Nitartha Digital Library
Tibetan
 
no previousརྩོམ་པ་པོའི་རྣམ་ཐར་གསོལ་འདེབས།next

རྩོམ་པ་པོའི་རྣམ་ཐར་གསོལ་འདེབས།

༄༅། །འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་བློ་གྲོས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་གཅིག་བསྡུས་རྗེ་བཙུན་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་པ་ཐམས་ཅད་ལ། །སྙིང་ནས་འདུད་དོ་བློ་གྲོས་མཆོག་སྩོལ་ཅིག ། དགེ་ལེགས་བགྲང་ཡས་དཔག་ཏུ་མེད་པ་དང་། །འདུན་ལྡན་རླབས་ཆེན་སྨོན་ལམ་མཐུ་དག་གིས། །ཞིང་འདིར་བློ་བཟང་རྒྱལ་བསྟན་སྤེལ་བ་ལ། །ཟླ་བྲལ་མཁས་གྲུབ་དབང་པོར་གསོལ་བ་འདེབས། །རླབས་ཆེན་སྨོན་ལམ་འབྲས་བུ་དུས་སྨིན་པའི། །ས་ཡི་ཐེག་ལི་རྟ་ནག་ས་ཁུད་དུ། །བསམ་བཞིན་འཁྲུངས་ནས་ཐུབ་བསྟན་སྤེལ་མཛད་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །སྐྱེས་ཙམ་ཉིད་ནས་འཇམ་མགོན་བླ་མ་ཡིས། །བྱིན་གྱིས་བརླབས་ཤིང་དམག་ཟོར་རྒྱལ་མོས་ཀྱང་། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཁྱིམ་གྱི་འདུ་འཛི་ལ། །ཆགས་པ་མེད་པར་རྒྱལ་བའི་བསྟན་པ་ལ། །རབ་ཏུ་བྱུང་ནས་ཐོས་བསམ་སྒོམ་པ་མཛད། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །ཡོངས་འཛིན་མཁས་པ་མང་པོ་ལ་བརྟེན་ནས། །བརྡ་སྤྲོད་གཙུག་ལག་རིག་གནས་མཐའ་དག་ལ། །རབ་ཏུ་སྦྱངས་པས་མཁས་པའི་ཕུལ་ཕྱིན་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །ཁྱད་པར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ལ། །བརྟེན་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་ཀུན། །གསན་པས་དགོངས་དོན་མ་ལུས་ཐུགས་སུ་ཆུད། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །རྒྱ་བོད་མཁས་པའི་གཞུང་ལུགས་པད་ཚལ་ཀུན། །དྲི་མེད་རིགས་པའི་འོད་སྣང་གིས་ཕྱེ་ནས། །སྐལ་བཟང་བུང་བ་མ་ལུས་ཚིམ་པར་མཛད། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །གངས་ཅན་གྲུབ་མཆོག་རྒྱལ་བ་དབེན་ས་པའི། །ཐུགས་སྲས་དམ་པ་སངས་རྒྱས་ཡེ་ཤེས་ཀྱང་། །གང་གི་ཞབས་རྡུལ་གཙུག་ཏུ་བསྟེན་བྱེད་པ། །ཟླ་མེད་མཁས་གྲུབ་དམ་པར་གསོལ་བ་འདེབས། །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེར། །ལེགས་པར་བཤད་པའི་སྒྲ་དབྱངས་རབ་བསྒྲགས་པའི། །འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་ཞེས། །ས་སྟེང་གྲགས་པས་ཁྱབ་ལ་གསོལ་བ་འདེབས། །གཞུང་ལུགས་ཀུན་ལ་ཐོས་པས་སྒྲོ་འདོགས་བཅད། །གཞུང་དོན་ལམ་གྱི་རིམ་པ་ཉམས་སུ་བཞེས། །རྟོགས་པ་བརྙེས་ནས་ལེགས་བཤད་སྒྲ་དབྱངས་བསྒྲགས། །ཟླ་མེད་མཁས་གྲུབ་དབང་པོར་གསོལ་བ་འདེབས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་ཉམས་དགའ་བར། །མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ། །བསམ་བཞིན་བྱོན་ནས་ལུང་བསྟན་བརྙེས་གྱུར་པ། །དགེ་འདུན་བློ་བཟང་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་གི །ཐུགས་རྗེ་ནུས་པ་དཔག་ཏུ་མེད་པ་དང་། །མཁྱེན་རབ་འོད་སྟོང་རབ་ཏུ་འཕྲོ་བ་ཡིས། །བདག་བློའི་མུན་པ་མྱུར་དུ་བསལ་དུ་གསོལ། །ལེགས་ཚོགས་ཀུན་གྱི་རྩ་བ་ཟླ་མེད་པ། །དགེ་བའི་བཤེས་གཉེན་མཁས་པ་ལ་བརྟེན་ནས། །རྒྱ་ཆེའི་གཞུང་ལུགས་གདམས་པར་འཆར་བ་དང་། །གདམས་དོན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་བརྟེན་ནས། །མདོ་རྒྱུད་དགོངས་འགྲེལ་བཅས་པ་མ་ལུས་པ། །དྲི་མེད་རིགས་པ་ཕྲ་མོས་འབྱེད་པ་ལ། །ཐོགས་མེད་སྤོབ་པ་ཐོབ་པར་བྱིན་གྱིས་རློབས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །ཟབ་ལམ་རིམ་གཉིས་འཁོར་དང་བཅས་པ་ལ། །འཁྲུལ་མེད་ངེས་པ་བརྟན་པོ་བརྙེས་གྱུར་ནས། །ཕ་རྗེས་བུ་ཡིས་ཟིན་པར་བྱིན་གྱིས་རློབས། །

ཅེས་འཇམ་དབྱངས་བླ་མ་དགེ་འདུན་བློ་བཟང་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་བློ་གྲོས་མཆོག་སྦྱིན་ཞེས་བྱ་བ་འདི་ནི། འཇམ་དབྱངས་བླ་མ་དེ་ཉིད་ཀྱི་རྗེས་སུ་སློབ་པ་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། །།


no previousརྩོམ་པ་པོའི་རྣམ་ཐར་གསོལ་འདེབས།next