྒོ་ནས་འབུལ་བ་འཇིག་རྟེན་ལས་འདས་པའི་མཆོད་པ་སྟེ་ཐར་པ་ཆ་མཐུན་དང་། དེས་མ་ཟིན་ན་བསོད་ནམས་ཆ་མཐུན་ཞེས་འཇིག་རྟེན་པའི་མཆོད་པར་འགྱུར་ཏེ་སྤྱིར་དབྱེ་བའོ། །སྐབས་དོན་བྱེ་བྲག་ཏུ་དབྱེ་ན། དཀོན་མཆོག་གི་རྟེན་མཆོད་པའི་ཡུལ་ཡིན་ཚུལ། མཆོད་པའི་ཕན་ཡོན། ཕན་ཡོན་དེ་ལྡན་གྱི་མཆོད་ཤོམས། ཇི་ལྟར་འབུལ་བའི་ཆོ་ག་དང་བཞི་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས།


MLP013_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་གསུངས་པ་ལས་མཚོན་བྱ་དོན་གྱི་དཀོན་མཆོག་གསུམ་ནི་ཐར་འདོད་རྣམས་ཀྱིས་སྐྱབས་སུ་བསྟེན་བྱར་གྱུར་པ་སྟེ། སྐྱབས་ཡུལ་གྱི་དཀོན་མཆོག་གསུམ་དང་། དེ་ཉིད་མཚོན་བྱེད་བརྡར་བཏགས་པའི་དཀོན་མཆོག་གསུམ་ནི་བདེ་བར་གཤེགས་པ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དུ་གྲགས་པ་རྣམས་ཡིན་པ་ལ། ད་རེས་སྐབས་སུ་བབ་པ་སངས་རྒྱས་དཀོན་མཆོག་ལ་སྐུ་གཉིས་ཀྱི་དབྱེ་བས་ཆོས་སྐུའི་རྟེན་ཞབས་བརྟན་མཆོད་སྡོང་ཆེན་པོ་དཔེ་ཟླ་ཐམས་ཅད་ལས་འདས་པས་མཚོན་བདེ་བར་གཤེགས་པའི་མཆོད་རྟེན་ཆེན་པོ་བརྒྱད། གཟུགས་ཀྱི་སྐུའི་རྟེན་དེ་བཞིན་གཤེགས་པ་འཁོར་ལོས་སྒྱུར་བ་དང་། མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་གསར་དུ་འདུ་མཛད་པ་རྣམས་དང་། ར་ས་འཕྲུལ་སྣང་གི་ལྷ་ཁང་དུ་དེ་བཞིན་གཤེགས་པ་དངོས་ཀྱི་ཞལ་སྐྱིན་ཇོ་བོ་ཤཱཀྱ་མུ་ནེས་མཚོན་མཐའ་ཡས་པ་དང་། དམ་ཆོས་དཀོན་མཆོག་གི་རྟེན་རིན་ཆེན་སྣ་བཞིའི་བཀའ་བསྟན་གྱི་གླེགས་བམ། དགེ་འདུན་གྱི་རྟེན་དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། གསུང་གི་སྲས་ཉན་རང་འཕགས་པའི་སྐུ་བརྙན་ལ་སོགས་ཏེ། མདོར་ན་བྲིས་པ་དང་། ལུགས་སུ་བྱས་པ་དང་། བརྡུངས་པ་ལ་སོགས་པ་བཟོའི་ཁྱད་པར་དུ་མས་བསྒྲུབས་པའི་རྟེན་ངོ་མཚར་དཔག་ཏུ་མེད་པ་མཆོད་པའི་ཚོགས་སྦྱར་བའི་དཀྱིལ་འཁོར་གྱི་ཁྱམས་ཆེན་པོར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་བསོད་ནམས་ཀྱི་ཞིང་དུ་གདན་མངོན་པར་འཛོམ་པ་ལྟར་བཞུགས་པ་འདི་དག་མདུན་བཞག་གི་དཀོན་མཆོག་གསུམ་ཞེས་བྱ་སྟེ་མཆོད་པའི་ཡུལ་དུ་བཟང་བ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་དཀོན་མཆོག་གསུམ་གྱི་རྟེན་བཞེངས་སུ་གསོལ་བ་དང་། ཕྱག་འཚལ་ཞིང་བསྐོར་བ་བྱ་བ་དང་། མཆོད་པ་འབུལ་བ་དང་། ཐ་ན་སེམས་དང་བ་ཙམ་བགྱིས་པའི་ལེགས་སྤྱད་ཀྱི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་


MLP013_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་རྒྱལ་སྲིད་ངེས་པར་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པར་སངས་རྒྱས་གོ་འཕང་ཐོབ་། །ཅེས་དང་། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་འདོད་ཅི་འབྱོར་བ། །འཚམས་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བྱང་ཆུབ་ངེས་པར་ཐོབ། །མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུགས་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེས་ཆེ་བར་ནི་བཀུར་བའི་གནས་སུ་འགྱུར། །སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ལ་དགྲ་བཅོམ་རྣམས་ཀྱིས་བཀུར། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་སོགས་དང་། མཁས་པ་སུ་དག་རབ་ཏུ་སེམས་དང་བས། །རྒྱལ་བའི་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་མིན་གསུངས། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ཕན་ཡོན་རྒྱ་ཆེར་གསུངས་པ་བཞིན་ནོ། །གསུམ་པ་ནི། སྔོན་དུས་ཆོས་རྒྱལ་ཡབ་སྲས་ཀྱི་ཕྱག་རིས་རྣམ་ཐར་བཟང་པོ་ཇི་ལྟ་བ་བཞིན་དུ་ལྷ་སྲས་ཆོས་ཀྱི་རྒྱལ་པོ་དཔལ་སངས་རྒྱས་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དགོངས་པ་མཁའ་ལྟར་ཡངས་པ་ལྟ་བུས་ཕན་ཡོན་གྱི་དགོས་པ་བླ་ན་མེད་པ་དག་གཟིགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་ས་བཅུའི་དབང་ཕྱུག་འཇིག་རྟེན་མགོན་པོས་རྟག་ཏུ་སྐྱོང་བའི་གནས་གངས་ཅན་གྲུ་འཛིན་གྱི་ཕོ་བྲང་ཆེན་པོ་དང་། བོད་ཀྱི་རྡོ་རྗེ་གདན་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོ་ཟུང་དུ་འབྲེལ་བར་ལྷ་མིའི་སྟོན་པ་རྒྱལ་བ་ཐམས་ཅད་ཀྱི་ཁྱབ་བདག་ཀུན་མཁྱེན་རྒྱལ་བའི་དབང་པོ་མགོན་པོ་འོད་མཚན་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ངོ་བོར་མི་ཤིགས་པར་རྡོ་རྗེ་གཡུང་དྲུང་གི་ཁྲི་ལ་བརྟན་པར་བཞུགས་པ་ཉིད་དང་། ཞབས་བརྟན་མཆོད་སྡོང་ཆེན་པོས་མཚོན་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་རྟེན་


MLP013_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་གཞལ་དུ་མེད་པ་རྣམས་དང་། སྟོན་པའི་ཞལ་སྐྱིན་ཇོ་ཤཱཀ་རྣམ་གཉིས་ལ་སོགས་ཏེ། དཀོན་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་འདུན་ས་ཡངས་པོར་རིག་པ་དང་གྲོལ་བར་ལྡན་ཞིང་། སྡེ་སྣོད་རིན་པོ་ཆེ་རྣམས་དང་རིག་པ་འཛིན་པ་སྔགས་ཀྱི་རིང་ལུགས་སྨྲ་བའི་དགེ་འདུན་གྱི་སྡེ་ཕྱོགས་དང་རིས་སུ་མ་ཆད་པ་བགྲང་བ་ལས་འདས་པ་རྣམས་ཞབས་བརྟན་ཚོགས་མཆོད་ཆེན་མོར་ཚོགས་གཉིས་རྒྱ་མཚོའི་ཞིང་དུ་གདན་འཛོམ་པའི་སྤྱན་སྔར་ཕུན་སུམ་ཚོགས་པའི་མཆོད་པའི་སྤྲིན་དང་བསྙེན་ཅིང་བཀུར་བའི་ཡོ་བྱད་བཟང་ཞིང་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་འབྱོར་པ་རྒྱ་མཚོའི་རྗེས་སུ་འགྲོ་བའི་ངོ་མཚར་གྱི་སྒོ་འཕར་ཡངས་པོར་ཕྱེ་ནས་བསྟན་འགྲོ་མཐའ་དག་གི་ཕན་དང་བདེ་བ་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པ། རབ་འབྱམས་རྒྱལ་བ་རྒྱ་མཚོའི་འདུས་ཞལ་ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་འཇིག་རྟེན་གསུམ་གྱི་མགོན་པོར་ཞབས་པད་བསྐལ་པ་རྒྱ་མཚོར་གཡོ་མེད་དུ་བརྟན་ཅིང་། ཟབ་པ་དང་རྒྱ་ཆེ་བའི་ཕྲིན་ལས་མཁའ་ཁྱབ་མཁའི་རྡོ་རྗེ་ཅན་དུ་གསལ་ཞིང་བརྟན་པར་གསོལ་བ་འདེབས་པ་དང་རྗེས་འབྲེལ་ཁྱད་པར་དུ་གྱུར་པའི་དུས་བཟང་པོ་ལ་མཆོད་བསྐོར་གྱི་སེར་ཕྲེང་ཇི་ལྟར་གནང་བའི་མཆོད་བསྒྲིགས་ཀྱི་འཆར་གཞི་ཇི་ལྟར་སྩལ་བ་རྣམས་ངོ་མཚར་གཞལ་དུ་མེད་པའི་ལེགས་ཚོགས་ཕུན་སུམ་ཚོགས་པ་འདུག་ལགས་པར། སྤྱིར་དངོས་སུ་འབྱོར་པ་དང་ཡིད་སྤྲུལ་གྱི་མཆོད་པ་ཐམས་ཅད་རྣམ་གྲངས་ཀྱི་སྒོ་ནས་དབྱེ་བསྡུའི་ཚུལ་མདོ་རྒྱུད་རྣམས་ནས་མི་འདྲ་ཙམ་མང་དུ་འབྱུང་བ་ནི། བཟང་སྤྱོད་ཀྱི་ཡན་ལག་བདུན་པའི་སྐབས་སུ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། ཞེས་སོགས་ཀྱི་རིམ་པ་དང་། སྤྱོད་འཇུག་ཏུ། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། ཞེས་སོགས་སུ་བསྟན་པ་ལ། བདག་པོས་མ་བཟུང་བ་དང་། ལུས་དབུལ་བ་དང་། བློས་སྤྲུལ་པའི་མཆོད་པ་དང་གསུམ་ལས། ཕྱི་མ་ལ་ས་བཅད་བཅུས་བསྟན་པར་འགྲེལ་ཊཱིཀ་རྣམས་སུ་གསུངས་པ་བཞིན་བཀའ་ཐོར་ཡང་སྩལ་འདུག་པ་དང་། ཆོ་ག་ལ་ལག་ལེན་དུ་འདེབས་ན་བདག་པོས་མ་བཟུང་བའི་མཆོད་པའི་སྔོན་དུ་དངོས་འབྱོར་གྱི་མཆོད་པ་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད་ནས། གཟོད་བདག་


MLP013_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པོས་མ་བཟུང་བའི་མཆོད་པ་ལ་འཇུག་པར་ཚད་ལྡན་དུ་མས་བསྟན་པ་དང་། དེའི་ཚུལ་ཡང་། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མེ་ཏོག་དང་། འབྲས་བུ་དང་། སྨན་དང་། རིན་པོ་ཆེ་དང་། ཆུ་གཙང་དང་། རིན་པོ་ཆེའི་རི་བོ་དང་། ནགས་ཚལ་དང་། ས་ཕྱོགས་དབེན་ཞིང་ཉམས་དགའ་བ་ལ་སོགས་ཏེ་བློས་དམིགས་ཏེ་མཆོད་ཙམ་ལ་དགོངས་པ་དང་། དེ་བཞིན་དུ་ལུས་འབུལ་བ་ཡང་བདག་གི་ལུས་འདི་རྒྱལ་བ་རྣམས་ཀྱི་བྲན་དུ་ཕུལ་ནས་བྱ་བ་སེམས་ཅན་གྱི་དོན་འབའ་ཞིག་བསྒྲུབ་པར་བྱའོ་སྙམ་པ་ལ་སློབ་པར་གསུངས་པ་ཡང་བྲིས་སོགས་ཀྱིས་མི་མཚོན་པ་དང་། གསུམ་པ་བློས་སྤྲུལ་པ་ལ་ཡང་ཁྲུས་ཁང་ལ་སོགས་པ་རྣམས་ཚིགས་བཅད་ལས་ཇི་ལྟར་འབྱུང་བ་བཞིན་ལམ་ལམ་བློས་སྤྲུལ་ཏེ་མོས་པ་ལས་འགའ་ཞིག་ནི་བཤམ་མི་བདེ་བ་དང་། འགའ་ཞིག་བདེ་བ་རྣམས་ལས། ཁྲུས་གསོལ། སྐུ་དབྱེའི་དྲིས་བྱུག་པ། ན་བཟའ་དང་རྒྱན་འབུལ་བ་རྣམས་ནི་ཁྲུས་གསོལ་གྱི་སྐབས་ཉིད་དུ་རིམ་ཅན་དུ་འབྱུང་བ་དང་། བླ་ན་མེད་པའི་མཆོད་པ། ཇི་ལྟར་འཇམ་དབྱངས་ལ་སོགས་པ་དང་། ཞེས་སོགས་ནི་སེམས་དཔའ་ཆེན་པོ་རྣམས་ཀྱིས་མཆོད་བྱ་མཆོད་བྱེད་དམིགས་སུ་མ་གྲུབ་པའི་འཁོར་གསུམ་ཡོངས་དག་གི་མཆོད་པ་སྟེ་མཆོད་པ་ཐམས་ཅད་ལ་རྒྱས་འདེབས་པ་ལས་རྣམ་པས་མཚོན་པར་མི་ནུས་པ་བཀའ་ཐོར་ཕེབས་པ་བཞིན་དང་། སྤྱོད་འཇུག་གི་མཆོད་པའི་ལེའུ་གོ་རིམ་བཞིན་གནང་བ་ཤར་ཚེ། ཕལ་ཆེར་དངོས་སུ་བཤམས་བདེ་ཡང་། ལུས་དབུལ་དང་། བླ་མེད་མཆོད་པ་སོགས་དངོས་བཤམས་ཀྱི་རྣམ་པས་མཚོན་མི་བདེ་བས་སྐབས་དེ་དང་དེའི་ཧོལ་ཁོངས་སུ་ལུས་པ་ལྟ་བུ་དང་། རི་མོ་སོགས་མཚོན་བྱེད་ཀྱིས་ཁ་སྐོང་བ་ཡང་རྣམ་པ་མི་གསལ་བ་འདྲ་ཞིག་འཆར་བར་འདིར་བསྟན་གྱི་མཆོད་རྫས་དངོས་སུ་བཤམ་འོས་པ་ཐམས་ཅད་ཀྱང་ཡོངས་སུ་ཚང་ཞིང་རྣམ་གྲངས་དང་གོ་རིམ་གྱི་དབྱེ་བསྡུ་ཡང་མདོ་དང་སྔགས་ཀྱི་ཆོ་ག་སྤྱི་འགྲོས་གུ་རུ་ལུགས་སུ་མཐུན་པ་རྣམས་གུང་བསྡེབས་པའི་ཕྱག་ལེན་ཚད་ལྡན་དུ་མ་ལ་གྲགས་ཤིང་གྲུབ་པ་དང་། གནས་སྐབས་ལག་ཏུ་ལེན་པ་ན་ཡང་གོ་རིམ་མི་འཁྲུག་ཅིང་རྣམ་པ་འཆར་བདེ་བ་བཅས་མཆོད་ཕྲེང་གི་ཆོ་ག་སྤྱིར་བསྟན་པ་ལྟར་ན། ད་


MLP013_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རེས་མཆོད་ཡུལ་གྱི་སྒོ་ནས་རྣམ་པ་དབྱེ་བ་མེད་མོད་ཀྱང་། མཆོད་པ་པོ་གསང་སྔགས་ནང་གི་རྣལ་འབྱོར་པ་ཁོ་ནར་མ་ངེས་པའི་ཕྱིར་དང་། དོན་དུ་ཐོབ་ཐང་གི་ཁུངས་དང་འབྲེལ་ཞིང་གནས་སྐབས་འགྲོ་བ་ཐུན་མོང་བ་རྣམས་ཀྱི་ངོར་རྣམ་པ་གསལ་ཞིང་མཛེས་བརྗིད་ལྷུན་ཆགས་པ་ཞིག་ཀྱང་དགོས་པར། སྔ་སོར་ལུགས་གཉིས་མངོན་མཐོ་བསམ་འདས་འདི་རིགས་སུ་སྲོལ་དོད་ཀྱི་དཔེའི་རྗེས་སུ་བློ་ནུས་འཇུག་པའི་གནས་མ་དམིགས་པ་དང་། ཁྱད་པར་རྒྱལ་ཐབས་ཀྱི་མངའ་ཐང་དང་མ་སྨད་པའི་ཐུགས་སྟོབས་ཕུལ་དུ་བྱུང་བ་ནམ་མཁའ་ལྟར་ཡངས་པ་འདི་ལྟ་བུ་སོ་སྐྱེ་བློ་རྨོངས་སྦྲང་བུའི་བགྲོད་པས་གཞལ་བར་མི་ནུས་པའི་ཕྱིར་འོལ་ཚོད་ཞུ་སྤོབས་པར་མ་ནུས་མོད། འོན་ཀྱང་རང་བློ་ཕྱོགས་གཅིག་པའི་ཤར་ཚོད་ཀྱི་དབང་དུ་ན་དེ་ཡང་སེར་སྦྲེངས་སོགས་ཐོག་མའི་རྒྱུ་མཚོན་བཀྲ་ཤིས་ཀྱི་སྣ་འདྲེན་པའི་ཕྱིར་འཕྱར་དར་དཀར་པོས་བྱེད་སྲོལ་འདུག་པ་བཞིན། དེ་ཉིད་ཁ་དོག་དཀར་པོ་སྔོན་དུ་འགྲོ་བའི་རྗེས་སུ་ཁ་དོག་སྣ་ཚོགས་པའི་འཕྱར་དར་མང་ཉུང་ཅི་རིགས་ཚར་དུ་དངར་བའི་རྗེས་སུ། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མའི་འཕུར་མ་སྣ་ཚོགས་པའི་བྲེང་ཚར་དང་། བཀྲ་ཤིས་ཀྱི་རོལ་མོའི་ཐོག་མ་དུང་དཀར་གྱི་འདྲེན་པར་གྲགས་པ་བཞིན་དུང་དཀར་དང་། རྒྱ་གླིང་། ཀ་ལིང་། སྦུ་ཧག་སོགས་ཟངས་དུང་གི་རིགས་དང་། རྔ་བོ་ཆེ་སོགས་རྒྱ་བོད་ཀྱི་རོལ་ཆའི་རྣམ་གྲངས་ཇི་སྙེད་པ་རྣམས་དང་། ལྷན་སྐྱེས་དང་སྦྱར་བ་ལས་བྱུང་བའི་བདུག་སྤོས་ཀྱི་ཕོར་པ་དང་། རེང་བུ་སྣ་ཚོགས་བསྲེགས་པ་སོགས་བྲེང་ཚར་དུ་སྤེལ་བ་རྣམས་ནི་ཐོག་མར་སྤྱན་འདྲེན་པའི་བརྡར་སྔོན་དུ་བཏང་ནས། དེའི་རྗེས་སུ། རབ་ཏུ་བྱུང་བ་གཙང་སྦྲ་དང་ལྡན་པ་རྣམས་ཀྱིས་ཁྲུས་ཀྱི་ཆས་ཁྲུས་བུམ་དྲི་བཟང་པོའི་ཆུས་གང་བ་དང་། ཁྲུས་གཞོང་དང་། མེ་ལོང་དང་། ཁྲུས་རས་དཀར་པོ་ཁ་ཚར་མ་ཉམས་པ་ལ་དྲི་བཟང་པོས་རིགས་ལྔའི་ས་བོན་བྲིས་པ་དང་། བྱུག་པོས་དྲི་སྣ་ཚོགས་སྦྱར་བ་དུང་ཆོས་སུ་བླུག་པ་དང་། གོས་གཟུངས་ཁ་དོག་སྣ་ཚོགས་པའི་རྟེན་ཁེབས་དང་། སྣམ་སྦྱར་གྱི་རིགས་དང་། རིན་པོ་ཆེའི་དབུ་རྒྱན་དང་དོ་ཤལ་ཕྱག་ཞབས་ཀྱི་གདུ་བུ་སོགས་ཏེ་རིམ་པ་བཞིན་རྟེན་ཁེབས་ལ་སོགས་པའི་ལྕིབས་


MLP013_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏེག་ནས་མཛེས་པར་འཁུར་བ་རྣམས་འོག་ཏུ་ཁྲུས་ཀྱི་ལས་ལ་འཇུག་པའི་ཡོ་བྱད་རྣམས་སོ། །དེ་ནས་མཆོད་པ་ཀུན་གྱི་ཐོག་མར་འགྲོ་བ་ཆུ་བཞིའམ་གཉིས་ལས། དང་པོ་ནི། ཞི་བ་ལ་ཆེད་དུ་བསྔགས་པའི་སྣོད་དུང་ཆོས་སམ་ཉ་ལྕིབས་སུ་དྲི་དཀར་པོ་འོ་མ་དང་སྦྱར་བ་ལ་མེ་ཏོག་དཀར་པོ་དང་། ཏིལ། ཀུ་ཤ །འབྲས་ཡོས་རྣམས་བཏབ་པ་དང་། རྒྱས་པ་ལ་གསེར་རམ་དངུལ་གྱི་སྣོད་དུ་ཞོ་དང་མེ་ཏོག་སེར་པོ་དྲི་སེར་པོ་དང་སྦྱར་བ་དང་། དེ་བཞིན་དུ་དུང་ཆོས་སུ་ཆུ་གཙང་ལ་མེ་ཏོག་བཏབ་པའི་ཞབས་བསིལ་སོགས་ཆུ་གཉིས་སམ། ཞལ་བསིལ་དང་། བསངས་གཏོར་རྣམས་དུང་ཆོས་སམ། གསེར་དངུལ་ལ་སོགས་ཀྱི་སྣོད་དུ་བླུག་པ་ལས་ཕྱི་མར་འཐོར་ཡབ་དང་བཅས་པའོ། །དེ་ནས་ཉེར་སྤྱོད་ལྔ་ནི། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། བཟའ་བཅའ་སྣ་ཚོགས་པའི་ཞལ་ཟས་རྣམས་རེ་རེ་བཞིན་ཡང་མང་ཉུང་ཇི་ལྟར་འོས་པ་དང་། སིལ་སྙན་དང་། རྔ་ཟླུམ། དུང་དཀར་སོགས་དཀྲོལ་བ་དང་། བརྡུངས་པ་དང་། བུས་པའི་སྒྲའི་བྱེ་བྲག་སྣ་ཚོགས་པའི་རོལ་མོ་རྣམས་དང་། འདོད་ཡོན་ལྔ་ལས་གཟུགས་ནི། བཀའ་བརྒྱད་བདེ་འདུས་སོགས་སུ། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ༔ཞེས་པའི་རྫས་མེ་ལོང་ལ་བརྟེན་པའི་ཕྱིར་འདིར་ཡང་མེ་ལོང་འཐད་འདྲ་བ་དང་། སྒྲ་ནི་ཏིང་ཤག་དང་། གླིང་བུ་དང་། པི་ཝང་སོགས་རོལ་མོའི་བྱེ་བྲག་སྣ་ཚོགས། དྲི་ནི་བྱུག་སྤོས་དྲི་བཟང་སྦྱར་བའི་ཁུ་བས་གང་བའི་དུང་ཆོས་དང་། བདུག་སྤོས་ལྷན་སྐྱེས་དང་སྦྱར་བ་བསྲེགས་པའི་དུད་སྤྲིན། རོ་ནི་རོའི་བྱེ་བྲག་སྣ་ཚོགས་ཁྱད་པར་དུ་སྦྱར་བའི་ཞལ་ཟས་ཀྱིས་གཏམ་པའི་སྣོད། རེག་བྱ་ནི་རྣམ་པར་བཀྲ་བའི་རྟེན་ཁེབས་དང་། སྣམ་སྦྱར་རྣམས་མང་ཉུང་ཅི་རིགས་སྤེལ་ལེགས་སུ་བསྟར་བ་དང་། རྒྱལ་སྲིད་བདུན་ལས། འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་རྣམས་ཏེ། འཁོར་ལོ་དང་ནོར་བུ་ནི་གསེར་ཟངས་ལས་གྲུབ་པ་ལྷའི་ཆ་བྱད་ཅན་གྱིས་ཁུར་བ་དང་། བཙུན་མོ་དང་བློན་པོ་དམག་དཔོན་རྣམས་ཀྱང་སོ་སོའི་ཆ་ལུགས་མཛེས་ཤིང་བརྗིད་པའི་ཆས་སུ་ཞུགས་ཤིང་རྒྱན་གྱིས་བརྒྱན་པ་དང་། གླང་པོ་ནི་གསོབ་ལ་བརྟེན་པ་དང་། རྟ་མཆོག་ནི་རྟ་སྔོན་པོ་རིན་པོ་


MLP013_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་སྒ་སྲབ་ཀྱིས་བརྒྱན་པ་རྣམས་སོ་སོར་སྣ་འཁྲིད་རྒྱ་དཀར་ནག་གི་སྐྱེས་བུའི་ཆས་ཞུགས་ཇི་ལྟར་མཛེས་པར་བསྒྱུར་བ་རྣམས་ཀྱིས་འཁྲིད་པའི་ཚུལ་དང་། ཉེ་བའི་རིན་པོ་ཆེ་བདུན་ནི། རལ་གྲི་པགས་པ་སྐྱེད་ཚལ་ཁང་ཁྱིམ་དང་། །གཟིམས་ཆ་གོས་དང་མཆིལ་ལྷམ་རིན་པོ་ཆེ། །ཞེས་པ་རྣམས་ནི་དེ་དག་གིས་གཟུགས་ཕུན་སུམ་ཚོགས་ཤིང་། བཟོ་ཁྱད་ཀྱིས་འཕགས་པ་རྣམས་སྐྱེས་བུ་ཆ་ལུགས་དང་རྣམ་འགྱུར་སྣ་ཚོགས་པས་ཐོགས་པའི་ཚུལ་ཅན་དང་། སྐབས་འདིར་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་ཀྱང་གཤོམ་པ་གནང་ན་སྐབས་སུ་འབྲེལ་བ་སྟེ། རྟགས་བརྒྱད་ནི། སངས་རྒྱས་རྣམས་ལ་སྐྱེ་བས་ཐོབ་པའི་བཀྲ་ཤིས་ཀྱི་མཚན་བཟང་སུམ་ཅུ་རྩ་གཉིས་མངའ་བའི་གཙོ་བོ་བརྒྱད་ལས་བཀྲ་ཤིས་རྟགས་ཀྱི་ལྷ་མོ་བརྒྱད་སྤྲུལ་བར་བཤད་ཅིང་། སྟོན་པས་བདུད་སྡེ་ཕམ་པར་མཛད་ཚེ་བདུད་ལས་རྒྱལ་བའི་བཀྲ་ཤིས་པའི་རྟགས་ཀྱི་མཚན་མར་ཡང་གྱུར་པ་སྟེ། པདྨ་ཅན་དང་འཇིགས་བྱེད་མ། །འཇིགས་བྲལ་མ་དང་རྣམ་རྒྱལ་མ། །འོད་ལྡན་མ་དང་མདངས་ལྡམ་མ། །དྲི་མེད་མ་དང་ཡིད་བཟང་མའོ། །ཞེས་བཤད་པ་དང་། མིང་གི་འདོགས་ཚུལ་ཁྱད་པར་ཙམ་ལས། དོན་བྱ་རྒྱུད་མི་འཁྲུགས་པའི་ལྷ་མོ་རྣམས་ཏེ། དཔལ་བེའུ། འཁོར་ལོ། པདྨ། རྒྱལ་མཚན། གདུགས་དཀར། བུམ་པ། དུང་དཀར། གསེར་ཉ་རྣམས་ལྷ་མོ་བརྒྱད་པོ་ཚེས་བཅུ་ཆེན་མོའི་དུས་ཀྱི་དཔའ་མོའི་ཆ་ལུགས་ལྟ་བུར་བསྒྱུར་བས་རིམ་པ་བཞིན་ཐོགས་པའོ། །རྫས་བརྒྱད་ནི། མེ་ལོང་། གིའུ་ཝཾ། ཞོ། དུར་ཝ། བིལ་བ། དུང་། ལི་ཁྲི། ཡུངས་དཀར་རྣམས་ཏེ་སྔོན་སྟོན་པ་བཅོམ་ལྡན་འདས་ལ་ཇི་ལྟར་ཕུལ་བའི་གླེང་གཞི་དང་མཐུན་པར་འབུལ་ཚུལ་གྱི་རྣམ་འགྱུར་ལྷ་མོ་འོད་འཆང་མས་མེ་ལོང་འབུལ་བ་སོགས་སོ་སོའི་ཆ་ལུགས་ཀྱིས་རྫས་དེ་དག་ཐོགས་པ་རིམ་པ་བཞིན་བསྟར་བ་དང་། རྫས་འབུལ་བ་པོ་ལ་མི་འདྲ་ཙམ་ཡོང་འདུག་པ་ལུགས་གཅིག་ནི་སྐུ་ཞབས་གྲྭ་ཚང་གི་ཞབས་བརྟན་སྐབས་སུ་གནང་བ་དང་མཐུན་ཞིང་། ལུགས་གཅིག་བུ་སྟོན་གྱི་རབ་གནས་བཀྲ་ཤིས་རྒྱས་བྱེད་སོགས་སུ་བཤད་པ་ལྟར་རོ། །སྐབས་འདིར་སྤྱོད་འཇུག་ལས་འབྱུང་བའི་མཆོད་པ་དངོས་འབྱོར་རྣམས་སྐབས་སུ་ཇི་ལྟར་བབས་པ་སྔོན་ཞུས་བཞིན་


MLP013_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སྤྱོད་དང་། དེ་ནས་མཎྜལ་འབུལ་བའི་ཆས་མཎྜལ་ཉིད་དང་། ཚོམ་བུ་འགོད་པའི་མེ་ཏོག་དྲིས་གཤེར་བ་གང་བའི་སྣོད་གཞོང་དང་། གསེར་དངུལ་གྱི་མཎྜལ་རི་གླིང་སོགས་ཚོམ་བུའམ་གཟུགས་འགྲོས་སྣ་ཚོགས་ཀྱིས་མཛེས་པ་རྣམས་སྤེལ་ལེགས་སུ་འཁུར་བ་དང་། གཞན་ཡང་སྒེག་སོགས་བརྒྱད་དང་རིག་མ་བཅུ་དྲུག་སོགས་ནི་གར་གྱི་ཆས་སུ་ཞུགས་ཤིང་དེ་དག་གི་རྣམ་འགྱུར་འགྲོས་གར་དུ་བྱེད་པ་སོགས་ཞ་ལུ་དང་གོང་དཀར་ཆོས་སྡེ་སོགས་ན་རྒྱུན་ཡོད་འདུག་པ་བཞིན་གནང་ན་ལེགས་པ་འདྲ་བ་དང་། གཞན་ཡང་ཕྱི་ནང་གི་རྒྱུད་སྡེ་སོ་སོ་ནས་བཤད་པའི་མཆོད་པའི་རྣམ་གྲངས་བཀའ་ཐོར་སྩལ་བ་རྣམས་ཀྱང་ཤིན་ཏུ་ལེགས་ཤིང་རྣམ་པར་འཆར་བ་ཡོང་འདུག་ལགས་པ་དང་། དེ་ལས་གཞན་དུ་དབང་པོ་ལྔའི་མེ་ཏོག་སོགས་ཐུན་མོང་མ་ཡིན་པའི་མཆོད་པའི་ཚོགས་རྣམས་ཀྱང་ཁྱད་པར་གྱི་དུས་ཤིན་ཏུ་ཕན་ཡོན་ཆེ་བར་འགྱུར་ཞིང་དེ་དག་གི་འབུལ་ཚིག་ཧེ་རུ་ཀ་གལ་པོའི་རྒྱུད་ཀྱི་རྟག་པ་དགུ་པ་སོགས་སུ་རྒྱས་པར་འབྱུང་ཡང་། ད་རེས་ལྟ་བུའི་ཐུན་མོང་པའི་མངོན་གྱུར་དུ་ནི་སྐབས་སུ་མི་བབས་པ་འདྲ། རབ་གནས་མངའ་དབུལ་གྱི་སྐབས་སུ་འབྱུང་བའི་མཆོད་པ་ཕལ་ཆེར་ཡང་གོང་དུ་དངོས་ཤུགས་ཅི་རིགས་པར་ཚང་ཞིང་། བྱེ་བྲག་གི་སྤུ་གྲི་འདྲེག་སྤྱད་སོགས་དང་། སྲོག་ཤིང་འཁོར་ལོ་སོགས་ནི་རབ་གནས་ཁོ་ནའི་སྐབས་མ་གཏོགས་མི་དགོས་པར་གོ་བ་ལགས། སྐབས་འདིར་མཆོད་རྟེན་ལ་བཀུར་སྟི་བྱ་བའི་ལས་དང་ཉེ་བར་འབྲེལ་བའི་ཕྱིར་སྐབས་སུ་བབས་པ་ནས་འཇིག་རྟེན་གྱི་ལྷ་ཆེན་པོ་གསུམ་དང་། སྔོན་མར་མེ་ལྡན་གྱི་གྲོང་ཁྱེར་དུ་སྟོན་པ་འཁོར་བཅས་མཆོད་པའི་ཚེ་ན་ལྷ་ཆེན་པོ་གསུམ་ལ་སོགས་པའི་འབག་གྱོན་ནས་ཨརྒྷཾ་སྒྲེང་བ་སོགས་ཀྱིས་མཆོད་པར་གྲགས་པ་བཞིན། ཚངས་པས་ཁྲུས་ཆབ་འབུལ་བ། བརྒྱ་བྱིན་གྱིས་བསིལ་ཡབ་གཡོབ་པ། ཁྱབ་འཇུག་གིས་ཨརྒྷཾ་སྒྲེང་བ་སོགས་སོ། །རྒྱལ་པོ་ཆེན་པོ་བཞི་གནོད་སྦྱིན་གྱི་སྡེ་དཔོན་ལ་སོགས་པ་རྣམས་ཀྱང་རང་རང་གི་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་འཁོར་གཡོག་དང་བཅས་པའི་ཟློས་གར་མཆོད་སྤྲིན་རྣམ་པ་བརྒྱད་སོགས་སུ་འབྱུང་བ་དང་ཆ་འདྲ་བ་སོ་སོའི་མཆོད་རྫས་རྣམས་ཐོགས་པའི་ཚུལ་དང་བཅས་པ་ཡང་སེར་སྦྲེངས་ཀྱི་སྔ་ཕྱིའི་བར་མཚམས་སྐབས་སུ་གང་བབ་ཙམ་དུ་རིམ་པ་བཞིན་གྲལ་རིམ་དུ་


MLP013_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ན་ཡང་ཤིན་ཏུ་འོས་པ་དང་། གང་ལྟར་ན་ཡང་མཆོད་པའི་བཅའ་བསྒྲིག་གནང་རྒྱུ་རྣམས་རྒྱུ་ཕུན་སུམ་ཚོགས་ཤིང་། རྐྱེན་འཚམས་པར་འབབ་པའི་རྣམ་འགྱུར་མཐའ་ཡས་པའི་ངོ་མཚར་གྱི་བཀོད་པས་འཕགས་པ་གཙང་སྦྲ་ལ་སོགས་པའི་ཀུན་ཏུ་སྤྱོད་པ་རྣམ་པར་དག་པས་གཞི་བཟུང་སྟེ། རིས་མེད་པའི་འདུས་པ་རྒྱ་མཚོའི་དགེ་འདུན་གྱི་ཚོགས་རྣམས་ཞི་ཞིང་དེས་པའི་ངང་ཚུལ་བཟང་པོས་མཆོད་རྫས་ཀྱི་རྣམ་པ་དུ་མ་ཐོགས་པས་མཆོད་ཅིང་བསྐོར་བའི་ལས་ལ་ཉེ་བར་འཇུག་པའོ། །བཞི་པ་ནི། ད་རེས་དགེ་འདུན་ཧ་ཅང་ཚོགས་ཆེས་པས་བསྐོར་བ་དང་རྗེས་འབྲེལ་མཆོད་པའི་ཆོ་ག་སྟབས་ཅིག་ཏུ་འགྲིག་དཀའ་བའི་ཕྱིར། དགེ་འདུན་གསུང་གི་ང་རོ་བཟང་ཞིང་རྣམ་དཔྱོད་ཀྱི་ཟུར་འཐོན་པའི་རིགས་ཞལ་གྲངས་ཇི་ལྟར་འོས་པ་བཟང་བསྡུས་སྣམ་སྦྱར་སོགས་ཆས་གོས་བཟང་པོ་དང་ལྡན་པ་རོལ་མོའི་རྣམ་གྲངས་དུ་མ་ཐོགས་པས། ཕོ་བྲང་ཆེན་མོའི་མདུན་ངོས་གོས་སྐུ་ལ་སོགས་པ་གང་དུ་བཤམས་པའི་དྲུང་དུ། ཐམས་ཅད་དུ་ནི་ས་གཞི་དག །ཅེས་སོགས་ཀྱིས་ས་གཞི་བྱིན་བརླབ་དང་། སྤྱན་འདྲེན་ཁྲུས་གསོལ་མཆོད་འབུལ་སོགས་ཇི་ལྟར་རིགས་པ་ལས་རྒྱས་བསྡུས་བཟང་སྤྱོད་ཀྱི་ཡན་ལག་བདུན་པས་མཐའ་བརྟེན་པ་ཙམ་ཕྱོགས་སོ་སོ་ན་འབུལ་བ་དང་ཕྱོགས་གང་ཡིན་དེའི་རྒྱལ་ཆེན་ལ་གཏོར་མ་བསྔོ་ཞིང་ཕྲིན་ལས་བཅོལ་བ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པ་སོགས་དང་། བསྐོར་བའི་ཚེ་ན་དྲི་མེད་ལས་བཤད་པའི་བསྐོར་བའི་སྔགས་ཟློས་པ་སོགས་བགྱིད་དུ་སྩལ་ན་ཤིན་ཏུ་ལེགས་ཤིང་སྐབས་སུ་བབས་པར་གོ་བ་བློ་ཆུང་གཅིག་པའི་ཤར་ཚོད་ལགས་པ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་ཡེ་ཤེས་ཀྱི་གཟིགས་པས་དཔྱད་ངོས་རྨོངས་པས་ནོངས་གྱུར་ལ་ཁྲེལ་བ་མི་འཇུག་པར་གསོལ་བ་འདེབས་པ་ལགས་ཤིང་བསྐོར་བའི་དུས་ཀྱི་མཆོད་འབུལ་གནང་ཚུལ་ཡང་ཆོས་སྤྱོད་རབ་གསལ་ནས་ངག་འདོན་སྙིང་པོར་དྲིལ་བ་གཟུང་བདེ་བ་ཞིག་སྐུ་ཞབས་ཉིད་ནས་ལྗགས་བསྒྲིགས་གནང་ན་ལེགས་པ་ཡོང་བ་འདུག་ལགས་པའང་བརྩེ་དབྱིངས་སུ་གཅགས་པ་མཁྱེན་མཁྱེན་ལགས།

རྒྱལ་བ་མཆོག་གི་སྤྲུལ་སྐུ་ཁྲི་ཕེབས་མངའ་གསོལ་གྱི་འཆར་གཞིར་ཕུལ་བ།


MLP013_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱལ་བ་མཆོག་གི་སྤྲུལ་སྐུ་ཁྲི་ཕེབས་མངའ་གསོལ་གྱི་འཆར་གཞིར་ཕུལ་བ། ལགས། ཇི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སྙིང་པོའི་འཚང་རྒྱ་བའི་སྔ་ལོགས་སུ་བདུད་འདུལ་བའི་མཛད་པ་སྟོན་པ་བཞིན་དུ། འདི་ལྟ་བུའི་སུམ་ཚོགས་པའི་བཀྲ་ཤིས་ཀྱིས་མངའ་གསོལ་བའི་སྔ་ལོགས་སུ་བགེགས་སྦྱོང་བའི་ཆོ་གས་མི་མཐུན་པའི་ཕྱོགས་བསལ་རྗེས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་བཅུ་དང་། ཕྲིན་ལས་བཞིའི་བདག་ཉིད་ཅན་གྱི་ཁྲིར་མོས་པ་ལ། ངོ་མཚར་བའི་མཆོད་རྫས་ཀྱི་བཀོད་པས་མདུན་བསྟར་ནས་སྤྱན་དྲངས་པ་ལ། ཇི་ལྟར་འཇིག་རྟེན་དུ་འཁོར་ལོ་སྒྱུར་བའི་རྒྱལ་པོ་བྱུང་བ་ན་གླང་ཆེན་ས་སྲུང་གི་བུས་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་རིན་པོ་ཆེའི་སྣོད་བདུད་རྩིས་གཏམས་པ་བླངས་ཏེ་སྤྱི་བོར་བླུགས་ཤིང་ཁྲུས་བྱས་ནས་རྒྱལ་པོར་མངའ་དབང་བསྐུར་བ་དང་། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་ན་ལྷ་ཀླུའི་རྒྱལ་པོ་རྣམས་ཀྱིས་ལྷའི་ཆུས་སྐུ་ཁྲུས་གསོལ་བ་བཞིན་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས། སྤྱོད་འཇུག་ལྟར་ཁྲུས་ཁང་བསྐྱེད་པ་ནས་བརྩམས་ཁྲུས་ཀྱི་ཆོ་ག་དབྱངས་རོལ་གྱི་ཁྱད་པར་ཕུན་སུམ་ཚོགས་པའི་སྒོ་ནས་སྐུ་ཁྲུས་གསོལ་ཞིང་། དེ་ནས་ཞབས་བརྟན་གྱི་གསུང་ཆོག་ལྟ་བུ་དང་སྦྲེལ་བར་གནང་ངམ། ཡང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་དང་སྨོན་ལམ་གྱི་ཁྱད་པར་ཐམས་ཅད་གཅིག་ཏུ་བསྡུས་ནས་འཁོར་བ་ཇི་སྲིད་བར་ལྷ་དང་མི་རྣམས་ཀྱི་སྟོན་པ་བླ་ན་མེད་པའི་མཛད་པ་སྟོན་པ་ལས་ནམ་དུའང་འཆར་ནུབ་མི་མངའ་བའི་སླད་དུ་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྟ་བུའི་སྐུར་བསྐྱེད་ཅིང་། ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན་དུ་གོ་མཚམས་མེད་པར་མཁའ་ཁྱབ་ཏུ་བཞུགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་བསྡུས་ཏེ་ཕྱག་རྒྱས་མི་གཡོ་བར་བཅིངས་ལ་ཐུན་མོང་གི་ཞལ་བསྲོས་མངའ་དབུལ་བ་ནི། སྐུ་རྟེན་དུ་ཚེ་དཔག་མེད་དང་། བསྟན་པའི་གཙོ་བོ་ཐུབ་དབང་ལ་སོགས་པའི་སྐུ།


MLP013_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྟེན་མཚན་བརྗོད་དུ། ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །ཞེས་པ་ལྟར་ཟབ་རྒྱས་ཀྱི་ཆོས་སྒྲ་སྒྲོག་པའི་དུང་དང་གཎྜི། ཟུང་འཇུག་གི་ཆོས་སྒྲ་སྒྲོག་པའི་རྡོ་རྗེ་དྲིལ་བུ། ཆོས་ཀྱི་རྟེན་གླེགས་བམ་རྣམས་དང་། ཐུགས་རྟེན་དུ་ཐུགས་རྣམ་པར་གྲོལ་བ་ཡེ་ཤེས་ལྔའི་བདག་ཉིད་ཅན་མཚོན་པའི་རིགས་ལྔའི་ཕྱག་རྒྱ་སོགས། ཡོན་ཏན་གྱི་རྟེན་དུ་དབུ་ཞྭ། ན་བཟའ། བཞུགས་སྟན་སོགས་སྐུའི་ཉེར་སྤྱད། ཕྲིན་ལས་ཀྱི་རྟེན་དུ་གང་གི་ཐུགས་རྗེ་དང་ཕྲིན་ལས་ཀྱི་ཕྱག་རྒྱས་འགྲོ་བ་སྲིད་དོ་ཅོག་ལ་འདེབས་པའི་མངའ་དབང་ཆེན་པོ་བརྙེས་པའི་རྟེན་འབྲེལ་དུ་ཕྱག་རྟགས་ཐམ་ཞུ་ལ་སོགས་པ་དང་། གསེར་གྱི་འཁོར་ལོ་རྩིབས་སྟོང་རྣམ་པར་བཀྲ་བ་ལ་སོགས་པའི་ལྷ་དང་མིའི་ཡོ་བྱད་མཆོག་རྣམས་ཀྱི་འབུལ་བ་དང་། བཟའ་བཅའ་བསོད་པ་མང་པོའི་ཞལ་ཟས་དང་མཆོད་ཡོན། མཆོད་སྤྲིན་སྣ་བདུན་ལ་སོགས་པའི་ངོ་མཚར་བའི་གཟིགས་མོའི་ཁྱད་པར། བཀྲ་ཤིས་པའི་ཚིག་གིས་ངག་གི་ལམ་ཕྱེ་བའི་ལེགས་བཤད་འབེལ་གཏམ་གྱི་མཆོད་པ་ལ་སོགས་པས་མངའ་དབུལ་ཞིང་། ཐུན་མོང་མ་ཡིན་པའི་ཞལ་བསྲོས་མངའ་དབུལ་བ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ལྷ་དང་དྲང་སྲོང་རིག་པ་འཛིན་པ་སོགས་བདེན་ཚིག་གྲུབ་པ་ཐམས་ཅད་ནམ་མཁའ་འགེངས་པ་ཙམ་དུ་བྱོན་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མས་ཤིས་པ་བརྗོད་པའི་མེ་ཏོག་ཆར་བཞིན་དུ་བསྙིལ་བས་མངའ་གསོལ་བར་མོས་ཏེ། སྔོན་བཅོམ་ལྡན་འདས་ལ་འོད་འཆང་མས་མེ་ལོང་། ས་སྲུང་གིས་གིའུ་ཝཾ། ཞིང་པའི་བུ་མོས་ཞོ། བྲམ་ཟེ་ཀུཎྜ་ལིས་དུར་ཝ། ཤིང་གི་ལྷ་མོས་བིལ་བ། བརྒྱ་བྱིན་གྱིས་དུང་། སའི་ལྷ་མོས་ལི་ཁྲི། ཕྱག་རྡོར་གྱིས་ཡུངས་ཀར་རྣམས་ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་རྣམས་རིམ་པ་བཞིན་འབུལ་བ་དང་། མདོ་སྡེ་མངོན་བྱུང་ནས་འབྱུང་བ་ལྟར་རྒྱལ་སྲིད་སྣ་བདུན། ལྷའི་དབང་པོ་བརྒྱ་བྱིན་ལྷ་མིན་གྱི་གཡུལ་ལས་རྣམ་པར་རྒྱལ་བའི་ཚེ་ལྷ་མོ་བརྒྱད་ཀྱིས་བཀྲ་ཤིས་པའི་རྫས་ཀྱིས་མངའ་གསོལ་བ་བཞིན་དུ་བཀྲ་ཤིས་རྟགས་བརྒྱད་དབུལ་བ། དེ་རྗེས་མདོ་དབང་དུ་བྱང་སེམས་ཀྱི་ཐེག་པའི་དབང་གི་སྐབས་སུ་གསུངས་པ་ལྟར་མཛད་པ་ཉི་ཤུ་པའི་བཀྲ་ཤིས་ཀྱི་


MLP013_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་བའང་གནང་ན་འབྲེལ་ཆགས་འདྲ་ལགས་པ་ནས། སྔོན་བཅོམ་ལྡན་འདས་དགའ་ལྡན་ནས་འཕོ་བའི་ཚེ་མི་ཕམ་མགོན་ལ་དབང་བསྐུར་བ་ལྟར་རིན་པོ་ཆེའི་དབུ་རྒྱན། ལྷུམས་སུ་ཞུགས་པའི་ཚེ་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བའི་བརྡ་སྒྱུ་འཕྲུལ་མའི་སྐུ་གཟུགས། བལྟམས་པའི་ཚེ་སེང་ཕྲུག་ཟུང་གིས་བསྐོར་བ་ལྟར་རྒོལ་བ་ཟིལ་གྱིས་གནོན་པའི་སེངྒེ་ཟུང་། སེར་སྐྱར་གླང་ཆེན་ཕྲུ་གུས་མངའ་གསོལ་བ་ལྟར་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པའི་གླང་ཆེན་གྱི་ཕྲུ་གུ་ཟུང་། བལྟམས་པའི་ཚེ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ཀ་ཤི་ཀའི་རས་ཀྱིས་བླངས་པ་ལྟར་ཉོན་མོངས་པའི་སྐྱོན་སྤངས་ཤིང་ཡོན་ཏན་རྫོགས་པའི་ཀ་ཤི་ཀའི་རས་དཀར་པོ་ཟུང་། བལྟམས་པའི་ཚེ་ཀླུ་རྒྱལ་གཉིས་ཀྱིས་ཁྲུས་གསོལ་བ་ལྟར་ཁྲུས་བུམ་ཐོགས་པའི་ཀླུ་དགའ་བོ་དང་ཉེར་དགའི་གཟུགས། རྒྱལ་བུ་དོན་གྲུབ་ཏུ་མཚན་གསོལ་བ་ལྟར་མཚན་བསྒྲག་པ། སྲུ་མོ་སྐྱེ་དགུའི་བདག་མོས་རྒྱན་གྱིས་བརྒྱན་པ་ལྟར་རིན་པོ་ཆེ་ལ་སོགས་པའི་རྒྱན་གྱི་ཁྱད་པར་མང་པོ། ཀུན་གྱི་བཤེས་གཉེན་ལས་ཡི་གེ་བསླབས་པ་ལྟར་ཙན་དན་གྱི་བྱང་བུ་ལ་རྒྱ་ཡིག་ལྔ་བཅུ་བྲིས་པ། སྒྱུ་རྩལ་འགྲན་པའི་ཚེ་མེས་སེངྒེ་འགྲམ་གྱིས་གནམ་རུ་བརྡུངས་པ་ལྟར་བདུད་དཔུང་གཞོམ་པའི་མདའ་གཞུ། ས་འཚོ་མ་ཁབ་ཏུ་བཞེས་པ་ལྟར་རིགས་མི་ནུབ་ཅིང་ཇི་ལྟར་འདུལ་བ་བཞིན་འགྲོ་དོན་མཛད་པའི་བཙུན་མོའི་ཆས་ཅན། གྲོང་ཁྱེར་གྱི་གཞིར་ཤིང་རྟ་ལ་ཆིབས་ཏེ་གཤེགས་པས་ངེས་པར་འབྱུང་བ་ལྟར་གདུལ་བྱའི་ཁ་ལོ་གྱེན་དུ་བསྒྱུར་བའི་ཤིང་རྟ། ཁབ་ནས་འབྱུང་བའི་ཚེ་ཆིབས་ལ་བཅིབས་པ་ལྟར་གདུལ་བྱ་རྣམས་བརྩོན་པས་ཉོན་མོངས་པ་ལས་མྱུར་དུ་ཐར་པའི་ཕྱིར་རྟ་མཆོག །རབ་ཏུ་བྱུང་བའི་ཚེ་རྩ་གསུམ་གྱི་ལྷས་སྤུ་གྲི་ཕུལ་བ་ལྟར་ཉོན་མོངས་པའི་དྲ་བ་གཅོད་པའི་ཤན་རལ། དཀའ་ཐུབ་ལས་བཞེངས་ཚེ་ལྷས་གསེག་པར་ཕུལ་བ་ལྟར་མ་རིག་པའི་གཉིད་སློང་བའི་མཁར་གསིལ་དང་ཟག་མེད་ཡོན་ཏན་གྱི་སྣོད་ལྷུང་བཟེད། རབ་ཏུ་བྱུང་བའི་ཚེ་རྩ་གསུམ་གྱི་ལྷས་ན་བཟའ་ངུར་སྨྲིག་ཕུལ་བ་ལྟར་སྲིད་པའི་གདུང་བ་ལས་སྐྱོབ་པའི་སྣམ་སྦྱར་སོགས། དཀའ་ཐུབ་ལས་བཞེངས་ཚེ་འོ་ཐུག་ཕུལ་བས་སྐུ་གསེར་གྱི་ཁ་དོག་ཏུ་གྱུར་པ་ལྟར་འོ་ཐུག་
དང་འབྲས་ཆན། བྱང་ཆུབ་སྙིང་པོར་གཤེགས་པའི་ཚེ་བཀྲ་ཤིས་ཀྱིས་རྩྭ་ཕུལ་བ་ལྟར་བར་ཆད་ཀྱིས་མི་ཚུགས་པའི་རྩྭ་དུརཝ། མ་གྷ་དྷར་བསོད་སྙོམས་ལ་གཤེགས་ཚེ་སྤྲེའུས་ལྷུང་བཟེད་སྦྲང་རྩིས་གང་བ་ཕུལ་བ་ལྟར་འབྲས་བུ་ཕུན་སུམ་ཚོགས་པའི་བརྡར་སྦྲང་རྩིས་གང་བའི་ལྷུང་བཟེད། གྱད་ཀྱི་ཉེ་འཁོར་ན་བཞུགས་ཚེ་ཚོང་པ་ག་གོན་དང་བཟང་སྐྱོང་གིས་བུར་སྦྲང་ཕུལ་བ་ལྟར་སྐྱེ་ཤི་མེད་པའི་རྫས་བུ་རམ་དང་སྦྲང་རྩི་སྟེ། དེ་ལྟར་རྫས་སོ་སོ་འབུལ་ཞིང་། སྔོན་བཅོམ་ལྡན་འདས་ལ་གང་ཟག་དེ་དང་དེས་ཕུལ་བས་ཤིས་པའི་རྫས་སུ་བརླབས་པ་ལྟར་དེང་འདིར་བཀྲ་ཤིས་པའི་མངའ་གསོལ་གྱི་ཕྱིར་འབུལ་བའི་སྟོང་ཐུན་སོ་སོའི་ཚིགས་བཅད་དང་བཅས་པ།

རྒྱལ་བ་མཆོག་གི་སྤྲུལ་སྐུ་ཐོག་མའི་བཞུགས་ཁྲིར་མངའ་གསོལ་སྐབས།


MLP013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱལ་བ་མཆོག་གི་སྤྲུལ་སྐུ་ཐོག་མའི་བཞུགས་ཁྲིར་མངའ་གསོལ་སྐབས་བཀྲ་ཤིས་རྫས་བརྒྱད་ཀྱི་སྟོང་ཐུན་རང་ཉིད་ཀྱིས་བརྗོད་པའི་འཆར་གཞི། དེ་ཡང་ཨཥྚ་མཾ་ག་ལ་དྲ་བ་ཞེས་པའི་སྒྲ་ལས་བཀྲ་ཤིས་པའི་རྫས་བརྒྱད་ཅེས་བྱ་བ་སྟེ། བྲམ་ཟེའི་རིག་བྱེད་ཀྱི་གཞུང་རྣམས་ལས། ལམ་གྱི་ཐོག་མར་ཞོ་ཐོགས་པའི་སྐྱེས་བུ་དང་འཕྲད་ན་དོན་འགྲུབ་པ་དང་བདེ་ལེགས་སུ་འགྱུར་བ་སོགས་རྫས་འདི་དག་བཀྲ་ཤིས་པའི་རྫས་སུ་གྲགས་ཤིང་། སྔོན་འཇིག་རྟེན་དུ་འཁོར་ལོར་སྒྱུར་བ་བྱུང་བའི་ཚེ། གླང་ཆེན་ས་སྲུང་གི་བུས་རྒྱལ་པོ་ཉིད་སྣས་བླངས་ཏེ་གསེར་གྱི་ཁྲིར་བཞག་པ་ལ། སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷའི་ཆུ་བོ་དྲི་མ་མེད་པས་ཡོངས་སུ་གང་བའི་བདུད་རྩིའི་བུམ་པ་བླངས་ཏེ་སྤྱི་བོ་ནས་ཁྲུས་གསོལ་ཞིང་མངའ་དབང་བསྐུར་བས་འཁོར་ལོ་སྒྱུར་བའི་རྒྱལ་པོའི་གོ་འཕང་ལ་བདག་གིར་སྤྱོད་པའི་ཞལ་བསྲོར་བཀྲ་ཤིས་པའི་རྫས་ཀྱིས་མངའ་དབུལ་བར་བཤད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་རྣམ་པར་སྣང་མཛད་ཐིག་ལེ་དབང་བ་རྒྱལ་པོའི་རྒྱུད་ལས། དེ་ནས་ཐམས་ཅད་ནས་ཐམས་ཅད་དུ་བཀྲ་ཤིས་ཤིང་གྲུབ་པའི་རྫས་སུ་གསུངས་པ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། འོག་མིན་གྱི་ལྷ་དང་། འདོད་ཁམས་ཀྱི་ལྷ་དང་། ས་ཡི་བདག་པོ་དང་། རིགས་ཀྱི་ལྷ་དང་བྲམ་


MLP013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་དང་། གང་ཟག་དད་པས་བསམ་ཞིང་རིག་པའི་གླང་པོ་དང་། མཁྱེན་པའི་དབང་པོ་ལ་སོགས་ཏེ། ལེགས་པའི་སྦྱིན་གནས་སུ་བཀུར་བའི་ཕྱིར། བཀྲ་ཤིས་ཀྱིས་མངའ་གསོལ་ནས་འགྲོ་བ་གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་པས་བསྟོད་པ། དེ་བཞིན་གཤེགས་པ་དགྱེས་པ་དགྱེས་པ་ཀྱེ། །རྡོ་རྗེར་བདག་ཡོངས་ག །ཏན་དུ་མ་བཏང་ཞིག །ཅེས་སོགས་རྫས་བརྒྱད་སོ་སོའི་ཡོན་ཏན་དང་བཅས་ཏེ་རྒྱ་ཆེར་བསྔགས་པར་མཛད་ལ། ཁྱད་པར་དེ་བཞིན་གཤེགས་པ་ཐམས་ཅད་ནི། རྒྱུད་བླ་མར། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་པ་ལྟར། ཆོས་ཀྱི་སྐུ་ཞི་བ་ཆེན་པོའི་དབྱིངས་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུར་བཞེངས་ནས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། ཕྱོགས་བཅུའི་འཇིག་རྟེན་དུ་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱ་རྣམས་འདུལ་བར་མཛད་ཅིང་། བྱེ་བྲག་མི་མཇེད་ཀྱི་འཇིག་རྟེན་འདིར་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་ལ་སོགས་ཏེ་གདུལ་བྱའི་སྣང་བ་གང་གིས་འདུལ་བ་དེའི་རྣམ་པར་རོལ་པ་ཚད་མེད་པར་སྟོན་པ་ལས། བསྐལ་བཟང་གི་རྣམ་འདྲེན་བཞི་པ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེངྒེ་ཉིད་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་སྐྱེས་བུ་ཆེན་པོའི་སྟབས་ཀྱིས་གཤེགས་ནས་སྲོད་ལ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་ཏེ་ཐོ་རངས་བསམ་གཏན་བཞི་པ་ལ་བརྟེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཤིན་ཏུ་བཀྲ་ཤིས་པར་མཛད་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་ཏེ་ལྷ་དང་གྲུབ་པ་དང་གསང་བ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྫས་ཕྱག་ཏུ་ཕུལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་ཐམས་ཅད་ཀྱི་རྫས་སུ་བྱིན་གྱིས་བརླབས་པ་ལྟར། དེང་འདིར་ཡང་གཟོད་མ་ཉིད་ནས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་འཕགས་རྒྱལ་པོར་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། ཐབས་ལ་མཁས་པའི་སྤྲུལ་པའི་རོལ་


MLP013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གར་ས་བཅུའི་བྱང་ཆུབ་སེམས་དཔའི་རྣམ་པར་བསྟན་པ་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་དབང་ཕྱུག་ཉིད་གང་འདུལ་གྱི་མོས་པ་ཚད་མེད་པ་དག་འདུལ་བའི་སྒྲོན་མ་རྣམ་པར་བཀོད་པ་ལས། ཞིང་འདིར་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ། དཔལ་རྒྱལ་བ་དྲུག་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ། བརྩེ་ཆེན་ཐུགས་རྗེའི་མངའ་བདག །སྲིད་གསུམ་འགྲོ་བ་མ་ལུས་པའི་སྐྱབས་དང་དཔུང་གཉེན་ཆེན་པོ་མཚན་བརྗོད་པར་དཀའ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་སྡེ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་ཞིའི་རྩེ་མོར་ཡོངས་སུ་བསྒྲེང་བ་གང་གི་ཞབས་ཟུང་བཀྲ་ཤིས་ཀྱི་འཁོར་ལོ་གོང་མའི་ཆོས་ཀྱི་ཁྲི་ཆེན་པོ་ལ་ལེགས་པར་བཀོད་དེ་སྲིད་ཞི་ཀུན་ལ་དཔལ་དང་། གཡང་དང་། བཀྲ་ཤིས་པ་མཐའ་དག་གི་མཐར་ཐུག་པའི་དབང་ཕྱུག་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། འཇིག་རྟེན་ན་ཆེས་ཆེར་འཕགས་པ་འཕྲུལ་དང་གཟི་བརྗིད་དཔག་པར་དཀའ་བ་ལྷ་དང་གྲུབ་པ་སོགས་ཀྱི་གཙོ་བོ་དང་། རབ་དང་། མཆོག་དང་། གྱ་ནོམ་པ། དཔེ་ཟླ་ཐམས་ཅད་དང་བྲལ་བའི་དགེ་ལེགས་ཀྱིས་མངའ་དབང་བསྐུར་བའི་བཀྲ་ཤིས་ཀྱི་ཉི་མ་དགུང་ནས་འཆར་བའི་ཕུན་སུམ་ཚོགས་པའི་དུས་འདིར། དཔལ་རྒྱལ་བའི་དབང་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཆེན་པོ་དང་། རྒྱལ་སྲས་འཇམ་མགོན་མིའི་དབང་པོ་ཡབ་སྲས་ཉི་ཟླ་ཟུང་འབྲེལ་གྱི་ཞབས་པད་མི་འགྱུར་བ་རྡོ་རྗེའི་ཁྲི་ལ་རྟག་པར་བརྟན་ཅིང་། སྲིད་ཞིའི་མངའ་ཐང་ཆེན་པོ་ལ་མངའ་དབང་བསྐུར་བའི་རྒྱལ་ཐབས་ཀྱི་ཕྲིན་ལས་བླ་ནས་བླར་འཕེལ་ཞིང་རྒྱས་པའི་ཕྱིར། གྲུབ་པའི་བཀྲ་ཤིས་པའི་རྫས་བརྒྱད་ཀྱིས་བདེ་ལེགས་ཕུན་སུམ་ཚོགས་པའི་བདག་ཉིད་ཆེན་པོར་ཞལ་བསྲོ་ཞིང་མངའ་དབང་བསྐུར་བ་ནི། སྔོན་ཡང་དག་པར་སོགས།

མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་དྲིའི་ལན་དུ་ཕུལ་བ།


MLP013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་དྲིའི་ལན་དུ་ཕུལ་བ། ལགས། སློབ་སྟོན་རིན་པོ་ཆེ་སྤྱི་བོར་ཕེབས། ལམ་ལྔ། སྐྱེ་གནས་བཞི། རིགས་དྲུག་གིས་བསྡུས་པ་ལས་ལྷ་མིན་དུད་འགྲོའི་ནང་དུ་བསྡུ་
བའི་ཚུལ་ནི། མངོན་པ་མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དག །འདོད་པའི་ཁམས་ཡིན། ཞེས་འགྲོ་བ་ལྔའི་མིང་བྱེ་བྲག་སོ་སོར་སྨོས་ནས་ལྷ་མ་ཡིན་མ་བཤད་ཀྱང་གྲངས་དྲུག་ཏུ་བསྡུས་པའི་དོན་ནི། མཛོད་ལས། འདིར་ནི་དམྱལ་སོགས་འགྲོ་བ་ལྔ། །ཞེས་ལྷ་མིན་ཟུར་དུ་མི་འབྱུང་བ་ནི། ལྷ་མ་ཡིན་དུད་འགྲོའི་ནང་ཚན་དུ་བསྡུ་བའི་དབང་དུ་བྱས་པ་དང་། ཡང་ན་ལྷ་མ་ཡིན་དུ་སྐྱེ་འགྱུར་གྱི་འཕེན་བྱེད་དགེ་བ་བྱས་པ་རྣམས་ལྷ་དང་། འཕེན་བྱེད་མི་དགེ་བ་བྱས་པ་རྣམས་དུད་འགྲོར་བསྡུ་བའི་དབང་དུ་བྱས་ནས། ལྷ་མིན་འགྲོ་བ་གཞན་གྱི་ཁོངས་སུ་འདུ་བའི་ཕྱིར་འགྲོ་བ་ལྔ་ཞེས་བསྡུས་པ་སྟེ། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །ཞེས་རྒྱལ་བ་སྤྱི་བསྟོད་དུ་གསུངས་པ་དང་། ལམ་རིམ་དུ་རིགས་དྲུག་གི་སྡུག་བསྔལ་ལས། དམྱལ་བ། ཡི་དྭགས། དུད་འགྲོ་གསུམ་གྱི་སྡུག་བསྔལ་བྱེ་བྲག་ཏུ་བསྒོམ་པར་གསུངས་པའི་གནད་ནི་སྐྱེས་བུ་ཆུང་ངུའི་སྐབས་སུ་རང་ཉིད་ངན་སོང་ལས་ཐར་འདོད་ཀྱིས་སྐྱབས་སུ་འགྲོ་བ་ཉིད་ལམ་གྱི་དངོས་གཞིར་གསུངས་པ་སྟེ། དེ་ཡང་ཚེ་འདིའི་ཚ་གྲང་བཀྲེས་སྐོམ་སོགས་སྡུག་བསྔལ་ཡུན་ཐུང་ངུ་འདི་ལ་དཔག་ན། ཕྱི་མ་ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་གླགས་མེད་པ་ཡུན་རིང་དུ་མྱོང་དགོས་པ་ལ་ཡིད་ཆེས་ཀྱི་མྱོང་བ་སྐྱེས་ན། རང་ཉིད་དེར་ཤོར་དོགས་བླ་མ་དཀོན་མཆོག་ལ་བློ་ལིངས་བསྐྱུར་ཞེ་ཐག་པ་ནས་སྐྱེ་ཞིང་། དེ་ལྟ་བུའི་བློ་དེ་སྐྱབས་འགྲོའི་དངོས་གཞི་ཡིན་པས། སྐྱབས་འགྲོའི་གནད་དམ་པ་ངན་སོང་གི་སྡུག་བསྔལ་སྒོམ་པ་ལ་ཡོད་པས། དེ་གོམས་པས་དེར་སྐྱེ་བའི་ལས་མི་དགེ་བ་ལ་མངོན་ཞེན་ལྡོག་པར་འགྱུར་བ་ལ་དགོངས་པའོ། །སྨོན་ལམ་ནི་དེ་ལ་དམིགས་ནས་ངན་སོང་དུ་སྐྱེ་འགྱུར་གྱི་ལས་སམ། རྒྱུ་མི་དགེ་བ་ལས་ལྡོག་པ་དང་། འབྲས་བུ་ངན་སོང་དུ་མི་སྐྱེ་ཞིང་སྡུག་བསྔལ་མི་མྱོང་བར་སྨོན་ལམ་འདེབས་པ་སྟེ་གནད་གཅིག་ལགས། དེའི་རྗེས་སུ་སྐྱེས་བུ་འབྲིང་གི་ལམ་ལ་དགོངས་ནས། མི། ལྷ་མ་ཡིན། ལྷའི་སྡུག་བསྔལ་བསྒོམ་པ། སྡུག་བསྔལ་དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་བསྡུས་པ་དང་། སྡུག་བསྔལ་དེ་རྣམས་ལ་སྐྲག་སྟེ་ངེས་པར་འབྱུང་བའི་བློ་སྐྱེས་ན། སྡུག་བསྔལ་


MLP013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་མ་རིག་པ་སོགས་རྟེན་འབྲེལ་ལུགས་ལྡོག་གི་གནད་ཤེས་པས་བདེ་འགྲོའི་འཇིག་རྟེན་གསུམ་ལས་ཀྱང་ཐར་བར་འགྱུར་བའི་ཚུལ་བསམ་པ་ནི་སྐྱེས་བུ་འབྲིང་གི་ལམ་ཡིན་པས་ཐོག་མར་ངན་སོང་གསུམ་གྱི་སྡུག་བསྔལ་བཤད། དེ་ནས་བདེ་འགྲོ་གསུམ་གྱི་སྡུག་བསྔལ་གསུངས་པ་ལགས། དེས་ན་རིགས་དྲུག་གནས་འདྲེན་སོགས་སུ་འགྲོ་བ་རིགས་དྲུག་རིམ་པར་བཤད་པས། སྤྱིར་རིགས་དྲུག་ཏུ་གནས་ཀྱང་ལྷ་མིན་འཕེན་བྱེད་དགེ་སྡིག་གི་དབྱེ་བས་འགྲོ་བ་རིགས་གཉིས་སུ་བསྡུས་ཀྱང་། དོན་འཐོབ་རང་ལས་མྱོང་འགྱུར་གྱི་འགྲོ་བ་སྡེ་ཚན་གཅིག་ཏུ་གནས་པའི་ཕྱིར་གཉིས་ཀ་ལ་འགལ་བ་མི་ཡོང་འདྲ་ཡང་། རྣམ་གྲངས་དྲུག་ཏུ་དབྱེ་བ་ཁོ་ན་ཆོ་ག་དང་སྒོ་མཐུན་ལགས་པ་དང་། སྤྱིར་གསང་སྔགས་གསར་རྙིང་གི་ཐ་སྙད་ནི། རྒྱལ་པོ་དར་མས་བསྟན་པ་མ་བསྣུབས་ཀྱི་གོང་རོལ་དུ་བོད་དུ་འགྱུར་བའི་མདོ་སྔགས་ཐམས་ཅད་ལ་རྙིང་མ་ཞེས་འདོགས་དགོས་པ་དང་། ལོ་ཆེན་རིན་བཟང་སོགས་ཀྱིས་འགྱུར་འགོ་བཙུགས་པ་མན་ཆད་ནས་གསར་མ་ཞེས་མིང་དོན་མཚུངས་པར་གནས་པ་ཡིན་ཞིང་། རྒྱ་གར་དུ་གྲགས་ཚོད་གསར་རྙིང་གི་དབྱེ་བ་ཅི་ལ་ཡོང་ལགས་རུང་དོན་འཐོབ་ཀྱི་དབང་དུ་བྱས་ན་ཐེག་རིམ་བརྒྱད་པ་ཨ་ནུ་སྟེ་རྗེས་སུ་རྣལ་འབྱོར་དང་། དགུ་པ་ཨ་ཏི་སྟེ་ཤིན་ཏུ་རྣལ་འབྱོར་ཏེ། གཉིས་པོ་གསར་མ་ལ་མེད་པའི་ཕྱིར་རྙིང་མ་ཟབ་མི་ཟབ་ཀྱི་ཁྱད་པར་དེ་ལྟར་ཡོད་པར་གྲུབ་ཀྱང་རྒྱ་གར་དུ་གྲགས་ཚོད་གསར་རྙིང་གི་ཐ་སྙད་མེད་པའི་དབང་དུ་བྱས་ནས། བོད་དུ་འགྱུར་སྔ་ཕྱི་ལ་ལྟོས་ནས་དེ་ལྟར་གྲགས་པར་བྱས་ན་འཐད་པ་འདུག་ལགས་པ་དང་། ཡང་། གསར་མའི་བླ་མ་ལ་ལས་རྒྱལ་བློན་སྔ་དར་གྱི་དུས་སུ་འགྱུར་བའི་སྔགས་རྣམས་རྙིང་མ་ཡིན་ཡང་མདོ་དེ་ལྟར་མ་ཡིན་པའི་དབང་ཆེའི་སྟངས་ཆོད་བྱས་པ་འགའ་རེ་པཎ་ཆེན་གསེར་མདོག་ཅན་པ་སོགས་ཀྱིས་ཡི་གེར་བཀོད་འདུག་ཀྱང་། གྲགས་ཚོད་གསར་རྙིང་གི་ཁྱད་པར་རྒྱ་གར་དུ་མ་གྲགས་པ་དང་། དོན་འཐོབ་ཨ་ནུ་ཨ་ཏི་གཉིས་གསར་མ་ལ་མེད་པས་རྙིང་མར་གྲུབ་པ་དང་། བོད་དུ་རྒྱལ་བློན་སྔ་དར་གྱི་དུས་འགྱུར་བའི་མདོ་སྔགས་ཐམས་ཅད་རྙིང་མ་དང་། རིན་བཟང་མན་ཆད་ཀྱི་མདོ་སྔགས་ཐམས་ཅད་ལ་གསར་མ་ཞེས་གནང་ན་བཀའ་སྩལ་ལྟར་
ཤིན་ཏུ་ལེགས་པ་ཡོང་བ་འདུག་ལགས་པ་སོགས་ཤེས་བྱ་ཐམས་ཅད་ལ་གཟིགས་པ་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཆོད་བརྩེ་བས་འཛིན་པ་མཁྱེན་མཁྱེན་ལགས།

རྒྱལ་དབང་ལྔ་པའི་འཁྲུངས་རབས་ལུང་དང་སྦྱར་བ་མི་དབང་ཆེན་པོར་ཕུལ་བ།


MLP013_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱལ་དབང་ལྔ་པའི་འཁྲུངས་རབས་ལུང་དང་སྦྱར་བ་མི་དབང་ཆེན་པོར་ཕུལ་བ། འགྲོ་བ་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་པ་བླ་ན་མེད་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་འདི་ཉིད་ངེས་པའི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཡོངས་སུ་བརྙེས་པས། རིགས་ཅན་གྱི་གདུལ་བར་བྱ་བ་རྣམས་ཀྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་པའི་རྣམ་རོལ་བྱེ་བ་གྲངས་མེད་པ་སྟོན་པ་མཛད་མོད་ཀྱི། འདིར་བློན་པོ་བཀའ་ཐང་ལས་བྱུང་བའི་ལུང་དོན་ཅུང་ཟད་ཙམ་བརྗོད་ན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔འཕྲུལ་ལྔ་སྒྱུར་བའི་སྟོབས་སུ་འབྱུང༔འདྲ་མིན་ཞིག་དང་མ་ནོར་ན༔གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད༔བྱང་མིང་འདུལ་སྐྱོང་གནམ་སའི་བདག༔ཟ་ཧོར་ཆབ་ལས་འབེབས་པར་འགྱུར༔ཞེས་པ་སྟེ། དེ་ཡང་སྤྲུལ་གཞི་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དེ་ཉིད་གང་འདུལ་གྱི་མོས་ངོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་རྣམ་རོལ་རྣམ་པ་ལྔར་བསྟན་པ་ལས། ཐུན་མོང་དང་ཐུན་མོང་མིན་པའི་གདུལ་བྱ་སྐལ་བ་ཐ་དད་པ་དག་གི་མོས་ངོར་སྤྲུལ་པ་ལྔ་པོ་དེ་ཡང་ཕྲག་གཉིས་སུ་རེ་རེ་བཞིན་སྟོན་པར་མཛད་པ་ལས་དང་པོ་ནི། པཎ་ཆེན་དགེ་འདུན་གྲུབ་ནས་ཀུན་མཁྱེན་དམ་པ་འདི་ཉིད་ཀྱི་བར་རྣམ་པ་ལྔར་བསྟན་ཏེ་ཆགས་བྲལ་སྡོམ་བརྩོན་ངུར་སྨྲིག་འཛིན་པའི་སྐུའི་བཀོད་པས་མཐའ་བྲལ་ཟབ་མོ་དབུ་མའི་ལྟ་བ་དེ་ཉིད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བརྟེན་ནས་ཐུན་མོང་གི་གདུལ་བྱ་རྣམས་རྣམ་པར་གྲོལ་བ་མཆོག་གི་ལམ་དང་འབྲས་བུ་ལ་འགོད་པའི་ཕྲིན་ལས་གཙོ་བོར་སྟོན་པར་མཛད་པ་དང་། གཉིས་པ་ནི་མངའ་བདག་ཉང་རིན་པོ་ཆེ་ནས་ཀུན་མཁྱེན་དམ་པ་འདིའི་བར་རྣམ་པ་ལྔར་བསྟན་ཏེ་སྔགས་འཆང་རྡོ་རྗེ་འཛིན་པ་མཆོག་གི་རྣམ་པར་རོལ་པས་རྫོགས་པ་ཆེན་པོ་ཀ་དག་དེ་བཞིན་ཉིད་ཀྱི་ལྟ་བ་དེ་ཉིད་ཡོ་ག་རྣམ་པ་གསུམ་གྱི་ཟབ་ལམ་ཁྱད་པར་ཅན་ལ་


MLP013_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ཐུན་མོང་མིན་པའི་གདུལ་བྱ་རྣམས་ཟུང་འཇུག་གི་ལམ་དང་འབྲས་བུ་ཅི་རིགས་པ་ལ་འགོད་པའི་ཕྲིན་ལས་གཙོ་བོར་སྟོན་པར་མཛད་པས་ན་འཕྲུལ་ལྔ་སྒྱུར་བའི་ཞེས་པའི་དོན་དང་། དེ་ལྟར་རྣམ་པ་ཐ་དད་པར་བསྟན་པའི་དམ་པ་དེ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་གཅིག་ཏུ་བསྡོམས་པ་ལྟ་བུའི་མཐུ་དཔུང་དམ་པ་འདི་ཉིད་ཁོ་ན་ལ་མངའ་བའི་ཕྱིར་སྟོབས་སུ་འབྱུང་ཞེས་ཁྱད་པར་དུ་སྨོས་པའོ། །འདྲ་མིན་ཞེས་པ་ནི། དམ་པ་འདིའི་ཕྲིན་ལས་མངོན་དུ་གྱུར་པར་ཉེ་བ་ན། ཆོས་རྒྱལ་གྱི་སྤྲུལ་པར་གྲགས་པ་གཞན་ཡང་བྱུང་མོད། བློ་ལྡན་རྣམས་ཡིད་མི་རྟོན་ཡང་སྐྱེ་བོ་འཁྲུལ་སྣང་བདེན་འཛིན་གྱི་རྨོངས་མུན་དུ་འཐོམས་པ་དག་ཀྱང་། དམ་པ་འདིའི་ཐུགས་རྗེ་ཉི་མ་འབར་བའི་སྣང་བས་གསལ་བས་ཞིང་འདིའི་ལུས་ཅན་བསོད་ནམས་ཀྱི་སྐལ་བ་དང་ལྡན་པ་མཐའ་དག་འདྲ་མིན་གྱི་འཁྲུལ་སོ་ལས་གྲོལ་བས་དམ་པ་ལ་དམ་པར་ཤེས་པའི་ངེས་ཤེས་གཏིང་ནས་ཚུགས་པ་འདིའོ། །འདི་ལྟར་གདུལ་བྱ་སོ་སོའི་མོས་བློ་ཐ་དད་པའི་སྐལ་བ་དང་འཚམས་པར་འདུལ་བ་བཞིའི་ཕྲིན་ལས་གང་ལ་གང་འཚམས་པ་དེ་ལ་དེར་སྟོན་པ་གཅིག་གོ་གཅིག་གིས་མི་འགོག་པར་ཐ་དད་དུ་སྟོན་པ་ནི་གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད་པའི་དོན་ཡིན་ལ། གཉིས་ཀྱི་གྲངས་ངེས་ནི། གདུལ་བྱ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་སུ་འདུས་པས་འདུལ་བྱེད་ཀྱང་རྣམ་པ་གཉིས་སུ་མ་འདུས་པ་མེད་པ་ཉིད་དོ། །བྱང་མིང་འདུལ་སྐྱོང་ཞེས་པ་ནི་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་ན་འཁོད་པའི་འགྲོ་བ་དཔའ་ཞིང་བརྟུལ་ཕོད་པ་ལ་གདུག་ཅིང་རྩུབ་པའི་བསམ་སྦྱོར་དང་ལྡན་པ་དེ་དག་གང་དུ་བསྐྱོད་པའི་ཕྱོགས་སུ་འཇིགས་པ་མི་བཟད་པ་སྐྱེད་པར་བྱེད་པ་ལས། སྔོན་ཆད་བོད་ཡུལ་གྱི་རྒྱལ་ཁམས་འདི་དག་ཡང་ནས་ཡང་དུ་འཇོམས་པར་བྱས་ཤིང་། ཁྱད་པར་དུས་འདིར་མཐའི་དམག་དཔུང་མི་བཟད་པ་འབྱུང་བའི་དུས་རྟགས་ཐམས་ཅད་མངོན་དུ་གྱུར་པ་ལས། གླིང་དགུའི་འགྲོ་བ་མཐའ་དག་མིང་ཙམ་དུ་འཇོམས་པར་ཉེ་བ་ན། མཐའ་མི་གདུག་པ་ཅན་དེ་དག་གིས་དམ་པ་འདི་ཉིད་ཀྱི་སྐུ་མཐོང་ཞིང་གསུང་ཐོས་པ་དང་མདོར་ན་མཚན་ཙམ་ཐོས་པ་དང་དྲན་པ་ཙམ་གྱིས་ཀྱང་ཞེ་སྡང་གི་གདུག་སེམས་ཞི་ནས་ཞི་ཞིང་དེས་
པའི་སེམས་རྣལ་དུ་འཁོད་པས་དེ་དག་ཕྱི་མ་ངན་སོང་གི་འཇིགས་པ་ལས་བསྐྱབས་ཤིང་བོད་ཁམས་རྣམས་གནས་སྐབས་དམག་དཔུང་གི་འཇིགས་པ་ལས་ཐར་བའི་བཀའ་དྲིན་སྩལ་ཅིང་། གདུལ་དཀའི་འགྲོ་བ་དེ་དག་དམ་པ་འདི་ཉིད་ཁོ་ན་ལ་དད་ཅིང་འདུན་པས་སྐྱབས་སུ་སོང་བའི་ཕྱིར་ན་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དང་རྗེས་སུ་སྐྱོང་བའི་ཡུལ་ཁྱད་པར་ཅན་དུ་གྱུར་པ་དང་། འཛམ་བུའི་སྒྲས་མཚོན་པའི་ཞིང་ཁམས་འདིའི་གནམ་སའི་དཀྱིལ་འཁོར་ཐམས་ཅད་ལ་ཕྲིན་ལས་ཀྱིས་བདག་གིར་མཛད་པ་ནི་མངོན་སུམ་པ་འདིའོ། །ཟ་ཧོར་ཆབ་ལས་འབེབས་པ་འབྱུང༔ཞེས་པ་ནི་དངོས་པོ་ངེས་གཟུང་གི་གསལ་བྱེད་དེ། ཤར་ཕྱོགས་ས་ཧོར་གྱི་རྒྱལ་རིགས་དྲི་མ་མེད་པ་ཕྱིང་དབར་སྟག་རྩེའི་རྒྱལ་བརྒྱུད་དེ་ཉིད་ཆབ་སྟེ་ཟླ་གཟུགས་འཆར་ཡུལ་གྱི་ཆུར་བསྟན་ནས་འཆར་བྱེད་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་ཟླ་གཟུགས་ཆུ་སྣོད་དེ་ཉིད་དུ་འཆར་བ་ནི་འབེབས་པར་འགྱུར་ཞེས་པས་གསལ་བར་བསྟན་ཏེ། འདིར་འཆར་ཡུལ་དངོས་སུ་སྨོས་པ་ཉིད་ཀྱིས་འཆར་བྱེད་ཡུལ་ཅན་ཤུགས་ལས་གསལ་བར་མཚོན་པ་ཉིད་དེ། སྲོང་བཙན་ཕྱོགས་ཀྱི་ཟ་ཧོར་རྒྱལ་བརྒྱུད་འདིས༔བསྟན་པ་དབུས་གཙང་ཡོངས་ལ་གཅུ་བར་འགྱུར༔ཞེས་སོགས་ཀྱི་སྒྲུབ་བྱེད་མཐའ་ཡས་པའི་ཕྱིར་རོ། །

མི་དབང་ཆེན་པོས་བཀའ་སྩལ་བའི་ལན་དུ་ཕུལ་བ།


MLP013_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོས་བཀའ་སྩལ་བའི་ལན་དུ་ཕུལ་བ། ལགས། བཀའ་ཤོག་རིན་པོ་ཆེ་ལྷ་རྫས་བཟང་པོའི་གནང་རྟེན་དང་བཅས་པ་ཚེས་༡༥ལ་སྩལ་བ་ཚེས་༡༦གི་མུན་མཚམས་ལ་སྤྱི་བོར་ཕེབས་པ་བཀའ་དྲིན་བླ་མེད་དུ་ཆེ་ལགས། ཇི་ལྟར་སྩལ་ཕེབས་ཀྱི་བསྡུས་པའི་སྒྲ་དོན་མཚན་གཞི་སོགས་ཚུལ་འདི་ལ་ཐོས་བསམ་གྱི་འཇུག་པ་ཅི་ཡང་བྱེད་མ་མྱོང་གཤིས་འབྲེལ་ཆགས་བསྙེངས་ཐག་ཆོད་པའི་རྒྱུ་མཚན་འབུལ་རྒྱུ་མ་མཆིས་རུང་། གོ་ཚོད་ལམ་ཙམ་ལ། སྤྱིར་རྒྱ་གར་དང་བོད་དུ་ཡང་རྔོག་ལོ་ཆེན་པོ་དང་དེའི་དངོས་སློབ་གངས་པ་ཤེའུ་དང་། ཁྱུང་རིན་གྲགས། གྲོ་ལུང་པ་བློ་གྲོས་འབྱུང་གནས་ལ་སོགས་པ་ཡན་ཆད་དུ། པྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་ནང་ཚན་ཕུང་པོ་ལྔའི་རབ་བྱེད་སོགས་ཡོད་པས་དོན་གྱིས་ཡོད་པར་གྲུབ་ལ། མིང་འདོགས་ཀྱི་སྒོ་ནས་


MLP013_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་ཀྱི་གྲགས་ཚོད་ཇེ་རྒྱས་སུ་གྱུར་པ་ནི་རྔོག་ལོའི་ཡང་སློབ་ཕྱ་པ་ཆོས་ཀྱི་སེངྒེས་སྲོལ་བཏོད་པར་གྲགས་པ་དེ། སློབ་དཔོན་འདིའི། དབུ་མ་བདེན་གཉིས། རྒྱན། སྤྱོད་འཇུག་སོགས་ཀྱི་ཊཱི་ཀ་དང་། དེ་དག་སོ་སོའི་བསྡུས་པའང་མང་དུ་མཛད། ཁྱད་པར་ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་རང་འགྲེལ་དང་བཅས་པ་དང་། ཡིད་ཀྱི་མུན་སེལ་རྐྱང་པ་སྟེ་གཉིས་མཛད། དབུ་མ་ལའང་བསྡུས་པ་ཆེ་ཆུང་གཉིས་ཙམ་མཛད་པར་གྲགས་པ་དང་། བསྡུས་པ་ཞེས་པའི་མིང་དེ་དོན་གང་ལ་འཇུག་པའི་གཞི་ནི། གསུང་རབ་མཐའ་དག་གི་སྙིང་པོ་གཅེས་བསྡུས་གོ་བདེ་མིང་དོན་བརྡའ་སྤྲོད་ཀྱི་དབང་དུ་བྱས་པས་བསྡུས་པ་ཞེས་བཏགས་པར་སྣང་སྟེ། སྔོན་གྱི་ཁ་སྐད་དུ། རྒྱལ་བའི་བཀའ་དང་དེ་འགྲེལ་བསྟན་བཅོས་ཀྱི། །དགོངས་དོན་མ་ལུས་ལེགས་པར་བསྡུས་པས་ན། །བསྡུས་པ་ཞེས་སུ་མཁས་པས་མཚན་དུ་བཏགས། ཞེས་ཟེར་བ་སྣང་བས། དེས་ན་བསྡུས་པ་ཞེས་བརྗོད་བྱའི་མིང་དངོས་དང་། གྲྭ་ཞེས་པ་ནི། དེ་ཉིད་སློབ་པའི་སྡེ་ཚན་གྱི་གྲྭ་སྟེ། དཔེར་ན་སྔགས་གྲྭ། བཤད་གྲྭ། ལུང་གྲྭ། རིགས་གྲྭ་ཞེས་པ་རྣམས་ཀྱིས་མཚོན་པ་སྟེ། དེང་སང་བསྡུས་ར་ཞེས་པ་ནི་ཟུར་ཆག་པར་སྣང་ངོ་། །འོན་ཀྱང་ཕྱ་གཙང་སོགས་ཀྱིས་བསྡུས་པའི་རྣམ་གཞག་མཛད་པ་ལས་ཀྱང་། ཕྱིས་ས་དགེའི་མཁས་པ་རྣམས་ཀྱིས་རིགས་པའི་འགྲོས་འདེད་ཕྲ་ཞིབ་ཀྱི་གནད་ཟབ་མོ་མཐའ་ཡས་པ་ཞིག་མཛད་པ་གྲྭ་སྡེ་སོ་སོ་ན་དར་རྒྱས་སུ་ཡོད་པ་འདྲ་ཞིང་། རོང་སྟོན་ཆེན་པོ་དུས་དེ་ཙམ་ན་ལུང་རིགས་སྨྲ་བ་ཐམས་ཅད་ཀྱི་བསྟོད་ཡུལ་མཐུན་སྣང་དུ་གྲུབ་པ་ཡིན་འདུག་པས། སྡེ་སྣོད་ཀྱི་གཞུང་ལ་དཀྲིས་པའི་ལུང་རིགས་ཀྱི་འཆད་ཉན་སྐུ་ཚེ་རིལ་པོར་མཛད་པ་ཡིན་འདུག་ཀྱང་། ད་ལྟའི་བསྡུས་པ་ཕྲ་ཞིབ་འདི་རང་གཙོ་བོར་མཛད་པ་ཞིག་མེད་འདྲ་སྟེ། རྣམ་ཐར་དུ་ཞལ་ཆེམས་བཞག་པར་ཉིན་མོ་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལ་བཤད་ཉན་མཛད་དགོས། ཁྱོད་ཁྱོད་རང་དང་། ཁྱོད་མ་ཡིན་ཁྱོད་ཅེས་མ་ཟེར། མཚན་མོ་ལུང་དང་རིགས་པའི་རྣམ་གཞག་འུར་ཆི་ལི་གྱིས་ཟེར་བ་གསུངས་འདུག་ཅིང་། ཇི་ལྟར་ཕེབས་པ་བཞིན་བསྡུས་པའི་སྒྲ་བཤད་རོང་པོས་མཛད་ཟེར་བ་དེ་སྒྲ་དོན་མི་འབྱོར་བ་བསླབ་སྟོན་ལྟར་ཡིན་འདུག་གཤིས། ངག་


MLP013_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོས་འཁྱམ་པོ་ལས་རོང་པོས་གསུངས་པ་མིན་འདྲ་ལགས་པ་དང་། ལར་གསང་ཕུར་རྔོག་ལོ་ཆེན་པོ་ནས་བཟུང་རྗེ་བདག་ཉིད་ཆེན་པོའི་སྐུ་དངོས་ཀྱི་ཕྲིན་ལས་ཕྱོགས་ཁྱབ་དང་དུས་རགས་པ་ཙམ་མཚུངས་པ་ཡན་ཆད་དུ་ཚད་མ་རྣམ་ངེས་ཀྱི་བཤད་ཉན་ཁོ་ན་གཙོ་བོར་གྲགས་ཤིང་། རྣམ་འགྲེལ་ནི་ས་པཎ་གྱིས་ཐོག་མར་རྣམ་ངེས་བསྡུས་པ་དང་བཅས་པ་ཕྱ་པའི་ལུགས་དེ་ཉིད་ལ་སྦྱངས་ནས། ཕྱིས་ཁ་ཆེ་པཎ་ཆེན་ལ་ཚད་མ་ཆོས་མཆོག་གསན་པ་ནས་བཟུང་། སྡེ་བདུན་ལ་བཤད་སྒྲོས་རྙིང་པ་དང་མི་འདྲ་བ་པཎྜི་ཏ་གཞན་དག་ལའང་གསན། ཁྱད་པར་རྣམ་འགྲེལ་ལ་འགྱུར་བཅོས་དང་བཤད་པ་བར་མ་ཆད་དུ་མཛད་པ་འུ་ཡུག་པ་དང་། ཞང་མདོ་སྡེ་དཔལ་ལ་སོགས་ལས་རྣམ་འགྲེལ་གྱི་བཤད་ཉན་གཙོ་བོར་དར་ཞིང་། ཚད་བསྡུས་ཀྱི་བཤད་པ་སྔར་བྱུང་རྣམས་གཞན་དང་མི་མཐུན་ཞེས། མདོ་སེམས་ཀྱི་གཞུང་ཐད་སོར་བཞག་ནས་བསྡུས་པའི་སྲོལ་ཐོག་མར་ཕྱེ་བའི་བསྟན་བཅོས་རིགས་གཏེར་རང་འགྲེེལ་དང་བཅས་པ་མཛད་ནས་རྣམ་འགྲེལ་གྱི་སྲོལ་བཏོད། བོད་ཀྱི་བཤད་སྒྲོས་སྔ་མ་ལ་ཟུར་ཟའི་ཚུལ་དུ། ཆོས་ཀྱི་གྲགས་པས་བོར་བ་ཡི། །ངན་སྐྱུག་ཕལ་ཆེར་བླུན་པོས་ལེན། །སྐྱུག་སྨན་བཏང་ནས་སྐྱུག་པ་དག །ཁྱི་ལས་གཞན་པ་སུ་ཞིག་ལེན། །ཞེས་དང་། གངས་རིའི་ཁྲོད་འདིར་མཁས་པའི་རྒྱུ་སྐར་བྱེ་བ་བརྒྱས། །དཔལ་ལྡན་གྲགས་པའི་གསུང་རབ་པདྨོ་ཁ་ཕྱེ་མོད། །གང་བློའི་ཉི་འོད་སྣང་བས་མ་ཁྱབ་དེ་སྲིད་དུ། །གཞུང་ལུགས་དགོངས་དོན་གེ་སར་སྙིང་པོ་གསལ་མ་ནུས། །ཞེས་ཟུར་ཟ་བར་མཛད་པ་དང་། དེ་དང་མཐུན་པར་སྟག་ཚང་ལོ་ཙཱ་བས་ཀྱང་ཁོང་རང་གི་རྣམ་ཐར་དུ་ཕྱ་གཙང་གི་ལུགས་ལ་ཟུར་ཟ་བའི་ཚིག་ཏུ་བྲིས་འདུག་པ་དང་། གང་ལྟར་རྣམ་འགྲེལ་ནི་རྗེའི་སྐུ་ཚེའི་བར་ཡན་ཆད་དུ། ས་སྐྱ། རྩེ་ཐང་སོགས་སུ་དར་རྒྱས་ཆེ་བ་ལས། གསང་ཕུ་ཉིད་དུ་རྣམ་ངེས་ལ་ལྟོས་ནས་རྣམ་འགྲེལ་བཤད་པ་མ་ནུབ་ཙམ་ལས། གསང་ཕུར་རྣམ་འགྲེལ་རང་རྐང་གི་བཤད་པ་དར་རྒྱས་སུ་གྱུར་པ་ནི་སྐབས་དེ་ཙམ་དུ་མ་བྱུང་བར་གྲགས་པ་དང་། རྗེ་བདག་ཉིད་ཆེན་པོའི་རྣམ་འགྲེལ་གསན་ས་རེད་མདའ་བ་ཡིན་འདུག་པ་དང་། རྒྱལ་ཚབ་མཁས་གྲུབ་གཉིས་ཀྱང་ཡབ་སྲས་དེ་གཉིས་ཀའི་སློབ་


MLP013_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མར་འདུག་པ་དང་། དེ་བཞིན་དུ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིའང་རྣམ་འགྲེལ་གསན་ཡུལ་དང་། ར་བ་སྟོད་ཀྱི་བཤེས་གཉེན་གྲ་ཆུང་ཡོན་ཏན་རྒྱ་མཚོ་སོགས་ཀྱང་གསན་ཡུལ་གྱི་གོ་འབྲེལ་གྱི་དབང་ལས་བསྡུས་པ་དང་། རྣམ་འགྲེལ་གྱི་བཤད་པའི་འགངས་ས་པཎ་གྱི་རིགས་གཏེར་དང་མཐུན་པ་ཡོང་རིགས་འདྲ་བ་དང་། འོན་ཀྱང་ཟབ་མོའི་གནད་འགག་གི་ལེགས་བཤད་ཁྱད་པར་ཅན་དུ་མ་ནི་རྗེ་ཉིད་ཀྱིས་སྲོལ་ཐོག་མར་བཏོད་པར་མཛད་པ་བཞིན། དེའི་རྗེས་སུ་ཕེབས་པའི་མཁས་གྲུབ་ཁྱད་པར་ཅན་དུ་མ་ཡོད་པ་གཞིར་བཅས་ཤིང་། དེས་ན་སྔོན་ཞུས་བཞིན་སྤྱིར་པུསྟི་ཐམས་ཅད་ལ་དོན་གྱི་གནད་ཟུངས་སུ་བཏུས་པའི་བསྡུས་པ་ཇི་སྙེད་ཅིག་ཡོད་པ་ལས། ཁྱད་པར་ཚད་བསྡུས་ཉིད་དེང་སང་དར་རྒྱས་སུ་གྱུར་ཅིང་། བཤད་ཉན་གྱི་གྲྭ་ཕལ་ཆེར་དུ་དོན་གྱི་འགངས་མི་མཐུན་པ་ཞིག་མེད་ལས་ཆེ་ཡང་གནས་སྐབས་ཁས་ལེན་ཕྲ་མོའི་བཟེ་ཁྱད་སྐྱོང་བ་ནི་མི་མཐུན་པའི་རྣམ་གྲངས་མང་པོ་ཡོད་པ་འདྲ། དཔེར་མཚོན་ན་སྐྱེད་ཚལ་བ་རྣམས། ཁ་དོག་དཀར་དམར་རྫས་ཆོས་ལྡོག་ཆོས་གཉིས། །འགལ་དང་མི་འགལ་སྤྱི་དང་བྱེ་བྲག་གཉིས། །འབྲེལ་དང་མི་འབྲེལ་ཐ་དད་ཐ་མིན་གཉིས། །རྗེས་སུ་འགྲོ་ལྡོག་རྒྱུ་དང་འབྲས་བུ་གཉིས། །སྔ་བཙན་བར་བཙན་ཕྱི་བཙན་མཚན་མཚོན་གཉིས། །རྟགས་མང་གསལ་མང་དགག་པ་འཕར་ཚུལ་གཉིས། །དངོས་འགལ་བརྒྱུད་འགལ་ཁྱབ་མཉམ་རྣམ་པ་གཉིས། །ཡིན་གྱུར་མིན་གྱུར་ཡིན་ལོག་མིན་ལོག་གཉིས། །ཡོད་རྟོགས་མེད་རྟོགས་དངོས་རྟོགས་རྟག་རྟོགས་གཉིས། །ཞེས་བསྡུས་ཚན་བཅོ་བརྒྱད་དུ་བསྡུ་ཚུལ་སོགས་ཡོད་པར་སྣང་བ་དང་། བསྡུས་པ་དེ་ཉིད་བརྩིས་པའི་དགོས་པ་ནི། བློ་གྲོས་གསར་བུ་རྣམས་ཤེས་བྱའི་གནས་ལ་འཁྲིད་བདེ་བའི་ཕྱིར་ཏེ། དེ་ཡང་རྩོད་གཞིའི་ཆོས་ཅན་ཐུན་མོང་མ་ཡིན་པ་ཞིག་མ་བཞག་ན། ཐོག་མར་རྩོད་གཞི་དེ་གཅེར་མཐོང་དུ་ངོས་མི་ཟིན། དེ་མ་ཟིན་ན་དགག་སྒྲུབ་ཀྱི་གནད་མི་ལོངས། དེས་ན་ཐོག་མར་ཁ་དོག་དཀར་དམར་ལྟ་བུ་རྩོད་གཞིར་བྱས་པས། མིང་དེ་བརྗོད་མ་ཐག་པ་ནས་དོན་གྱི་བརྡ་འཕྲོད། དེས་ཆོས་ཅན་དེ་ལ་དམིགས་པའི་དགག་སྒྲུབ་ཀྱི་གནད་ཐིངས། ཚུལ་དེ་ལྟ་བུས་རིམ་གྱིས་བློ་གྲོས་ཇེ་འཕེལ་
དུ་གྱུར་པ་ལས་རང་གིས་བཅས་པའི་དམ་བཅའ་ལ་གཞན་གྱིས་རྒོལ་བ་ན། རྟགས་མ་གྲུབ། ཁྱབ་པ་མེད། འདོད་ལན་གསུམ་གང་རུང་མ་འདྲེས་པར་འདེབས་ནུས་པ་རྒོལ་བ་པོའི་སྤོབས་པ་འཕྲོག་ནུས་ཤིང་། གཞན་གྱིས་དམ་བཅས་པ་ལ་ལུང་རིགས་ཀྱི་འགྲོ་ཁྱབ་དམིགས་ཐིངས་པར་འགྱུར་བ་དང་། འོན་ཀྱང་དེང་སང་གོང་གི་ལན་གསུམ་པོ་དེ་དག་གང་རུང་འདེབས་པ་ལས་མ་འདས་པར་གྲགས་ཀྱང་དེ་གསུམ་གང་རུང་དུ་མ་འདུས་པའི་རྩོད་ངག་ལ་མ་ངེས་པའི་ལན་འདེབས་བྱ་ཡོད་ཅེས་རྣམ་ཐར་བཞ་ིལྡན་གྱི་ལན་གདབ་དགོས་པར་ས་པཎ་གྱིས་གསུངས་པ་སོགས། གང་ལྟར་ཐོག་མར་བསྡུས་པའི་རྩོད་ངག་གིས་དགག་སྒྲུབ་ཀྱི་གནད་ལ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པའི་བློ་གྲོས་སྒོ་དང་པོར་ཕྱེ་ནས། ཕྱིས་གཞུང་འགྲེལ་རྣམས་ཀྱི་འགངས་གཤོག་པའི་ཚེ་ན་དེ་ཉིད་རིགས་ལམ་ནས་ཐོགས་མེད་དུ་སྨྲ་བའི་མཐུ་རྙེད་པར་འགྱུར་བ་ལ་དགོངས་པ་སྟེ། དཔེར་ན་བོད་ཡིག་གསལ་བྱེད་སུམ་ཅུ་དབྱངས་བཞི་དང་བཅས་པ་དང་པོར་བརྡའ་སྤྲད་ནས་བྱང་བར་བྱས་པས་ཕྱིས་ཡི་གེ་དེ་རྣམས་རྐྱེན་ཕྲད་གང་དང་ཐུག་པ་ལས་མིང་ཚིག་གི་དོན་དེ་དང་དེར་བརྡའ་འབྱོར་བ་ལ་ཚེགས་མེད་པར་འགྱུར་བ་བཞིན་ནོ་སྙམ་པ་ལགས་ཏེ། སྔོན་ཞུས་རྣམས་རྣ་ཐོས་བོན་གྱེར་གྱི་ཞུ་བ་ལས་རང་ལུགས་ཀྱི་གྲུབ་མཐའ་གྱ་གྱོལ་སྐྱོང་བ་ལ་གནས་སྐབས་མཁོ་ཁེབས་ཆུང་བ་དང་། བློ་གྲོས་ཀྱི་ཁྱོན་དོག་པས་ཚུལ་འདི་ལ་ཐོས་བསམ་གྱི་ལྟ་རྟོག་གང་ཡང་བྱེད་མ་མྱོང་བས་ངེས་ཁུངས་འདྲོངས་པའི་རྒྱུ་མཚན་བསྙེངས་ཐག་ཆོད་པ་འབུལ་མ་སྤོབས་ཀྱང་བསླབ་སྟོན་གྱེན་ལྡོག་མ་སྤོབས་པའི་སྤྱི་བརྟོལ་གྱིས་ཞུ་གསོལ་བ་ཆོས་དབྱིངས་མཆོག་ནས་ཁྲེལ་བ་མི་མངའ་བ་མཁྱེན་མཁྱེན་ལགས།

བུང་བ་བཅུད་འཐུང་གི་སྐོར་ལ་མི་དབང་ཆེན་པོའི་བཀའ་དྲིའི་ལན་དུ་ཕུལ་བ།


MLP013_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༈ བུང་བ་བཅུད་འཐུང་གི་སྐོར་ལ་མི་དབང་ཆེན་པོའི་བཀའ་དྲིའི་ལན་དུ་ཕུལ་བ། ལགས། བུང་བ་བཅུད་འཐུང་གི་ཐོག་མར་འགུགས་པ་དང་མདུན་དུ་འཁོད་པའི་བར་སྔར་ལྟར་ལགས། ས་བོན་འགོད་ལུགས་གནས་གསུམ་བྱིན་བརླབ་ཀྱི་ཧཱུྃ་ཡིག་བསྒོམ་པ་སྙིང་གི་ཕྱི་བྲང་གི་ནང་རོལ་


MLP013_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒོམ་པ་དང་། འདིའི་སྙིང་གི་པདྨ་འདབ་མ་བརྒྱད་པ་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟེན་སྙིང་གའི་རྩ་འདབ་བརྒྱད་པོ་ཡིན་ཞིང་། ཁམས་དྲུག་དང་སྦྱར་ན་པདྨའི་རྣམ་པ་ནི་ས་ཆུའི་དྭངས་མ། སྔགས་ཕྲེང་དྭངས་ཤིང་འོད་འབར་བ་མེ་རླུང་། དྭངས་མའི་ཐིག་ལེ་ས་བོན་དང་བཅས་པ་ནི་སེམས་དང་ནམ་མཁའ་སྟེ། རིམ་པ་བཞིན་ལུས་ངག་ཡིད་གསུམ་གྱི་འཆར་གཞི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་ཡིན་ལ། འདི་ས་བོན་དངོས་སུ་མ་བཤད་ཀྱང་། གཏེར་གསར་གྱི་ས་བོན་ༀ་འབྱུང་བའང་ལྷ་ཐམས་ཅད་ཀྱི་གནས་སྲོག་ཨ་ཡིན་ཞིང་། དེ་ལ་ཐིག་ལེས་བརྒྱན་པ་ཞིག་འདིར་ཡང་གནང་ཆོག་ཅིང་། སྔགས་ཕྲེང་འདིར་མི་གསལ་བས་མི་དགོས་ཤིང་། དེ་བཞིན་དབྱངས་བཅུ་དྲུག་ཀྱང་འདིར་མ་བཤད་པས་མི་དགོས་ལགས། འདིར་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་གྱི་དྭངས་མའི་བཅུད་དབང་དུ་འདུས་པས་བསྒྲུབ་བྱ་དབང་དུ་འདུ་བར་འགྱུར་ཏེ། ཁྱབ་བྱེད་དྭངས་མ་གསུམ་དབང་དུ་འདུས་པས་ཁྱབ་བྱ་རགས་པའི་སྒོ་གསུམ་ཉེར་སྤྱོད་དང་བཅས་པ་དབང་དུ་འདུ་བར་འགྱུར་རོ། །ཞེས་མེ་བྱི་རྒྱལ་ཟླའི་ཉེར་ལྔའི་ཉིན་འཇམ་མགོན་མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་ལན་དུ་གནང་བ་ལས་བཤུས་སོ། །མེ་བྱ་ཞེས་པའང་འདུག །མཆན། ༈ དཔལ་རི་སྤྲུལ་སྐུའི་དྲི་བ་ནི། བརྩེ་ཆེན་འཕགས་པའི་ཟླ་བ་གསར་པ་གང་། །ངུར་སྨྲིག་ཐུན་མཚམས་འཛིན་པ་རོ་ཡི་གར། །དམར་སེར་འོད་རིས་མི་བསྟེན་བྱང་སེམས་མདངས། །གསལ་པོར་སྟོན་ཅིང་སྲིད་གྲུབ་རྣམ་ཐར་རྗེས། །འགྲོ་འདིས་བདག་ཡིད་ཐེ་ཚོམ་འཁྱོགས་ལ་འཕྱང་། །རྒྱུ་མཚན་འདི་ཞེས་གསལ་པོར་གསུང་བའི་གྲིས། །འཕྱང་མོའི་དྲྭ་བ་གཅོད་པར་མཛོད་ཅིག་ཀྱེ། །གཞན་བློའི་ར་བར་བདག་ཡིད་མི་འཇུག་ལགས། དྲི་བ་དེའི་ལན་དུ། གསེར་མདོག་ཤོག་བུའི་དོ་ར་ན། །ནག་སྣུམ་ཡི་གེའི་གར་མཁན་མ། །འགྱུར་ཁུག་གླུ་ཡི་སོམ་ཉི་དག །སེལ་བྱེད་བརྗོད་པས་འཕོངས་པ་ཉིད། འཕགས་པའི་སྤྱོད་ཚུལ་ནམ་མཁའི་མཐའ། །བློ་ཆུང་སྦྲང་བུའི་བགྲོད་པས་ཅི། །ཚུལ་འདི་བསམ་མི་ཁྱབ་པའི་ཕྱིར། །བདག་ཀྱང་སོམ་ཉིའི་
ལམ་དུ་འཁོར། །དེས་ན་དེ་འདྲའི་ངང་ཚུལ་དག །ཐབས་ལ་མཁས་པའི་སྒྱུ་མ་ཡིས། །སྒྱུ་མས་རྨོངས་རྣམས་འདུལ་ཕྱིར་སྙམ། །སྤྲུལ་པ་ཡིན་ཕྱིར་རང་རྒྱུད་མིན། །ཞེས་པ་ཐུགས་ལ་སིམ་པ་ཞུ།

གསེར་ཟངས་པ་འགྱུར་མེད་ཀློང་གྲོལ་གྱི་དྲི་ལན།


MLP013_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསེར་ཟངས་པ་འགྱུར་མེད་ཀློང་གྲོལ་གྱི་དྲི་ལན། དད་ནོར་གྱི་དབང་ཕྱུག་འགྱུར་མེད་ཀློང་གྲོལ་པའི་གསུང་བྲིས་མ་བུ་ཞིབ་འཁོད་ཁ་བཏགས་དངུལ་སྲང་གསུམ་གུར་གུམ་བཟང་པོའི་ཕུར་མའི་རྟེན་དང་བཅས་རྒྱ་མ་ཉམས་པར་འཕྲོད་པས་སྤྲོ་བ་འཕེལ། ཉིད་ལམ་བར་དུ་བསྐྱོད་པ་བདེ་ཞིང་སྔར་གྱི་འབྲེལ་ཅན་རྣམས་དང་འཕྲད་མཇལ་སོགས་མཐུན་པར་འཇུག་པས་གཞན་ཡིད་བསྲུང་བ་ཙམ་ལས་རིང་པོར་སྲེད་ཞེན་ཨ་མ་འཐས་པར་དབེན་པའི་རི་ངོགས་སུ་སྒོ་གསུམ་དམ་པའི་ཆོས་བཞིན་སྤྱོད་པའི་སྒྲུབ་ཚུགས་ཀྱི་རྣམ་ཐར་བཟང་པོར་བཟུང་བ་ཤིན་ཏུ་ལེགས་ཤིང་རྗེས་སུ་ཡི་རངས། སྐབས་དེར། རང་བཞིན་གཉུག་མ་ཆོས་ཉིད་ཀྱི་ངང་དུ་ཡིད་འདྲེས། སེམས་ཀྱི་འཆར་སྒོ་དད་པ་དང་སྙིང་རྗེ་སྒྱུ་མ་ལྟ་བུར་ཤར། འདོད་ཡོན་ལ་ཞེན་པའི་འཆིང་བ་ལྷོད་པོར་གྲོལ་བས་དུག་བདུད་རྩིའི་བཅུད་དུ་ལོངས། ལས་སྣང་གི་འཆར་སྒོ་ཐམས་ཅད་ཆུ་དང་ཆུ་རླབས་བཞིན་རང་སར་གྲོལ་བ་སོགས་དགེ་སྦྱོར་ལ་བོགས་འཐོན་པ་དེ་བཞིན་བྱུང་སྣང་ཡང་མེ་དང་དུ་བ་རྟེན་འབྲེལ་གྱི་ཚོགས་པ་གཅིག་པ་བཞིན་རྨི་ལམ་གྱི་འཁྲུལ་ངོ་ཡིད་དུ་མི་འོང་བར་ཤར་བས་རྐྱེན་བྱས་རྣམ་རྟོག་ཐ་མལ་དུ་ཤོར་བའི་རང་གཟུགས་ཀྱིས་དད་པ་དང་སྙིང་རྗེ་འགྲིབ། བཟོད་མེད་ཀྱི་སྡུག་བསྔལ་འཁོར་མོས་དགེ་སྦྱོར་ལམ་དུ་མི་འགྲོ་བ་དེ་བཞིན་བྱུང་སྣང་བ། རྨི་ལམ་གྱི་འཕྲུལ་ངོ་ལ་གཏད་སོ་ཅི་ཡོད། མདང་རྙེད་པའི་ཟས་ནོར་དེ་རིང་སྤྱོད་རྒྱུར་མཆིས་སམ། མཚོན་ཆས་སྣད་པའི་རྨ་དེ་རིང་གསོ་རྒྱུ་ཨེ་མཆིས་འདི་བདེན་པར་བཟུང་ན་བདེན་མེད་ཀྱི་དཔེ་གང་ལ་འཆོལ་དེས་ན་དགེ་སྦྱོར་རྐྱེན་དང་བསྲེ་བ་གལ་ཆེ། གཡེངས་རྐྱེན་མེད་པའི་དུས་སྲིད་པ་དཀའ་མོར་གདའ། བདེ་སྡུག་ལ་སོགས་པ་རྐྱེན་གང་ཤར་དེ་ཀའི་རང་ངོ་ལ་ཆེར་གྱིས་བལྟས་པས་འདི་ཞེས་གྲུབ་པ་མེད་པའི་སེམས་


MLP013_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ངོས་བཟུང་དང་བྲལ་བ་ཧྲིག་གེ་བ་ཞིག་འཆར། དེའི་རང་ངོ་བསྐྱངས་པས་མ་ཡེངས་པ་དེ་ཀ་ཆོས་ཡིན། དེ་ཡང་སེམས་སྒོམ་དུ་སོང་ན་སེམས་གང་ཡོད་ན་སྒོམ་ཡོད། སྒོམ་ཞེས་མིང་དུ་བཏགས་ཀྱང་སེམས་མ་ཡེངས་པ་ཙམ་ལས་གཞན་དུ་མེད། རྐྱེན་སྣང་ཐམས་ཅད་རང་ངོ་རང་ཤེས་འཛིན་མེད་དུ་སྣ་བསྐྱངས་པས་བོགས་འཐོན་པ་ཡིན་མོད། དེས་ན་སེམས་ཙབ་ཙུབ་ཀྱི་རེ་དོགས་མ་མང་བར་རང་སར་ལྷོད་ཀྱིས་ཞོག་དང་བདེ་བའི་རྐང་ཚུགས་པར་འགྱུར་ཡང་། རྐྱེན་ངན་གྱི་རྣམ་རྟོག་དེ་ངོས་ཟིན་པས་བར་ཆད་དངོས་གྲུབ་གྱི་ལམ་དུ་ལོངས་པར་གསོལ་འདེབས་དང་རང་སྐྱོན་མཚང་འདྲུའི་དགེ་སྦྱོར་ལ་འབད་རྩོལ་མཛད་འདུག་པ་ངེད་ལ་རྒྱུད་བྱིན་གྱིས་རློབས་པའི་ནུས་པ་མེད་མོད། འོན་ཀྱང་གང་ལ་མོས་པ་ཡིད་ཆེས་པ། །དེ་ཡི་མདུན་ན་ཐུབ་པ་གནས། །ཞེས་པ་བཞིན་ངེད་རང་དཔོན་སློབ་དམ་ཚིག་ལ་སེལ་མེད་པས་བྱིན་རླབས་ཀྱི་འཇུག་སྒོའི་རྣམ་པ་རྨི་ལམ་དུ་བཀའ་བསྒོ་བྱས་པ་དེ་བར་ཆད་སེལ་བའི་རྟགས་དང་། བུམ་པ་ནས་ཞལ་བཤལ་བའི་ཆུས་ཁྲུས་བྱས་པ་སྡིག་སྒྲིབ་བྱང་བ་དང་། ངེད་ཁྱུང་དུ་བྱས་ནས་སྤྱི་བོ་ནས་བཟུང་ལུས་ཐམས་ཅད་འཇིབས་ཤིང་འཇིགས་སྐྲག་གི་ཟིལ་ཆེན་པོ་སྐྱེས་པ་དེ་ལས་རླུང་དབུ་མར་འཇུག་པའི་ལྟས་མཚན་དུ་གོ་བ་དང་། ཁྱད་པར་རང་གི་བླ་མས་རྡོ་རྗེ་དྲིལ་བུ་དང་བུམ་པ་བཅུད་ལྡན་གཏད་ཅིང་བྱིན་རླབས་བྱས་པ་སོགས་ནི་དཔོན་སློབ་ཀྱི་འབྲེལ་བྱས་ལོ་དོན་མེད་དུ་མ་སོང་བའི་ལྟས་མཚན་ཡིན་ཚུལ་ཁུངས་ལྡན་གྱི་ཡི་གེ་ལས་བཤད་འདུག་གོ །དེ་རྗེས་བྲག་ལྡན་གཟིམས་ཕུག་ཏུ་བསྙུན་བབས་ལྕི་བ་བྱུང་འདུག་ཀྱང་སྔར་གྱི་དགེ་སྦྱོར་གྱིས་ལས་ངན་བག་ལ་ཉལ་དུ་གནས་པ་དེ་ལྷོངས་པའང་ཡིན་མཆི། འོན་ཀྱང་དགེ་སྦྱོར་གྱི་དྲན་པ་ཡེངས་མེད་དང་འཕྲལ་གྱི་འཚོ་སྐྱོང་སོགས་ཉེ་བར་ལེན་པའི་རྐྱེན་གྱིས་དེང་སང་བདེ་བར་སོར་ཆུད་ཡོད་འདུག་པ་ལེགས། འོན་ཀྱང་ན་ཚ་ལ་སོགས་པ་རྐྱེན་གང་ཤར་དེ་ཀའི་སྟེང་དུ་ཡེངས་མེད་ཀྱི་དྲན་པ་བསྟེན་པས་ན་ཟུག་གི་རྣམ་པ་མ་འགགས་ཀྱང་སེམས་སྡུག་བསྔལ་གྱི་ཚོར་བ་དང་བྲལ་བའི་དགེ་སྦྱོར་དུ་འཆར། དེ་གོམས་ནས་ཟུག་གཟེར་བདེ་བའི་རྩལ་སྣང་དུ་འཆར་བ་ཡང་བཤད་འདུག །འོན་ཀྱང་ཤིག་ནད་ཀྱི་རྣམ་པ་བྱུང་


MLP013_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ལ་འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་བྱང་སེམས་ཀྱི་རྩལ་སྦྱོང་དང་། ངོ་བོ་སྟོང་ཉིད་དུ་ཤེས་པའི་བོགས་འདོན་བྱས་པས་སངས་འགྲོ། གཉན་ཁྲོད་དུ་གཅོད་ཀྱི་ལམ་ཁྱེར་གྱིས་བོགས་འཐོན་པ་འདུག་ན་དེ་བཞིན་མཛད་ཆོག །འོན་ཀྱང་བརྟན་པ་མ་ཐོབ་ཀྱི་བར་དུ་ཉེས་དམིགས་ཀྱི་མཐའ་བསྲུང་བར་བཤད་འདུག་པས་སྐབས་དང་སྦྱོར། སྔར་དམ་བཅའ་མཛད་པ་རྣམས་དགེ་སྦྱོར་གྱིས་གྲོགས་སུ་གང་འགྲོ་བསྟེན་པ་ལས་ཐམས་ཅད་མ་འགྲུབ་ཀྱང་སྐྱོན་མེད་ཅིང་། བཤགས་པ་མཛད་པ་བཞིན་འདུན་པ་གཏོད་པ་ཡིན། དེས་ན་ཐུགས་རྗེ་ཆེན་པོའི་གྲོལ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་ཆིག་དྲིལ་དུ་མཛད་པ་ཉིད་ཀྱིས་ཁྱབ་ཅིང་། ཐུགས་རྡོ་རྗེ་དང་ཉིན་མོའི་རྣལ་འབྱོར་གྱི་སྐབས་སུ་སྟོང་ཉིད་ལ་མཉམ་པར་བཞག་དུས་ཀྱི་རིག་པའི་ངོ་བོ་རྟག་ཆད་ཀྱི་མཐར་མ་ལྷུངས་པའི་ངོ་བོ་གསལ་རིག་སྤྲོས་པ་དང་བྲལ་བ་དེ་ཀ་ཨ་ཏིའི་ལམ་ཁྱེར་གྱི་ངོ་བོ་ཡིན་པས་དེ་གཉིས་ཟུང་འབྲེལ་དུ་འགྱུར་བས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཁོ་ན་ལ་ཆིག་དྲིལ་དུ་མཛད་པས་ཁྱབ། དེས་ན་བླང་དོར་ལ་ཞེན་པ་བྲལ་བའི་ངང་ནས་བླང་དོར་ཚུལ་བཞིན་དུ་བྱས་པས་བདེན་གཉིས་ཡ་མ་བྲལ་བའི་ལྟ་བས་གཞི་བཟུང་། ཚོགས་གཉིས་ཀྱི་སྤྱོད་པས་བོགས་བཏོན། གནས་ལུགས་ཀྱི་རྩལ་སྣང་རྟེན་འབྲེལ་དུ་ཤར་བའི་སྒོམ་པ་ལྷུན་གྲུབ་ཏུ་བྱུང་བས་དོན་གཉིས་ཀྱི་འབྲས་བུ་འགྲུབ་པར་ངེས་པས་དལ་འབྱོར་དོན་ལྡན་དུ་མཛད་པ་ལ་གཡེལ་བ་མེད་པ་གལ་ཆེ། འདི་ལོ་ཟླ་བ་བཅུ་གཅིག་པ་ལ་ངོས་འཕྲད་བཞེད་སྦྱར་མཛད་ཆོག །ཆོས་སྐྱོང་གི་གཏོར་འབུལ་དེ་ཀ་བཞིན་མཛད་པས་ཁྱབ། རྒྱུན་དུ་གཏོར་མ་གསར་པ་མ་འབྱོར་ན་མཐེབ་ཀྱུ་སྦྲན་པས་ཁྱབ། དེ་ཡང་མ་འབྱོར་ན་རྩམ་ཚུགས་ཀྱིས་ཡོང་། རྒྱུན་དུ་ཚོགས་འཁོར་རང་གི་ཟས་དང་སྦྲེལ་ནས་མཛད་པས་དམིགས་སུ་འགྱུར་བ་ཡོང་། དེ་ལྟར་དགེ་སྦྱོར་གྱི་དྲན་པ་ཡེངས་མེད་ཀྱི་ངང་ནས་འཕྲལ་རྐྱེན་སེལ་ཕྱིར་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་འབུལ་ཚོགས་མཆོད། ལན་ཆགས་ཀྱི་འབྱུང་པོ་ལ་གཏོར་མ་གཏོང་། སྨན་བཅོས་ཀྱི་འཚོ་སྐྱོང་དགོས་པ་ཡང་གནས་སྐབས་དང་བསྟུན་དགོས་པ་ཐུགས་ལ་ཞོག །དོན་ཧྲིལ་གྱིས་དྲིལ་ན། ད་ནི་རྣལ་འབྱོར་པ་ཡིན་པས་གནས་སྐབས་ཀྱི་འཚོ་ཆས་ཁོ་ནས་མི་
ཆོག །ལྟ་བ་མཐོ་དགོས། སྤྱོད་པ་ཞིབ་དགོས། རྟོགས་པ་ཞིབ་དགོས། རྐྱེན་དང་བསྲེ་དགོས། རང་ངོ་ཤེས་དགོས། མཉམ་ཉིད་དུ་སྐྱོང་དགོས། ལྷོད་དེ། ཤིག་གེ་ཡེངས་མེད་དུ་སྐྱོངས། གང་ཤར་ཡེངས་མེད་དུ་སྐྱོངས་ཤིག །འདི་ནས་ཀྱང་དུས་གནས་ཀུན་ཏུ་རྡོ་རྗེའི་སློབ་བུ་དམ་ཚིག་དང་དད་པ་ལ་ཟོལ་ཟོག་མེད་པ་འགྱུར་མེད་ཀློང་གྲོལ་སེམས་ཀྱི་ཡུལ་དུ་བརྗེད་པ་མེད་པའི་སྐྱབས་འཇུག་དང་དམིགས་འདུན་བྱེད་པ་ཡིན། དེ་ལས་རིང་མིན་དུ་འཕྲད་ནས་ཞིབ་པར་གླེང་སྤྲོ་བ་ཡིན། ཞེས་བསྲུང་མདུད་དམ་རྫས་ལེ་ཚན་དང་། ངེད་རང་གི་གྱོན་འཕྲོའི་པུས་འཁྱུད་གཅིག་གི་དྲིལ་ཚས་ལ་རྒྱས་བཏབ་པ་ཚེས་དགེ་བར་སྤེལ།

ཉང་སྟོད་གསེར་ཟངས་པ་འགྱུར་མེད་ཀློང་གྲོལ་གྱི་ལན།


MLP013_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཉང་སྟོད་གསེར་ཟངས་པ་འགྱུར་མེད་ཀློང་གྲོལ་གྱི་ལན། སྐབས་འདིའི་རྡོ་རྗེའི་བཟླས་པ་བྱ་བའི་ཚུལ་ནི། རང་ཉིད་བླ་མ་ཐོད་ཕྲེང་རྩལ་གྱི་སྐུ་རྒྱན་དང་ཆ་ལུགས་རྫོགས་པ་ཐུགས་ཀར་དྭངས་མའི་སྲོག་ཧཱུཾ་ཡིག་མཐིང་ག་མར་མེ་ལྟར་གསལ་བ་དེ་ལྟ་བུའི་རྣམ་པ་གསལ་ལ་དེར་འཛིན་མེད་པ་དེའི་ངང་ནས་སྒྲར་གྲགས་པ་སྔགས་ཀྱི་སྒྲ་གྲག་སྟོང་གསལ་བཏབ་ནས་རླུང་འཇུག་གནས་འབྱིན་གསུམ་ༀ་ཨཱཿཧཱུྃ་གི་སྒྲ་གདངས་དང་སྦྱར་ནས་ཡིད་ཀྱིས་བཟླས་པ་ཅི་ནུས་བྱ་ཞིང་། དེའི་ཚེ་རྣམ་རྟོག་གི་འགྱུ་བ་ཐམས་ཅད་འབྲུ་གསུམ་གྱི་སྒྲ་གདངས་ལ་ཐིམ་ནས་སེམས་རྩེ་གཅིག་ཏུ་ཟིན་པ་ནི་འབྱོངས་པའོ། །ཡང་། རླུང་ཕྱིར་ཧཱུཾ་གི་སྒྲ་གདངས་ཀྱིས་འགྲོ་བ་དང་མཉམ་དུ་སྙིང་གི་ཧཱུཾ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་འོད་ཀྱི་གོང་བུར་ཞུ། རླུང་ནང་འཇུག་ༀ་གྱི་སྒྲ་གདངས་ཀྱིས་འོང་བ་ན་འོད་ཟེར་གྱི་གོང་བུ་ནང་དུ་ཞུགས་ནས་སྙིང་གི་ཧཱུཾ་ལ་ཐིམ། རླུང་ནང་དུ་གནས་པ་དེ་ཨཱཿའི་སྒྲ་གདངས་ཀྱིས་གནས་པ་ལ་སེམས་འཛིན། དེ་བྱང་པོ་བྱུང་ནས་རླུང་འཇམ་ཉལ་གྱིས་སོང་ནས་འབྱིན་འཇུག་སྔར་ལྟར་ལ། གནས་པ་ཉིད་ཅུད་ཟད་རིང་དུ་གཏང་བས་ལམ་དུ་འགྲོ། དེ་ལྟར་སྤྲོ་བསྡུ་བསྟིམ་པའི་དམིགས་པ་གསུམ་པོ་དང་སྦྱར་ཏེ་སངས་རྒྱས་ཐམས་ཅད་ཀྱི་གཉུག་མའི་སྐུ་གསུང་ཐུགས་སུ་ཤེས་པས་བཟླས་པ་ལ་བསླབ་པ་ནི་བརྡར་གྱུར་རྡོར་བཟླས་ཡིན་ལ། རེས་འགའ་སེམས་འགྲོ་འོང་གནས་
གསུམ་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལ་བཞག་ནས་རླུང་རང་སོར་རང་གནས་སུ་འཇོག་པ་ནི་དོན་དམ་རྡོ་རྗེའི་བཟླས་པ་ཡིན་ནོ། །དེ་ལྟར་བཤད་པ་རྣམས་ལ་རིམ་གྱིས་བསླབ་པས་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་སྐྱེ་ཞིང་གནས་སྐབས་སུ་ཚེའི་བར་དུ་གཅོད་པ་སོགས་རླུང་འཁྲུགས་ལས་གྱུར་པའི་རྐྱེན་རྣམས་ཀྱང་སེལ་ཞིང་ཡོན་ཏན་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །

རྣམ་སྤྲུལ་རིན་པོ་ཆེའི་དྲི་ལན་དུ།


MLP013_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྣམ་སྤྲུལ་རིན་པོ་ཆེའི་དྲི་ལན་དུ། རྣམ་འདྲེན་མཆོག་སྤྲུལ་དམ་པའི་ཞབས་དྲུང་དུ། གུས་པས་ཞུ་བ། གསང་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པ་ལས་གཡོ་བ་མེད་པའི་ས་མ་དྷིར་འབྱམས་སུ་ཀླས་པའི་ཡེ་ཤེས་ཀྱི་སྣང་བས་སྣོད་བཅུད་དག་པའི་འཁོར་ལོར་སད་པ་ནས་ཕྱག་བྲིས་ལྷ་རྫས་ཀྱི་གནང་རྟེན་བཟང་པོ་བཅས་སྩལ་བ་ཕེབས་པས་དངོས་མཇལ་གདུང་སེལ་གྱི་བཀའ་དྲིན་དུ་ཆེ། ངོས་ཅག་ཀྱང་ཁམས་བབས་སྙོམས་མུས་ནས་ཆོས་ལྟར་བཏགས་པའི་རྣམ་གཡེང་ཟིན་མེད་ཟ་ཟིའི་སྨིག་རྒྱུ་ལ་སྤྱོད་བཞིན་པ་ལགས། ཉེ་ལམ་གུ་རུ་ཕྱི་སྒྲུབ་ཀྱི་བཅད་རྒྱར་བཞུགས་པ་བཀའ་དྲིན་ཆེ་འདུག་ཅིང་། དྲག་པོ་གསང་སྒྲུབ་ལ་ཕྱག་ལེན་མི་འདྲ་བའི་རྣམ་དབྱེ་ཙམ་འདུག་རུང་། ཕྱི་སྒྲུབ་ལ་མི་མཐུན་པའི་གནས་དཀའ་བ་རང་ཡང་མི་འདུག་པ་དང་། གསང་སྒྲུབ་ཀྱི་ཕྱག་བཞེས་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་རིག་འཛིན་ཆེན་པོའི་ཞལ་ལུང་གི་དོན་ལྟར་སྙན་བརྒྱུད་གསུང་རྒྱུན་དུ་ཇི་ལྟར་ཡོད་པ་སྔ་སོར་རྡོ་རྗེ་བྲག་ཞབས་དྲུང་རིན་པོ་ཆེའི་གསུང་གིས་བསྐུལ་ངོར་བྲིས་པ་འདིས་གཞིའི་ཁོག་ཕུབས་པ་ཡོད་གཤིས་ཕུལ་བ་དང་། ཕྱི་སྒྲུབ་རང་ལ་རྐྱང་པར་འཇུག་སྐབས། ཐོག་མར་མཚམས་ལ་འཇུག་སྐབས་ཀྱི་དུས་དང་ཡོ་བྱད་འདུ་བྱ་བ་མཚམས་གཅོད་པ་དང་བསྲུང་འཁོར་བསྒོམ་པ་སོགས་གསང་སྒྲུབ་བསྙེན་ཡིག་ཏུ་བཀོད་པ་ལྟར་དང་། ཁྱད་པར་གྱི་བཅའ་གཞི་ནི། འདི་ལ་བསྙེན་པ་དང་དངོས་མདུན་བསྐྱེད་ལ་བལྟོས་པ་མིན་ཡང་། གཏོར་གདན་དང་དངོས་གྲུབ་ཀྱི་ལྷའི་རྟེན་ཙམ་དུ། སྟེགས་བུ་གྲུ་བཞི་པའི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་མ་བརྒྱད་པ་བྲི། དེའི་སྟེང་དུ་མཉྫི་


MLP013_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲུབ་གཏོར་དང་དེའི་མཐའི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་མ་སྨན་དང་རཀྟ། མདུན་དུ་ཉེར་སྤྱོད་ལྔ་སོགས་མཆོད་པ་བཤམས་པའི་རྒྱབ་ཏུ་བྲིས་སྐུ་བཀྲམ་པ་སོགས་ཡིད་མཐུན་བག་དྲོ་བར་བྱས་ལ། གཞི་བདག་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ་བགེགས་གཏོར་བཏང་ནས་བསྐྲད། སྒོ་དྲུང་དུ་མཐོ་རྩིགས་ལ་མངའ་གསོལ། དེ་ནས་སྒྲུབ་པའི་སྟན་ལ་འཁོད་ནས་མཚམས་གཅོད་ཀྱི་བསྲུང་འཁོར་བསྒོམ། ལས་བྱང་བཞིན་སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཚིག་བཤར་ཙམ་མིན་པ་ལན་གསུམ་གྱི་ཉུང་མཐའ་བྱས་པ་རེ་ནན་ཏན་དུ་བྱ། དངོས་གཞི་རང་རིག་སྐད་ཅིག་གིས་ཧཱུཾ་དུ་བསྒོམ། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་རང་ལུས་སྣོད་བཅུད་སོགས་ཀུན་རྫོབ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བསྲེགས་ཤིང་སྦྱངས་ནས་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡིན། དེ་ལས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་སྙིང་རྗེ་བྱང་སེམས་ཚད་མེད་བཞི་ལྡན་བསྒོམ་པ་ཀུན་སྣང་གི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རིག་པ་ཧཱུཾ་དཀར་པོར་བསྒོམ་པ་རྒྱུའི་ཏིང་ངེ་འཛིན། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་དྭངས་གསལ་སྒྲིབ་མེད་ཀྱི་དབུས་སུ་ཐེམས་མེད་ཡིག་ཆུང་ལས་བཤད་པའི་པདྨ་འདབ་སྟོང་གེ་སར་ཟི་ཕོལ་དང་བཅས་པའི་དབུས་སུ་ལྷ་གནས་ཀྱི་པདྨ་འདབ་བཞིའི་ལྟེ་བར་དར་ཁྲི་པདྨ་ཉི་ཟླའི་སྟེང་དུ་རྒྱུའི་རིག་པ་ཧཱུྃ་ཡིག་ལས་རང་ཉིད་ཕྱི་སྒྲུབ་ཀྱི་སྐུར་བསྐྱེད་པའི་གནས་ལྔར་ཡིག་ཆུང་ལས་བྱུང་བའི་གུ་རུ་རིགས་ལྔ་སོ་སོའི་ས་བོན་དང་བཅས་པ་བསྐྱེད། རང་གི་ཕྱོགས་བཞིར་མཁའ་འགྲོ་རིགས་བཞི་དཀྱུས་བཞིན་དང་། ཐུགས་ཀའི་སློབ་དཔོན་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་སྦུབས་སྟོང་གི་དབུས་སུ་ཉི་ཟླའི་སྟེང་དུ་ཧཱུཾ་དཀར་པོ། དེའི་མཐའ་སྐོར་དུ་བཟླ་བྱའི་སྔགས་འབྲུས་བསྐོར་ཏེ་རང་སྒྲ་དང་བཅས་འཁོར་བར་བསམ། དེ་ནས་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས་རང་འདྲའི་ཡེ་ཤེས་པ་པདྨ་འབྱུང་གནས་འཁོར་མཁའ་འགྲོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་


MLP013_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔སོགས་ཚིག་བདུན་གསོལ་འདེབས་ཀྱིས་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པ་ལ་མཆོད་པ་རྒྱས་བསྡུས་ཅི་རིགས་པ་དང་། མ་བཅོས་སྤྲོས་བྲལ་ཤོ་ལོ་ཀ་གཅིག་གིས་བསྟོད་པ་དང་། དེ་ནས་ཛཿཧཱུྃ་བྃ་ཧོ༔ཞེས་མདུན་གྱི་ལྷ་ཚོགས་རང་ལ་གཉིས་སུ་མེད་པར་བསྟིམས་ནས་རང་ཉིད་རྟེན་དང་བརྟེན་པར་བཅས་པ་སྤྱི་དང་ཁྱད་པར་གཙོ་བོའི་རྣམ་པ་གསལ་བ་དང་རང་ཉིད་པདྨ་འབྱུང་གནས་དངོས་ཡིན་སྙམ་པའི་ང་རྒྱལ་ཤུགས་དྲག་ཏུ་བསྒོམ་པ་ལ་ཅི་གནས་སུ་མཉམ་པར་བཞག་ནས་བཟླས་པ་ལ་འཇུག་ཅིང་། དེའི་ཚེ་ཐུགས་ཀའི་ས་བོན་སྔགས་ཕྲེང་གི་མཐར་ཨཱ་ལི་ཐབས་ཀྱི་རང་བཞིན་འོད་ཟེར་དཀར་པོ་གཡས་བསྐོར། ཀཱ་ལི་ཤེས་རབ་ཀྱི་རང་བཞིན་འོད་ཟེར་དམར་པོ་གཡོན་བསྐོར། དེའི་ཕྱིར་ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོའི་རང་བཞིན་ཅན་གྱི་འོད་ཟེར་སྣ་ལྔའི་གུར་གྱིས་བསྐོར་བར་བསམ་ནས། གཙོ་བོར་ཧཱུཾ་དང་བཟླ་བྱའི་སྔགས་ཕྲེང་ཁོ་ན་ལ་སེམས་རྩེ་གཅིག་ཏུ་གཏད་ནས། དེ་ལས་འོད་ཟེར་འཕྲོས་པས་ལུས་ཐམས་ཅད་ཡེ་ཤེས་རྣམ་ལྔའི་འོད་ཟེར་གྱིས་གང་བར་བསམ་ཞིང་། ཡང་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་པས་ཕྲིན་ལས་རྣམ་པ་བཞི་བསྒྲུབ་པ་རྩེ་གཅིག་ཏུ་དམིགས་ནས་བཟླས་པ་བྱ་ཞིང་། བཟླས་པ་འཇོག་པ་ན་དབྱངས་གསལ་གྱི་མཐར་གྲུབ་པར་གྱུར་ཅིག་སྭཱ་ཧཱ་ཞེས་བཏགས་པ་ལན་གསུམ་རེ་བཟླ། ཐུན་བསྡུ་བ་ན་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་སྣོད་བཅུད་གཞལ་ཡས་ཁང་ལ་ཐིམ། དེ་མཁའ་འགྲོ་བཞི་ལ། དེ་རང་ལ། རང་གི་གནས་ལྔའི་ལྷ་དང་བཅས་པ་ཡང་ཐུགས་ཀའི་སློབ་དཔོན་ལ། དེ་ཏིང་ངེ་འཛིན་སེམས་དཔའི་རྡོ་རྗེ་ལ། དེ་སྔགས་ཕྲེང་ལ། སྔགས་ཕྲེང་ས་བོན་གྱི་ཧཱུྃ་ལ། ཧཱུྃ་ནཱ་དའི་བར་དུ་བསྡུས་ནས་རྟག་མཐའ་བསལ། སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སློབ་དཔོན་གཙོ་རྐྱང་གི་སྐུར་ལངས་ནས་ཆད་མཐའ་བསལ། དགེ་བ་བསྔོ་ཞིང་ཐུན་མཚམས་ལ་འཇུག །ཚུལ་དེ་ལྟ་བུས་ཐོ་རེངས་ནས་ནམ་ལངས་བར་ཐོར་ཐུན། ཞོགས་པ་ནས་ཉིན་ཕྱེད་ཡན་སྔ་ཐུན། གསོལ་ཚིགས་རྗེས་ནས་ཉི་ནུབ་བར་དགོང་ཐུན། ས་སྲོད་ནས་སྲོད་ཕྱེད་ཡོལ་བར་སྲོད་ཐུན་ཏེ་ཐུན་བཞི་མ་དང་། ཡང་ཐུན་གཉིས་མ་


MLP013_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་ཐོ་རེངས་ནས་ཉི་ཕྱེད་ཡན་ལ་སྔ་ཐུན། ཕྱེད་ཡོལ་ནས་སྲོད་ཀྱི་མཐའ་ཡན་ལ་ཕྱི་ཐུན་གྱི་ཐ་སྙད་བྱེད་ཅིང་། དེ་ཡང་དམིགས་པ་གསལ་ཐེབས་པ་དང་ཐུན་མཚམས་ཀྱི་དགེ་སྦྱོར་བཟའ་བཏུང་སོགས་སྐབས་ཕྱེེད་པར་འདོད་ན་ཐུན་བཞི་མ་དང་། སྔགས་འགྲོ་ཆེ་བ་གཙོ་བོར་བྱེད་ན་ཐུན་གཉིས་མ་བྱེད་པར་བཤད་ཅིང་། འདིར་ནི་ཐུན་བཞི་མ་འཇུག་པ་བདེ་བར་བྱེད་ཀྱི་ཡོད། སྔར་གྱི་ཕྱག་ལེན་ཐུན་གཉིས་མ་གནང་བ་ཤས་ཆེ། གང་ལྟར་ཐུན་བཞི་མ་གནང་ན། ཐོར་ཐུན་གྱི་རྗེས་སུ་ཞོགས་པའི་ཐུགས་དམ་གཏོར་མ་དང་ལྗགས་བཟླས་ཆག་མེད་གནང་དགོས་གཞན་རྣམས་གནང་། དེ་རྗེས་བཞེས་ཐུག་ལ་ལོངས་སྤྱོད་པ་སོགས་ཚར་ནས་སྔ་ཐུན་ལ་འཇུག །སྔ་ཐུན་གྱི་རྗེས་སུ་ཉིན་མོའི་གསོལ་ཚིགས་དང་། བསླབ་སྟོན་བརྒྱུད་འཕེན་སོགས་གནང་། དེ་རྗེས་དགོང་ཐུན་གྲོལ་རྗེས་ཡིག་ཆུང་ལྟར། ཐུན་བར་ཚོགས་དང་གཏོར་མ་བྱ། ཞེས་གསུངས་པས། ཡི་དམ་ཆོས་སྐྱོང་གི་གཏོར་འབུལ་རྣམས་དང་ཚོགས་འཁོར་གནང་ན་སྐབས་འདིར་གནང་། ཡང་མི་གནང་ཡང་གཏོར་བསྔོ་རྣམས་གནང་རྗེས་དགོང་མོའི་བཞེས་ཐུག་སོགས་གཡེང་བ་སྤྱད། དེ་རྗེས་སྲོད་ཐུན་གནང་ངོས་ཆད་མཐའ་བསལ་བའི་ལྷ་སྐུའི་ཐུགས་ཀའི་ཧཱུྃ་ལ་སེམས་བཟུང་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་ཅིང་། དེ་ལས་ནངས་པར་ལྡང་བའི་རྣལ་འབྱོར་ལ་འཇུག་པ་སོགས་གསང་སྒྲུབ་བསྙེན་ཡིག་ལྟར་དང་། དེ་ཡང་མཚམས་ལ་ཐོག་མར་ཞུགས་པའི་ཉིན་དགོང་ཐུན་ནས་མགོ་བཟུང་སྲོད་ཐུན་ཡན་དང་། འགྲོལ་རྒྱུའི་ཉིན་ཐོར་ཐུན་དང་སྔ་ཐུན་གཉིས་མཛད་ཚུལ་དེ་ལྟ་བུས་སང་འགྲོལ་རྒྱུའི་དགོང་ཐུན་ནས་བཟུང་མདུན་གྱི་སྒྲུབ་གཏོར་ཡང་ལྷར་བསྐྱེད། བདག་གི་ཐུགས་ཀའི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས། གཏོར་མའི་ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དཀར་དམར་མཐིང་གསུམ་ལ་སོགས་པའི་རྣམ་པར་ཐིམ་པའི་དངོས་གྲུབ་ཐོབ་པར་བསམ་ནས་བཟླས་པ་བྱ་ཞིང་ཐུན་མཚམས་སོ་སོར་ཚོགས་ལ་སོགས་པ་ཅི་འགྲུབ་དང་། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་དེ་ལ་ཚོགས་འཁོར་མེད་དུ་མི་རུང་བས་རྒྱས་པར་བྱ་ཞིང་། དངོས་གྲུབ་ལེན་པ་གསང་སྒྲུབ་


MLP013_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ཡིག་བཞིན་བྱ། དེ་ལྟ་བུའི་རིམ་པས་གྲངས་བསྙེན་འབུམ་ཚོར་གསུངས་ཀྱང་ཁ་སྐོང་ཁྲི་ཚོ་མེད་ཐབས་མེད། དུས་བསྙེན་བདུན་ཕྲག་གསུམ། མཚན་མའི་བསྙེན་པ་ནི་དུས་ཚོད་མ་ངེས། འགའ་ཞིག་ལ་སྔ་མོ་ནས་ཡོང་བའང་ཡོད། འགའ་ཞིག་ལ་ཡུན་རིང་འགོར་བའང་ཡོད། རྟགས་ནི་བརྡ་རྟགས་སོགས་ལས་འབྱུང་ཞིང་། ཡང་བཟླས་པའི་ཚེ་རླུང་གི་ཉམས་ལེན་ཡོད་ན་ངག་བཟླས་ཀྱི་གོང་དུ་རླུང་ཁ་སྦྱོར་དུ་བཟུང་ནས་ཡིད་བཟླས་བརྒྱ་རྩ་དང་ཉེར་གཅིག་སོགས་འགྲུབ་ན་ཕན་ཡོན་ཤིན་ཏུ་ཆེ། ཡིག་ཆུང་དུ། ཞག་རེ་དག་ལ་ཐུན་རེ་གྱིས༔ཞེས་གསུངས་ཀྱང་དེ་ལྟ་བུ་འགྲུབ་དཀའ་བས་ཐུན་གཉིས་སམ་བཞི་གང་འོས་དང་། ཐ་མ་ལན་རེ་ཆག་མི་རུང༔ཞེས་པ་ནི། འདི་ལན་གཅིག་བསྙེན་ནས་ཡི་དམ་དུ་བཟུང་ཕྱིན་རྒྱུན་བསྙེན་ཆག་མེད་བྱེད་པའི་དོན་ཡིན་ཞིང་། ནང་སྒྲུབ་གསང་སྒྲུབ་སོང་ནས་ནི་གསང་སྒྲུབ་ཀྱི་རྒྱུན་བསྙེན་མ་ཆག་ན་འདི་ཉིད་ཆག་ཀྱང་སྐྱོན་མི་འབྱུང་གསུང་། གང་ལྟར་བསྒོམ་ཐབས་གསལ་བའི་ཤོག་དྲིལ་ལས། ཡིད་གཉིས་ཐེ་ཚོམ་མེད་པར་སྒྲུབ༔བར་ཆད་བདུད་ནི་ཐེ་ཚོམ་ཡིན༔སྤྱིར་ནི་སྒྲུབ་པ་གང་བྱེད་ཀྱང༔ཐེ་ཚོམ་མེད་ན་འགྲུབ་པར་འགྱུར༔ཞེས་གསུངས་པས་བསྙེན་པ་གང་གནང་གི་ཐུན་གྱི་རིང་སྐུ་མི་གཡོ། གསུང་བཟླས་པའི་རྒྱུན་མི་ཆད་ཅིང་མི་ཚིག་གིས་བར་མ་ཆོད་པས། ཐུགས་ཏིང་ངེ་འཛིན་དང་མི་འབྲལ་བ་ལ་ནན་ཏན་རྩེ་གཅིག་ཏུ་བཀའ་དྲིན་ཆེ་བ་དང་། གཞིའི་ཁོག་འབུབས་གསང་སྒྲུབ་ཀྱི་བསྙེན་ཡིག་འདི་ཁས་ཁོག་ཕུབ་པར་ཡོད་ལགས་པ་དང་། རྩ་བ་ནས་ཐེམས་ཅན་ཕྱི་སྒྲུབ་དང་། ཐེམས་མེད་ཡིག་ཆུང་གཏེར་གཞུང་དངོས་དང་། ཡིག་ཆུང་ལ་བླ་མའི་གསུང་རྒྱུན་ཟིན་རིས་གཅིག་མ་གཏོགས་ཡང་ཡི་གེ་ཟུར་པ་མེད་ཀྱང་། ཐེམས་ཅན་ཐེམས་མེད་ཀྱི་བསྙེན་སྒྲུབ་ལ་དགོས་པའི་ཆོས་ཚན་ཐོར་བུ་རྣམས་ཀྱི་དགོངས་དོན་བླ་མའི་མན་ངག་གི་གསུང་རྒྱུན་བཅས་པ་ནི་དགོངས་དོན་ལས་མི་འདའ་ཞིང་། ཕྱི་སྒྲུབ་ཀྱི་མཐར་སྦྱིན་སྲེག་གནང་ནའང་ལེགས་པ་གཞིར་བཅས་ཀྱང་། ད་ལྟ་གསང་སྒྲུབ་ལ་མ་གཏོགས་མི་གནང་བ་འདུག་ལགས། གོང་ཞུས་རྣམས་རྗེ་གསུང་སྤྲུལ་དང་། རིག་འཛིན་ཕྲིན་ལས་ལྷུན་གྲུབ་གཉིས་ཀར་གསུང་རྒྱུན་ཞུས་ཤིང་བླ་མ་གཉིས་རང་བཞུགས་སྐབས་མཚམས་ཀྱིས་ཀྱང་གཏན་ལ་ཕབ་པས་དོན་འཁྲུལ་མེད་ཡིན་ལགས།

མི་དབང་ཆེན་པོའི་དྲི་ལན།


MLP013_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོའི་དྲི་ལན། དེ་ཡང་། སྤྱིར་གཏེར་ཆེན་དང་གཏེར་ཕྲན་གྱི་ཐ་སྙད་ནི། བླ་རྫོགས་ཐུག་གསུམ་གྱི་ཆོས་སྐོར་ཚང་བར་ཡོད་ན་གཏེར་ཆེན་དང་། བླ་རྫོགས་ཐུགས་གསུམ་ནི། ཞི་དྲག་ཏུ་མ་ངེས་པའི་བླ་མའི་སྒྲུབ་སྐོར། རྫོགས་པ་ཆེན་པོ། ཐུགས་རྗེ་ཆེན་པོ་གསུམ་ལ་མཚན་གཞི་བྱེད་ཅིང་། དེར་མ་ཟད་ཆོས་བཀའ་གང་ལས་གང་ཟག་གཅིག་འཚང་རྒྱ་བར་བྱེད་པའི་ལམ་ཆ་ལག་ཚང་བའི་ཆོས་སྐོར་སྤྱན་དྲངས་ན་གཏེར་ཆེན་དང་། དེ་མིན་པའི་མན་ངག་སྣ་རེ་དང་རྫས་གཏེར་ཙམ་སྤྱན་དྲངས་པར་གཏེར་ཕྲན་གྱི་ཐ་སྙད་འཇོག་ཅིང་། དེ་ཡང་རིག་འཛིན་ཆེན་པོ་པདྨ་གླིང་པའི་གཏེར་ཁ་དང་པོ་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་སྣ་རིང་བྲག་ནས་ཀློང་གསལ་སྤྱན་དྲངས་པ་ནས་བཟུང་། སོ་གཉིས་པ་ཆོས་གཏེར་རྫས་གཏེར་ཇི་སྙེད་ཅིག་བཏོན་པའི་རྒྱུན་ད་ལྟའི་བར་ཉམས་མེད་དུ་བཞུགས་པའི་སྡེ་ཚན་ནི། གཏེར་ཁ་བཅུ་དགུ་པ་ལྷོ་བྲག་སྨན་མདོ་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོ་སྟེ་བླ་མ་ཞི་བའི་སྐོར་ལ་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས། དབང་ཆེན། དབང་ཕྲན། ཁྲིད། རྒྱབ་ཆོས་སོགས་བཞུགས་པའི་སྒྲུབ་གཞུང་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོ་རྟ་མགྲིན་དང་བླ་མ་བརྩེགས་པ་ལ་ཐོད་ཕྲེང་རིགས་བཞི་མཚན་བརྒྱད་སོགས་ཀྱིས་བསྐོར་བ་ཆོས་དབང་བླ་མ་གསང་འདུས་དང་དབྱིབས་འདྲ། ཆོས་སྐོར་འདི་ནང་ཚན་བྱེ་བྲག་པ་རྣམ་འཇོམས་ཡང་གསང་བླ་མེད། དེས་མཚོན། གཤིན་རྗེ། རྟ་མགྲིན། དྲག་པོ་སྐུ་ལྔ། ཕྱག་རྡོར། ཕག་མོ། ཚེ་དཔག་མེད། ཁྲོས་ནག །བཀའ་བསྲུང་རྣམ་སྲས་ཀྱི་སྒྲུབ་སྐོར་རྣམས་ལ་ཡང་གསང་སྐོར་དགུའི་ཐ་སྙད་ཀྱང་མཛད། གཏེར་ཁ་བཅོ་བརྒྱད་པ་སྐུ་རྗེས་རྡོ་རྗེའི་ཕུག་ནས་སྤྱན་དྲངས་པའི་བླ་མ་དྲག་པོའི་སྐོར་ལ་དབང་ཆོག་ཐེམས་ཅན་དང་ཐེམས་མེད་ལྷ་དབང་དུ་གྲགས་པ་གཉིས། ཕྱི་ནང་གསང་གསུམ་གོ་ཆའི་ལྷ་དང་བཅས་པའི་སྒྲུབ་སྐོར། ལས་བྱང་གཏོར་བཟློག་ལས་ཚོགས་དང་།


MLP013_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བསྲུང་ཕ་མ་བུ་གསུམ་གྱི་སྒྲུབ་ཐབས་དང་བཅས་པ། སྒྲུབ་གཞུང་རྩ་བའི་ལྷ་ནི། དྲག་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་བཅས། འཁོར་རིགས་བཞི། སྲས་བཞི། ཁྲོ་བཅུ། སྒོ་བསྲུང་བཞི་དང་བཅས་པ། གཏེར་ཁ་བཅུ་གཅིག་པ་སེང་གེ་ཁྱི་ལྕོག་བྲག་ནས་སྤྱན་དྲངས་པ་དྲག་པོ་དཔའ་བོ་གཅིག་པ་འགྲོ་འདུལ་གྱི་སྐོར་ལ། དབང་། ལས་བྱང་། གཏོར་བཟློག་ལས་ཕྲན་དང་བཅས་པ། གཏེར་ཁ་དགུ་པ་སེདྒེ་ཁྱི་ལྕོག་གི་གཏེར་མ་དྲག་པོ་མེ་རླུང་འཁྱིལ་བ་ལ་སྒྲུབ་ཐབས་ལས་བྱང་ལས་ཕྲན་དང་བཅས་པ་རྣམས་བླ་མའི་སྒྲུབ་སྐོར་རོ། །རྫོགས་ཆེན་གྱི་སྐོར་ལ། ཆོས་རང་གི་ངོ་བོ་ནས་ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་ཇི་ལྟར་ཡང་། དེང་སང་གྲགས་ཆེ་བའི་དབང་གིས་གཏེར་ཁ་ཉེར་བདུན་པ་བསམ་ཡས་མཆིམས་ཕུ་ནས་སྤྱན་དྲངས་པའི་ཕ་རྒྱུད་ཀུན་བཟང་དགོངས་འདུས་ཀྱི་སྐོར་ལ། སྟ་གོན། ཞི་ཁྲོ། ཐེག་དགུ་སོགས་དབང་དང་། ལས་བྱང་། ཁྲིད་གཞུང་སོགས་ཆོས་སྡེ་ཤིན་ཏུ་ཆེ་བ། སྒྲུབ་ཐབས་རྩ་བའི་ལྷ་ནི་ཞི་ཁྲོ་དམ་པ་རིགས་བརྒྱ། འདིའི་གཏེར་ཞབས་ཆོས་ཚན་ཁ་ཤས་ཏི་སྒྲོ་ནས་འཇམ་དཔལ་རྡོ་རྗེས་ཀྱང་སྤྱན་དྲངས། གཏེར་ཁ་དང་པོ་སྣ་རིང་བྲག་གི་གཏེར་མ་མ་རྒྱུད་ཀློང་གསལ་གྱི་སྐོར་ལ་ཡང་། དབང་། ཁྲིད། སྒྲུབ་ཐབས། ཐུན་མོང་དང་ཐུན་མོང་མིན་པའི་ལས་ཚོགས་སོགས་ཆོས་སྡེ་གཅིག །གཏེར་ཁ་སུམ་ཅུ་པ་རྫོགས་ཆེན་རྒྱུད་བུ་ཆུང་ནི་རང་གི་གཏེར་སྐལ་ཡིན་ཡང་སྔར་ཤེས་རབ་མེ་འབར་གྱིས་བཏོན་པའི་བུ་དཔེ་ལས་སྤེལ་ཞིང་དབང་ཁྲིད་སོགས་ཀྱང་ཆོས་སྐོར་ཆ་ལག་ཚང་བ་གཅིག་ཡིན་ཏེ། དེ་རྣམས་ནི་རྫོགས་ཆེན་གྱི་སྐོར་རོ། །གཏེར་ཁ་གསུམ་པ་བུམ་ཐང་རི་མོ་ཅན་གྱི་གཏེར་མ་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་སྐོར་ལ། རྒྱུད། དབང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གཏེར་ཁ་ཉེར་གཅིག་པ་སྨན་མདོའི་གཏེར་མ་རྟ་མགྲིན་ཡང་གསང་བླ་མེད་ལ། དབང་སྒྲུབ་ཐབས་ལས་བྱང་སོགས་ཆོས་སྡེ་གཅིག །གཏེར་ཁ་ཉི་ཤུ་པ་བྲག་མོ་འཕྲང་གི་གཏེར་མ་རྟ་མགྲིན་ལྕགས་རལ་ཅན་ལྷ་ལྔའི་སྒྲུབ་ཐབས་དབང་ལས་ཚོགས་དང་བཅས་པ་སྟེ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་སྐོར་གླེགས་བམ་གཅིག་ཏུ་བཞུགས། ཡང་། གཏེར་ཁ་བཅུ་དགུ་པར་ལྷན་དུ་བྱུང་བ་ཚེ་ཁྲིད་རྡོར་ཕྲེང་གི་སྐོར་ལ། རྒྱུད། དབང་། སྒྲུབ་ཐབས། ལས་བྱང་།


MLP013_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་དང་བཅས་པ་ཆ་ལག་ཚང་བ། རྩ་བའི་ལྷ་ནི་ཚེ་ལྷ་རིགས་ལྔ། སེམས་མ་བཞི། མགྱོགས་མ་བཞི། སྒོ་བ་ཡབ་ཡུམ་བཞི་རྣམས། གཏེར་ཁ་དགུ་པ་བུམ་ཐང་སྐུ་རྗེས་བྲག་ཐོད་པ་དགུ་བརྩེགས་འདྲ་བ་ནས་སྤྱན་དྲངས་པ་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་ལ་རྒྱུད། དབང་། སྒྲུབ་ཐབས། ལས་བྱང་། ལས་ཚོགས་ཏེ་ཆོས་སྡེ་གཅིག །གཏེར་ཁ་ཉི་ཤུ་པར་བྱུང་བ་མཚལ་མདོ་ཁྲ་རིང་བྲག་གི་གཏེར་མ་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་སྐོར་ལ། རྒྱུད། དབང་། སྒྲུབ་ཐབས། ལས་བྱང་། ལས་ཚོགས་མང་བ་དང་བཅས་པ་ལས་འབྲེལ་རྩལ་དང་ཕལ་ཆེར་ཞུས་དག་ཕེར་བ། རྩ་བའི་ལྷ་ནི་ཕྱག་རྡོར་ལ་ཁྲོ་བཅུ་དང་། ཀླུ་བརྒྱད་གཟའ་བརྒྱད་ཀྱིས་བསྐོར་བ། གཏེར་ཁ་ཉེར་གཉིས་པ་བྲག་དམར་དོ་བོ་ནས་བཏོན་པའི་ཕྱག་རྡོར་གཏུམ་པོའི་སྐོར་ལ། དབང་ལས་ཕྲན་གདོན་འགྲོལ་དུག་དབྱུང་དང་བཅས་པ། གཏེར་ཁ་བཅུ་དྲུག་པ་བུམ་ཐང་རྩེ་ལུང་ལྷ་ཁང་གི་གཏེར་མ་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་ལ། དབང་ཆེ་ཆུང་། སྒྲུབ་ཁོག །ལས་བྱང་གཏོར་བཟློག་ཐོར་བུ་དང་བཅས་པ་འདིའི་སྒྲུབ་དབང་གི་སྐོར་གསང་རྫོགས་དང་ཞུས་དག་ཕེར། ཆོས་སྐོར་གཞན་རྣམས་གཏེར་སྟོན་ཡ་གའི་སྐུར་འདེབས་ལ་ཐུགས་འཚིག་ནས་ཤོག་སེར་མེ་ལ་བསྲེག་པའི་ལོ་རྒྱུས་འདུག །ཆོས་སྐོར་འདི་དང་མཉམ་དུ་བདུད་རྩི་སྨན་སྒྲུབ་ཀྱི་སྐོར་ལ། སྨན་དབང་། ཁྲོལ་བུ། ཕྱེ་མ་སོགས་སྨན་སྒྲུབ་ཆ་ཚང་བ། གཏེར་ཁ་ཉེར་གཅིག་པ་སྨན་མདོའི་གཏེར་མ་ཕུར་པ་ཡང་གསང་བླ་མེད་ཀྱི་སྐོར་ལ། རྒྱུད་རྩ་དུམ། དབང་། སྒྲུབ་ཁོག །ལས་བྱང་སོགས་ཆོས་སྐོར་ཆ་ལག་ཚང་བ་ལས་ཆོས་སྡེ་རགས་པ་རྣམས་ཆོས་དབང་རིན་པོ་ཆེའི་ཕུར་པ་དང་ཞུས་དག་ཕེར་བ་འདིར་བཞུགས་ཏེ་བཀའ་སྨན་ཕུར་གསུམ་ལ་པུསྟི་གཅིག །གཏེར་ཁ་ཉེར་གསུམ་པ་སྨན་མདོའི་གཏེར་མ་མགོན་པོ་མ་ནིང་གི་སྐོར་ལ་རྒྱུད། སྒྲུབ་ཐབས། དབང་བཀའ་ཆེ་ཆུང་། ལས་བྱང་། ལས་ཚོགས་དང་བཅས་པ་དང་། གཏེར་ཁ་སྣ་ཚོགས་ནས་སྤྱན་དྲངས་པའི་གཤིན་རྗེ་ཁ་ཐུན་ནག་པོ། མུ་སྟེགས་གུ་ལང་ནག་པོ། ཕྲ་མེན་ཕག་ཤ་ནག་པོ་སྟེ་ནག་པོ་སྐོར་གསུམ་དང་། མན་ངག་སིལ་བུ་རྣམས་བསྡོམས་པས་པུསྟི་གཅིག །དེ་ལྟར་ཆོས་སྐོར་ཆ་ལག་དང་བཅས་པ་འདི་རྣམས་ལ་དབང་ལུང་


MLP013_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལག་ལེན་དང་བཅས་པ་རྒྱུན་མ་ཆད་པར་ཡོད་པ་དང་། གོང་གསལ་གཏེར་ཁ་སོ་གཉིས་ཀྱི་གྲངས་ལས་འདིར་མ་བསླེབས་པ་རྣམས་ནི་སྒྲུབ་ཐབས་སོ་སོའི་ཁོངས་སུ་གནས་པ་དང་། དམ་རྫས། སྐུ་འབག་སོགས་རྫས་གཏེར་ཕྲན་འདྲ་ཡིན་པ་འདུག་ལགས། འདི་དག་གི་བརྒྱུད་པ་ནི་གཏེར་སྟོན་ཡན་ཆད་ལ་བཀའ་བབས་སོ་སོའི་བརྒྱུད་པ་མི་འདྲ་བ་ཡོད་ཀྱང་། གཏེར་སྟོན་ནས་མཁས་གྲུབ་ཆོས་རྗེ་རྣམ་གཉིས་སུ་གྲགས་པ། གཏེར་ཆེན་རཏྣ་གླིང་པའི་སྐྱེ་བ་དེ་མ་ཐག་པ་གསང་མཚན་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལམ། མཚན་དངོས་དོན་གྲུབ་ལེགས་པ་དཔལ་འབར་དང་། དཔལ་ལྡན་དོན་གྲུབ་ཏུའང་གྲགས་པ། གཏེར་སྟོན་གྱི་རྣམ་ཐར་ན། ལྷོ་བྲག་ཕྱོགས་ཀྱི་སློབ་མ་འདྲེན་པའི་སྐབས་ཀྱི་མཇུག་ཏུ་དགེ་བཤེས་དཔལ་ལྡན་དོན་གྲུབ་ཏུ་གྲགས་པ་དེ་དང་རིག་འཛིན་ཆེན་པོའི་ཉེ་གནས་ཀྱི་གྲས་དབུ་མཛད་དོན་གྲུབ་དཔལ་འབར་རམ། གྲུབ་པ་ཀུན་འདུས་སུ་གྲགས་པ་གཉིས་ལ། མཁས་གྲུབ་ཆོས་རྗེ་རྣམ་གཉིས་ཞེས་ཐ་སྙད་དུ་མཛད། དེ་གཉིས་ནས་རྒྱལ་དབང་བསྟན་འཛིན་གྲགས་པ་ཞེས་རིག་འཛིན་པདྨ་གླིང་པ་ཉིད་ཀྱི་སྐྱེ་བ། འཁྲུངས་ས་མོན་སྔ་ལོང་རྒན་པ་ཞེས་པར་འཁྲུངས། དགུང་ལོ་བཞི་ན་གཏེར་སྟོན་ཉིད་ཀྱི་སྲས་དཀོན་མཆོག་བཟང་པོ། རྒྱལ་སྲས་ཟླ་བ། ཆོས་རྗེ་གྲགས་རྒྱལ་གསུམ་རིམ་བཞིན་འཇམ་དབྱངས། སྤྱན་རས་གཟིགས། ཕྱག་རྡོར་ཏེ་རིགས་གསུམ་སྤྲུལ་པའི་སྲས་གསུམ་དུ་གྲགས་པས་ངོས་འཛིན་དང་བདག་རྐྱེན་མཛད། ཁྱད་པར་སྲས་ཆེ་བ་དཀོན་མཆོག་བཟང་པོ་ལ་སྲས་མེད་པས་སྲས་ཀྱི་ཚབ་མཛད་ནའང་ཐུགས་སྲས་མི་རིང་བར་གཤེགས་པས་བོད་དུ་ཆོས་རྗེ་རྣམ་གཉིས་ཀྱི་ཡ་གྱལ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་གདན་སར་སྤྱན་དྲངས། ལས་འབྲེལ་རྩལ། ཀུན་མཁྱེན་ཀློང་ཆེན་པ། པདྨ་གླིང་པ་སོགས་ཀྱི་ཆོས་སྐོར་རྣམས། དབང་། ལུང་། ཁྲིད། མན་ངག་ཕྱག་བཞེས་དང་བཅས་པ་རྣམས་བུམ་པ་གང་འབྱོར་གནང་ཞིང་། རྩ་བའི་བླ་མའང་འདི་ཁོ་ན་ལ་མཛད། ཡང་། གོང་གི་ཆོས་རྗེ་རྣམ་གཉིས་ཀྱི་ཡ་རྒྱལ་དབུ་མཛད་གྲུབ་པ་ཀུན་འདུས་ལའང་དབང་ལུང་དང་། ཁྱད་པར་ཆོས་དབྱངས་ཀྱི་ཕྱག་ལེན་གཙོ་བོར་གསན་པས་མཁས་གྲུབ་ཆོས་རྗེ་རྣམ་གཉིས་སུ་གྲགས་པ་དེ་ཡིན་ཞིང་།


MLP013_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་གྲགས་པ་འདིའི་སྐྱེ་བ་དེ་མ་ཐག་པ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེར་གྲགས་པ་དེ་ཡིན་ཞིང་། བསྟན་འཛིན་གྲགས་པ་འདི་ཉིད་ཀྱི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱི་རྗེས་སུ་དར་རྒྱས་ཆོས་སྡིངས་ཀྱི་གདན་ས་མཛད་ཅིང་སྐུ་ཚེ་དེ་ཉིད་དུ་བསྒྲིལ་བ་ཡིན། བསྟན་འཛིན་གྲགས་པའི་སློབ་མ་འདི་ཕྱོགས་སུ་གཙོ་ཆེ་བ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱི་སྐྱེ་བ་དེ་མ་ཐག་པ་བདག་གི་མེས་པོ་གཉོས་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན། དེའི་སྲས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་བོ། །ཡང་། ལྷོ་བྲག་ཕྱོགས་ཀྱི་བརྒྱུད་པ་གཙོ་ཆེར་བྱེད་ན་བསྟན་འཛིན་གྲགས་པ་ནས། ཐུགས་སྲས་ཟླ་བའི་གདུང་བརྒྱུད་པདྨ་ཕྲིན་ལས། དེས་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། དེས་རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེ་གཉིས་ཀ་ལ་བདག་གིས་ཐོབ་པ་དེ་ལགས། རིག་འཛིན་ཆེན་པོ་པདྨ་གླིང་པའི་སྲས་བཞི་ཞེས་པ། ཆེ་བ་འཇམ་དབྱངས་ཀྱི་སྤྲུལ་པ་དཀོན་མཆོག་བཟང་པོ་ལ་གདན་ས་པདྨ་གླིང་འཕོག །འབྲིང་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཟླ་བ་ལ་བདེ་ཆེན་གླིང་དང་ཀུན་བཟང་གླིང་འཕོག །དེ་འོག་ཕྱག་རྡོར་གྱི་སྤྲུལ་པ་གྲགས་རྒྱལ་ལ་གཏམ་ཤིང་འཕོག །དེ་དུས་རིག་འཛིན་ཆེན་པོ་ཉིད་རང་གི་གམ་ན་བཅར་ཏེ་བཞུགས་པ་སྲས་ཆུང་གསང་བདག་ཏུ་གྲགས་པ་རྣམས་ལ་ཐུགས་སྲས་བཞི་ཞེས་རྣམ་ཐར་དུ་བཤད་འདུག །ཡང་། ཡུམ་མི་གཅིག་པའི་སྲས། ཤར་ཀུ་རི་ལུང་དུ་མཁས་གྲུབ་ཀུན་དབང་དུ་གྲགས་པ་བྱུང་ཞིང་། མཁྱེན་པ་ཡང་དགའ་རབ་བྱུང་བར་སྣང་ཡང་ཆོས་བརྒྱུད་ནི་ཆེར་མ་འཕེལ། དབོན་བརྒྱུད་ནི་ཕྱིས་བཀག་སོ་འཕོག་པའི་ད་ལྟའང་ལ་འོག་ཡུལ་གསུམ་ན་ཡོད། ཐུགས་སྲས་ཟླ་བ་སྲས་ཀྱི་ནང་ནས་ཀྱང་འགྲོ་དོན་ཆེ་བར་ལུང་བསྟན་ཅིང་། མཁྱེན་པ་མི་ཆེ་ཡང་། གྲུབ་པ་ཐོབ་པའི་རྟགས་མཚན་མངོན་སུམ་དུ་སྟོན་ནུས་པ་དང་། དགུང་ལོ་ཡང་དགུ་བཅུ་གོ་བཞིའི་བར་དུ་བཞུགས། འབྲི་ཁུང་པ་རིན་ཆེན་ཕུན་ཚོགས་སོགས་མོན་བོད་ཀྱི་ཆེ་དགུ་ཀུན་གྱིས་བླ་མར་བཀུར་ཡང་། ཐུགས་རྒྱུད་དལ་བས་བླ་མ་ཞི་དྲག་དང་། ཐུགས་རྗེ་ཆེན་པོ། ཞི་ཁྲོ། ཚེ་སྒྲུབ་སོགས་ཀྱི་དབང་ལུང་ཙམ་ལས་ཆོས་བཀའ་ཐམས་ཅད་སྤེལ་བ་ནི་མ་མཛད། དེ་ལ་སྲས་དེ་ཝ་ཙནྡྲ་བྱ་བ་ཞིག་བྱུང་ཡང་ཆོས་བརྒྱུད་ཟིན་པ་ནི་མ་བྱུང་། ཐུགས་
སྲས་གྲགས་རྒྱལ་གྱིས་གཏམ་ཤིང་དུ་བཞུགས་ཤིང་། དབོན་བརྒྱུད་ཀྱང་ཆད་ནས་ལོ་ལྔ་བཅུ་དྲུག་ཅུ་ཙམ་ལས་མ་སོང་འདུག་ཅིང་། ཆོས་རྒྱུན་ཡང་བླ་མ་ནོར་བུ་རྒྱ་མཚོ། ཀུན་བཟང་དགོངས་འདུས། བཀའ་བརྒྱད། ཚེ་སྒྲུབ། ཐུགས་རྗེ་ཆེན་པོ། ཆོས་སྐྱོང་སྐོར་སོགས་རགས་བསྡུས་ལས་ཆོས་བཀའ་ཆ་ལག་ཚང་བ་ཞིག་རང་ནི་མི་འདྲ། སྲས་ཆུང་གསང་བདག་ནས་གདུང་བརྒྱུད་གཅིག་གཉིས་བྱུང་འདུག་ཀྱང་ཆོས་བརྒྱུད་བྱུང་སྐད་མི་འདུག །དེར་མ་ཟད་ཡུམ་མི་གཅིག་པའི་སྲས་ར་ཁྱི་ཞེས་བྱ་བ་ཞིག་བྱུང་འདུག་ཀྱང་ཆོས་བརྒྱུད་ནི་མ་འཕེལ། དེས་ན་གོང་ཞབས་རིན་པོ་ཆེའི་ཡང་མེས་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་གཏམ་ཤིང་དུ་ཐུགས་སྲས་གྲགས་རྒྱལ་ལ་རྒྱུན་གང་བཞུགས་ཀྱི་དབང་ལུང་རྣམས་གསན་པས་ཡབ་རྗེ་བཀྲ་ཤིས་བསྟན་འཛིན་གྱི་བར་གཏམ་ཤིང་པའི་བརྒྱུད་ཚུལ་དེ་ལྟར་དང་། ཡབ་བཀྲ་ཤིས་བསྟན་འཛིན་གྱི་ཡབ་བསྟན་འཛིན་གྲགས་པས་བདག་གི་མེས་པོ་མདོ་སྔགས་བསྟན་འཛིན་ལ་པད་གླིང་སྐོར་གྱི་དབང་ལུང་རགས་པ་དང་། བདག་གི་ཡབ་རྗེ་ཕྲིན་ལས་ལྷུན་གྲུབ་ལ་ཡང་པད་གླིང་གི་དབང་ལུང་རགས་པ་དང་། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་དབང་ལུང་སྒྲུབ་ཆེན་དང་འབྲེལ་བ་གསན་པ་དང་། བདག་ལོ་སོ་ལྔ་པ་སྤྲེལ་ལོར་ཤ་འུག་ཏུ་ཕྱིན་སྐབས། གོང་ཞབས་རིན་པོ་ཆེའི་ཡབ་དང་མེས་གཉིས་ཀ་ངེད་དང་འཕྲད་པར་ཕེབས་བྱུང་ཞིང་། སྤྲུལ་སྐུ་མདོ་སྔགས་བསྟན་འཛིན་སོགས་ལ་དབང་ལུང་གསན་ཚུལ་ཕེབས་སྒོ་གནང་བྱུང་། དེ་དུས་མེས་དགོང་ལོ་དྲུག་ཅུ་རེ་གྲངས་ཙམ་གྱི་ཚོད་ན་འདུག །དེས་ན་གསན་ཡིག་ག་པའི་གཤམ་ན་འཁོད་པའི་བསྟན་འཛིན་གྲགས་པ་དང་། བསྟན་འཛིན་གྲགས་པ་འདི་གཉིས་མི་གཅིག་ཅིང་། པད་གླིང་དྲག་པོ་ཐེམས་མེད་མ་གཏོགས་ཆོས་སྐོར་ཡོངས་རྫོགས་ཆ་ཚང་ལ་སྤྱིར་ཆོས་རྗེ་རྣམ་གཉིས། སྒོས་སྣ་ཚོགས་རང་གྲོལ་མ་བརྒྱུད་པ་གཏན་ནས་མེད་པ་ལྟ་བུ་ལགས།

ཡང་བཟློག་རྡོ་རྗེ་ཕ་ལམ་གྱི་ཐུན་གཏོར་བྱེད་ལུགས།


MLP013_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་བཟློག་རྡོ་རྗེ་ཕ་ལམ་གྱི་ཐུན་གཏོར་བྱེད་ལུགས། ཕྱིར་བཟློག་འདི་དང་འབྲེལ་བར་ཐུན་གཏོར་བྱེད་པར་སྤྲོ་ན། གཏོར་མ་གྲུ་གསུམ་ཁྲག་གིས་བྱུགས་པ་ལ་ཡུངས་དཀར་གྱིས་བརྒྱན་པ་མདུན་དུ་སྟེགས་ལ་བཀོད། སྨན་དང་རཀྟ་ཡང་སྔར་འདུ་བྱས་པ་བསར་ནས་


MLP013_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་པོའི་སྒོམ་བཟླས་དཀྱུས་བཞིན་བྱས་ནས་ཐལ་བརྡེབ་ཀྱི་གོང་དེ་ཉིད་དུ་ཐུན་གཏོར་ལ་རཀྟས་བྲན། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་སོགས་ནས་ཁྱད་པར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་འདིར་ཁུག་ཅིག །ༀ་བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿབཛྲ་པྲ་བེ་ཤ་ཡ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨཿཞེས་དགུག་བཅིངས་སྡོམ་མྱོས་སྐྱོབ་བྱེད་དང་ཕྲལ་ནས་གཏོར་མ་ལ་གཉིས་མེད་དུ་བསྟིམ། བདུད་རྩིས་བྲན་ནས་རྃ་ཡྃ་ཁྃ་གིས་བསངས་སྦྱངས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་པའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཟག་མེད་ཀྱི་བདུད་རྩིར་ཞུ་བར་གྱུར། ༀ་ཨཱཿཧཱུྃ་ཧོཿཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། རྡོར་ཐལ་གྱེན་དུ་ཕྱེ་ལ། མདུན་གྱི་ནམ་མཁར་གཤིན་རྗེ་གཤེད་ཞལ་གདངས་པས་གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་ཤ་ཁྲག་གི་རང་བཞིན་ཆལ་ཆོལ་དུ་གསོལ་བར་བསམ་ལ། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ་ཨེ་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་བས་དགྱེས་ཤིང་ལྷག་མེད་དུ་བཞེས་པར་བསམ་ལ། མཐར་གཏོར་མ་གཤིན་རྗེའི་དམག་ཚོགས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པ་དུག་མཚོན་རྡོ་རྗེའི་ཆར་དུ་བསམས་ནས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་དམོད་ཚིག་ཐལ་བརྡེབ་དང་བཅས་དམིགས་བྱའི་ཕྱོགས་སུ་འཕངས་པས་དམིགས་བྱ་གནས་ལུས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླག་པར་བསམ་པ་ཡིན་ནོ། །

གསེར་ཟངས་པ་འགྱུར་མེད་ཀློང་གྲོལ་གྱི་དྲི་ལན།


MLP013_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསེར་ཟངས་པ་འགྱུར་མེད་ཀློང་གྲོལ་གྱི་དྲི་ལན། ཁྱེད་ཀྱི་གནས་ཚུལ་ཡིག་ཆུང་དུ་བསྲིངས་པ་འབྱོར། ད་རེས་སྟེས་དབང་གིས་རྙེད་པའི་མི་ལུས་འདི་འདྲ་ཐོབ་དུས་ཆོས་མ་བྱས་ན་དོན་མེད་སྟོང་ལོག་ཏུ་འགྲོ་བས་དམ་པའི་ཆོས་ཀྱིས་དོན་ལྡན་དུ་བསྒྲུབ་དགོས། འཆི་བ་ནམ་ཡོང་མི་ཤེས་པས་སང་བྱ་གནངས་བྱའི་ལེ་ལོས་མི་འདྲིད་པ་གལ་ཆེ། འཁོར་བའི་སྣང་ཚུལ་ལ་བལྟས་ན་བཟོད་མེད་སྡུག་བསྔལ་གྱི་རང་བཞིན་མངོན་སུམ་དུ་གྱུར་པ་འདིར་གདའ། དེ་ལས་ཐར་དགོས། རང་ཐར་བས་མི་ཆོག་གཞན་ཕན་གྱི་བསམ་སྦྱོར་བསྐྱེད་དགོས། དེས་ན་ཚེ་འདིའི་ཞེན་པ་དོར་ནས་ཕྱི་མ་དོན་དུ་གཉེར། འཁོར་བའི་བདེ་བ་ལ་མ་ཞེན་པར་ཐར་པ་དོན་དུ་གཉེར། རང་དོན་གྱི་འཛིན་པ་ཐོང་ནས་གཞན་དོན་གྱི་ཁུར་འཁུར། སྐྱབས་དཀོན་མཆོག་ལ་ཞུས། དག་སྣང་སེམས་ཅན་ལ་སྦྱོངས། རང་རིག་སྤྲོས་པ་དང་བྲལ་བའི་ངོ་བོ་གསལ་ཧྲིག་བརྗོད་ཡུལ་ལས་འདས་པ་དེ་ལས་བླ་མ་གཞན་ན་མི་གདའ། དེའི་ངོ་བོ་ལ་འདུ་འབྲལ་མེད་པས་རང་ངོ་ཤེས་པའི་གསོལ་འདེབས་ལ་རེམས། བྱིན་རླབས་ཕྱི་ནས་འཚོལ་དོན་མེད། ནམ་ཟླ་དྲོས་པའི་ས་ཆུ་བཞིན་ནང་ནས་རྙེད་འོང་། འོན་ཀྱང་དག་སྣང་མོས་པའི་བློ་འདྲིད་དུ་ངོས་འཕྲད་ཀྱི་འདུན་པ་ཡང་ཅིས་ཀྱང་བྱེད་པ་ཡིན་ནོ། །

ལྷ་བུ་སྐུ་སྐྱེའི་དྲི་ལན།


MLP013_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལྷ་བུ་སྐུ་སྐྱེའི་དྲི་ལན། ལོཀྟྲིའི་བསྙེན་ཐབས་ཀྱི་གཞུང་ངེད་རང་གི་སྒྲུབ་ཐབས་གསར་བཀོད་དེའི་དཔེ་ཕྱག་ཏུ་ཡོད་ཚོད་ཡིན་པ། དེ་ལྟར་ན་མཚམས་སྤྱིའི་ཁོག་འབུབས་གཤིན་རྗེ་གཤེད་དང་གུར་དྲག་གི་བསྙེན་ཡིག་ལྟ་བུས་མཚོན་ཞིང་། འདི་ཁའི་སྒོས་ཆོས་མདུན་དུ་གཏོར་མ་བྲིས་སྐུས་བརྒྱན་པ་དང་མཆོད་པ་རྣམས་བཤམས་ནས། སྐྱབས་སེམས་སྔོན་དུ་བྱས་ལ། རང་ལུས་ཐ་མལ་དྷཱུ་ཏིའི་ནང་། སོགས་ཀྱི་དམིགས་རིམ་དང་སྦྱར་ནས། ཐོག་མར་ཞི་བསྙེན་ཁོ་ན་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཅིག་ཐུན་བཞིའི་རིམ་པས་གྲངས་མ་རྫོགས་བར་དུ་བཟླ་ཞིང་། ཐུན་བསྡུ་བ་ན་ལྷ་འོད་གསལ་དུ་བསྡུས་ནས་སླར་ཡང་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་ཞིང་སྨོན་ལམ་གདབ། ཐུན་བཞི་ཀའམ། ཐུན་གཅིག་གི་མཐར་གཏོར་མ་འབུལ་བ་འདི་གའི་ཆོ་ག་བཞིན་དང་། དེ་ལྟར་ཞི་བསྙེན་སོང་ནས་དྲག་སྒྲུབ་ཀྱི་ཁོག་འབུབས་སྔ་མ་ལྟ་བུ་ལས།
ཐོག་མར་ཞི་བར་སྔར་བཞིན་བསྒོམས་ནས་ཏྲཾ་དུ་བརྒྱ་རྩ་ཙམ་བཟླས་རྗེས་ཞི་བ་འོད་དུ་ཞུ་བ་ལས་སྐད་ཅིག་གིས་གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས་ཞེས་སོགས་ཀྱི་དོན་བཞིན་བསྒོམ་ནས་ཡེ་ཤེས་པ་སྤྱན་འདྲེན་མཆོད་བསྟོད་ཆེ་བ་བསྐྱེད་པ་རྣམས་དཀྱུས་བཞིན་བྱས་ནས། བཟླས་པའི་དམིགས་པ་གསལ་བཏབ་ལ་ༀ་ལོཀྟྲི་པ་ལ་ནནཿཞེས་པ་ནས། ཀཱ་ཝཱ་ཙཱི་རླག་རླག༔ཅེས་པའི་བར་གྱི་རྩ་སྔགས་གྲངས་འབུམ་ཕྲག་གསུམ་དང་ཁྲི་ཕྲག་གསུམ་ཉུང་མཐའ་དང་། དུས་བདུན་གསུམ་ཉུང་མཐའ་དང་། དེ་ལས་མང་བ་གང་འབྱོར་ལས་ཚད་མེད་ཅིང་། དེ་ལྟར་གྲངས་དང་ཞག་གང་ཡིན་ཡང་ཐུན་བཞིའི་རིམ་པས་བཅད་ནས་བཟླ་ཞིང་ཐུན་བསྡུ་བ་དང་ཐུན་མཚམས་ཀྱི་གཏོར་འབུལ་སྔར་དང་འདྲ། སྤུ་གྲིའི་དྲག་སྔགས་དང་། ཐུན་སྔགས་སྤུ་གྲི་རིང་མོ་ནི་གཙོ་བོར་ལས་སྦྱོར་གྱི་བཟླས་པ་ཡིན་པས་རྒྱུན་དུ་བཟླ་མི་དགོས་ཤིང་། འོན་ཀྱང་དམིགས་བསལ་གདོན་བགེགས་ལྟ་བུ་ལ་མངགས་པའི་དབང་དུ་བྱེད་ན། སྔར་གྱི་བསྙེན་སྒྲུབ་ཚར་བའི་རྗེས་སུ་བདུན་ཕྲག་གཅིག་ཙམ་སྒྲུབ་པ་དྲག་སྔགས་བཅས་བཟླས་པའི་ཐུན་རེ་རེའི་གཤམ་དུ། ༀ་ལོཀྟྲི་པཱ་ལ་ནནཿརྦད་ཐུམས་འཇིག་རྟེན་འགོང་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད༔ཅེས་པ་ནས་རྦད་ཤག་རྒྱལ་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད༔ཅེས་པའི་བར་གྱི་སྤུ་གྲིའི་དྲག་སྔགས་ཉེར་གཅིག་རེ་ཙམ་བཟླ་ཞིང་། རྒྱལ་པོའི་སྲོག་ལ་དུང་དུང་སོགས་ཐུན་སྔགས་རིང་མོ་བདུན་རེ་ཙམ་བཟླ་བ་ལས་མང་བ་མི་དགོས་ཤིང་། སྔགས་ཕྱི་མ་འདི་གཉིས་དམིགས་བསལ་གྱི་གདུལ་བྱ་དང་། རྨི་ལམ་ལ་གདོན་འཚུབ་ཀྱི་རྣམ་པ་གསལ་བ་སོགས་ལ་བཟླ་ཡི། གཞན་དུ་རྒྱུན་བཟླས་ལ་གཙོ་མི་ཆེ། ལས་སྦྱོར་མཆོད་རྟེན་དཀར་ནག་སོགས་དང་འབྲེལ་ན་ནི་འདིས་དཔེར་མི་མཚོན་ནོ། །

མི་དབང་ཆེན་པོའི་དྲི་ལན།


MLP013_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་ཆེན་པོའི་དྲི་ལན། བྱིན་འབེབས་ཀྱི་སྐབས་འདིར་ལུས་གནད་བསྲང་བ། མིག་དར་འཆིང་བ། རྫས་དུད་བདུག་པ། རོལ་མོ་འཁྲོལ་བ། རླུང་འཛིན་པ། དམིགས་རྟེན་ལ་སེམས་བརྟེན་པ་སོགས་ནི་ཤེས་པ་ཡུལ་ལ་འཕྲོ་བའི་དབང་ཤེས་འགག་པས་དེར་འཛིན་གྱི་
རྟོག་པ་འགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤུགས་འབྱུང་དུ་སྐྱེ་བར་བྱེད་པའི་དགོས་པ་ཡིན་གསུངས་བར་འདུག་ལགས། བྱིན་འབེབས་ཀྱི་རྫས་འདི་ལ་རྒྱུད་དང་སྒྲུབ་ཐབས་དབང་ཆོག་སོ་སོ་ལས་ནང་གསེས་མི་འདྲ་བ་རེ་གཉིས་སྣང་ཡང་། གསང་སྔགས་བླ་མེད་ལ་སྤྱིར་ཐུན་མོང་དུ་འཇུག་པ་ནི་ཕྱག་ལེན་ལྟར་ན་སྐྱེས་བུ་གཙང་མའི་བྱང་སེམས་དཀར་པོ། བུད་མེད་རིགས་བཟང་གི་བྱང་སེམས་དམར་པོ། སྔགས་པ་ནུས་ལྡན་ནམ། དགེ་སློང་གཙང་མའམ། སྐྱེས་པ་གཞོན་ནུ་གཙང་མ་ལྟ་བུའི་དྲི་ཆེན་དང་དྲི་ཆུ། མི་ནད་རིམས་ངན་པས་ཤི་བ་ལྟ་བུ་མ་ཡིན་པའི་ཀླད་པ་ཤ་ཆེན་གྱི་དྭངས་མ་ཡིན་པས་དེ་ལྔ་ལ་བདུད་རྩི་ལྔ་ཞེས་རྩ་བའི་རྫས་དང་། བྱི་ལ་ནག་པོ་སྟེ་ཞི་མི་ནག་པོའི་བྲུན། རའི་རྐང་ལག་གི་ཉ་བཞིའི་ཤ །སྒྲུབ་པ་པོའི་སྐྲ་དང་སེན་མོ་ཕྲན་བུ། གུ་གུལ་དང་བཅས་པ་རྣམས། དེང་སང་ཕྱག་ལེན་ལ་གོང་གི་རྫས་རྣམས་སྣེ་འཛོམ་ཙམ་བྱས་ནས་དྲི་ཤུགས་བསྐྱེད་པའི་ཕྱིར། ག་པུར། ཛ་ཏི་གུརྒུམ་རྣམས་ཕྲན་བུ་རེ་དང་། ཙནྡ་དཀར་དམར། ཨ་ཀ་རུ། ཁྱད་པར་སྟོད་ཀྱི་ཨར་ནག་དང་། ན་གི་རྣམས་གང་མང་། དེ་ཐམས་ཅད་ལས་འཕར་བའི་གུ་གུལ་བོངས་བསྐྱེད་པ་རྣམས་སྦྱར་བ་ཕྱེ་མ་རིལ་བུ་གང་བྱེད་ཀྱང་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཁ་ཕྲུ་ཅུང་ཟད་བཏབ། བྱིན་འབེབས་ཀྱི་སྔགས་སྒྲུབ་པ་ཡུན་བསྲིངས་པའམ་མ་མཐའ་བརྒྱ་རྩ་ཙམ་བཟླས་ནས། བྱིན་འབེབས་ཀྱི་སྐབས་ཡི་དྭགས་ཀྱི་མེ་ཞེས་རོ་སོལ་གྱི་མེའམ། མ་འབྱོར་ན་སོལ་མེ་གང་རུང་ལ་བསྲེགས་པའི་དུད་པ་དབང་གྲལ་ལ་སྤོས་བསྐོར་བྱེད་པ་ཡིན་ཞིང་། རྫས་སྒྲུབ་པ་ཚར་བའི་ཕབས་རྒྱུན་འདི་བཞིན་ལགས།

རྒྱལ་བ་དྲུག་པའི་བཀའ་ལན་དུ་ཕུལ་བ།


MLP013_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱལ་བ་དྲུག་པའི་བཀའ་ལན་དུ་ཕུལ་བ། ལགས། ཕྱག་རྫོགས་ཀྱི་ཁྱད་པར་གང་ཡིན་གནང་བ་འདི་ལ་ཕྱིས་ཀྱི་ཕྱག་ཆེན་པ་རྣམས་ཕལ་ཆེར་ལྟ་བ་འཁོར་ལོ་བར་པའི་དངོས་བསྟན་དང་བསྟུན་པར་མཛད་དེ་སྟོང་ཉིད་མེད་དགག་གི་སྟེང་ནས་འཇོག་པར་མཛད་མོད། དེ་ནི་བོད་ཀྱི་ཀློག་པ་ཐོས་བསམ་པ་ཕལ་ཆེ་བ་ཞིག་འདོད་པའི་འགྲམ་མ་ཐེག་པ་ལས་གྲུབ་མཐའི་གནད་
ལེགས་པར་མ་གོ་བ་ལགས། དེས་ན་དྭགས་ལུགས་སྔ་རབས་རྣམས་དང་། ཤངས་ལུགས་ཀྱི་ཕྱག་ཆེན། སྦྱོར་དྲུག །ཞི་བྱེད། རྫོགས་ཆེན་པ་སོགས་སྤོང་བ་བསམ་གཏན་པའི་སྒོམ་ཡིག་ཚད་ལྡན་ཐམས་ཅད་འཁོར་ལོ་ཐ་མའི་ལུགས་མ་ཡིན་དགག་གི་སྟོང་ཉིད་ཀྱི་སྟེང་ནས་འཇོག་པ་ཤ་སྟག་ལགས་མོད། འོན་ཀྱང་ཁྱད་པར་བ་ལ། སྤྱིར་དམིགས་ཡུལ་གྱི་མཚན་མ་འགོག་བྱེད་མདོ་ལུགས་ཀྱི་ཐོས་བསམ་ལ་བརྟེན་པ་དབུ་མ་ལ་སོགས་ཀྱི་དཔྱད་སྒོམ་གྱི་ལུགས་དང་། དམིགས་པ་པོ་ཡུལ་ཅན་ཏེ་སྣང་ཞེན་དུ་འཛིན་པའི་མཚན་མ་འགོག་བྱེད་མདོ་ལུགས་དང་སྔགས་ལུགས་མི་རྟོག་པའི་ལམ་དུ་འཁྲིད་པའམ་ཀུ་སཱ་ལིའི་འཇོག་སྒོམ་གྱི་ལུགས་གཉིས་སྣང་ཞིང་བྱེ་བྲག་ཕྱག་རྫོགས་ཀྱི་ཁྱད་པར་ནི་ཆོས་ཅན་གང་ཤར་གྱི་སྣང་བ་ལ་ཆོས་ཉིད་ཀྱི་ཕྱག་རྒྱས་ཕར་རྒྱས་བཏབ་ནས་སྣང་རིག་ངོས་བཟུང་བྲལ་བའི་གསལ་སྟོང་དུ་སྐྱེལ་བ་ཕྱག་ཆེན་པའི་ལུགས། ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་པའི་སེམས་རང་བྱུང་ཡེ་ཤེས་ཀྱི་དབྱིངས་སུ་ཚུར་རྫོགས་པས་དོན་ལ་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་པ་རྫོགས་ཆེན་པའི་ལུགས་ཏེ། དེས་ཟབ་ཁྱད་ཀྱི་ཁྱད་པར་རགས་པ་ཙམ་མཁྱེན་སླ་བ་ལགས། དེ་ལ་དྭགས་བརྒྱུད་ཕྱག་ཆེན་པ་རྣམས་གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་མདོ་ཏིང་འཛིན་རྒྱལ་པོ་དང་། རྒྱུད་བླ་མའི་དགོངས་པ་ལྟར་མདོ་ལུགས་སུ་བཞེད་པ་དང་། བདེ་སྟོང་ཕྱག་རྒྱ་ཆེན་པོ་ཞེས་སྔགས་ལུགས་དབང་ལས་བྱུང་བའི་ཡེ་ཤེས་ཏེ་བརྒྱུད་ལུགས་ཐ་དད་པ་གཉིས་རྗེ་མར་པ་ལ་བཀའ་བབས་ཡོད་པར་བཞེད། ཤངས་ལུགས་སོགས་ཕྱག་ཆེན་གྱི་མཚན་ཅན་གཞན་བོད་འདིར་བྱུང་བ་ཐམས་ཅད་དང་། སྦྱོར་དྲུག །རིམ་ལྔ། ལམ་འབྲས་སོགས་དབང་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་བཞེད་པ་ཤ་སྟག་ལགས། ཞི་བྱེད་པ་རྣམས་ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་ཞེས་ཤེར་ཕྱིན་གྱི་དགོངས་པ་སྔགས་ཀྱི་ཟབ་ལམ་གྱིས་བདེ་མྱུར་དུ་འཁྲིད་པས་ཁྱད་པར་འཕགས་པར་བཞེད། རྫོགས་ཆེན་ལ་ནང་གསེས་ཀྱིས་ཕྱེ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ལས། སེམས་སྡེ་ནི། ཅིར་སྣང་སེམས་ཡིན་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་


MLP013_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་པ་མེད་པ་ལ་དགོངས་པ་སྟེ། འདི་ལམ་གྱི་སྣེ་འཁྲིད་ཚུལ་ཕྱག་ཆེན་དང་འདྲ་ཤས་ཆེ་མོད། དོན་ལ་ཁྱད་པར་ཆེ་སྟེ། ཕྱག་ཆེན་པས་ཡུལ་ལ་ཕར་རྒྱས་འདེབས་པ་ཡིན་ལ། སེམས་སྡེ་བས་ཡུལ་ཅན་སེམས་ཉིད་རིག་སྟོང་ཀ་དག་ཏུ་གཏན་ལ་འབེབས་པའི་ཕྱིར་རོ། །ཀློང་སྡེ་ནི། ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཡིན་པས། ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པ་སྟེ། འདིས་འོད་གསལ་ལ་རྩིས་པོ་ཆེར་བྱེད་པ་གསར་མའི་རིམ་ལྔ་དང་ཆ་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། རིམ་ལྔ་ནི། རླུང་ལྔའི་བྱེད་ཆིངས་ཀྱི་གནད་ལས་སྒྱུ་ལུས་སྟོང་གཟུགས་ཀྱི་སྣང་བརྙན་ཉིད་:རིམ་༼རིལ་༽འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་དྭངས་སུ་འཇུག་པ་ཡིན་པས་བྱ་རྩོལ་དང་བཅས་པ་ཡིན་ལ། ཀློང་སྡེས་ནི། དམིགས་གཏད་བྲལ་བའི་གནད་ཟབ་མོས་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཟབ་གསལ་གྱི་ཡེ་ཤེས་ཟུང་འཇུག་གི་འཇའ་ལུས་རྡོ་རྗེའི་སྐུར་སྒྲུབ་པའི་ཐབས་ཟབ་པས་ལམ་འདིར་ཞུགས་པའི་གོང་མ་རྣམས་ཡེ་ཤེས་ཀྱི་སྐུར་གཤེགས་པ་ཤ་སྟག་བྱུང་ཞེས་རྡོ་རྗེ་ཟམ་པ་བ་རྣམས་གསུངས་པ་བཞིན་ལགས། མན་ངག་གི་སྡེ་ནི་སྤང་བླང་བྲལ་བ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་སྐྱེལ་བའི་གནད་ཀྱིས། འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཉིད་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་ནས་རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་ཅིང་གྲོལ་བར་བྱེད་པ་སྟེ། འདི་ནི་གནད་ཐོག་ཏུ་གྲོལ་བ་གནད་ལ་ཐེབས་པའི་མེ་བཙའ་དང་འདྲའོ། །འདིའི་ལམ་ཐོད་རྒལ་གྱི་སྣང་བ་གཙོ་བོར་བྱེད་པས་གསར་མའི་སྦྱོར་དྲུག་དང་ཆ་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། སྦྱོར་དྲུག་པས་རླུང་ལྔ་དབུ་མར་བཅིངས་པའི་གནད་ཀྱིས་སྟོང་གཟུགས་ཀྱི་སྣང་བ་ཤར་བ་བྱེད་རྩོལ་གྱིས་བདེ་བ་ཆེན་པོའི་ལམ་ལ་རིམ་གྱིས་དཀྲི་བ་ཡིན་ལ་འདིར་ནི་སེམས་ཡིན་ལ་ལུས་དང་ཆོས་ཉིད་ལ་འཛིན་པ་ལ་སོགས་པ་ཡིད་དཔྱོད་ཐམས་ཅད་བཅད་ནས་གནས་ལུགས་རང་གསལ་མངོན་སུམ་དུ་གཏན་ལ་འབེབས་པས་འཕགས་པ་ལགས་ཤིང་། ལམ་འདིའི་ཡེ་ཤེས་ཀྱི་སྐུ་འཇའ་ལུས་


MLP013_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲོལ་བའང་ཀློང་སྡེ་སོགས་ཀྱིས་བསྒྲུབས་པ་ལས་འཕགས་ཏེ། འདིར་ནི་རགས་པའི་སྒོ་གསུམ་ཕྲ་བ་དྭངས་མའི་སྐུར་བསྒྱུར་བ་ཙམ་མ་ཡིན་པར། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་ནས་སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་ལ་གཞི་མེད་དུ་དྭངས་པ་ཡིན་པའི་ཕྱིར་སྙམ་པ་ལགས། སྤྱིར་རྙིང་མ་རང་ལུགས་ལའང་ཧེ་རུ་ཀ་ཀ །ལྤོའི་རྒྱུད་ལ་སོགས་པར་དེང་སང་གསར་མ་བར་གྲགས་པའི་སྦྱོར་དྲུག །རིམ་ལྔ། ལམ་འབྲས་སོགས་གསལ་བར་གསུངས་ཀྱང་མན་ངག་ཕྱག་ལེན་ལ་འདེབས་པ་ཆེར་མ་བྱུང་ཞིང་། སྒྱུ་དྲྭའི་རིམ་དྲུག་རིམ་གསུམ་སོགས་གྲོལ་ལམ་དང་། གསང་ཐིག་སོགས་ཐབས་ལམ་གྱི་མན་ངག་རྣམས་དང་། འདུས་པ་མདོའི་ངང་སྒོམ། བཀའ་བརྒྱད་ཀྱི་རིམ་ལྔ་སོགས་སྔར་དར་བར་བྱུང་ནའང་། དེང་སང་ཁྲིད་སྲོལ་གུ་རུ་ལུགས་མ་ཆད་ཙམ་ལས་རྩལ་འདོན་དུ་འཆད་སྲོལ་ནུབ་པ་ལྟ་བུ་དང་། ཁྱད་པར་རྙིང་ལུགས་ལ་བཀའ་མ་རྣམས་སེམས་སྡེ་ལ་གཙོ་བོར་མཛད་པས། སྔར་རོང་ལུགས། ཁམས་ལུགས། སྐོར་ལུགས། ཉང་ལུགས་སོགས་བཀའ་མང་ཞིང་། དར་ལ་སྨིན་པས་གྲུབ་བརྙེས་ཀྱང་མཐའ་ཡས་པ་བྱུང་ནའང་། དེང་སང་སེམས་སྡེ་ཉང་ལུགས་དང་། ཨ་རོགས་ལུགས། ཀློང་སྡེ་ལས་རྡོ་རྗེ་ཟམ་པ་སོགས་དབང་ཁྲིད་ལུང་གསུམ་ཚང་བ་ཉུང་ཟད་ཙམ་ལས་མི་སྣང་ཞིང་། མན་ངག་གི་སྡེ་ལ་བཀའ་སྲོལ་མང་ཡང་ཁྱད་པར་དུ་གྱུར་པ་བི་མ་ལའི་སྙིང་ཐིག་ལྡང་མ་དང་ལྕེ་བཙུན་ལས་བརྒྱུད་པ་དང་། མཁའ་འགྲོ་སྙིང་ཐིག་ལས་འབྲེལ་རྩལ་གྱི་གཏེར་མ་སྟེ་རྫོགས་ཆེན་གྱི་ཁྲིད་ཆེན་གཉིས་པོ་འདི། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་ཞབས་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུའང་ཕྱག་ཆེན་སོགས་མན་ངག་གཞན་དང་མ་འདྲེས་པའི་རྫོགས་ཆེན་གྱི་རང་སྐད་ཇི་ལྟ་བའི་བཤད་སྲོལ་དང་ཉམས་མྱོང་སྐྱེད་རིམ་གྱི་རྒྱུན་ཡང་མ་ཆད་ཙམ་ལས་དར་རྒྱས་ཆེ་བ་ནི་མི་འདུག་ལགས། ཡང་། གསར་རྙིང་མན་ངག་གང་དང་གང་ལ་བརྟེན་ནས་གྲུབ་པ་བརྙེས་པའི་གང་ཟག་དེང་སང་ཅི་འདྲ་ཡོད་ཕེབས་པ། ལར་དུས་ཀྱི་འགྱུར་བས་བཤད་སྒྲུབ་ཀྱི་བསྟན་པ་ཐམས་


MLP013_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཇེ་ཞན་དུ་འགྲོ་བ་ཆོས་ཉིད་ལགས་པ་ནས། ཕྲན་བུ་གཞོན་དུས་སུ་གསར་མ་ལ་གནས་སར་བ་དང་། ཞ་ལུ་མཁན་ཆེན་སོགས་ས་ལུགས་ཀྱི་མཁས་གྲུབ་བཤད་སྒྲུབ་ཀྱི་བདག་པོ་འགའ་དང་། ཇོ་ནང་པ་དང་། ཀར་འབྲུག་སོགས་ལའང་རི་ཚུགས་ཟིན་ཅིང་སེམས་གནས་དང་། རླུང་སྦྱོར་ཆགས་ལམ་སོགས་ལ་ནུས་པ་རྗེས་མཐུན་ཙམ་ཐོབ་པའི་རྟོགས་ལྡན་ཚད་ལྡན་དུ་མ་དང་། རྙིང་ལུགས་ལ་ཡང་། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། གོང་ལོ་གཞན་ཕན་རྡོ་རྗེ། ཀོང་པོ་རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཐང་འབྲོག་པ་པདྨ་ལེགས་གྲུབ། རོང་པ་རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། བདག་ཚོའི་ཡབ་རྗེ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ་སོགས་ཏེ་དེ་ཐམས་ཅད་རྫོགས་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཤིང་གཞན་ལ་འཆད་མཁས་པ་ཤ་སྟག་ལགས་ཤིང་། དེའི་ནང་ནས་ཀྱང་རྫོགས་ཆེན་རང་སྐད་ལ་ཀོང་པོ་རྫོགས་ཆེན་པ་ཕྲིན་ལས་རྒྱ་ཆེ་བས་ཁོང་གི་སློབ་མ་བྱ་བཏང་སེམས་གནད་དང་། རླུང་ཐིག་ཐོད་རྒལ་གྱི་འཆར་སྣང་སོགས་རྫོགས་རིམ་གྱི་ཡོན་ཏན་རྗེས་མཐུན་རྫོགས་པ་ཤེལ་བྲག་པ་ཡེ་ཤེས་ཕུན་ཚོགས། དམ་པ་ཀློང་ཡངས་འོད་གསལ་སོགས་མང་དུ་བྱུང་ནའང་། ད་ལྟའི་སྐབས་ཡེ་ཤེས་ཕུན་ཚོགས་ཀྱི་སློབ་མ་པདྨ་མི་བསྐྱོད་ཟེར་བ་ཞིག་གཙང་ན་ཡོད་འདུག་པ་གྲགས་ཆེ་བར་སྣང་ཡང་དོན་གནས་ཇི་བཞིན་མ་ངེས་ཤིང་། རང་རེའི་མངོན་གྱུར་གྱི་སྐྱེས་བུ་ལ་རྫོགས་ཆེན་གྱི་གསན་རྒྱ་ཉམས་རྟོགས། འཆད་པའི་ཕྲིན་ལས་ཐམས་ཅད་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་ལས་ལྷག་པ་ཞིག་ད་ལྟའི་སྐབས་ཕྱོགས་གང་ནའང་མེད་པ་འདྲ་ཞིང་། གཞན་ཡང་རྫོགས་པ་ཆེན་པོའི་དབང་ཁྲིད་ཡིད་ཆེས་སུ་གསན་ནས་ཚིག་དོན་འབྲེལ་ཆགས་ཀྱིས་འཆད་སྤེལ་བརྡ་སྦྱོར་ནུས་ཙམ་པ་ཀོང་པོ་ཐང་འབྲོག་སྤྲུལ་སྐུ། འཕྱོངས་རྒྱས་དཔལ་རི་སྤྲུལ་སྐུ། གཙང་ནས་བྲེས་པ་སྤྲུལ་སྐུ་སོགས་དང་། ཁམས་པ་མེ་རག་བླ་མ་མཆིམས་ཕུར་བཞུགས་པའང་རྫོགས་ཆེན་ལ་ཉམས་མྱོང་དང་འཆད་པའི་ཕྲིན་ལས་ཆེ་བ་ཙམ་འདུག །འདི་ཁའི་མཁན་པོ་ལོ་ཆེན་ཡང་སྙིང་ཐིག་ཡ་བཞི་སོགས་རྫོགས་ཆེན་ཐོབ་རྒྱ་ཆེ་བ་དང་། གོ་དོན་བཟང་བས་འཆད་སྤེལ་ནུས་ཙམ་དང་། ཤངས་


MLP013_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། ཞི་བྱེད་སོགས་ཀྱང་འཆད་པ་མ་སྡུག་ཙམ་ཡོད་ལགས་ནའང་། དེང་སང་སྐྱེ་བོ་ཐམས་ཅད་ཆོས་ལ་དོན་གཉེར་ཆུང་ཞིང་། གང་བྱེད་དེའང་འདོད་ཐག་ཉེ་བས་ཡུན་ཐུང་བ་ལ་སྙིང་པོར་བྱེད་པའི་ཕྱིར་ཁྲིད་ཆུང་ཐན་ཐུན་ཙམ་གྱི་འཆད་ཉན་དང་། དེ་ཡང་ཞག་དུས་སྤར་བའི་འཆད་བློ་དང་ཞུ་བློ་ཙམ་ལས་སེམས་ཀྱི་གཞི་རྩ་ཆོད་པའི་འཆད་ཉན་ནི་མེད་པ་ལྟ་བུ་དང་། ཁྱད་པར་སེམས་ཀློང་རྣམ་གཉིས་དང་། སྙིང་ཐིག་རྣམ་གཉིས་ཀྱི་ཁྲིད་བཀའ་སོགས་ནི་ཧ་ཅང་དར་བ་རང་ཡང་མི་འདུག་ཅིང་། གཞན་སྦས་ཚུལ་འཛིན་པའི་ཉམས་མྱོང་ཅན་གྱི་གང་ཟག་དེ་འདྲ་ཡང་མེད་པའི་མཐའ་མ་བཀག །གསར་མར་སྦྱོར་བ་ཡན་ལག་དྲུག་པ་ལས་སོར་སྡུད་བསམ་གཏན་གཉིས་ཀྱི་རྟགས་སྣང་ཤར་བ་ཇོ་ནང་པའི་བརྒྱུད་འཛིན་མུས་ཐ་གོང་པ་བློ་གྲོས་རྒྱ་མཚོ་བྱ་བ་ད་ལྟ་བཞུགས་ཤིང་། ཤངས་ལུགས་ལ་བྱ་རྒོད་ཨ་ལ་ཕུག་ཏུ་ཆོས་སྐྱོང་རྒྱལ་མཚན་བྱ་བ་སྤྱིར་ཕྱག་རྫོགས་གཉིས་དང་། ཁྱད་པར་ཤངས་ལུགས་ལ་ཆེས་འདྲིས་ཤིང་ཉམས་རྟོགས་ཀྱི་ཡོན་ཏན་གྱིས་ཀྱང་བརྒྱན་པ་ཞིག་བདག་ལས་ལོ་གཉིས་ཀྱིས་གཞོན་པའི་ས་ཕོ་བྱི་བ་ལོ་པ་ཡིན་ཡང་ཁོང་སྦས་ཡུལ་མཁན་པ་ལུང་དུ་གཤེགས་ནས་ད་ལོ་བཅུ་བདུན་ཙམ་སོང་། ད་ལྟ་ཞི་བྱེད་གཅོད་ཤངས་ལུགས་སོགས་དབང་ཁྲིད་ལུང་གསུམ་རྒྱུན་མ་ཆད་ཙམ་དང་། ལམ་འབྲས། རིམ་ལྔ། ཕྱག་ཆེན་སོགས་གྲུབ་མཐའ་སོ་སོའི་སྡེ་དགོན་རྣམས་སུ་འཆད་སྲོལ་མ་ནུབ་པར་སྣང་ཡང་ཉམས་མྱོང་གིས་བརྒྱན་པ་གང་ཟག་ཁྱད་པར་ཅན་རེ་གཉིས་ཙམ་ལ་མཐའ་མ་བཀག་མོད། ཤས་ཆེ་བ་གྲ་སའི་འཆད་ཉན་སྤྱི་སྲོལ་ལྟར་བཤད་བློ་སྒོམ་བློ་ཙམ་ལས་གནད་དུ་འགྲོ་བ་དཀའ་བར་མཆིས་ལགས་ཤིང་། ལར་ནས་གྲུབ་པ་ཐོབ་པ་ཡོད་དུ་གྱུར་ནའང་། སེམས་ཅན་སྤྱི་མཐུན་གྱི་སྐལ་བར་མ་འཚམས་པའི་དུས་དབང་གིས་གྲུབ་རྟགས་མངོན་གྱུར་བ་ནི་ཆེས་དཀའ་སྟེ། དཔེར་ན། སྔར་ཆུ་བོ་གངྒཱ་དང་། ཡ་མུ་ནའི་བར་ན་ཡོད་པའི་ཡུལ་ཨནྟར་བྷི་དི་བྱ་བར་བྱུང་བའི་ཀླ་ཀློའི་རྒྱལ་པོ་ཟླ་བས། མ་གྷ་དྷའི་རྒྱལ་པོའི་ཕོ་ཉ་དགེ་སློང་འགའ་རེས་བྱས་པས་རྐྱེན་བསླང་སྟེ་ཡུལ་གཞན་གྱི་ཀླ་ཀློའི་རྒྱལ་ཕྲན་མང་པོ་དཔུང་དུ་སྦྲན་ནས་མ་གྷ་དྷའི་ཡུལ་བཅོམ་ཞིང་ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་བ་མང་
པོ་བསད་དུས། ཤཱཀྱ་ཤྲཱི་རེ་ཞིག་ཨོ་ཊི་བི་ཤར་བྲོས་ལ་དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན། རཏྣ་རཀྵི་ཏ་བལ་པོར་བྲོས། ཛྙཱ་ན་ཨཱ་ཀ་ར་གུཔྟ་སོགས་པཎ་ཆེན་འགའ་དང་། པཎ་ཆུང་བརྒྱ་ཙམ་རྒྱ་གར་ལྷོ་ནུབ་ཏུ་བྲོས། བུདྡྷ་ཤྲཱི་མི་ཏྲ་དང་། བཛྲ་ཤྲཱི་སོགས་པཎ་ཆུང་མང་པོ་དང་བཅས་ལྷོ་ཕྱོགས། སཾ་གྷ་ལ་ཤྲཱི་ཛྙཱ་ན། ར་བི་ཤྲཱི་བྷ་དྲ། ཙནྡྲ་ཀ་ར་གུཔྟ་སོགས་པཎ་ཆེན་བཅུ་དྲུག་ཙམ་དང་པཎ་ཆུང་ཉིས་བརྒྱ་ཙམ་ཤར་ཕྱོགས་སུ་བྲོས་པ་སོགས་ཀྱིས་མ་གྷ་དྷར་བསྟན་པ་ནུབ་པ་ལྟ་བུར་གྱུར་དུས། ལྟ་སྟངས་གྲུབ་པ་སོགས་གྲུབ་པ་ཐོབ་པ་མང་དུ་བཞུགས་ཀྱང་། སེམས་ཅན་སྤྱི་མཐུན་གྱི་ལས་ལ་བཟློག་ཐབས་མ་བྱུང་ཞེས་གྲགས་པ་ལྟར་ལགས་ཤིང་། ལར་ནས་རྒྱལ་བའི་བསྟན་པའི་གནས་ཚད་ཡོངས་གྲགས་ལྟར་གནས་པའི་དབང་དུ་བྱས་ཏེ། འདས་ལོ་ཕུག་ལུགས་དང་བསྟུན་ནས་བརྩིས་ན་སྔར་ཕན་འབྲས་བུའི་དུས་གསུམ་དང་། སྒྲུབ་པའི་དུས་ལས་ཤེར་ཏིང་གཉིས་དང་། ཚུལ་ཁྲིམས་ལས་གྱ་དྲུག་ཙམ་འདས་ཤིང་། ད་ཕྱིན་ཚུལ་ཁྲིམས་ཀྱི་འཕྲོ་དང་། ལུང་གི་དུས་གསུམ་དང་། རྟགས་ཙམ་འཛིན་པ་སྟེ། ལྔ་བརྒྱ་ཕྲག་ལྔར་ཉེ་བ་ཙམ་ཡོད་པར་གསུང་ནའང་། དེང་སང་གི་བསྟན་པའི་དར་ནུབ་ལ་བལྟས་ན། བླ་ཁག་ཆེ་ཞིང་གྲངས་མང་ལ་རགས་པ་རྣམས་སུའང་སྙིང་པོའི་བསྟན་པ་ཧ་ཅང་མི་གསལ་ན། སྔོན་ཞུས་ལྟར་གྱི་རྙིང་མ་བ་ཉུང་ངུ་ཙམ་འདི་ནི་ད་ལྟའི་སྐབས་ནུབ་མ་རག་ལ་ཐུག་པ་ཞིག་འདུག་ལགས་པ་དམ་པ་ཉིད་ཀྱི་ཚད་མེད་པའི་ཐུགས་རྗེ་ཆེན་པོས་རྒྱུན་མི་ཆད་ཙམ་གྱི་དགོངས་པ་མངོན་དུ་བཏོད་པ་ཞིག་གསོལ་བ་འདེབས་པ་ལགས།

གསེར་ཟངས་ནས་བྱ་བཏང་འགྱུར་མེད་ཀློང་གྲོལ་གྱི་དྲི་ལན།


MLP013_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསེར་ཟངས་ནས་བྱ་བཏང་འགྱུར་མེད་ཀློང་གྲོལ་གྱི་དྲི་ལན་དུ། ཕྱག་བྲིས་བུ་ཡིག་ཏུ་མཛད་པ་རྣམས་ཀྱི་དོན་ཡིད་ལ་སིམ་པ་བྱུང་། དེ་ཡང་སངས་རྒྱས་སྒྲུབ་པའི་ཉེ་བར་ལེན་པའི་རྒྱུ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོའམ། གཞི་གནས་ཀྱི་རིག་པ་ཞེས་གྲགས་པ་དེ་ཡིན། ལྷན་ཅིག་བྱེད་པའི་རྐྱེན་ནི་སངས་རྒྱས་ཀྱི་བྱིན་རླབས་ཡིན་ཞིང་། བྱིན་རླབས་དེ་རང་རྒྱུད་ལ་འཇུག་པའི་ཉེར་ལེན་ནི་མོས་གུས་ཁོ་ན་ལ་རག་ལུས། དེས་ན་རང་ལ་དངོས་སུ་སྣང་བའི་སངས་


MLP013_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ནི་བླ་མ་ཉིད་ཡིན་ཞིང་། བླ་མ་དེ་ལ་མོས་གུས་སྐྱེ་ཚུལ་ནི། རང་རྒྱུད་ལ་རྟོགས་པ་ཇེ་བཟང་དུ་སོང་རིམ་བཞིན་མཐོང་ཚུལ་དེ་བཞིན་དུ་འབྱུང་བ་ཡིན། དཔེར་ན་མཁྲིས་ནད་ཅན་ལ་དུང་སེར་པོ་སྣང་བ་བཞིན་རང་རྒྱུད་ཉོན་མོངས་ཀྱིས་གང་བའི་ཚེ་བླ་མ་ལ་ཡང་ཐ་མལ་པ་དང་། སོ་སྐྱེ་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པ་ཙམ་དང་། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་སུ་མཐོང་བར་འགྱུར་ཞིང་། དེའི་ཚེ་དེ་དང་དེའི་བྱིན་རླབས་ཀྱི་འཇུག་ཚུལ་ཡང་མཐུན་པར་འབྱུང་བ་ཡིན་པས་ན། ངེད་ལ་གཞན་རྒྱུད་བྱིན་གྱིས་བརླབ་ནུས་པའི་ཡོན་ཏན་མ་མཆིས་ཀྱང་། ཁྱེད་རང་གི་རྒྱུད་དག་པའི་ངོ་ན་ཇི་ལྟར་མཐོང་ཞིང་མོས་གུས་སྐྱེས་པ་དེ་དང་མཐུན་པའི་བྱིན་རླབས་འཇུག་པ་ནི་མཐའ་མ་བཀག་སྟེ། སངས་རྒྱས་ཉིད་ཀྱིས། ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་ཀྱི་ཚུལ་བཟུང་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་བཞིན་ཡིན་པས་ཁྱེད་རང་གི་མོས་འདུན་བཞིན་དུས་རྟག་ཏུ་བྱིན་གྱིས་རློབ་པའི་སྨོན་ལམ་ནན་ཏན་དུ་བྱེད་པ་ཡིན། ནུབ་མོ་གཉིད་ལ་དུས་ཚོད་ཤེས་པ་ཡང་གཉིད་དགེ་སྦྱོར་དུ་འདྲེར་ཉེ་བ་ཡིན། གཉིད་ཀྱི་གནས་སྐབས་ཉིད་དུ་འོད་གསལ་དང་རྨི་ལམ་ལྷ་སྐུར་སྦྱོང་བ་ལ་ནན་ཏན་མཛད་པས་ཉིན་མཚན་རིས་མེད་དགེ་སྦྱོར་དུ་འགྲོ་བ་ཡོང་། དབེན་པ་བསྟེན་པའི་ཚེ་དགེ་སྦྱོར་རྩལ་ཆེ་ཞིང་། མི་སོགས་དང་འཕྲད་སྐབས་དགེ་སྦྱོར་བྱིང་རྒོད་ཀྱི་དབང་དུ་འགྲོ་བ་དེ། དཔེར་ན་ནགས་རི་ལ་མེ་ཤོར་ན་རླུང་གྲོགས་སུ་འགྱུར་ཡང་། མེ་སྟག་ཕྲ་མོའི་དུས་རླུང་གིས་གནོད་པ་བཞིན་ད་དུང་རྐྱེན་དང་དགེ་སྦྱོར་བསྲེ་དགོས་པ་ཡིན། དེ་ཡང་དགེ་སྦྱོར་ལ་གནོད་པའི་རྐྱེན་གང་དམིགས་པ་དེའི་ངོ་བོ་ལ་བལྟས་ཚེ་ལྟ་རྒྱུ་དང་བལྟ་མཁན་གཉིས་སུ་འདུག་ན་དེས་བདེ་སྡུག་གི་སྣང་བ་འདྲེན་ཅིང་། དེ་ལ་བརྟེན་ནས་ཆགས་སྡང་ཡང་འདྲེན་པས། བདེ་སྡུག་གང་ཤར་དེ་ཀའི་ངོ་བོ་ལ་བལྟས་པས་རང་རིག་སྤྲོས་བྲལ་དུ་ཤར་ནས་ངོ་བོ་ལ་སྒྲོ་འདོགས་ཆོད་པར་འགྱུར། ཡང་སྣང་ཐོག་ཏུ་མ་བདེ་ན། སེམས་ཀྱི་ངོ་བོ་ནི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ན། མཚན་ཉིད་མཚོན་པར་བྱེད་པ་ནི་ལམ་མེར་སྣང་བའི་སྣང་བ་འདི་ཡིན་པས། དེའི་ངོ་བོ་ལ་བལྟས་


MLP013_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྣང་བ་ཕྱིར་མ་ལུས་རིག་པ་ནང་དུ་མ་ལུས་པའི་སྣང་སྟོང་ཟུང་འཇུག་ཏུ་འཆར། དེའི་ཚེ་སེམས་ཀྱི་ངོ་བོ་སྐྱེ་འགག །རྟག་ཆད། གནས་འགྱུ་ཡུལ་ཡུལ་ཅན་གང་དུའང་མ་གྲུབ་པའི་རིག་པ་རྗེན་པ་ཧྲིག་གེ་བ། དེ་ཀའི་ངང་ཡེངས་མེད་དུ་བསྐྱངས་པས་བོགས་འཐོན་པར་མ་ཟད། གཪྴ་སོགས་ཕྱི་རོལ་གནས་ཆེན་དེ་དག་ཏུ་བྱོན་པས་ནང་གི་དགེ་སྦྱོར་ལྷོངས་པའི་རྐྱེན་སྣ་ཚོགས་སུ་འཆར་བ་སྲིད་ཀྱང་། ཤར་བ་ཉིད་ལ་རེ་དོགས་དང་དགག་སྒྲུབ་མེད་པའི་རིག་པའི་ངོ་བོ་རང་ངོ་སྤྲོས་བྲལ་འཛིན་མེད་དུ་བསྐྱངས་པས་བོགས་འཐོན་པར་འགྱུར་ཞིང་། གཉན་ས་དུར་ཁྲོད་སོགས་སུ་ཡང་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ལྟ་བས་མ་ཟིན་ན་ནི་གཅོད་ཀྱང་གནད་དུ་མི་འགྲོ། དེས་ཟིན་ཕྱིན་དགེ་སྦྱོར་གྱི་བོགས་སུ་གང་འཐོན་པ་དེ་ཀ་ལ་ཉམས་ལེན་མཛད་པ་འགབ། ལྷ་འདྲེ་སོགས་ལ་གཅོད་ཡུལ་ལམ་དུ་མ་སོང་བར་མི་དང་རང་ལུས་ཀྱི་འཚོ་ཐབས་ཁྱད་གསོད་སོགས་ལམ་དུ་འགྲོ་དཀའ་བས། ཆོས་སྒྲུབ་པའི་རྟེན་འདི་འཚོ་ཞིང་གནས་པའི་ཐབས་ལ་འབད་པ་ཁོ་ན་ལེགས་པ་ཡོང་། སྤྱིར་དགེ་སྦྱོར་གྱི་ཉམས་རྟོགས་དེ་ཙམ་དུ་སླེབ་ནས་རྣམ་གཡེང་གི་རྐྱེན་གང་དམིགས་དགེ་སྦྱོར་གྱི་གནད་ཀྱིས་ཟིན་པར་བྱས་པས་ཉིན་སྣང་དགེ་སྦྱོར་དུ་འདྲིལ་བ་བཞིན་མཚན་མོའི་གཉིད་དང་རྨི་ལམ་ཡང་དགེ་སྦྱོར་དུ་རིམ་གྱིས་འགྱུར་བ་ཡིན། འདི་དག་གི་གནད་རྣམས་ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་གི་སྐབས་སུ་སྨོས་པ་དེ་ལ་གཟིགས་པས་ཁྲོལ་བར་འགྱུར། གདམས་ངག་མགུར་མའི་ཚུལ་དུ་བརྗོད་པ་འདི་ཐུགས་ལ་འཕྲོད་པ་ཡོང་རྩིས་ཡིན། ཉིད་ཀྱི་ཕུ་བོ་སྡིག་པའི་ལས་ལ་འགྱོད་སྡོམ་གྱི་བསམ་པ་ལྡན་པ་ནི་རྗེས་སུ་ཡི་རང་། ད་སྔ་བྱས་ལ་འགྱོད་པས་ཕྱིན་ཆད་རང་དབང་འདུས་ཕྱིན་སྡིག་པ་སྤོང་བར་གདམས་དགོས་པ་སྐྱེས་བུ་དམ་པ་དང་འཕྲད་པའི་དགོས་པ་ཡིན། དམ་རྫས་གཏེར་མ་ཁྲོལ་ཆེན་མི་སྣང་ཡང་གལ་ཆེ་གཤིས་འདི་ལྟར་ཕུལ་ཡོད། ངེད་རང་གི་བདུད་རྩི་དང་དྲི་ཆུའི་ཟན་ཡང་བཞེད་པ་བཞིན་ཕུལ་བ་དང་། ཉིད་ཀྱི་ཡབ་དང་ཞང་པོས་མཚོན་པའི་འབྲེལ་ཐོགས་ཐམས་ཅད་ཀྱང་སྨོན་ལམ་གྱི་འབྲེལ་པ་ཅན་དུ་བསམ་པས་སྐྱབས་འཇུག་དམིགས་ཁོངས་ནས་མ་བོར་བ་ཅིས་ཀྱང་བྱེད་ཅིང་། དེ་ཕྱོགས་ཐག་རིང་བ་ལས་ཀྱང་རིང་པོར་སོང་བས་ཁས་
ཉེ་འདི་ཕྱོགས་སུ་འབྱོན་ཐུབ་པ་དཀའ་ཡང་། ཉམས་ལེན་གྱི་གནད་ལ་འབྱོན་བཞུད་ཀྱི་རྐྱེན་ཁས་མི་འཕྲོག་པ་ཞིག་རྩིས་ཁྱུར་བཅུག་ནས་འཕྲལ་གྱི་སྤྱོད་ལམ་ཡང་ལུས་ཀྱི་འཚོ་ཐབས་ལ་འགལ་རྐྱེན་དུ་མི་འགྲོ་བ་གལ་ཆེ་ཞིང་། ཚུལ་དེ་ལྟ་བུས་འཆོས་བཞིན་པའི་རྣམ་ཐར་བླ་མ་དང་གདམས་ངག་ལ་ཡིད་ཆེས་པས། དེ་ཉིད་ཀྱི་ཉམས་ལེན་ལ་བརྟེན་ནས་རང་ལ་རང་ཡིད་ཆེས་པ་ཞིག་མཛད་པས་དོན་རང་སེམས་སྤྲོས་བྲལ་གྱི་དབྱིངས་ན་ངེད་ཀྱི་ཤེས་རྒྱུད་ཀྱང་རྣམ་དབྱེ་དང་འདུ་འབྲལ་མེད་པའི་ཚུལ་དུ་བཞུགས་པ་དེ་ཀ་ཡིན་མོད། དེ་ཡིན་ཕྱིན་བླ་མ་ཕྱི་ནས་འཚོལ་འདོད་ཀྱང་རྣམ་རྟོག་གི་རྣམ་འགྱུར་ཡིན་ཡང་མི་རིང་བ་ངོས་འཕྲད་ཀྱི་བཞེད་པ་འགྲུབ་པ་ཡང་སྨོན་པ་ཅིས་ཀྱང་བགྱིད་པ་ཡིན། མིང་དང་ཡུལ་གྱི་སྤྲོས་པའི་རྣམ་འགྱུར་ཀུན། །རེ་དང་དོགས་པ་གཉིས་ཀྱི་མཐའ་བསལ་ནས། །མཉམ་ཡངས་ཁྱབ་གདལ་ཆེན་པོའི་གུ་ཡངས་ལ། །བདེ་བར་ངལ་གསོ་མཛོད་ཅིག་སྐལ་བ་ཅན། །ཞེས་ཀྱང་སྨྲས་སོ། །

ཉང་པོ་གྲུ་གྲྭ་ཚང་གི་སློབ་དཔོན་པའི་དྲི་ལན།


MLP013_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཉང་པོ་གྲུ་གྲྭ་ཚང་གི་སློབ་དཔོན་པའི་དྲི་ལན་དུ། ཕྱི་ནང་གསང་བའི་ཕོ་ཉ་མཆོག་འབྲིང་ཐ་མ་གསུམ་གྱི་རྣམ་གཞག་འདི་ནི་བདེ་མཆོག་སོགས་མ་རྒྱུད་ཀྱི་ཆོས་སྐད་ཁྱད་པར་བའི་རྐང་ལྟ་བུ་ཡིན་པས་རྒྱུད་འགྲེལ་དང་སྒྲུབ་ཐབས་ཀྱི་རྣམ་བཤད་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ལས་མཁྱེན་དགོས་ཤིང་། ངོ་བོ་གསང་བའི་ཕོ་ཉ་ནི། རང་སེམས་གསལ་སྟོང་ཟུང་འཇུག་ཕྱི་ནང་གི་ཕོ་ཉ་ལ་སོགས་པ་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་བརྗོད་པའི་མཐའ་ལས་འདས་པ་དེ་ཁོ་ན་ཡིན་པ་ཁྱོད་རང་གསུངས་པ་ལྟར་ཡིན་འདྲ་བ་ཚར་ཆེན་ཆོས་རྗེས། ཁྱོད་ནི་སེམས་ཉིད་སྟོང་པའི་རང་རྩལ་ཏེ། །རྡོ་རྗེའི་གྲོང་ན་ཨེ་ཡིག་ཝཾ་གྱི་དངོས། །ཞེས་པས་ཚིག་གིས་སེམས་ཉིད་གསལ་སྟོང་ཐབས་ཤེས་ཨེ་ཝཾ་ཟུང་འཇུག་གི་སྒྲས་མཚོན་པ་དང་། དེ་ལྟ་བུའི་ཆོས་ཉིད་ཁྱབ་བྱེད་དེ་ཕྱི་ནང་གི་ཕོ་ཉ་མཆོག་འབྲིང་ཐ་མའི་ཁྱབ་བྱ་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པའི་ཕྱིར་དེ་དང་དེ་ལ་ལྟོས་པས་མཆོག་འབྲིང་གི་དབྱེ་བས་མཚོན་པར་ནུས་ཤིང་། གསང་བའི་ཕོ་ཉ་དེའི་གནས་ལུགས་ལྷན་ཅིག་སྐྱེས་པའི་
ཕོ་ཉ་མོའི་འདུ་བ་ལ་བརྟེན་ནས་དག་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཚུལ་ཏེ། དེ་ཡང་སྔགས་སྐྱེས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ལ་བརྟེན་པའི་སྔགས་ཀྱི་སྤྱོད་པ་དེས། ཕྱིའི་གནས་ཡུལ་དེར་རྒྱུས་པས་དེའི་ཕོ་ཉ་མོའི་འདུ་བ་ཐོབ་པའི་རྐྱེན་དང་ནང་ལུས་གནས་ཉེར་བཞིའམ་སུམ་ཅུ་སོ་བདུན་སྔགས་ཀྱི་སྐུར་གྱུར་པ་ན་རིམ་བཞིན་ཐུན་མོང་དང་རིག་པ་འཛིན་པའི་གོ་འཕང་རྣམས་ཐོབ་པར་སྣང་ངོ་། །

ཐུ་བཙུན་བློ་བཟང་བཟོད་པའི་དོགས་སེལ་ལན།


MLP013_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐུ་བཙུན་བློ་བཟང་བཟོད་པའི་དོགས་སེལ་ལན་དུ། སྐྱབས་ཡུལ་རང་ལ་བསྟིམ་པས་རང་དང་གཉིས་མེད་ཁྱབ་གདལ་འཛིན་ཞེན་མེད་པའི་ངང་དུ་རང་བབས་སུ་བཞག་པ་ལས། འགྱུ་བ་ལ་ལྟོས་ནས་གནས་པ་ལྟ་བུའི་གནས་པ་ལྟེང་ལྟེང་པོ་དེ་ནི་གནས་པ་མཚན་ཉིད་པ་ནི་མ་ཡིན་ལ། མཚན་ཉིད་པ་ནི་གནས་འགྱུ་ལྟོས་བཞག་ཅན་མ་ཡིན་པ། ཕྱི་ཚོགས་དྲུག་དང་ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་། སྐྱེ་འགག་རྟག་ཆད་གང་གི་ཡང་ཕྱོགས་སུ་མ་ལྷུང་པའི་གནས་མེད་ཀྱི་གནས་པ། ཅི་ཡང་མ་ཡིན་པའི་ཤེས་པ་གུ་ཡངས་ཆད་དེ་བ་ཇི་ལྟ་བ་བཞིན་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་དེ་ལ་ལྷུན་གྲུབ་ཀྱི་གནས་པ་ཟེར། དེ་ལ་བརྟེན་ནས་ལུས་ཡང་བ་དང་། ཀླད་པ་ལྕི་བེམ་དང་། ལུས་རང་བཞིན་གྱི་ལྷོད་སོང་བ་ལྟ་བུའམ། ཡང་ན་ཡོམ་ཡོམ་ཡོད་པ་དེ་ལ་ཡེ་ཤེས་ཀྱི་ཆོས་ཅན་གྱི་ལུས་ཤིན་ཏུ་སྦྱངས་པ་ཟེར། ཤིན་སྦྱངས་འདྲེན་ཐུབ་པའི་ཞི་གནས་མཚན་ཉིད་པ་ཡིན་ལ། དེ་ཡང་ཚོགས་དྲུག་གང་ཤར་གྱི་སྟེང་དུ་བསལ་བཞག་མེད་པར་བཞག་པ་དེ་ལས་ཁ་ནང་དུ་ལོག་ནས་གནས་པ་དེའི་ངོ་བོ་ལ་བལྟས་པས། བལྟ་མཁན་གྱིས་སླེབ་རྩ་ན་བལྟ་ཡུལ་དེ་འགགས་ནས་མེད་ཀྱང་འཛིན་སྟངས་དེ་ལོག་འགྲོ་བ་ཡིན་ལ། དེས་ན་གནས་ན་གནས་པའི་ངོ་བོ་ལ་བལྟ། འཕྲོ་ན་འཕྲོ་བའི་ངོ་བོ་ལ་ཁ་ནང་དུ་ལོག་ནས་བལྟས་པས། བལྟ་རྒྱུ་མེད་བཞིན་དུ་རིག་བྱ་རིག་བྱེད་ཐམས་ཅད་དང་བྲལ་བའི་ཆོས་ཟད་བློ་འདས་ཀྱི་རིག་པ་རྗེན་པ་དེ་ཉིད་བཅོས་བསླད་མེད་པ་རང་སོར་གློད་ནས་དྭངས་ཕྱིན་པ་གསལ་ངར་དང་བཅས་ཏེ་བསྐྱངས་པས། རང་བཞིན་བར་མེད་ཀྱི་བསམ་གཏན་ལ་ངང་གིས་
གནས་ཤིང་། འདི་དུས་རྟོག་པ་ལྟར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་པས་གཟུང་འཛིན་གྱི་འབྲེལ་ཆད་པའི་རིག་པ་རང་ས་ན་གསལ་ཞིང་མི་གཡོ་མོད་རྐྱེན་གྱིས་བསླང་ནས་དུག་ལྔ་ལྟ་བུར་རམ་རམ་ཤར་དུས་ཐད་ཀ་ན་རིག་པ་མ་གཏོགས་མེད་པས་ངོ་རྗེན་པར་བཟུང་དུས་ཡེ་ཤེས་ལྷག་པར་གསལ་བས་ཤེས་པའི་སྟེང་དུ་སྤང་གཉེན་གྱི་ཆོས་ཐམས་ཅད་རང་རིག་ཏུ་གྲོལ་བ་ཡིན། དེ་ཡང་འཕྲོ་འདུ་མེད་པའི་དུས་ཀྱི་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་བྱེད་པ་མ་ཡིན་གྱི། འདིའི་དུས་ཀྱི། རིག་གེ །སིང་ངེ་བའི་གསལ་དྭངས་ཀྱི་རིག་པ་རྗེན་པ་དེ་ཡེངས་མེད་ཕྱལ་ལེ་སྐྱོང་བ་ཡིན་ནོ། །ཡང་། རིག་པ་ཡུལ་ལ་ཤར་དུས་གང་ཤར་ལ་ལྟ་བ་དེ་ལས་ན་འཕོས་པའི་རིག་པ་གསལ་རྗེན་རྗེན་པའི་ཚེ་དེ་མ་ཡེངས་པར་བྱས་པས་ཀ་དག་གི་གནས་ལུགས་ཇི་བཞིན་པ་ཡིན་ཞིང་། དེ་ཡང་བརྟན་པ་མ་ཐོབ་བར་དུ་གོང་དུ་སྐྱབས་ཡུལ་བསྟིམས་རྗེས་ཀྱི་སེམས་ཀྱི་བཞག་ཐབས་དེ་ནས་གཟུང་རིམ་པ་བཞིན་ཉམས་སུ་ལོན་ཚད་གོང་ནས་གོང་དུ་སྤོས་ཏེ་ཉམས་ལེན་ལ་ཆིག་དྲིལ་དུ་བརྩོན་པར་བྱས་པས། མདོ་དང་། ཕྱག་ཆེན། རྫོགས་ཆེན་སེམས་སྡེའི་མན་ངག་གི་ལམ་རྣམས་ཀྱི་གནས་ཉམས་འོག་ཏུ་ཆུད་པར་འགྱུར་ཞིང་། དེ་ལྟ་བུའི་ལྟ་བ་དེ་རྩལ་སྣང་མོས་གུས་དང་སྙིང་རྗེ་སོགས་ཐབས་ཀྱིས་བོགས་བཏོན་པས་ཆོས་དང་རང་རྒྱུད་འདྲེས་ནས་ཆོས་པ་མིང་དོན་མཚུངས་པར་འགྱུར་བའི་ཕྱིར་སྔར་བཞིན་གནས་སྐབས་ཀྱི་རྣམ་གཡེང་དང་། བྱ་བྱེད་ཉི་ཚེ་བས་མི་བྲིད་པར་སྒོ་གསུམ་དམ་པའི་ཆོས་ལ་གཏེ་ཕུར་འཛུགས་པ་ལ་ནན་ཏན་བྱས་པས་རང་བཞིན་གྱི་དོན་གཉིས་འབད་མེད་དུ་འགྲུབ་པར་འགྱུར་རོ། །

གྲྭ་ཚང་ཆེན་མོའི་གྲྭ་པ་དར་རྩེ་མདོ་པ་ཚངས་དབྱངས་ཕྲིན་ལས་ཀྱི་ལན།


MLP013_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༈ གྲྭ་ཚང་ཆེན་མོའི་གྲྭ་པ་དར་རྩེ་མདོ་པ་ཚངས་དབྱངས་ཕྲིན་ལས་ཀྱི་ལན་དུ། ཇི་ལྟར་ཕེབས་བཞིན་འཇམ་དཀར་གྱི་ལྗགས་བསྙེན་གནང་རྒྱུ་ཤིན་ཏུ་ལེགས་འདུག་ཅིང་། སྒྲུབ་ཐབས་འདི་ཉིད་མདོ་རྒྱས་འཚམས་ཤིང་ཞལ་གསལ་བ་འདུག་པས་མི་དགོངས་པའི་དཀའ་གནད་ཆེར་མི་སྣང་བས་ཞུ་འོས་མ་མཆིས་ཀྱང་། སྤྱིར་འདི་ཉིད་བྱ་རྒྱུད་ཀྱི་དབང་དུ་བྱས་པས་གཙང་སྦྲ་ལ་གནས་


MLP013_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞིར་བྱས་ནས། བཅའ་གཞི་ནི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་འབྲས་དཀར་སིལ་མ་བཀྲམ། ཐུན་མཚམས་སུ་འབུལ་རྒྱུའི་གཏོར་མ་དཀར་གསུམ་མངར་གསུམ་ལ་ཞིབ་དང་མར་དཀར་སྦྱར་བའི་རྒྱུ་ལས་མཆོད་གཏོར་དཀར་ཟླུམ་དེང་སང་གཏོར་ཅོག་ཏུ་གྲགས་པ་མཐེབ་ཀྱུ་བཞིས་བསྐོར་བ་རིན་པོ་ཆེའི་སྣོད་དུ་བཞག་པ་བཀོད། དེའི་མདུན་དུ་གཡོན་ནས་བརྩམས་ཏེ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་བྲེང་ཚར་དུ་བཤམས། གནས་ཁང་རང་དབང་འདུས་ན་དེ་དང་ཁ་སྤྲོད་ཀྱི་གདན་འོག་ཏུ་ཀུ་ཤ་བཀྲམ་པ་དང་། མདུན་དུ་དྲིལ་བུའམ་ཏིང་ཤག་ལྟ་བུའི་རོལ་མོ་དང་མཎྜལ་མེ་ཏོག་དང་བཅས་པའང་བཤམས། མཚམས་ལ་འཇུག་ཁར་གཞི་བདག་ལ་དཀར་གཏོར་བཏང་ནས་བར་ཆད་མི་འབྱུང་བའི་ཕྲིན་བཅོལ་དང་བགེགས་ལ་གཏོར་མ་བཏང་ནས་ཕྱིར་བསྐྲད། འདི་སྐབས་གཞུང་ན་གསལ་ཁ་མེད་ཀྱང་ཡི་དམ་གཤིན་རྗེ་གཤེད་ལྟ་བུའི་རིགས་མཐུན་གྱི་ཁྲོ་བོའི་ང་རྒྱལ་ལ་གནས་པར་མཛད་ནས་སྲུང་བའི་འཁོར་ལོ་ཡང་བསྒོམ། དེ་ནས་ཉམས་ལེན་དངོས་གཞི་ཐོ་རེངས། སྔ་དྲོ། དགོང་དྲོ། སྲོད་དེ་ཐུན་བཞིར་བྱེད། མཚམས་ལ་ཐོག་མར་འཇུག་སྐབས་དྲི་བཟང་གི་ཆུས་ལུས་རིལ་པོའམ་ཁ་ལག་ཙམ་འཁྲུ་བ་དང་། རྒྱུད་སྡེ་འོག་མ་ནས་ཉེ་རེག་ཅེས་ཁྲུས་ཀྱི་བྱ་བ་བྱེད་ཚུལ་ཁྱད་པར་བ་གསུངས་ཀྱང་འདིར་མི་མཛད་པ་འདུག །དེས་ན་ཐུན་སོ་སོའི་ཐོག་མར་བཙུན་པའི་ཆབ་ལེན་ལྟ་བུའི་ཕྱི་ཁྲུས་དང་། སེམས་དུག་གསུམ་གྱི་རྣམ་རྟོག་སྤངས་པའི་ནང་ཁྲུས་ཀྱིས་དག་པར་བྱས་ནས་སྐྱབས་འགྲོ་ནི། དེང་སང་ཡོངས་གྲགས་ཀྱི་ཆོས་སྤྱོད་ཀྱི་འགོར་ཡོད་པའི་བདག་དང་འགྲོ་བ་སོགས་ནས། བླ་མ་སངས་རྒྱས་ཆོས་དགེ་འདུན་བཞི་ལ་དམིགས་པའི་ཕྱིར་བཞི་སྐོར་གྱི་ཐ་སྙད་མཛད། བསྒྲུབ་བྱའི་ལྷ་ནི་སངས་རྒྱས་ཀྱི་ཁོངས་སུ་འདུ་བ་དང་། ཡང་ཇོ་བོ་རྗེས་མཛད་པའི་སངས་རྒྱས་ཆོས་ཚོགས་མ་འདིར་ཡང་སྐྱབས་སེམས་ཐམས་ཅད་འདུས་ཤིང་ཚིག་ཉུང་བ་དང་བྱིན་རླབས་ཆེ་བ་འདིས་ཀྱང་ཆོག །སེམས་བསྐྱེད་དང་ཡུལ་མཆོག་ལ་ཚོགས་བསོག་རྒྱུན་བཤགས། དམན་པ་ལ་ཚོགས་བསོག་ཚད་མེད་བཞི་ནི་འདི་ཁར་ས་ཁོངས་སུ་གནང་འདུག་པ་སྤྱིས་ཁོག་ཕུབས་པ་དེར་འདུག །དེ་ནས་དངོས་གཞི་སྟོང་ཉིད་དུ་


MLP013_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བ་སོགས་ནས་སྙིང་གའི་འཁོར་ལོ་ཡིག་འབྲུ་བསྒོམ་པའི་བར་ནི་དཀྱུས་བཞིན་ལས་ཁྱད་པར་སྙིང་རྩེ་མོ་གྱེན་བསྟན་པདྨ་འདབ་བརྒྱད་ཁ་འབུས་ཀྱི་རྣམ་པར་ཁ་བྱེ་བའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ་རྩེ་མོ་རྣོ་བ་ལེབ་ཆགས་གདན་ཐབས་སུ་གནས་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨ་དང་རྩིབས་དྲུག་ལ་མདུན་ནས་གཡས་བསྐོར་གྱིས་ཡི་གེ་དྲུག་ལངས་ཐབས་སུ་རེག་ལ་མ་འབྱར་བར་གནས་པ་དེ་ཡང་འཁོར་ལོ་གཡས་བསྐོར་དང་ཡིག་འབྲུ་གཡོན་དུ་འཁོར་བའི་རྐྱེན་གྱིས་འོད་ཟེར་དཀར་དམར་དུ་འཕྲོས་པས་མི་ཤེས་རྨོངས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་སངས་དག་པར་བསམ་པ་ཉིད་དམིགས་པའི་རྐང་ཡིན་པ་དང་། འཁོར་ལོ་དང་ཡིག་འབྲུ་བསྣོལ་མར་འཁོར་དགོས་པས་འཁོར་ལོ་གདན་ཐབས་ལ་འཁྲུལ་སོ་མེད། དེས་ན་ལྷ་སྐུ་སྙིང་གའི་འཁོར་ལོ་འོད་ཟེར་དང་བཅས་པ་འདི་ཁོ་ན་ལ་སེམས་གསལ་སྣང་གང་ཐོན་ཉིད་གཞིར་བྱས་ནས། དེ་ལྟ་བུའི་ཏིང་ངེ་འཛིན་དང་མ་བྲལ་བའི་ངང་ནས་བཟླས་པ་ལ་འཇུག་སྟེ། ཕྲེང་བ་ནི་བོ་དྷི་ཙེ་ལྟ་བུ་དང་། བཟླས་པའི་སྐབས་གཡལ། སྦྲིད་པ། འོག་རླུང་ཤོར་བ་སོགས་ལ་སྔགས་གྲངས་བསྐྱར་ལྡབ་ཀྱང་མཛད་དགོས་ཤིང་། གང་ལྟར་ཡང་ཐུན་བཞིའི་མཆོད་པ་བྱིན་རླབས་ཀྱི་ཐུན་གསུམ་གྱི་མཐར། མཆོད་ཡོན་དང་ཉེར་སྤྱོད་ཀྱིས་བདག་ལ་མཆོད་ཅིང་། ཐུན་མཚམས་ཐ་མ་ལྟ་བུའི་གང་འོས་གཅིག་ལ་བདག་བསྐྱེད་ཀྱི་ལྷ་མདུན་གྱི་ནམ་མཁར་ཕྱེ་བ་རང་ཉིད་ལ་ཞལ་ཚུར་གཟིགས་སུ་བཞུགས་པ་ལ་བཤམས་པའི་མཆོད་པ་རྣམས་རྣམ་འཇོམས་སམ་རྣམ་རྒྱལ་མ་ལྟ་བུའི་ཆོ་གས་བྱིན་གྱིས་བརླབས་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། མཎྜལ་ཚོམ་བུ་བདུན་མ་བཀོད། འཛམ་བུའི་གླིང་དང་གླིང་གཞན་རྣམས། །ཞེས་པའམ་ས་གཞི་སྤོས་ཀྱིས་བྱུགས་པས་ཕུལ་ཡང་རུང་། མཚན་བརྗོད་འདོན་པ་སྐབས་འདིར་མི་ལྕོགས་པས་བསྙེན་རྒྱབ་ལྟ་བུའི་གཞན་འདོན་མི་ཡོད་ན་བསག་ཏུ་གཞུག་པ་ལས་འོས་མེད། དེ་ནས་བསྟོད་པ་གང་འོས་ཀྱི་རྗེས་སུ་གཏོར་མ་ཡང་སྔར་བཞིན་བྱིན་གྱིས་བརླབས་པ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་མཉྫུ་ཤྲཱི་ཨེ་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་གསུམ་མམ་བདུན་གྱིས་ཕུལ། སླར་ཡང་
མཆོད་བསྟོད་བསྡུས་པ་ཞིག་བྱས་ནས་འདོད་དོན་ལ་གསོལ་བ་གདབ། ཡིག་བརྒྱས་ལྷག་ཆད་འགེང་བ་དང་ནོངས་པ་བཤགས། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པའི་ང་རྒྱལ་དུ་གནས་པས་གནས་གསུམ་དུ་འབྲུ་གསུམ་གནས་པས་ལུས་བསྲུང་། སྤྱིར་མ་ཏིའི་གཞུང་ན་བདག་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་མེད་པས། ལྷ་མདུན་དུ་དབྱེ་བ་མི་དགོས་པའི་ཕྱོགས་ཀྱང་འདུག །དེས་ན་མཆོད་པ་རྣམས་བདག་སྐྱེད་ལ་འབུལ་བ་ཡིན། འཛམ་བུ་གླིང་ཞེས་པའི་མཎྜལ་འདི་ཡང་། རིན་ཆེན་བདུན་ཀ་འབུལ་བའི་དབང་དུ་བྱས་ཀྱི། ཚིག་འདི་ཁ་གནང་ན་རིན་ཆེན་བདུན་ཀ་ལ་རིགས་འགྲེ་དགོས་ཤིང་། བསྡུ་ན། རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །ཞེས་བསྒྱུར་ན་འཐད། བདག་བསྐྱེད་ལ་མཆོད་པ་འབུལ་བ་ཉིད་ལག་ལེན་དུ་སྣང་ན། གཏོར་འབུལ་ངེས་པར་དགོས་པ་མ་ཡིན་ཡང་། ཐུན་གང་རུང་ཞིག་གི་མཐར་གཏོར་མ་སྔར་བཞིན་བྱིན་གྱིས་བརླབས་པ་གཏོར་མགྲོན་གློ་བུར་དུ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་ཕུལ་ལ་མཆོད་བསྟོད་འདོད་དོན་ཡང་གསོལ་ནས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཐུན་མཚམས་ཐམས་ཅད་དུ་འཕགས་པ་འཇམ་དཔལ་གྱི་སྐུ་བརྙན་ལྷར་བསྒོམ་པ་ལ་ཕྱག་མཆོད་བསྟོད་པ་དང་། མཚན་བརྗོད་ཀྱང་ཀློག་འདོན་ཐུབ་ན་རང་ངམ་གཞན་བསྐུལ་བས་གང་འཐོན་མཛད། བཟླས་པའི་གྲངས་ཚད་སོགས་ནི་རྩོད་དུས་ཀྱི་རྒྱལ་བ་གཉིས་པའི་གསུང་འདི་ཁར་ཤིན་ཏུ་གསལ་ཆ་ཆེ་བ་འདུག་པ་དགོངས་པས་ཞིབ་དཔྱོད་གནང་བ་ཞུ།

གྲྭ་ཚང་ཆེན་མོའི་གྲྭ་པ་བློ་བཟང་ལྷུན་གྲུབ་ཀྱི་ལན།


MLP013_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༈ གྲྭ་ཚང་ཆེན་མོའི་གྲྭ་པ་བློ་བཟང་ལྷུན་གྲུབ་ཀྱི་ལན་དུ། ངག་བྱིན་རླབས་ནི། རྒྱུན་གྱི་དགེ་སྦྱོར་གྱི་རིགས་ལ་ངག་གི་ནུས་སྟོབས་བསྐྱེད་པའི་ཆེད་དུ་བླ་མ་དགོངས་འདུས་ནས་གསུངས་པའི་བཟླས་བརྗོད་ནུས་པ་སྟོབས་འབྱིན་སོགས་མཛད་སྲོལ་འདུག་ཀྱང་། བསྙེན་པར་ཆིག་དྲིལ་འདི་རིགས་ལ། རྩ་བའི་ལྷ་གང་ཡིན་དེའི་བསྐྱེད་རིམ་ལ་གསལ་སྣང་ང་རྒྱལ་བཟུང་བ་ཉིད་ཀྱིས་ངག་བྱིན་རླབས་ཚང་བའི་ཕྱིར་གཞན་ནས་སྦྱོར་མི་དགོས། ཕྲེང་བ་ནི་འདི་ཉིད་གཤིན་རྗེའི་གཤེད་ཀྱི་རིགས་ཡིན་ཕྱིར་རཀྴ་ལྟ་བུ་འོས་ཤིང་། བྱིན་བརླབ་ནི། རྡོར་ཐལ་ཁ་གྱེན་དུ་
ཕྱེ་བའི་སྙིམ་པར་ཕྲེང་བ་བཟུང་ནས། བསངས་སྦྱངས་སྟོང་པའི་ངང་ལས་ཕེཾ་ནག་པོ་ཡོངས་སུ་གྱུར་པ་ལས་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་སྐུར་གྱུར། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿཞེས་བསྟིམ། དེ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་བསམ་སྟེ། ༀ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་ཧཱུྃ་ཕཊ་ཅེས་པ་བདུན་བཟླས་ནས་ཕུས་འདེབས། སླར་ཡང་དབྱངས་གསལ་ལན་གསུམ་བརྗོད་ནས་བཟླས་པ་ལ་འཇུག །ཐུན་མཚམས་སུ་གཞན་དུ་འགྲོ་འདུག་བྱེད་དགོས་པ་བྱུང་ན་ཕྲེང་བ་སྟན་གྱི་ཁར་བཞག་པ་སྐད་ཅིག་གིས་ལྷར་བསྐྱེད། དེ་ལས་རང་ཉིད་ལྷ་སྐུ་གཉིས་པར་ཕྱེ་ནས་སྤྱོད་ལམ་གང་བྱེད་ལ་འཇུག་པ་ཡིན་ནོ། །

ཐུ་བཙུན་བློ་བཟང་བཟོད་པའི་དོགས་སེལ་ལན།


MLP013_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐུ་བཙུན་བློ་བཟང་བཟོད་པའི་དོགས་སེལ་ལན་དུ། ཟབ་རྒྱ་བཅུ་གཅིག་པའི་ནང་ཚན་འཁོར་ལོ་ལྔའི་བུམ་ཅན་འཛིན་ཚུལ། རླུང་གི་རྣལ་འབྱོར་ལ་བརྟན་པ་ཐོབ་པ་རྣམས་ཀྱིས་ཇི་ལྟར་བསྒོམས་ཀྱང་རུང་མོད། ལས་དང་པོ་པས་ནི། དེ་ལྟར་བྱས་ན་གེགས་ལྡང་བས། ཐོག་མར་ལྟེ་བའི་བུམ་ཅན་ཉི་ཤུ་ཙམ་སོང་ནས་སྙིང་གའི་བུམ་ཅན་གཅིག་གཉིས་ཙམ་བྱེད་ཅིང་། དེ་ཡང་ལྟེ་བའི་བུམ་ཅན་དེ་ཉིད་སྙིང་གར་དྲངས། སླར་ལྟེ་བར་ཕབ་ནས་གཏོང་། མགྲིན་པ་དང་སྤྱི་བོ་སོགས་ལ་ལྟེ་བའི་བུམ་ཅན་ཡར་མི་འདྲེན་ཡང་། རླུང་གཏོང་ཁར་བུམ་ཅན་ལྟེ་བར་འབེབས་དགོས་ཤིང་། རླུང་གཅུང་གཅོད་ཅེས་འདུག །མཆན། འཁྱིམས་ཀྱིས་དོགས་ན་སྙིང་གི་བུམ་ཅན་གྱི་མཐར་རོ་སྟོད་གཅུ་ཞིང་ཧ་འདོན་གྱིས་འབུད། མགྲིན་པའི་མཐར་ཁ་བཙུམ་ནས་མགྲིན་པའི་རླུང་དྲངས་ཏེ་འབུད། སྤྱི་བོའི་མཐར་སྣ་བཀག་ནས་ཐོད་པའི་རླུང་དྲངས་ཏེ་འབུད་པ་སོགས་དགོས་ཤིང་། གཞུང་གི་འདར་དང་འཁོར་བ་འབིགས་པ་ཡི༔རྟགས་གསུམ་བྱུང་ནས་དམིགས་པ་བསྒྱུར༔ཞེས་པས། རླུང་གནས་དེ་རྣམས་སུ་སྟོབས་འབར་བས་ལུས་འདར་བ་དང་། མགོ་འཁོར་བ་དང་། ནད་དམིགས་ཕུབ་པ་ལྟར་གཟེར་བ་རྣམས་བྱུང་ན། དེ་ནས་བསྒོམ་འཕྲོ་གཤོལ་ལ། འཁོར་ལོ་གཞན་རྣམས་སུ་བསྒོམ་པ་ལ་ཁམས་ཀྱིས་ལྕོགས་ཚོད་དུ་བསྒྱུར་དགོས་
པའི་དོན་ཡིན་པས་ཚུལ་དེ་ལྟར་རིམ་བཞིན་ཉམས་ལེན་མཛད་པ་ལས་གོམས་པ་ཇེ་ཐོབ་ཇེ་བརྟན་དུ་འགྱུར་ངེས་པའོ། །

ཐང་འབྲོག་སྤྲུལ་སྐུ་རིན་པོ་ཆེའི་དྲི་ལན།


MLP013_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐང་འབྲོག་སྤྲུལ་སྐུ་རིན་པོ་ཆེའི་དྲི་ལན་དུ། ལགས། སྨན་གྱི་མངར་གསུམ་ནི། ཐོག་མར་ཕྱེ་མའི་སྐབས་ཉིད་དུ་བཏབ་ཀྱང་ཆོག་ཅིང་། ཡང་ན། གུར་གུམ་སོགས་དྲི་བཟང་རྣམས་དང་མཉམ་དུ་ཆང་གར་མོས་སྦངས་པ་སྣོད་ཞིག་ཏུ་ཟུར་དུ་ཕྱེ་ལ། སྨན་ཕྱེ་མ་རྣམས་ལྕགས་སོགས་མདོག་རོ་མ་རུང་པར་བྱེད་པ་མིན་པའི་སྣོད་ཤིང་ངམ། བསེ་གཞོང་ལྟ་བུར་ཤིན་ཏུ་འདྲེས་པར་བསྲེ་བཞིན་པའི་ཁར་སྔར་བྱིན་རླབས་ཟུར་དུ་བྱས་པའི་ཆང་། འོ་མ། རིན་པོ་ཆེ། ཆུ་རྣམས་སློབ་དཔོན་གྱིས་སོ་སོའི་སྔགས་རྣམས་བཟླ་བཞིན་དུ་ཕྱེ་མའི་ཁར་སྦྲེང་ཞིང་སྦོལ། དེ་རྗེས་དམ་རྫས་ཀྱི་ཕབས་རྒྱུན་དང་དྲི་བཟང་མངར་གསུམ་སོགས་ཆང་ལ་སྦྱར་བ་ཉིད་ཀྱིས་འདྲེས་པར་སྦོལ། གུར་གུམ་ཁྲོལ་ཆེ་མེད་ན་སྐབས་འདིར་ཕྱེ་མ་སྐམ་འདེབས་བྱས་པས་འདྲེས་པར་ཕུར། དེ་ནས་དབང་ལག་ཕྱེ་མ་རླན་འཕོག་ནས་ཀྱང་འཕེལ་རྒྱུ་མེད་པ་ཞིབ་ཏུ་བརྡུངས་ཤིང་ཕུར་མཉེད་བྱས་པས་འདྲེས་པར་སྦོལ། ཧ་ཅང་ཤུགས་ཆེས་ན་གོང་བུར་འགྲོ་བས་ཤུགས་ཆུང་ངུས་ངང་རྒྱུན་ཡུན་བསྲིངས་ནས་ཕུར་བ་ཧ་ཅང་སླ་བ་མ་ཡིན་པ་སྙིམ་པར་བཅངས་ནས་ཆག་གང་ཙམ་དུ་སྐྱུར་བས་ཕྱེ་མར་ཐལ་གྱིས་མི་འགྲོ་བར་སྲན་མ་གཏོར་བ་ལྟར་འབྲུམ་ཤིག་གེ་སྡོད་པ་ཙམ་བྱ། ཆང་ཞིམ་པོ་ཡོང་བའི་ཕབ་གང་འཕྲོད་དེ་ཀ་ཞིབ་བརྡུངས་སྐམ་འདེབས་ནམ་ཟླ་གྲང་དུས་ཅུང་ཟད་མང་ཞིང་དྲོ་དུས་ཉུང་བ་ཙམ་བྱ། སྨན་ཚན་ཆེ་བའི་ཐོད་པར་ཤོང་ཐེབས་མེད་པ་དར་རས་ཀྱི་ཁུག་མར་བླུག་པའི་སྟེང་འོག་ཏུ་ཐོད་པ་ཁ་སྦྱོར་གྱི་རྣམ་པ་ཙམ་བྱས་ནས་དེའི་ཕྱི་དར་གྱིས་དྲིལ་ཚོན་སྐུད་ཀྱིས་བསྡམས་པ་རྒྱས་བཏབ་ནས་སྟེགས་བུའི་དབུས་ཀྱི་བར་ལྡིང་ལ་རིན་པོ་ཆེའི་སྣོད་དུ་བལ་བུའི་ལོ་མའི་ཕུར་མའམ། འབྲུ་རླན་ཅན་གྱི་ཁར་བཀོད་པའི་འོག་ཏུ་དྲོད་འབེབས་ཀྱི་མར་མེའི་འོད་ཀྱིས་སྣོད་ཀྱི་མཐིལ་ལ་དྲོད་ཕེབས་ངེས་ཙམ་བྱས་པ་ཞག་གཅིག་གཉིས་ཙམ་སོང་བ་ན་ཕབ་དང་དྲོད་ཀྱི་ཉེར་ལེན་དང་སྔགས་ཀྱི་མཐུས་དྲི་བཟང་


MLP013_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཐུལ་བ་བྱུང་ན་ལེགས་པའི་རྒྱུ་རྐྱེན་ཚང་བར་བྱེད། ཕྱིས་དངོས་གྲུབ་བླངས་རྗེས་རྒྱ་བཀྲོལ་ནས་གཞལ་བའི་སྔ་ཕྱི་གང་འོས་སུ་བསེ་གཞོང་ལྟ་བུར་སྤུངས་པ་ལ། ཆང་གར་མ་དང་། མར་གསར་གྱི་ཁུ་བ་ལ་དྲི་བཟང་ཅུང་ཟད་བཏབ་པའི་ཁ་ཕྲུ་འདེབས་ཤིང་ཤེད་ཆུང་ངུས་ཕུར་བས་སྣུམ་ཞག་ངང་མདངས་བཟང་བ་ཡོང་། སྨན་བཀོད་པའི་སྒྲོམ་ཁྲི་དེ་ཀའི་ཕྱི་ལ་ཐུགས་གསུང་སྐུའི་རིམ་པས་དར་མཐིང་དམར་དཀར་བའི་ཡོལ་བས་བསྐོར་བ་དྲོད་འབེབས་ཀྱི་མར་མེ་སོགས་བལྟ་ཉུལ་བྱེད་བདེ་བར་བྱ། སྨན་ཕྱེ་མའི་ནང་དུ་ཨ་རུ་ར་རྨ་མེད་འཇུག་པ་བཀའ་བརྒྱད་སོགས་ན་གསལ་བ་མེད་འདྲ་ཡང་། དགོངས་འདུས་ནས་གསུངས་པས་དེ་ལ་བརྟེན་ནས་སྒྲུབ་པ་གནང་ཚེ་དགོས་པ་ཡོད་པ་གཞིར་བཅས། དུག་གསུམ་གྱི་མར་མེ་དང་དྲོད་འབེབས་ཀྱི་མར་མེ་དགོངས་པའི་གནད་གཅིག་པ་ཡིན་འདུག་པ་གཞན་དུ་ཚིལ་ཆེན་གྱི་གསལ་ཁ་མ་བྱུང་ཡང་། སྨན་ངོ་བོར་ཚིལ་ཆེན་བཤད་པ་བཞིན་དྲོད་འབེབས་དེ་ཁར་ཅུང་ཟད་རེ་འདེབས་པ་གནང་ཆོག་པ་འདུག །རྟེན་དགུའི་དེང་སང་བཀའ་བརྒྱད་གསང་རྫོགས་པར་དར་སོ་ཆེ་ཞིང་། བདེ་འདུས་པ་ཧ་ཅང་དོན་གཉེར་མི་མཛད་ནའང་བདེ་འདུས་གཏེར་གཞུང་ནས་ཀྱང་གསུངས་པ་བཅས། སྨན་སྣོད་དང་བཅས་པ་ཆེ་མཆོག་བདུད་རྩི་བུམ་གཅིག་ཡོད་ཕྱིན་གཞན་བརྒྱད་ཀྱང་བཀོད་པ་གནང་བ་རང་ལེགས་པ་འདྲ། རྟ་མགྲིན་གྱི་རྟེན་ཕྱི་རྟ་ཞལ་ལ་བརྟེན་པ་ཞེས་པའི་རྟ་ཐོད་ཀྱི་ནང་དུ་འཁོར་ལོ་ཕྱི་ལ་སྐུ་བྲི་བ་སོགས་བཤད་ཀྱང་། སྐབས་འདི་ཆོས་དབང་རིན་པོ་ཆེའི་ཕྱག་བཞེས་བཞིན་རྟ་ཐོད་ཀྱི་དཔྲལ་བའི་རུས་པར་ཞལ་བྲིས་པའི་སྨད་ཕུར་གཟུགས་སུ་བྱས་པ་བྲིས་དཔེ་འདི་བཞིན་ཡིན། ཨ་ཏིའི། དེ་སྟེང་པདྨ་སུམ་བརྩེགས་ལ༔ཞེས་པ་གོང་འོག་དང་དཀྱུས་གཉིས་ཀར་པདྨ་སུམ་བརྩེགས་ཀྱི་འོག་མའི་དབུས་སུ་དགའ་རབ། དེའི་གཡས་སུ་འཇམ་དཔལ་བཤེས་གཉེན། གཡོན་དུ་ཤྲཱི་སིདྷ། དགའ་རབ་ཀྱི་སྟེང་དུ་རྡོར་སེམས། དེ་སྟེང་ཀུན་བཟང་རྣམས་བཞུགས་པར་གནང་ན་བདེ་བ་ཡོང་། བསྐྱེད་རིམ་གྱི་བདག་མདུན་སྒོམ་ཚུལ་ལ། བདག་མདུན་ཐ་དད་པ་ནི། ཐོག་མར་བདག་བསྐྱེད་རྫོགས་པར་བསྒོམས་པའི་མཐར་དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་གཙོ་བོ་ལ་བསྡུས།


MLP013_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་མདུན་གྱི་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པར་མོས་ནས་སླར་མདུན་བསྐྱེད་བསྒྲུབ་པའི་ལུགས་གཅིག་དང་། བདག་གི་རྣལ་འབྱོར་རྫོགས་པའི་ཉེར་བསྡུ་ནཱ་དའི་བར་དུ་ཐིམ་པའི་མི་རྟོག་པ་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་མཚམས་སྦྱར་ནས་མདུན་བསྐྱེད་བསྒོམ་པ་སོགས་དོང་སྤྲུགས་པདྨ་བརྒྱ་ལྡན་དུ་བཤད་པ་ལྟར་དང་ཡང་གྱེར་ཚིག་གཅིག་གིས་བདག་མདུན་བུམ་གསུམ་རྣམ་པ་མ་འདྲེས་པ་མེ་ལོང་དང་གཟུགས་བརྙན་གྱི་དཔེས་མཚོན་ནས་བསྒོམ་པ་སོགས་དེ་ལྟར་ལགས་ཀྱང་། བྱེ་བྲག་གི་དམིགས་བསལ་མེད་ཕྱིན་བདག་མདུན་དབྱེར་མེད་དུ་བྱེད་པ་ཉིད་བསྒོམ་པ་བདེ་ཞིང་བཤད་ཁུངས་ཀྱང་། དེ་ནས་སྔགས་པ་མཉམ་བཞག་སྟེ། །ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། །གསལ་བ་གཉིས་མིན་དཀྱིལ་འཁོར་དུ། །རང་བཞིན་ཀུན་རྫོབ་སྤྱན་དྲངས་ཏེ། །དབབ་དང་གཞུག་དང་བསྟན་པའོ། །ཞེས་རྔམ་གློག་ཏུ་གསུངས་པ་ལྟར། སྒྲུབ་གཞི་བདག་དང་བྲིས་པའི་དཀྱིལ་འཁོར་གཉིས་སྒྲུབ་ཆོས་ཏིང་ངེ་འཛིན་གསུམ་ནས་བརྩམ་སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་གི་འཁོར་ལོ་གཅིག་གིས་བསྡུས་པར་བསྒོམས་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲངས་བསྟིམ་བརྟན་པ་སོགས་ལ་ཞུགས་པས་བློ་ངོ་ལ་འཆར་བདེ་ཞིང་འགལ་བ་མེད་པར་དམ་པའི་ཕྱག་བཞེས་ཀྱི་རྒྱུན་ཆགས་པ་ཡིན་འདུག །འདི་དང་ཕྱོགས་མཚུངས་གསར་མའི་ཆོག་གཞུང་ཚད་ལྡན་དུ་ཡང་ཡོད། མཆོད་པ་ལ་སོགས་པའི་ཚེ་ནི་རང་ཉིད་གཙོ་བོ་ལས་གཙོ་བོ་གཉིས་པར་བྱེ་བས་སྒྲུབ་པར་བཤད་དོ། །རཏྣའི་གུར་དྲག་གི་མཁའ་འགྲོ་འབོད་རྫས་ཀྱི་སྐབས་སུ་གསང་བའི་ཌཱ་རུ་དཀྲོལ་ཚུལ་ལག་ལེན་གསལ་བ་མི་སྣང་ཡང་། ཚིག་རིས་ལས་མཚོན་ན། རོ་ལངས་གཤིན་རྗེའི་རྔམ་སྐད་ཅེས་པ་དྲག་ཏུ་དཀྲོལ་བ་ལ་དགོངས་ཏེ། རྣལ་འབྱོར་བར་ཆད་སེལ་བའི་ཕྱིར། ཞེས་པས་མཚོན་ནུས། སྤྱན་འདྲེན་མཆོད་པ་འབུལ་བ་ལ་མ་ལ་བུས་འབོད་ལྟར་བྱ་བ་སོགས་ཀྱིས་སོ། །སྤྱིར་ཌཱ་མ་རུ་ནི། རྙིང་རྒྱུད་རྣམ་སྣང་སྒྱུ་དྲྭ་ལས། མི་ཐོད་ལས་བྱས་ཅང་ཏེའུ་ལ། །སྤྲེའུའི་པགས་པས་གཡོགས་ནས་ནི། །ངོས་གཉིས་ལ་ནི་པདྨ་བྲི། །བུད་མེད་ཁྲག་གིས་མཛེས་པར་བྱ། །སྙིང་པོ་ལ་ནི་ཁྲེམ་བྲིས་ཏེ། །མི་ཡི་སྐྲ་


MLP013_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བཏགས་ནས་ནི། །མཐིང་རིལ་གྱི་ནི་རྐང་རུས་ཀྱིས། །ཁྲེཾ་ཧཱུྃ་མིང་ནས་བརྗོད་དེ་བརྡུངས། །ཞེས་པས་རྒྱུ་དབྱིབས་བརྡུང་ཚུལ་ཐམས་ཅད་ཚང་ཞིང་། དེ་ཡང་། ཌཱ་མ་རུའི་གཟུགས་ཀྱིས་ཐབས་བདེ་བ་ཆེན་པོ་མཚོན་ཞིང་། དེའི་སྒྲས་ཤེས་རབ་སྟོང་པ་ཉིད་མཚོན་པའི་ཕྱིར། ཐབས་ཤེས་བདེ་སྟོང་གཉིས་མེད་ཀྱི་དགོངས་པས་རྒྱས་ཐེབས་པ་ཉིད་ལས། ཁྱད་པར་ཆོ་ག་ངག་ཏུ་གང་བརྗོད་པ་དེའི་སྔགས་ཀྱི་སྒྲ་དོན་དང་འབྲེལ་བར་དཀྲོལ་བ་ནི། བྱིན་འབེབས་དང་། སྤྱན་འདྲེན་མཆོད་འབུལ་སོགས་དེ་དང་དེའི་རྣམ་འགྱུར་དུ་སྤེལ་བར་བྱ་ཞིང་། དེ་བཞིན་དུ་རྡོ་རྗེ་དང་དྲིལ་བུ་ཡང་ཐབས་དང་ཤེས་རབ། བདེ་བ་དང་སྟོང་པ་དབྱིངས་དང་ཡེ་ཤེས་འཁོར་བ་དང་མྱང་འདས་སོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཟུང་འཇུག་ཕྱག་རྒྱ་ཆེན་པོས་རྒྱས་འདེབས་པའི་བརྡར་གོ་བར་བྱ་སྟེ། ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ལ་དེ་བཞིན་དབང་སྒྱུར་ཤོག །ཅེས་ཐབས་ཞགས་པདྨོའི་ཕྲེང་བ་སོགས་རྒྱུད་མང་པོ་ལས་བཤད། དེ་དང་མི་ལྡན་ན་གླང་པོའི་སྐེ་རྒྱན་གྱི་དྲིལ་བུ་དང་འདྲ་ཞེས་གསུངས་སོ། །དེ་ཡང་། རྡོ་རྗེ་ཐབས་དང་དྲིལ་བུ་ཤེས་རབ་ཏུ་བྱས་པའི་འདིའི་ཤེས་རབ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་སྦྱར་བ་ཡིན་ནོ། །དེས་ན་དཀྲོལ་ཚུལ་ཡང་གོང་བཞིན་བགེགས་སྐྲོད། བྱིན་འབེབས། མཆོད་འབུལ་སོགས་ལ་ཐབས་བདེ་བ་དང་ཤེས་རབ་སྟོང་ཉིད་ཀྱི་རྒྱས་ཐེབས་པ་དང་མི་འབྲལ་བས་རྣམ་འགྱུར་སྔགས་ཚིག་གི་སྒྲ་དོན་གྱི་རྗེས་སུ་འཇུག་པར་བྱའོ། །བྱིན་འབེབས་ཀྱི་རྫས་ནི། རྡོ་རྗེ་མཁའ་འགྲོ་ལས། ཟླ་མཚན་འཕྱིས་པའི་རས་མ་ནི། །བྱི་ལའི་རྟུག་པ་བཅས་པ་དག །ཞིབ་ཏུ་བཏགས་ནས་བདུག་པར་བྱ། །བདུག་པ་འདི་ཡིས་སྒྲུབ་པ་པོ། །ཤིན་ཏུ་བྱིན་གྱིས་བརླབ་པར་འགྱུར། །ཞེས་གསུངས་པ་བཞིན་རྒྱུད་དང་དབང་ཆོག་མང་པོ་ནས་རྫས་ནང་གསེས་མི་འདྲ་བ་ཅི་རིགས་གསུངས་འདུག་ཀྱང་། ད་ལྟ་ལག་ལེན་ལ་བདུད་རྩི་ལྔ། བྱི་ལ་ནག་པོའི་བྲུན། རའི་རྐང་ལག་གི་ཉ་བཞིའི་ཤ །སྒྲུབ་པ་པོའི་སྐྲ་སེན། བུད་མེད་ཀྱི་འདོམས་རས་རྡུལ་གྱིས་སྦག་པ་རྣམས། གུ་གུལ་ཕོན་ཆེ་བས་བུངས་བསྐྱེད། སྟོད་ཀྱི་ཨར་ནག་དང་། ཙནྡ་དཀར་དམར། ན་གི་སོགས་
དྲི་ཤུགས་ཆེ་བ་དག་ཀྱང་བསྲེས་ནས་ཞིབ་ཏུ་བརྡུངས་པ་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་བྲན་ནས། དཀྱིལ་འཁོར་གང་ཡིན་དེའི་རྩ་སྔགས་དང་ཡེ་ཤེས་འབེབས་པའི་སྔགས་ཀྱིས་བསྒྲུབས་པ་སྔོན་དུ་འགྲོ་བས། ནམ་དགོས་དུས་རོ་སོལ་ལམ། མ་འབྱོར་ན་སོལ་བ་དཀྱུས་མའི་མེ་ལ་བསྲེགས་པའི་དུད་པས་བདུག་པ་སྟེ། དགོས་པ་ནི། དབང་ཤེས་ཡུལ་ལ་འཇུག་པ་རྣམས་འགོག་པས་གཙོ་བོར་གཟུགས་སྒྲ་དྲིའི་ཡུལ་ལ་འཇུག་པ་འཕྲོ་བ་དགག་ཕྱིར། མིག་དར། རོལ་མོ། བདུག་སྤོས་ཏེ། རོ་རེག་ལ་སྐབས་དེར་ཡུལ་དང་འཕྲད་པས་དགག་བྱ་ཆུང་བའི་ཕྱིར་རོ། །སྤྱུགས་པའི་བརྡའ་ཡང་། རྒྱུད་དང་། གསང་སྔགས་ནང་གི་ཆོ་ག་མང་པོ་ལས་གསུངས་མོད། དགོས་པ་ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་རྣམས་འབོད་པ་དང་བསྐུལ་བ་ལ་སོགས་པའི་ཆེད་དེ། དགོས་དོན་གང་ཡིན་ལ་ཡིད་རྩེ་གཅིག་ཏུ་བཅུག་ནས་སྤྱུགས་པ་བོད་པས་ཤེས་པ་འགྱུར་ཞིང་ངམས་པར་བྱེད་པའི་ཕྱིར་རོ། །ཁུག་པ་ནི་མཐའ་གཅིག་ཏུ་ངེས་པ་མེད་འདྲ་སྟེ། ལག་ལེན་བྱེད་པ་ཐམས་ཅད་མི་མཐུན་པ་སྣ་ཚོགས་པའི་ཕྱིར་རོ། །

ཕྱག་མཛོད་བློ་གྲོས་དབྱངས་ཅན་གྱི་དྲི་ལན།


MLP013_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༈ དྲི་ལན་སྣ་ཚོགས་རིམ་པར་སྤེལ་བའི་འཕྲོས་ལས། ཕྱག་མཛོད་བློ་གྲོས་དབྱངས་ཅན་གྱི་དྲི་ལན། བཀའ་ཤོག་གནང་རྟེན་བཟང་པོ་ལེ་ཚན་བཅས་སྩལ་བ་ཉམས་མེད་ཕེབས་པ་བཀའ་དྲིན་ཆེ། དགོངས་པ་ཡང་ཟབ་ཀྱི་ཡང་གསང་ཧཱུྃ་སྒྲུབ་འདི་ཉིད་སྒྲུབ་ཐབས་ཀྱི་དབུར། རང་རིག་སྒྲུབ་རྫས་མཆོད་རྫས་ཕྱིར། །སྒྲུབ་རྫས་མཆོད་གཏོར་བཤམ་མི་འཚལ། །སྤྱན་དྲངས་མཆོད་ཕྲིན་བསྐུལ་བའང་མེད། །ཅེས་པས་འདི་ཉིད་རང་རིག་གདོད་ནས་གཉུག་མའི་ལྷ་སྐུར་གྲུབ་པ་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་གསལ་འདེབས་ཙམ་གྱིས་བསྒྲུབ་པ་རྫོགས་རིམ་གྱི་ལྷ་སྐུ་བསྒོམ་ཚུལ་ལྟ་བུ་ལགས་པས་སྤྱན་འདྲེན། མཆོད་བསྟོད། ཚོགས་མཆོད་སོགས་སྤྲོས་བཅས་ཀྱི་ཆོ་ག་གཞན་ལ་ལྟོས་མི་དགོས་པར་བཞེས་པ་ལགས་ཤིང་། དོན་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་སུ་འདུ་ཞིང་བྱང་ཆུབ་ཀྱི་སེམས་མ་བཅོས་གཉུག་མའི་ལྷ་སྐུ་
ཉིད་དམ་ཡེ་དབྱེར་མེད་ཀྱི་ལྷ་སྐུ་ཡེ་ནས་གྲུབ་པ་སྒྲུབ་གཞི་ལགས་པས་མདུན་དུ་དམིགས་རྟེན་བཀྲམ་པའི་དྲུང་། སྐྱབས་སེམས་སྔོན་དུ་འགྲོ་བས་དང་པོ་ཆོས་རྣམས། ཞེས་པ་ནས། དེ་རྣམས་ཞལ་ནས་ཧཱུཾ་སྒྲ་སྒྲོག །ཅེས་པའི་རྗེས་སུ་རྐང་པ་གཅིག་པོ་བཞག་ནས། འཇིག་རྟེན་ཁམས་ཀུན་ཤིག་ཤིག་ལྡིག །ཅེས་པ་ནས། སྲིད་གསུམ་འཁོར་བ་དོང་སྤྲུགས་བསམ། ཞེས་པའི་བར་གྱེར་སྒོམ་གནང་རྗེས་ཧཱུཾ་སུམ་སྦྲེལ་འཇམ་རླུང་དང་སྦྱར་ནས་བཟླ་ཞིང་། ཐུན་མཚམས་སུ་དབྱིངས་རིག་དབྱེར་མེད་འོད་གསལ་སྟོང་པ་ཉིད་དམ་རང་གདངས་ལྷ་སྐུ་གསལ་སྟོང་གི་ངང་ནས་གང་ལའང་སྐྲག་པ་དང་དོགས་པའི་ཉམ་ང་སྤངས་ཏེ་ཞེན་འཁྲིས་བཙན་ཐབས་སུ་གཅོད་ཅིང་། མི་ཕོད་པ་ལ་ཐོག་བརྫིས་ཀྱིས་བྱ་སྤྱོད་ཐམས་ཅད་ལམ་གྱི་གྲོགས་སུ་ཁྱེར་བ་ལགས། ད་རེས་ཞིབ་འབུལ་མ་ཐུབ་པར་དབྱིངས་ཁྲེལ་མི་འཇུག་པ་དང་། སླད་ནས་ཀྱང་ཕེབས་ཚོགས་རིམ་གནང་མཁྱེན་མཁྱེན་ལགས།

ས་བྱི་ཆབ་མདོར་ཕུལ་བ།


MLP013_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་བྱི་ཆབ་མདོར་ཕུལ་བ། ལགས། ཤེས་བྱ་ལྐོག་གྱུར་ཐིངས་པ་ནི་འཕགས་ཆེན་རྣམས་ཀྱི་སྤྱོད་ཡུལ་ཡིན་གཤིས་ཞུ་སྤོབས་མ་མཆིས་མོད། འོན་ཀྱང་མཆོག་བསླུ་མེད་ཀྱི་ཐུགས་རྗེ་གདུལ་བྱ་མོས་པའི་གསོལ་འདེབས་ཀྱི་རྗེས་སུ་འཇུག་པ་ཁོ་ན་ཡིད་གདེངས་སུ་བཅས་ནས་མཆོད་འབུལ་གསོལ་འདེབས་དམོད་བོར་ཞུས་པར། དམ་པ་མཆོག་གི་སྐུ་ཚེ་དྲུག་ཅུ་རེ་དྲུག་རེ་བདུན་ལ་ཕྲེང་ཆ་འདུག་པ་སེལ་ཕྱིར་ཚེ་དཔག་མེད་ཀྱི་སྐུ་སྟོང་ཚོ་བཞེངས་པར་རབ་གནས་མཆོད་འབུལ་དང་འབྲེལ་བར་དམ་གཙང་བུ་སློབ་ཀྱིས་ཚེ་ཆོག་དབང་རྒྱུན་ཡོད་པའི་ཚེ་སྒྲུབ་ཟླ་བས་ཉུང་མཐའ་བྱས་པ་དང་། དེ་དང་འབྲེལ་བར་འཆི་སླུའི་ཆོ་ག་གང་མང་དང་ཚེ་གཟུངས་འབུམ་ཚོ་བཅོ་ལྔ། རྗེ་བཙུན་སྒྲོལ་དཀར་གྱི་སྐུ་ཉིན་ཐང་དུ་བཞེངས་ནས་དེའི་ཆོ་ག་དང་འབྲེལ་བར་སྙིང་པོ་འབུམ་ཚོ་བཅོ་ལྔ། རྒྱས་པའི་སྦྱིན་སྲེག་འབུམ་ཚོ་འཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས། འཆི་ངེས་སེམས་ཅན་གྱི་སྲོག་བླུ་ཅི་མང་། དབུལ་ཕོངས་ལ་ཟས་གོས་ཀྱིས་མཚོན་ཟང་ཟིང་གི་སྦྱིན་གཏོང་། ཆོས་སྐྱོང་ལ་བསྐང་བ་གསོལ་མཆོད། སྒྲོལ་མ་མཎྜལ་


MLP013_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ཆོ་ག་དང་འབྲེལ་བའམ་དེ་མིན་རྗེ་བཙུན་མའི་སྐུ་བྱིན་ཅན་ལ་མཆོད་འབུལ་དང་འབྲེལ་བར་རྗེ་བཙུན་མའི་བསྟོད་པ་འདོད་དོན་གསོལ་འདེབས་དང་བཅས་པ་ཅི་འགྲུབ། བརྒྱད་སྟོང་པ་བརྒྱ་རྩ། ཚེ་མདོ་སྟོང་ཚོ་བཅས་བསག་ཅིང་དམ་སེལ་སོགས་སྐུ་གྲིབ་ལ་ཐུགས་ཟོན་དང་གེགས་སེལ་ལ་དགོངས་གཏད་གནང་བས་བར་ཆད་ཀྱི་འཕྲང་སེལ་ཞིང་། སྐུ་འཕྲང་སྒྲོལ་ནས་བདུན་ཅུའི་བར་ལ་གེགས་ཆུང་ཞིང་ས་གཉན་ཤིང་གཉན་སོགས་ལ་ཐོ་རེག་འཛེམ་ཞིང་། སྐུ་རིམ་སྔ་མ་རྣམས་བསྐྱར་ལྡབ་ཏུ་གནང་བས་དམིགས་སུ་འགྱུར་ཞིང་། དེ་ལས་སྒྲོལ་རྗེས་རེ་ཞིག་རྐྱེན་གེགས་ཡོད་པའི་དམིགས་བསལ་མ་བྱུང་ཡང་སྐུ་ཚེ་སྤེལ་བའི་སྲི་ཞུ་སྐུ་རིམ་དང་ཕྱི་ནང་གི་ཚེ་སྒྲུབ་གང་འོས་རྣམས་ཉམས་བཞེས་ཀྱི་དགོངས་གཏད་ཞབས་བརྟན་གསོལ་འདེབས་འབད་རྩོལ་གནང་བས་ལེགས་ཚོགས་སུ་འགྱུར་བ་དང་། དཔོན་སློབ་ཞི་བ་བཟང་པོའི་སྐུ་ཚེ་ལ་བར་ཆད་གློ་བུར་བ་ཡོད་པ་ད་ལྟ་ནི་མི་གསལ་ཡང་འཆི་ངེས་སེམས་ཅན་གྱི་སྲོག་བླུ་དགུང་གྲངས། ཚེ་སྒྲུབ་གང་འོས་དང་ཚེ་གཟུངས་འབུམ་ཐེར། བརྒྱད་སྟོང་པ་དང་གསེར་འོད་དགུང་གྲངས་བཅས་བསགས་པ་གནང་ན་དམིགས་སུ་འགྲོ་ཞིང་། ཕྱག་མཛོད་དྲུང་རང་གི་སྐུ་ཚེའི་ཆར་འཕྲང་ཞེ་ལྔ་ལ་འཛེར་བས་འཆི་ངེས་སེམས་ཅན་གྱི་སློག་བླུ་དགུང་གྲངས། དབང་དང་ལག་ལེན་ཡོད་པའི་ཆོ་ག་དང་འབྲེལ་བའི་ཚེ་སྒྲུབ་ཚེ་གཟུངས་འབུམ་ཐེར། སྒྲོལ་མ་དཀར་མོའི་ཆོ་ག་དང་འབྲེལ་བའི་སྙིང་པོ་འབུམ་ཚོ་བཅོ་ལྔ། ཁ་འབར་མས་མཚོན་ལན་ཆགས་སྦྱོང་བའི་གཏོར་མ་གང་མང་། བསྐལ་བཟང་ཕལ་ཆེན་སོགས་ཀྱི་གསུང་སྒྲོག་བཅས་གནང་བས་འཕྲང་སེལ་ངོ་དང་། དེ་ལས་སྒྲོལ་ན་ལྔ་བཅུ་ང་གསུམ་གྱི་བར་ལ་ཉེན་གེགས་ཆུང་། སྐབས་དེར་སྔ་མ་རྣམས་བསྐྱར་ལྡབ་དང་། དེ་སྐབས་དམིགས་སུ་འགྲོ་བའི་སྐུ་རིམ་ཅི་རིགས་གནང་བས་རྐྱེན་སེལ་བའི་ངོ་དང་། ལར་རྒྱའི་ཆོས་སྲིད་མངའ་ཐང་གི་ཆར་ད་ལྟའི་དུས་བཞིན་སྤྱི་སྙོམས་ཀྱི་འཛིན་སྐྱོང་གནང་བས་ཉམས་ཆག་འགལ་རྐྱེན་ཆེ་བ་ཡོད་པ་མི་གསལ་ཞིང་། འོན་ཀྱང་རྒྱལ་པོའི་གདོན་བསྐྱེད་ཀྱི་འཚུབ་འཛེར་ཅུང་ཟད་སྣང་བ་སེལ་བྱེད་རྒྱལ་པོར་མདོས་རྫོང་དང་ལན་ཆགས་གཏོར་མ་གང་མང་བརྒྱ་བཞི་གཏོང་། གདུགས་དཀར་
གྱི་མདོས་དང་ཁྲོ་རོལ་གྱི་གཏོར་བཟློག །གདུགས་དཀར་དང་ཤེར་སྙིང་གི་བཟློག་པ་འབུམ་ཐེར། བརྒྱད་སྟོང་པ་དང་གསེར་འོད་བཀའ་ཐང་རྣམས་བརྒྱ་རྩ། འབུམ་ཚར་ལྔ། བཀའ་འགྱུར་ཚར་གཅིག་སྒྲོག །སྒྲོལ་མ་དང་མཚན་བརྗོད་འབུམ་ཐེར། བསྟེན་པའི་ལྷ་བསྲུང་ལ་བསྐང་བཤགས། གསོལ་མཆོད་ཕྲིན་བཅོལ་ཡུལ་ལྷར་བསངས་དང་དགྲ་ལྷའི་དཔང་བསྟོད། རྟེན་བྱིན་ཅན་ལ་མཆོད་འབུལ་དང་འབྲེལ་བར་དགེ་འདུན་སྡེར་ལོངས་ཀྱིས་སྨན་བླའི་མདོ་ཆོག་གང་མང་། དབུལ་འཕོངས་ངན་ལོང་ལ་སྦྱིན་གཏོང་བཅས་གནང་བས་དམིགས་སུ་འགྱུར་ཞིང་། ཆོས་སྲིད་ཀྱི་མངའ་ཐང་འཕེལ་རྒྱས་བརྟན་ཅིང་མི་འགྱུར་བའི་ངོ་གསལ་དུ་ཤར་བ། སྤྱིར་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་རྟེན་འབྲེལ་གྱི་བསྒྱུར་ཁ་ཕྲ་མོས་ཀྱང་ཕན་གནོད་ཀྱི་འབྲས་བུ་ཆེན་པོར་འགྱུར་བའི་ཕྱིར་ད་ལྟའི་ཆ་གོང་ཞུས་བཞིན་ལགས་པ། སླད་ནས་ཀྱང་ལོ་རེ་བཞིན་གོང་དུ་གསུང་བརྟགས་ཞུ་གནང་གིས་མཚོན། དུས་དང་གནད་དུ་དམིགས་སུ་གང་འགྲོའི་སྐུ་རིམ་སོགས་ལེགས་ཚོགས་གོང་སྤེལ་གྱི་རྟེན་འབྲེལ་སྒྲིག་ཕྱོགས་གཡེལ་བ་མེད་པ་དང་བཞེས་གནང་བ་ཞིག་མཁྱེན་མཁྱེན་ལགས།

ས་གླང་ཆབ་མདོར་ཕུལ་བ།


MLP013_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་གླང་ཆབ་མདོར་ཕུལ་བ། ལགས། དོན་འགངས་ཆེ་བ་འདི་རིགས་ལ་མོ་ཆ་རྨི་ལྟས་སོགས་ལ་ཁ་དམར་གདགས་རྒྱུ་ཅི་རིགས་ཡོང་བར་གཞིར་བཅས་ཀྱང་གདེངས་ཁེལ་བློ་ཆོད་ཤིན་ཏུ་དཀའ་བ་ཡིན་འདུག་པས་གནང་བདེའི་གསལ་ཆ་འབུལ་སྤོབས་མ་མཆིས་ཀྱང་། སྐུ་ཞབས་ཉིད་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ཕན་བདེའི་རྩ་བར་བཞུགས་ཤིང་རང་ལ་བཀའ་དྲིན་ཆེ་བའི་མོས་དུངས་ཀྱིས་དཀོན་མཆོག་གསུམ་ལ་དམོད་བོར་གྱི་པྲ་བརྟགས་ནི། ད་དུང་དགུང་གྲངས་རེ་དྲུག་དང་རེ་བདུན་གཉིས་སྐུ་ཚེའི་འཕྲང་དུ་ཤར་བར་སྔ་སོར་རྟེན་གཞིའི་ཐོག་མའང་སྐུ་གེགས་ཀྱི་ལོ་དང་མཚུངས་པར་བྱུང་འདུག་པ། དེར་དམིགས་ཀྱི་སྐུ་རིམ་ཞབས་བརྟན་སོགས་ཡོ་བྱད་འཕང་མེད་ཀྱི་མཆོད་སྦྱིན་རྒྱ་ཆེར་གནང་བ་སོགས་ཀྱིས་སྔར་ཕན་བདེ་དྭངས་རིགས་མ་བྱུང་ཡང་འཚོ་གཞེས་བྱུང་བས་མཚོན། སྐུ་རིམ་རྣམས་ཀྱིས་དམིགས་འགྱུར་ལེགས་


MLP013_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེ་བ་རེ་འདོད་གང་བ་ཞིག་ཡོང་ལ་ཆེ་བ་དེ་བཞིན་གསོལ་འདེབས་སྨོན་པ་ཞུ་བ་ལགས་ཀྱང་། ལར་འབབ་ལོ་ཁོངས་འདི་རང་ཉེན་གེགས་ཆེ་བ་ཞིག་འདུག་པ་འདི་ལ་ལྟོས་བཅས་བསོད་ནམས་སུ་ཞབས་པད་བརྟན་པ་ཙམ་བྱུང་ན་དེ་ནས་རེ་ཞིག་འཚུབ་གསལ་བ་རང་མ་བྱུང་བས་དགའ་རབ་ཡོང་ལ་ཆེ་བ་དང་། གཞི་ནས་ད་རེས་ཀྱི་རྟེན་བབས་དེ་བཞིན་གྲིབ་ངོ་དང་གདོན་ངོ་གཉིས་ཀ་ཆེ་བ་དང་འཕྲལ་རྐྱེན་ནི་གྲིབ་ཅན་ཞིག་གི་བསྲུང་མ་ནོན་པས་གཡེལ་བ་དང་། ཡོ་བྱད་ཀྱི་རྗེས་འབྲང་རྒྱལ་པོས་སྣ་དྲངས་གཟའ་གདོན་མངོན་གྱུར་དེ་བཞིན་ཡིན་འདུག་པ་དང་དེ་རྗེས་བསྐྱར་མ་རྣམས་ཀྱང་རྒྱལ་པོའི་འབྲང་དང་མི་ངོ་གསར་གྱི་རྐྱེན་བྱས་པ་རང་དུ་འདུག་པས། སྐུ་རིམ་འཕྲོད་བཞེས་གནང་བའི་ལོང་ཡོད་པ་བྱུང་འདུག་དགའ་རབ་ཡོང་ལ་ཆེ་ཡང་ལར་ནས་གཟའ་གདོན་གྱིས་ཉེན་པ་འདི་རིགས་རང་བཞིན་གྱི་ལས་སུ་གྲུབ་པ་ཞིག་ཡིན་ན་ནི་བཅོས་ཀྱང་ཕན་པ་མི་འབྱུང་མོད། འཕྲལ་རྐྱེན་ཡིན་ན་འཕོག་མ་ཐག་བཙོན་འཛིན་དང་དེ་རྗེས་མེ་ཆུ་འཕོག་པ་སོགས་ལ་གཞིགས་པའི་རྫས་སྔགས་ཀྱི་བཅོས་ཀ་རྟེན་འབྲེལ་གདོན་འགྲོལ་སོགས་ཀྱིས་མོད་ལ་གདོན་གྱིས་བཏང་བ་ཞིག་བྱུང་ཕྱིན། དེར་བརྟེན་ན་རྐྱེན་མེད་པར་སངས་དྲག་གིས་སླར་ཟོན་སྐྱོར་བསྲུང་བ་ཙམ་ལས་མི་དགོས་པ་ཞིག་ཡོང་གི་འདུག་ཀྱང་། དེ་ལྟར་གདོན་ལས་འཕྲལ་གྲོལ་མ་བྱུང་ན་ནད་གདོན་རྩར་གྲམས་ཉམས་ཀྱིས་ཕྱིས་རིམ་བདེ་ཙམ་ལས་གཞི་མེད་ཐང་ཐུབ་ཅིག་མི་ཡོང་འདུག་པ་ལྟར་ད་ལྟ་ཕན་དྭངས་བསྐྱེད་ཆེར་མ་བྱུང་བ་དེ་བཞིན་བློ་ཁོལ་སེམས་འཛངས་ཆེ་བ་རང་ཞིག་འདུག་པ་ནས། ད་ཆ་སྔགས་པ་ནུས་ལྡན་ཐབས་བཅོས་མཁས་པའི་རིགས་ཀྱང་འཕྲལ་དུ་ཕན་ངོ་ཡོད་པ་དཀའ་བ་བཞིན་བརྟག་པར་ཡང་འདི་ཕན་གྱིས་དམིགས་བྱེད་པ་མ་ཤར་བ་དང་། སྨན་པ་ནི་ད་ལྟ་སྐུ་ལ་བཅར་བཞིན་པ་དེ་ག་ལས་གཞན་འཕྲོད་པའི་ངོ་མ་བྱུང་ཞིང་། དེས་ན་སྐུ་རིམ་གྱིས་ཕན་པ་ཅི་ཡོང་གི་ཐབས་བློས་གསོད་མ་ནུས་གཤིས་རང་བློའི་ཤར་ཚོད་འདི་བཞིན་གྱི་དམིགས་འགྱུར་ཡོང་ལ་ཆེ་བ། ད་ཆ་སྔགས་པ་དང་སྨན་པར་མ་ཟད་ད་ལྟ་སྐུ་ལ་གང་བཅར་ལས་ངོ་གསར་གྱི་རིགས་ལ་ཞལ་མཇལ་མེད་ངོས་བླ་མ་བགྲེས་གཞོན་ལྟ་བུའི་ཕྱག་རྡོར་དང་རྣམ་


MLP013_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་ལྟ་བུའི་ལྗགས་བསྙེན་སོང་ན་དང་། དེ་མིན་ཡི་དམ་གང་རིགས་ཀྱི་བསྙེན་སོང་དམ་ཚིག་གཙང་བ་ཞིག་གིས་ཕྱག་ལེན་གནང་བའི་ཐོག་མར་འབྱུང་བཞི་ལྟ་བུའི་ཆབ་གཏོར་སྐུ་གླུད་དང་བཅས་པ་ཞིག་ས་མཚམས་སྒྲོལ་བའི་བར་དུ་གནང་རྗེས། རྣམ་འཇོམས་བྱབ་ཁྲུས་ཀྱི་བཅའ་གཞི་སྤྱི་མཐུན་དུ་བསྒྲིགས་བདག་བསྐྱེད་བུམ་བཟླས་འདས་གཏོར་དང་འཇིག་རྟེན་པའི་གཏོར་མ་ཆ་གསུམ་སྔོན་དུ་འགྲོ་བས། ཐོག་མར་སྐུ་ལ་བགེགས་སྦྱོང་ཞི་བ་ཕྱེད་དྲག་པོའི་སྦྱང་བས་བགེགས་བསལ་རྗེས་སྤོས་དཀར་ནག་སྔགས་ཀྱིས་བཏབ་པ་ཁ་བྱང་བཞིན་ཤངས་བུག་གཡས་སུ་སྤོས་དཀར་དང་། གཡོན་དུ་གུ་གུལ་གྱིས་བདུག་ཅིང་མི་བདུག་པའི་ཕྱོགས་ཀྱི་ཤངས་བུག་དར་རས་ལྟ་བུས་དགག་པ་གནང་། དེ་སྐབས་དུད་པ་སོ་སོ་ལ་བརྟེན་ནས་རཱ་ཧུ་ལ་དཀར་པོ་དང་ནག་པོས་རང་གི་དུག་རླངས་ནས་སླར་ཕྱིར་འཐོན་པར་དཔོན་སློབ་གཉིས་ཀས་བསམ་ཞིང་། ༀ་ཏུཾ་པོ་ལི་ཏུཾ་པོ་ལི་སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ། ཞེས་པ་ནན་ཏན་དུ་བཟླ། དེ་རྗེས་གུར་གུམ་འདི་ལ་དུག་འབྱིན་གྱི་སྔགས་མང་དུ་བཏབ་ཡོད་པ་རྣམ་འཇོམས་ཀྱི་བུམ་ཆུ་དང་མཉམ་དུ་བཀྲུ་བ་དང་བྱབ་པ་དང་བསྲུང་བའི་བར། གཞུང་གི་ཆོ་ག་ལྟར་གནང་རྗེས་བཞེས་ཡིག་ལེ་ཚན་གཉིས་པོ་ནས་རེ་རེ་མར་གྱིས་དྲིལ་བ་དང་བསྲུང་རྫས་རིལ་བུ་འདི་ནས་གཅིག་ཞལ་དུ་བཞེས། དེ་རྗེས་སྐུ་བསྲུང་ལ་གྲིལ་མ་འདི་གཟའ་ལ་ཆེད་དམིགས་དང་འདི་ཀུན་ཐུབ་ཡིན་པ་སྐུ་ལ་བཅངས། མེ་ལོང་དར་ཚན་ཅན་འདི་གང་དུ་བཞུགས་པའི་ནམ་མཁའ་མཐོང་བའི་སར་འདོགས་ཤིང་། ཁྱད་པར་དྲང་སྲོང་རྒྱུ་དུས་དང་སྦྱར་ནས་ཚེས་བཞིའི་སྲོད་ལ་ཤར་དུ་རྒྱུ། དེ་བཞིན་དུ་བརྒྱད་ཀྱི་སྔ་དྲོ་ནུབ་བྱང་། བཅུ་གཅིག་གི་སྲོད་ཡོལ་ལ་ལྷོར། བཅོ་ལྔའི་ཉི་བྱེད་ལ་བྱང་ཤར་དུ། བཅོ་བརྒྱད་ཀྱི་ནམ་ཕྱེད་ལ་ནུབ་ཏུ། ཉི་ཤུ་གཉིས་ཀྱི་ཉི་མ་ཕྱེད་ཡོལ་ལ་ཤར་ལྷོར། ཉེར་ལྔའི་སྐྱ་རེངས་ཤར་བ་ལ་བྱང་དུ། ཉི་ཤུ་དགུའི་མྱུར་སྨད་ལ་ལྷོ་ནུབ་ཏུ་རྒྱུ་བའི་དབང་དུ་བྱས་ནས་དུས་དེར་དྲང་སྲོང་གི་གཏོར་འབུལ་ཟུར་དུ་ཕུལ་བ་འདི་ནང་བཞིན་བཤམས་ནས། བདག་བསྐྱེད་ཕྱག་རྡོར་རྣམ་འཇོམས་གང་འོས་དང་མདུན་བསྐྱེད་ནས་བཟུང་རྗེས་གཏོར་འབུལ་གྱི་བར་བཏང་རྗེས་གཏོར་མ་ཚེས་བཞི་ལ་ཤར་དུ་རྒྱུ་
བའི་ཚེ་གཏོར་མ་ཁ་ནུབ་ཏུ་དུས་དེ་ཉིད་དུ་འབུལ་བས་མཚོན། གང་དུ་རྒྱུ་བའི་ཕྱོགས་ལོག་ཏུ་གཏོར་མ་དུས་དེ་ཉིད་དུ་འབུལ་བ་དང་བཞེས་ཡིག་རྫས་རིལ་དང་བཅས་པ་དང་སྔགས་ཀྱི་ཆབ་ལྗགས་ཐོག་ཏུ་འབུལ་བ་རྣམས་བསྟར་ཆགས་གནང་བ་དང་། རྒྱུན་གྱི་སྤྱོད་ལམ་ཉི་ཟླའི་ཟེར་དང་ནམ་མཁའི་མཐོངས་གསལ་སྤང་། ཤ་དམར་སོགས་མི་གཙང་བའི་གྲིབ་ཅན་དང་རོལ་མོའི་སྒྲ་སོགས་འཛེམ་ཞིང་གཙང་སྦྲ་ལ་ཅི་གནས་གནང་བ་དང་། སྐབས་སྐབས་སུ་རྣམ་འཇོམས་ཀྱི་བྱབ་ཁྲུས་ཀྱང་གནང་། སྤྱི་ཁྱབ་དཔུང་བསྐྱེད་ཀྱི་སྐུ་རིམ་རྟེན་བྱིན་ཅན་ལ་ཞལ་གསེར་མཆོད་འབུལ་དང་འབྲེལ་བར་དགེ་སློང་ཐུགས་བསམ་དག་པ་གཙོར་བསྡུས་ཀྱིས་སྨན་བླ་དང་འབྲེལ་བའི་གསོལ་འདེབས་ཅི་འགྲུབ། གཞན་ཡང་སྒྲོལ་མ། ཤེར་སྙིང་འབུམ་ཐེར། བརྒྱད་སྟོང་བརྒྱ་རྩ། བཀའ་འགྱུར་ཚར་གཅིག །བདེ་མཆོག་ཕག་མོ་ལྟ་བུའམ་གུ་རུའི་ལས་གཞུང་གང་རིགས་དང་སྦྱར་བའི་ཚོགས་བརྒྱ་དང་བསྟེེན་པའི་ལྷ་བསྲུང་རྣམས་ལ་བསྐང་བ་གསོལ་མཆོད། ཞི་བའི་སྦྱིན་སྲེག་ཁྲི་ཚར། འཆི་ངེས་སེམས་ཅན་གྱི་སྲོག་བླུ། ངན་སློང་ལ་སྦྱིན་གཏོང་། སཱཙྪ་འབུམ་ཚོ་འདེབས་པ་རྣམས་གནང་ན་དམིགས་འགྱུར་ཡོང་ལ་ཆེ་བ་དགོངས་གཅགས་དང་། བཀའ་ཕེབས་བཞིན་དམ་རྫས་ལེ་ཚན་ཡང་ཁ་བྱང་གིས་མཚོན་པ་ལྟར་ཕུལ་ལགས་པ་སྤྱན་སྔར་སྨིན་ངོས། རིས་མེད་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་བརྩེ་བས་མི་གཡེལ་བའི་དགོངས་པ་གཏོད་པར་གསོལ་བ་འདེབས་པ་ལགས།

དད་ལྡན་གྲ་ལྔ་དོན་འགྲུབ་ལ་སྤེལ་བ།


MLP013_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༈ དད་ལྡན་གྲ་ལྔ་དོན་འགྲུབ་ལ་སྤེལ་བ། ལགས། ཉིད་སྔོན་གྱི་དགེ་བའི་ས་བོན་སད་པས་རྣམ་དཀར་གྱི་ལས་ལ་ངོམ་པ་མེད་པའི་ཐུགས་ཀྱི་གཏན་པ་མི་ལྷོད་ཀྱང་། དཔོན་ཁུང་གིས་གཟིགས་པ་ཡངས་པའི་ཁྲིམས་གཉིས་ཀྱི་བྱེད་པོར་བཀས་གནང་བ་གནས་སྐབས་ཐུགས་བྲེལ་འགངས་ཆེའི་གཡེངས་རྐྱེན་གྱིས་ཉམས་བཞེས་རང་དབང་དུ་སྤྱོད་པ་དཀའ་བར་མཆིས་ན་ཡང་། ལྷག་པའི་བསམ་པ་བརྟན་པོར་བཟུང་ན་ཕྱག་ལས་ཀྱི་འཇུག་སྒོའང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཆེ་བའི་དངོས་རྒྱུར་ཆེ་བ་ཡིན་ཏེ། སྙིང་རྗེ་ལྡན་ཕྱིར་བྱམས་ཕྱིར་དང་། །སེམས་


MLP013_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་དང་། སངས་རྒྱས་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་གསུངས་པས་སྤྱིར་སྔར་ཟབ་ལམ་གྱི་སྒོ་མཐའ་མ་འགགས་པ་གསན་པའི་གནས་ལུགས་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ལྟ་བས་སྲོག་བཟུང་། ནང་རེ་བཞིན་རྩལ་སྣང་འགག་པ་མེད་པའི་སྙིང་རྗེ་ཆེན་པོས་དེ་རིང་གི་གནས་སྐབས་སུ་བྱ་བཞག་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་ལ་ཕན་པ་འབའ་ཞིག་བགྱིད་དོ་སྙམ་པའི་བསམ་པ་བཟང་པོས་བཟུང་ན། དེ་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འཇུག །ཅེས་བྱང་ཆུབ་སེམས་ཀྱིས་རྒྱས་བཏབ་པས་ཉིན་གང་གི་བྱ་བ་ལོག་ལྟ་སོགས་སྡིག་པ་མི་དགེ་བ་ཚན་པོ་ཆེས་བར་མ་ཆོད་ན་དགེ་བ་རྒྱུན་ཆགས་སུ་གསུངས་པ་དང་། ཁྲིམས་ཀྱི་ཞལ་ལྕེ་གཅོད་པའི་ཚེ་ཡང་ཉེས་ཅན་རྣམས་ལ་བྱམས་པའི་མས་བུ་སྡུག་གཡང་ཁར་འཕྱན་པ་འཐབ་བརྡེག་སོགས་སྤྱོ་བས་བསྡིགས་པ་བཞིན་དུ་འཕྲལ་གྱི་ཉེས་པའི་སྒོ་དེ་ཉིད་འགོག་པ་ཙམ་ལས། ཕུགས་བསམ་བཟང་གི་འདུན་པས་མ་བོར་བ་ཉིད་ཀྱིས་གང་འཁྱོངས་དང་ཉེས་ཅན་ཆད་པས་གཅོད་འོས་རྣམས་ཀྱང་འཕྲལ་དུ་ངན་སྤྱོད་དེའི་གོ་འགེགས་ཙམ་ལས་ཕུགས་བྱམས་པས་གཏོང་སེམས་མེད་ན་དགེ་བའི་རྩ་བ་མི་ཆད་པར་གསུངས་འདུག །དེས་ན་རྒྱལ་ཁྲིམས་ཀྱི་བྱ་བ་གང་ལ་ཡང་བསམ་པ་བཟང་པོས་གཞི་བཟུང་སྦྱོར་བ་ཅི་སྙོམས་བསྙེན་བསྲིང་མི་མངའ་བ་ཞིག་མཛད་པས་ཚུལ་དེ་དགེ་བའི་ལས་ཐབས་སུ་བསྒྱུར་ཐབས་ཤོགས་ཆེ་བར་མ་ཟད། དེ་དག་གི་གསེང་དབར་རྣམས་སུ་སྤྲོས་བཅས་སྤྲོས་མེད་ཀྱི་བཟླས་སྒོམ་སོགས་ཀྱང་ཅི་ནུས་སུ་བོགས་གང་ཆེ་དང་། འདུན་མའི་རྩ་བ་ཡང་དགེ་སྦྱོར་མཛད་པ་དེ་ཐམས་ཅད་འཕྲལ་གྱི་ནད་གདོན་ཞི་བ་དང་ལོངས་སྤྱོད་རྒྱས་པ་སོགས་ཀྱི་ཆེད་དུ་དམིགས་ན་རིན་ཐང་དང་བྲལ་བའི་ཡོ་བྱད་བཟང་པོ་དོན་ཆུང་ངུ་ཙམ་གྱི་ཆེད་དུ་བཏང་བ་ལྟར་ཆུད་ཟོས་སུ་འགྲོ་བས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆབས་ཅིག་


MLP013_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒྲུབས་ན་འབྲས་ལོ་ལེགས་ན་རྩྭ་ཕུག་ཞོར་ལ་འབྱུང་བའི་དཔེ་ལྟར་དོན་ཆེན་པོར་འགྱུར་བར་མཁྱེན་པས་ཆོད་པ་ལྟར་དང་། རྒྱུན་ཆགས་ཀྱི་གཏོར་མའི་གཤོམ་ཚུལ་ཉིད་རང་གི་མཛད་ཚུལ་བཞིན་སོ་སོར་སྒོས་ཅན་དུ་འབྱོར་ན་ལེགས་པ་གཞིར་བཅས་དེ་ཙམ་མ་འབྱོར་ཡང་རྒྱུན་གཏོར་ཙམ་ལ་བླ་མ་ཞི་དྲག་གཉིས་གཅིག་ཏུ་བསྡུས། ཐུགས་རྗེ་ཆེན་པོ་ཡི་དམ་སྤྱི་འདུས་སུ་ཞལ་བཞི་པ་དང་སྔགས་བསྲུང་མར་གཏོར་མ་སོ་སོ་རེ་དང་དེའི་འཁོར་དུ་གཏེར་བསྲུང་རྣམས་བསྡུས་ཀྱང་རུང་། ཤིན་ཏུ་བསྡུ་ན་བླ་མ་ཡི་དམ་རྣམས་བསྡོམས་པར་གཏོར་ཟླུམ་མཐེབ་ཀྱུ་བཞིས་བསྐོར་བ་གཅིག་དང་། ཆོས་སྐྱོང་སྤྱི་སྤུངས་སུ་གཏོར་མ་གྲུ་གསུམ་པ་ཞིག་ལ་ལྷ་གྲངས་དང་མཉམ་པའི་མཐེབ་ཀྱུས་བསྐོར་བར་འབུལ་གཏོར་དུ་བྱས་པའམ། རྒྱུན་གཏོར་རྐང་ཚུགས་སུ་ཡོད་ན་སྔོན་ནས་མཐེབ་ཀྱུ་འདུ་བྱས་པ་ནུབ་རེ་བཞིན་རེ་རེ་སྦྲན་པས་ཀྱང་ཆོག །གཞན་སྨན་རཀ་མཆོད་པ་སོགས་ཕྱག་བྲིས་སུ་འཁོད་པ་ལྟར་ཤིན་ཏུ་ལེགས་པ་འདུག །ཐུགས་བྲེལ་ཤིན་དུ་ཆེ་བའི་སྐབས་ཐུགས་དམ་གྱི་སྙིང་པོ་ཐུགས་རྗེ་ཆེན་པོ་ཡིན་གཤིས་དེའི་བཟླས་པ་གྲུབ་མཚམས་སུ་ལྷའི་སྣང་ཆ་འོད་གསལ་དུ་བསྡུས་ནས་བླ་མ་ཞི་དྲག་སོགས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་དེ་དང་དེའི་བཟླས་པ་གང་འོས་རེ་མཛད་རྗེས་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་གཏོར་འབུལ་གྱི་བར་དང་། དེ་ནས་ཁྲིད་ཀ་རྣམས་སྐྱོང་དུས་སྔོན་འགྲོའི་དམིགས་སྐོར་རྣམས་སོ་སོར་མ་བྱུང་ཡང་ཉམས་ལེན་བདེ་བ་ཞིག་གིས་རྐང་དྲིལ། གཙོ་བོར་སྒོམ་མཁན་གྱི་ཤེས་པ་རང་རིག་རང་གསལ་རང་ངོ་ཤེས་ཙམ་དུ་སྐྱོང་བ་དང་། རྩལ་སྣང་མ་འགགས་པའི་སྣང་ཆ་སྒྱུ་མ་རྨི་ལམ་ལྟར་ཤེས་པས་མཐའ་དཔྱད་པའི་ངང་ལ་མཉམ་པར་ཀུན་ཏུ་སྐྱོང་བ་ཐུགས་དམ་གྱི་གཙོ་བོར་བཟུང་བས་དགོངས་པ་འགྲུབ། ཐུགས་ཐིག་གི་ཚེ་སྒྲུབ་ཧྲཱིཿགཅིག་མ་འདི་སྤྲོས་མེད་ཀུ་སཱ་ལིའི་ཉམས་ལེན་སྙིང་པོར་དྲིལ་བ་ཡིན་པས་འདི་ལ་འདོན་ཆ་སོགས་ཀྱི་སྤྲོས་པ་ཞུས་ཀྱང་དགོས་པ་མེད་པས་ཐུགས་གཡེང་གི་རྒྱུ་ལས་མི་ཡོང་བས་གཏེར་གཞུང་བབས་བསྒྲིགས་པའི་ཉམས་བཞེས་བདེ་བ་ཡོང་ཁུལ་འདི་བཞིན་དང་། སྲོག་རྟེན་གསར་བཟོས་རབ་གནས་དང་བཅས་ནུས་ལྡན་དུ་བསྒྲུབས་པ་འདི་བཞིན་གང་གི་སྒྲུབ་པ་དང་བསྟུན་
སྐུ་ལ་བཅང་བ་དང་། ཐུགས་རྗེ་ཆེན་པོ་དང་གུར་དྲག་གཉིས་ལ་རྒྱུན་གྱི་ལས་བྱང་སྙིང་པོར་དྲིལ་བ་སྔར་བརྩམས་འདི་བཞིན་ཡང་ཕུལ་ཡོད་གང་ཅིའི་དགེ་སྦྱོར་གནང་ལུགས་དེ་ག་ནས་ཆོས་མཛད་ཕྲིན་ལས་སུ་གནང་བའི་ཐོ་ནང་ཇི་བཞིན་གནང་བ་རང་གིས་ཁྱབ་འདུག་ལགས་པ་དགོངས་གཅགས་ཞུ།

རྣམ་སྤྲུལ་རིན་པོ་ཆེར་ཕུལ་བ།


MLP013_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྣམ་སྤྲུལ་རིན་པོ་ཆེར་ཕུལ་བ། རང་གཏེར་ཉམས་ལེན་གྱི་སྙིང་པོ་བསྐྱེད་རྫོགས་ལམ་རིམ་དུ་སྒྲུབ་ཚུལ་སྐུ་གསུམ་སྒྲུབ་པ་ཁོ་ན་ཡིན་པ་གོང་མ་རྣམས་ཀྱི་དགོངས་པ་བཞིན་གནང་ཐུབ་གེགས་མེད་མཐར་ཕྱིན་ཤིན་ཏུ་ལེགས་ཚོགས་ཆེ་བ་དང་། རྩ་བའི་གཞུང་པྲ་ཁྲིད་རྣམས་ཀྱི་དངོས་བསྟན་ལས་གཞན་པའི་ཕྱག་ལེན་ཕྲ་མོ་རྣམས་ཤུགས་ལས་དགོངས་པ་རྣམས་ནི་སོ་སོའི་ཉམས་ལེན་གང་ལ་གོམས་པ་དེའི་འགྲོས་དང་སྦྱར་བ་ལས། ཡིག་རིས་སུ་འཁོད་པ་འདྲ་ཡང་མི་འདུག་པས་སྔ་སོར་ཉམས་བཞེས་གང་གནང་དེ་ལས་ལྷག་པ་མ་མཆིས་ཤིང་དེ་ཡང་རྩ་བའི་སྲོག་སྤྲུལ་སྐུའི་སྒྲུབ་པ་ནི་ཕྱི་སྒྲུབ་བསྙེན་པའི་ལས་ཏེ་མོས་གུས་སྙིང་པོར་བཟུང་ནས་གསོལ་འདེབས་ལྟར་བྱ་བ་དང་། ལོངས་སྐུའི་སྒྲུབ་པ་ནི་ནང་སྒྲུབ་སྒྲུབ་པའི་ལས་ཏེ་རྡོར་བཟླས་དང་སྦྱར་ནས་བདག་བྱིན་བརླབས་པ་ལྟར་བྱས་པ། ཆོས་སྐུའི་སྒྲུབ་པ་ནི་གསང་སྒྲུབ་སྒྲུབ་པ་ཆེན་པོའི་ལས་ཏེ་སྤྲོས་བྲལ་མཉམ་ཉིད་རྫོགས་པ་ཆེན་པོའམ་དགོངས་པ་སྐྱོང་བ་ཉིད་སྙིང་པོར་གསུངས་པ་ལས། གསུམ་གའི་རྟགས་དུས་གྲངས་ཅི་རིགས་པ་སོང་མཚམས་སྤྲོས་པ་ཆེ་ཆུང་ལ་རག་མ་ལུས་པར་དངོས་གྲུབ་ལེན་པའི་ཚུལ་རེ་འབྱུང་བ་ལས་ཁྱད་པར་སྒྲུབ་པ་གྲོལ་སྐབས་ཀྱི་དངོས་གྲུབ་ལེན་ལུགས་ནི། ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་རྙིང་པ་རྣམས་གསོ་ཞིང་གསར་པ་རྒྱ་ཆེར་བཤམས། སྒོམ་རིམ་དཀྱུས་དང་འདྲ་བ་ལས་མདུན་གྱི་བླ་མའི་སྐུ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་སྐུ་གསུམ་


MLP013_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གའི་སྔགས་བཟླ་བའམ་ཐ་དད་པ་སོ་སོར་བཟླས་ཀྱང་རུང་སྟེ། དངོས་ཀྱི་ལས་སྔགས་སིདྡྷིའི་ནི་སོ་སོའི་སྔགས་གཤམ་དུ་ཡོད་པས་ཟུར་དུ་འདོགས་མི་དགོས། བཟླས་པའི་ཚེ་མཚམས་གཅོད་པ་དང་གསོལ་འདེབས་གསུམ་ག་མ་ཡེངས་པར་བརྗོད། མཐར་མདུན་གྱི་བླ་མ་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་གྱུར་པར་བསམ། ཚོགས་མཆོད་གནང་ན་ལས་བྱང་བཞིན་ལྷག་གཏོར་ཡན་གཏོང་། དེ་བཞིན་དུ་སང་ཐོ་རེངས་ཀྱང་སྔར་དང་འདྲ། དེ་ནས་ནམ་ཐོ་རེངས་སུ་ཉེ་བ་ན་མཆོད་གཏོར་ཚོགས་འཁོར་སོགས་བཤམས་ནས་བླ་མའི་ལས་བྱང་བཟླས་པ་ཡན་ཆད་སོང་ནས་བྱ་བའམ་མ་སོང་ཡང་མཆོད་རྫས་བྱིན་བརླབ་ཡན་བླ་མའི་ལས་བྱང་བཞིན་སོང་ནས་བཤད་མ་ཐག་པའི་སྒོམ་རིམ་གསལ་བཏབ་ནས་བཟླས་པ་ཡང་དེ་ལྟར་དུ་བྱ། དེ་ནས་འབྱུང་པོ་ལྟ་ཉན་རྣམས་ཚར་གཅོད་པའི་ཕྱིར་དྲག་སྔགས་སྤོས་དུད་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ང་ནི་ཡེ་ནས་སོགས་སམ་བཛྲ་ཀྲོ་དྷ་རཀྴ་རཀྴ་སོགས་ཀྱིས་མཚམས་བཅད་ཅིང་བསྲུང་འཁོར་བསྒོམ། ལྷ་དང་འཁོན་གཅུགས་སྦྱངས་ཕྱིར། བླ་མ་ཡི་དམ་མཁའ་འགྲོ་དགོངས། །ཁྱེད་ནི་རྣམ་དག་དྲི་མ་མེད། །སོགས་དང་། ཡེ་ཤེས་སྐུ་མཆོག་དང་ཡིག་བརྒྱ་མང་དུ་བཟླས་ནས་བཤགས་པ་བྱ། འགྲོ་དོན་མཐར་ཕྱིན་པར་བྱ་བའི་ཕྱིར། ཧཱུྃ། བླ་མ་ཡི་དམ་ཌཱ་ཀིའི་ཚོགས། དུས་གསུམ་འབྲལ་མེད་དཀྱིལ་འཁོར་འདིར༔སོགས་ནས། ཏིཥྛ་ཧཱུྃ་ཞེས་པའི་བར་གྱིས་དམ་བཅའ། གཟི་བྱིན་བསྐྱེད་པའི་ཕྱིར། ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ཞེས་པ་ནས། ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿཞེས་དང་། སྔོན་བསྐལ་མ་སོགས་ཀྱིས་བྱིན་འབེབས་སྤོས་རོལ་དང་བཅས་པ་བྱ། དེ་ནས་སྔར་བཞིན་མདུན་དུ་བླ་མ་གསལ་བའི་སྐུ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་རང་ལ་ཐིམ་པའི་དམིགས་པ་དང་སྦྱར་ནས་ཛབ་གསུམ་པོ་དང་གསོལ་འདེབས་ཀྱང་སྔར་བཞིན་བྱས་ནས། བདུད་རྩི་གཏོར་མ་རཀྟ་གསུམ་གྱི་མཆོད་པ་ཕུལ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་འཁོར་ནས། །སོགས་ཀྱིས་དངོས་གྲུབ་ལེན་པ་ལན་གསུམ་སོགས་ཡིད་ཚིམ་པར་གསོལ་འདེབས་བྱས་པས་མདུན་གྱི་ལྷ་འོད་དུ་ཞུ་ནས་རང་གི་ཐུགས་སྲོག་ལ་ཐིམ་པས་ལྷ་དང་དབྱེར་
མེད་ཀྱི་དགོངས་པ་བསྐྱང་། དངོས་གྲུབ་ཀྱི་རྫས་བུམ་ཆུ་གཏོར་མ་ཚེ་རིལ་སོགས་རྫས་རྣམས་འཆི་བ་མེད་པའི་བདུད་རྩིར་བསམ་ནས་མྱང་བས་ཟག་མེད་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ལ་དེའི་ངང་ལ་མཉམ་པར་བཞག །དེ་ཉིན་ཚོགས་མཆོད་དང་ཆོས་སྐྱོང་གི་གཏོར་ཆོག་སོགས་ཀྱང་རྒྱས་པར་བྱ་ཞིང་ལས་བྱང་གི་མཐར་རྒྱས་བཀྲ་ཤིས་བསྔོ་སྨོན་རྒྱུན་སྤྱོད་བཅས་པ་དང་མཐོ་འགྲོལ་སོགས་སྤྱི་ལྟར་ཤེས་པར་བྱའོ། །

དད་ལྡན་བློ་བཟང་དགྲ་འདུལ་ལ་སྤེལ་བ།


MLP013_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

༈ དད་ལྡན་བློ་བཟང་དགྲ་འདུལ་ལ་སྤེལ་བ། སྔོན་གོམས་ཀྱི་རིགས་སད་པས་དབང་པོ་ཡོངས་སུ་སྨིན་པ་གཞན་དབང་གི་རྐྱེན་ཁ་རང་གི་མཐུས་གཅོད་པའི་ཆབ་ཤོག་ཞིབ་མོར་འཁོད་པ་འབྱོར་བས་སྤྲོ་བ་འཕེལ། ལས་རླུང་གིས་དཀྲུགས་པའི་རྣམ་སྨིན་གྱི་སྤྲིན་རུམ་ནས་བག་ཆགས་ཆོས་སུ་སད་པས་ཉི་མ་རབ་རིབ་ཏུ་གསལ་ཞིང་རེས་འགའ་དྲག་ཤུལ་གྱི་ཐོག་སེར་འབབ་པ་ལྟ་བུ་སྐབས་འགར་འདོད་སྲེད་ཀྱི་ཐན་པས་གདུང་བ་སྙམ་བྱེད་པའི་རྣམ་འགྱུར་རིས་སུ་མ་ཆད་པ་འཇའ་ཚོན་ལྟར་བཀྲ་ནས་ངོ་མཚར་གྱི་ག་ཞ་ཅི་ཡང་འཕེལ་བར་འགྱུར་མོད། ཅིར་སྣང་ཐམས་ཅད་ཀྱི་རྩ་བ་སེམས་ཡིན། སེམས་ཅི་ཡང་མ་ཡིན་ཞིང་གང་དུའང་མ་གྲུབ་པ་དེ་ཉིད་ཅིར་ཡང་འཆར་གང་དུའང་སྣང་བ་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་རྨི་ལམ་དང་སྒྱུ་མའི་འཁྲུལ་འཁོར་ལྟ་བུ་ལ་བདེན་འཛིན་ཨ་འཐས་ཀྱི་ཞེན་པས་ཅི་བྱ། སེམས་ཀྱི་གཤིས་ལ་འཁྲུལ་མ་འཁྲུལ་གཉིས་ཀ་ལ་ངོ་བོ་ལ་གྲུབ་པ་མེད་མོད། འོན་ཀྱང་སྟེང་རླུང་དང་འཁོར་བ་ཐོག་མེད་ནས་འགྲོགས་པའི་གཞན་དབང་གི་འཁྲུལ་པས་བསླད་པ་ཡིན། དེ་ལ་བཟོ་བཅོས་མེད་པར་རང་སར་བཞག་ན་རླུང་གི་རྙོག་མ་ཞི་ནས་དང་པོ་རང་རིག་ཏུ་རྗེན་པར་འཆར། དེ་ལ་མཐོང་ཚོར་འདུག་ན་ལྷོད་ཀྱིས་ཀློད། ཞེན་པ་འདུག་ན་རྦད་ཀྱིས་ཆོད། མྱོང་བ་འདུག་ན་ཤིག་གེས་བཤིག་དང་བློ་བྲལ་གྱི་ངང་གསལ་སྟོང་རྗེན་པ་དེ་ག་མ་ཡེངས་པའི་དྲན་པ་བསྟེན་པ་ལས་གཞན་ཅི་ཡང་མེད། སྟོང་པ་ཕྱལ་བ་བཏང་བ་དེ་བཅོས་མ་ཡིན་གཏོང་མཁན་དེ་ལ་
ཅེར་གྱིས་གཟིགས་དང་རྩ་བྲལ་རང་རིག་རྗེན་པར་འཆར་བར་འགྱུར་མོད། དེའི་ཚེ་དགེ་སྡིག་གི་བློ་དང་དམིགས་བཅས་དམིགས་མེད་ཐམས་ཅད་རོ་མཉམ་དུ་ཤིག་གེས་སོང་། དེ་ངོ་ཐོག་ཏུ་སླེབ་པ་ཡིན་པས་རེ་ཞིག་དེ་གས་དགེ་སྦྱོར་གྱི་མཚམས་སྦྱོར་མཛད་ནས་སྤྱོད་པ་མཐོ་དམའི་འགྱུ་བ་མི་བསྟེན་པར་ཁོང་གྲིམས་ཕྱི་ལྷོད་པས་ལེགས་ཉེས་ཀྱི་མཐའ་བརྟགས་ནས་མདོ་དོན་དཀར་ཕྱོགས་ལ་ཅི་འདྲིལ་དུ་མཛད། ཚེ་འདིའི་བྱ་བཞག་རང་དོན་ཡིད་བྱེད་འདི་ཁོ་ནས་མཆོག་དམན་མཐའ་དག་འཆིང་གི་གདའ་བས་སྐྱབས་དཀོན་མཆོག་གསུམ་ལ་བརྟེན་ནས་གཞན་ཕན་གྱི་བསམ་སྦྱོར་གཡམ་འཆལ་མིན་པ་ཞེ་ལ་བརྣགས་བསྟན་པ་དང་སེམས་ཅན་ལ་ཕན་བདེར་ཅི་འགྱུར་རང་གི་ཤེད་མོང་ཅི་ཡོད་ཀྱི་བྱས་རྗེས་དོད་པ་ཞིག་ཡོང་བ་མཛོད། སྡིག་ཅན་འགའ་རེའི་བསམ་སྦྱོར་ཕྲ་མོས་ཀྱང་བསྟན་འགྲོའི་ཕན་བདེ་ལ་གནོད་པ་སྣ་རེ་ཙམ་བྱུང་བའི་སྡིག་ལ་བསམ་ཡང་སྙིང་སྐྱུར་མོར་འགྲོ་ཞིང་ལས་འབྲས་ལ་རྟོག་པ་ཞིབ་མོར་འཇུག་ལྡོག་གཟབ་དགོས། ལྷག་བསམ་བཟང་པོ་དེའི་བོགས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་འཕྲལ་ཡུན་གྱི་ཁེ་ཉེན་ཞིབ་མོར་བརྟགས་པས་འདོན་དགོས། རྒྱལ་པོའི་ཆོས་ལུགས་ཁྲིམས་དྲང་པོ་ལུགས་མཐུན་དུ་སྐྱོང་བ་འདི་ཡིན་པས་དེའི་ཚུལ་རྣམས་བློ་ལྡན་ཁྱེད་ཀྱིས་མི་ཤེས་པ་མ་ཡིན་པས་ཤེས་ཤིང་ཁྱད་གསོད་ཡལ་བོར་མེད་པའི་ཕྱག་ལེན་ལ་ཐེབས་པ་ཞིག་མཛད་ན་སྤྱང་པོ་ཡིན་གྲུང་པོ་ཡིན། མདོ་དོན་དུ་ཆེ་བ་ཡིན་པས་དགོངས་འཚལ། ཞལ་གདམས་ཚིགས་བཅད་དུ་བགྱིས་ཀྱང་སྙིང་པོ་དེ་དག་ཏུ་མ་འདུས་པ་མ་མཆིས་པས་དགོངས་བདེ་གང་ཤར་དུ་སྤེལ་བ་ལགས།

སྤ་གྲོ་བླ་མ་རྟ་མགྲིན་དབང་རྒྱལ་གྱི་དྲི་ལན།


MLP013_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤ་གྲོ་བླ་མ་རྟ་མགྲིན་དབང་རྒྱལ་གྱི་དྲི་ལན། འཕོ་བའི་མན་ངག་གི་དགོས་དོན་ནི། འཆི་བ་དྲན་པས་རྒྱུད་འཁུལ་བ་ཡིན་གཤིས་དགེ་སྦྱོར་གྱི་བསྐུལ་མར་འགྲོ་བ་ཞིག་དགོས་ལ། འཕོ་བ་རབ་སེམས་གནས་ལུགས་ཀྱི་རང་ཐོག་ཏུ་འཇོག་པ་དེ་ཡིན་ཞིང་། དེའི་དོན་འཁོར་མོར་བསྐྱངས་པས་འཆི་དུས་ཀྱི་ཐིམ་རིམ་ངེས་ཅན་གྱི་མཐར་འཆར་བའི་འོད་གསལ་དེ་ཉིད་ལམ་དུ་ལོངས་


MLP013_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བས་རབ་ཆོས་སྐུར་འཕོ་བ་ཟེར། སྨོན་ལམ་གྱི་འཕེན་པས་མཚམས་སྦྱར་ནས་ལྷག་པའི་སྐུ་གསུང་ཐུགས་ཀྱི་དག་སྣང་ལ་རྩལ་སྦྱངས་པས་བར་དོའི་སྲིད་པ་དག་སྣང་དུ་འཆར། འདི་ལ་མཁའ་སྤྱོད་གྲུབ་པ་སོགས་སྲིད་པར་གསུངས་འདུག །ཐ་མ་སྦྱངས་ཏེ་འཕོ་བ་ལ། ད་ལྟ་སྦྱོང་དུས་སུ་འདི་ལྟར་བྱ་བ་ཡིན་ཏེ་སྔོན་འགྲོ་ཐུན་མོང་གི་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས་རང་ལུས་ཡི་དམ་གང་བྱེད་དེའི་སྟོང་རའི་དབུས་སུ་རྩ་གསུམ་གསལ་བཏབ། མགྲིན་པར་ༀ་དཀར་པོ། ལྟེ་འོག་གི་ཨེ་གནས་སུ་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སྐུ་ལྔ་མི་ཤིགས་པའི་ངོ་བོར་གསལ་བཏབ་རླུང་རོ་ཁ་སྦྱར་བ་སྔོན་དུ་བཏང་ནས་མཉམ་རྒྱུའི་ངང་ནས་ལྟེ་འོག་གི་ཨཱཿལ་བུམ་པ་ཅན་ཁ་སྦྱར་དུ་འཛིན། རླུང་ཕྱིར་འབྱིན་ཚེ་ལྟེ་བའི་ཨཱཿསྙིང་གི་ཧཱུྃ་ལ་ཐིམ། ཧཱུྃ་མགྲིན་པའི་ༀ་ལ་ཐིམ། ༀ་སྤྱི་བོའི་ཚངས་བུག་གི་བར་དུ་བསྐྱལ། རླུང་མི་བདེ་བ་མེད་ཀྱི་བར་ཕྱིར་མནན། ཤེས་པ་དམིགས་མེད་དུ་བཞག །སླར་རླུང་ནང་དུ་རྔུབས་པའི་ༀ་མགྲིན་པའི་བར་དུ་སླར་བྱུང་། དེ་ལས་ཧཱུྃ་སྙིང་གར་ཆད་དེ་ལས་ཨཱཿལྟེ་འོག་གི་རང་གནས་སུ་གནས་པ་ལ་སེམས་བཞག་ནས་བུམ་ཅན་ཁ་སྦྱར་ནས་རང་བཞིན་བསྐྱངས། ངལ་གསོ་བའི་ཚེ་རླུང་འབྱུང་འཇུག་རང་ག་ལའང་དམིགས་པ་སྔ་མའི་རྩལ་སྦྱོང་། འདི་ལས་རླུང་སྟོད་དུ་རེངས་པའི་རྣམ་པ་བྱུང་ན་འབེབས་བྱ་ཞིང་ལྟེ་བའི་ཨཱཿགསང་གནས་ཀྱི་བར་དུ་ཕབ་ནས་བུམ་ཅན་གསང་བར་འཆང་དམིགས་པ་འོག་ཏུ་གཏོད། འཕོ་བའི་རྟགས་བྱུང་ནས་དམིགས་པ་མ་བརྗེད་ཙམ་སྐབས་སུ་སྦྱང་བ་ལས་ཧ་ཅང་བརྩོན་པ་མི་བྱེད། ལས་ལ་སྦྱོར་ཚེ་ཕྱི་ནང་གི་ཆགས་ཞེན་བཅད་སྨོན་ལམ་གྱི་འདུན་པས་མཚམས་སྦྱར་སྤྱི་བོའི་ནམ་མཁར་བླ་མ་དང་ཡི་དམ་ཐ་མི་དད་པར་བཞུགས་པར་བསམ་ཞིང་ཚངས་བུག་གི་སྒོ་བསལ་ནས་ལུས་ཀྱི་དཀར་དམར་རླུང་གསུམ་གྱི་ཁམས་ཐམས་ཅད་ཡི་གེ་གསུམ་ལ་བསྡུས་ནས། ཧིཀ་དྲག་པོར་བརྗོད་ཅིང་ཡི་གེ་གསུམ་སྔར་བཞིན་གྱེན་དུ་སྤར་བའི་ཐིག་ལེ་གཅིག་ཏུ་གྱུར་པ་སྐར་མདའ་ལྟར་སྤྱི་བོའི་བུ་ག་ནས་འཐོན་བླ་མའི་ཐུགས་ཀར་འཕོ་དམིགས་མེད་སྤྲོས་བྲལ་གྱི་ངང་བསྐྱང་ངོ་། །འདི་ནི་འཕོ་བའི་མན་ངག་ཟབ་པ་ཞིག་ཡིན་པ་དང་གཏེར་གསར་ཐུགས་རྗེ་ཆེན་པོ་དང་རྡོར་སེམས་ཀྱི་འཕོ་
བ་གཞུང་རྩ་བ་དང་དམིགས་རྐང་ངག་འདོན་དུ་བྱས་པ་འདི་བཞིན་སྔར་ཁྱེད་རང་གི་གསན་ཚོད་ཡིན་པ་བཞིན་དཔེ་འདི་ཐོག་ནས་ཉམས་བཞེས་མཛད་ན་ཡང་དོན་ལྡན་བཞེད་པ་འགྲུབ་པ་ཡོང་ལགས།

གཙང་རོང་བོན་ལུང་པའི་དྲི་ལན།


MLP013_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཙང་རོང་བོན་ལུང་པའི་དྲི་ལན། མཆོད་རྟེན་གྱི་གཟུངས་འདི་བཞིན་འབུལ་བའི་གོ་རིམ་མཁྱེན་ཕྱིར་གཟུངས་སྔགས་ཆ་ཚང་བ་ཞིག་མ་བསྒྲིལ་བ་ཕུལ་བའི་བཀའ་ཐོ་དང་བསྟུན་གཟུངས་བསྒྲིལ་རྣམས་འབུལ་ཚུལ་ཟུར་ལྟར་དང་། ཆོས་འཁོར་སོགས་རྩེ་མོར་འབུལ་རྒྱུའི་གཟུངས་རྣམས་དེ་དང་དེར་མ་ཤོང་ན་བུམ་པ་ཡན་ཆད་དུ་གཙོ་འཁོར་གྱི་ཚུལ་དུ་སྟོད་མ་རྣམས་དབུས་འོག་མ་རྣམས་རིམ་བཞིན་དེའི་ཕྱིར་འབུལ་བ་གནང་བས་ཆོག །སྲོག་ཤིང་མཆོད་རྟེན་གྱི་ཆེ་ཆུང་མ་ཤེས་པས་འདི་ནས་ཕུལ་ཆོག་མ་འབུལ་མ་ཐུབ་པས་གཅིག་པོ་འདི་དཔེ་ཙམ་དུ་ཕུལ་བ་དེ་གར་རབ་ཙནྡ། ཐ་ནའང་ཤུག་པ་ལྟ་བུ་ལ་བཟོ་བ་གནང་ངོས། རིང་ཐུང་འོད་ཟེར་དྲི་མེད་ཀྱི་ཆོ་གར་བུམ་རྟེན་ཡན་ཆད་དུ་བཤད་ཀྱང་མཆོད་རྟེན་ཆུང་ཆུང་གི་རིགས་ལ་རྨང་དགེ་ཡན་ཆད་དུ་མཛད་སྲོལ་འདུག་ཅིང་། བྱིན་རྟེན་མཆོད་རྟེན་རེར་དེ་བཞིན་གཤེགས་པའི་འཕེལ་གདུང་རེ་དང་གནས་ཆེན་ས་སྣ་ལ་ངེད་རང་གི་ལག་བརྡར་གྱིས་བཏབ་པའི་པར་སྐུ་རེ། དེ་ཕྱིན་བྱིན་རྟེན་སོ་སོར་བགོ་བཤའ་གནང་ནས་འབུལ་ཞིང་གནོད་སྦྱིན་འཁོར་ལོ་འདི་རྣམས་སེང་ཁྲིའི་གཤམ་དུ་སྟེང་འོག་དང་རྒྱབ་མདུན་མ་ནོར་བར་འབུལ་ཞིང་། དེའི་མཐར་ཤ་ཆང་སྒོག་བཙོང་མ་གཏོགས་པའི་ཟས་སྣ་དང་དར་ཟབ་རིན་ཆེན་སྨན་སྣ་སོགས་ཀྱིས་བཅེར་ཏེ་འབུལ་ལུགས་ཞུ།

ས་སྐྱ་བདག་ཆེན་གྱི་དྲི་ལན།


MLP013_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྐྱ་བདག་ཆེན་གྱི་དྲི་ལན། ལགས། དམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཟིགས་ཡུལ་དུ་མ་གྱུར་པ་ཞིག་རྨོངས་པ་བདག་ལྟའི་ཞུ་སྤོབས་མ་མཆིས་རུང་། འདི་ལོ་ཟླ་བ་དང་པོ་ནས་སྐུ་ཁམས་མ་བདེ་བ་ཇེ་དྭངས་མེད་པའི་བབས་ཡུལ་དེ་བཞིན་སེམས་འཁོལ་ཆེ་བ་དམ་སེལ་འཁོན་གྲིབ་
རྒྱལ་པོས་སྣེ་བསླང་བའི་འཚུབ་ངོ་ཙམ་གསལ་ལགས་པ། གཙོ་བོར་དམ་པ་ཉིད་རང་ནས་བསྟན་འགྲོ་བརྩེ་བས་མི་གཏོང་བའི་དགོངས་པ་གཏད་པ་རང་དམིགས་སུ་འགྱུར་མོད། ཉེར་ལེན་གྱི་སྐུ་རིམ་བུ་སློབ་བསྙེན་སོང་དམ་གཙང་གིས་རྣམ་འཇོམས་དང་ཡིག་བརྒྱའི་གཟུངས་སྒྲུབ་གནང་བའི་བུམ་ཆུས་སྐུ་དངོས་དང་མགོན་ཁང་གནས་རྟེན་རྣམས་ལ་སྐུ་ཁྲུས་གསོལ་ཞིང་མཁའ་འགྲོ་གྲིབ་སེལ་དང་ཆོས་བསྲུང་ལ་བསྐང་གསོ་འཁོན་སྦྱོང་གནང་། སྒྲོལ་མ་འབུམ་ཐེར། བཀའ་ཐང་། བརྒྱད་སྟོང་པ་དང་གསེར་འོད་གསུམ་བརྒྱ་རྩ། མཁའ་འགྲོ་བསུ་བཟློག་སོགས་ཞབས་བརྟན་གྱི་རིགས། ལན་ཆགས་གཏོར་མ་གང་མང་དང་རྒྱལ་པོར་མདོས་རྫོང་གནང་། འཆི་ངེས་སེམས་ཅན་གྱི་སྲོག་བླུ་དང་ཚེའི་གཟུངས་མདོ་གང་མང་སྒྲོག་པ་རྣམས་ཀྱིས་ལེགས་ཚོགས་སུ་འགྱུར་བ་དང་། བཀའ་ཕེབས་ལྟར་ཚེ་འཁོར་དང་ཀླུང་བསྐྱེད་འཁོར་ལོ། བདེ་གཤེགས་ཀུན་འདུས་ཀྱི་ཚེའི་ལས་རིམ་བཅུད་ལེན་རིལ་བུ་དང་སྒྲུབ་རྫས་རིལ་བུ། ཡང་སྙིང་ཀུན་འདུས་ཀྱི་ཚེ་རིལ་ནུས་ལྡན་དུ་བསྒྲུབས་པ་བཅས་ཁ་བྱང་ལྟར་སྐུ་ཚེ་རྡོ་རྗེའི་རང་གཟུགས་སུ་བརྟན་པར་མོས་འདུན་རྩེ་གཅིག་པས་ཕུལ་ལགས་པ་དང་། བཅུད་ལེན་རིལ་བུ་འདི་བཞིན་ཆེས་པས་ལྗགས་ཐོག་ཏུ་བཞེས་མ་བདེ་ན་སྦྲང་རྩི་དུག་མེད་ཀྱིས་སླར་ཡང་རིལ་བུ་ཆུང་ངུར་གནང་ན་ཡང་ཆོག་ལགས། བསྟན་འགྲོའི་མགོན་དུ་ཞབས་ཟུང་གཡོ་མེད་བརྟན་པར་མཆོག་གསུམ་དཔུང་དུ་སྦྲན་ནས་གསོལ་བ་འདེབས་པ་རེ་བ་ཡིད་བཞིན་དུ་སྐོང་བར་ཐུགས་རྗེས་བཟུང་དུ་གསོལ།

མེད་རྒན་བླ་མའི་དྲི་ལན།


MLP013_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

༈ མེད་རྒན་བླ་མའི་དྲི་ལན། ལགས། ཇི་ལྟར་བཀའ་ཕེབས་ཀྱི་འཁྲུངས་བརྟག་གི་ཆ་འཕགས་མཆོག་རྒྱལ་བའི་དབང་པོའི་བཀའི་ལུང་ཕེབས་ཀྱིས་མཚོན་བསག་སྦྱང་གི་དགེ་ཚོགས་ཟབ་རྒྱས་དམིགས་སུ་འགྱུར་བ་གནང་འདུག་པ་བཞིན་འཁྲུངས་སྲིད་བཟང་ཐོབ་གོང་འཕེལ་བ་ལས་འགྱུར་བ་མ་མཆིས་མོད། དགེ་ཚོགས་ཀྱི་སྟོངས་རྒྱ་ཆེར་མཐའ་ཚད་མེད་པ་བཞིན་གང་གནང་ལེགས་ཚོགས་སུ་འགྱུར་བ་ནས་ད་དུང་རྣམ་སྣང་རྡོར་སེམས་རྗེ་བཙུན་སྒྲོལ་མ་བཅས་ཀྱི་
སྐུ་བརྒྱ་རྩ་བཞེངས། རྟེན་བྱིན་ཅན་ལ་མཆོད་འབུལ་དང་འབྲེལ་བར་དགེ་སློང་ཞིང་དག་ཐུགས་ཆོས་དག་སྣང་འབྱོངས་པ་བཞི་གྲས་ཉུང་མཐའ་གནང་བས་བཟང་སྤྱོད་གང་མང་བསགས། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཅི་མང་དང་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་འབུམ་ཐེར་བསགས། ལན་ཆགས་སྦྱོང་བའི་ཆབ་གཏོར་དང་ངན་སློང་ལ་སྦྱིན་གཏོང་། འཆི་ངེས་སེམས་ཅན་གྱི་སྲོག་བླུ། སཱཙྪ་འབུམ་ཐེར། བརྒྱད་སྟོང་པ། བསྐལ་བཟང་། གསེར་འོད་རྣམས་ཀྱི་གསུང་སྒྲོག །ཡེ་ཤེས་ཀྱི་མགོན་པོ་སོགས་ཆོས་སྐྱོང་ཡེ་ཤེས་པའི་ཚོགས་ལ་བསྐང་བ་ཕྲིན་བཅོལ་རྣམས་གནང་ངོས་གཙོ་བོར་གང་གིས་དགེ་ཚོགས་དེ་དག་གི་ནུས་མཐུ་ལ་བརྟེན་ནས་དཀོན་མཆོག་སྐྱབས་དཔུང་དུ་སྦྲན་ཏེ་རང་ཉིད་ཀྱི་ཐུགས་འདོད་གང་དུ་གཏད་པ་དེར་འཁྲུངས་པ་དང་། བཞེད་དོན་གེགས་མེད་འགྲུབ་པའི་སྨོན་ལམ་གྱི་འཕེན་པ་ཉིན་རེ་བཞིན་ལན་རེས་ཉུང་མཐའ་བྱས་པ་གཏའ་མ་ཆད་པ་དང་གོང་དུ་མ་འཐུས་པའི་དགེ་བའི་རྒྱ་ཆེ་ཆུང་གང་གནང་ཐམས་ཅད་བཞེད་དོན་གྱི་དངོས་རྒྱུར་དམིགས་ནས་སྨོན་ལམ་གནང་བ་དང་། སྐབས་རེ་དེ་དག་གི་རྒྱབ་རྟེན་དུ་ཇོ་ཤཱཀ་སོགས་ལ་མཆོད་འབུལ་དང་དགེ་སློང་རྣམ་དག་གིས་བཟང་སྤྱོད་དང་དམིགས་བསྒྱུར་གྱི་སྨོན་ལམ་ཡང་ཅི་འགྲུབ་རེ་གནང་ན་བཞེད་པའི་དོན་གང་དུ་གཏད་པ་དེར་འཁྲུངས་ཤིང་བསྟན་འགྲོའི་ཕན་བདེ་རླབས་ཆེན་ཕྲིན་ལས་འགྲུབ་པར་གསལ་བ་དགོངས་དབྱིངས་སུ་གཅགས་པ་མཁྱེན་ལགས།

ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དྲི་ལན།


MLP013_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དྲི་ལན། སློབ་མར་དབང་བསྐུར་དང་རབ་གནས་སོགས་ལ་རས་བྲིས་སོགས་ཕྱི་དཀྱིལ་ལ་ངེས་པར་བརྟེན་དགོས་ཤིང་། ཚེས་བཅུ་སོགས་སྐབས་ཕྱི་དཀྱིལ་ཡོད་མེད་གང་རུང་སྟེ་ལས་བྱང་གི་ཟུར་དུ་སྨོས་པའི་དམིགས་བསལ་རེ་གཉིས་མ་གཏོགས་གང་གི་ཚེ་སྒོམ་དོན་ལ་བདག་མདུན་དབྱེར་མེད་ཡིན་པའི་ཕྱིར་རོ། །ནང་སྒྲུབ་གྱི་སྔགས་བླ་མའི་སྒེར་སྒྲུབ་ཀྱི་དབང་དུ་བྱས་ནས་མཚན་སྔགས་རྐྱང་པ་དང་ལས་བྱང་གི་སྐབས་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་དུ་དེ་ཝ་ཌཱ་ཀི་ནཱི་ཞེས་ཡི་དམ་མཁའ་འགྲོའི་སྔགས་
ཀྱང་སྦྲེལ་བ་ཡིན། བཟླས་པའི་སྐབས་ལས་བྱང་གི་དཀྱུས་སུ་ངག་བཟླས་སྨོས་པའི་རྗེས་སུ། འཁྲུལ་འཁོར་ལུས་དང་རླུང་གི་གནས་དང་བསྟུན༔ཞེས་པའི་དགོངས་པ་རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ་བ་སྔོན་དུ་འགྲོ་བས་རླུང་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་ལ་བརྟེན་ནས་ལྷ་སྔགས་ཀྱི་འཇུག་པ་ལ་སེམས་གཏད་ནས་བཟླ་བ་འགོག་བཟླས་དང་། ཡང་ན་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའམ་ཕྱིར་འབྱིན་སྣང་བ་ལྷའི་གསལ་སྣང་། ནང་འཇུག་རང་ཉིད་ལྷའི་གསལ་སྣང་ལྟོ་བར་གནས་པ་སྙིང་གའི་སྔགས་ཕྲེང་དང་ཁྱད་པར་ཏིང་འཛིན་སེམས་དཔའ་རྩེ་གཅིག་པས་རླུང་གདངས་སྒྲུབ་སྔགས་ཁོ་ནར་མོས་པས་ཀྱང་ཆོག །ཚེ་སྒྲུབ་ཀྱི་ངག་འདོན་གཏེར་གཞུང་གིས་མ་འཐུས་པ་ཅི་ལ་ཡོད་ཀྱང་གནས་སྐབས་སུ་ངག་བསྒྲིགས་ཉིད་ཉམས་ལེན་དུ་འཇུག་པ་བདེ་ཞིང་ཆ་ལག་ཚང་བ་ཡོང་། ཚེ་སྒྲུབ་ཀྱི་དཀྱིལ་འཁོར་སྙིང་པོའི་དཀྱིལ་འཁོར་ལ་དགོངས་ནས་འདབ་བརྒྱད་ཙམ་ལས་མ་གསུངས་ཀྱང་སྒོམ་དོན་ལ་ལྷ་བསྐྱེད་སྐབས། དེ་དབུས་ཕོ་བྲང་གཞལ་ཡས་ཁང༔ཞེས་བཤད་པས་སྒོ་རྫོགས་རང་དགོས་པར་གྲུབ། སྐྱེ་བདུན་སྒྲུབ་པའི་རྫས་ཀྱི་གཙོ་བོ་ཤ་ལྔ་སོགས་བདུད་རྩིའི་རིལ་བུའི་སྐབས་གཏོང་བ་དང་ཁྱད་མེད་ཅིང་གཏོང་ཚུལ་ཡིད་མ་ཆེས་ན། མི་རྟ་ཁྱི་སོགས་གཞན་རྣམས་གོང་མའི་དམ་རྫས་ལ་ཡོད་པས་སེལ་མེད་ཕབས་རྒྱུན་བཏང་བས་འཐུས་ཤིང་ཁྱད་པར་སྐྱེ་བདུན་དངོས་སམ། མ་རྙེད་ཀྱང་སྐྱེས་བུ་དམ་པ་དག་གི་སྐུ་ཤ་གཏོང་བ་ལག་ལེན་ལ་ཡོད་ཅིང་བྱེ་བྲག་ཏུ་ས་ལུགས་ཀྱི་ཐེག་ཆེན་ཆོས་རྗེ་སྐྱེ་བ་བདུན་པ་ཡིན་པས་དེའི་སྐུ་ཤ་རྙེད་ན་དེས་ཁྱབ། ཐུགས་ཐིག་སྐབས་ཆོས་སྐྱོང་དྲག་པོ་སྡེ་ལྔ་དང་གཏེར་སྲུང་ཞིང་སྐྱོང་གཉིས་ལ་དགོས། ལྟ་བའི་སྐོར་རྗེ་ས་པཎ་གྱིས་ཕར་ཐེག་དང་སྔགས་གཉིས་ཀ་ལྟ་བ་སྤྲོས་བྲལ་ལས་བོགས་འདོན་རྒྱུ་སྔགས་ལ་མེད་པར་སྡོམ་གསུམ་དུ་གསུངས་པ་དགོངས་པ་ཅན་ཡིན་འདྲ་སྟེ། ཕར་ཐེག་ལ་ཡང་དབུ་སེམས་ཀྱི་ལྟ་བ་ཐ་དད་པར་ཤིང་རྟ་ཆེན་པོ་ཐམས་ཅད་ཀྱིས་བཤད་ཅིང་། ལམ་འབྲས་སུ་སྔགས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་སོགས་དབང་བཞི་ལ་ལྟ་གྲུབ་ཐ་དད་གསུང་བཞིན་པ་དང་། སྤྱིར་ཡང་རང་ངོས་ནས་བློ་རྟོགས་ཀྱིས་རྟོགས་ཚུལ་མཐར་ཐུག་


MLP013_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་དེ་སྤྲོས་བྲལ་དུ་འཇོག་ཅིང་། དེ་ཐམས་ཅད་སྤྲོས་བྲལ་དུ་གཅིག་ཀྱང་དོན་མཐོ་དམའ་ཇི་སྙེད་པའི་མཐའ་གཞལ་དུ་མེད་པའི་ཕྱིར་རོ། །དེས་ན་རང་རིག་སྐུ་གསུམ་རང་ཆས་ཀྱི་དོན་རང་བྱུང་གི་ཡེ་ཤེས་ལམ་དུ་བྱེད་པ་ལ། རྫོགས་ཆེན་སེམས་སྡེ་བ་དང་ཕྱག་ཆེན་སོགས་མཚན་མ་བཤིག་པས་ཐག་གཅོད་པ་སྤང་བྱ་རྣམ་ཤེས་ཀྱི་ཕྱོགས་ནས་བསླབ་པ་དང་། རྫོགས་ཆེན་མན་ངག་གི་སྡེའི་ལུགས་ལ་བཟང་ངན་གྱི་རྟོག་པ་རིས་མི་འབྱེད་པར་སྩོལ་བ་བཤིག་པས་ལ་ཟླ་བའམ་ཐག་གཅོད་པ་སྟེ་གཉེན་པོ་ཡེ་ཤེས་ཀྱི་ཕྱོགས་ནས་བསླབ་པ་ཡིན་ཞིང་། དེ་ཡང་མཚན་མར་སྣང་བ་ཐམས་ཅད་སྤང་བླང་དང་བྲལ་བ་སྣང་སྟོང་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་གང་དུའང་མ་ཆད་པའི་རིག་པའི་ཡེ་ཤེས་ཆོས་ཉིད་དབྱིངས་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་བ་རང་རིག་རང་གསལ་བྱ་རྩོལ་དང་བྲལ་བའི་གནས་ལུགས་གཏན་ལ་ཕབ་ནས་ཐག་གཅོད་པ་སྟེ། ཉམས་ལེན་གྱི་ཚེ་སེམས་ཆེད་དུ་མ་བསྒྲིམས་ཆེད་དུ་མ་གློད་པར་གང་ཤར་ལ་བཟོ་མེད་དུ་འཇོག་ཅིང་འདོན་ཡང་དེ་གའི་ངང་དུ་ཞི་ཆམ་མེ་བཞག་ན། ཕྱིའི་སྣང་བ་ནང་དུ་མ་བླངས་ནང་གི་རིག་པ་ཕྱིར་མ་འཕྲོས་ཀྱང་བར་དུ་བསམ་གཏན་གྱིས་བཅིངས་པར་འགྱུར་བས་ཞི་གནས་ཙམ་དུ་ཟད་པས་རྣམ་རྟོག་དྲུང་ནས་འབྱིན་མི་ནུས་པས་གཉེན་པོའི་རྩོལ་བའང་བཤིག་དགོས། བཤིག་ཚུལ་ཡང་སྔར་གྱི་གནས་ཆ་དེས་མཚམས་སྦྱར་ནས་གང་ཤར་གྱི་ཐོག་ཏུ་ས་ལེ་རྗེན་ནེ་གནས་པ་དེ་གའི་རང་ངོ་བལྟས་པས་སྒོ་ལྔའི་ཚོགས་དྲུག་གི་ཡུལ་མ་འགགས་པར་ས་ལེ་བ་དང་། བལྟ་བྱེད་ཀྱི་རིག་པ་ནང་ནས་ཤར་བ་སོ་སོ་མ་ཡིན་པ་སྣང་རིག་དང་བྲལ་བའི་རིག་པ་ཧར་སང་རྗེན་ལ་ཕུད་དེ་ཅེར་མཐོང་རང་གྲོལ་དུ་འཇོག་པ་འདི་ག་ལྟ་བའི་སྐྱོང་ལུགས་འཁྲུལ་མེད་དུ་རློམ་པ་ལགས། རླུང་དྲག་རླུང་འཇམ་རླུང་སོགས་རང་གཞུང་དང་བླ་མའི་གསུང་ངག་བཞིན་ཉམས་སུ་བླངས་པས་བོགས་སྐྱེད་གང་ཐོན་དེ་ག་ཟབ་པ་དང་། འཇམ་རླུང་ལས་དྲག་རླུང་གེགས་དང་བོག་གཉིས་ཀ་ཆེའམ་སྙམ། དམ་རྫས་ད་ལྟ་དང་ཐ་མར་ཟ་བ་ཁྱད་ཡོང་མདོག་མ་ཁ་ཡང་འཆི་ཁ་ཟ་བ་ཟབ་པར་བྱེད་འདུག །འཕོ་བའི་གསོལ་འདེབས་ཀ་དག་མ་འདི་ཕྱོགས་སུ་མི་དར་བས་བརྗོད་ངོ་མ་དོད་ཅིང་། ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་པའི་སྐབས་ཞིང་སྐྱོང་གི་གཏོར་འབུལ་གནང་དགོས་སོ། །

ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དྲི་ལན།


MLP013_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དྲི་ལན། བློ་གྲོས་མཆོག་གི་ནོར་ལྡན་གང་དེའི་དྲུང་དུ། འབུལ་མཆིད། དེང་སྐབས་ཆོས་བཞིན་སྤྱོད་པའི་རྣམ་ཐར་བཟང་པོས་གཏན་བདེའི་སྙིང་པོ་རང་གི་སྤྱོད་པའི་འཚོ་བ་སྙོམས་ཤིང་སྤྱོད་ཡུལ་མཐུན་པར་གནས་པ་ནས་ཆབ་ཤོག་བཟང་པོའི་སྐྱེས་དང་བཅས་པ་འབྱོར་བས་སྤྲོ་བ་ཐོབ། འདིར་ཡང་ལོ་ཚོགས་དང་འབྱུང་འཁྲུགས་ཀྱི་རྒུད་པས་དུབ་ཀྱང་ལྷག་བསམ་གྱི་འཁར་བ་མ་བོར་ཙམ་དུ་གནས། ཉེ་ལམ་མང་ཐོས་སྐུ་སྐྱེར་བཀའ་འགྱུར་གྱི་ལུང་མཛད་རྩིས་ཡོངས་རྫོགས་གནང་མ་ཐུབ་ཀྱང་སྟོན་པའི་གསུང་གིས་གསང་བ་ནོར་བུ་རིན་པོ་ཆེའི་ངང་ཚུལ་སྡེ་ཚན་རེ་གཉིས་ཐུབ་ཀྱང་དོན་ཆེན་པོར་འགྱུར་བ་དང་། རང་གི་ཐོས་པའི་དོན་ཡང་བསམ་བསྒོམ་འཆད་པ་ལས་མི་འདའ་བའི་ཕྱིར་ལེགས་པར་གོ །མཁའ་སྤྱོད་མའི་རྒྱུན་བཟླས་ཁྲིད་ཀ་གསན་རིང་ཐུན་བཞི་མའི་ཁྲིགས་བཅས་རྒྱུན་གྱི་ཆག་མེད་དམ་བཅའི་དོན་ལྷ་ལ་ཡིད་ཆེས་ཀྱི་དད་པ་དམ་བཅའ་མ་ཆག་པ་བྱེད་སྙམ་པས་བཟླས་པ་ཅི་རིགས་སོང་ནས་གཉིད་སོགས་ཀྱིས་རང་དབང་མ་འདུས་པའི་འཕྲོ་ཅན་དུ་ལུས་ན། དམ་བཅའ་འགལ་བའི་ཉེས་པ་ཆུང་ཡང་སླར་དེ་ཉིད་ཀྱི་གུད་གསོབ་ཉེར་གཅིག་བརྒྱ་རྩ་སོགས་ཅི་ནུས་བཟླ་བ་དང་། ཡར་ངོ་མར་ངོ་ཚེས་བཅུ་ལ་བསག་སྦྱང་ཆེད་དམིགས་སུ་བསྒྲུབ་ན་སོར་ཆུད་པ་ཡིན་ཏེ་ཆོས་ཐམས་ཅད་བསམ་པའི་ཁྱད་པར་གྱི་ཕྱིར་རོ། །གཉིས་བྲལ་འཆད་དུས་ཞལ་ཤེས་གསུམ་གྱི་དོན་དང་པོ་ཐུན་མོང་མ་ཡིན་པ་བླ་མ་རྡོ་རྗེ་འཆང་དུ་བསྒོམ་པ་སོགས་བསྐྱེད་པའི་ཞལ་ཤེས། གཉིས་པ་བླ་མ་བསྟིམས་པ། གསུམ་པ་ཐུན་མོང་མིན་པའི་བསམ་མི་ཁྱབ་གསེར་ཆོས་མ་གསུམ་ཡིན་ཏེ་མཁྱེན་བརྩེའི་ཁྲིད་ཡིག་སོགས་ལས་ཤེས་སོ། །གཞན་ཡང་སློབ་བཤད་འདི་ལ་རྗེ་བཙུན་ཡབ་ཡུམ་ལ་བརྟེན་པའི་འཕོ་བ་ལ་ཡང་ཞལ་ཤེས་གཉིས་ཙམ་ཡོད་དོ། །གནས་གསུམ་ནི་གནས་ཆེན་ཉི་ཤུ་རྩ་བཞི་སྟེ་པུལླི་ར་སོགས་བཞི་དང་གོ་ད་ཝ་རི་སོགས་བཞི་ཉེ་བའི་གནས་ཏེ་བརྒྱད་པོ་མཁའ་སྤྱོད་ཀྱི་གནས་སོ། །ཀཱ་


MLP013_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མ་རཱུ་པ་དང་ཨེ་ཏྲ་གཉིས་ཞིང་དང་ཏྲི་ཤ་ཀུ་དང་ཀོ་ས་ལ་གཉིས་ཉེ་བའི་ཞིང་། ཀ་ལིང་ཀ་དང་ལམྦ་ཀ་གཉིས་ཚོན་ལྡན་དང་ཀཱཉྩི་དང་ཧི་མ་ལ་ཡ་གཉིས་ཉེ་བའི་ཚོན་ལྡན། འདི་དག་ས་ལ་སྤྱོད་པའི་གནས་སོ། །པྲེ་ཏ་པཱུ་ར་དང་གྲྀ་ཧ་དེ་བ་གཉིས་འདུ་བ་དང་། སཽ་རཥྚ་དང་སུ་ཝརྣ་དྭི་པ་གཉིས་ཉེ་བའི་འདུ་བ། ན་ག་ར་དང་སིནྡྷུ་གཉིས་དུར་ཁྲོད་དང་ཀུ་ལུ་ཏ་མ་རུ་གཉིས་ཉེ་བའི་དུར་ཁྲོད་དེ། དེ་ལྟར་ཡུལ་ཉེར་བཞི་པོ་རྣམས་ལས་བྱེ་བྲག་མཁའ་འགྲོ་རྣམས་རྟག་ཏུ་བཞུགས་པ་དང་རེས་འགའ་ཙམ་བཞུགས་པའི་ས་ལས་གནས་དང་ཉེ་བའི་གནས་ཏེ་མཁའ་སྤྱོད་དོ། །རྟག་ཏུ་ལོངས་སྤྱོད་ཀྱི་ས་དང་རེས་འགའ་ལོངས་སྤྱོད་པའི་ཞིང་དང་ཉེ་བའི་ཞིང་སྟེ་ལོངས་སྤྱོད་དོ། །རྟག་ཏུ་བཀའ་བགྲོ་བའི་ས་དང་རེས་འགའ་ཙམ་བཀའ་བགྲོ་བའི་ས་སྟེ་འདུ་བ་དང་ཉེ་བའི་འདུ་བ། རྟག་ཏུ་ཚོགས་འཁོར་བྱེད་ས་དང་རེས་འགའ་ཙམ་ཚོགས་འཁོར་བྱེད་པས་རྣམ་རྟོག་སྤོང་བའི་ས་སྟེ་དུར་ཁྲོད་དེ་དག་ནི་ས་སྤྱོད་དོ། །དེ་དག་ཀྱང་བསྐྱེད་རིམ་བརྟན་པས་བརྟུལ་ཞུགས་སྤྱོད་པས་རྒྱུ་བའི་ས་སྟེ་གདོད་ནས་གྲུབ་པའི་གནས་ཆེན་ལ་བཞག་པ་སོགས་དམན་འབྲིང་མཆོག་གི་དངོས་གྲུབ་བསྒྲུབ་པའི་གནས་ལས་ཕྱི་རོལ་གྱི་གནས་རྒྱ་ཆུང་འབྲིང་ཆེན་པོར་དང་། ནང་རྣལ་འབྱོར་པའི་ལུས་ལ་ཚང་བ་སོགས་བདེ་མཆོག་དང་ཧེ་རུ་ཀ་གལ་པོ་སོགས་ནས་བཤད་པ་ལྟར་རོ། །མཁའ་སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་ལ་ཤམ་བུ་ངོས་ཀྱིས་བྱས་པ་མེད་ཅིང་བསྙེན་ཡིག་ཀྱང་དེ་བཞིན་ནོ། །བསྙེན་ཡིག་ཚར་ལུགས་དང་ངོར་ལུགས་སོགས་ཅི་རིགས་འདུག་ཀྱང་བརྒྱུད་པའི་དབང་ལས་ཚར་ལུགས་ལ་བརྟེན་པ་འགབ། སྙན་བརྒྱུད་ཞག་བདུན་མ་འདི་སྨན་ལུང་པའི་བླ་མ་ཀརྨ་དབང་འབྱོར་དང་། རྗེ་ཕྲིན་ལས་ལྷུན་གྲུབ་ཀྱི་བླ་མ་ཀུན་བཟང་དཔལ་འབྱོར་གཉིས་ཀའི་བླ་མ་ཀརྨ་གུ་རུ་ཡིན་ཞིང་། ཞག་བདུན་མ་འདི་ཕྱོགས་ལ་དར་སོ་ཆུང་ཞིང་སྨན་ལུང་ནས་ཕྱོགས་ལ་དར་ཆེ་བ་དེང་སང་དེ་ཉིད་ཀྱི་གསུང་རྒྱུན་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་ལས་སོ། །རྣལ་འབྱོར་མ་ལ་ཉམས་ལེན་བྱེད་པ་སོགས་བདེ་མཆོག་རིགས་གསུམ་གྱིས་མཚོན་མ་རྒྱུད་རིགས་མཐུན་གྱི་དབང་མ་ཐོབ་པར་འདིའི་བྱིན་རླབས་མི་རུང་བར་གསུང་ཞིང་། རྒྱུད་ཐོས་ན་དབང་རྒྱུད་མན་ངག་


MLP013_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫོགས་པ་ནི་ལེགས་པ་གཞིར་བཅས་ཀྱང་རྒྱུད་དོན་སྙིང་པོར་དྲིལ་བའི་མན་ངག་གིས་དོན་གྲུབ་པ་སྔ་ཕྱི་མང་དུ་སྣང་བ་རྒྱུད་ཐོས་མ་ཐོས་ལ་ཁྱད་པར་བྱུང་སྐད་མ་ཐོས་ཀྱང་ཁོང་ཕྱིས་ཀྱི་མཁས་གྲུབ་ཆེན་པོ་ཡིན་འདྲ་བས་བདེན་པ་སྲིད་ཅིང་ཁྲོས་ནག་གི་ཁྲིད་བརྒྱུད་ཆོས་དབང་ལྷུན་གྲུབ་གཙོ་ཆེའོ། །ཁྱེད་རང་གིས་རྫོགས་པ་ཆེན་པོའི་གྲུབ་མཐའི་གོ་ལུགས་དབུ་ཕྱག་སོགས་ཀུན་དང་མཐུན་ཅིང་དེ་ལས་ཁྱད་པར་གྱི་མཚན་ཉིད་གོ་མྱོང་སྙེམས་ཐག་ཆོད་པ་རྗེས་སུ་ཡི་རང་གི་སྤྲོ་བ་ཐོབ། ངེད་ལ་དེ་ལྟ་བུའི་གདེང་མ་མཆིས་ཀྱང་ཁྱེད་རང་གི་མོས་པའི་མཐུ་དག་སྣང་ཤར་བ་ལས་བྱུང་བ་ཡིན་འདུག །ཕག་མོ་ཐུགས་སྒྲུབ་ཀྱི་རྒྱུན་ཁྱེར་ད་རེས་དཔེ་ལྟ་བ་མ་གྲུབ་པས་མ་ཐུབ། བཀའ་སྲུང་སྤྱང་ཞོན་མ་དང་དེ་དག་ཐུགས་རྒྱུད་གཅིག་པ་དུར་ཁྲོད་མ་མོ་ངན་ནེ་མ་སྒོས་ཀྱི་བསྲུང་མ་བྱེད་པས་དོན་འགྲུབ་པ་ལ་ཁྱད་པར་ལོས་ཆེ། ཟབ་ལམ་གཙོ་བོར་གྱུར་པའི་ལྷ་རྣམས་སྤྱིར་གཉན་པ་དང་ཁྱད་པར་ཁྲོས་ནག་ནི་དངོས་གྲུབ་མྱུར་བ་བཞིན་གཉན་ཆ་ཆེ་བར་ཡང་བྱེད་པའི་རྒྱུན་འདུག །མདོ་རྒྱུད་རྣམས་སུ་བདུད་ཀྱི་བར་དུ་གཅོད་པར་གསུངས་པ་མང་མོད་སྔ་འགྱུར་དུ་མ་ཟད་དེང་སང་གསར་མར་གྲགས་པའི་རྒྱུད་ཀྱི་གླེང་གཞི་མང་པོར་ཡང་གདུལ་བྱ་འདུལ་བྱེད་ཀྱི་རྣམ་འགྱུར་ཇི་ལྟར་ཡང་ངེས་པའི་དོན་དུ་གནས་ལུགས་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་དུ་གསུངས་པ་དང་། ཁྱད་པར་སྔ་འགྱུར་མདོ་འགྲེལ་ལུང་བསྟན་མར་རུ་ཏྲ་སྤྲུལ་པ་ཡིན་པར་ཨིནྡྲ་བྷཱུ་ཏིས་གསུངས་པ་ལས་རྗེ་སྒྲོ་ཕུག་པའི་སྙིང་འགྲེལ་སོགས་སུ་ཐུན་མོང་མིན་པའི་བཤད་པ་དང་། དེ་བཞིན་དུ་པེ་ཧར་ཡང་ཆོས་ཚུལ་བཞིན་བྱེད་པ་ལ་ཕྲིན་ལས་བསྒྲུབ་ཀྱང་དེ་ལྟར་མིན་པ་རྣམས་ལ་བར་ཆད་རྩོམ་པར་བཤད་འདུག །འོན་ཀྱང་སློབ་དཔོན་གྱི་བརྒྱུད་པ་འཛིན་ཕྱིན་བསྟེན་ཚུལ་གྱི་གནད་ཤེས་པ་རྣམས་ལ་གྲོགས་བྱེད་པར་རེ་བ་ཡིན། བར་ཆད་ཀྱི་རྒྱུ་ནི་བདག་འཛིན་ཉོན་མོངས་དང་བཅས་པའི་རྐྱེན་ཆོས་བརྒྱད་དང་ཚེ་འདིའི་རྟོག་པས་ཁྱེར་བ་སོགས་ལྷ་ཡང་བདུད་དུ་འབེབས་པར་འགྱུར་བའོ། །རྗེ་བཙུན་གྱི་གསུང་ལ་དགག་བྱ་དང་དགོས་པའི་དབང་གིས་དགོངས་པ་ཅན་དུ་ངེས་པའི་ཕྱིར་རོ། །དེས་ན་རང་གིས་ཐོས་ཤིང་གོམས་པ་རྣམས་ལ་སྙིང་
པོར་བཟུང་ནས་གཞན་ཕན་གྱི་ཕྲིན་ལས་འཁོས་སུ་ཕེབས་པའི་ཐབས་ལ་ཅི་ནུས་སུ་བསླབ་ལ་ནན་ཏན་དུ་བགྱིད་འཚལ། ཞལ་གདམས་ཚིགས་བཅད་ཀྱི་རྣམ་པ་འདི་བཞིན་རྟེན་དང་བཅས་ཕུལ།

ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དོགས་སེལ།


MLP013_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དོགས་སེལ། དམ་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་མདོ་འགག་རྫོགས་པ་ཆེན་པོའི་ལམ་དུ་འདུས་པར་བྱས་པའི་ཉམས་ལེན་གྱི་གནད་དོན་ཡི་གེར་བཀོད་པ་རྣམས་གནས་ལུགས་ལ་འབྱོར་བའི་ངག་དོན་འདྲིལ་ཞིང་བརྗོད་བདེ་བ་བྱུང་འདུག །དེ་ཡང་ཞི་ཕྱག་དབུ་མ་སོགས་དེང་སང་ཡོངས་སུ་གྲགས་པའི་ཆོས་ལུགས་ཐ་དད་པ་རྣམས་ཀྱང་གདུལ་བྱ་སོ་སོའི་ངོ་སྐལ་དུ་བྱང་གྲོལ་གྱི་རྒྱུར་འགྲོ་བ་ཁོ་ན་ཉིད་དེ་སངས་རྒྱས་ཀྱི་ཐུགས་རྗེ་ལ་ཚད་མེད་པ་དང་དེའི་ཕྲིན་ལས་ལ་མངའ་བརྙེས་པའི་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱིས་ཆོས་ཀྱི་སྒོ་ཐ་དད་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་མངོན་སུམ་པ་འདིའོ། །ཟབ་མོའི་ཆོས་ནི་བསྟན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་ཕྱིར་བདག་གི་ཡུལ་མིན་པས། །བདག་གིས་ཆོས་ཉིད་ཤེས་མ་ཡིན། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །ཆོས་འཁོར་གསུམ་པ་ངེས་དོན་དུ་བྱེད་པ་དང་དེ་ཉིད་གསང་སྔགས་ཀྱི་ལམ་དང་ཕྱོགས་མཚུངས་པར་རྒྱ་བོད་ཀྱི་མཁས་གྲུབ་མང་པོ་བཞེད་པ་བཞིན་ཀུན་མཁྱེན་ཆེན་པོའང་དེ་བཞིན་དུ་བཞེད་པར་མ་ཟད། གཞན་གྱིས་སྟོངས་པ་ནི་ཆོས་དེ་ལ་ཆོས་གཞན་མེད་པའི་ཆ་ནས་བཏགས་པ་སྟེ་ཉི་མ་ལ་མུན་པ་མི་ལྡན་པ་བཞིན་ནོ། །དེས་ན་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་ཐམས་ཅད་དུ་གསལ་པོར་གསུངས་པ་དང་། ཀ་དག་ཅེས་པའི་ཚིག་ཙམ་གྱིས་ཀྱང་དོན་དམ་སྟོང་མི་སྟོང་གི་མཐའ་ལས་འདས་པ་དང་། ཀུན་རྫོབ་གློ་བུར་གྱི་དྲི་མས་སྟོངས་པའི་ཕྱིར་གཞན་སྟོང་གི་ཉམས་ལེན་དང་ཡང་འབྱོར་ཚབས་ཆེའོ། །རྫོགས་པ་ཆེན་པོའི་གྲུབ་མཐའི་འཇོག་ཚུལ་སྔོན་གྱི་མཁས་


MLP013_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དུ་མའི་བཤད་སྒྲོས་མང་ཡང་རང་བློས་སྒྲོ་འདོགས་ཆོད་དཀའ་ཞིང་། ཨོ་རྒྱན་ཆེན་པོ་དང་བི་མ་ལའི་གསུང་རབ་ལ་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་རྣམས་བརྗོད་བདེ་ཞིང་རྐང་ཚུགས་པའི་ཕྱིར་དེ་ཁོ་ནའི་དོན་ལ་ཐུགས་རྟོག་བཅུག་པས་བློ་གྲོས་ཀྱི་བོགས་འཐོན་པ་ཡོང་། སེམས་ཀྱི་ངོ་བོ་ནི་བླ་མར་མོས་གུས་དང་རང་གི་ཉམས་ལེན་ཁོ་ནས་རྟོགས་ཀྱིས་བཤད་པའི་རླབས་ཆེ་བ་རྣམས་ཀྱིས་ཀྱང་ཉམས་སུ་མྱོང་བར་དཀའ་བ་ངེས་པར་ཡིན་པ་འདུགདེའི་ཕྱིར་རང་བྱུང་གི་ཡེ་ཤེས་དེ་ལམ་དུ་བྱུང་ཚུལ་ལ། རྫོགས་ཆེན་སེམས་སྡེ་བ་དང་ཕྱག་ཆེན་པ་སོགས་མཚན་མ་བཤིག་པས་ལ་བཟླ་བའམ་ཐག་གཅོད་པ་སྟེ་སྤང་བྱ་རྣམ་ཤེས་ཀྱི་ཕྱོགས་ནས་བསླབ་པ་དང་། མན་ངག་གི་སྡེའི་ལུགས་ལ་བཟང་ངན་གྱི་རྟོག་པ་རིས་མི་འབྱེད་པར་རྩོལ་བ་བཤིག་པས་ལ་བཟླ་བ་སྟེ་གཉེན་པོ་ཡེ་ཤེས་ཀྱི་ཕྱོགས་ནས་བསླབ་པའོ། །དེ་ཡང་མཚན་མར་སྣང་བ་ཐམས་ཅད་སྤང་བླང་དང་བྲལ་བ་སྣང་སྟོང་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དབྱིངས་སུ་མཚམས་སྦྱོར་བའི་གནད་ཀྱིས། འཁོར་འདས་གང་དུ་ཡང་མ་ཆད་པའི་རིག་པའི་ཡེ་ཤེས་ཆོས་ཉིད་དབྱིངས་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་བ་རང་རིག་རང་གསལ་བྱ་རྩོལ་དང་བྲལ་བའི་གནས་ལུགས་གཏན་ལ་ཕེབས་ནས་ཐག་གཅོད་པ་ཡིན་ཏེ། ཇི་སྐད་དུ། བློ་རྩིས་མེད་དུ་བཞག་ནས་ཡེ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པ་ངོ་སྤྲོད་ཅིག །ཅེས་ཡེ་ཤེས་ཀྱི་མཁའ་འགྲོས་ཀུན་མཁྱེན་ཆེན་པོར་གསུངས་པ་ལྟར་ཉམས་ལེན་གྱི་ཚེ་སེམས་ཆེད་དུ་མ་བསྒྲིམས་ཆེད་དུ་མ་གློད་པར་གང་ཤར་ལ་བཟོ་མེད་དུ་ཅེ་རེ་བཞག་པས། རྣམ་རྟོག་གི་རང་གཟུགས་ཝ་ལེ་ཁྱུག་གེ་བ་དེ་ཞིག་ནས་ངོས་བཟུང་གང་དུའང་མ་གྲུབ་པའི་ངང་ལ་བཟོ་མེད་ཡེངས་མེད་དུ་འཇོག་པ་ཡིན་མོད། འོན་ཀྱང་དེ་གའི་ངང་དུ་ཞི་ཆམ་མེ་བཞག་ན་ཕྱིའི་སྣང་བ་ནང་དུ་མ་བླངས་ནང་གི་རིག་པ་ཕྱིར་མ་འཕྲོས་ཀྱང་བར་དུ་བསམ་གཏན་གྱིས་བཅིང་པར་འགྱུར་བའི་ཞི་གནས་ཙམ་དུ་ཟད་པས་རྣམ་རྟོག་དྲུང་ནས་འབྱིན་མི་ནུས་པས་གཉེན་པོའི་རྩོལ་བའང་བཤིག་དགོས། བཤིག་ཚུལ་ཡང་སྔར་གྱི་སེམས་ཀྱི་གཤིས་ཞི་མལ་ལེར་གནས་


MLP013_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས་མཚམས་སྦྱར་ནས་གང་ཤར་གྱི་ཐོག་ཏུ་ས་ལེ་རྗེན་ནེ་གནས་པ་དེ་གའི་རང་ངོ་ལ་བལྟས་པས། སྒོ་ལྔའི་ཚོགས་དྲུག་གི་ཡུལ་ལ་མ་འགག་པར་ས་ལེ་བ་དང་ལྟ་བྱེད་ཀྱི་རིག་པ་ནང་ནས་ཤར་བ་སོ་སོ་མ་ཡིན་པ་སྣང་རིག་ངོས་བཟུང་དང་བྲལ་བའི་རིག་པ་ཧར་སང་རྗེན་ལ་ཕུད་དེ་ཅེར་མཐོང་རང་གྲོལ་ཏུ་འཇོག་པ་གནད་ཡིན་ཏེ། ཇི་སྐད་དུ། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། སལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །ཞེས་དང་། མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཅེས་གསུངས་པ་བཞིན་ནོ། །དེས་ན་ནང་འཛིན་པའི་སེམས་རང་དག་ཏུ་བྱས་པས་འཛིན་བྱེད་རང་གྲོལ་དུ་འགྱུར་བ་ཡིན། དེ་བྱུང་ན་ཕྱི་གཟུང་བ་རང་དག་ཡིན། དེ་ཡང་རང་ངོ་ཤེས་ཙམ་ལ་དྲན་འཛིན་གྱིས་བཅོས་བསྒྱུར་མ་བྱས་ཀྱང་རིག་ཙམ་ཝ་ལེ་ཁྲིག་གེ་བ་དེ་འགག་རྒྱུ་མེད་ཅིང་། འདི་དང་འདི་ལྟ་བུའོ་ཞེས་རང་མྱོང་དང་མཐུན་པ་ནི་ཇི་ལྟར་བྱས་ཀྱང་བརྗོད་མི་ཤེས། འགྱུ་བྱེད་རྣམ་རྟོག་གི་བློས་འདི་འདྲ་ཞིག་གོ་ཞེས་ངེས་ཐུབ་རྒྱུ་མེད། ཡིན་མིན་དང་ཕྱོགས་ཆ་གང་གིས་ཀྱང་མ་བསྡུས། རིག་པ་དང་ཤེས་པའི་ངོ་བོར་ཡོད་སྙམ་ན་ཡང་རང་རིག་སྐད་ཅིག་མའི་ངོ་ན་ཤེས་པ་འདི་ལྟ་བུ་མྱོང་། རིག་པ་འདི་ལྟ་བུའོ་ཞེས་པའི་མྱང་བྱ་མྱོང་བྱེད་རིག་བྱ་རིག་བྱེད་གང་ཡང་ཡོད་མ་མྱོང་བ་འདི་ག་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་གདའོ། །ཟབ་དོན་སྟོན་པའི་གསུང་རབ་རྣམས་སུ་བརྗོད་བྲལ་དང་། སྤྲོས་བྲལ་དང་། ཀ་དག་དང་། ཡེ་ཤེས་དང་། དོན་དམ་པ་སོགས་དུ་མའི་མིང་གིས་བརྗོད་པ་ཐམས་ཅད་ཀྱང་འདི་ལས་མི་འདའ། རང་བཞིན་ངོས་བཟུང་མེད་པ་དེའི་འཆར་སྒོ་དད་པ་དང་སྙིང་རྗེ་སོགས་དགེ་བའི་རྟོག་པའམ། དུག་ལྔ་དུག་གསུམ་སོགས་ཉོན་མོངས་པའི་རྟོག་པའམ། ས་རྡོ་རི་བྲག་སོགས་ལུང་མ་བསྟན་གྱི་འཆར་སྒོ་ཡིན་ཡང་རུང་སྟེ་གང་ཤར་དེ་ག་ཤར་ཐོག་ཏུ་ངོས་ཟིན་དགོས། ཟིན་པ་དེ་ཡང་སྐད་ཅིག་དང་པོར་རྣམ་རྟོག་


MLP013_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ལ་སྐད་ཅིག་གཉིས་པར་རྣམ་རྟོག་སྐྱེས་སོང་སྙམ་པའི་རྗེས་སྙེག་དེ་ཡང་མིན། དུས་མཉམ་དུ་རྣམ་རྟོག་ཡིན་པ་འདུག་སྙམ་པའི་བློས་བྱས་ཀྱིས་ཀྱང་མི་ཆོག་པས། ཇི་ལྟར་ཤར་ཡང་ཤར་དུས་ན་སྐད་ཅིག་མ་གཅིག་པོ་དེ་ཉིད་ལ་བཟོ་བཅོས་མེད་པར་རང་སོ་ཟིན་པར་བྱ་སྟེ། དེ་ཟིན་ཙ་ན་བྱ་ལམ་རྗེས་མེད་འགྱུ་བ་རང་སངས་ཉོན་མོངས་རང་གྲོལ་ཡིན། འདི་ལ་ཡང་ཉོན་མོངས་པ་དང་རྣམ་རྟོག་དང་ཡུལ་རྐྱེན་སོགས་ཤུགས་དྲག་མི་དྲག་གི་ཁྱད་པར་གྱིས་རྟོག་པའི་འཆར་སྒོ་གསལ་གསལ་འདྲ་ལ་ངོས་བཟུང་མེད་པ་ཡུལ་ཡུལ་པོ་ཆུ་ལ་གཟུགས་བརྙན་ཤར་བ་འདྲ་ཞིག་དང་། དབྱིངས་དེ་ལ་གདངས་གཅིག་གིས་ཁྱབ་པ་ཙམ་མ་གཏོགས་ངོས་བཟུང་མེད་པའི་ཚུལ་དུ་འཆར་ཏེ་འཆར་ཚུལ་མི་འདྲ་ཡང་ངོ་བོ་ལ་དབྱེ་བ་མེད། དེ་ཙམ་ན་འཆར་སྒོ་ཐམས་ཅད་ཀ་དག་གི་རྩལ་མ་འགག་པ་ཤར་བ་ཙམ་ལས་རྣམ་རྟོག་རང་མཚན་པས་གོས་པ་མེད་པའི་ཕྱིར་རང་ཤར་རང་གྲོལ་ཆེན་པོར་ཐག་ཆོད་པས་ན། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ཏེ། །གཉེན་པོ་མེད་ཅིང་འབད་རྩོལ་ཞིག །ཅེས་པ་དང་། ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ངང་གིས་གྲོལ་བས་འབད་རྩོལ་མེད། །ཅེར་གྱིས་བལྟས་པས་མཐོང་སར་ཡལ། །ཞེས་པ་ལྟར་ཀ་དག་གི་གཞི་ལ་རང་འབབས་སུ་གནས་པ་ཉིད་གནད་གསུམ་གྱིས་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་བྱེད་པའང་། ནམ་མཁའ་སུམ་ཕྲུགས་ཀྱི་གནད་ཀྱིས་རིག་པ་དྭངས་ཕྱེད་པའི་སྣང་བའི་འཆར་སྒོ་ཇི་ལྟར་ཤར་ཡང་སྣང་བ་ཕྱིར་མ་ལུས་རིག་པ་ནང་དུ་མ་ཆད་པའི་དབྱིངས་རིག་དབྱེར་མེད་ལྷག་མཐོང་གི་རིག་པས་མཚམས་སྦྱར་ནས་ཐོད་རྒལ་གྱི་རིག་པ་སྣང་བཞིའི་སྣང་ཉམས་དང་ཤེས་ཉམས་ཀྱི་ཡོན་ཏན་རྣམས་རིམ་གྱིས་མཐོང་བར་འགྱུར་བ་སོགས་གནས་ལུགས་ཀྱི་ཕྱོགས་མཚོན་པ་ཙམ་དང་། ཐབས་ཀྱིས་སྤྱོད་པའི་ཕྱོགས་ལ་སྤྱིར་ཚོགས་གསོག་གི་རིམ་པ་རྣམས་རྣམ་གཡེང་གི་རྒྱུར་མི་འགྱུར་བའི་ངོས་ནས་རང་གི་མོས་པ་དང་སྦྱར་བས་ཆོག་མོད། དེ་ཡང་སྲིད་པའི་བདེ་བ་ལ་ངེས་པར་འབྱུང་བའི་བློ་དང་སེམས་ཅན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པ་དང་། བླ་མ་དང་ལྷ་ལ་མོས་གུས་ཀྱིས་གསོལ་འདེབས་རྒྱུན་ཆག་པ་དང་། དེ་ཉིད་གནས་
ལུགས་ཀྱི་ལྟ་བ་དང་རེས་འཇོག་ཏུ་མ་སོང་བར་རང་བཞིན་ངོས་བཟུང་མེད་པའི་རྩལ་དད་པ་དང་སྙིང་རྗེ་སོགས་སུ་འཆར་ཞིང་དེའི་རང་བཞིན་ཡང་སྤྲོས་བྲལ་དུ་རང་ངོ་ཤེས་པ་གལ་ཆེ། དེ་ཡང་འདི་འདྲ་ཡིན་པ་འདུག་སྙམ་པའི་གོ་བས་ཉམས་མྱོང་མ་བསླད་པར་རིག་ཐོག་ཏུ་གནད་ལ་འགྲོ་བ་ཞིག་དགོས་པ་ལགས། གནས་ལུགས་ལྟ་སྒོམ་གྱི་ཉམས་མྱོང་སྐྱེས་ཤིང་ཡིད་ཆེས་ཀྱང་། སྤྱོད་པ་བསོད་ནམས་ཀྱི་ཚོགས་མ་རྫོགས་ན་ལམ་རྗེས་མཐུན་པ་ཙམ་ལས་གཏན་ལ་ཕེབས་དཀའ་བ་སྟེ། དཔེར་ན་ཞིང་པ་རྣམས་ཀྱིས་རྨོན་པ་དོར་བསྡེབ་ཀྱི་དུད་འགྲོ་གཅིག་གིས་བསྡད་ན་གཅིག་པོ་འགྲོར་མེད་པ་བཞིན་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་ལ་ངེས་པར་ལྟོས་དགོས་པ་ཉིད་དེ། སློབ་དཔོན་ཆེན་པོས། རྫོགས་པ་ཆེན་པོའི་ཚུལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། འབྲས་བུའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན་ནོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཁྱེད་རང་གི་ཤེས་རབ་དང་བརྩོན་འགྲུས་གཉིས་ཀས་ཟབ་མོའི་དོན་ལ་དཔྱོད་པའི་རྣམ་དཔྱོད་ཀྱི་རྩལ་ཆེ་བར་སྣང་བས་ཀུན་མཁྱེན་ཆེན་པོའི་གསུང་གི་གནད་རྣམས་རང་གི་ཉམས་ལེན་གྱིས་གཏན་ལ་ཕབ་པས། རྗོད་བྱེད་ཚིག་གི་གནས་མང་པོ་ཉམས་ལེན་གྱི་དོན་སྙིང་པོ་གཅིག་ཏུ་དྲིལ་བས་གཅིག་ཤེས་ཀུན་གྲོལ་གྱི་དཔེ་བཞིན་འགྱུར་མོད། ཉམས་མྱོང་ལ་ཐེ་ཚོམ་སེལ་བ་ཙམ་གྱི་ལན་དཀའ་ཡང་རང་མྱོང་གི་གོ་ཚོད་ཙམ་བརྗོད་པ་ལགས།

དཀྱིལ་ཁང་རབ་འབྱམས་པ་དམ་ཆོས་བཟང་པོའི་དྲི་ལན།


MLP013_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཀྱིལ་ཁང་རབ་འབྱམས་པ་དམ་ཆོས་བཟང་པོའི་དྲི་ལན། དེ་ལ་འདིར་རྫོགས་པ་ཆེན་པོའི་དོན་ནི། སནྟི་ཞེས་པའི་སྒྲ་ལས་ཐམས་ཅད་དེར་འདུས་ཤིང་འུབ་ཆུབ་པའི་དོན་གྱིས་རྫོགས་པའོ། །མ་ཧཱ་ཞེས་པ་ཆེན་པོ་སྟེ་ཐུན་མོང་ལས་ཁྱད་པར་དུ་འཕགས་ཤིང་དེ་ལས་བོགས་དབྱུང་དུ་མེད་པས་ཆེན་པོའོ། །དེའི་ཕྱིར་ན་རྫོགས་པ་ཆེན་པོའི་དོན་ནི་སློབ་དཔོན་ཆེན་པོས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པའི་དོན་ནོ། །ཞེས་གསུངས་པ་བཞིན་འདི་ཉིད་ཉམས་ལེན་གྱི་གནད་ནི། སྤྱིར་བླ་མའི་མོས་གུས་དང་


MLP013_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་གི་དོན་རྩེ་གཅིག་ཏུ་བསྒོམ་པའི་བརྩོན་འགྲུས་བློ་རྩེ་ནང་དུ་བཀུག་པ་ལ་རག་ལུས་པ་ཡིན་ཞིང་། དེ་ཕྱིར་རང་བྱུང་གི་ཡེ་ཤེས་དེ་ལམ་དུ་བྱེད་པའི་ཚུལ་ལ་རྫོགས་ཆེན་སེམས་སྡེ་པ་དང་ཕྱག་ཆེན་པ་སོགས་མཚན་མ་བཤིག་པས་ལ་བཟླ་བའམ་ཐག་གཅོད་པ་སྟེ་སྤང་བྱ་རྣམ་ཤེས་ཀྱི་ཕྱོགས་ནས་བསླབ་པ་དང་མན་ངག་གི་སྡེའི་ལུགས་ལ་བཟང་ངན་གྱི་རྟོག་པ་རིས་མི་འབྱེད་པར་རྩོལ་བ་བཤིག་པས་ལ་བཟླ་བ་སྟེ་གཉེན་པོ་ཡེ་ཤེས་ཀྱི་ཕྱོགས་ནས་བསླབ་པའོ། །དེ་ཡང་མཚན་མར་སྣང་བ་ཐམས་ཅད་སྤང་བླང་དང་བྲལ་བ་སྣང་སྟོང་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དབྱིངས་སུ་མཚམས་སྦྱོར་བའི་གནད་ཀྱིས། འཁོར་འདས་གང་དུའང་མ་ཆད་པའི་རིག་པའི་ཡེ་ཤེས་ཆོས་ཉིད་དབྱིངས་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་བ་རང་རིག་རང་གསལ་བྱ་རྩོལ་དང་བྲལ་བའི་གནས་ལུགས་གཏན་ལ་ཕབ་ནས་ཐག་གཅོད་པ་ཡིན་ཏེ། དེ་ཡང་ཉམས་ལེན་གྱི་ཚེ་སེམས་ཆེད་དུ་མ་བསྒྲིམས་ཆེད་དུ་མ་གློད་པར་གང་ཤར་ལ་བཟོ་མེད་དུ་ཅེ་རེ་བཞག་པས་རྣམ་རྟོག་གི་རང་གཟུགས་ཝ་ལེ་ཁྱུག་གེ་བ་དེ་ཞིག་ནས་ངོས་བཟུང་གང་དུའང་མ་གྲུབ་པའི་ངང་ལ་བཟོ་མེད་ཡེངས་མེད་དུ་འཇོག་པ་ཡིན་མོད། འོན་ཀྱང་དེ་གའི་ངང་དུ་ཞི་ཆམ་མེ་བཞག་ན་ཕྱིའི་སྣང་བ་ནང་དུ་མ་བླངས་ནང་གི་རིག་པ་ཕྱིར་མ་འཕྲོས་ཀྱང་བར་དུ་བསམ་གཏན་གྱིས་བཅིང་པར་འགྱུར་བའི་ཞི་གནས་ཙམ་དུ་ཟད་ཀྱི་རྣམ་རྟོག་དྲུང་ནས་འབྱིན་མི་ནུས་པས་གཉེན་པོའི་རྩོལ་བའང་བཤིག་དགོས། བཤིག་ལུགས་གང་ཤར་གྱི་སྟེང་ས་ལེ་རྗེན་ནེ་གནས་པ་དེ་གའི་རང་ངོ་ལ་ཅེར་གྱིས་བལྟས་པས་སྒོ་ལྔའི་ཚོགས་དྲུག་གི་ཡུལ་མ་འགག་པར་ས་ལེ་བ་དང་། ལྟ་བྱེད་ཀྱི་རིག་པ་ནང་ནས་ཤར་བ་སོ་སོ་མ་ཡིན་པར་སྣང་རིག་ངོས་བཟུང་དང་བྲལ་བའི་རིག་པ་ཧར་སང་རྗེན་ལ་ཕུད་དེ་ཅེར་མཐོང་རང་གྲོལ་དུ་འཇོག་པ་གནད་ཡིན་ཏེ། ཇི་སྐད་དུ། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །ཞེས་དང་། མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །


MLP013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཅེས་གསུངས་པ་ལྟར་ནང་འཛིན་པའི་སེམས་རང་དག་ཏུ་བྱས་པས་འཛིན་བྱེད་རང་གྲོལ་དུ་འགྲོ། དེ་བྱུང་ན་ཕྱི་གཟུང་བ་རང་སར་དག་པ་ཡིན། དེ་ཡང་རང་ངོ་ཤེས་ཙམ་ལ་དྲན་འཛིན་གྱིས་བཅོས་བསྒྱུར་མ་བྱས་ཀྱང་རིག་ཙམ་ཝ་ལེ་ཧྲིག་གེ་བ་དེ་འགག་རྒྱུ་མེད་ཅིང་། འདི་དང་འདི་ལྟ་བུའོ་ཞེས་རང་མྱོང་དང་མཐུན་པ་ནི་ཇི་ལྟར་བྱས་ཀྱང་བརྗོད་མི་ཤེས། འགྱུ་བྱེད་རྣམ་རྟོག་གི་བློས་འདི་འདྲ་ཞིག་གོ་ཞེས་ངེས་ཐུབ་རྒྱུ་མེད། ཡིན་མིན་དང་ཕྱོགས་ཆ་གང་གིས་མ་བསྡུས་རིག་པ་དང་ཤེས་པའི་ངོ་བོར་ཡོད་སྙམ་ན་ཡང་རང་རིག་སྐད་ཅིག་མའི་ངོ་ན་ཤེས་པ་འདི་ལྟ་བུར་མྱོང་། རིག་པ་འདི་ལྟ་བུའོ་ཞེས་པའི་མྱོང་བྱ་མྱོང་བྱེད་རིག་བྱ་རིག་བྱེད་གང་ཡང་ཡོད་མ་མྱོང་བ་འདི་ག་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་གདའོ། །ཟབ་དོན་སྟོན་པའི་གསུང་རབ་རྣམས་སུ་བརྗོད་བྲལ་དང་། སྤྲོས་བྲལ་དང་། ཀ་དག་དང་། ཡེ་ཤེས་དང་དོན་དམ་སོགས་དུ་མའི་མིང་གིས་བརྗོད་པ་ཐམས་ཅད་ཀྱང་འདི་ལས་མི་འདའ། རང་བཞིན་ངོས་བཟུང་མེད་པའི་འཆར་སྒོ་དད་པ་དང་སྙིང་རྗེ་སོགས་དགེ་བའི་རྟོག་པའམ། དུག་ལྔ་དུག་གསུམ་སོགས་ཉོན་མོངས་པའི་རྟོག་པའམ། ས་རྡོ་རི་བྲག་སོགས་ལུང་མ་བསྟན་གྱི་འཆར་སྒོ་ཡིན་ཡང་རུང་སྟེ་གང་ཤར་དེ་གའི་ཐོག་ཡིན་པ་འདུག་སྙམ་པའི་བློས་བྱས་ཀྱིས་ཀྱང་མི་ཆོག་པས། ཇི་ལྟར་ཤར་ཡང་ཤར་དུས་ན་སྐད་ཅིག་མ་གཅིག་པོ་དེ་ཉིད་ལ་བཟོ་བཅོས་མེད་པར་རང་སོ་ཟིན་པར་བྱ་སྟེ། རང་ངོ་ཟིན་ཙམ་ན་བྱ་ལམ་རྗེས་མེད་དུ་འགྱུ་བ་རང་སངས་ཉོན་མོངས་རང་གྲོལ་ཡིན་འདི་ལའང་ཉོན་མོངས་པ་དང་རྣམ་རྟོག་ཡུལ་རྐྱེན་སོགས་ཤུགས་དྲག་མི་དྲག་གི་ཁྱད་པར་གྱིས་རྟོག་པའི་འཆར་སྒོ་གསལ་གསལ་འདྲ་ལ་ངོས་བཟུང་མེད་པ་ཡུལ་ཡུལ་པོ་ཆུ་ལ་གཟུགས་བརྙན་འདྲ་ཞིག་དང་། དབྱིངས་དེ་ལ་གདངས་གཅིག་གིས་ཁྱབ་པ་ཙམ་མ་གཏོགས་ངེས་བཟུང་མེད་པའི་ཚུལ་དུ་འཆར་ཏེ་འཆར་ཚུལ་མི་འདྲ་ཡང་ངོ་བོ་ལ་དབྱེ་བ་མེད། དེ་ཙམ་ན་འཆར་སྒོ་ཐམས་ཅད་ཀ་དག་གི་རྩལ་མ་
འགགས་པར་ཤར་བ་ཙམ་ལས་རྣམ་རྟོག་རང་མཚན་པས་གོས་པ་མེད་ཕྱིར་རང་ཤར་རང་གྲོལ་ཆེན་པོར་ཐག་ཆོད་པས་ན། ཇི་ལྟར་ཤར་བའི་རིག་པ་ནི། སྦྲུལ་མདུད་བཞིན་དུ་རང་གྲོལ་ཏེ། །གཉེན་པོ་མེད་ཅིང་འབད་རྩོལ་ཞིག །ཅེས་དང་། ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ངང་གིས་གྲོལ་བས་འབད་རྩོལ་མེད། །ཅེར་གྱིས་བལྟས་པས་མཐོང་སར་ཡལ། །ཞེས་གསུངས་པ་བཞིན་གནས་ལུགས་ཀྱི་ཕྱོགས་མཚོན་པ་ཙམ་དང་། ཐབས་སྤྱོད་པའི་ཕྱོགས་ནི་ཚོགས་བསག་གི་རིམ་པ་རྣམས་གཞན་དང་མཚུངས་པ་བཞིན་དུས་དང་གནད་དུ་ཇི་ལྟར་འགྲོ་བ་བཞིན་སྤྱད་པར་བྱའོ། །

མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་ལན།


MLP013_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་ལན། ལགས། གདམས་ངག་འབོག་པའི་རྒྱལ་པོ་ཞེས་པའི་མདོའི་ལུང་རེ་ཙམ་བུ་སྟོན་ཆོས་འབྱུང་སོགས་ན་དྲངས་ཀྱང་། མདོ་དེ་ག་གང་ཡིན་གྱི་ཁུངས་མ་དམིགས་པ་དང་། འགོས་ལོས་རྙིང་མའི་མདོ་དགོངས་འདུས་ཡིན་ཞིང་སྔར་དྲངས་པའི་ལུང་ཡང་འགྱུར་ཁྱད་ཙམ་མ་གཏོགས་འདིར་དོན་གྱིས་ཚང་བ་དང་། རོང་ཟོམ་གྱིས་ཀྱང་མདོ་སྡེ་དེ་ཉིད་ཀྱི་མཚན་ནས་སྨོས་པའི་གསང་སྔགས་བྱུང་ཚུལ་ལུང་ཁུངས་སུ་དྲངས་པ་དེ་རྣམས་མདོ་འདིར་སྣང་བས་མདོ་སྡེའི་ངོས་འཛིན་འགོས་ལོའི་བཞེད་པ་དོན་ལ་གནས་ཀྱང་དེར་འདི་སྐབས་ཀྱི་ལུང་བསྟན་དངོས་སུ་མེད་པར་མ་ཟད་འདི་དང་ཚིག་རིས་ཀྱང་མི་མཐུན་པས་མེད་ངེས་དང་། མཁའ་འགྲོ་གསང་རྒྱུད་སོགས་ཀྱི་ལུང་ཁུངས་ཀྱང་རྩད་ཆོད་པ་ཞིག་མ་བྱུང་། འདིར་མ་འཁོད་པའི་ལུང་བསྟན་གྱི་རིགས་ངོས་ཟིན་ཆེ་བ་ཞིག་མ་བྱུང་ཞིང་པདྨ་ཐང་ཡིག་གི་ཁུངས་སྨོས་པ་འདི་ཡང་ཨོ་རྒྱན་གླིང་པའི་ཤེལ་བྲག་མ། རྡོར་གླིང་གི་གནམ་ལྕགས་མ། སངས་རྒྱས་གླིང་པའི་གསེར་ཕྲེང་མ་གསུམ་ག་ནས་མ་བྱུང་པ་པདྨ་བཀའ་ཆེམས་ཀྱི་ཁུངས་སྨོས་པ་འདི་རཏྣའི་སྤྱི་ལུང་དུ། འཇམ་དབྱངས་སྤྲུལ་པ་གདུལ་བྱ་བསྟན་པའི་བདག༔མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་འབྱུང༔ཞིང་འདི་འདས་ནས་བྱམས་པའི་དྲུང་དུ་འགྲོ༔ཞེས་རྐང་པ་གསུམ་ལས་མི་རབས་བརྒྱད་ཅེས་པ་སོགས་མི་འབྱུང་ཞིང་བསྐུལ་


MLP013_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཡང་མ་རྙེད། མགོན་པོ་རིན་ཆེན་འདི་ལྷོ་ཟངས་ཡིག་གཏེར་སྟོན་རུས་ལས་ཤུད་བུ་ཆོས་གྲགས་དང་མགོན་པོ་རིན་ཆེན་གུ་རུ་ཇོ་རྩེ་སོགས་སུ་གྲགས་པ་ཨོ་རྒྱན་གྱི་ཚེས་བཅུའི་ཕན་ཡོན་སོགས་འདོན་མི་དེ་ཡིན་འདུག་པ་སྐྱིད་ཤོད་ཇོ་རྩེ་དང་མི་གཅིག །དེའི་གཏེར་ལུང་ན་ཡོད་ཚུལ་ད་རེས་ཟུར་བཀོལ་དུ་ཕེབས་པ་ལས་སྔར་མ་མཐོང་། བཀའ་ཆེམས་དགེ་སློང་བྱང་སེམས་ཞེས་སོགས་དང་གླེགས་བམ་གྲུབ་ཆེན་ཕྱག་རྡོར་གྱི་ལུང་བསྟན་རྣམས་ཡོངས་གྲགས་དང་། མ་གཅིག་གི་ལུང་བསྟན་ཡོད་ཚུལ་ཡང་སྔར་ནས་གྲགས་འདུག་ལགས་ཤིང་ད་རེས་གནང་བ་འདིར་མ་འཁོད་པ་རཏྣའི་སྤྱི་ལུང་དུ། འཇམ་དཔལ་སྤྲུལ་པ་གསང་སྔགས་བསྟན་འཛིན་པ༔བློ་གྲོས་སྟོབས་ལྡན་གྲགས་པའི་མིང་ཅན་འབྱུང༔ཞེས་པ་ཡང་རྗེ་རིན་པོ་ཆེར་འབྲེལ་ཆགས་པ་འདྲ་བ་དང་། གཞི་ནས་རྗེ་བདག་ཉིད་ཆེན་པོ་མཁྱེན་བརྩེ་ནུས་པའི་ཕྲིན་ལས་འགྲན་ཟླ་དང་བྲལ་བ་ནམ་མཁའི་ཁོངས་ཁྱབ་པས་བློ་ཆུང་ཁྲོན་པའི་སྦལ་པ་ལྟ་བུ་འགའ་རེ་ནས་ལོག་པའི་སྐུར་འདེབས་དང་རྐྱེན་བསྒྱུར་གྱི་ལུང་བསྟན་ཅལ་སྒྲོག་ལ་བརྟེན། རྙིང་མའི་གྲུབ་ཐོབ་རྩོད་མེད་འཕོ་བ་འཇག་ཚུགས་མའི་འབྱུང་ཁུངས་ཉི་ཟླ་སངས་རྒྱས་ཀྱི་དག་སྣང་དུ་ཨོ་རྒྱན་ལ་ལུང་བསྟན་དོགས་སེལ་ཞུས་པ་འདི་བཞིན་ཁུངས་བཙུན་དུ་བླ་མ་དམ་པ་རྣམས་གནང་གཤིས་དཔེ་འདི་བཞིན་ལགས་པ་སླར་ཕྱིར་གནང་བརྩེ་བས་འཛིན་པ་དང་། ཡང་རྡོར་གླིང་གསེར་ཡིག་ཏུ། བསྟན་པའི་སྲོག་ཤིང་ཤར་དུ་གྲགས་པ་ཞིག༔སྐུ་ཚེ་མཐར་འཁྱོལ་བདེ་བ་ཅན་དུ་གཤེགས༔ཞེས་སྣང་བ་ཡང་ཤར་ཙོང་ཁ་པ་ཞེས་པའི་མཚན་ལས་འབྲེལ་བ་འདྲ་ལགས་པ་དང་། གོང་ཞབས་ཡས་ཕྱིན་གྱི་སྒོས་ལུང་ཁྱབ་ཆེ་བ་ནི། རྡོར་གླིང་། རཏྣ་གླིང་པ། པད་གླིང་གསུམ་གའི་གཏེར་ལུང་དུ་ཚིག་ཟུར་ཙམ་མ་གཏོགས་ཕལ་ཆེར་མཐུན་པར། དེ་ནས་སྔོན་གྱི་ཐུགས་བསྐྱེད་རྒྱལ་པོ་ནི༔ཞེས་སོགས་རྣམ་ཐར་རིན་པོ་ཆེར་སྔར་ཕེབས་པ་ལྟར་གོ་ཕྱོགས་ཀྱི་འབྲེལ་ཕུལ་བ་བཅས་དེ་བཞིན་ལགས་པ་དང་། ཡང་རྡོར་གླིང་ཀློང་ཡངས་ཀྱི་རབ་འབྱེད་ལས། དེ་ནས་ཡུལ་དབུས་ལྷ་སའི་རྩར༔རྒྱལ་པོའི་ཚུལ་ལྡན་འབྱོར་པར་ལྡན༔དེ་ཡིས་འདི་ཉིད་བཙལ་ནས་རྙེད༔འཕྲད་པ་ཙམ་གྱིས་མེ་མཆེད་འདྲ༔
དེ་ནས་ལོ་བརྒྱར་དར་བར་འགྱུར༔ཞེས་དང་། དེ་ནས་ཡང་ནི་བོད་ཡུལ་དབུས༔སེང་ལྡེང་དམར་པོའི་རི་བོ་ལ༔རྒྱལ་པོ་དགེ་བའི་སྟོབས་ལྡན་འབྱུང༔ཁ་དོག་དམར་ལ་སོ་སེར་བ༔རྒྱལ་ཁྲིམས་བསྲུང་བ་རིགས་ལྡན་འབྱུང༔དེ་ཡིས་བླ་དཔེ་རྙེད་པར་འགྱུར༔དེ་ཚེ་བཻ་རོའི་སྤྲུལ་པ་པོ༔བཛྲ་མིང་ཅན་ཚེ་འཕོས་པ༔འཆིང་ཕུ་ལ་སོགས་གཏེར་མང་ཕྱུངས༔ཞེས་སོགས་འབྲེལ་ཆགས་སུ་འབྱུང་བ་ནི་ལྟ་བ་ཀློང་ཡངས་ཀྱི་ཆོས་བཀའ་ཆད་མ་རག་པ་ལྟ་བུ་ཐུགས་རྩོལ་ཆེན་པོས་བཙལ་བ་བཀའ་དྲིན་ཆེ་དོན་བཞིན་ཕྲན་བུ་ནས་དབང་ལུང་རྣམས་འབུལ་ལོ་བགྱིས་པ་དང་དམར་པོ་རི་དངོས་མིང་དང་རྒྱལ་པོ་དགེ་བའི་སྟོབས་ལྡན་ནི་དམ་པ་ཉིད་དེ་སྐྱབས་མགོན་བླ་མ་མཆོག་གི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་ཟབ་དོན་རྣམས་དམ་པ་ཉིད་ལ་བཀའ་བབས་པ་ནི་བླ་དཔེ་རྙེད་པ་དང་འབྲེལ་བ་དང་། དེ་ཚེ་བཻ་རོའི་སྤྲུལ་པ་རྡོར་གླིང་སྐྱེ་བ་འཕོས་པ་སོགས་ད་ལྟའི་གནས་དུས་ཐམས་ཅད་ལ་འབྲེལ་ཆགས་འདྲ་སེམས་པ་དང་། གཏེར་གསར་ལུང་བསྟན་གྱི་ལེ་ཚན་རྣམས་ནི་མ་ཕུལ་ཞིང་ད་རེས་ཤོག་འཛར་གནང་བའི་ཐང་ཡིག་ལེ་ཚན་གྱི་ལུང་བསྟན་རྣམས་ནི་དམ་པ་ཡབ་སྲས་རྣམ་གཉིས་རང་འབྲེལ་ཆགས་པར་གོ་བའི་རང་རེའི་བསམ་ཚོད་གང་ཡིན་ཤོག་བུ་སྦྱར་མཆན་དུ་ཕུལ་བ་འདི་བཞིན་ལགས་པ་བཅས་ཟབ་ཐུགས་ཆོས་དབྱིངས་ཁྲེལ་བ་མེད་ངོས་བཀའ་དྲིན་གྱིས་རྗེས་སུ་འཛིན་པ་ཞིག་མཁྱེན་ལགས།

ཐང་འབྲོག་སྤྲུལ་སྐུ་རིན་པོ་ཆེའི་དྲི་ལན།


MLP013_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐང་འབྲོག་སྤྲུལ་སྐུ་རིན་པོ་ཆེའི་དྲི་ལན། ལྕེ་སོག་གི་ངོས་འཛིན་ནི་བྱེ་བྲག་རྟོགས་བྱེད་ཀྱི་སྤོས་མིང་གི་སྡེ་ཚན་དུ་གུལྐུ་ལུཿགུ་གུལ་སོགས་རྫས་དང་། ས་རྩི་སོག་ཅེས་མིང་གི་རྣམ་གྲངས་སུ་སྨོས་པའི་ཕྱིར་གུ་གུལ་ལོ། །རང་གཞུང་བདུད་རྩི་གསལ་སྒྲོན་གྱི་འགྲེལ་པ་དགེ་བསྙེན་རིན་ཆེན་དབང་ཕྱུག་གིས་མཛད་པར་ཡང་ལྕེ་སོག་དཀར་པོ་སྟེ་གུ་གུལ་དཀར་པོར་བཤད་ཅིང་། ལམ་རིམ་མཆན་རྙིང་ལས་ཀྱང་དེ་ལྟར་བཤད་པ་དང་གཞན་ཡང་སྤོས་སྣོད་ལ་པོག་ཕོར་ཞེས་སྔོན་གྱི་གནས་སྐད་དུ་ཡིག་རྙིང་མང་པོར་འབྱུང་བའི་ཕྱིར་སོམ་མི་ཉིའོ། །དུ་རུ་ཀ་
ནི་འགའ་ཞིག་ཨ་ཀ་རུ་འབའ་ཞིག་ཏུ་ངོས་འཛིན་ཡང་སྤོས་ཀྱི་སྡེ་ཚན་དུ་རྣམ་གྲངས་སུ་མིན་པར་སོ་སོར་བཤད་པ་དང་། ད་ལྟ་ཁུངས་ཅན་གྱི་ངོས་འཛིན་གར་ལོག་ཙནྡན་དུ་གྲགས་པ་ཙནྡན་དམར་པོ་ལས་ཅུང་ཟད་མི་དམར་ཞིང་རྩིང་བ་དྲི་ཤུགས་སྐྱུར་ཉམས་ཡོད་པ་འདི་ཕལ་པ་དང་། དེ་ལས་མཁྲེགས་ཤིང་ཞིབ་པ་དྲི་ཕྱོགས་འདྲ་འདི་མཆོག་ཏུ་བྱེད་འདུག་པའི་སྤུས་ཚད་ཁ་བྱང་ལྟར་ལགས། སྲོག་འཁོར་གྱི་ལྟེ་བར་ཕ་ཝཾ་ལོང་བུ་གཞུག་དགོས་ཕ་ཝཾ་ལོང་བུ་མ་ཉམས་པ་ཆུང་བ་ཡི་གེ་སོགས་བཤད་ཚོད་བཞིན་བྲིས་དར་གོས་ལྟ་བུས་གཏུམ། འཁོར་ལོ་དར་ལྟེབ་སྤྱི་ལྟར་བྱས་པའི་ལྟེ་བའི་ས་བོན་དང་ཕ་ཝཾ་ལོང་བུའི་ཡི་གེ་མགོ་ཕྱོགས་གཅིག་པ་བྱེད་པ་ལགས། མགྲོན་བཞིའི་གཏོར་མ་དཀར་ཟླུམ་གཏོར་ཅོག་ཏུ་གྲགས་པའམ་རིལ་བུ་གནང་ཡང་ཆོག །བརྟན་མའི་སྤྱན་འདྲེན་སྐབས་དུང་དམར་གྱི་རྒྱ་ནི་རྡོར་ཐལ་གྱེན་དུ་ཁ་ཕྱེ་བ་དེ་ལགས།

སྒམ་པོ་གཏེར་སྟོན་གྱི་དྲི་ལན།


MLP013_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒམ་པོ་གཏེར་སྟོན་གྱི་དྲི་ལན། ལགས། བཀའ་བརྒྱད་བདེ་འདུས་ཀྱི་གཙོ་བོ་ཞལ་ཕྱག་མང་ཉུང་རྣམས་རྒྱས་བསྡུས་ལས་བདག་མདུན་གྱི་རྣམ་པར་བསྒོམ་པ་མ་ཡིན་པས་གཙོ་བོ་རྒྱས་པའི་དབང་དུ་བྱས་ནས་དབུ་ཉེར་གཅིག་ཕྱག་ཞེ་གཉིས་པ། འབྲིང་པོ་དབུ་དགུ་ཕྱག་བཅོ་བརྒྱད་པ། བསྡུས་པ་དབུ་གསུམ་ཕྱག་དྲུག་པ། ཤིན་ཏུ་བསྡུས་པ་ཞལ་གཅིག་ཕྱག་གཉིས་པ་རྣམས་བསྒོམ་པ་ཡིན་ཞིང་། བདག་མདུན་སྤྱིར་ཐ་དད་ཐ་མི་དད་དུ་བསྒྲུབ་ཚུལ་གསར་རྙིང་གཉིས་ཀ་ནས་འབྱུང་བ་ལྟར་ལས། འདིར་ཐོག་མར་བདག་མདུན་དབྱེར་མེད་དུ་བསྒོམས་ནས་བཟླས་པ་དང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་ལས་སོ་སོའི་སྐབས་ཐོབ་ཀྱིས་བཞིན་དང་མེ་ལོང་ལྟར་སོ་སོར་ཕྱེ་ནས་སྒྲུབ་པ་ལགས། རྫོགས་ཆེན་སྟོན་པ་བཅུ་གཉིས་ནི། དང་པོ་སྟོན་པ་ཁྱེའུ་སྣང་བ་དམ་པ་ནི་དགའ་ལྡན་བརྩེགས་པའི་གནས། མེ་ཏོག་པདྨའི་ཚལ། པདྨ་འདབ་མ་སྟོང་མཚོན་བྱེད་ཀྱི་དབུས་སུ་ཁྱེའུ་དཀར་པོ་ཟུར་ཕུད་རིན་པོ་ཆེའི་རྒྱན་ཅན་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་ཞབས་ཅུང་ཟད་བརྐྱངས་པའི་ཕྱེད་


MLP013_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ། འཁོར་སངས་རྒྱས་སྟོང་མཚོན་བྱེད་མཐའི་པད་འདབ་ཀྱི་སྟེང་སངས་རྒྱས་སྤྲུལ་སྐུའི་ཆས་ཅན་ཁ་ཤས་ཀྱིས་བསྐོར་བ། གཉིས་པ་སྟོན་པ་ཁྱེའུ་མི་འཁྲུགས་པ་ནི་ཁྱེའུ་གཙུག་ཏོར་ཅན་དཀར་པོ་འོད་ཁ་དོག་ལྔའི་སྒོ་ངའི་དབུས་ནས་སྐུ་ཕྱེད་འཐོན་པ་མཐའ་སྐོར་དུ་རང་འདྲའི་འཁོར་ལྔས་བསྐོར་བ། གསུམ་པ་སྟོན་པ་འཇིགས་སྐྱོབ་ནི་དྲོད་བཤེར་མཚོན་བྱེད་ཆུ་ལས་འོད་ལྔའི་རླངས་པ་འཕྱུར་བའི་དབུས་སུ་པདྨ་ལས་སྐྱེས་བུ་སྐུ་མདོག་དཀར་པོ་ཟུར་ཕུད་ཅན་ཕྱག་གཉིས་བརྐྱངས་པས་དར་བརྒྱངས་པ་སྐུ་ཕྱེད་འཐོན་པ། གཡས་ན་འཁོར་ཐལ་སྦྱར་དང་གཡོན་ན་ཕྱག་གཉིས་བརྐྱང་བ། གཉིས་ཀའང་ཟུར་ཕུད་ཅན་ཕྱེད་འཐོན་པ། བཞི་པ་སྟོན་པ་གཞོན་ནུ་རོལ་པས་རྣམ་པར་རྩེ་བ་སྐུ་མདོག་དཀར་སེར་དར་དང་རིན་པོ་ཆེའི་རྒྱན་ཅན་དབུ་སྐྲ་ཐོར་ཚུགས་བཅིངས་པ་ཕྱག་ཆོས་འཁོར་ཞབས་སྐྱིལ་ཀྲུང་། འཁོར་གཡས་སུ་གནོད་སྦྱིན་སྔོན་པོ་སྒེག་ཉམས་ཅན་དང་གཡོན་དུ་སྲིན་པོ་སྨུག་ནག་འཇིགས་པ། ལྔ་པ་སྟོན་པ་རྡོ་རྗེ་འཆང་ནི་འཚོ་བྱེད་གཞོན་ནུའི་ལྡུམ་ར་མཚོན་བྱེད་མེ་ཏོག་གི་ཚལ་ཆེན་པོའི་དབུས་སུ་སྐུ་མདོག་སྔོན་པོ་ལོངས་སྐུའི་ཆས་ཅན་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ་ཞབས་སྐྱིལ་ཀྲུང་། འཁོར་དུ་སངས་རྒྱས་རབས་བདུན་ཐུབ་པ་སྤྲུལ་སྐུའི་ཆ་བྱད་ཅན་བདུན་གྱིས་བསྐོར་བའོ། །དྲུག་པ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ནི་གསང་ཆེན་རོལ་པའི་གནས་མེ་རླུང་འཚུབ་པའི་དབུས་སུ་སྟོན་པ་སྔོ་སྐྱ་ཁྲོ་འཛུམ་རལ་པའི་ཐོར་ཚུགས་ཅན་ཕྱག་སྡིགས་མཛུབ་གཡས་གདེངས་གཡོན་ཐུགས་ཀ་འཁོར་བྱང་ཆུབ་སེམས་དཔའ་བདུན་གཙོ་འཁོར་ཐམས་ཅད་སྤྲིན་གསེབ་ནས་སྐུ་ལུས་ལྟེ་བ་ཡན་ཆད་འཐོན་པའོ། །བདུན་པ་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་ནི་སྔོན་པོ་ཁྲོས་པའི་ཉམས་ཅན་དབུ་སྐྲ་ཐོར་ཚུགས་རིན་པོ་ཆེ་དང་དར་གྱི་རྒྱན་ཆས་ཕྱག་སྡིགས་མཛུབ་ཡས་གདེངས་གཡོན་ཐུགས་ཀ་པད་ཉིའི་གདན་ལ་སྐྱིལ་ཀྲུང་། འཁོར་སྲིན་པོ་བྱེ་བ་མཚོན་བྱེད་སྲིན་པོ་ཁྲོ་ཉམས་ཅན་གཉིས་ཀྱིས་བསྐོར་བ། བརྒྱད་པ་སྟོན་པ་གསེར་འོད་དམ་པ་ནི་བྱ་རྒོད་ཕུང་པོ་མཚོན་པའི་རི་བོའི་རྩེར་ཐུབ་པ་སྐུ་མདོག་བཙོ་མ་གཙུག་ཏོར་ཆོས་གོས་རྣམ་གསུམ་ཅན་ཕྱག་གཡས་མཆོག་སྦྱིན་དང་གཡོན་ཆོས་གོས་ཀྱི་གྲ་


MLP013_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཞབས་སྐྱིལ་ཀྲུང་འཁོར་ཉན་ཐོས་གཉིས་གསུམ་ཙམ་གྱིས་བསྐོར་བ། དགུ་པ་སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་ནི། ཤིང་ལྗོན་པ་ལ་རྒྱབ་བསྟན་པ་ཞི་བ་ཐོར་ཚུགས་དར་དང་རིན་པོ་ཆེའི་རྒྱན་ཅན་པདྨའི་གདན་ལ་ཞབས་སྐྱིལ་ཀྲུང་། ཕྱག་གཉིས་བརྐྱང་སྟེ་དར་གྱི་གོས་བརྐྱང་སྟེ་འཛིན་པ་འཁོར་བྱང་ཆུབ་སེམས་དཔའ་བཞི་ཙམ་གྱིས་བསྐོར་བ། བཅུ་པ་སྟོན་པ་འོད་སྲུངས་བགྲེས་པོ་ནི་བྱ་རྒོད་ཕུང་པོའི་རི་ལ་སྟོན་པ་དགེ་སློང་ཉན་ཐོས་ཀྱི་ཚུལ་ཅན་ཕྱག་གཉིས་སེ་གོལ་བརྡེབ་པ་འཁོར་བྱང་སེམས་ཉན་ཐོས་ཀྱི་ཆས་ཅན་བརྒྱད་ཀྱིས་བསྐོར་བ། བཅུ་གཅིག་པ་སྟོན་པ་མངོན་རྫོགས་རྒྱལ་པོ་ནི་རྡོ་རྗེ་གདན་མཚོན་བྱེད་རྡོ་རྗེ་རྒྱ་གྲམ་གདན་ཐབས་ཀྱི་དབུས་སུ་བྱང་ཆུབ་ཀྱི་ལྗོན་ཤིང་སྐྱེས་པའི་རྩ་བར། སྟོན་པ་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་པ་ས་གནོན་མཉམ་བཞག་ཅན་འཁོར་དུ་འཇམ་དབྱངས་སྤྱན་རས་གཟིགས་ཕྱག་རྡོར་གསུམ་གྱིས་བསྐོར་བ། བཅུ་གཉིས་པ་སྟོན་པ་ཤཱཀྱ་ཐུབ་པ་ནི་གཙུག་ལག་ཁང་གི་དབུས་སུ་སྟོན་པ་ཤཱཀ་ཐུབ་སྤྱི་འགྲོ་འཁོར་ཉན་ཐོས་བཞི་ཙམ་གྱིས་བསྐོར་བའོ། །དངོས་གྲུབ་ཀྱི་རྫས་ཀྱི་བརྡ་ཟླ་རྒྱས་ནི་ཞོ་དང་ཁུར་བ། ཟླ་ཁྲུམ་ཐུད་དང་ཕྲུམ། ཛཀྟི་ནི་ཤ །ཀུན་ཏུ་རྒྱུ་ཚྭ། སྤང་ན་སྐྱེས་ཤ་མོང་སྣ་ཚོགས་དང་རྩི་ཐོག་ནི་མར་ལ་བཤད་ཅིང་། ཟླ་ཁྲོམ་སོགས་ལ་བཟོ་རྒྱུན་ནི་ཁུངས་ལྡན་གྱི་མན་ངག་ལྟར་དཔེ་བྲིས་ཟུར་དུ་ཕུལ་བ་འདི་བཞིན་ལགས། སྨན་སྒྲུབ་ཀྱི་སྐབས་ཕབས་ལ། རྒྱ་ཕབས། མོན་ཕབས། བྱང་ཕབས། སྔོ་སྨན་བསྒྲུབ་པའི་ཕབས། འབྲུ་ཆང་གི་ཕབས་ཏེ་ཕབས་སྣ་ལྔ་ཞེས་བཤད་ཀྱང་། ད་ལྟ་ཕྱག་བཞེས་ལ་སྨན་རྙིང་པ་ལ་ཕབས་གཞན་རྣམས་ཚང་བའི་དབང་དུ་བྱས་ཏེ་ཆང་གི་འགྱུར་རྩིའི་ཕབས་གཅིག་པུས་ཆོག་པར་མཛད་ཅིང་། འདེབས་དུས་ཁ་ཁྲུའི་རླན་གྱིས་འདྲེས་པར་སྦོལ་ཏེ་སྨན་སྣོད་དུ་བཞུགས་སུ་གསོལ་ཁར་འདེབས་པ་ལགས། སྨན་དཀྱིལ་འཁོར་ལ་འགོད་ལུགས་ནི། ཁྲོལ་བུ་དང་ཕྱེ་མའི་དགོངས་བརྒྱུད་གཉིས་ལས་ཁྲོལ་བུ་ནི། རིགས་དང་མཐུན་པའི་ཐོད་པ་སོ་སོར་སྨན་རྣམས་རིགས་ཕྱེ་ནས་བཀོད་ལ་དམ་པ་རིགས་བརྒྱས་སྦྱངས། དེ་ནས་ཐོད་པ་ལྔར་བསྒྲིལ་ནས་རིགས་ལྔས་སྦྱངས། དེ་ནས་དབུས་ཀྱི་ཐོད་པར་བསྒྲིལ་ནས་རིགས་


MLP013_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་སྦྱངས་ནས་ཁྲོལ་བུའི་རྗེས་ཆོག་རྣམས་གནང་རྗེས་སྨན་བཏག་བཙག་གི་དགོངས་པས་འཐག་པ། འཚག་པ། བསྲེ་བ། སྦོལ་བ་རྣམས་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་གནང་། དཀྱིལ་འཁོར་གྱི་དབུས་སུ་མོ་ཐོད་ལ་འཁོར་ལོ་རྩིབས་བཞི་པ་ལ་རིགས་ལྔ་ཡུམ་གྱི་ས་བོན་དང་། ཕོ་ཐོད་ལ་རྩིབས་བཞིར་ཡབ་ལྔའི་ས་བོན་བྲིས་པའི་བར་དུ་སྨན་རྣམས་དར་རས་ཀྱི་ཁུག་མར་བླུག་པ་ཐོད་པ་ཁ་སྦྱོར་རང་དུ་ཤོང་དཀའ་བས་མོ་ཐོད་འོག །ཕོ་ཐོད་སྟེང་ནས་བཀབ་སྟེ་ཚོན་སྐུད་ཀྱིས་དཀྲི་ཞིང་རིགས་ལྔ་ལ་སོགས་པས་ཆས་སུ་བཅུག་ལ། ཕྱོགས་བཞི་ནས་གཟུངས་ཐག་འདྲེན་ཞིང་སྟེང་དུ་རྨུ་ཐག་འདྲེན་པ་སོགས་སྒྲུབ་གཞུང་གང་ལ་བརྟེན་པའི་ཕྱག་བཞེས་ལྟར་གནང་ཞིང་། བཀའ་བརྒྱད་ལ་སྦྱོར་ཚེ་ཕོ་ཐོད་ཀྱི་སྟེང་དུའང་ཆེ་མཆོག་གི་ཐོད་སྐུ་འགེབས་ཤིང་། དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱས་ཏེ་དཀྱིལ་འཁོར་བདུན་ལྡན་གྱི་དགོངས་པས་བསྒྲུབ་པ་ནི་ཕྱེ་མའི་སྒྲུབ་པ་ཡིན་ལ། རྒྱུད་ལས་རིལ་བུ་དང་རློན་སྦྱོར་སོགས་ཀྱི་བདུད་རྩི་སྒྲུབ་ཚུལ་བཤད་ཀྱང་ཕྱག་བཞེས་ལ་མཛད་པ་ཉུང་ངོ་། །རྒྱ་རྟགས་ནི། བྱང་གཏེར་ལས། གཙང་མའི་རྒྱུ་ལ་བཙོ་མའི་མདོག་དང་ལྡན། །སྡིག་སྒྲིབ་དག་ནས་ཤཱཀྱའི་གདུང་གསོབ་རྟགས། །རིན་ཆེན་འབར་བའི་དབྱིངས་སུ་འདུག་པ་ནི། །ལས་ཅན་འདི་དང་ཕྱི་མའི་དོན་གྲུབ་རྟགས། །དཀྱུས་སུ་ཁྲུ་བཞི་སོ་སོར་ཐར་པ་ཡི། །རྩ་བ་བཞི་ཡི་སྡོམ་པ་བསྲུང་བའི་རྟགས། །ཞེང་དུ་སོར་བཅུ་ཐེག་པ་ཆེན་པོ་ཡི། །དགེ་བ་བཅུ་ལ་སྐལ་ལྡན་སྤྱོད་པའི་རྟགས། །དབུས་སུ་རྡོ་རྗེ་བཞི་ཡིས་བརྒྱན་པ་ནི། །ཚད་མེད་བཞི་ལ་རྟག་ཏུ་སྤྱོད་པའི་རྟགས། །ཐུགས་ཀར་རྡོ་རྗེ་རྒྱ་གྲམ་མཚན་པ་ནི། །ཐུན་བཞིའི་རྣལ་འབྱོར་རྒྱུན་དུ་སྤྱོད་པའི་རྟགས། །སོར་གསུམ་ཞེང་ལ་དཀྱུས་སུ་རང་གི་མཐོ། །ཉེར་གཅིག་ཡོད་པའི་ལྕགས་རིས་མཐའ་ནས་བསྐོར། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་བོའི་ཚོགས། །ཉི་ཤུ་རྩ་གཅིག་བར་ཆད་བསྲུང་བའི་རྟགས། །རྟགས་ཀྱི་རྒྱ་འདི་ཆོངས་ལ་བཀའ་བཞིན་སྤྱོད། །འདི་ཉིད་དྲན་མཐོང་རེག་པའི་ཡོན་ཏན་ནི། །རང་གི་ལུས་ལ་རྒྱ་ནན་ཚུལ་དུ་གནས། །དཔུང་པ་གཡས་གཡོན་ལེགས་པར་བརྒྱན་པ་ནི། །ཚུལ་ཁྲིམས་རྣམ་དག་དགེ་བའི་ཆོས་སྤྱོད་ཅིང་། །སྲུང་བྱེད་


MLP013_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གོས་དང་ལྡན་པའི་རྟགས། །ཉོན་མོངས་དུག་ལྔའི་ལས་ངན་ལོག་བྱེད་ཀུན། །གཉེན་པོ་དྲན་པས་ཟུངས་ལ་དག་པ་མཛོད། །ཤཱཀྱ་སེངྒེ་རྒྱལ་བའི་བསྟན་པ་ཚུགས། །ཞེས་གསུངས་པ་ལྟར་དར་རས་གང་རུང་སེར་པོ་ལ་ཞེང་སོར་བཅུ་དཀྱུས་ཁྲུ་བཞི་པ་ལ། ཞེང་སོར་གསུམ་དཀྱུས་མཐོ་ཉེར་གཅིག་པའི་ལྕགས་རིས་བསྐོར་ཞིང་རྡོ་རྗེ་རྐྱང་པ་བཞི་དང་ཐུགས་ཀའི་ཐད་དུ་སྣ་ཚོགས་རྡོ་རྗེའི་རྟགས་ཀྱིས་མནན་པ་ལགས། ལྷག་མཐོང་གི་ཡེ་ཤེས་ནི་རྒྱུད་བླ་ལས། ནང་གི་བདག་ཉིད་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་དང་། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་སྣང་བ་འབྱུང་། །ཞེས་པས་གནས་ལུགས་ཁམས་ཀྱི་དོན་དེ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་མིག་ལ་བརྟེན་ནས་མཐོང་བར་བཤད་པ་ལྟར་གང་མཐོང་བྱའི་ཡེ་ཤེས་ནི་ལྷག་པའི་སྒྲ་དང་། མི་རྟོག་པའི་ཏིང་འཛིན་ནི་མཐོང་བྱེད་མིག་གི་སྒྲས་མཚོན་ཏེ་མདོ་སྔགས་གཉིས་ཀ་ནས་ཀྱང་གསུངས་མོད། ཁྱད་པར་རྫོགས་ཆེན་ལ་གཞི་གནས་ཀྱི་རིག་པ་ངོ་བོ་ཀ་དག་གི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་གདོད་མ་ནས་བཞུགས་པའི་རང་གནས་ཀྱི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གྱི་རང་ཞལ་མཐོང་བ་སྟེ། སྔ་མ་མདོ་ནས་བཤད་པ་དང་ཕྱག་རྒྱ་ཆེན་པོས་སེམས་རང་བཞིན་གྱིས་འོད་གསལ་བའི་ཁོང་ནས་རིག་པ་ལ་ལྷག་མཐོང་བྱས་པ་གཉིས། གཞི་གནས་ལུགས་མཐོང་ཚུལ་འདྲ་ཡང་འདིར་ཐོད་རྒལ་གྱིས་རྡོ་རྗེ་ལུ་གུ་རྒྱུད་དུ་མཐོང་བ་གནད་ཁྱད་པར་ཅན་གྱིས་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་མཛོད་སྒོ་ཕྱེ་ནས་བཙན་ཐབས་སུ་མཐོང་བས་ལམ་མྱུར་ཞིང་ལམ་གཞན་ལ་ལྟོས་པ་མེད་པ་གྲོལ་བས་ཉེ་ལམ་དུ་འགྱུར་བ་ལགས།

ཏྲེ་བོ་དཔོན་གྱི་དྲི་ལན།


MLP013_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཏྲེ་བོ་དཔོན་གྱི་དྲི་ལན། ལགས། ཞོ་ཟན་དང་ཟས་མཆོག་ཅེས་པ་མིང་གི་ཐ་སྙད་སོ་སོར་བསྙད་ཀྱང་རང་ལུགས་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་ཅིང་། གང་ལྟར་ཞོ་ཟན་ནི་མངར་གསུམ་ཕྱེ་དང་བསྲེས་པ་བགྲུས་པའི་ཟན་རིལ་བུའམ་ཕྱེ་མ་གང་བདེར་
བྱེད་པ་ཡིན། འབྲུ་གསུམ་གྱི་བར་དུ་རང་སྔགས་འཇུག་ཚུལ། གཏེར་གསར་རྡོར་སེམས་ལྟ་བུ་ལ་མཚོན་ན་ༀ་ཨཱཿༀ་བཛྲ་ས་ཏྭ་ཨཱཿཧཱུྃ་ཞེས་པ་ལྟ་བུ་ༀ་ཨཱཿགཉིས་གོང་དང་ཧཱུྃ་སྔགས་ཀྱི་མཐར་འགོད་པ་ཡིན། བསྙེན་པའི་ཁ་གསོའི་སྦྱིན་སྲེག་གི་ཡམ་ཤིང་དང་མར་ཁུ་གཉིས་ཏིལ་མ་ཡིན་པའི་རྫས་གཞན་རྣམས་ཐུན་རེར་བཅུ་ཚན་རེ་ཙམ་ལས་ཆེར་མི་འབུལ་བར་རྫས་གཞན་ལས་མང་ཙམ་དང་བརྒྱ་སྟོང་ཙམ་གྱི་མཚམས་སུ་བཅུ་ཚན་རེ་ཙམ་འབུལ་བ་གནང་ཚེ་གཞན་རྣམས་དང་འདྲ་བ་གནང་ན་རྣམ་པ་གསལ་བ་ཡོང་ཞིང་དེ་ལས་གཞན་པའི་བར་སྐབས་གྲངས་བཅད་རང་མི་དགོས། གཏོར་འབུལ་གྱི་ཆར་བདག་བསྐྱེད་ཀྱི་གཏོར་མ་ནི་འཛུགས་གཏོར་དུ་མོད། སྲེག་གཏོར་ལ་འདས་མ་འདས་གཉིས་ཀར་ཐུན་རེ་རེ་བཞིན་གསར་པ་རེ་བཤམས་ནས་གཏོར་སྔགས་དང་བསྟུན་བླུགས་གཟར་གྱིས་མེ་ནང་དུ་འབུལ་བ་གནང་དགོས་ཤིང་རྒྱུ་མར་ལ་བཟོས་ནས་འབུལ་བའི་ལག་ལེན་འདུག་པ་ཧོམ་ནང་དུ་འབུལ་བར་དངོས་གཙང་ཁྱད་ལེགས་པ་ཡོང་། ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་ལ་ཞི་རྫས་སྐབས་མེ་ཏོག་དཀར་པོ་ལ་ཙམ་པ་ཀ་དང་གཞན་ཡང་གངས་ལ་སོགས་དུག་རིགས་མ་ཡིན་པའི་མེ་ཏོག་དཀར་པོ་གང་འབྱོར་བསག་པ་ལས་དམིགས་བསལ་རྩོལ་སྒྲུབ་མི་དགོས། བཅུ་ཆའི་གྲངས་ལོངས་ཀྱི་སྦྱིན་སྲེག་བསག་ཚུལ་ཕྱི་ནང་གསང་གསུམ་གའི་བསྙེན་པའི་གྲངས་བསྡོམས་གནང་ཡང་ལེགས་ཆ་ཆེ་བ་ནི་གཞིར་བཅས་མོད། འོན་ཀྱང་སྐབས་འདིའི་བཅུ་ཆའི་གྲངས་ལོངས་ཚད་ཕྱི་སྒྲུབ་ཀྱི་བསྙེན་པ་དངོས་གཞིའི་ལྗགས་བསྙེན་ཇི་ཙམ་སོང་བའི་བཅུ་ཆ་རེ་གནང་བ་ཡིན། མ་ཐ་ཡང་བསྙེན་སྒྲུབ་ཚད་ཐེམས་གནང་བའི་སྐབས་འདིར་གྲངས་བསྙེན་གྱི་དབང་དུ་བྱས་ན་གཙོ་བོ་ཆིག་འབུམ་ཆིག་ཁྲི། རྟ་ཡུམ་སོ་སོར་ཆིག་ཁྲི་ཆིག་སྟོང་རེ། འཁོར་སྔགས་ལ་སུམ་སྟོང་སུམ་བརྒྱ་རེས་མཐའ་བརྟེན་པ་རེ་བསག་པ་གནང་དགོས། གཞན་བྱིན་བསྡུ་དང་གཅེས་གནད་ཀྱི་སྔགས་སོགས་ལ་ༀ་མ་ཎི་པདྨེ་ཧཱུྃ་ར་ཙ་ཧྲི་ཡ་ༀ་བཛྲ་དྷ་ཀ་ཞེས་སོགས་སྦྱར་བ་ལྟ་བུ་ནི་བྱེད་སྲོལ་མེད་པས་དགོངས་གཅགས་ཞུ།

ཕྱག་མཛོད་བློ་གྲོས་དབྱངས་ཅན་གྱི་དྲི་ལན།


MLP013_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཕྱག་མཛོད་བློ་གྲོས་དབྱངས་ཅན་གྱི་དྲི་ལན། ལན་ལ་རེ་བ་ནི། ཚེ་འདིའི་ཟས་གོས་སོགས་རང་གི་ཕུན་ཚོགས་བསྒྲུབ་པའི་ཆེད་དུ་སྟེར་བ་སྟེ་ཚོང་བྱེད་པ་དང་འདྲ། རྣམ་སྨིན་ལ་རེ་བ་ནི་སྐྱེ་བ་ཕྱི་མ་ལྷ་མིས་མཚོན་མངོན་མཐོའི་བདེ་འབྲས་རང་གིས་ཐོབ་པའི་ཆེད་དུ་གཏོང་བ་ནི་བུ་ལོན་དང་འདྲ་བས་དེ་གཉིས་ཀའང་ངེས་ལེགས་མྱང་འདས་དང་འབྲེལ་བ་མ་ཡིན། མྱང་འདས་བྱང་ཆུབ་བྲལ་འབྲས་ལ་དམིགས་པ་ནི་ཡང་དག་པའི་སྦྱིན་པ་སྟེ། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང་། སློབ་དཔོན་དཔའ་བོས། དགེ་བའི་རྩ་བ་བསྒྲུབ་པ་དེ་དག་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་དང་རྣམ་འཕྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུར་བསྔོའོ། །ཞེས་གསུངས་པ་ལྟར་ལགས།

ཀོང་པོ་རྫོགས་ཆེན་པའི་སྤྲུལ་སྐུའི་དྲི་ལན།


MLP013_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཀོང་པོ་རྫོགས་ཆེན་པའི་སྤྲུལ་སྐུའི་དྲི་ལན། རྣམ་འདྲེན་སྤྲུལ་པའི་སྐྱེས་མཆོག་དམ་པ་གང་དེའི་དྲུང་དུ། དང་བས་ཞུ་བ། དེང་དུས་སྔོན་གོམས་ཀྱི་ས་བོན་གདུལ་བྱའི་གདུང་སེལ་དུ་གྲུབ་པའི་སྐུའི་འཚོ་བ་བདེ་ཞིང་རང་སྣང་རིས་མེད་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོ་འབྱམས་ཀླས་པའི་ཕྲིན་ལས་འཁོས་སུ་ཕེབས་པ་ཉིད་དུ་བཞུགས་པ་ནས་ཕྱག་བྲིས་གནས་ཚུལ་ཞིབ་མོར་གསལ་བ་ལྷ་རྫས་ཀྱིས་འཁྱུད་པར་ཕེབས་པས་དངོས་སུ་མཇལ་བ་དང་མི་གཉིས་པར་བརྡའ་འཕྲོད་པས་རབ་དགའི་ཚོར་བས་སིམ་པ་ཐོབ་པར་གྱུར། དངོས་ཅག་ཀྱང་ལོ་ཚོགས་ཀྱི་ཁུར་ལྕིས་ལུས་ཟུངས་རང་བཞིན་གྱིས་གུད་པ་ལས་གློ་བུར་བའི་ཉེར་འཚེས་མ་གོས་ཙམ་ནས་འབྲུམ་ཟོན་དང་དགེ་སྦྱོར་འཇུག་པ་གཅིག་པའི་མཚམས་བཅད་དམ་མུས་ན་གནས་མུས་ལགས། ཆེད་དུ་དམ་པ་གོང་མའི་བག་ཆགས་གཞན་ངོར་གསལ་བ་ཞིག་ཡོང་བར་རེ་བ་བཞིན་ཉེ་ཆར་ཐུགས་དམ་ཟབ་མོའི་ཉམས་ལེན་ལ་བརྩོན་པ་མཛད་པའི་རིགས་སད་པའི་ཉམས་རྟོགས་དྲོད་རྟགས་ཕུན་སུམ་ཚོགས་པར་ངེས་པའི་ཡི་རང་གི་དང་བ་ཐོབ། ཉིད་རང་
གིས་ཇི་ལྟར་དགོངས་པ་ལས་གཞན་པའི་གེགས་སེལ་དང་བོགས་འཐོན་པའི་གནད་རང་རེ་བླ་མ་དམ་པའི་བཀའ་དྲིན་ལས་ཟབ་མོའི་ལམ་ལ་ཐོས་བསམ་སྤྱིའི་གོ་ཡུལ་ཙམ་ལས་རྟག་ཏུ་གཞན་ཕན་དུ་བཏགས་པའི་གཡེང་བ་འབའ་ཞིག་གིས་སྒོམ་པའི་ཉམས་ལེན་མོས་པ་ལམ་བྱེད་དུ་སོང་བས་གནད་ཐོག་ཏུ་འགྲོ་བ་དཀའ་ཡང་། གོ་བ་ཙམ་གྱི་དབང་དུ་བྱས་ན་སྤྱིར་གནས་ལུགས་དོན་གྱི་སངས་རྒྱས་གཞན་ནས་བཙལ་དུ་མེད་པ་རང་ལ་གདོད་མ་ནས་བཞུགས་པར་གདའ། རང་དུ་མ་ཟད་འཁོར་འདས་ཐམས་ཅད་འདིའི་རང་བཞིན་དུ་འདུག་པས་གཞི་ཀ་དག །ཅེས་བརྗོད་པ་ལགས། དེ་ཉིད་བླ་མའི་བྱིན་རླབས་དང་ཁྲེགས་ཆོད་ཀྱི་ཟབ་ལམ་ལ་བརྟེན་ནས་རང་ཞལ་ལྟ་ཤེས་ན་ཡེ་ནས་ཀ་དག་ཆོས་སྐུར་གནས་པས་གོ་ཆོད། དེ་ལྟ་མ་ཤེས་ན་ཡོད་ཀྱང་མི་ཕན་པ་ས་བོན་སྨིན་བྱེད་དྲོད་གཤེར་གྱི་རྐྱེན་དང་མ་འཕྲད་པ་དང་འདྲ། དེ་ཉིད་རྟོགས་པའི་ཐབས་ནི་ནང་འཛིན་པའི་སེམས་རང་དག་ཏུ་བྱས་པས་འཛིན་བྱེད་སྦྲུལ་མདུད་བཞིན་རང་གྲོལ་དུ་འགྲོ་བ་ཞིག་དགོས་དེ་བྱུང་ན་ཕྱི་གཟུང་བ་རང་སར་དག་པ་དེར་འདུག །དེ་ཡང་རང་ངོ་རང་ཤེས་ཀྱི་རིག་པའི་ངོ་བོ་དྲན་འཛིན་དང་གཉེན་པོའི་བཅོས་བསླད་སྤང་བླང་དང་བྲལ་བའི་ཟུང་འཇུག་གཉིས་མེད་ཀྱི་ཡེ་ཤེས་འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་གསལ་ཧྲིག་རྗེན་ནེ་བ་དེ་ཆོས་ཉིད་ཀྱི་ཡུལ་ལ་འགག་མེད་དུ་ཤར་ཡང་མྱོང་བ་དང་མཐུན་པ་ཇི་ལྟར་བྱས་ཀྱང་བརྗོད་མི་ཤེས་པ་འདི་ལ་གནས་ལུགས་དང་། སྟོང་ཉིད་དང་། ཀ་དག་སོགས་མིང་གིས་བཏགས་པ་ཡིན་རང་བཞིན་ངོས་བཟུང་མེད་པ་དེ་རང་སེམས་དང་དབྱེར་མི་ཕྱེད་པའི་སྤྲོས་བྲལ་དུ་རྟོགས་ན་གནད་དུ་སོང་བ་ལགས། འདི་ལྟར་ཡིན་པ་འདུག་སྙམ་ན་གོ་ཡུལ་ཙམ་སྟེ་ཤེས་རབ་དུག་ཏུ་སོང་བ་ཡིན་ལགས། རང་བཞིན་ངོས་བཟུང་དང་བྲལ་བ་དེའི་འཆར་སྒོ་དད་པ་དང་སྙིང་རྗེ་སོགས་དགེ་བའི་རྣམ་རྟོག་སྐྱེས་སམ་འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་པ་དུག་ལྔར་ཤར་རམ་ལུང་མ་བསྟན་གྱི་འཆར་སྒོ་ཡིན་ཡང་རུང་སྟེ། གང་ཤར་དེ་ག་ཤར་ཙམ་ནས་ངོས་ཟིན་དགོས་ཟིན་པ་ཟེར་བ་ཡང་སྐད་ཅིག་དང་པོར་རྣམ་རྟོག་སྐྱེས་པ་ལ་སྐད་ཅིག་གཉིས་པར་རྣམ་རྟོག་སྐྱེས་སོང་སྙམ་པའི་རྗེས་སྙེག་


MLP013_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མིན། དུས་མཉམ་དུ་རྣམ་རྟོག་ཡིན་པ་འདུག་སྙམ་པའི་བློས་བྱས་ཀྱིས་ཀྱང་མི་ཆོག །རྗེས་སྙེག་དང་བློས་བཅས་ཀྱི་གཉེན་པོས་མ་བསླད་པར། གང་ཤར་དེ་གའི་སྐད་ཅིག་གཅིག་པོ་དེ་ཉིད་བཟོ་བཅོས་མེད་པར་རང་སོ་བཟུང་བས་རང་ངོ་རང་ཤེས་བྱ་ལམ་རྗེས་མེད་ཉོན་མོངས་རང་གྲོལ་ཡིན། འདི་ལ་ཡང་ཡུལ་ཅན་གྱི་དབང་ལས་རྟོག་པའི་འཆར་སྒོ་གསལ་གསལ་འདྲ་ལ་ངོས་བཟུང་མེད་ཡུལ་ཡུལ་པོ་ཆུ་ནང་དུ་ཟླ་གཟུགས་ཤར་བ་ལྟ་བུ་ཞིག་དང་། དབྱིངས་དེས་ཁྱབ་པའི་གདངས་འཇའ་ཚོན་ལྟར་སྣང་ཡང་ངོས་བཟུང་མེད་པ་ཞིག་སྟེ། འཆར་ཚུལ་མི་འདྲ་ཡང་ངོ་བོ་ལ་ཁྱད་པར་མེད། དེས་ན་འཆར་སྒོ་ཐམས་ཅད་གདོད་མའི་རྩལ་མ་འགགས་ཙམ་ལས་རང་མཚན་པ་བཙལ་བས་མི་རྙེད། ཇི་ལྟར་སྣང་བ་ཐམས་ཅད་ཡུལ་འཛིན་གྱིས་མ་བསླད་པར་རང་ཤེས་རང་གྲོལ་དུ་ཐག་བཅད་པས། རྨི་ལམ་གྱི་ཡུལ་སྣང་དང་མེ་ལོང་གི་གཟུགས་བརྙན་ལྟར་དངོས་འཛིན་ལས་གྲོལ་བར་འགྱུར། རྣམ་རྟོག་ངོས་ཟིན་ཡང་དམིགས་གཏད་སྤང་གཉེན་གྱི་བློས་བྱས་དྲན་འཛིན་དུག་ཏུ་འགྲོ་བས། འཛིན་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་ག་བཅར་ཕོག་སྟེ་ངོས་བཟུང་ལ་ཟང་ཐལ་རྗེན་པར་སྐྱོང་བ་ནི་ཁྲེགས་ཆོད་ཀྱི་ངོ་བོ་ཡིན། ཡིན་ལུགས་ཡེ་སངས་རྗེན་པ་རང་བྱུང་གི་ཡེ་ཤེས་རང་གནས་ཆོས་ཉིད་ཀྱི་དགོངས་པ་ཉིད་འཁོར་བ་ཆོས་སྐུར་གཞི་གྲོལ་ཡིན་པས་རྣམ་རྟོག་ཆོས་སྐུར་བརྗོད་པ་ཡང་མི་འགལ་བར་སེམས། ལྷུན་གྲུབ་ཀྱི་ཡེ་ཤེས་རང་གནས་སྒོ་གསུམ་སོགས་ཀྱི་གནད་དུ་གཅུན་པ་ཡང་འཁོར་འདས་གང་དུ་ཡང་མ་ཕྱེ་བའི་རིག་པ་ཉིད་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་བས་རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་ཅིང་གྲོལ་བར་བྱེད་པ་སྟེ། སྒོ་གསུམ་ཕྲ་བ་དང་རགས་པ་ཡུལ་དང་ཡུལ་ཅན་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་དུ་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་གཞི་མེད་དུ་དྭངས་པ་ཡིན་པས་ལམ་གཞན་ཐམས་ཅད་ཀྱི་གོང་དུ་གནས་པའི་ཕྱིར་ཐོད་རྒལ་ཏེ། དེ་ཕྱི་དབྱིངས་སྟོང་པས་སྣང་བའི་གོ་ཕྱེ་རིག་པའི་སྣང་ཆ་གཤིས་སྟོང་ཉིད་དུ་དྭངས་པས་སྣང་སྟོང་ཟུང་འཇུག་དབྱིངས་རིག་དབྱེར་མེད་རང་སོ་ཕྱི་ནང་བར་མེད་ཀྱི་རིག་པ་རང་གསལ་སྙིང་པོར་བྱས་པས་ཀ་དག་དང་ལྷུན་གྲུབ་གཉིས་ཀའི་ཉམས་


MLP013_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་སྙིང་པོར་གྱུར་པ་སྟེ། ད་ལྟའི་ཉམས་ལེན་ཀ་དག་གི་གནས་ལུགས་ལ་མྱོང་བ་ཅུང་ཟད་འཐོན་ནས་ལྷུན་གྲུབ་ལ་རྩལ་སྦྱོང་གི་ཉམས་ལེན་ཟུང་འབྲེལ་དུ་བྱས་ན་བོགས་འཐོན་པར་འགྱུར་བ་ཀུན་མཁྱེན་ཆེན་པོའི་གསུང་ཡང་ཐིག་སོགས་ཀྱིས་ཁྲོལ་བ་ལགས། ཡང་རེས་འགའ་བླ་མ་ལ་དད་དུང་གི་མོས་གུས་གསོལ་འདེབས་དང་སེམས་ཅན་གྱི་སྡུག་བསྔལ་བཟོད་དུ་མེད་པའི་སྙིང་རྗེ་ལྷོངས་པས་དེའི་ཕན་བདེའི་ཆེད་དུ་བདག་གིས་སྡུག་བསྔལ་དང་དཀའ་སྤྱད་ཐམས་ཅད་བཟོད་དགོངས་པ་དེ། སངས་རྒྱས་ཐོབ་པའི་ཐབས་ལ་མེད་ཐབས་མེད་པས་ཕན་ཐབས་ཀྱང་ལམ་ཟབ་མོའི་དོན་ལ་རྩེ་གཅིག་པའི་ཉམས་ལེན་གདོད་མའི་ཆོས་ཉིད་ཀྱི་ངང་མ་གཡོས་པ་ཉིད་ལས། དད་པ་དང་སྙིང་རྗེ་སོགས་མཚན་འཛིན་དམིགས་གཏད་བློས་བྱས་ཀྱིས་མ་གོས་པ་སྒྱུ་མ་མཁན་གྱི་སྒྱུ་མའི་རྣམ་འགྱུར་ཇི་སྙེད་པ་སྤྲུལ་པ་ལྟར་སྦྱངས་པས་སེམས་ཅན་གྱི་དོན་ཆེན་པོ་འགྱུར་པ་ལགས། སྤྱིར་དམ་པ་རྣམས་ཀྱི་འགྲོ་དོན་གདུལ་བྱའི་ཡུལ་ལ་ཕན་པ་དང་བདེ་བ་འབའ་ཞིག་པར་སྨིན་པ་དེ་ཡང་ལྟ་བ་མཐོ་བ་དང་སྒོམ་པ་ཡེངས་མེད། སྤྱོད་པ་ཞི་དུལ་དག་པ་ཉིད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཅི་ཕན་གྱི་ཐུགས་བསྐྱེད་སྔར་བཞིན་ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པར་བསྐྱངས་ན་དོན་གཉིས་ཕུལ་དུ་འགྱུར་བ་ལགས། སྦས་ཡུལ་གྱི་གནས་གཞི་བྱིན་བརླབ་ཀྱི་ཆེད་དུ་ཕེབས་རྒྱུ་ཡང་ཡོན་བདག་གུ་རུ་རིན་པོ་ཆེ་རྗེས་འབྲང་དང་བཅས་པར་སྨོན་ལམ་གྱི་མཐུ་ལས་བྱུང་བའི་དད་ཅན་དུ་འདུག་པས་དད་ཅན་སུན་འབྱིན་དུ་མི་འགྲོ་བའི་ཆེད་དུ་སྐོར་གཅིག་ཕེབས་པ་ལེགས་པ་འདུག་ཅིང་། དེའི་བཞེད་དོན་འགྲུབ་བྱེད་བསྙེན་སྒྲུབ་གནང་བ་ལ་ཐོག་མར་ལྷོངས་དང་རྗེས་སུ་དག་པའི་གཟིགས་སྣང་གིས་ཆོད་ཅིང་དགེ་མཚན་དུ་ཤར་བ་ཡང་ཡིད་བདེར་གྱུར་པ་དང་། སྦས་ཡུལ་ཉིད་དུ་ཡང་སློབ་དཔོན་ཆེན་པོའི་ལུང་བཞིན་ཕྱི་ནང་གི་འཛིན་སྐྱོངས་སྤྱོད་ལམ་མཐའ་དག་ཞིབ་གཟིགས་མི་ལོད་པ་དང་། རྒྱལ་སྲས་ཀྱི་ཐུགས་བཞེད་ཀྱང་རེ་བ་ཡིད་བཞིན་དུ་སྐོང་བས་རྒྱལ་སྲིད་གཏན་འཇགས་སུ་གནས་པའི་ཐབས་དང་བོད་ཡུལ་གྱི་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་གོང་འཕེལ་གྱི་རྟེན་འབྲེལ་སྒྲིག་ཐབས་དང་བཞེས་ནན་ཏན་ཡོད་པ་མཁྱེན་
ཅིང་། དངོས་ཅག་ཀྱང་ཐུགས་ལ་གཅགས་པའི་བརྩེ་བ་ཡིད་ལ་སེམས་བདེར་ཐོབ་པ་ད་ཆ་ལོ་ཚོགས་དང་ནད་སྣ་དུ་མའི་རྐྱེན་དབང་སོགས་ཀྱིས་རེ་ཞིག་འགལ་རྐྱེན་དུ་མ་གྱུར་ན་སླད་མར་དངོས་མཇལ་གྱི་གསུང་མཆིད་ཕེབས་འབྲས་ལྟར་ཞུ་བར་རྗེས་སུ་སྨོན་པ་དང་། སྐུ་ཁམས་ཀྱི་འཚོ་སྐྱོང་ཐུགས་དམ་ཟབ་མོའི་ཉམས་བཞེས་འགྲོ་ཕན་གྱི་ཕྲིན་ལས་སོགས་ལེགས་ཚོགས་སུ་སྨོན་པའི་རྟེན་འབྲེལ་སྒྲིག་ཕྱོགས་ཟབ་པ་ནས་ཕེབས་མཆིད་ཀྱང་རིམ་གནང་ཡོད་པ་ཞུ་ལགས། ཞུ་ཡིག་གཟིགས་རྟེན་མཚོན་པར་ལྷ་རྫས་དང་གསར་བསྒྲུབས་བདུད་རྩིའི་ཕུར་མ་བཅས་ཕུལ་བའི་ཞུ་ཡིག །

ཡང་བསྐྱར་དེ་ཉིད་ཀྱི་དོགས་སེལ།


MLP013_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་བསྐྱར་དེ་ཉིད་ཀྱི་དོགས་སེལ། སྔོན་དུ་ཉམས་བཞེས་ཀྱི་ཆར་བློ་ཚོད་ཀྱི་རྒྱུ་མཚན་ཕུལ་བ་ཐུགས་ལ་འཕྲོད་པ་ཤིན་ཏུ་ལེགས། སྐྱེ་བས་ཐོབ་པའི་ཐོས་སྒོམ་གྱི་ཡོན་ཏན་རང་གནས་སུ་ཡོད་ཀྱང་སྦྱོར་རྩོལ་གྱི་བྱེད་ལས་ལ་རག་ལས་པའི་ཕྱིར། སྔར་གསན་བསམ་གྱི་མན་ངག་རྣམས་ལྡེ་མིག་གི་ཚུལ་དུ་བྱས་ནས། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ངེས་དོན་གྱི་གསུང་རབ་རྣམས་ལ་ཞིབ་མོར་གཟིགས་ནས་ཉམས་ལེན་གྱི་དམིགས་གནད་གང་འགྱུར་དུ་བསྒྲིལ་བ་གནང་ན་གནས་ལུགས་ཟབ་མོའི་ཉམས་རྟོགས་ཀྱི་སྒོ་བརྒྱ་འབད་མེད་དུ་ཕྱེད་པར་འགྱུར་ལགས་པ། སྤྱིར་ཕྱག་རྫོགས་གཉིས་ཀ་རྟོགས་བྱའི་ལྟ་བ་སྤྲོས་བྲལ་ཡེ་དག་ཆེན་པོར་རྣམ་དབྱེར་མེད་ཀྱང་རྟོགས་བྱེད་ཀྱི་ཁྱད་པར་མིང་ཙམ་གྱིས་ཀྱང་མཁྱེན་པར་འགྱུར་མོད། ཆོས་ཅན་གང་ཤར་གྱི་སྣང་བ་ཆོས་ཉིད་ཀྱི་ཕྱག་རྒྱས་འདེབས་པ་ཕྱག་ཆེན་དང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པས་ན་རྫོགས་པ་ཆེན་པོའི་ལུགས་ཏེ་དོན་དམ་མཐར་ཐུག་གི་ཐག་བཅད་པའམ་ལ་ཟླས་པ་ཉིད་ངོ་བོ་བཟང་ངན་བར་མའི་རྟོག་པ་གང་ཤར་རིས་མི་འབྱེད་པར་རྣམ་ཤེས་ཀྱི་ལ་ཡེ་ཤེས་སུ་ཟླ་བ་ནི་ཚོགས་དྲུག་གི་ཡུལ་དུ་སྣང་བའི་མཚན་མ་བཤིག་པ་ནི་ཕྱག་རྒྱ་ཆེན་པོའི་ལུགས་ཏེ་སྤང་བྱ་རྣམ་ཤེས་ཀྱི་ཕྱོགས་ནས་སྨོས་པ་ཡིན། མཚན་མ་བཤིག་པའམ་རྩོལ་བ་བཤིག་ནས་རང་རིག་གི་དབྱིངས་
སུ་ལ་དོར་བ་ནི་རྫོགས་པ་ཆེན་པོའི་ལུགས་ཏེ་གཉེན་པོ་ཡེ་ཤེས་ཀྱི་ཕྱོགས་ནས་སྨོས་པ་ལགས། དེས་ན་རྒྱལ་བ་རྒྱ་ནག་ཏུ་ཕེབས་པའི་སྔ་སོར་ཕྱག་རྫོགས་ཀྱི་ཁྱད་པར་གང་ཞེས་དྲི་བ་གནང་བའི་ལན་གོ་ཚོད་ཕུལ་བ་ལས་ཁོལ་བཤུས་འདི་བཞིན་ཐུགས་ཕན་ཐོགས་པ་ཨེ་ཡོང་སྙམ་ནས་ཕུལ་ཡོད་པ་དང་། དེ་གར་ཡོན་བདག་དད་ཅན་གྱི་ཐུགས་བཞེད་དོན་དུ་མཛད་ནས་སྐབས་སྦྱར་ལ་སྦས་ཡུལ་དུ་ཕེབས་དགོངས་གཏད་པ་དེ་བཞིན་ལ། གནས་ཆེན་འཛིན་ཐབས་རིག་འཛིན་གོང་མའི་གསུང་རྒྱུན་ལས་ཇི་ལྟར་བྱུང་བ་གནས་དུས་དམིགས་སུ་གང་འགྲོའི་རྟེན་འབྲེལ་གྱིས་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཐུགས་བསྐྱེད་མི་གཡེལ་བ་དང་། གནས་སྐབས་ཡུལ་དུས་དང་མཐུན་པའི་སྤྱོད་ལམ་ཟབ་མོའི་སྐུའི་འཚོ་སྐྱོང་མི་གཡེལ་ཞིང་ངེས་དོན་ཟབ་མོའི་སྒོ་ནས་སྙིང་པོའི་བསྟན་པ་སྲོག་ཟུངས་འཛིན་པའི་དགོངས་པ་ཟབ་པ་དང་། དངོས་ཅག་ལོ་ཚོགས་ཀྱི་ཁུར་ལྕིས་ནོན་ཅིང་འབྲུམ་ནད་སོགས་མི་མཐུན་པའི་འགལ་རྐྱེན་ཕྱོགས་མཐའ་ཐམས་ཅད་དུ་བར་མེད་ཁྱབ་པ་བཅས་གནས་སྐབས་ཅི་འགྱུར་གྱི་གདེང་དཀའ་ཡང་། ལན་གཅིག་མཇལ་བའི་མོས་འདུན་ཕེབས་བཞིན་ཞུ་བ་དགོངས་པར་གཅགས་ངོས་ཆོས་ཉིད་རིག་པའི་དབྱིངས་སུ་རྣམ་དབྱེར་མེད་པའི་གནས་ལུགས་ཇི་བཞིན་བཀའ་མཆིད་ཕེབས་འོས་ཀྱང་སྔར་བཞིན་ཡོད་པ་ཞུ་ལགས། བསླུ་མེད་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང་། །ལྷ་དང་དྲང་སྲོང་བདེན་པར་སྨྲ་བའི་མཐུས། །འཕྲལ་དང་ཡུན་གྱི་དགེ་ལེགས་ཕུན་ཚོགས་དཔལ། །བཞེད་པ་ཇི་བཞིན་གེགས་མེད་འགྲུབ་པར་ཤོག །

སྡེ་དགེའི་དྲི་ལན།


MLP013_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྡེ་དགེའི་དྲི་ལན། སོ་སྐྱེའི་བརྟགས་པ་དོན་གནས་གདེང་ཁེལ་ཞིག་དཀའ་ཡང་མཆོག་གསུམ་བསླུ་མེད་ལ་དམོད་བོར་པྲ་རྟགས་ཀྱི་དབང་དུ་བྱས་ན། སྡེ་དགེ་ལར་རྒྱར་བསྟན་སྲིད་འཕོ་འགྱུར་མེད་པའི་བརྟན་ཆེ་ཡང་དགྲ་གྱོད་ཀྱི་འཚུབ་ངོ་ཅུང་ཟད་གསལ་བ་ཟློག་བྱེད་ཁྲོ་འཆར་དང་དྲུག་ཅུ་པ་སོགས་བཟློག་པའི་ལས་རིམ་གང་འོས། ལན་ཆགས་གཏོར་མ་གང་མང་བསག །སྡེ་བརྒྱད་སྤྱི་སྐོངས་ཀྱི་མདོས་གཏོང་བ་སོགས་དང་འབྲེལ་བར་རང་ཞབས་ཀྱི་


MLP013_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཁོངས་སྒྲོལ་བར་གཏོང་ཞིང་། ཤེར་སྙིང་གི་བཟློག་པ་འབུམ་ཐེར། བསྟེན་པའི་ལྷ་བསྲུང་གི་བསྐང་བ་ཕྲིན་བཅོལ་དང་ཡུལ་ལྷར་བསངས་མཆོད་འདོད་གསོལ་རྣམས་དང་འབུམ་གྱི་གསུང་སྒྲོག་གནང་བས་དམིགས་སུ་འགྱུར། བསོད་ནམས་ཕུན་ཚོགས་དང་བསྟན་པ་ཚེ་རིང་གི་སྐུ་ཆ་ཧ་ཅང་འཚུབ་པ་མ་ཤར་ཡང་གྲིབ་གདོན་གྱི་ངོ་ཅུང་ཟད་གསལ་བར། རྣམ་འཇོམས་ཀྱི་གཟུངས་སྒྲུབ་མཚན་ཉིད་དང་ལྡན་པའི་བྱབ་ཁྲུས་དང་གཟུངས་མདོ་འབུམ་ཐེར། འབྱུང་བཞིའི་གཏོར་མ་གང་མང་དང་བརྒྱ་བཞི་གཏོང་། འཆི་ངེས་སེམས་ཅན་གྱི་སྲོག་བླུ་ཞིང་ཚེ་གཟུངས་འབུམ་ཐེར། བསྐལ་བཟང་དང་གསེར་འོད་ཀྱི་གསུང་སྒྲོག་རྣམས་གནང་བས་དམིགས་སུ་འགྱུར། སྲིད་ཀྱི་ཆ་འབྱོན་པ་ལ་གེགས་ཆེ་ཡང་མི་འབྱོན་པ་མ་ཤར་བས་གདོན་ཆེན་བཅོ་ལྔའི་མདོས་གླུད་དང་སོ་སོ་འབྲང་མའི་སྐུ་བརྒྱ་རྩ་དང་གྲྭ་ལྔ། ལྷ་མོ་གཞན་བཞིའི་སྐུ་ཡང་ཉེར་གཅིག་རེ་བཞེངས། གྲྭ་ལྔའི་གཟུངས་ཆོག །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཅི་འབྱོར་དང་སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་འབུམ་ཐེར་འདོད་དོན་དམིགས་བཙུགས་ཀྱི་གསོལ་འདེབས། རྒྱལ་གདོན་གྱི་གེགས་ཙམ་འདྲ་བ་སེལ་བྱེད་རྒྱལ་པོར་རྫོངས་དང་དྲག་དམར་གྱི་བསྙེན་སྒྲུབ་སྔོན་སོང་ཞིག་གི་གཏོར་བཟློག་བཅས་གནང་བ་དང་། དེར་དམིགས་རྒྱལ་གདོན་བསྲུང་འཁོར་གསུམ་དང་སྲིད་འབེབས་སྲུང་བ་གཉིས་ཁ་བྱང་གིས་གསལ་བ་ཕུལ་ཡོད། མི་དབང་བླ་ཆེན་སངས་རྒྱས་བསྟན་པ་ཉིད་ཨོ་རྒྱན་ཆེན་པོའི་ལུང་ཟིན་དང་ངེས་དོན་བསྟན་པའི་སྙིང་པོ་ཟུང་ལ་འཕེལ་རྒྱས་སོགས་ཟབ་རྒྱས་ཀྱི་ཕྲིན་ལས་བསྟན་འཛིན་གཞན་ལས་ཆེས་འཕགས་པ་དང་མཚུངས་པར་དག་པའི་ཞིང་སྦྱོང་གི་ནུས་པ་བརྙེས་པ་ལས། སླར་ཡང་བསྟན་པའི་རྒྱུན་ལ་ཐུགས་བསྐྱེད་ཀྱི་སྤྲུལ་པའི་སྐུ་སྔར་གྱི་སྡེ་རིས་དང་ཆོས་སྲིད་ཀྱི་འབྲེལ་ཆགས་མཚུངས་པར་འབྱོན་ངོ་ཤར་བས་བར་ཆད་ཀྱི་ངོ་ཅུང་ཟད་གསལ་བར་ཞི་བའི་སྦྱིན་སྲེག་དང་། བསྟེན་པའི་ལྷ་བསྲུང་རྣམས་ལ་བསྐང་བཤགས། གུ་རུའི་ལས་གཞུང་གང་འོས་དང་སྦྱར་བའི་ཚོགས་བརྒྱ། བསམ་པ་ལྷུན་གྲུབ་ཁྲི་ཚར་རྣམས་བསགས་པ་གནང་བས། དུས་དབང་གིས་སྔ་མ་ལྟ་བུའི་ཕྲིན་ལས་དཀའ་ཡང་བསྟན་འགྲོ་ལ་ཕན་ཐོགས་པ་
གསལ། ཡུམ་དམིགས་སྨོས་གཉིས་ཀ་ལ་སྲས་མི་འབྱོན་པའི་ངོ་མ་ཤར་ཞིང་འོན་ཀྱང་གྲིབ་ཟོན་གང་ཆེའི་གཙང་སྦྲ་ལ་གནས་པ་དང་དཀོན་མཆོག་གི་རྟེན་ལ་མཆོད་འབུལ་གསོལ་འདེབས། འབྱུང་པོ་ལ་ཆབ་གཏོར་གང་མང་ལོ་མཉམ་གྱི་དབུལ་འཕོངས་ལ་ཟས་གོས་ཀྱི་སྦྱིན་གཏོང་། རང་རིགས་ཀྱི་སྲུང་མ་དང་སྐྱེས་ལྷར་གསོལ་མཆོད་ཕྲིན་བཅོལ་རྣམས་གནང་བས་བཞེད་དོན་འགྲུབ་པར་ཤར།

བྲོ་ཚང་ཆོས་རྗེའི་དྲི་ལན།


MLP013_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༈ བྲོ་ཚང་ཆོས་རྗེའི་དྲི་ལན། ལགས། དཔལ་ལྡན་ལྷ་མོ་དམག་ཟོར་མ་འདིའི་ཆོས་སྐོར་སློབ་དཔོན་པདྨ་དང་པཎྜི་ཏ་ཤེས་རབ་གསང་བའམ་ཨཱ་ཙཪྱ་དམར་པོ་གྲགས་པ། ལྕེ་འབྱུང་གནས་བཟང་པོ་དང་ཞང་ཤེས་རབ་བླ་མ་སོགས་བླ་མ་གོང་མ་ན་རིམ་གྱིས་མཛད་པས་མཚོན། བསྙེན་སྒྲུབ་ལས་གསུམ་གྱི་ཡིག་ཆ་པུསྟི་ལོངས་པ་ཙམ་ཞིག་འདུག་ཀྱང་། ཕྱིས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པ་ལ་བསྟོད་པ་ཅི་རིགས་པས་བརྒྱན་པ་སོགས་གཏོར་ཆོག་ཡོངས་གྲགས་འདི་དང་། ལས་གསུམ་རྣམ་གཞག་བཅས་པ་ཙམ་ལས་ཡིག་རྙིང་རྣམས་ལུང་རྒྱུན་དང་དཔེ་རྒྱུན་ཡང་དཀོན་པ་ཙམ་འདུག་ཀྱང་། རྒྱལ་བ་ལྔ་པ་ཆེན་པོའི་དག་སྣང་ཟབ་ཆོས་རྒྱ་ཅན་དུ་ཡིག་རྙིང་སྔ་མའི་ཟབ་དོན་དམར་ཁྲིད་དུ་འགོད་པར་མཛད་པ་དཔེ་བྲིས་གཞུང་བཅས་པ་དང་། ཡོངས་གྲགས་རྩ་བའི་འཁོར་ལོ་དར་ནག་ལ་བྲིས་པ་དང་ལས་བཞི་པ་སྦག་སྒྲུབ་ཤོག་བུར་བྲིས་པ། སྔགས་བྱང་གསེར་ཡིག་མ་བཅས་འདི་རྣམས་ལ་བསྐྱེད་བསྟིམས་རབ་གནས་དམིགས་སུ་གང་འགྲོ་ཞུས་ལགས་པ། འཁོར་ལོ་འདི་ཉིད་ནལ་བུའི་སྙིང་གི་ནང་དུ་འཇུག་དགོས་པས་སྙིང་རློན་པ་རུལ་སུངས་མེད་པའི་མས་ཀྱི་རྩ་སྦུབ་ནས་ཐོག་མར་བྱེ་མས་བརྒྱངས་ནས་བསྐམས་རྗེས་བྱེ་མ་ཤིང་བུ་ལྟ་བུས་བགས་ཀྱིས་བཏོན་ནས་ནང་ཤོང་བདེ་བར་བྱས་པ་ལ་ཕྱི་ནང་ཐམས་ཅད་དུ་དྲི་སྨན་དམ་རྫས་འདིས་བྱུགས་ནས། སྙིང་གི་དབུས་སུ་འཁོར་ལོ་དར་ནག་ལ་བྲིས་པ་འདི་དབུ་ཞབས་མ་ལོག་ཅིང་ཡི་གེ་མི་ཉམས་པའི་བཅའ་ག་དྲིལ་ལྟེབ་དར་སྐུད་ཀྱིས་བཅིངས་ནས་བཅུག །དེའི་རྩ་སྦུབ་གཡས་ཤོང་བདེ་ན་དྲི་བཟང་


MLP013_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྨན་གྱི་ཕུར་མ་དང་གཡོན་དུ་རིན་པོ་ཆེ་འབྲུ་སྣ་ཤོང་ཚད་བཅུག །བར་རྣམས་དྲི་བཟང་གིས་ལྟེམས་པའི་རྩ་བ་དར་གྱིས་བཀག་པ་ལ་པྲ་ཚིལ་གྱིས་བྱུགས་ཏེ་གསེང་མེད་པར་བྱས། དེ་དར་ཚོན་ལྔས་དྲིལ་བའི་འཁོར་ལོའི་ལྟེ་བའི་ལྷ་མོ་ཞལ་གང་དུ་ཕྱོགས་པ་དེར་མི་ནོར་བའི་མཚན་མ་བྱས་པ། ཐོག་མར་མདུན་དུ་མཎྜལ་གྱི་དབུས་སུ་མཆོད་གཏོར་གྱིས་བསྐོར་ནས་བཞུགས་པ་ལ་བདག་བསྐྱེད་གཤིན་རྗེ་གཤེད་ཀྱི་བཟླས་པ་སྔོན་དུ་འགྲོ་བས་བགེགས་བསྐྲད་ཁྲུས་གསོལ། བླ་རྡོ་ཉིད་མངོན་རྟོགས་བཞིན་བསྒོམས་པ་ལ་ཡེ་ཤེས་པ་སྤྱན་དྲངས་བཞུགས་གསོལ་ཕྱག་མཆོད་བསྟོད་པ་སོགས་རྒྱས་བསྡུས་གང་འོས་ཚིག་ཙམ་དུ་མ་ལུས་པ་སྒོམ་དོན་ལ་འབྱོར་བ་བྱས་ནས། མདུན་བསྐྱེད་ཀྱི་ཐུགས་ཀར་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བ་གསལ་བཏབ་བདག་གི་ཐུགས་ཀའི་ས་བོན་གྱིས་བསྐུལ་བས་ལྷ་མོའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་མ་མོའི་སྐུ་ལྷ་སྐུ། གསུང་སྔགས་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱུང་བ་མདུན་གྱི་མ་མོའི་ཐུགས་ཀར་ཐིམ་པར་བསམས་ལ། བདག་བསྐྱེད་ཀྱི་སྔགས་བརྒྱའམ་ལྔ་བཅུ་སྔོན་དུ་འགྲོ་བས་གཙོ་བོར་བྷྱོ་བདུན་མ་ཉིད་ཀྱི་བཟླས་པ་ལ་ནན་ཏན་དུ་བྱས་ནས་སྔགས་ཐུན་གྱི་མཚམས་འཇོག་པ་ན། གཏོར་མ་བྱིན་གྱིས་བརླབས་པ་ཕུལ་ནས་བསྟོད་པ་བསྡུས་པ་དང་ཕྲིན་ལས་གསོལ། དེ་ལྟར་ཉིན་གཉིས་གསུམ་ཙམ་ཐུན་དུ་བཅད་ནས་བསྒྲུབས་པའི་ཐུན་མཐའ་མ་ལ་མདུན་གྱི་ལྷ་འོད་དུ་ཞུ་བ་བླ་རྡོ་དང་དབྱེར་མེད་དུ་གྱུར་པར་བསམས་ནས་སྔགས་མཐར་ༀ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ་ཞེས་དང་རྟེན་འབྲེལ་སྙིང་པོ་བཟླ་ཞིང་ཤིས་བརྗོད་བྱའོ། །དེ་ལྟ་བུའི་བླ་རྡོ་དེ་ཉིད་སྨྱུག་རྒོད་ཀྱི་མདའ་བྱ་རོག་གི་སྒྲོ་དང་གྲི་ལྕགས་ཀྱི་མདེའུ་ཅན་ལ་སྔགས་བྲི་ཞིང་དར་ནག་གི་ཅོད་པན་ཅན་གྱི་མགུལ་དུ་བཏགས་པ་གཏོར་སྒྲུབ་སོགས་ཀྱི་ཚེ་གཏོར་མ་ལ་འཛུགས་ཤིང་། དེ་ཉིད་མདུན་བསྐྱེད་ཀྱི་གཞིར་བྱས་པ་ལ་མཆོད་བསྐང་སོགས་ལས་གང་སྒྲུབ་ཀྱི་རྟེན་བྱ་བ་ཡིན་ནོ། །སྒྲུབ་ཚུལ་ནི། མ་ལྟར་བསྟེན་པ། སྲིང་མོ་ལྟར་བསྟེན་པ། མཛའ་མོ་ལྟར་བསྟེན་པ། བྲན་མོ་ལྟར་བསྟེན་པ་སྟེ་བསྟེན་ཐབས་བཞི་པོ་གང་འོས་ཀྱིས་བསྒྲུབ་པ་ལས། དང་པོ་ནི།


MLP013_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས་པས་དགྱེས་པ་བསྐྱེད། མ་མོའི་ས་བོན་སྔགས་ཕྲེང་ལས་དངོས་གྲུབ་ཀྱི་རྣམ་པར་བྱུང་བ་རང་གི་སྙིང་གར་ཐིམ། མ་ལྟར་བྱམས་པའི་གྲོགས་མཛད་པར་བསམ་ཞིང་བཟླའོ། །གཉིས་པ་ནི། རང་གི་སྙིང་གའི་ས་བོན་གྱི་བསྐུལ་བས་མ་མོའི་སྔགས་ཕྲེང་ཞལ་ནས་འཐོན་རང་གི་ཞལ་ནས་སྙིང་གའི་སྔགས་ཕྲེང་ལ་འཕོག །ལྟེ་བར་ཞུགས་པས་ཐུགས་རྒྱུད་དགྱེས་པ་བསྐྱེད་ནས་སྲིང་ལྟར་གདུང་ཞིང་གྲོགས་བྱེད་པར་བསམ་ཞིང་བཟླའོ། །གསུམ་པ་ནི། རང་གི་སྙིང་གའི་ས་བོན་སྔགས་ཕྲེང་ལས་འོད་ཟེར་བྱུང་རྡོ་རྗེ་ནོར་བུའི་ལམ་བརྒྱུད་གསང་བ་ནས་ཞུགས་ཐུགས་ཀའི་ས་བོན་ལ་ཐིམ་པས་ཆགས་ཤིང་དགྱེས་མཛའ་མོ་ལྟར་སྙིང་ཉེ་ཞིང་གྲོགས་བྱེད་པར་བསམ་ནས་བཟླའོ། །བཞི་པ་ནི། རང་གི་སྙིང་གའི་ས་བོན་སྔགས་ཕྲེང་ལས་འོད་ཟེར་འཕྲོས། མ་མོའི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལ་ཕོག །མ་མོ་ཡེད་ཀྱིས་དངངས། བྲན་ལྟར་བཀའ་ཉན་ཅིང་འདུད་པས་དངོས་གྲུབ་མདོངས་གསོལ་གྱི་ཚུལ་དུ་ཕུལ་བར་བསམ་ཞིང་བཟླའོ། །དེ་ཡང་གོང་བསྙེན་མཐར་མ་ཕྱིན་པས་ནི་དང་པོ་ལྟར་བསྙེན་པས་ཤིས། གོང་བསྙེན་ལ་གདེང་ཐོབ་པས་ནི་བཞི་པ་ལྟར་བྱས་ན་ལས་མྱུར། བར་མ་གཉིས་ནི་གཉིས་ཀ་ལ་རུང་ཞིང་ཐུན་རེ་རེའི་མཐར་ཡང་མཆོད་བསྟོད་བྱའོ། །སྤྱིར་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཟོལ་མེད་དུ་བསྲུང་ན་ལུས་དང་གྲིབ་མ་བཞིན་དུ་འཁོར། བླ་རྡོ་བཅང་མཁས་ན་འདབ་ཆག་རྙིས་བཟུང་བ་བཞིན་འཁོར། མཆོད་གཏོར་ལ་བརྩོན་ན་དབུལ་པོ་ནོར་ལ་རུབ་པ་བཞིན་འཁོར། གདུང་བའི་དབྱངས་ལ་བརྩོན་ན་བུང་བ་མེ་ཏོག་ལ་ལྡིང་བ་བཞིན་འཁོར། སྲུང་མ་འཁོར་བ་ཙམ་གྱིས་འགལ་རྐྱེན་བར་ཆད་ཞི་མཐུན་རྐྱེན་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་འགྱུར་བས་ཚུལ་དེ་དག་གི་གནད་ཤེས་པར་བྱའོ། །ནང་རྟེན་གྱི་དབང་དུ་བྱས་ན་ནལ་བུའི་གསོབ་ལྷ་མོའི་ཕྱག་མཚན་སོགས་ཆས་སུ་བཅུག་པའི་ནང་དུ་སྲོག་འཁོར་ལེ་ཚན་གང་འོས་བཅུག །བསྐྱེད་བསྟིམ་སོགས་བླ་རྡོ་དང་འདྲ་བས་མདུན་བསྐྱེད་ཀྱི་དབང་དུ་བྱས་ནས་བཞུགས་སུ་གསོལ། མ་མོ་སྤྱིའི་སྲོག་འཁོར་འདི་ཉིད་རབ་གནས་སོགས་ཞུས་
ཤིང་བལྟབ་ལུགས་དབུས་སུ་ཕ་ཝཾ་ལོང་བུ་བཅུག་ལྟེ་བའི་མུ་ཁྱུད་མ་ཆག་ཅིང་དབུ་ཞབས་དང་ཕྱོགས་མ་འཆོལ་བའི་བསྲུང་བ་སྤྱི་ལྟར་གྲུ་བཞི་བལྟབ་རྗེས། སྙིང་སོགས་སུ་འཇུག་སྐབས་གྲུ་བཞི་དེའི་གཡས་གཡོན་གྱི་མཐའ་གཉིས་ནས་རིལ་མོར་བདུན་དུ་བཀུག་པ་དར་སྐུད་ཀྱིས་འཆིང་ཞིང་ཤོང་ཐབས་གང་བདེ་བྱ། ནང་རྟེན་ནལ་བུའི་གསོབ་སོགས་སུ་འཇུག་ན་ཤོང་བདེ་བས་བཞིར་བལྟབ་པ་དེ་ཁ་དར་སྐུད་ཀྱིས་བཀྲིས་པ་ཚལ་དང་བཅས་པས་འཇུག་པ་ཡིན་ཞིང་། ལས་བཞི་སྦག་སྒྲུབ་ཀྱི་འཁོར་ལོ་འདི་ཡང་རྟེན་གང་ལ་ཡང་འཇུག་པས་ཕུལ་བ་ལགས།

བྲོ་ཚང་ཆོས་རྗེར་ཕུལ་བ།


MLP013_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༈ བྲོ་ཚང་ཆོས་རྗེར་ཕུལ་བ། སོ་སོ་འབྲང་མའི་བསྲུང་འཁོར་འདི་ལ་རྩ་བ་ནི་རྒྱུད་འབུམ་བྱ། རྒྱུད་གྲས་སུ་བཞུགས་པའི་གཟུངས་མདོ་ཉིད་ཡིན་ཞིང་དེ་ཉིད་འཁོར་ལོར་འགོད་ཚུལ་བསྟན་འགྱུར་གྱི་ཁྲོད་དུ་ཛེ་ཏ་རི་དང་ཤཱནྟི་པས་མཛད་པ་སོགས་ཡོད་ཀྱང་། གཉིས་པོའང་ཅུང་ཟད་འདྲ་མིན་འདུག་པ་བཞིན་བླ་མ་གོང་མ་རྣམས་ཀྱིས་ཕྱག་ལེན་མཛད་པ་ཡང་དེ་དང་འདྲ་ཞིང་། འདིར་གོང་མའི་དཔེ་བྲིས་ཁུངས་མ་དང་བྲི་ཡིག་བརྡའ་གང་འབྱོར་དཔྱད་པས་དག་ཁུལ་དུ་བརྐོས་པ་ཡིན། ཕྱི་མོ་རྣམས་ལ་ཟུར་བཞིར་རྒྱལ་ཆེན་གྱི་སྐུ་བྲིས་འདུག་ཀྱང་པར་གྱི་རིགས་འདི་ཞིབ་ཆ་ཆེ་ན་མི་གསལ་བས་སྒྲོས་མི་གཙང་ཞིང་དོན་གྱི་ཁྱད་པར་མེད་ཕྱིར་ས་བོན་དང་སྙིང་པོ་རྣམས་བྲིས་ན་ཁྱབ་སྟེ། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། ཅེས་དཀྱིལ་འཁོར་གཞན་དུ་འགོད་ཚུལ་གསུངས་པ་ལྟར་རིགས་འགྲེ་འདིར་ཡང་བྱས་པ་ཡིན། སྔོན་སྒར་དུས་ཀྱི་མཚལ་པར་མ་ཞིག་ལ་འཁོར་ལོ་འདིའི་ཡང་ཕྱི་རོལ་ཏུ་ལྷ་དང་ས་བོན་མང་དུ་བཀོད་པ་ཞིག་ཡོང་གི་འདུག་ཀྱང་། ད་ལྟའི་བྲི་ཡིག་རྣམས་སུ་མི་གསལ་བས་སྔ་མ་ཉིད་ཁུངས་ལྡན་གྱི་ཁུལ་ལགས། འཁོར་ལོ་འདིའི་རབ་གནས་ཀྱང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཁོར་ལོའི་སེམས་སྦྱོང་ཞེས་པཎྜི་ཏ་ཆོས་ཀྱི་སྡེ་དང་ལོ་ཙཱ་བ་ནམ་མཁའ་རྡོ་རྗེས་བསྒྱུར་བ་བསྟན་འགྱུར་ཁྲོད་ན་འདུག་པ་སོགས་ལ་བརྟེན་ན་སྐབས་སུ་བབས་པ་ཡོང་ཞིང་། འཁོར་
ལོ་ཙམ་དུ་མ་ཟད་གཟུངས་མདོ་ཉིད་གསེར་དངུལ་སོགས་ཀྱིས་གླེགས་བམ་དུ་བྲིས་པ་རྙིང་མ་བའི་བཏགས་གྲོལ་ལྟ་བུ་བྱས་ནས་བཅངས་ན་ཡང་། རྟོག་པ་ལས་གསུངས་པའི་ཕན་ཡོན་ནི་འབྱུང་བར་མཚུངས་ལ་ཕན་ཡོན་འདིས་ནི་རྙིང་མའི་བཏགས་གྲོལ་ལ་འཐིང་སླད་མཛད་པ་སོགས་ཀྱང་ཤུགས་ཀྱིས་ཁེགས་པར་འགྱུར་བ་མཁྱེན་ཆོད་ལྟར་ལགས།

ཆམ་ནག་མཁན་རིན་པོ་ཆེ་བརྒྱ་སྐོར་བའི་དྲི་ལན།


MLP013_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཆམ་ནག་མཁན་རིན་པོ་ཆེ་བརྒྱ་སྐོར་བའི་དྲི་ལན། འཆི་མེད་དྭངས་མ་བཅུད་འདྲེན་ལ་བརྟེན་པའི་བཅུད་ལེན་གྱི་རིལ་བུ་བསྒྲུབ་པ་ལ། ཐོག་མར་རྫས་རྣམས་དམ་ཚིག་གི་སེལ་མེད་པའི་ཕྱོགས་ནས་བསྒྲུབ་ཅིང་། རྫས་ཀྱི་གཞི་ནི་མོ་ཅོང་ཧྲམ་ཧྲོམ་བརྡུངས་པ་མཛོ་ཞོར་ཞག་བཞི་ལྔ་ཙམ་སྦངས་པ་ལས། སླར་འོ་མ་དེ་གཞན་དུ་འཕོ་ནས་སྨན་གཞོང་ནང་དུ་ཞིབ་པར་བཏགས། དེ་ཉིད་མཛོ་འོ་བཞོས་མ་ཐག་པ་དང་འདམ་བཏགས་སོ་མི་རྩི་བ་དུལ་བར་བྱས་པ་ཉག་གསུམ་ཙམ་ལ། ཨ་རུ་ར་གསེར་མདོག་རྡོག་ཉི་ཤུ་ཙམ། དེ་དང་མཉམ་པའི་སྐྱུ་རུ་ར། བཟང་དྲུག་བསྡོམས་པ་དེའི་ཕྱེད་ཆ། རྟག་ཏུ་ངུ་ཨ་རུ་ར་དང་མཉམ་པ། བྲག་ཞུན་བཟང་དྲུག་བསྡོམས་པའི་དྲུག་ཆ་རྣམས་ཞིབ་པར་བཏགས་ཤིང་འདྲེས་པར་བྱས་པ་ལ་འདིར་མ་བཤད་ཀྱང་ལྕགས་སྦྲུལ་དུག་བྲལ་དང་དབང་ལག་གུརྒུམ་རྣམས་ཀྱི་ཁ་ཚར་བཏབ། སེལ་མེད་དམ་རྫས་ཀྱི་གཏའ་དང་བཅས་སྦྲང་རྩིའི་དྭངས་མ་འོ་མ་དང་སྦྱར་བས་གོ་ཕུར་བྱས་པའི་རིལ་བུ་ཆེ་ཆུང་གང་འོས་སུ་བསྒྲིལ་ནས་མཚལ་གྱིས་བསྒྱུར་བ་དམ་རྫས་ལྟ་བུ་དང་། ཡང་རྒྱུན་དུ་བཅུད་ལེན་ཁོ་ནའི་དབང་དུ་གནང་ན་དབང་ལག་གིས་བུངས་བསྐྱེད་ཅིང་ཤེལ་དཀར་ཨ་རུ་ར་དང་མཉམ་པའང་བཏབ། སྦྲང་རྩི་ལྷད་མེད་ཀྱི་དྭངས་མས་ཞུ་བ་བྱས་པའི་རིལ་བུ་རྒྱ་སྲན་གསུམ་འགྱུར་ཙམ་བསྒྲིལ་བ་ཐོད་པ་ལ་སོགས་པའི་སྣོད་དུ་བཞག་པ་དར་གྱིས་གཡོགས་ལ་མཎྜལ་གྱི་དབུས་སུ་བཞག །བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང་ནས་རིལ་བུ་ལ་བགེགས་བསྐྲད་ཁྲུས་གསོལ། བསངས་སྦྱངས་སྟོང་པའི་ངང་ལས་ལྷར་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་མཆོད་ཅིང་བསྟོད་ནས། སྙིང་གའི་སྔགས་ཕྲེང་མདུན་གྱི་སྒྲུབ་རྫས་ཀྱི་ལྷའི་ཐུགས་ཀར་སྤྲོས་པས་ཐུགས་བརྒྱུད་བསྐུལ་བར་བསམ་ནས་རྩ་སྔགས་ཉིད་སྟོང་ཚོ་ཙམ་བཟླས། སླར་མཆོད་
ནས་འོད་དུ་ཞུ་བ་དམ་རྫས་བདུད་རྩིའི་རང་བཞིན་དུ་གྱུར་པའི་འོད་ཟེར་གྱིས་འཁོར་འདས་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས་པ་བདུད་རྩིར་འཁྱིལ་བར་བསམ་ཞིང་རྩ་བའི་སྔགས་མཐར་ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ་ཞེས་པ་ཅི་ནུས་བཟླས་ནས་ཤིས་བརྗོད་བྱ་ཞིང་། དེ་ཉིད་ནང་རེ་བཞིན་མཛོ་འོ་བཞོས་མ་ཐག་པས་གཏའ་བྱས་ནས་བསྟེན་ན་བཤད་ཚོད་ཀྱི་དགོས་པ་འགྲུབ་ལགས། ཡང་རྒྱུན་གྱི་ཁམས་བབས་དང་སྦྱར་བའི་སྨན་གྱི་ཁ་བསྒྱུར་ནི་གང་འོས་བཏང་ཆོག་པར་གསུངས་པ་རིགས་པས་དཔྱད་དོ། །གཏེར་གསར་ཡང་སྙིང་ཀུན་འདུས་ཀྱི་ཚེ་རིལ་སྦྱོར་ལུགས་ལ། གཞི་ཨ་རུ་ར་གསེར་མདོག་སུམ་ཅུ་ཙམ་ལ་བ་རུ་ར་བཅུ། སྐྱུ་རུ་ར་སུམ་ཅུ་ཙམ་བཟང་དྲུག་གཞན་རྣམས་ཞོ་དོ་ཙམ་རེ་དང་། ཁ་ཆེ་ཞོ་བཞི་འབྲས་གཙང་མའི་ཕྱེ་བྲེ་གསུམ་ཙམ་གྱིས་གཞི་བྱས་རུས་ཉམས་གསོ་བྱེད་ཅོང་ཞི་འོ་མར་འདམ་འཐགས་བྱས་ནས་དུལ་བའི་སོ་མི་སག་པ་ཕུལ་གང་ཙམ། ཤ་ཉམས་གསོ་བྱེད་བྲག་ཞུན་ཞོ་དོ་ཙམ། མདངས་ཉམས་གསོ་བྱེད་མེ་ཏོག་ལུག་རུ་སེར་པོ་ཞོ་གང་། རྩ་ཉམས་གསོ་བྱེད་རྩྭ་ཨ་བ་ཞོ་གང་ཙམ། ལྔ་ཚན་ལྔ་སྦྱར་བ་ཞོ་བརྒྱད། ཤེལ་ཀ་ར་སྲང་གང་། སྦྲང་བུར་ཕྲན་བུ་རྣམས་སྦྱར་ནས་རིལ་བུ་དྲིལ་ཞིང་མཚལ་བྱུག་པ་སོགས་འདྲའོ། །བསྒྲུབ་ལུགས་གཏེར་གཞུང་དང་ཚེ་ཆོག་འཁྲིགས་མའི་དབུ་ན་བཀོད་ལུགས་བཤད་པ་ལྟར་ཡིན།

ཆབ་ནག་མཁན་པོ་བརྒྱ་སྐོར་བའི་དྲི་ལན།


MLP013_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཆབ་ནག་མཁན་པོ་བརྒྱ་སྐོར་བའི་དྲི་ལན། མཚན་མ་རྫས་དཀྱིལ་ལ་བྱུག་བདུག་བྲབ་པ་སྔོན་དུ་འགྲོ་བས། ཀཱི་ལ་ཡ་ཡའི་སྔགས་བརྗོད་པའི་རྐྱེན་གྱིས། བསྙེན་ཕུར་ཞལ་གསུམ་རྒྱ་མདུད་རིམ་པ་གཉིས། །འཆང་བཟུང་ཟུར་བརྒྱད་དབལ་གསུམ་རྣོ་ངར་ལྡན། །ཁྲོ་མཚན་མེ་ཡི་ཚྭ་ཚྭ་རབ་འཕྲོ་བ། །འཇིགས་རུང་གནམ་ལྕགས་ཐོག་དང་མཚུངས་པར་གྱུར། །མ་སུཪྱ་མཎྜལ་ལ། ཨ་ཙནྡྲ་མཎྜལ་ལ། བདག་གི་གཡས་གཡོན་ལག་གཉིས་ཉི་ཟླའི་སྟེང་། ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། མུཾ་ལཱཾ་མཱཾ་པཾ་ཏཱཾ་ས་བོན་རྣམས་རིགས་ལྔ་ཡབ་ཡུམ་བཅུ། མཉམ་པར་སྦྱོར་བས་བྱང་སེམས་ཕུར་བུ་ལ། ཐིམ་པས་གཟི་བརྗིད་མཚུངས་པ་མེད་པར་གྱུར། བཛྲ་ཨཉྩ་ལི། བཛྲ་བྷནྡྷ་བཾ།
བཛྲ་ཨ་བེ་ཤ་ཡ་ཨ། ཕུར་བུའི་གནས་གསུམ་འབྲུ་གསུམ་མཚན་པ་ལས། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འོད་ཟེར་སྤྲོ་བསྡུས་མཐུ་བྱིན་ཚད་མེད་གྱུར། །སྙིང་རྗེ་ཆེན་པོས་བསྒྲལ་བའི་དམ་ཚིག་ནི། །སོགས་དཀྱུས་ལྟར་གནང་ན་ཡོང་བ་འདྲ་ཞིང་ཁ་མ་བུད་ཙམ་ཚིགས་བཅད་འདི་ལྟར་བྲིས་པས་རུང་མཐུན་ཙམ་ལས་རྒྱལ་བ་ལྔ་པ་ཆེན་པོའི་གསུང་ངོ་མ་ལྷན་ཐབས་སུ་སྦྱར་རྒྱུ་ཡོད་ཕྱིན་སྐབས་ཐོབ་སོ་སོར་རྩིས་ན་དེ་ག་ལེགས་ཚོགས་ཆེ་ལགས།

ཏྲེ་བོ་དཔོན་གྱི་དོགས་སེལ།


MLP013_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཏྲེ་བོ་དཔོན་གྱི་དོགས་སེལ། ཡང་གསང་དྲག་པོའི་བཟླས་པའི་སྐབས་འཁོར་སྔགས་སོགས་དཀྱུས་གཅིག་ཏུ་བཟླ་བ་ལས་གཙོ་འཁོར་ཐ་དད་དུ་བཟླ་མི་དགོས་ཤིང་། ཀརྨ་སིདྡྷི་དང་ཡ་མཱནྟ་ཀ་སོགས་ཀྱི་བར་ཧཱུྃ་མི་དགོས། བསྙེན་ཚད་དམིགས་བསལ་མེད་ཕྱིན་འབྲུ་བཅོ་ལྔ་ཡན་ལ་འབྲུ་འབུམ་གྱི་གྲངས་བསྙེན་དང་། དེ་ལས་ཡིག་འབྲུ་མང་བ་རྣམས་ལ་འབུམ་ཕྲག་གསུམ་སོགས་ཀྱིས་ཀྱང་གྲངས་བསྙེན་གྱི་བྱ་བ་འགྲུབ་ཀྱང་། སྤྱིར་འདོད་དོན་གྱི་སྙིང་པོ་བསྒྲུབ་བྱ་ལ་ལྟོས་མོད་འོན་ཀྱང་བསྙེན་པ་ཁོ་ན་འབུམ་གསུམ་ཙམ་གྱིས་ཁྱབ། གོང་དུ་ཀརྨ་གུ་རུ་བསྙེན་པ་དྲག་པོར་བཙན་འཇུས་མི་བྱེད་པར་དགོངས་པ་ཡིན་གཤིས། གུ་རུ་ཞི་བ་གཞན་དང་གཏེར་གསར་གུ་དྲག་ལྟ་བུ་སྔོན་དུ་སོང་ཡང་ཁྱབ། ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་ཏུ་གཉིད་འཐུག་གི་འོད་གསལ་འཛིན་པའི་གནད་ཤོག་ཆུང་གཉིས་པོ་འདི་ཡིན། ཨ་ཏིའི་མུན་ཁྲིད་ཀྱི་རླུང་གནད་ཐོད་རྒལ་སྣང་ཁྲིད་དང་བྱེད་ལས་མཚུངས་པས་རླུང་སྣ་ནས་མི་གཏོང་བར། མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་དུ་རྒྱུ་བ་སྙོམས་པ་ལས་ཕྱིར་འཛིན་ལ་གཙོ་བོར་བྱ་སྟེ། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་མི་གཡོ་བར་འཆིང་བའི་གནད་ཡིན། རིག་འཛིན་ཐུགས་ཐིག་གི་ཁྲིད་རིམ་རྫོགས་ཆེན་དང་མཐུན་པས་མཚན་མོའི་རྣལ་འབྱོར་དབང་པོ་གནད་བསྡུ་སོགས་ཨ་ཏི་སོགས་དང་མཚུངས་ཤིང་བསྐྱེད་རིམ་གྱི་སྐབས་ནི་ལས་བྱང་ནས་བཤད་པའི་ཉེར་བསྡུ་བཞིན་བྱས་པས་ཁྱབ། ཁྲོས་ནག་གི་ནང་སྒྲུབ་འཁོར་ལོ་ལྔའི་སྐབས་འཁོར་ལོ་ལྔའི་དབུས་སུ་དཔའ་བོ་འབྲུ་ལྔ་ཞེས་པ་ཧ་རི་ནི་


MLP013_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡིན་ཏེ། གོང་དུ་བསྒོམ་བྱ་འཆད་སྐབས་ཁྱད་པར་འཁོར་ལོ་ལྔའི་རྩའི་དབུས་སུ་ཁམས་བྱང་ཆུབ་སེམས་ཀྱི་དྭངས་མ་དཔའ་བོ་འབྲུ་ལྔའི་རང་བཞིན་མཁའ་འགྲོ་མ་ལྔའི་ངོ་བོར་གནས་པར་བཤད་ཅེས་གསུངས་ཤིང་། འདིར་ཨ་ཧ་རི་སོགས་ལ་དཔའ་བོ་དང་དཔའ་མོ་ཞེས་ཡི་གེ་ལ་ངེས་པར་འབྱུང་། གཙོ་འཁོར་གྱི་མངོན་རྟོགས་སྤྱི་བོའི་སངས་རྒྱས་མཁའ་འགྲོ་གཙོ་འཁོར་ལྔ་དཀར་པོ་ཡིན་པ་སོགས་སྐུ་མདོག་གི་ཁྱད་པར་ཆེ་ལ་ཕྱག་མཚན་ཐམས་ཅད་གྲི་ཐོད་ཁ་ཊྭཱཾ་གའོ། །བཟླས་པའི་སྐབས་སོ་སོའི་ཐུགས་ཀར་སྔགས་ཕྲེང་བསྒོམ་དགོས་པའི་དམིགས་བསལ་མ་བཤད་པའི་རང་རིག་གི་ཐུགས་ཀར་ས་བོན་ཙམ་བསྒོམ་པས་ཁྱབ། བཟླ་བྱའི་སྔགས་ནི་རྒྱུན་དུ་ངག་བཟླས་ཀྱི་སྔགས་གཙོ་ཆེ། རླུང་དང་སྦྱོར་ཚེ་འབྲུ་ལྔ་ཤམ་ཅན་བཟླ། དེ་དུས་སྲོག་རླུང་གི་རྟར་འདྲེན་ལུགས་རླུང་ཕྱིར་འབྱིན་ཚེ་འབྲུ་ལྔ་རང་སྒྲ་དང་བཅས་ཏེ་སྣ་བུག་གཡས་ནས་འཐོན་ཏེ་ཕྱིར་སྤྲོ། རླུང་ཕྱིར་འཛིན་གྱི་ཚེ་སྣང་སྲིད་འབྲུ་ལྔ་རང་སྒྲ་སྒྲོག་པས་གང་བ་ལ་སེམས་བསྲེ། ནང་དུ་རྔུབ་ཚེ་ཕྱི་རོལ་གྱི་འབྲུ་ལྔ་རང་སྒྲ་སྒྲོག་བཞིན་དུ་སྣ་བུག་གཡོན་ནས་ཞུགས། སྙིང་གི་ཨ་ལ་སིབ་སིབ་ཐིམ་པ་ལ་སེམས་གཏད་ནས་རླུང་ནང་དུ་འཛིན་པ་ཡིན་པས་འདིར་སྒྲ་གདངས་ཡིད་ཡུལ་དུ་གྲགས་པ་ལས་ཆེད་དུ་ཡིད་བཟླས་བྱ་མི་དགོས་མོད། དམིགས་པས་འཆུན་ཞིང་ཤུགས་ཆེ་ན་རླུང་ཕྱི་ནང་དུ་འཛིན་པའི་ཚེ་འབྲུ་ལྔ་ཤམ་ཅན་ཡིད་བཟླས་བྱས་པས་ཀྱང་ཆོག་གོ །ཨཱ་ལི་ཀཱ་ལི་རབ་ཏུ་སྦྱར་བའི་ༀ་ཞེས་པ་ཨཱ་ལི་དབྱངས་ཀཱ་ལི་གསལ་བྱེད་དེ། དབྱངས་ཨཱ་དང་ཨུ་སྦྱར་བའི་ཨོ་ལ་གསལ་བྱེད་མ་སྦྱར་བས་ༀ་ཡིག་སྟེ་སྔགས་ཀྱི་འགོ་འདྲེན་དུ་ཐོག་མར་སྦྱར་རོ། །གསལ་བྱེད་ཧ་དབྱངས་ཨཱུ་ལ་སྦྱར་ཞིང་གསལ་བྱེད་མས་བརྒྱན་པའི་ཧཱུྃ་དང་། གསལ་བྱེད་ཕ་ཡིག་དབྱངས་ཨ་ལ་སྦྱར་གསལ་བྱེད་ཊས་བརྒྱན་པའི་ཕཊ་གཉིས་ཀྱིས་བསྟེམས་ཏེ། ༀ་ཡིག་ནི་ཡེ་ཤེས་ལྔའི་ཡི་གེས་སྔགས་བྱིན་གྱིས་བརླབ་ཅིང་ཧཱུཾ་གིས་ཐུགས་བསྐུལ་ཞིང་ཕཊ་ཀྱིས་ལས་ལ་སྦྱོར་བ་ཡིན་ནོ། །ཆྒཻ་ཨཱ་ཀཪྵ་ཡ་སོགས་འབྲུ་ལྔ་དང་ཙིཏྟ་སོགས་ཀྱི་བར་དུ་བསྟེམས་པ་རང་ཡིན། རྫོགས་རིམ་སྐབས་རྡོ་རྗེ་བཞི་བསྡོམས་ཀྱི་ལུས་གནད་ཅེས་པ་འཁོར་ལོ་བཞིའི་བྱེད་བཅིངས་ཀྱིས་སྐུ་


MLP013_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གནད་འཆིང་བའི་དོན་ཡིན་པས་ཆོས་བདུན་གྱི་ལུས་གནད་ལས་གཞན་དུ་མེད། ཐུགས་སྒྲུབ་སྨིན་ལམ་དབང་དང་ཚོགས་ལས་སོགས་གཞུང་ཆེན་ལ་ཞལ་འཕངས་པ་ལྟར་བླངས་པས་རང་སྐྱ་ཐུབ་པའི་ཆ་ལག་ཚང་བར་འགྱུར་བའི་ཕྱིར། གང་ལས་བླང་བྱའི་གཞུང་དེའི་སྒོས་ཆོས་གཞན་རྣམས་ལེན་དགོས་སམ་སྙམ་པའི་དོགས་པ་མི་དགོས་ཏེ། བླ་མེད་སྨིན་གྲོལ་གྱི་ལམ་གྱི་ཆ་རྐྱེན་རྒྱུད་གང་དང་གང་དུ་མ་ཚང་བ་གསང་བ་སྤྱིའི་མན་ངག་ནང་མཐུན་ནས་ཁ་སྐོང་བ་ལས་རྒྱུད་སྡེ་རེ་རེར་ཐམས་ཅད་ཚང་བ་མི་འབྱུང་བ་བཞིན་ཏེ། གང་དུ་ཆོ་ག་ཡོད་གྱུར་ལ། །ཆོ་གའི་བྱ་བ་མེད་གྱུར་ན། །གསང་བ་སྤྱི་རྒྱུད་བཞིན་དུ་བྱ། །ཞེས་རྒྱུད་ལས་གསུངས་པས་མཚོན་ནོ། །རང་གི་རྩ་བའི་ཡི་དམ་གུ་དྲག་ལྟ་བུ་ཡིན་པ་ལ་བྱད་དང་རྦོད་གཏོང་གི་མཚན་མ་ཤར་ན་རྩ་བའི་ཡི་དམ་གཉེན་པོར་མི་འགྱུར་བ་མིན་ཡང་། གཤིན་རྗེ་གཤེད་ལ་ཕྲིན་ལས་ཀྱི་བསྒྱུར་ཁ་བྱས་པས་རྩ་བའི་ལྷ་དེའི་ཕྲིན་ལས་རྣོ་མྱུར་གྱི་བོགས་འབྱིན་པའི་ཐབས་ཡོད་དེ། གཞི་མདའ་གཞུ་ལ་བརྟེན་ཀྱང་ཁྱད་པར་མདེའུས་ལས་བྱེད་པ་དང་མཚུངས་སོ། །འོན་ཀྱང་གསང་སྔགས་འཇུག་པ་ཡེ་ཞུགས་ཀྱི་དཀྱིལ་འཁོར་ཡེ་ནས་ལྷའི་ངོ་བོར་ངོ་འཕྲོད་ན་འཁོར་འདས་མཉམ་པ་ཉིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་རྫོགས་པའི་ཕྱིར། སྣང་སྲིད་འཁོར་འདས་དགྲར་ལངས་ཀྱང་། འདི་ལ་འཇིགས་པ་ཡོད་མིན་ནོ། །ཞེས་གསུངས་པ་ལྟར་སྲིད་ཞི་མཉམ་ཉིད་ཀྱི་རྣལ་འབྱོར་རྗེ་བཙུན་ཆེན་པོས་དོན་དེ་ལ་དགོངས་པའོ། །འོན་ཀྱང་བསྐྱེད་རྫོགས་སོགས་སོ་སོ་ལ་གདེང་ཆུབ་པའི་རྣལ་འབྱོར་གྱིས་ལས་ཚོགས་བསྒྲུབ་པ་ལ་ཡང་མྱུར་བུལ་ཡོད་པར་གྲགས་ཏེ། དཔེར་ན་རྭ་ལོས་ལས་གློ་བུར་དུ་བསྒྲུབ་པ་སྦྱིན་སྲེག་ཐབ་རྫས་བཅའ་བ་སོགས་དགོས་པ་དང་། གྲུབ་ཆེན་ཨོ་རྒྱན་པས་རྫོགས་རིམ་རླུང་སྦྱོར་གྱི་བསྒྱུར་ཁ་ཙམ་གྱིས་ཀྱང་ལས་དེ་དང་དེ་སྐད་ཅིག་ལ་འགྲུབ་པར་བཤད་པ་བཞིན་ནོ། །སྤྱིར་ཡི་དམ་གྱི་ལྷ་ཐམས་ཅད་ངོ་བོ་ཆོས་ཉིད་ཀྱི་དབྱིངས་སུ་རྣམ་དབྱེར་མེད་ཀྱང་གདུལ་བྱ་གང་དང་གང་གི་གཉེན་པོར་བཞེངས་པའི་ལྷ་དེ་ཕྲིན་ལས་མྱུར་བ་སྔར་བརྗོད་པ་ལྟར་རོ། །ཉང་གི་དྲག་དམར་ལས་སྔགས་ནུས་གྲུབ་ཚུལ་རྣམས་སྔགས་


MLP013_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གདུལ་བྱ་དབང་པོ་རྣོ་རྟུལ་གང་ཡིན་ཡང་སྒོ་གསུམ་རྩེ་གཅིག་པས་གཏེར་ཕུར་ཚུགས་པའི་ཉམས་ལེན་རྩེ་གཅིག་པ་རྣམས་ལ་དེ་ལྟར་འགྲུབ་པ་གདོན་མི་ཟ་སྟེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་:ཐུན་མོང་༼བླུན་པོ་༽དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་སོགས་གསུངས་པ་བཞིན་ནོ། །


no previousདྲི་བ་སྣ་ཚོགས་པའི་ལན་རིམ་པར་སྤེལ་བ་རིན་ཆེན་ཕྲེང་བ། གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ། next