Nitartha Digital Library
Tibetan
 
no previousསུམ་ཅུ་པ།next

སུམ་ཅུ་པ།

མཆོད་པ་བརྗོད་ཅིང་རྩོམ་པ་དམ་བཅའ་བ།

༄༅།།ཡུལ་གངས་ཅན་གྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པའི་ཆ་ལེགས་པར་རྣམ་པར་བཤད་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།

གྲངས་མེད་ཞིང་གི་སྟོན་པ་ཤཱཀྱའི་གཙོ།།

རྒྱལ་ཀུན་ཡབ་ཀྱི་མགོན་པོ་ཀུན་ཏུ་གཟིངས།།

སྒྲ་དབྱངས་རྒྱ་མཚོའི་བདག་ཉིན་དབྱངས་ཅན་མས།།

གཟུངས་དང་སྤོབས་པའི་བློ་གྲོས་དགེ་བར་མཛོད།།

བྱང་ཕྱོགས་མུན་པའི་གཡང་ལ་འཕྱན་པའི་འགྲོར།།

བློ་གྲོས་སྣང་བ་དམ་པའི་མཛོད་གཏད་པ།།

གངས་ཅན་བསྟན་འགྲོའི་གཉེན་གཅིག་སམ་བྷོ་ཊའི།།

བཀའ་དྲིན་བསམ་ན་ནམ་མཁའི་མཐའ་ལས་འགོངས།།

གང་དེའི་གསུང་རབས་ཆུ་གཏེར་ཆེར་ཞུགས་ནས།།

ལེགས་བཤད་ནོར་བུའི་གཏེར་ཆེན་འབྱིན་པ་ལ།།

བོད་མཁས་ཀླུ་དབང་ཕལ་གྱིས་བསྒྲུན་མིན་པ།།

བསྟན་པའི་ཉིན་བྱེད་ཡབ་སྲས་ཡང་ཡང་དྲན།།

མཁས་དང་གྲུབ་པའི་རྣམ་ཐར་རབ་འབར་བའི།།

ཡོན་ཏན་རྒྱ་མཚོའི་གོས་ཅན་ཀུན་ཁྱབ་སྟེ།།

ཐུབ་བསྟན་རིན་ཆེན་གླིང་བཞིའི་མཁར་མཛེས་པ།།

འཇམ་མགོན་སྨྲ་བའི་ཉི་མ་གང་དེ་རྒྱལ།།

སྔོན་རྗེས་འཇུག་པའི་བྱེད་པ་ཁོ་ནས་ཀྱང་།།

འཕགས་ཡུལ་གཞུང་མ་ཁེངས་པ་བསྙིལ་བྱེད་པ།།

སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ཡི།།

རྣམ་བཤད་སྙིང་པོ་འདི་ནི་བདག་གིས་བྱས།།

དེ་ཡང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་མདུན་ན་འདོན་ཆེན་པོ་ཐུ་མི་སཾ་བྷོ་ཊ་ཞེས་བྱ་བ་མཚན་གྱི་མེ་ཏོག་རབ་ཏུ་བཞད་པའི་ཕྲེང་བས་སྐྱེ་བོ་ཀུན་གྱི་རྣ་བ་དགེ་བར་བསྒྲུབ་པ། མཐའ་འཁོབ་ཀྱི་ལྗོངས་སུ་རྒྱལ་བའི་བསྟན་པའི་ཉིན་བྱེད་ཐོག་མར་འབྲེན་པའི་སྨོན་ལམ་གྱི་མཐུ་གྲུབ་པ། ཟབ་པ་དང་རྒྱ་ཆེ་བའི་བློ་གྲོས་ཀྱི་བཏིང་རྗེ་བཙུན་འཇམ་དཔལ་དབྱུངས་དང་དབྱེར་མ་མཆིས་པ་དེ་ཉིད། ནམ་ཞིག་གི་ཚེ་བོད་གངས་ཅན་སྐྱེ་བོ་རྣམས་ལ་ཐུགས་རྗེས་སུ་ཆགས་པའི་ཐུགས་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། པནྜི་ཏ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བི་ཀ་ར་སོགས་མཁས་ཤིང་གྲུབ་པ་བརྙེས་པ་དུ་མ་བསྟེན་ནས་ཕྱི་ནང་གི་གཙུག་ལགས་མཐའ་དག་ལ་མཁས་པ་ལས་ཀྱང་ཆེས་མཁས་པའི་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཅིང་། ནཱ་ག་རའི་ཡི་གེ་ལ་དཔེར་བྱས་ཏེ། བོད་ཀྱི་ཡིག་གཟུགས་དང་བརྡ་སྤྲོད་ཀྱི་གཞུང་ཆེན་པོ་རྣམས་དང་རྗེས་སུ་མཐུན་པར་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀུན་ཏུ་བཟང་པོ་རྩ་བ་བརྒྱད་པ་ཞེས་བྱ་བ་སྒྲ་མདོ་ཆེན་པོ་བརྒྱད་མཛད་པར་གྲགས་པ་ལས། བསྟན་པའི་འཕེལ་འགྲིབ་ཀྱི་དབང་གིས། ད་ལྟ་བའི་སྐྱེ་བོ་རྣམས་ཀྱི་བགོ་སྐལ་དུ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་འབའ་ཞིག་སྣང་ཞིང་། འགྲེལ་བཤད་ཀྱང་སྔ་ཕྱིའི་མཁས་པ་མང་པོས་མཛད་པར་མཐོང་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི། རྣམ་བཤད་མུ་ཏིག་ཕྲེང་མཛེས་འདི་ནི། ཀུན་གྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་བསྔགས་པར་འོས་པ་མཁན་པོ་ཉིད་ཀྱི་དགོངས་པའི་སྲོལ་འབྱེད་པ་ལ་ཤིང་རྟ་ཆེན་པོ་འབའ་ཞིག་པ་ཡིན་ནོ། །

འོ་ན་ཁྱོད་ཀྱི་ཇི་ལྟར་འཆད་པར་བྱ་ཞི་ན། སྤྱིར་དུ་དང་པོའི་ལས་ཅན་རྣམས་འཇུག་པ་བདེ་བའི་ཕྱིར་དབྱིངས་འཇལ་དཀའ་བ་རྣམས་ཅུང་ཟད་གོ་སླ་བར་བཀྲལ་ཞིང་། གཙོ་བོར་དཔེར་བརྗོད་དང་བཅས་པ་རྣམ་བཤད་མུ་ཏིག་ཕྲེང་མཛེས་ཀྱི་ཚིག་དོན་སྙིང་པོ་ལེགས་པར་བསྡུས་ཏེ་བཀོད་པ་ཡིན།

དེ་ལྟར་ན་འདི་ལ་རྩ་བའི་ས་བཅད་གཉིས་ཏེ། སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་བཤད་པའོ།། དང་པོ་ལ་གཉིས། བཏན་བཅོས་མཚན་སྨོས་པ་དང་། གཞུང་དངོས་བཤད་པའོ།། དང་པོ་ལ་གཉིས་མཚན་བཤད་པ་དངོས་དང་། ཞར་བྱུང་སྡེ་སྣོད་ངོས་འཛིན་གྱི་ཕྱག་མཛད་པའོ།། དང་པོ་ནི། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ།

ཞེས་པ་སྟེ། བྱཱ་ཀ་ར་ཎ་ལུང་སྟོན་པ། མཱུ་ལ་རྩ་བ། ཏྲིཾ་ཤད་སུམ་ཅུ་པ། ནཱ་མ་ཞེས་བྱ་བའོ།།

དེ་ཡང་འདིར་བོད་གངས་ཅན་པའི་སྐད་ཀྱི་དབང་དུ་བྱས་ནས། མིང་ཚིག་ཡི་གི་རྣམས་འདི་དང་འདི་ཞེས་ངོས་གཟུང་མཛད་པ་ནི། བརྡའམ། ལུང་ཞེས་བརྗོད་ལ། དེ་དག་གི་སྦྱོར་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པས་ན་བརྡ་སྤྲོད་པའམ་ལུང་དུ་སྟོན་པ་དང་། ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པས་འདི་རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང་། གཞིན་རྣམས་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་སུ་བཞེད་པའང་ལེགས་བཤད་དུ་གྱུར་མོད། འོན་ཀྱང་རྩ་བ་བརྗད་པ་ཞེས་འབྱུང་བ་ལྟར་ན་རྩ་འགྲེལ་གྱི་བརྡས་ཕྱེ་བའི་འདི་ལུང་དུ་སྟོན་པའི་རྩ་བ་དང་། གཞུང་ཚད་དངོས་ལ་ཤོ་ལོ་ཀ་སུམ་ཅུ་ཡོད་པས་ན་མིང་དེ་སྐད་ཅེས་བྱ་བོ།།

གཉིས་པ་ཞར་བྱུང་སྡེ་སྣོད་ངོས་འཛིན་གྱི་ཕྱག་མཛད་པ་ནི།

ངག་གི་དབང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

ཞེས་པ་སྟེ། གཞུང་འདི་མངོན་པའི་བསྟན་བཅོས་སུ་མཚོན་པའི་ཕྱིར་འཕགས་པ་འཇམ་དཔལ་ལ་ཕྱག་མཛད་པའོ།། དེ་ཡང་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གཏན་ལ་ཕབ་སྟེ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་ནི་མངོན་པའི་སྡེ་སྣོད་ཡིན་ལ། འདིས་ཀྱང་མིང་ཚིག་ཡི་གེས་བསྡུས་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་བཤད་པའི་ཕྱིར་རོ།།

གཉིས་པ་གཞུང་དངོས་འཆད་པ་ལ་གཉིས། བསྟན་བཅོས་བརྩོམ་པ་ལ་འཇུག་པའི་ཡན་ལག་དང་། བརྩམ་བྱའི་བསྟོན་བཅོས་དངོས་བཤད་བའོ།།དང་པོ་ལ་གཉིས། བཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ།། དང་པོ་ལ་བཞི། དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ་དང་། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ། དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ། དང་པོ་ནི།

གང་ལ་ཡོན་ཏན་མཆོག་མངའ་བའི།།

དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།།

ཞེ་པ་སྟེ། གང་ཞིག་གང་ལ་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཡོན་ཏན་མཆོག་ཏུ་མངའ་བ་སྟེ། ལྡན་པའི་དཀོན་མཆོག་གསུམ་པོ་དེ་རྣམས་ལ་ཕྱག་འཚལ་ལོ། ཡོན་ཏན་ཇི་ལྟར་ན། སངས་རྒྱས་ལ་དོན་གཉིས་ཕུན་སུམ་ཚོགས་པ་སོགས་དང་། ཆོས་ལ་འཁོར་བའི་འཇིགས་པ་སེལ་བ་སོགས་དང་། དགེ་འདུན་ལ་རིག་གྲོལ་གྱི་ཡོན་ཏན་སོགས་དང་ལྡན་པའོ།།

གཉིས་པ་བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ་ནི།།

གང་གིས་སྒྲ་དབྱངས་ཀུན་གསུངས་པའི།།

འཇམ་པའི་དབྱངས་ལཕྱག་འཚལ་ལོ།།

ཞེས་པ་སྟེ། གང་ཞིག་གང་གིས་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་སྒྲ་དབྱངས་བརྗོད་པ་ཇི་སྙེད་པ་ཀུན་གསལ་བར་གསུངས་པའི་རྒྱུར་གྱུར་པས་གསུང་གི་དབང་ཕྱུག་ཏུ་གྱུར་ཅིང་། ཉོན་མོངས་པའི་རྩུབ་རེག་དང་བྲལ་ཞིང་ཐུགས་བྱམས་པ་ཆེན་པོས་ཀུན་ཏུ་ཁྱབ་པའི་ཕྱིར་ན་འཇམ་པ་དང་། དེ་དང་རྗེས་སུ་མཐུན་པར་གདུལ་བྱའི་ཁམས་དབང་བསམ་པ་དང་འཚམས་པར་འཇུག་པའི་དབྱངས་ཀྱི་བདག་ཉིད་ཅན་དེ་ལ་ཕྱག་འཚལ་ལོ། ། འཇམ་དཔལ་གྱི་སྒྲ་དབྱངས་ཇི་ལྟར་གསུངས་ཞེ་ན། དོན་དམ་པར་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ལ་དེ་བདེ་བར་གཞེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྒྱུར་གྱུར་པའི་ཕྱིར་རོ། །དེའང་ཡིན་ཏེ། རྒྱན་ལས།

གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངང་པ།།

ཞེས་འབྱུང་བའི་ཕྱིར། དེས་ན་སྐབས་འདིའི་སྒྲ་དབྱངས་ནི། རྒྱལ་བ་རྣམས་ཀྱི་ཆོས་འཁོར་བསྐོར་བའི་རིམ་པ་ལ་གཟུང་གི །འཇིག་རྟེན་གྱི་སྒྲ་དབྱངས་དང་ཨཱ་ལི་སོགས་ལ་འདོད་པར་མི་བྱའོ། །དེ་ལྟར་མིན་ན་ཕྱི་རོལ་པ་ལྟར་འཇིག་རྟེན་གྱི་བྱེད་པར་འགྱུར་བའི་ཉེས་པའང་འབྱུང་ཉེ་བས་ལེགས་པར་གཞིག་ལ་སྨྲ་བར་བྱའོ།།

གསུམ་པ་དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ་ནི།

གང་གིས་མིང་གཞི་སྔོན་གསུངས་པ།།

རྟག་ཞི་བ་ལ་ཕྱག་འཚལ་ལོ།།

ཞེས་པ་སྟེ།། གང་ཟག་གང་གིས་མིང་གཞི་སྟེ་དབྱངས་གསལ་གྱི་ཡི་གེ་རྣམས་ཀྱི་གྲངས་དང་བྱེད་རྩོལ་སྐྱེ་གནས་སོགས་འདི་དང་འདི་ཞེས་སྔོན་དུ་གསུངས་པའི་བྱེད་པ་པོ་རྟག་ཏུ་ཞི་བ་སྟེ་ལྷ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ།། དགོས་པ་ནི། བྲམ་ཟེ་རྣམས་ཀྱི་གཞུང་དུ་བྱེད་པོ་ཉེར་བཞི་བཤད་པ་ལས། ཡི་གེའི་བྱེད་པོ་དབང་ཕྱུག་ཏུ་འདོད་པས་འདིར་ཡང་མཁན་པོ་ཉིད་ཀྱིས་ཡི་གེའི་གཟུགས་བརྩམ་པ་ན་འཇིག་རྟེན་པའི་གྲགས་པ་དང་སྒོ་བསྟུན་ཏེ་དེ་ལ་མཆོད་པར་བརྗོད་པ་དང་དེར་མ་ཟད་ཕྱི་རོལ་པ་རྣམས་རྗེས་སུ་བཟུང་བའི་སླད་དུའང་ཡིན་ནོ།།

བཞི་པ་དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བ་ནི།

སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་།།

བླ་མ་ལ་ཡང་ཕྱག་འཚལ་ནས།།

ཞེས་པ་སྟེ་ལ། བྱིངས་རྐྱེན་རྣམ་འགྱུར་སོགས་ཀྱི་སྡེབ་སྦྱོར་ལེགས་པར་མཛད་ནས་བརྡའ་སྤྲོད་རིག་པའི་གཞུང་རྩོམ་ཞིང་འདོམ་པར་མཛད་པའི་མཁས་པ་ཆེན་པོ་པཱ་ཎི་ནི་སོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་དང་། ཁྱད་པར་དུ་མཁན་པོ་ཉིད་ལ་རིག་གནས་སྤྱི་དང་སྒྲ་རིག་པ་དངོས་སུ་བཀའ་དྲིན་ཆེ་བའི་བླ་མ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བི་ཀ་ར་སོགས་ལ་ཡང་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྩོམ་པ་ན་བཀའ་དྲིན་པའི་སྒོ་ནས་ཕྱག་འཚལ་བ་ཡིན་ཏེ། ནས་ནི་ཚིག་ལྷག་མ་འདྲེན་པའོ།།

གཉིས་པ་རྩོམ་པར་དམ་བཅའ་བ་ནི།

བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།།

རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།

མིང་ཚིག་བརྗོད་པ་ཀུན་གྱི་གཞི།།

ཡི་གེའི་སྦྱོར་བ་བཤད་པར་བྱ།།

ཞེས་པ་སྟེ། ནང་པ་སངས་རྒྱས་པའི་རིག་པའི་གནས་ལྔ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསླབ་པར་བྱ་བ་ཀུན་གྱི་གཞི་འཛིན་པར་བྱེད་ཅིང་། གང་གིས་ན། ཡི་གེའི་སྦྱོར་བ་ཤེས་པས་སོ། །ཕྱི་རོལ་པའི་ངེས་བརྗོད། མཆོད་སྦྱིན། སྙན་ཚིག སྲིད་སྲུང་སྟེ་རིག་བྱེད་བཞི་ཡན་ལག་དང་བཅས་པ་སྨྲ་བར་འདོད་པ་རྣམས་ཀྱི་ཤེས་པར་བྱེད་པའི་རྒྱུའང་ཡིན་ལ། དེ་ལྟར་ན་ཡི་གེ་ལས་མིང་དང་མིང་ལས་ཚིག་དང་། མིང་ཚིག་དུ་མ་རྒྱུན་ཆགས་པ་ནི་བརྗོད་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་ཡི་གེའི་སྦྱོར་བཤད་པར་བྱའོ།།

སྐབས་འདིར་འདི་ཤེས་དགོས་སྟེ། བོད་གངས་ཅན་པའི་བརྡས་དྲངས་པའི་ལུགས་གཉིས་ཀྱི་གཙུག་ལག་དགོངས་འགྲེལ་དང་བཅས་པ་ནི་བསྟན་བཅོས་འདིའི་བརྗོད་བྱ་དང་། འདི་ལ་བརྟེན་ནས་དེ་དག་གི་དོན་རྟོགས་པ་ནི་དགོས་པ་དང་། མཐར་ཐུག་རང་རང་གིས་དོན་དུ་གཉེར་བྱའི་འདོད་པ་རྫོགས་པར་ཐོབ་པ་ཉིང་དགོས་དང་། ཕྱི་མ་སྔ་མ་འབྲེལ་བ་ནི་འབྲེལ་པའོ།།

བརྩམ་བྱའི་བསྟན་བཅོས་དངོས་ལས་ཡི་གེའི་སྦྱོར་བ་བཤད་པ།

སྦྱར་བྱ་ཡི་གེའི་རྣམ་བཞག་བཤད་པ།

གཉིས་པ་བརྩམ་བྱའི་བསྟན་བཅོས་དངོས་བཤད་པ་ལ་གཉིས། ཡི་གེའི་སྦྱོར་བ་བཤད་པ་དང་། གདམ་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། སྦྱར་བྱ་ཡི་གེའི་རྣམ་བཞག་བཤད་པ་དང་། སྦྱོར་ཚུལ་ཚིག་འཕྲད་ཀྱི་འཇུག་པ་བཤད་པའོ། །དང་པོ་ལ་གཉིས། བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ་དང་། གསལ་བྱེད་ཀྱི་ནང་གསེས་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི།

ཡི་གེ་ཨཱ་ལི་ཀཱ་ལི་གཉིས།།

ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།

ཀཱ་ལི་སུམ་ཅུ་ཐམ་པའོ།།

ཞེས་པ་སྟེ། སྤྱིར་ཡི་གེ་ལ་ཨཱ་ལི་སྟེ། དབྱངས་ཡིག་དང་། ཀཱ་ལི་སྟེ། གསལ་བྱེད་ཀྱི་ཡི་གེ་གཉིས་སུ་ཡོད་པ་ལ། བྱེ་བྲག་ཏུ་བོད་སྐད་ལ་ནི། ལེགས་སྦྱར་གྱི་ཨཱ་ལིའི་བྱ་བ་གསལ་བར་བྱེད་པ་ཨི་སོགས་བཞི་དང་། ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ། སུམ་ཅུ་ཐམ་པ་ཡོད་པའོ།།

གཉིས་པ་གསལ་བྱེད་ཀྱི་ནང་གསེས་བྱེ་བྲག་ཏུ་བསྟན་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།

དེ་ལ་རྗེས་འཇུག་བཅུ་ཡིན་ཏེ།།

དེ་ལས་ལྔ་ནི་སྔོན་དུའང་འཇུག།

མི་འཇུག་པ་ནི་ཉི་ཤུའོ།།

ཞེས་པ་སྟེ། བཤད་མ་ཐག་པའི་ཀཱ་ལི་སུམ་ཅུ་དེ་དག་ལ་དབྱེ་ན་རྗེས་སུ་འཇུག་པ་བཅུ་ཡིན་ཏེ། ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང་། རྗེས་འཇུག་དེ་དག་ཉིད་ལས་ལྔ་ནི་སྔོན་དུའང་འཇུག་པ་ཡིན་པས་སྔོན་འཇུག་ལྔ་དང་། སྔོན་རྗེས་གཉིས་ཀར་མི་འཇུག་པའི་ཡི་གེ་ཉི་ཤུ་སྟེ་གསུམ་དུ་དབྱེར་ཡོད་དོ།།

གཉིས་པ་ལ་གཉིས། དབྱེ་སྒོ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི།

ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།།

བཞི་བཞི་དག་ཏུ་དབྱེ་བ་ལས།།

ཞེས་པ་སྟེ། ཀཱ་ལི་སུམ་ཅུ་པོ་དེ་རྣམས་སྡེ་པ་ཕྱེད་དང་བརྒྱད་དུ་བགོས་པའི་སྡེ་པ་རེ་རེ་ལ་ནི་ཡི་གེ་བཞི་བཞི་དག་ཏུ་དབྱེ་བ་ཡིན་ཏེ། དེའང་ཀ་ཁ་ག་ང་སྡེ་པ་དང་པོ་ནས། ཧ་ཨ་སྡེ་པ་ཕྱེད་པའི་བར་དུ་ཤེས་པར་བྱའོ། །ལས་ནི་ཚིག་ཕྱི་མ་འདྲེན་པ་འབྱུང་ཁུངས་དང་འདྲ་བའི་སྒྲའོ།།

གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གསུམ། རྗེས་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་འཇུག་པ་བཤད་པའོ།། དང་པོ་ནི།

དང་པོ་གསུམ་པ་བཞི་པ་ལས།།

མས་ནི་དྲུག་པའི་གསུམ་པ་དང་།།

བདུན་པ་ལ་ནི་ཤ་མ་གཏོགས།།

རྗེས་འཇུག་ཡི་གེ་བཅུ་རུ་འདོད།།

ཅེས་པ་སྟེ། དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། ཞེས་བཤད་པ་དེ་གང་ཞིག་ན། སྡེ་པ་དང་པོ་དང་གསུམ་པ་བཞི་པ་རྣམས་ལས་མས་ཀྱི་ཡི་གེ་གཉིས་གཉིས་ཏེ། ག་ང་། ད་ན། བ་མ་རྣམས་དང་། སྡེ་པ་དྲུག་པའི་གསུམ་པ་འ་དང་། བདུན་པ་ལ་ནི་ཤ་མ་གཏོགས་པའི་ལྷག་མ་ར་ལ་ས་རྣམས་ཏེ། དེ་དག་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པས་རྗེས་འཇུག་དང་། གྲངས་བཅུ་ཉིད་དུ་ངེས་པའོ།།

གཉིས་པ་སྔོན་འཇུག་བཤད་པ་ནི།

རྗེས་འཇུག་ཡི་གེ་བཅུ་ཉིད་ལས།།

དང་པོ་གསུམ་པ་ལྔ་པ་དྲུག།

བདུན་པ་རྣམས་ནི་སྔོན་དུའང་འཇུག།

ཅེས་པ་སྟེ། དེ་ལས་ལྔ་ནི་སྔོན་དུའང་འཇུག། ཅེས་པ་དེ་ཅི་ཞེ་ན། རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་ཉིད་ལས། དང་པོ་ག། གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ནི་རྗེས་སུ་འཇུག་པར་མ་ཟད་ཡི་གེ་རྣམས་ཀྱི་སྔོན་དུའང་འཇུག་པ་ཡིན་ནོ། །གྲངས་ལྔར་ངེས་སོ།།

གསུམ་པ་མི་འཇུག་པ་བཤད་པ་ནི།

མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།།

དེ་ལ་དབྱངས་ཀྱིས་བཞི་ལྡན་ཡང་།།

གང་དུའང་འཇུག་མིན་སྦྱར་བའང་མིན།།

ཞེས་པ་སྟེ།། སྔོན་རྗེས་གཉིས་ཀར་མི་འཇུག་པ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ། ཧ་ཨ། སྟེ་ཉི་ཤུ་ཐམ་པ་ནི། ཚེག་བར་གཅིག་ཏུ་གཉིས་སམ། གསུམ་སྦྲེལ་ལམ་དེ་ལ་དབྱངས་ཨི་སོགས་བཞི་གང་རུང་རེ་སྦྱར་བས་བཞི་ལྡན་དུ་བྱས་པ། ཙཀ། ཚཝཁ། ཝཟིཡ། ལྟ་བུ་ཡང་བོད་གངས་ཅན་པའི་ཐ་སྙད་གང་ལའང་འཇུག་པ་མིན་པས། འདི་བཞིན་སྦྱར་བའང་མ་ཡིན་ནོ།།སྤྱིར་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་གསལ་བྱེད་སུམ་ཅུ་པོ་ཐམས་ཅད་མིང་གཞིའི་ཡི་གེ་ཡིན་མོད། འདིར་ནི་སྔོན་རྗེས་གང་དུའང་མི་འཇུག་པ་མིང་གཞི་ཁོ་ན་བཤད་པ་ཡིན་ནོ།།

ཡང་འགའ་ཞིག་གིས་མིང་གཞིའི་ཡི་གེ་གཉིས་སྦྲེལ་སོགས་ཀྱིས་དོན་སྟོན་མི་ནུས་ཀྱང་གཅིག་གིས་དོན་སྟོན་ནུས་པའི་དཔེར་བརྗོད་ལ། ཨ་ཕ་ཁོ་ཁ་ཚ་སོགས་བཀོད་མོད། དེ་ནི་གཞུང་འདི་ལ་ཧ་ཅང་མ་འདྲིས་པའི་སྐྱོན་ཡིན་ཏེ། །ཁྱེད་ཅག་གི་དེ་དག་ལ་རྗེས་འཇུག་འ་ཡིག་ཡོད་པར་འདོད་དམ་མི་འདོད། མི་འདོད་ན་རྩ་བའི་དགོངས་པ་དང་འགལ་ཞིང་། འདོད་ན་སྔོན་རྗེས་ཀྱི་འཇུག་པ་ལ་མི་ལྟོས་པར་ཡི་གེ་རང་རྐྱ་ཐུབ་པས་དོན་སྟོན་པར་འདོད་པ་མི་འགྲུབ་པའི་ཕྱིར། འདིའི་དགོས་པ་ནི། སྔོན་རྗེས་ཀྱི་འཇུག་པ་རྣམས་སྦྱར་བ་ལྟར་ཚེག་བར་གཅིག་ཏུ་མིང་གཞི་ཁོ་ན་ཡིན་པ་ཡི་གེ་གཉིས་གསུམ་རེ་སྦྱར་ན་རུང་ངམ་སྙམ་པའི་དོགས་པ་སྐྱེ་བ་དགག་པའི་ཕྱིར་ཡིན་ནོ།།

སྦྱོར་ཚུལ་ཚིག་འཕྲད་ཀྱི་འཇུག་པ་བཤད་པ།

འཕྲད་གཞན་དབང་ཅན།

སླར་བསྡུ།

གཉིས་པ་སྦྱོར་ཚུལ་ཚིག་འཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས། གཙོ་བོ་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང་། ཕྲད་རང་དང་ཅན་བཤད་པའོ། །དང་པོ་ལ་བརྒྱད། སླར་བསྡུ། ལ་དོན། ཨི་ལྡན་གྱི་རྣམ་དབྱེ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་པའི་སྒྲ་བཤད་པའོ། །དང་པོ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ནི།།

མིང་གང་གི་ནི་མཐར་སྦྱར་བ།།

དེ་ལ་ཨཱ་ལི་བཞི་པ་སྦྱར།།

སླར་བསྡུ་བར་ནི་ཤེས་པར་བྱ།།

ཞེས་པ་སྟེ། སྔར་བཤད་པའི་རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ནི་མིང་ཚིག་གང་གི་མཐར་སྦྱར་བ་ཡོད་པ་དེ་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྟེ་རྣ་རུ་སྦྱར་བ་ནི་སྐབས་བབས་ཀྱི་བརྗོད་བྱའི་དོན་དེ་ཉིད་དེ་ཙམ་གྱི་བསྡུ་བའམ་རྫོགས་པ་ཡིན་པས་སླར་བསྡུའི་སྒྲ་ཞེས་སམ་རྫོགས་ཚིག་ཅེས་ཀྱང་ཤེས་པར་བྱའོ།།

དེའང་གཞུང་འདིའི་དངོས་བསྟན། རྟག་གོ །བཟང་ངོ་། །ཡོད་དོ། །ཡིན་ནོ། །སྒྲུབ་བོ། །བསམ་མོ། །བྱའོ། །འགྱུར་རོ། །སེལ་ལོ།། བྱས་སོ། །ལྟ་བུ་བཅུ་དང་། ཤུགས་བསྟན་ན་ར་ལ་གསུམ་གྱི་མཐར་ད་དྲག་ཐོབ་པ་ལ་བསྟནད་ཏོ། གྱུརད་ཏོ། བསྩལད་ཏོ་སོགས་བཅུ་གཅིག་གོ།

ལ་དོན།

གཉིས་པ་ལ་དོན་ནི།

རྗེས་འཇུག་ཡི་གེ་བཅུ་རྣམས་ལས།།

གང་མིང་མཐའ་ན་བཅུ་པ་གནས།།

དེ་ལ་ཨཱ་ལི་གཉིས་པ་སྦྱར།།

གང་མིང་མཐའ་ན་བརྒྱད་པ་གནས།།

དེ་ལ་གཉིས་པ་ཨུ་ཡང་སྦྱར།།

གང་མིང་མཐའ་ན་གསུམ་པ་གནས།།

དེ་ལ་ཨཱ་ལི་གཉིས་པ་སྦྱར།།

བཞི་པ་དགུ་པ་དངོས་ཀྱང་སྟེ།།

ལས་དང་ཆེད་དང་རྟེན་གནས་དང་།།

དེ་ནི་ཚེ་སྐབས་ལ་སྒྲ་ཡིན།།

ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་རྣམས་ལས། གང་ཡང་རུང་བའི་མིང་གི་མཐའ་ན་ལ་དོན་གྱི་རྣམ་དབྱེ་སྦྱར་བའི་ཆེད་དུ་རྗེས་འཇུག་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས་སུ་ཞེས་གྲུབ་པ་དང་། དེ་བཞིན་དུ་གང་ཡང་རུང་བའི་མིང་གི་མཐར་ཚེག་བར་གཅིག་ཉིད་དུ་བརྒྱད་པ་ར་ཡིག་སྦྱར་ཏེ་གནས་པ་ལྷག་པར་ལྟ་བུ་དང་།ཡང་དེ་ཉིད་ཚེག་བར་ཕྱིས་ཏེ་ཨུ་ཡིག་སྦྱར་བས་རུ་ཞེས་པ་དང་། ཡང་གང་ཡང་རུང་བའི་མིང་གི་མཐའ་ན་གསུམ་པ་ད་ཡིག་གནས་པ་དེ་ལ་ཨུ་ཡིག་སྦྱར་བས་དུ་ཞེས་པ་དང་། རྗེས་འཇུག་བཞི་པ་ན་དང་། དགུ་པ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པར་དངོས་པོ་དེ་ཉིད་དུ་གནས་པ་དང་། ཀྱང་གི་སྒྲ་ནི་སྔ་མར་དབྱངས་ཀྱིས་བརྒྱན་པ་རྣམས་མ་ཟད་ཅེས་པའི་དོན་ཏེ། འདིར་དངོས་སུ་མ་གསུངས་ཀྱང་དོན་ཐོབ་ཀྱི་ཏ་ཡིག་ཨུ་ལྡན་དང་བདུན་དུ་ངེས་སོ།།

འདི་དག་ཀྱང་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། བཞི་པ་དགོས་ཆེད་ཀྱི་དོན་དང་། བདུན་པ་གནས་གཞི་འམ་རྟེན་གནས་ཀྱི་དོན་དང་། གཉིས་པའི་བྱེ་བྲག་ལས་དང་བྱ་བ་ངོ་བོ་གཅིག་པ་དེ་ཉིད་ཀྱི་དོན་དང་།བདུན་པའི་བྱེ་བྲག་དུས་བརྗོད་པ་ཚེ་སྐབས་ཀྱི་དོན་རྣམས་ལ་ལ་དོན་བདུན་པོ་དེ་དག་ཁྱབ་མཉམ་དུ་འཇུག་པར་ཤེས་དགོས་ཤིང་། འོན་ཀྱང་དེ་ཉིད་ཀྱི་དོན་ལ། ལ་ན་གཉིས་མི་འཇུག་པ་ནི་དམིགས་བསལ་ལོ། འདི་དག་ཀྱང་ལ་ཡིག་གི་འཇུག་པ་དང་སྒྲ་དོན་ཕལ་ཆེར་མཐུན་པས་ལ་སྒྲ་ཞེས་སྨོས་པ་ཡིན་ཏེ། ལ་དོན་སུ་ལ་ཨུ་ཕྱིས་ནས། ཞེས་པ་འབྱུང་བའི་ཕྱིར།

སྐབས་འདིར་འདི་ཤེས་དགོས་ཏེ། ལེགས་སྦྱར་གྱི་ལུགས་ལ་རྣམ་དབྱེ་དང་པོ་ནས་བདུན་པའི་བར་རེ་རེ་ལའང་། གཅིག་ཚིག །གཉིས་ཚིག །མང་ཚིག་གསུམ་གསུམ་ཕྱེས་པས་རྣམ་དབྱེ་བདུན་གསུམ་ཉེར་གཅིག་ཏུ་ངེས་ཤིང་། བོད་ཡིག་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་དང་མིང་མཐའ་གཉིས་ལ་ཁྱད་པར་མི་འདུག་མོད། གཉིས་ཚིག་མང་ཚིག་གཉིས་ཀྱི་དོན་གྱི་ལྡོག་པ་ཕྲ་མོ་རེ་སྟོན་པས། དེ་ཡང་དཔེར་ན། རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་སངས་རྒྱས་ཞེས་པ་ལྟ་བུ་དང་།གཉིས་པ་ལས་སུ་བྱ་བ་ནི་སངས་རྒྱས་ལ་སྐྱབས། གསུམ་པ་བྱེད་སྒྲ་ནི། སངས་རྒྱས་ཀྱིས་ཆོས་གསུངས། བཞི་པ་དགོས་ཆེན་ཀྱི་སྒྲ་ནི། སངས་རྒྱས་ཐོབ་པའི་ཆེད་དུ་ལམ་ལ་བརྩོན། ལྔ་པ་འབྱུང་ཁུངས་ཀྱི་སྒྲ་ནི། སངས་རྒྱས་ལས་ཆོས་འབྱུང་། དྲུག་པ་འབྲེལ་སྒྲ་ནི། སངས་རྒྱས་ཀྱི་མཚན་དཔེ། བདུན་པ་གནས་གཞིའི་དོན་ནི། སངས་རྒྱས་ལ་མཚན་དཔེ་ཡོད་ཅེས་པ་རྣམས་སོ། དེ་རྣམས་རེ་རེ་བཞིན་དུ་གཉིས་ཚིག་དང་མང་ཚིག་མཚོན་བྱེད་དག་དང་། རྣམས་ཞེས་པ་སྦྱར་བས་སངས་རྒྱས་དག ། སངས་རྒྱས་རྣམས་ཞེས་པ་ལྟ་བུ་རྣམ་དབྱེ་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ། །འོ་ན་ལ་དོན་གྱི་རྐྱེན་གྱི་ངོ་བོ་འདི་དག་མིང་མཐར་ཇི་ལྟར་སྦྱོར་ཞེ་ན། ཇི་སྐད་དུ།

ག་བ་ད་དྲག་ཅན་མཐའ་ཏུ།།

ང་ད་ན་མ་ར་ལ་དུ།།

ས་སུ་མཐའ་རྟེན་འདིའང་སྐད་གསར་བཅད་ཀྱི་དབང་དུ་བྱས་ཀྱི་དོན་ལ་འ་མཐར་མི་ཐོབ་པ་ནི་མིན་ནོ།། མེད་པ་དང་།།

འ་མཐའ་རུ་འམ་ར་ཡིག་དང་།།

ལ་ན་གཉིས་ནི་རྗེས་འཇུག་བཅུ།།

བྱེ་བྲག་མེད་པར་ཀུན་ལ་སྦྱར།། ཞེས་སོ།།

གཞུང་གི་དཔེར་བརྗོད་དངོས་ནི། །བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་ལས་ཀྱི་དོན་དུ་འགྱུར་བ་རྣམ་དབྱེ་གཉིས་པ་ནི། དབུས་སུ་ཐེག །ལྷོ་རུ་བལྟ། ས་མཐར་འཁྱམས། ཡུལ་དུ་འགྲོ །ཕྱག་ཏུ་འབུལ། རྒྱབ་ཏུ་ཁུར། ཕྱི་རོལ་དུ་བསྐྲད། ཐང་ལ་རྒོལ། ནང་ན་རྒྱུག །ཞེས་སོགས་དང་། དེ་ཡང་དགྲ་ལ་རྒོལ། ལྟ་བུ་དགྲ་བྱ་བའི་ཡུལ། རྒོལ་བ་ལས་སམ་བྱ་བ། ལ་ཡིག་རྣམ་དབྱེ་གཉིས་པ་ལས་ཀྱི་དོན་ཅན་དུ་འགྱུར་བ་དང་། ཡང་སྲོག་ལ་རྒོལ་ལྟ་བུ་རྒོལ་རྒྱུའི་ལས་འཇུག་ཡུལ་དངོས་སྲོག་ཡིན་པས། དེས་ན་བྱ་བའི་ཡུལ་དང་ལས་གཉིས་གཅིག་པར་འགྱུར་བ་དང་། རྒོལ་བ་བྱ་བ་ཡིན་པ་སོགས་ཀྱི་ཞིབ་ཆ་ཤེས་པ་གཞན་ལའང་འགྲེའོ།།

དེ་བཞིན་ཏུ་བྱ་བ་དེས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་རྣམ་དབྱེ་བཞི་པ་ནི། སངས་རྒྱས་སུ་རེ། འཁོར་བ་རུ་སྲེད། དམན་པར་ཕན་འདོགས། ཆོས་ཕྱིར་དུ་དཀའ་བ་སྤྱད། སློང་མོ་བའི་ལག་ཏུ་ཟན་བྱིན། མཐའ་འཁོབ་ཏུ་ཆོས་བཤད། སེམས་ཅན་ལ་བྱམས་པ་བསྒོམ། ཚོགས་ན་མཆོད་སྦྱིན་བྱ། ཞེས་དང། དེའི་ཆེད་དུ། དེའི་དོན། དེའི་ཕྱིར།

དེའི་སླད་དུ་སོགས་དགོས་ཆེད་གསལ་བྱེད་ཀྱི་སྒྲ་ཡོད་པ་རྣམས་ནི་སྨྲོས་མ་དགོས་སོ།།

རྟེན་གནས་ཏེ་གང་ཞིག་གང་ལ་ཡོད་པའམ་རྟེན་པའི་དོན་ཅན་དུ་འཇུག་པ་རྣམ་དབྱེ་བདུན་པ་ནི། མཐོ་རིས་སུ་འོད་སྣང་། རྒྱ་མཚོ་རུ་རྫིང་བཅས། ས་བཞིར་རྩི་ཤིང་འཁྲུངས་། གནས་ཁང་དུ་གནས། ཟ་མ་ཏོག་དུ་ཡོད། རྡོ་ལ་རི་མོ་བཀྲ། འོག་ན་གདེངས་ཅན་ཡོད། ཞེས་པའོ། །

རྣམ་དབྱེ་གཉིས་པའི་བྱེ་བྲག་ལས་དང་བྱ་བ་ཐ་མི་དད་པ་དེ་ཁོ་ན་ཉིད་ངོ་བོ་གཅིག་ཏུ་གྱུར་པ་དེ་ཉིད་ཀྱི་དོན་ལ་འཇུག་པ་ནི། གཉིས་སུ་བྱ། སེམས་སུ་ཤེས། ལྟ་རུ་འཇུག །ལེགས་པར་བཤད། ཐ་དད་དུ་དབྱེ། མཆོག་ཏུ་གྱུར། ཞེས་པའོ། །འདིའང་སྨྲ་སྒོའི་དགོངས་པ་ལྟར་བཀྲལ་མོད། གཞན་དུ་ན་འཕགས་ཡུལ་གྱི་སྒྲ་གཞུང་རྣམ་སུ་བྱ་བྱེད་ལས་གསུམ་ངོ་བོ་གཅིག་པའི་དཔེར། རྩངས་རང་ཉིད་འབིགས་པར་བྱེད། མར་རང་ཉིད་ཞུ་བར་བྱེད། གསུངས་པ་རྣམ་དང་དོན་གཅིག་པར་བཤད་ན་ཡང་ལེགས་བཤད་དུ་འགྱུར་རམ་སྙམ།

རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཏེ་དུས་བརྗོད་པ་ལ་འཇུག་པ། སྔ་དྲོའི་དུས་སུ་འགྲོ། ཕྱི་དྲོ་རུ་འདུག། རྟག་པར་ཁ་ཏོན་བྱ། རྒྱུན་དུ་ལྷ་མཆོད། འཇུག་ཏུ་སྟོང་ཉིད་བསྒོམ། ཉི་མ་ཤར་བ་ན་ཆོས་བཤད། གུང་ལ་མཉམ་པར་བཞག་སོགས་མང་དུ་ཤེས་པར་བྱའོ།།

ཨི་ལྡན།

གསུམ་པ་ཨི་ལྡན་གྱི་རྣམ་དབྱེ་འཆད་པ་ལ་གཉིས། བསྟན་པ་དང་། བཤད་པའོ། །དང་པོ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ལ།།

ཨི་དང་མཐུན་ལུགས་འདི་ཞེས་བྱ།།

ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་གང་ཡང་རུང་བ་ཞུགས་པའི་མིང་རྣམས་ལ་ཨི་ལྡན་གྱི་རྣམ་དབྱེའི་ཕྲད་དང་མཐུན་པར་སྦྱར་བའི་ལུགས་ནི་འདི་ལྟར་ཡིན་ནོ་ཞེས་བྱའོ།།

གཉིས་པ་བཤད་པ་ལ་གཉིས། འབྲེལ་སྒྲ་བཤད་པ་དང་། བྱེད་སྒྲ་བཤད་པའོ། །དང་པོ་ནི།

དང་པོ་གཉིས་ལ་དང་པོ་མཐུན།།

གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།།

བདུན་པ་ཉིད་ལ་བདུན་པ་སྟེ།།

ལྷག་མ་རྣམས་ལ་གྱ་སྦྱར་བ།།

དེ་དག་ཨི་སྦྱར་འབྲེལ་པའི་ས།།

ཞེས་པ་སྟེ། རྗེས་འཇུག་བཅུའི་དང་པོ་ག་ང་གཉིས་རྗེས་སུ་ཞུགས་པ་ལ། རྗེས་འཇུག་དང་པོ་ཉིད་མཐུན་ཞིང་། དེ་བཞུན་ཏུ། གསུམ་པ་ད། ལྔ་པ་བ། བཅུ་པ་ས་རྣམས་ཞུགས་པ་ཀྱ་དང་སྦྱར་བ་དང་། བདུན་པ་འ་ཡིག་གི་མཐའ་ཅན་ཉིད་དངོས་སུ་ཡོད་དམ་མེད་ཀྱང་རུང་། བདུན་པ་འ་སྦྱར་བ་དང་རྐང་པ་ཁ་སྐོང་སྐབས་འ་མཐར་ཡ་ཡིག་སྦྱར་བ་དང་། དེ་ལས་གཞན་ལྷག་མ་ན་མ་ར་ལ་བཞིའི་མཐར་གྱ་ཉིད་སྦྱར་བ་དང་། དེ་ཐམས་ཅད་ལ་རིམ་པ་ལྟར་ཨི་ཡིག་སྟེ་གི་གུ་སྦྱར་བས། གི། ཀྱི། འི། ཡི། གྱི་ཞེས་གྲུབ་པ་རྣམས་ནི་ངག་གི་དབང་ཕྱུག །རང་གི་སློབ་མ། ཁྱེད་ཀྱི་བླ་མ། ཡབ་ཀྱི་གྲོགས་པོ། ཞབས་ཀྱི་འཁོར་ལོ། དེའི་དོན། དེའི་རྗེས་སུ་འཇུག་མི་བྱ། རྒྱན་གྱི་ཕྲེང་བ། ཁྱིམ་གྱི་བདག་པོ། ཤར་གྱི་ཉི་ཟླ། ཞལ་གྱི་དཀྱིལ་འཁོར། ད་དྲག་གི་མཐར་ཀྱི་སྦྱར་བས། ཀུནད་ཀྱི་གཙོ་བོ། རབ་འབྱོརད་ཀྱི་ཚུལ། བཀའ་སྩལད་ཀྱི་སྙིང་པོ་ལྟ་བུ། རྣམ་དབྱེ་དྲུག་པ་རྟེན་དང་བརྟེན་པའམ། བདག་དང་བདག་གི་བའམ། ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་པ་བརྗོད་པའི་དོན་ཡིན་པས་འབྲེལ་པའི་ས་ཞེས་བྱའོ། །ཡང་ཕྱི་ཚིག་འགལ་བའམ་མི་མཐུན་པར་སྟོན་པའི་ཚིག་གི་རྒྱན་ལ་འཇུག་པའང་ཡོད་དེ། འདི་ནི་སངས་རྒྱས་པ་ཡིན་གྱི་ཕྱི་རོལ་པ་མ་ཡིན་ནོ། །ཁྱེད་ཅག་དམ་པའི་ཆོས་ལ་འཇུག་པར་བྱའི་སྡིག་པ་ལ་འཇུག་པར་མི་བྱའོ། །དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་། ཞེས་པ་ལྟ་བུ་རིགས་འགྲེའོ།།

གཉིས་པ་བྱེད་སྒྲ་བཤད་པ་ནི།

དེ་ཉིད་ལ་ནི་བཅུ་པ་སྦྱར།།

བྱེད་པ་པོ་རུ་ཤེས་པར་བྱ།།

ཞེས་པ་སྟེ། སྔར་བཤད་པའི་ཨི་ལྡན་དེ་ཉིད་ལ་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས། གིས། ཀྱིས། འིས། ཡིས། གྱིས། ཞེས་གྲུབ་པ་ནི། སྟག་གིས་གསོད། དཔུང་གིས་བཅོམ། བདུད་ཀྱིས་བསླུས། ཆབ་ཀྱིས་བཀྲུས། ཞབས་ཀྱིས་མནན། མགོ་བོས་བཏུད། ཁོ་བོ་ཡིས་ནི་སངས་རྒྱས་བསྒྲུབས། རྒྱན་གྱིས་བརྒྱན། ཕམ་གྱིས་དོགས། ཆར་གྱིས་གཤེར། མཚལ་གྱིས་བྱུག །ཀུནད་ཀྱིས་བཀུར། རབ་འབྱོརད་ཀྱིས་གསོལ། ཟིལད་ཀྱིས་མནན་ལྟ་བུ་བྱེད་པ་པོས་གང་ལ་བྱ་བ་བྱེད་པའི་རྣམ་དབྱེ་གསུམ་པ་བྱེད་པ་པོའི་ས་རུ་ཤེས་པར་བྱའོ། །

རྒྱན་སྡུད།

བཞི་པ་རྒྱན་སྡུད་ཀྱི་སྒྲ་ནི།

ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།

ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།།

ཞེས་པ་སྟེ། གོང་དུ་བཤད་པའི་ཨི་ལྡན་དེ་དག་ལས། ཀྱི། འི། གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས་ཀྱང་། འང་། ཞེས་གྲུབ་པ་དང་། དོན་ཐོབ་ཡང་གི་སྒྲ་བཅས་གསུམ་པོ་དེ་རྣམས་ནི། བསླབ་ཀྱང་བསླབ། གོའང་གོ །ཤེས་ཀྱང་ཤེས། ལྟ་བུ་ཚིག་སྔ་ཕྱི་མཐུན་པའི་རྒྱན་དང་། བཏུད་ཀྱང་ཁྲོ། མཛའ་འང་བསླུ། ལྟ་བུ་མི་མཐུན་པའི་རྒྱན་ཏེ་ཚིག་རྒྱན་གཉིས་དང་། འདི་ནི་གཟུགས་བཟང་ཞིང་སྐད་ཀྱང་སྙན། མིར་ལྟ་ཅི་སྨོས་ལྷ་རྣམས་ཀྱིས་ཀྱང་བཏུད་དོ། །འདི་ནི་འདུས་བྱས་ཀྱང་ཡིན་ལ་མི་རྟག་པའང་ཡིན་ནོ། །ལྟ་བུ་གཞི་གཅིག་ལ་དོན་གཉིས་སོགས་མང་པོ་སྡུད་པའི་སྒྲར་འགྱུར་རོ།།

དེའང་། ཇི་སྐད་དུ།

ག་ད་བ་ས་ཉིད་དང་ནི།།

ད་དྲག་ཐོབ་པའི་རྗེས་སུ་ཀྱང་།།

ང་ན་མ་ར་ལ་མཐར་ཡང་།།

མཐའ་རྟེན་མེད་དང་འ་མཐར་འང་།།

རྐང་པ་སྐོང་ཚེ་ཡང་དང་སྦྱར།། ཞེས་དང་།

གཞན་ཡང་བསྐྱར་བའམ་བལྡབ་པའི་དོན། ཡང་ཡང་། སླར་ཡང་། དེ་ནས་ཡང་། ཡང་དང་ཡང་དུ་གསུང་བ་གང་། ཞེས་པ་རྣམས་ལའང་འཇུག་གོ།

ལྷག་བཅས།

ལྔ་བ་ལྷག་བཅས་ཀྱི་བསྒྲ་ནི།

ལ་དོན་སུ་ལ་ཨུ་ཕྱིས་ནས།།

དེ་ལ་གསུམ་པའི་དང་པོ་སྦྱར།།

དེ་ལ་ཨཱ་ལི་གསུམ་པ་སྦྱར།།

དེ་ནི་ལྷག་དང་བཅས་པའོ།།

ཞེས་པ་སྟེ། སྔར་བཤད་པ་ལ་དོན་གྱི་ནང་ཚན་སུ་ཞེས་པ། དེ་ལ་ཨུ་ཡིག་སྟེ་ཞབས་ཀྱུ་ཕྱིས་ནས་ས་ཞེས་གནས་པ་དེ་ལ། སྡེ་པ་གསུམ་པའི་དང་པོ་ཏ་ཡིག་སྦྱར་ཞིང་། དེ་ལ་སླར་ཡང་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས། སྟེ། ཞེས་གྲུབ་པ་དང་། གཞན་ཡང་འདིར་དངོས་སུ་མ་བསྟན་ཀྱང་། བརྗོད་བདེའི་དབང་གིས་ཏེ་དང་། འོག་ཏུ་འབྱུང་བའི་དེ་བཅས་བསྣན་པས་གསུམ་དུ་འགྱུར་ཏེ།

ཇི་སྐད་དུ།

ན་ར་ལ་ས་ད་དྲག་གི།

རྗེས་སུ་ཏེ་ཀྱང་ད་མཐར་དེ།།

ག་ང་བ་མ་འ་དང་ནི།།

མཐའ་རྟེན་མེད་མཐར་ས་སྟེ་དཔེ།།

དེའང་། ཕྱག་འཚལ་ཏེ་ལས་བྱ། དངོས་པོ་ནི་གསུམ་སྟེ། བེམ་ཤེས་ལྡན་མིན་འདུ་བྱེད་དོ། །ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། ལྟ་བུ་དེ་ནི་བསྟན་བྱའི་ཚིག་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱའོ། །སྨྲ་སྒོ་ལས། མཚམས་སྦྱོར་དང་། དམ་བཅའ་དང་། གཞན་འདྲེན་གསུམ་དང་། དེ་རེ་རེ་ལའང་ནང་གསེས་བཅས་བཤད་ཀྱང་དོན་དུ་ཚིག་ལྷག་མ་འདྲེན་པའི་དོན་ཡིན་པས་ལྷག་བཅས་ལས་མ་འདས་སོ། །

འབྱེད་སྡུད།

དྲུག་པ་འབྱེད་སྡུད་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ལ།།

དྲུག་པ་སྦྱར་བ་འབྱེད་སྡུད་ཡིན།།

ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ལ་དེ་ཉིད་ཀྱི་དྲུག་པ་མ་ཡིག་སྦྱར་བས། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ། རྣམས་དང་། ད་དྲག་མཐར་ཏམ་བཅས་བཅུ་གཅིག་པོ་དེ་རྣམས་ནི་ཆོས་ནི་གཉིས་ཏེ། འདུས་བྱས་སམ་འདུས་མ་བྱས་སོ། །ཕུང་པོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའོ། །ལྟ་བུ་ནི། གཞི་གཅིག་ལས་བྱེ་བྲག་གཉིས་སམ་མང་པོའི་ཚིག་དོན་སོ་སོར་འབྱེད་པ་དང་། འདུས་བྱས་སམ་འདུས་མ་བྱས་ནི་ཆོས་སོ། །གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་པོའོ། །ལྟ་བུ་ནི་ཚིག་དོན་གཉིས་སམ། མང་པོ་དངོས་པོ་གཅིག་ཏུ་སྡུད་པའི་སྒྲར་འགྱུར་རོ། །ཡང་རྟག་གམ་མི་རྟག་ལྟ་བུ་དྲི་བ་དང་ཐེ་ཚོམ་གྱི་དོན་ཅན་རྣམས་ཀྱང་རྟག་མི་རྟག་གི་ཁྱད་པར་འབྱེད་པའི་དོན་ཅན་ཡིན་པས་འབྱེད་པའི་སྒྲར་ངེས་སོ། །

འབྱུང་ཁུངས།

བདུན་པ་འབྱུང་ཁུངས་ལ། དངོས་དང་། བྱེ་བྲག་དགར་སྡུད་ལ་འཇུག་པའོ། །དང་པོ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ཡི།།

བཞི་པ་དགུ་པ་ལ་བཅུ་པ།།

སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ།།

སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ།།

ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེའི་བཞི་པ་ན་དང་། དགུ་པ་ལ་གཉིས་ལ་སོ་སོར་བཅུ་པ་ས་ཡིག་སྦྱར་བས། ནས། ལས། ཞེས་པ་ནི་ཆོས་གང་ལས་གང་ཞིག་འབྲལ་བའམ་བྱུང་བ་སྟོན་པ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ས་ཡིན་ནོ། །ཏེ་ཞེས་པ་ཚིག་ལྷག་པ་དགར་སྡུད་གཉིས་འདྲེན་པའི་དོན་ཏེ། འདི་དག་ཚིག་རང་དབང་ཅན་ཡིན་པས་རྗེས་འཇུག་ཐམས་ཅད་ལ་ཅི་རིགས་པར་སྦྱར་བར་བྱའོ། །འབྱུང་ཁུངས་ཀྱི་དོན་ལ། སངས་རྒྱས་ལས་ཆོས། ཆོས་ལས་འཕགས་པའི་ཚོགས། ཞེས་དང་། གསེར་ཁ་ནས་གསེར་འབྱུང་། རྒྱ་མཚོ་ལས་ནོར་བུ་འབྱུང་། མཁས་པ་ལས་རིག་པ་སོགས་དང་། ཡང་འབྱུང་ཁུངས་དངོས་མིན་ཀྱང་། གནས་སྐབས་ཀྱི་འབྱུང་ཁུངས་དང་འདྲ་བ། རྟ་ལས་ལྷུང་། སྐས་ལས་བབས། ལྟ་བུ་དང་། ཡང་། དུ་བ་ལས་མེར་ཤེས། ཆུ་སྐྱར་ལས་ཆུར་ཤེས་ལྟ་བུ་རྒྱུ་མཚན་ཅན་གྱི་འབྱུང་ཁུངས་རྣམས་སོ། །

གཉིས་པ་བྱེ་བྲག་དགར་སྡུད་ལ་འཇུག་པ་ནི།

དགར་དང་སྡུད་པའང་དེ་བཞིན་ཡིན།།

ཞེས་པ་སྟེ། ལས་ནས་གཉིས་འབྱུང་ཁུངས་ལ་འཇུག་པར་མ་ཟད། མིའམ་ཅི་ལས་དྲི་ཟ་ཐ་དད་དོ། །བྱ་བ་རྣམས་ལས་ལྷ་མཆོད་པ་ཉིད་ལེགས། ཡང་སོས་ལས་ཐིག་ནག་སྡུག་བསྔལ་ཆེ། ཁ་དོག་རྣམས་ཀྱི་ནང་ནས་དཀར་པོ་མཛེས། ལྟ་བུ་རྣམ་དབྱེ་སྦྱར་གཞི་དེ་ལས་རིགས་བྱ་བ་ཡོན་ཏན་གང་ཡང་རུང་བས་ལོགས་སུ་དགར་བ་དང་། དེ་ལས་ནས་ཀྱི་སྒྲ་གཅིག་པུ་ནི་འདོད་པ་ནས་སྲིད་རྩེའི་བར་དང་། དེང་ནས་ཇི་སྲིད་འཚོ་བའི་བར། སྦྱིན་པ་ནས་ཤེས་རབ་ཀྱི་བར་ལྟ་བུ་ཡུལ་དུས་དངོས་པོ་རྣམས་ཀྱི་མཚམས་འཛིན་ཅིང་སྡུད་པའི་དོན་ལའང་སྔར་བཤད་པའི་འབྱུང་ཁུངས་ཀྱི་ས་དེ་བཞིན་ཏུ་འཇུག་པ་ཡིན་ནོ། །འདི་གཉིས་ཀྱང་རྣམ་དབྱེ་ལྔ་པ་ལས་མ་འདས་ཏེ། དགར་བ་ནི་དགར་གཞི་ལས་དགར་བྱ་དེ་ལོགས་སུ་བྱེ་བ་ལྟར་སྣང་བ་དང་།

སྡུད་པ་ནི། ཐོག་མ་གང་ནས་བརྩམ་པ་དེ་ལས་བསྡུ་བྱའི་དངོས་པོ་རྣམས་བྱུང་བ་ལྟར་སྣང་བའི་ཕྱིར། གཞན་ཡང་ནས་ཀྱི་སྒྲ་ནི་ཕྱག་འཚལ་ནས་བཤད་ལྟ་བུ་ལྷག་བཅས་ལའང་འཇུག་པ་ཡིན་ནོ།།

བོད་སྒྲ།

བརྒྱད་པ་བོད་པའི་སྒྲ་ནི།

གང་མིང་བརྗོད་པའི་དང་པོ་རུ།།

ཀྱེ་སྦྱར་བ་ནི་བོད་པ་ཡིན།།

ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་སྟེ་ཐོག་མར་ཀྱེ་ཞེས་སྦྱར་བ་ནི། ཀྱེ་ལྷའི་ལྷ། ཀྱེ་བདེ་བར་གཤེགས་པ་ལྟ་བུ་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ཏེ། འདིར་མ་བསྟན་ཀྱང་ཀ་ཡེ་དང་ཀྭའི་སྒྲ་ཡང་བོད་ཚིག་ཡིན་མོད། འོན་ཀྱང་ཟུར་གྱིས་སྟོན་པ་དང་གླུ་ལེན་པ་དང་བསྐུལ་བ་སོགས་སྒེག་ཆོས་དང་དྲག་ཤུལ་གྱི་ལས་དང་འབྲེལ་པ་ལས་ཡུལ་ཁྱད་པར་ཅན་ལ་བརྗོད་པ་ནི་ཅུང་ཞིག་མི་མཛེས་པར་གསུངས་སོ།།

འཕྲད་རང་དབང་ཅན།

ནི་སྒྲ།

གཉིས་པ་རྗེས་འཇུག་ལ་མ་ལྟོས་པའི་འཕྲད་རང་དབང་ཅན་བཤད་པ་ལ་དྲུག་སྟེ། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཤད་པའོ། །དང་པོ་ནི།

གང་མིང་མཐའ་དང་མཐུན་པ་ཡི།།

བཞི་པ་ལ་ནི་ཨི་སྦྱར་བ།།

དགར་དང་བརྣན་པའི་ཚིག་ཏུ་འགྱུར།།

ཞེས་པ་སྟེ། གང་ཡང་རུང་བའི་མིང་མཐའ་དང་མཐུན་པར་སྦྱར་དུ་རུང་བའི་འཕྲད་རྗེས་འཇུག་བཞི་པ་ན་ཡིག་ལ་དབྱངས་ཨི་སྦྱར་བས་ནི་ཞེས་གྲུབ་པ་དེ་ནི།རིགས་བཞི་ལས། ཁྱད་པར་དུ་འཕགས་པ་ནི་རྒྱལ་རིགས་སོ། །ལྟ་བུ་དགར་གཞི་ལས་དམིགས་སུ་བཟུང་ནས་ཟུར་དུ་དགར་བའི་དོན་དང་། རྒྱལ་བའི་བསྟན་པ་ལ་ནི་ཞུགས། བཤེས་གཉེན་དམ་པས་ནི་རྗེས་སུ་བཟུང་། སྤང་རྟོགས་ཀྱི་ཡོན་ཏན་ནི་མཐར་སོན། ལྟ་བུ། ནན་ཏན་དུ་བསྣན་པའམ། ངེས་བཟུང་གི་ཚིག་ཏུ་འགྱུར་རོ།།

དང་སྒྲ།

གཉིས་པ་དང་སྒྲ་ནི།

མིང་གང་རུང་བའི་བར་མཚམས་སུ།།

གསུམ་པ་ལ་ནི་གཉིས་པ་སྦྱར།།

དེ་ནི་སྡུད་དང་འབྱེད་པ་དང་།།

རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།།

ཞེས་པ་སྟེ། མིང་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་ནི་གཉིས་པ་ང་ཡིག་སྦྱར་བས་དང་ཞེས་གྲུབ་པ་དེ་ནི། མིག་དང་།རྣ་བ་དང་། སྣ་དང་། ལྕེ་དང་ལུས་རྣམས་ནི་དབང་པོའོ། །ལྟ་བུ་ཚིག་སྔ་ཕྱི་དངོས་པོ་གཅིག་ཏུ་སྡུད་པ་དང་། དབང་པོ་རྣམས་ནི། མིག་དང་། རྣ་བ་དང་། སྣ་དང་།ལྕེ་དང་། ལུས་སོ། །ལྟ་བུ་ཚིག་གཉིས་སམ་མང་པོ་སོ་སོར་འབྱེད་པ་དང་། དུ་བ་མཐོང་བ་དང་མེར་ཤེས། སྨན་ཟོས་པ་དང་ནད་སོས་སོ། །ལྟ་བུ་རྒྱུ་མཚན་གྱི་དོན་དང་། ཉི་མ་ཕྱེད་པ་དང་དྲོ་དྲངས། ལྟ་བུ་དུས་བརྗོད་པའི་ཚེ་སྐབས་དང་། ལེགས་པར་སོམས་དང་། ཁ་ཏོན་གྱིས་དང་། ལྟ་བུ་གཞན་ལ་གདམས་པའམ་བསྐུལ་བའི་ངག་སྟེ། དོན་ལྔ་ལ་འཇུག་པའོ།།

དེ་སྒྲ།

གསུམ་པ་དེ་སྒྲ་ནི།

མིང་གང་གི་ནི་ཡ་མཐའ་རུ།།

གསུམ་པ་ལ་ནི་ཨེ་སྦྱར་བ།།

ཐ་སྙད་དབང་དུ་གསུམ་ཡིན་ཏེ།།

དངོས་པོའི་དབང་དུ་བཞི་རུ་འགྱུར།།

དུས་ཀྱི་དབང་དུ་གཉིས་ཡིན་ནོ།།

ཞེས་པ་སྟེ། མིང་གང་ཡང་རུང་བའི་ཡ་མཐའ་སྟེ་ཐོག་མར་རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་སྦྱར་བས། དེ་ཞེས་གྲུབ་པ་དེ་ནི་དབྱེ་ཚུལ་གསུམ་དུ་འགྱུར་ཏེ། དབྱེ་ཚུལ་དང་པོ་ཐ་སྙན་ཙམ་གྱི་དབང་དུ་བྱས་ན། རྣམ་གྲངས་གཞན་སྦྱོར་དང་། ལྷག་བཅས་དང་། དུས་གསུམ་ལས་འདས་པ་ལ་འཇུག་སྟེ། དེ་བཞིན་གཤེགས་པ། ཀ་བ་དེ། ལྟ་བུ་དེ་སྒྲ་དེའི་ཤུལ་དུ་ཚིག་ཟིན་ལ་དངོས་སུ་གསལ་མི་གསལ་ཅི་ལྟར་ཡང་གང་ལ་དཔེར་བྱའི་ཡུལ་དེ་དང་དངོས་པོ་ཀ་བ་ལྟ་བུ་རྣམ་གྲངས་གཞན་ཞིག་ལ་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ལྷ་མཆོད་དེ་ལས་བྱ། ལྟ་བུ་རང་ཉིད་ཀྱི་ཤུལ་དུ་དོན་གཞན་མི་མཚོན་ཀྱང་བརྗོད་བྱ་ལྷག་མ་འདྲེན་པས་ལྷག་བཅས་ཀྱི་སྒྲ་དང་། མ་འོངས་པའི་སངས་རྒྱས་དྲུག་པ་སེང་གེའི་སྒྲ་དེ་ནི་བདག་ཅག་རྣམས་ཀྱི་འདྲེན་པའོ། །ལྟ་བུ་བརྗོད་བྱའི་དོན་སྤྱི་ལ་མ་དཔྱད་པར། བརྫོད་པ་དེ་ནི་ཐད་ཀར་བརྟག་པའི་དུས་ཙམ་གྱི་དབང་དུ་བྱས་ན་དུས་འདས་པ་ལ་འཇུག་པ་དང་གསུམ་ཡིན་ཏེ། ཐ་སྙན་ཀྱིས་དབྱེ་ཚུལ་འདིས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ།།

དབྱེ་ཚུལ་གཉིས་པ་དངོས་པོ་གཙོ་ཆེའི་དབང་དུ་བྱས་ན། དེ་ག་རང་ཡིན། དེ་དེ་བཞིན་ནོ། །ལྟ་བུ་བདེན་པའི་དངོས་པོ་དང་། ཁྱོད་ཀྱི་དེ་ལེགས་པར་གྲུབ་བམ། དེ་མ་སྟོན་ཅིག་ལྟ་བུ་དངོས་སུ་མི་བརྗོད་པ་གསང་བའི་དངོས་པོ་དང་། བདག་གི་བླ་མ་དེ། ཁོ་བོའི་ནོར་དེ། ལྟ་བུ་བདག་གི་བའི་དངོས་པོ་དང་། ཁྱོད་ཀྱི་དེ། ཀ་བ་དེ། ལྟ་བུ་ཕ་རོལ་བོའི་དངོས་པོ་སྟེ་བཞི་རུ་འགྱུར་བ་ཡིན་ཏེ། སྐབས་འདིར་དངོས་པོའི་དོན་སྤྱིའི་སྒོ་ནས་ཕྱེས་པས་དུས་གསུམ་ཀ་ལ་འཇུག་སྟེ། འདས་པ་ལ་སྔོན་གྱི་དུས་དེ་ན། ད་ལྟ་བ་ལ་རྡོ་བ་དེ་ཁྱོད་ཀྱིས་འདེགས་ནུས་སམ། མ་འོངས་པ་ན་འཚངས་རྒྱ་བར་འགྱུར་བ་དེ། ཞེས་པ་ལྟ་བུའི་ཚིག་གྲོགས་ལས་ཤེས་པར་བྱའོ། །དབྱེ་ཚུལ་འདིས་ལྷག་བཅས་ལས་གཞན་པའི་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་པའོ། །

དབྱེ་ཚུལ་གསུམ་པ་དུས་ཁོ་ནའི་དབང་དུ་བྱས་ན། ན་ནིང་གི་ལོ་དེ་ལ། སྔོན་སངས་རྒྱས་བཞུགས་པ་དེའི་ཚེ། ལྟ་བུ་འདས་པ་དང་། སང་ཉི་མ་ཤར་བའི་དུས་དེ། ལྟ་བུ་མ་འོངས་པ་གཉིས་ལ་འཇུག་པ་ཡིན། དབྱེ་ཚུལ་འདིས་དུས་ཁོ་ན་བརྗོད་པ་དང་འབྲེལ་བའི་དེ་སྒྲ་ཙམ་ལ་ཁྱབ་པའོ། །འདི་དག་གི་སྐབས་སུ་རང་གིས་རང་ལ་དེ་ཞེས་པ་དང་། དུས་ཁོ་ན་ལ་ལྟོས་ནས་ད་ལྟའི་དུས་ལ་མི་འཇུག་སྟེ། སྨྲ་སྒོ་ལམ།།

བདག་ཉིད་ད་ལྟ་ཉིད་ལ་སྤང་།།

དངོས་པོའི་དུས་ནི་མི་འདོར་ཏེ།།

ཀུན་ལ་རབ་ཏུ་སྦྱར་བར་བྱ།།ཞེས་པ་འབྱུང་བའི་ཕྱིར།།

གང་སྒྲ།

བཞི་པ་གང་སྒྲ་ནི།།

གང་མིང་བརྗོད་པའི་དང་པོ་རུ།།

དང་པོ་ལ་ནི་གཉིས་པ་སྦྱར།།

སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།།

ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོར་རྗེས་འཇུག་དང་པོ་ག་ལ། གཉིས་པ་ང་སྦྱར་བས་གང་ཞེས་གྲུབ་པ་དེ་ནི། གང་ཞིག །གང་དག །ལྟ་བུ་དོན་གྱི་བྱེ་བྲག་དམིགས་སུ་མ་འཛིན་པར་སྤྱི་ལ་ཁྱབ་པའི་སྒྲ་ཉིད་དུ་འགྱུར་བ་དང་། འདིའི་གཏན་ཚིག་གང་། ཁྱེད་ཀྱི་ལྷ་གང་ཡིན་ལྟ་བུ་སྤྱི་སྒྲ་འདྲི་བའི་དོན་དུ་སྦྱར་བ་སོགས་སྐབས་ཐོབ་ཀྱི་སྒོ་ནས་ཤེས་པར་བྱ་ཞིང་། འདིར་མིང་གི་དང་པོར་གསུངས་པ་ནི་གཙོ་ཆེ་བའི་དབང་དུའོ། །ཅི་དང་ཇི་དང་སུའི་སྒྲ་རྣམས་དང་ཡང་འཇུག་པ་ཕལ་ཆེར་མཐུན་ཏེ། རྣམ་པ་ཐམས་ཅད་ནས་ནི་མ་ཡིན་ནོ། །སུའི་སྒྲ་གང་ཟག་ལས་བམ་དངོས་སོགས་གཞན་ལ་མི་འཇུག་པ་དང་། ཇི་སྙེད་དང་། ཇི་སྲིད་ལ་གང་གི་སྒྲ་མི་འཇུག་པ་བཅས་སྐབས་བྱེད་པར་བྱའོ།།

བདག་སྒྲ།

ལྔ་པ་བདག་སྒྲ་ནི།

གང་མིང་གི་ནི་མ་མཐའ་ན།།

པུ་ལིངྒ་ཡི་སྒྲ་མེད་པ།།

དེ་ལ་པུ་ལིདྒ་སྦྱར་ན།།

བདག་པོའི་སར་ནི་ཤེས་པར་བྱ།།

ཞེས་པ་སྟེ། གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་པུ་ལིངྒ་སྟེ་སྐྱེས་བུའི་རྟགས་མཚོན་པའི་སྒྲ་སྔར་མེད་པ་དེ་ལ་གསར་དུ་པུ་ལིངྒའི་སྒྲ་དང་པོའི་ཚིག་སྦྱར་ནས། རྟ་པ། གསེར་པ། ཕྲིན་ལས་པ། སེར་ལ། ལྷ་ས་པ། གཏོར་བ་པོ་ལྟ་བུ་བདག་པོའི་དོན་གསལ་བར་བྱེད་པས་བདག་པོའི་སར་ཤེས་པར་བྱའོ། །དེ་བཞིན་དུ། ཡོད་པ་པོ། མེད་པ་པོ། བྱེད་པ་པོ། ཤེས་པ་པོ་རྣམས་ཀྱང་སྔར་ཡོད་ཀྱི་པ་སྒྲ་རྣམས་ཀྱིས་བདག་པོའི་དོན་མི་སྟོན་པས། སླར་སྐྱེས་བུ་རྟགས་སྦྱར་ཏེ་བདག་པོ་སྟོན་བྱེད་དུ་སོང་བ་ཡིན་ནོ། །ཡང་དེ་ལས་ལྡོག་སྟེ། ཆང་ཚོང་མ། བྱེད་པ་མོ་ལྟ་བུ་ཡང་བུད་མེད་ཀྱི་རྟགས་མཚོན་བྱེད་ཀྱི་བདག་སྒྲ་ཡིན་ཅིང་། ནོར་ཅན་དང་། ནོར་ལྡན་ལྟ་བུ་ནི་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲ་དང་འདྲ་རུང་ཙམ་སྣང་ཡང་། སྒྲ་དེ་གཉིས་བེམ་པོ་ལའང་འཇུག་པས་བདག་སྒྲ་དངོས་ནི་མ་ཡིན་ནོ།།

དགག་སྒྲ།

དྲུག་པ་དགག་སྒྲ་བཤད་པ་ནི།

གང་མིང་བརྗོད་པའི་ཡ་མཐའ་ན།།

སྟྲཱི་ལིངྒ་ཡི་སྒྲ་མེད་པ།།

དེ་ལ་སྟྲཱི་ལིངྒ་སྦྱར་ན།།

དགག་པའི་གནས་སུ་ཤེས་པར་བྱ།།

ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ། ཐོག་མར་སྟྲཱི་ལིངྒ་སྟེ། མོ་རྟགས་ཀྱི་སྒྲ་སྔར་བཤད་པའི་མ་དང་ཤུགས་ཀྱིས་ཐོབ་པའི་མི་ཡིག་གཉིས་སྔར་མེད་པ་དེ་ལ་སྟྲཱི་ལིངྒའི་སྒྲ་གསར་དུ་སྦྱར་ན། མ་ཡིན། མ་མཐོང་། མི་འགྲོ། མི་འོས། ལྟ་བུ་སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ། མེད་པར་སྟོན་པས་དགག་པའི་གནས་སུ་ཤེས་པར་བྱའོ། །

གདམས་ངག་བརྗོད་པས་མཇུག་བསྡུ་བ།

ཚིགས་བཅད་འགྲོལ་ཚུལ་གདམས་པ།

གཉིས་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ་ལ་བཞི་སྟེ། ཚིགས་བཅད་འགྲོལ་ཚུལ་ལ་དང་། ཉན་པ་པོ་སྤྲོ་བ་བསྲིང་བའི་སྒོ་ནས་དང་། བསླབ་ཚུལ་གྱི་གོ་རིམ་ལ་དང་། གདམས་ངག་བསྟན་པའི་སྣོད་དང་སྣོད་མ་ཡིན་པར་ཤེས་དགོས་པར་འདོམས་པའོ། །དང་པོ་ནི།

ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།།

ཅུང་ཟད་བསྡུས་པར་ཡོད་ན་ཡང་།།

དེ་ནི་དེ་བཞིན་སྦྱར་བར་བྱ།།

ཞེས་པ་སྟེ། དེའང་ཚིགས་སུ་བཅད་པས་སྦྱར་བའི་བདེ་བར་གཤེགས་པའི་བཀའ་དང་། དེའི་དགོངས་འགྲེལ་ཡན་ལག་དང་བཅས་པའི་བསྟན་བཅོས་རྣམས་ལ། རྣམ་དབྱེ་དང་ཚིག་ཕྲད་ལ་སོགས་པའི་མཚམས་སྦྱོར་མང་དུ་བསྡུས་པ་རྣམས་ལྟ་ཅི་སྨྲོས། ཅུང་ཟད་ཙམ་བསྡུས་པར་གྱུར་པ་ཡོད་ནའང་། དེ་ནི་འདིར་སྔོན་དུ་བསྟན་པའི་སླར་བསྡུ་ལ་སོགས་པའི་འཕྲད་དང་རྣམ་དབྱེ་ཇི་སྐད་བཤད་པ་རྣམས་དེ་བཞིན་དུ་བསྣན་ཅིང་སྦྱར་ཏེ་བཤད་པའི་དོན་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན།

ཟག་བཅས་ཟག་པ་མེད་ཆོས་རྣམས།།

ཞེས་པ་ལྟ་བུར་ཟག་པ་དང་བཅས་པའི་ཆོས་རྣམས་དང་ཟག་པ་མེད་པའི་ཆོས་རྣམས་དང་ཞེས་སྡུད་པའི་སྒྲ་དང་། འབྲེལ་སྒྲ་སོགས་བསྣན་ནས་དོན་རང་གིས་བསམ་པ་དང་། གཞན་ལ་འཆད་དགོས་པ་བཞིན་ནོ་།།

ཉན་པ་པོ་སྤྲོ་བ་བསྲིང་བའི་སྒོ་ནས་གདམས།

གཉིས་པ་ཉན་པ་པོ་སྤྲོ་བ་བསྲིང་བའི་སྒོ་ནས་ལ་གསུམ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་ཕན་ཡོན་བསྟན་པ། རྗེས་འཇུག་གི་དོན་ཤེས་ནས་ཇི་ལྟར་བྱ་བའི་ཚུལ་བསྟན་པའོ། །དང་པོ་ནི།

སྔོན་འཇུག་ཡོད་དམ་མེད་ཀྱང་རུང་།།

མིང་གཞིའི་ཡི་གེ་གང་ཡིན་ལ།།

གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད།།

ཨཱ་ལི་བཞི་ལས་གང་ལྡན་ཡང་།།

རྗེས་འཇུག་བཅུ་པོ་མ་ཞུགས་ན།།

མིང་གཞན་སྦྱོར་བ་ཡོད་མི་སྲིད།།

ཅེས་པ་སྟེ། མིང་ཚིག་གི་སྦྱོར་བ་རྣམས་ལ་སྔོན་འཇུག་ལྔའི་ཡི་གེ་རྣམས་སྔོན་དུ་ཞུགས་ཡོད་དམ། མེད་ཀྱང་རུང་སྟེ་ལྟ། བལྟ། ལྟ་བུ་དང་། འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་ཡིན་པ་རྣམས་ལ། ལྟ་ལྟ་བུ་གཉིས་འབྲེལ་ཡོད་དམ། སྒྲ་ལྟ་བུ་གསུམ་འབྲེལ་ཡོད་དམ། དེ་ལ་ལྷུ་སྒྲོ་ལྟ་བུ་ཨཱ་ལི་བཞི་ལས་གང་རུང་དང་ལྡན་ཡང་། ལྟའ། བལྟའ། ལྷུན་སྒྲོལ། ལྟ་བུ་རྗེས་འཇུག་བཅུ་པོ་གང་ཡང་རུང་བ་ཞིག་མ་ཞུགས་ན། ཡི་གེའི་གཟུགས་དེ་ཉིད་ལས་མིང་དོན་གཞན་ལ་སྦྱོར་བ་ནི། ཚུལ་འདི་ལ་ནམ་ཡང་ཡོད་པ་མི་སྲིད་དོ། །སྐད་གསར་བཅད་ཀྱི་ཚེ་ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པས། ལྷ་ལྟ་བུ་ལ་ད་ལྟ་འ་མཐའ་མི་གསལ་ཡང་དོན་ལ་ཐོབ་ཐང་མེད་པ་ནི་མ་ཡིན་ནོ།།

གཉིས་པ་རྗེས་འཇུག་ཤེས་པའི་ཕན་ཡོན་བསྟན་པ་ནི།

རྗེས་འཇུག་བཅུ་ཡི་དོན་ཤེས་ན།།

འབྲི་དང་ཀློག་དང་བཤད་རྣམས་ཀྱི།།

མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང།།

འབྲེལ་པ་སྨྲ་བའི་མཆོག་ཏུ་འགྱུར།།

གཞན་ཡང་རྗེས་འཇུག་ཤེས་པ་ཡིས།།

དོན་གྱི་སྦྱོར་བ་མ་མཐོང་ཡང་།།

དོན་དང་མཐུན་པའི་སྦྱོར་བ་ཤེས།།

ཞེས་པ་སྟེ། དེ་ལྟར་རྗེས་འཇུག་ཡི་གེ་བཅུ་པོའི་བྱ་བ་དང་། གཙོ་བོར་འབྲེལ་པའི་ཕྲད་དང་རྣམ་དབྱེ་སོགས་ཀྱི་འཇུག་ཚུལ་གྱི་དོན་ལེགས་པར་ཤེས་ན་བཀའ་དང་བསྟན་བཅོས་རྣམས་རང་ཉིད་ཀྱི་ཡི་གེར་འབྲི་བ་དང་། བྲིས་ཟིན་པ་རྣམས་བརྗོད་པ་དག་པར་ཀློག་པ་དང་། ཚིག་དོན་རྒྱ་ཆེར་བཀྲོལ་ནས་གཞན་ལ་བཤད་པར་བྱེད་པ་དང་། རྒོལ་བ་ཚར་གཅོད་པའི་རྩོད་པ་དང་། བསྟན་བཅོས་རྩོམ་པ་ལ་སོགས་པ་རྣམས་ཀྱི་ཚེ། ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་བློ་གྲོས་ཀྱི་སྣང་བ་ཐོགས་པ་མེད་པར་འཇུག་ཅིང་། དེའང་ཚིག་དོན་རྣམས་རིམ་པས་སྔ་ཕྱི་མི་འགལ་བར་འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར་བ་དང་། གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་ཏུ་ཤེས་པ་དེས་བཀའ་དང་བསྟན་བཅོས་སོགས་རྣམ་པར་འབྱེད་པའི་དོན་གྱི་སྦྱོར་སྟེ་དེའི་འབྲེལ་པ་སོགས་སྔོན་ཆད་མཐོང་ན་མང་། ཕྲད་སོགས་ཀྱི་ནུས་པས་རྗེས་སུ་དཔག་སྟེ་དེའི་དོན་དང་མཐུན་པའི་ཚིག་གི་སྦྱོར་བ་ཤེས་པར་འགྱུར་རོ།།

གསུམ་པ་རྗེས་འཇུག་གི་དོན་ཤེས་ནས་ཇི་ལྟར་བྱ་བའི་ཚུལ་བསྟན་པ་ནི།

རྗེས་འཇུག་སྦྱོར་བ་མཁས་པ་ན།།

ལུང་གི་དོན་དང་སྦྱོར་བ་དང་།།

བླ་མའི་མན་ངག་གསུམ་སྦྱར་ནས།།

དོན་གྱི་ཐོག་ཏུ་དབབ་པར་བྱ།།

ཞེས་པ་སྟེ། རྗེས་འཇུག་གི་སྦྱོར་བ་རྣམས་ལ་རང་ཉིད་མཁས་པར་གྱུར་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ཆེན་པོ་དག་ལ་འཇུག་པར་འདོད་པ་དེའི་ཚེ་ན། མདོ་རྒྱུད་བསྟན་བཅོས་ཀྱི་ལུང་གི་དོན་དང་། རྗེས་འཇུག་གི་སྦྱོར་བ་ལ་མཁས་པའི་རིགས་པ་དང་། བསླབ་བྱའི་དོན་རྣམས་ལེགས་པར་ཐུགས་སུ་ཆུད་པའི་བླ་མའི་མན་ངག་དང་གསུམ་ཕྱོགས་གཅིག་ཏུ་སྦྱར་ཏེ་ཤེས་པར་འདོད་པའི་དོན་དེའི་སྟེང་དུ་དབབ་པས་བདེ་བླག་ཏུ་རྟོག་པར་འགྱུར་བས་དེ་ལྟར་བྱའོ།།

བསླབ་ཚུལ་གྱི་གོ་རིམ་ལ་གདམས་པ།

གསུམ་པ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ་ནི།

བསླབ་ལ་བརྩོན་པའི་གང་ཟག་གིས།།

དང་པོ་ང་རོ་རྣམས་ལ་སྦྱང་།།

སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།།

ཀློག་གི་ཆེད་དུ་བསླབ་པ་ཡིན།།

རྗེས་འཇུག་བཞི་ཡི་སྦྱོར་བ་ནི།།

མཉན་བསམ་བསྟན་པའི་དོན་དུ་སྦྱར།།

ཡན་ལག་དེ་དག་མཐུ་ཡིས་ནི།།

འབྲས་བུའི་ཆེད་དུ་དོན་ལ་དབབ།།

བསླབ་པའི་རིམ་པ་འདི་ཡིས་ནི།།

གང་ཞིག་འབད་པ་ཆུང་ངུས་ཀྱང་།།

ཤེས་རབ་མྱུར་དུ་གྲོལ་བར་འགྱུར།།

དེ་ཕྱེར་དང་པོར་འདི་ཉིད་བསླབ།།

དེ་ནས་རྒྱས་པའང་མཉན་བྱས་ཏེ།།

བསླབ་པ་གང་ལ་དད་པ་ཡི།།

གཞུང་ཉིད་བླ་མ་དག་ལས་མཉན།།

ཞེས་པ་སྟེ། རིག་པའི་གཞུང་གང་དག་ལ་བསླབ་པར་བྱ་བ་ལ་བརྩོན་པས་འཇུག་པར་བྱེད་པའི་གང་ཟག་ལས་དང་པོ་པ་དེས་ནི་དང་པོར་ཡི་གེ་རྣམས་ཀྱི་སྐྱེ་གནས་དང་མཐུན་པར་དབྱངས་ལྡན་རྣམས་ཀྱི་སོ་སོའི་ང་རོ་དབྱུང་ཚུལ་བཅས་ཡིག་འབྲུ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང་། དེ་ནས་སྔོན་འཇུག་ལྔ་དང་། འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞི་སུམ་ཅུ་དང་། རྗེས་འཇུག་བཅུ་སྟེ། དེ་གསུམ་ཅི་རིགས་པར་ཚེག་བར་གཅིག་ཏུ་སྦྱོར་བའི་ཚུལ་ཡང་བྱིས་པ་བདེ་འཇུག་ནས་བཤད་པ་ལྟར་ཀློག་ལེགས་པར་ཤེས་པའི་ཆེད་དུ་བསླབ་པར་བྱ་བ་ཡིན། ཀློག་བྱང་ནས་རྗེས་འཇུག་སྟེ། དེར་སྔོན་འཇུག་ཀྱང་འདུ་བས་དེ་དག་རྟགས་འཇུག་ནས་བཤད་པ་ལྟར། སྒྲ་དོན་གང་ལ་འཇུག་པ། ཡི་གེ་གང་གིས་འཇུག་པ། ཚུལ་ཇི་ལྟར་འཇུག་པ། དགོས་པས་ཅིའི་ཕྱིར་འཇུག་པ་སྟེ་རྣམ་པ་བཞིའི་སྦྱོར་བ་རྣམས་ནི། སློབ་དཔོན་མཁས་པའི་ཞལ་ལས་ལེགས་པར་མཉན་པ་དང་། དེའི་དོན་ཚུལ་བཞིན་དུ་བསམ་པ་དང་། རང་གིས་ཁོང་དུ་ཆུད་ནས་གཞན་ལ་བསྟན་པ་རྣམས་ཀྱི་དོན་དུ་སྦྱར་ཏེ་དཔྱིས་ཕྱིན་པར་བསླབ་པར་བྱ་འོ། །ཀློག་པ་དང་བརྡ་དག་གི་ཡན་ལག་དེ་དག་ཤེས་པའི་མཐུ་ཡིས་ནི། གང་བསླབ་པར་བྱ་བའི་དོན་དེ་ཤེས་པའི་འབྲས་བུ་ཐོབ་པའི་ཆེད་དུ་དོན་ལ་དབབ་ནས་ཉམས་སུ་བསྟར་བར་བྱའོ།།

དེ་ལྟར་བསླབ་པའི་རིམ་པ་འདི་ཡིས་ནི། ཐོས་བསམ་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་སྨོས་ཅི་དགོས། སྐྱེས་བུ་གང་ཞིག་འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་གྲོལ་བར་འགྱུར་རོ། །རྒྱུ་མཚན་དེ་ཡི་ཕྱིར་མཁས་པར་འདོད་པ་དག་གིས་དང་པོར་སུམ་ཅུ་པའི་གཞུང་འདི་ཉིད་ལ་བསླབ་པར་བྱ་ཞིང་། འདི་ཤེས་ནས་རྟགས་འཇུག་སོགས་སྐབས་ཕྱི་མ་རྣམས་དང་། །དེ་ནས་བརྡ་སྤྲོད་པའི་གཞུང་རྒྱས་པ་གཞན་དང་གཞན་རྣམས་ཀྱང་མཉན་པར་བྱས་ཏེ་ཁོང་དུ་ཆུད་པ་ན་། ཐེག་པ་གསུམ་གྱི་བསླབ་པ་གང་ལ་དད་ཅིང་སློབ་པར་འདོད་པ་དེའི་གཞུང་ཡན་ལག་དང་བཅས་པ་ཉིད་བླ་མ་དག་ལས་མཉན་པར་བྱའོ།།

གདམས་ངག་བསྟན་པའི་སྣོད་དང་སྣོད་མ་ཡིན་པར་ཤེས་དགོས་པར་འདོམས་པ།

བཞི་པ་གདམས་ངག་བསྟན་པའི་སྣོད་དང་། སྣོད་མ་ཡིན་པ་ཤེས་དགོས་པར་གདམས་པ་ནི།

སློབ་དཔོན་དེ་ཉིད་དུ་འཛིན་ཅིང་།།

ལེ་ལོ་གཡེང་བ་རྣམ་པར་སྤངས།།

ཟོ་བཟང་དད་པ་ལ་བརྟེན་པ།།

སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ།།

དེ་ལ་དུས་སུ་འདོམས་པར་བྱ།།

གཅིག་ཤོས་དེ་ལས་ལྡོག་པའོ།།

ཞེས་པ་སྟེ། བསྟན་བཅོས་འདི་ཉིད་ཀྱི་གདམས་ངག་བསྟན་དུ་རུང་བའི་སྣོད་ནི་སློབ་དཔོན་དེ་ཉིད་ལ་སློབ་དཔོན་དུ་འཛིན་ཅིང་། གུས་པ་དང་བཅས་པས་དྲིན་དུ་གཟོ་བ་དང་། འགལ་རྐྱེན་བསླབ་བྱའི་གནས་ལ་སྤྲོ་བ་ཞན་པའི་ལེ་ལོ་དང་། འདུ་འཛིའི་གཡེང་བ་གཉིས་རྣམ་པར་སྤངས་པའི་རྟག་སྦྱོར་གྱི་བརྩོན་འགྲུས་དང་། མཐུན་རྐྱེན་ཟོ་སྟེ་རང་བཞིན་བཟང་བ་དང་བསླབ་བྱའི་གནས་ལ་མཆོག་ཏུ་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་སྟེ། མཚན་ཉིད་གསུམ་དང་ལྡན་པའི་སྐྱེས་བུ་དེས་ནི་མྱུར་དུ་རྟོགས་པར་འགྱུར་ཏེ། དེ་ལ་དུས་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱ་ཞིང་། སྣོད་ལྡན་གྱི་གཅིག་ཤོས་སློབ་དཔོན་ལ་མི་གུས་པ་དང་། ལེ་ལོ་དང་གཡེང་བ་ཅན་དང་། རང་བཞིན་ངན་ཞིང་དད་པ་མེད་པ་རྣམས་ནི་སྣོད་དང་མི་ལྡན་པས། དེ་ལ་དུས་སུ་འདོམས་པ་དེ་ལས་ལྡོག་སྟེ་རེ་ཞིག་འདོམས་པར་བྱ་བ་མ་ཡིན་མོད། འོན་ཀྱང་ཕྱི་ནས་དོན་དུ་གཉེར་ཞིང་འདུན་པར་གྱུར་ན་ལེགས་པར་རྗེས་སུ་བསྟན་པར་ཡང་བྱའོ།།

གཞུང་འདི་ལྟར་ན་ཤོ་ལོ་ཀ་སུམ་ཅུ་ལ་རྐང་པ་གཅིག་མ་ཚང་ཞིང་། ཡང་། དཔེ་ལ་ལར་དེ་ལྟར་བཤད་དེ་དེང་ནས་འདིར། ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག །ཅེས་འབྱུང་བ་ལྟར་ན་ཤོ་ལོ་ཀ་སུམ་ཅུ་དང་། རྐང་པ་གཅིག་འདུག་པས་ད་དུང་དཔེ་དག་པ་དང་གཏུགས་པ་གལ་ཆེའོ། །དེ་ལྟར་སུམ་ཅུ་པའི་གཞུང་གི་ཚིག་དོན་གྱི་ཆ་རྣམས་མདོར་བསྡུས་པའི་ཚུལ་གྱིས་ལེགས་པར་བཤད་ཟིན་ཏོ།།


no previousསུམ་ཅུ་པ།next