Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
དམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། ལོ་ཆེན་དྷརྨ་ཤྲཱི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། ལོ་ཆེན་དྷརྨ་ཤྲཱི། next

དམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས་པ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས་པ་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། བླ་མ་དམ་པ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་དམ་པའི་ཆོས་ལ་འཆད་ཉན་བྱེད་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱའོ། །འདི་ལ་བཞི་སྟེ། འཆད་པར་བྱེད་པ་པོ་སློབ་དཔོན། བཤད་བྱའི་ཡུལ་སློབ་མ། བཤད་བྱའི་ཆོས་ལ་འཆད་ཉན་བྱ་ཚུལ། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། སྤྱིར་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཅེས་གསུངས་པ་ལྟར། ཚུལ་ཁྲིམས་དག་པས་ལུས་ངག་དུལ་བ། ཐུགས་ཏིང་ངེ་འཛིན་གྱིས་ཞི་ཞིང་། ཤེས་རབ་དག་པས་ཉེ་བར་ཞི་བ། ཡོན་ཏན་གཞན་ལས་འཕགས་པས་ལྷག་པ། ཕྲིན་ལས་གཞན་དོན་ལ་ལེ་ལོ་མེད་པའི་བརྩོན་འགྲུས་དང་བཅས་པ། ཁྱད་པར་ཐོས་པ་ཆེ་བས་ལུང་གིས་ཕྱུག་ཅིང་། བཤད་བྱའི་དོན་དེ་ཉིད་རབ་ཏུ་རྟོགས་པ་དང་། འཆད་བྱེད་ཚིག་ལ་མཁས་པས་གང་ལ་གང་མོས་ཀྱི་ཆོས་འཆད་པ་ལ་ཐོགས་པ་མེད་པའི་མཁྱེན་རབ་དང་ལྡན་ཞིང་། གདུལ་བྱ་ལ་བརྩེ་བས་ཟང་ཟིང་མེད་པར་སྟོན་པ་ལ་སྐྱོ་ངལ་མེད་པ་སྟེ་ཆོས་བཅུ་ལྡན་ཞིག་གོ །དེ་ལྟར་ཡང་། བྱང་ཆུབ་སེམས་དཔའ་ཆོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཞི་སྐུ་ཀུན་སྤྱོད་གཙང་ཞིང་སྐྱོན་མེད་པ། །ཐེ་ཚོམ་གཅོད་མཁས་གསུང་སྙན་དྲི་མ་མེད། །ཐུགས་ནི་ཟབ་ཅིང་ཀུན་མཁྱེན་ཡེ་ཤེས་མཛོད། །ཡོན་ཏན་མཐའ་ཡས་


MLP014_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དང་སྙིང་རྗེ་ཆེ། །ཤེས་རབ་རྒྱ་ཆེ་དགོངས་སྤྱོད་ནམ་མཁའ་འདྲ། །ཕྲིན་ལས་ཚད་མེད་འབྲེལ་ཚད་དོན་དང་ལྡན། །བྱམས་ལྡན་སྐྱོ་ངལ་སྤངས་ཤིང་རྟག་ཏུ་བརྩོན། །འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར་ལ་བརྟེན། །ཅེས་སོ། །ཁྱད་པར་གསང་སྔགས་བླ་མའི་མཚན་ཉིད་ནི། སངས་རྒྱས་གསང་བའི་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་པས་བརྒྱད་ལྡན་ཏེ། བསྐྱེད་རྫོགས་གསུམ་གྱི་དོན་ལ་མཁས་པས་གསང་བའི་མཛོད་གསུམ་དང་ལྡན་པ། དབང་བཞིའི་ཆུ་བོ་རྫོགས་པ། གསང་གཉེར་ཐུབ་པའི་སྣོད་ལྡན་ཡལ་བར་མི་འདོར་བའི་གཉེར་དང་ལྡན་པ། རྒྱུད་དོན་མཁས་པས་སློབ་བུའི་ཤེས་རྒྱུད་འགྲོལ་ནུས་པ། དཀྱིལ་འཁོར་དབང་བསྐུར་ཞི་རྒྱས་ཀྱི་ལས་སོགས་སྒྲུབ་པ་ལ་མཁས་པ། སྙན་བརྒྱུད་ཉམས་མྱོང་དང་ལྡན་པས་མན་ངག་གི་དྲོད་འཆང་བའོ། །དེ་ལྟར་ཡང་རྡོ་རྗེ་བཀོད་པ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །དམ་ཚིག་སྡོམ་པ་སྙིང་བརྩེར་བཅས། །མཁས་ཤིང་གཞན་ལ་ཕན་བརྩོན་པ། །རྡོ་རྗེ་གསང་བའི་སློབ་དཔོན་ལ། །རྣམ་པ་ཀུན་ཏུ་བརྟེན་པར་བྱ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་དག་ཀྱང་མདོར་བསྡུ་ན། མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བ་བཟོད་པ་གསུམ་མམ། ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་ལུང་རིགས་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པའོ། །ཁྱད་པར་སྙིང་པོའི་ལམ་སྟོན་པའི་བླ་མ་ནི། ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་བསྐྱེད་ནུས་པ། བྱིན་རླབས་ཀྱི་ཟིལ་གྱིས་སྣང་བ་བསྒྱུར་ནུས་པ། མྱོང་བའི་ཐབས་མཁས་ཀྱིས་གེགས་སེལ་ནུས་པ་སྟེ་བཞི་ལྡན་ནོ། །འདི་ལྟ་བུའི་བླ་མའི་མཚན་ཐོས་པའམ། ཞལ་མཐོང་བའམ། གསུང་ཐོས་པ་ཙམ་གྱིས་རང་རྒྱུད་ཀྱི་སྒྲིབ་པ་ཅི་རིགས་འདག་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་སྦྱོར་ནུས་པ་ཡིན་ཏེ། དགྱེས་རྡོར་ལས། གཞན་གྱིས་བརྗོད་མིན་ལྷན་


MLP014_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པའི་ཕྱིར། གལ་ཏེ་མཚན་ཉིད་ཀུན་ཚང་བ་མ་རྙེད་ན། ཡོན་ཏན་ཤས་ཆེ་བ་ལ་བརྟེན་པར་བྱ་སྟེ། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེེན་པར་འགྱུར་བའོ། །ཞེས་སོ། །དེ་ཡང་སློབ་མས་བླ་མ་བསྟེན་པ་ན། དང་པོར་བརྟགས་ཐབས་གསུམ་གྱིས་བརྟག །བར་དུ་བཙལ་ཐབས་གསུམ་གྱིས་འཚོལ། ཐ་མར་བསྟེན་ཐབས་གསུམ་གྱིས་བསྟེན་པར་བྱའོ། །དང་པོ་ནི། རྒྱང་ནས་གཞན་ལ་དྲིས་ཏེ་བརྟག་པ། དྲུང་ནས་རང་གིས་བརྟག་པ། འདོད་ལྷ་དང་པྲ་སེ་ན་ལ་བརྟེན་ནས་བརྟག་པའོ། །གཉིས་པ་ནི། དེ་ལྟར་བརྟགས་པས་མཚན་ཉིད་ལྡན་པར་མཐོང་ན། ཐག་ཉེ་རིང་། ལུས་ངལ་དུབ། ནོར་ཟད་ཕོངས་ལ་མི་བལྟ་བར་བཙལ་བར་བྱ་སྟེ། རོག་བདེ་གཤེགས་ཆེན་པོའི་ཞལ་ནས། མཚན་ཉིད་ལྡན་པའི་བླ་མ་དེ། །སྟོང་གསུམ་འདས་པའི་ཕ་རོལ་ན། །ཡོད་པར་ངེས་ཤེས་རྙེད་གྱུར་ན། །སྲོག་ལ་བསྡོས་ཏེ་བཙལ་བར་བྱ། །ཞེས་སོ། །གསུམ་པ་ནི། དེ་ལྟར་བཙལ་བས་རྙེད་པའི་བླ་མ་དེ། འཆི་གསོས་ཀྱི་སྨན་ལྟར་འབྲལ་མེད་དུ་བསྟེན། ཁོང་གི་སྙིང་ལྟར་གཟུ་ལུམས་དང་རས་གཅོད་མི་བྱ་བར་བསྟེན། ཡིད་བཞིན་གྱི་ནོར་བུ་ལྟར་བསྙེན་བཀུར་ལ་ཚད་བཟུང་མི་བྱ་བར་བསྟེན་པར་བྱ་སྟེ། སྡུད་པ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་བྱ་སྟེ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་ཤིང་། བླ་མ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་བསྟེན་པས་སློབ་མའི་རྒྱུད་གྲོལ་བར་ནུས་ཏེ། མཁས་པས་ཤེས་བྱའི་སྒྲོ་འདོགས་ཆོད། བཙུན་པས་སྤྱོད་པ་ཆུད་མི་འཛའ། བཟང་བས་རྗེས་སུ་གདམས་པའི་སྒོ་ནས་ཕན་བདེ་ལ་སྦྱོར་བར་མཛད་པ་ཡིན་ནོ། །གཞན་ཡང་ཐལ་འགྱུར་ལས། འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་ཡིད་ཀྱིས་མཉེས་པ་ཡི། །བླ་མ་སངས་རྒྱས་མཉམ་པ་སྟེ། །སྟོན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་


MLP014_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡིན། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །གཉིས་པ་བཤད་བྱའི་ཡུལ་སློབ་མ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་དང་། མཁས་འཇུག་ལས། བློ་གསལ་ཤེས་འདོད་བླ་མར་གུས། །ཞེས་པ་ལྟར། ང་རྒྱལ་མེད་པའི་དད་པས་བླ་མ་ལ་གུས་པ། རང་བཞིན་གྱིས་བློ་གྲོས་གསལ་བས་བརྗོད་དོན་རྟོགས་པར་ནུས་པ། རྩོལ་བར་ཤེས་པས་འདོད་པའི་འདུན་པ་དང་ལྡན་པ་ལ་འདུས་མོད་ཀྱི། རྒྱས་པར་ན་སྤྱིར་ལུང་ལས། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རབ་བརྩོན་པ། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་ལྡན་ལེགས་པར་གནས། །ཞེས་གསུངས་ཤིང་། ཁྱད་པར་དགག་ཕྱོགས་ནས་སྣོད་ཀྱི་སྐྱོན་གསུམ་མམ་བཞི་དང་བྲལ་ཞིང་དྲི་མ་དྲུག་སྤངས་པ་སྟེ། སྐྱོན་ནི། ཐོས་པའི་སྣོད་སྐྱོན་ཁ་སྦུབ་ལྟ་བུ། བསམ་པའི་སྣོད་སྐྱོན་ཞབས་བརྡོལ་དང་གཞོགས་རལ་བ་ལྟ་བུ། སྒོམ་པའི་སྣོད་སྐྱོན་དུག་ཅན་ལྟ་བུ་སྟེ། ཡུམ་བར་མ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། སྣོད་ངན་བཅུད་ཆེན་འཛག་དང་འབོ། །མི་ཆགས་མ་རུངས་བྱེད་པ་དང་། །ཞེས་གསུངས་ཤིང་། གཞན་ལས་ཀྱང་། རྟོག་པ་ཐམས་ཅད་རབ་ཏུ་བསྡུས་ནས་ཀྱང་། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརླབ། །ཅེས་སོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས། སྒྲུབ་ཕྱོགས་ལ་ཡོན་ཏན་ལྔ་ལྡན་ནམ་བརྒྱད་ལྡན་ཏེ། གསང་སྙིང་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པས། ངང་ཆུ་རྒྱུན་ལྟར་རིང་བ། ཚུལ་དགེ་སྦྱོང་ལྟར་ཞི་བ། བསམ་པ་གསེར་ལྟར་བཟང་བ། བློ་རི་རྒྱལ་ལྟར་བརྟན་


MLP014_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ་སྟེ་ལྔའམ། དེའི་སྟེང་དུ་འགྲེལ་པ་སྤར་ཁབ་ལས། ཤེས་རབ་དང་། སྙིང་རྗེ་དང་། ནོགས་ཐུབ་པ་ནི་སྣོད་དང་ལྡན་པའོ། །ཞེས་པས། དོན་གོ་ཞིང་རྟོགས་པའི་ཤེས་རབ། གཞན་དོན་ལ་སྤྲོ་བའི་སྙིང་རྗེ། བསྟན་པའི་དོན་འཛིན་ནུས་པས་ནོགས་ཐུབ་པ་སྟེ་གསུམ་པོ་བསྣན་པས་བརྒྱད་དོ། །གཞན་ཡང་རྡོ་རྗེ་བཀོད་པ་ལས། སྐལ་ལྡན་གུས་དང་གཏོང་ཕོད་ཆེ། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །ཆོས་མཆོག་སྙིང་རྗེ་དམ་ཚིག་ལྡན། །རྡོ་རྗེ་སློབ་མར་ཤེས་པར་བྱ། །ཞེས་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུང་བཞིན་བྱེད། །ཅེས་སོ། །དེ་ལས་ཀྱང་གསང་ཆེན་སྙིང་པོའི་རྒྱུད་དང་མན་ངག་རྣམས་ནི་དབང་རྣོན་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ། རྒྱས་པ་ལས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཞེས་གསུངས་ཤིང་། དེ་ལའང་གཉིས་ལས། རང་བཞིན་གྱི་དབང་རྣོན་ནི། དེ་ལས། ཡངས་ལ་རྒྱ་ཆེ་གཏིང་ཟབ་པ། །ཤེས་རབ་ཟབ་པས་རྟོགས་པར་འགྱུར། །ཞེས་དང་། སྦྱངས་པའི་དབང་རྣོན་ནི། རྩ་རྒྱུད་ལས། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །ཞེས་སོ། །དེ་ཡང་ཐོག་མར་བླ་མས་སློབ་མའི་འབྲེལ་བརྟག་པའི་ཚེ། རིགས་རྒྱུད་བཟང་ངན་དང་རྒྱུད་འཇམ་རྩུབ་དང་དད་པ་དང་གཏོང་ཕོད་ཆེ་ཆུང་སོགས་རྒྱང་ནས་གཞན་ལ་དྲིས་ཏེ་བརྟག་པ། དྲུང་ནས་རང་གིས་བརྟག་པ། པྲ་སེ་ན་དང་མོ་ལ་སོགས་པས་བརྟག་པ། ཆོས་སྟོན་དུ་རུང་མི་རུང་མཁའ་འགྲོ་ཆོས་སྐྱོང་ལ་དམོད་བཙུགས་ཏེ་བརྟག་པ། ཁྱད་པར་ལས་ལ་བཀོལ་ཞིང་ངག་གིས་འཐབ་པ་སོགས་སྤྱོ་བའི་སྒོ་ནས་བརྟགས་པས་མི་ལྡོག་ཅིང་བརྟན་ན་གཟུང་བར་བྱ་སྟེ། ལམ་རིམ་ལས། དེ་བས་རྡོ་རྗེ་གཉེར་ལྡན་པས། །རྒྱང་དྲུང་སེན་པྲ་མཁའ་འགྲོ་ཡིས། །གསང་སྔགས་བལྟས་སྟོན་སྤྱོ་བ་ཡིས། །ཅི་ནས་བརྟགས་ཏེ་བཟང་ལྡན་ན། །མི་ལྡོག་བརྟན་བྱ་བལྟས་པ་ཡིས། །སློབ་མ་གང་ཡིན་ལག་ཏུ་གཏད། །ཅེས་གསུངས་པའི་ཕྱིར། གལ་ཏེ་ཤེས་རློམ་གྱིས་ཁེངས་པའི་སྐྱེ་བོ་དག་ཆོས་མཉན་པའི་


MLP014_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལྷགས་ན། ཐོག་མར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱོད་ལྟ་བུའི། །མདུན་དུ་བདག་གིས་ག་ལ་སྤོབས། །ཁྱོད་ནི་ཤེས་རབ་ཆེན་པོ་སྟེ། །ཞེས་ཁེངས་བསྐྱུངས་ཀྱི་ཚིག་གིས་བཟློག་ཅིང་། ཅི་ནས་ཀྱང་ཉན་པར་འདོད་ན་གཟུང་བར་བྱའོ། །མདོར་ན་ཆོས་ཀྱི་ཚིག་དོན་ལ་ཡིད་རྟོན་པ་སྦྱོར་བརྩོན་གྱིས་འབད་ནུས་པ། ཆོས་མ་ཤེས་ན་གཞན་གྱིས་ཁྲེལ་ཞིང་བརྙས་པའི་གནས་སུ་འགྱུར་རོ་སྙམ་དུ་གྲགས་པ་ངན་པས་འཇིགས་པ་ཞིག་ཀྱང་དགོས་པ་ཡིན་ནོ། །གསུམ་པ་བཤད་བྱའི་ཆོས་ལ་འཆད་ཉན་བྱ་ཚུལ་ལའང་། བཤད་བྱ་ངོས་བཟུང་བ་དང་། དེ་ཇི་ལྟར་འཆད་ཚུལ་ལོ། །དང་པོ་བཤད་བྱའི་ཆོས་གང་ཞེ་ན། རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་། མཁས་པས་བཀྲལ་བའི་དགོངས་འགྲེལ་གྱི་མན་ངག །དེ་གཉིས་དང་རྗེས་སུ་མཐུན་པར་སྐྱེས་པའི་རིགས་པ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གི །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་དང་། སློབ་དཔོན་ཆེན་པོ་བི་མ་ལས། ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིགས་པས་གཏན་ལ་ཕབ། །ཅེས་སོ། །དེ་ཡང་ཤེས་རབ་རྣམ་པ་གསུམ་གྱི་ཡུལ་ཏེ། ཐོས་བྱུང་གི་ཤེས་རབ་ཀྱིས་སྡེ་སྣོད་རྣམ་པ་གསུམ་གྱི་དང་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནང་རིག་པ་དང་། དེའི་གདུལ་བྱ་རྗེས་སུ་འཛིན་པའི་ཡན་ལག་ཏུ། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་གཞན་དག་ཚར་གཅོད་ཀྱི་རིག་པ་སྒྲ་ཚད། རྗེས་འཛིན་གྱི་རིག་པ་བཟོ་གསོ་སྟེ་ཐུན་མོང་གི་རིག་གནས་བཞི་ལའང་འཆད་ཉན་གྱིས་མཁས་པར་སྦྱོང་ཞིང་། དེ་ཡང་བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་དོན་ལེགས་པར་བསྐྱངས་ཏེ་ངེས་ཤེས་བསྐྱེད་པ་དང་། ཇི་ལྟར་ཤེས་པའི་དོན་དེ་སྒོམ་བྱུང་གི་ཤེས་རབ་ཀྱིས་སྒྲུབ་ཅིང་ཉམས་སུ་ལེན་པའོ། །དེ་རྣམས་ཀྱིས་ཕྱོགས་རེ་ཙམ་གྱིས་ཆོག་པར་མི་འཛིན་པར་ཐམས་ཅད་དུ་འབྲེལ་བར་བསླབ་ན་དམ་པའི་ཆོས་ལ་གནས་པ་ཞེས་བྱ་སྟེ། མངོན་པ་ཀུན་ལས་བཏུས་ལས། ཇི་


MLP014_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ཆོས་རྣམས་ལ་ཆོས་ལ་གནས་པ་ཡིན་ཞེ་ན། ཐོས་པ་བསམ་པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཆོས་ལ་གནས་པ་མ་ཡིན་གྱི། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་བསམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉིས་ཀ་ལ་བརྟེན་ཅིང་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །ཞེས་གསུངས། མདོར་ན་བཤད་བྱའི་ཆོས་དེའང་སྟོན་པ་སངས་རྒྱས་ཀྱིས་གསུངས། དེ་མཁས་པས་བཤད་ཅིང་། གྲུབ་ཐོབ་ཀྱིས་ཉམས་སུ་མྱོང་བས་གཏན་ལ་ཕབ་པའི་ཆོས་ལ་ཉན་བཤད་བྱ་དགོས་པ་ཡིན་ནོ། །གཉིས་པ་ཇི་ལྟར་འཆད་པའི་ཚུལ་ནི། འཆད་པ་པོས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པ་ལྟར་བདུད་ཚར་གཅོད་པའི་གཟུངས་ཁ་ཏོན་དུ་བྱེད་བཞིན་དུ། པད་མ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །ཅེས་པ་ལྟར་ས་ཕྱོགས་ཡངས་པར་སེང་ཁྲི་རྒྱན་གྱིས་སྤྲས་པ་ལ་འདུག་ནས། མཁས་འཇུག་ལས། སྒོ་གསུམ་སྤྱོད་པ་རྣམ་དག་པས། །བསྟན་པ་བསྲུང་ཕྱིར་གུས་པས་སྒྲུབ། །ཅེས་གསུངས་པས་ལུས་ཀྱི་སྐྱོན་ཉལ་བ་དང་། རྐང་པ་རྐྱོང་བ་སོགས་སྤངས་ཏེ་སྟོན་པ་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལྟར་སྐྱིལ་ཀྲུང་དྲང་པོར་ཞི་ཞིང་འཛུམ་པའི་མདངས་ཀྱིས་འདུག་པར་བྱའོ། །ངག་གི་སྒྲ་ཡང་སྐད་གདངས་ཧ་ཅང་ཞན་པ་དང་། ཧ་ཅང་མཐོ་བ་དང་། སྒྲ་གསང་མཐོ་དམན་སྣ་ཚོགས་དང་། ཟློས་པ་སོགས་སྤངས་ཏེ་དབྱངས་ཀྱི་ཡན་ལག་ཕུན་སུམ་ཚོགས་པས་གསལ་དག་སྙན་པའི་སྒོ་ནས། འཆད་པ་པོས་བརྗོད་བདེ། ཉན་པ་པོས་བཟུང་སླ། ཇི་ལྟར་བཤད་ཀྱང་འཐད། ཇི་ཙམ་བཤད་ཀྱང་རན་པ་སོགས་སྨྲ་བའི་རྒྱན་དང་ལྡན་པར་བཤད་དོ། །ཡིད་ཆགས་སྡང་དང་འགྲན་སེམས་སོགས་རང་འདོད་ཀྱི་འཁྲི་བ་སྤངས་ཏེ། འོག་ཏུ་འཆད་པ་ལྟར་གྱིས་ཏིང་ངེ་འཛིན་ལ་གནས་པས།


MLP014_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པའི་ལྷག་བསམ་རྣམ་པར་དག་པས་འཆད་དོ། །ཉན་པ་པོས་ཀྱང་། མ་གུས་པ་ལ་ཆོས་མི་འཆད། །མི་ན་བཞིན་དུ་མགོ་གཡོགས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་གསུངས་པ་ལྟར་མ་གུས་པའི་སྤྱོད་ལམ་སྤངས་ནས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་གསུངས་པའི་སྤྱོད་ལམ་དང་ལྡན་པས་ཆོས་ཉན་པའི་མཐུན་རྐྱེན་སྣ་ཚོགས་ཚང་བ་ལ་དགའ་ཞིང་སྤྲོ་བས་མཉན་དགོས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱི་སྙིང་པོ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་སོ། །དེ་ཡང་ཐོག་མར་སློབ་མས་བླ་མ་ལ་ཕྱག་སྔོན་དུ་འགྲོ་བས་ཡོན་དང་མཎྜལ་ཕུལ་ལ། བླ་མ་ལྔ་བཅུ་པར། པུས་བཙུགས་ཐལ་མོ་སྦྱར་བ་ཡི། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་པས་གསོལ་བ་ལན་གསུམ་བཏབ་ནས། སྦྱོར་བ་བྱང་ཆུབ་ཏུ་སེམས་བསྐྱེད། དངོས་གཞི་ཐོས་པའི་ཚིག་དོན་འཛིན། རྗེས་བཀའ་དྲིན་དྲན་པ་དང་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་བྱའོ། །དེ་ལ་ཆོས་འཆད་པའི་ཏིང་ངེ་འཛིན་ནི། བཤད་བྱའི་ཆོས་མདོ་ཡིན་ན་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ལྟ་བའི་ངང་ནས་འཆད་ཅིང་ཉན་ལ། སྔགས་རྒྱུད་ཡིན་ན། སྲུང་འཁོར་བསྒོམ་པ་དང་རྒྱུད་གཏོར་འབུལ་བ་སོགས་སྔོན་དུ་བཏང་ནས། དཔོན་སློབ་གཉིས་ཀས་སྔོན་བྱུང་ཇི་ལྟ་བར་བསྒོམ་པའམ། ཡང་ན་གསང་འདུས་ལས། མདོ་དོན་ཆོ་གའི་བྱ་བ་ལ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་སོགས་གསུངས་པ་ལྟར་འཆད་པ་པོས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་དང་། ཉན་པ་པོས་རིན་འབྱུང་དུ་བསྒོམ་པའང་རུང་ཞིང་། སྤྱི་ཙམ་དུ་ཀུན་མཁྱེན་ཆེན་པོས། དེ་ཡང་བདག་ཉིད་འཇམ་དཔལ་བསམ་པ་ཡིས། །སྙིང་ནང་ཆོས་ཀྱི་འོད་ཟེར་ཕོག་པར་བསམ། །ཞེས་པས་འཆད་པ་པོ་འཇམ་དཔལ་དུ་གསལ་བཏབ་པའི་ཞལ་ནས་


MLP014_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འོད་ཟེར་བྱུང་བ། སློབ་མའི་སྙིང་ནང་དུ་ཕོག་པས་མི་ཤེས་པའི་མུན་པ་བསལ་ནས་བློ་གྲོས་ཀྱི་པདྨོ་རྒྱས་པར་བསམ་ལ་འཆད་ཅིང་མཉན་ནོ། །དེ་ཡང་འཆད་ཐབས་ཀྱི་མན་ངག་ནི། མདོ་ཡིན་ན་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཡིན་ན་རྩིས་འགོ་རྣམ་པ་ལྔ་དང་། མདོ་བསྟན་ཐུན་མོང་དུ། དགོས་པ་བསྡུ་བའི་དོན་བཅས་དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱར་བསྙད་དེ་བཤད་པར་བྱ། །ཞེས་པ་ལྟར་མན་ངག་ལྔའི་སྒོ་ནས་འཆད་ཅིང་། ཁྱད་པར་ཟབ་མོའི་མདོ་སྡེ་རྣམས་དགོངས་ལྡེམ་དགོངས་དང་དྲང་ངེས་ལ་སོགས་པའི་སྒོ་ནས་འཆད་དོ། །གསང་སྔགས་ཀྱི་རྒྱུད་རྣམས་ཀྱིས་ནི་སྤྱིར་སྨིན་གྲོལ་གཉིས་སམ་བདེན་པ་གཉིས་དང་། མ་ཧཱ་མཱ་ཡ་ལས། སྔགས་དང་སྦྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་གསུམ་ཤེས་བྱ་སྟེ། །ཞེས་རྣལ་འབྱོར་གསུམ་དང་། དགྱེས་རྡོར་དུ་དག་པ་གསུམ་དང་། ཕྱི་ནང་གསང་བ་དེ་བཞིན་ནང་། །དེ་བཞིན་ཉིད་དོན་རྣམ་པ་བཞི། །ཞེས་པའམ། མངོན་བྱང་ལས། ལས་ཀྱི་ཕྱག་རྒྱ་ལེགས་སྦྱངས་ཏེ། །ཆོས་ཀྱི་ཕྱག་རྒྱ་བསྒོམ་པར་བྱ། །ཕྱག་རྒྱ་ཆེན་པོ་དེ་ཡི་སྟེང་། །དེ་ལས་དམ་ཚིག་ཡང་དག་འབྱུང་། །ཞེས་ཕྱག་རྒྱ་བཞི་དང་། ཕྱི་ནང་གཞན་དང་། རྟོན་པ་བཞིར་བཤད་པ་སོགས་མང་མོད། གསང་ཆེན་སྔ་འགྱུར་གྱི་ལུགས་ལ། ཧེ་རུ་ཀ་གལ་པོ་ལས། མ་ཧཱ་ཡོ་གའི་རྒྱན་བདུན་དང་། །གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་པ་ལྟར་མ་ཧཱ་ཡོ་ག་རྣམས་རྒྱན་བདུན་དང་། དེ་བཞིན་ཨ་ནུ་རྣམས་ལུང་བདུན་དང་། ཨ་ཏི་རྣམས་ཀྱིས་སྤྱི་དོན་དྲུག་གི་སྒོ་ནས་བློ་ཁ་དབྱེ་བར་བཤད་ཅིང་། སྒྲུབ་སྡེ་རྣམས་ནི། བདེ་འདུས་རྒྱུད་ཀྱི་སྤྱི་ཆིངས་ལས། བཤད་ཐབས་མན་ངག་ཉི་ཤུ་ལ། །སྤྱི་སྡོམ་ལྔ་དང་རྒྱུད་ཆིངས་ལྔ། །ལུང་སྡེབ་ལྔ་དང་སྒྲུབ་ཐབས་ཀྱི། །སྦྱོར་ལུགས་ལྔ་ཡིས་གཏན་ལ་དབབ། །ཅེས་བཤད་ཐབས་ཉི་ཤུར་གསུངས་ཤིང་། བྱེ་བྲག་བསྐྱེད་རྫོགས་གསུམ་ཀའི་ཐུན་མོང་དུ་སྤྱི་དོན་ལྔ་དང་། སྒྱུ་འཕྲུལ་བ་ལ་རྒྱུད་གསུམ་མམ་བཞིར་འཆད་པ་སོགས་སྣང་ལ། གསར་རྙིང་ཐུན་མོང་དུ་མཐའ་དྲུག་ཚུལ་བཞིའི་སྒོ་


MLP014_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་པ་ལ་སོགས་པ་རྣམས་སོ། །དེ་ཡང་འཆད་ཅིང་ཉན་པའི་ཚེ་ཆོས་ཀྱི་ཚིག་དོན་ལས་གཞན་དུ་མ་ཡེངས་པར་བློ་གནས་པ་ནི་ཞི་གནས། ཚིག་དོན་གྱི་རྣམ་དབྱེ་མ་འདྲེས་པར་གསལ་ཞིང་དོན་གོ་བ་ནི་ལྷག་མཐོང་སྟེ། ཡོན་ཏན་བཀོད་པའི་མདོ་ལས། འཇམ་དཔལ་འདི་ལྟར་ཐོས་པ་ཉིད་ལ་རྩེ་གཅིག་ཏུ་མ་ཡེངས་པ་སེམས་རབ་ཏུ་འཛིན་པ་ལ་ནི་སྒྲའི་རྗེས་སུ་མཐུན་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་ལ། སོ་སོར་འབྱེད་ཅིང་གསལ་བར་དཔྱོད་པ་ནི་དོན་རབ་ཏུ་འབྱེད་པའི་ལྷག་མཐོང་ངོ་། །ཞེས་སོ། །མདོར་ན་ཇི་ལྟར་འཆད་པའི་ཆོས་ཀྱི་སྒོ་ཡང་། དྲང་དོན་གྱི་གདམས་པས་ཚེ་འདིའི་ཞེན་འཁྲིས་གཅོད་པ། ངེས་དོན་གྱི་གདམས་པས་འཁོར་བའི་མཚོ་ལས་སྒྲོལ་བ། སྙིང་པོ་དོན་གྱི་གདམས་པས་སྲིད་ཞི་མཉམ་ཉིད་དུ་གྲོལ་བར་བྱེད་པ་ལ་འདུས་པ་ཡིན་ནོ། །བཞི་པ་ཉན་བཤད་བྱས་པའི་ཕན་ཡོན་ལ་གཉིས་ལས། དང་པོ་གཙོ་བོར་ཉན་པ་པོས་ཐོབ་པའི་ཕན་ཡོན་ནི། གཎྜཱིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜཱི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མིག་ལྡན་མར་མེ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། མྱ་ངན་མེད་ཀྱིས་སྦྱིན་པ་ལུང་བསྟན་པའི་མདོ་ལས། ཀུན་དགའ་བོ། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་གང་གི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་དུ་ཐོས་ན། དེ་ནི་དེ་བས་བསོད་ནམས་མང་དུ་བསྐྱེད། ཅེས་དང་། རྒྱུད་བླ་མར། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་གསུངས་སོ། །གཉིས་པ་འཆད་པ་པོས་ཐོབ་པའི་ཕན་ཡོན་


MLP014_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱིས། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་དང་། གང་གིས་གང་ཞིག་ཇི་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་ཞིག་སེམས་ཅན་གཅིག་ལ་ཚིགས་བཅད་སྦྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་དུ་བསམ་དུ་ག་ལ་ཡོད། །ཅེས་དང་། རྩ་རྒྱུད་གསང་བ་སྙིང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་དང་། རིན་ཆེན་ཕྲེང་བར། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་རྣམས་སྟོན་པ་དང་། །ཆོས་ཀྱི་སྦྱིན་པ་ཇི་སྙེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་སོགས་ཕན་ཡོན་དཔག་ཏུ་མེད་པ་གསུངས་མོད། འདིར་མདོ་ཙམ་མོ། །ཞེས་ཆོས་འཆད་ཉན་བྱེད་ཚུལ་གྱི་གཏམ་ཅུང་ཟད་སྨྲས་པ་འདི་ཡང་ཁམས་ས་ངན་པ་དད་བརྩོན་ཐོས་པའི་ནོར་གྱིས་ཕྱུག་པའི་བླ་མ་གསང་སྔགས་བསྟན་འཛིན་དང་ཀུན་བཟང་རྣམ་རྒྱལ་གཉིས་ཀྱིས་བསྐུལ་ངོར། གཏེར་ཆེན་བླ་མའི་བཀའ་དྲིན་གྱིས་འཚོ་བའི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཧོར་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཀྱི་ཕྱི་དྲོ་ཐུན་ཆེན་གཅིག་ལ་རྫོགས་པར་སྤེལ་བས་དགེ་ལེགས་སུ་གྱུར་ཅིག། །།


no previousདམ་པའི་ཆོས་ཇི་ལྟར་འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། ལོ་ཆེན་དྷརྨ་ཤྲཱི། next