Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
མ་མགོན་སྒབ་འདྲེ་མནན་ཐབས་རྡོ་རྗེའི་གོ་མཚོན་གྱི་གེགས་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མགོན་སྒབ་འདྲེ་མནན་ཐབས་རྡོ་རྗེའི་གོ་མཚོན་གྱི་གེགས་སེལ།next

མ་མགོན་སྒབ་འདྲེ་མནན་ཐབས་རྡོ་རྗེའི་གོ་མཚོན་གྱི་གེགས་སེལ།


CMR029_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་སྒབ་འདྲེ་མནན་ཐབས་རྡོ་རྗེའི་གོ་མཚོན་གྱི་གེགས་སེལ་བཞུགས་སོ།།


CMR029_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ནཱ་ཐ་མ་ཧཱ་བ་ལ་ཡེ། སྟོབས་བཅུའི་མངའ་བདག་གྲུབ་ཆེན་ཀརྨ་པ། །སྣང་སྲིད་ཟིལ་གྱིས་གནོན་ལ་ཕྱག་འཚལ་ནས། །མ་མགོན་འཁོར་ལྔ་འདོན་མཁན་ཐམས་ཅད་ལ། །ཕན་པའི་སྒབ་འདྲེ་མནན་ཐབས་མདོར་བསྡུས་བྲི། །དཔེར་ན་ཐུབ་པ་ལ་ཡང་ལྷ་སྦྱིན་ལྟར། །ལྷ་རྣམས་ཕལ་ཆེར་ལ་ནི་སྒབ་འདྲེ་ཡོད། །སྒབ་འདྲེ་ཕལ་ཆེར་ངན་པ་ཡིན་ངེས་མེད། །སྒབ་འདྲེ་དེ་ཡང་ལྷ་རེ་ཡིན་པ་སྟེ། །སྔོན་གྱི་སྨོན་ལམ་སྟོབས་ཀྱིས་གནོད་པ་ཡོད། །དཔེར་ན་ནོར་རྒྱུན་མ་དང་དབྱངས་ཅན་མ། །གཅིག་བསྒྲུབས་པ་ལ་གཅིག་གིས་གནོད་པ་ལྟར། །དེ་འདྲའི་མིང་ལ་ལྷ་རུ་


CMR029_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སུ་གྲགས། །།ཕྱག་རྡོར་སྒྲུབ་དུས་ཕྱག་རྡོར་ཉིད་ཀྱི་སྲས། །ཨཱརྱ་མུ་ད་ཀ་ཡིས་གནོད་པར་བཤད། །སངས་རྒྱས་རེ་ལ་སྒབ་འདྲེ་རེ་ཡོད་དེ། །འབྲལ་མེད་བཟོད་པ་བསྒོམ་རྟེན་སེམས་པར་གསུངས། །སྔོན་གྱི་བུ་མོ་སྤུན་གསུམ་སྨོན་ལམ་གྱིས། །དམ་སྲི་ལྕགས་ཕག་ནག་པོ་ཞེས་བྱ་བ། །རྒྱལ་བའི་དབང་པོ་ན་རིམ་ཀུན་ལ་གནོད། །དེ་འདྲའི་ངན་པའི་རིགས་ཀྱི་དམ་སྲི་ཡང་། །དམྱལ་བར་སྐྱེས་རྗེས་ཉིད་ཀྱི་འདྲེན་དགོས་སྐད། །དེ་བཞིན་ལྷ་རྣམས་ཀུན་གྱི་སྒབ་འདྲེ་ཡང་། །སྲས་དང་སྲས་མོ་མཆེད་དང་འཁོར་གཡོག་ཡིན། །དེ་དག་མེད་པར་བྱ་རྒྱུ་མ་མཆིས་ཀྱང་།


CMR029_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མནན་དང་བསྲེགས་པ་ལ་སོགས་རྟེན་འབྲེལ་གྱིས། །དེ་ཕྱིར་སྒྲུབ་པ་པོ་ལ་མི་གནོད་གསུངས། །སློབ་དཔོན་ནུས་པ་ཆེན་པོས་མནན་ན་ནི། །མི་བརྒྱུད་སློབ་བརྒྱུད་རབ་ལ་བཅུ་གསུམ་ཙམ་། །འབྲིང་ལ་བདུན་དང་ཐ་མ་གསུམ་རེ་བརྟེན། །ཁོ་བོས་རྒྱས་པར་སོ་སོར་རྟགས་ཐོན་དང་། །བསྡུས་པ་ལན་གཉིས་དང་ནི་གསུམ་མནན་པས། །སློབ་བརྒྱུད་གསུམ་ཚུན་ཕན་ཐོགས་ཨེ་མ་ཧོ། །ལེགས་ལྡན་དང་ནི་སྲས་མཆོག་ནག་པོ་ལ། །སྒབ་འདྲེ་ཡོད་པའི་ལོ་རྒྱུས་མ་མཆིས་ཀྱང་། །འཇིག་རྟེན་མགོན་པོ་དྲེགས་བྱེད་བེར་ནག་ཅན། །བདུད་ཀྱི་མགོན་པོ་ཏྲཀཱད་ཡིན་གསུངས་པས། །དེ་ཡི་འཁོར་ལ་དམ་སྲི་བསེ་རིག་ཡོད། །རང་དང་འཁོར་ལ་གནོད་ཅིང་བརླག་པ་དང་། །སྲིད་སྒབ་མི་འཕེལ་འཕྲལ་ཕུག་བཀྲ་མི་ཤིས། །དཔལ་ལྡན་ལྷ་མོ་རི་རབ་ཁར་བྱོན་དུས། །སྲིན་པོ་དྷ་ཤ་དྷེ་བས་ཆགས་པ་སྤྱད། །ལྷ་མོའི་ལྟོ་བར་མི་བཟོད་གཟེར་ཅིག་བྱུང་། །བུ་མོ་ནག་མོ་ཁོག་སྨད་ཕུར་པ་ཅན། །ཕུར་པ་ལྷ་མོའི་ལྟེ་བར་ཟུག་པ་སྐྱེས། །དེ་ནི་དམ་སྲི་ལྟེ་ཕུར་ནག་མོ་སྟེ། །གཞན་ཡང་བྱ་མཆུ་མ་དང་ཕག་སྣ་མ། །འབྲོག་སྲིན་མགོ་དགུ་དང་ནི་དམ་སྲི་བཞིས། །ལྷ་མོ་སྒྲུབ་ལ་བར་ཆད་སྣ་ཚོགས་བྱེད། །


CMR029_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཚེ་འཁོར་ལོ་སྒྱུར་བའི་རྒྱལ་པོའི་སྲས། །བསྐལ་མང་ཚོགས་བསགས་ནོར་བུ་སྦྱིན་པ་བཏང་། །ཤཱཀ་ཐུབ་བསྟན་པར་རྣམ་མང་ཐོས་ཀྱི་སྲས། །འགྲོ་བའི་དབུལ་ཕོངས་སེལ་བར་སྨོན་ལམ་བཏབ། །ནུ་བོ་མི་སྡུག་སྦྱིན་གྱི་ཕྲག་དོག་སྐྱེས། །དེ་ཚེ་གནོད་སྦྱིན་སྲོག་གི་བདག་པོར་གྱུར། །རྣམ་སྲས་སྒྲུབ་མཁན་ཡིད་དཀྲུག་བསམ་པ་བསྒྱུར། །སྲོག་འཕྲོག་མི་ནོར་ཀུན་ལ་གནོད་པར་སྨོན། །།དེ་ནི་གནོད་སྦྱིན་ཤེས་པ་དཀར་པོ་ཟེར། །ད་ལྟ་རྒྱལ་པོ་བེ་ཀར་ཡིན་པར་བཤད། །རྣམ་ཐོས་སྲས་འདི་དངོས་གྲུབ་ཆེ་ན་ཡང་། །སྒབ་འདྲེ་རྒོད་དྲག་བར་ཆད་དེ་བས་ཆེ། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་། །དྲུག་ཅུ་རེ་གསུམ་ཡོད་པ་སྐུ་མཆེད་དེ། །སུམ་བརྒྱ་དྲུག་ཅུ་ཕྱག་རྡོར་ཞལ་མཐོང་བས། །གནོད་པ་མི་བྱེད་བསྟན་པ་སྲུང་བ་ཡིན། །གསུམ་གྱིས་ཕྱག་རྡོར་མ་མཇལ་གནོད་པ་བྱེད། །སྐུ་མཆེད་ཡིན་ཕྱིར་འབྲལ་མེད་མཉམ་དུ་འགྲོགས། །དམ་ཅན་གསོལ་ཁོར་ཡམ་ཤུད་མཉམ་མཆོད་དགོས། །ཡམ་ཤུད་བཙན་གྱི་མགོན་པོ་བེག་རྩེ་ཡིན། །སྙབ་པ་ལག་རིང་རྣལ་འབྱོར་སྲོག་ལ་རྒོལ། །ཡམ་ཤུད་དམར་པོས་གོད་ཁ་མང་བར་བྱེད། །ཐེའུ་རང་སྟོང་འཁྲུག་ནང་འཁྲུག་


CMR029_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་ལྡང་། །ཞིང་སྐྱོང་སྒབ་འདྲེ་ཡང་ནི་འདི་གསུམ་ཡིན། །འདི་དག་མནན་བསྲེགས་ལ་སོགས་མ་ཤེས་ན། །ལོ་བརྒྱར་བསྒྲུབ་ཀྱང་མི་འགྲུབ་དམ་སྲིའི་དཀྲུག །ཚེ་ཐུང་འཁོར་ལ་གཟན་ཅིང་གོད་ཁ་མང་། །དགྲ་ལ་རྦད་ན་མི་རྒྱུག་ཟུན་ལ་རྒྱུག །དགྲ་དང་ཁ་མཆུ་མི་ཁ་གཏམ་ངན་མང་། །སྲིན་མགོན་དང་ནི་སྔགས་བདག་གཉིས་པོ་ལ། །མིང་དུ་ཐོགས་པའི་སྒབ་འདྲེ་མ་མཆིས་ཀྱང་། །ཆོས་པ་ལས་ལོག་སྔགས་པ་དམ་ལོག་དང་། །བཙུན་པ་སྡོམ་ཁྲིམས་ཉམས་པའི་དཀོར་སྲེད་ཅན། །དེ་དག་དམ་སྲི་རྣམས་ཀྱི་འཁོར་དུ་སྐྱེས། །དེ་དག་སྒྲུབ་པ་བྱེད་མཁན་ཀུན་ལ་གནོད། །གཞན་ཡང་རིག་སྔགས་སྒྲུབ་པ་བྱེད་ཚད་ལ། །ཉིན་དྲུག་མཚན་དྲུག་ལན་གྲངས་བཅུ་གཉིས་སུ། །ཉུལ་ནས་སྒྲུབ་ལ་བར་ཆད་བྱེད་པའི་བགེགས། །དཔག་མེད་ཡོད་པའི་མིང་དང་གྲངས་ཀ་སོགས། །གསར་མའི་ཕྱག་རྡོར་རིག་པ་མཆོག་གི་རྒྱུད། །རྙིང་མའི་སྒྲུབ་ཆེན་རྣམས་ལས་རྒྱ་ཆེར་གསུངས། །སྟན་ལ་འདུག་མི་འདོད་པར་ལངས་འདུག་མང་། །རང་གི་སྒྲུབ་རྒྱུའི་ཆོས་ལ་ཐེ་ཚོམ་མང་། །ལྷ་དང་བླ་མ་རྣམས་ལ་ལོག་ལྟ་སྐྱེ། །དམིགས་པ་མི་གསལ་སྔགས་ལ་ལྷག་ཆད་མང་། །སྒྲུབ་པ་སྐྱུར་ནས་


CMR029_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཞན་སྒྲུབ་འདོད། །དུས་མིན་ལྷ་ཡི་ཞལ་མཐོང་ལུང་སྟོན་ཏེ། །ཁྱོད་ཀྱི་ཆོས་དང་སྒྲུབ་པ་འདི་བྱས་ན། །ལམ་ལོག་ནོར་འཁྲུལ་ཡིན་པས་བཀྲ་མི་ཤིས། །ངན་འགྲོར་སྐྱེ་སོགས་ལུང་ཡང་ལོག་པར་སྟོན། །མཚམས་སྒྲུབ་བསྐང་གསོ་ལ་སོགས་གཟབ་པའི་དུས། །མི་འཕྲག་ན་ཚ་གོད་ཁ་ལ་སོགས་ལྡང་། །ཆོས་ཕྱོགས་གཡེལ་ཞིང་འཇིག་རྟེན་སྒྲུབ་པའི་ཚེ། །བར་ཆད་མེད་ཅིང་བསམ་པ་འགྲུབ་འགྲུབ་འདྲ། །མཚམས་དང་སྒྲུབ་པ་ཅི་བཞིན་བྱས་པའི་ཚེ། །དམ་སྲི་རྣམས་ནི་བུ་ཤའི་མ་ལྟར་སྡུག །དེ་ཕྱིར་དམ་སྲི་རྣམས་ཀྱི་ཆོ་འཕྲུལ་སྟོན། །དེ་དག་སོ་སོར་མནན་ཐབས་མང་ན་ཡང་། །རྫས་ཀྱང་འཛོམས་དཀའི་སྒྲུབ་པ་རྟགས་ཐོན་དགོས། །དེང་སང་ལྷ་གཅིག་སྒྲུབ་པའི་རྟགས་ཐོན་དཀའ། །དེ་དག་སོ་སོར་རྟགས་ཐོན་སྒྲུབ་མི་ནུས། །དམ་སྲི་འདྲེ་ཡི་རིགས་གྱུར་ཐམས་ཅད་ཀུན། །སྒྲུབ་མི་དགོས་པར་བཙན་ཐབས་གནོན་པའི་ཐབས། །བྲམ་གཟུགས་མགོན་པོའི་ཆོས་སྐོར་གཉན་ལོའི་ལུགས། །ཤོག་གུ་གཅིག་ལ་མ་ཧཱ་བ་ལའི་གཟུགས། །གླང་མགོ་དམར་པོ་རྭ་ནི་གདེངས་བའི་བར། །ཁྲོ་ཞལ་དམར་པོ་ཞལ་དུ་སྦྲུལ་ཟ་བ། །དེ་སྟེང་མི་མགོ་སྔོན་པོ་མིག་གཅིག་


CMR029_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དབུ་སྐྲ་དར་སྔོན་གྱིས་བཅིངས་དར་དཔྱངས་འཕུར། །འོག་མའི་མགོ་ལ་སྦྲུལ་གྱི་གདེངས་ཀ་བདུན། །ལྟེ་བ་ཟུར་གསུམ་ཧོ་ཁུང་ཐུར་བསྟན་ནང་། །དགྲ་བགེགས་ས་བོན་ནི་ཏྲི་མགོ་ཐུར་བསྟན། །སྐུ་མདོག་དུད་ཁ་ཕྱག་གཉིས་ཐུགས་ཀར་སྦྱར། །ཕྱག་བར་ཕུར་པ་ནི་ཏྲི་མ་ཚད་བྲི། །སྐུ་སྨད་སྦྲུལ་མཇུག་ལྗང་གུ་གཡས་འཁྱིལ་ལོ། །དེ་ཡི་རྒྱབ་ཏུ་སྔགས་འདི་ཐུར་དུ་བརྩེགས། །སྔགས་ཕྲེང་གཅིག་ལ་བྲི་བར་ཤོང་བར་བྱ། །ཨོ་ཤ་མ་ར་ན་པྲ་མ་ཤག་དུན་ཧཱུྃ༔ ཧཱུྃ་ནན་དུལ་དུལ་ནན་ཆད་སོད༔ སྙིང་ལ་མཱ་ར་ཡ་ཕཊ། ཅེས་བྲི་གཏོར་མི་གཅིག་ཀྱང་བཤམས་བྱས་ལ། །བ་གླང་སྤྱོད་ནས་བསྒོམ་འདྲ་སྤྱན་དྲངས་བསྟིམ། །ཨོཾ་མ་ཧཱ་བ་ལ་ཧཱུཾ། ཞེས་པ་བརྒྱ་རྩ་རྟེན་འབྲེལ་རབ་གནས་བྱ། །རྩ་སྔགས་ཁཱ་ཧི་བཏགས་པས་གཏོར་མ་བྱིན། །ཨརྒྷཾ་ལ་སོགས་སྔགས་ཀྱིས་མཆོད་བྱས་ནས། །ཧཱུྃ། འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ། །ལས་ཀྱི་མཐུ་ལས་སྒྲུབ་པ་བདུད་ཀྱི་བུ། །བ་ལང་སྤྱོད་ཀྱི་གླིང་ལ་དབང་བསྒྱུར་བ། །སྟོབས་ཆེན་མ་ཧཱ་བ་ལ་ཁྱོད་ལ་བསྟོད། །སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ། །ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན། །སྟོབས་ཆེན་ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་བརྗོད་སྐུ་གཟུགས་དེ་


CMR029_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་བསྟིམ། །ཤོག་གུ་གཙང་མར་ལིངྒ་སྤྱི་འཚམས་བྲི། །ཡན་ལག་འབྲུ་བཞི་ཕྱི་རོལ་ཛ་ཁྲམ་བསྐོར། །སྙིང་ཀར་ཛ་ཡིག་ཁ་སྤྲོད་གཉིས་ཀྱི་བར། །ནཱི་ཏྲི་ཁུག་གསུམ་བརྩེགས་མར་བྲི་བར་བྱ། །ལྟོ་བའི་ནང་དུ་སྒྲུབ་ལ་བར་གཅོད་པའི། །དམ་ཉམས་ལྕགས་ཕག་དམ་སྲི་ངུར་འཛིན་དང་། །བདུད་ཀྱི་འཁོར་ན་དམ་སྲི་བསེ་རག་དང་། །ལྟེ་ཕུར་ནག་མོ་དང་ནི་བྱ་མཆུ་མ། །འབྲོག་སྲིན་མགོ་དགུ་དང་ནི་ཕག་སྣ་མ། །སྲོག་བདག་ཤེས་པ་དཀར་པོ་བསེ་གདོང་ཅན། །འབི་ཙི་ཏྲིའུ་གནོད་སྦྱིན་བྲེལ་ཕོངས་ཅན། །སྙབ་པ་ལག་རིང་ཡམ་ཤུད་དམར་པོ་དང་། །ཐེའུ་རང་སྟོང་འཁྲུགས་ལ་སོགས་དམ་སྲིའི་རིགས། །སྒབ་འདྲེ་ཐམས་ཅད་ལིངྒ་འདི་ལ་ཁུག །བཛྲ་ཨཾ་ཀུ་ཤ་ཛཞེས་པ་བྲི། །རང་མིང་ལྷ་མིང་དེ་རུ་བྲི་མི་རུང་། །དྲི་མ་སོང་དོག་མེ་དང་རླུང་ལ་གཡུགས། །ལྕགས་སྡེར་ནང་བཞག་མགོན་པོའི་ཐུན་གཏོར་གྱི། །ན་མོ་རྗེ་བཙུན་རྩ་བ་ཞེས་པ་ནས། །བདེན་པའི་མཐུས་ཞེས་བྱ་བའི་ཚིག་མཇུག་ཏུ། བླ་མེད་སྒྲུབ་པ་ལ་བར་དུ་གཅོད་པའི། དམ་ཉམས་ལྕགས་ཕག་ནག་པོ་སྤྱན་གསུམ། དམ་སྲི་ངུར་འཛིན། འཇིག་རྟེན་མགོན་པོ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་དམ་སྲི་བསེ་རག །དཔལ་ལྡན་ལྷ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་ལྟེ་ཕུར་ནག་མོ་ཏྲ་


CMR029_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཏའི་ཆུང་མ། བྱ་མཆུ་ནག་མོ་ཏཱ་ལི་ཏའི་བུ་མོ། ཁ་ནག་མོ་ཏྲ་ལི་ཏའི་ཁོལ་མོ། འབྲོག་སྲིན་མགོ་དགུ། རྒྱལ་པོ་རྣམ་ཐོས་སྲས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སྲོག་བདག་ཤེས་པ་དཀར་པོ། གནོད་སྦྱིན་བསེ་གདོང་ཅན་བི་ཏྲི་ཏྲིའུ། འཛམ་སེར་ནག་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་སྦྱིན་བྲེལ་ཕོངས་ཅན། མི་ནག་བྱ་མགོ་ཅན། ཞིང་སྐྱོང་དང་དམ་ཅན་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བདུད་སྙབ་པ་ལག་རིང་། བཙན་ཡམ་ཤུད་དམར་པོ། ཐེའུ་རང་སྟོང་འཁྲུག་ལ་སོགས་པ་བདག་ཅག་དཔོན་སློབ་མི་ནོར་བརྒྱུད་པ་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དམ་སྲི་སྒབ་འདྲེ་གང་ཡིན་པ་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཛནས་བཟུང་གནེ་ཧོ། ཞེས་བར་བཀུག་གཞུག་བརྒྱའམ་ཉེར་གཅིག་བྱ། རང་ཉིད་ཡི་དམ་ལེགས་ལྡན་ཐུགས་ཀ་ཡི། །འོད་ཟེར་ལྕགས་ཀྱུས་ཡང་ཡང་བཀུག་ལ་བསྟིམ། །ཕྱི་སྒོའི་ཐེམ་འོག་གྲུ་གསུམ་དོང་བྲུས་ལ། །དེ་ནང་ལིངྒ་གན་རྐྱལ་མགོ་ཕྱིར་བསྟན། །དེ་སྟེང་མ་ཧཱ་བ་ལའི་སྐུ་དེ་སྒྲུབ། །དབུ་ནི་ཕྱིར་བསྟན་ཁ་སྦྱོར་བྱས་ལ་མནན། །ཤུགས་ཆེན་མི་ཡིས་བྱིས་པ་མནན་པ་ལྟར། །མ་ཧཱ་བ་ལས་ནམ་ཡང་མི་བཏང་བསམ། །


CMR029_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཁོད་རིམ་གཅིག་མནན་པའི་སྟེང་དུ་ནི། །རོ་གཡམ་གཅིག་གི་ངོས་ནི་གཉིས་པོ་ལ། །རྡོ་རྗེ་རྒྱ་གྲམ་རི་རབ་གླིང་བཞི་བྲི། །དམྱལ་ཡུལ་ཙམ་དུ་ཐུག་པར་ཐུར་མནན་སྟེང་། །རླུང་གི་རྡོ་རྗེ་རྒྱ་གྲམ་འབྱུང་རིམ་བརྩེགས། །དེ་སྟེང་རི་རབ་གླིང་བཞིས་མནན་པར་དམིགས། །བྱམས་པ་མ་བྱོན་བར་དུ་མ་ལྡང་ཞིག །དེ་ནས་ལོངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་བར་མ་ཧཱ་བ་ལས་མ་བཏང་ཞིག །ཅེས་བརྗོད་ས་རིམ་དགུ་ལ་རྒྱ་གྲམ་རེ། །དེ་སྟེང་མེ་ཁྲོལ་དེ་སྟེང་ཆུ་ཡང་བླུག །ས་ཡིས་བཀབ་ལ་བཅག་རྡུང་མི་མངོན་བྱ། །ཧཱུཾ། རྡོ་རྗེ་འབར་བའི་དཀྱིལ་འཁོར་ཞེས་སོགས་ནས། །མཱ་ར་ཡ་ཕཊ་བར་གྱི་རྟ་བྲོ་བརྡུང་། །འདི་ནི་ཡེ་ཤེས་པ་དང་འཇིག་རྟེན་པ། །ཀུན་གྱི་སྒབ་འདྲེ་མནན་ཐབས་ཐུན་མོང་སྟེ། །ཤི་སྲི་ཆུང་སྲི་གོད་འདྲེ་མནན་པ་དང་། །རྒྱལ་འགོང་འདྲེ་མོ་མནན་ཀྱང་མིང་ཁ་བསྒྱུར། །འདྲེ་མནན་གཅིག་ཆོག་ཟབ་མོ་སྤྱི་རྒྱ། །སྒར་པ་འམ་ནི་འབྲོག་པ་ཡིན་ན་ནི། །ལམ་ཆེན་རྒྱ་གྲམ་འོག་གམ་རི་ཆེན་སྣ། །ལྷ་ཁང་མཆོད་རྟེན་མ་ཎི་བརྒྱ་མཁར་འོག །མི་གཞན་སུས་ཀྱང་མ་མཐོང་གསང་སྟེ་མནན། །ཡང་ན་ཚ་ཚ་དཀར་ནག་བརྒྱ་རེ་བྱེད། །རི་ཆེན་འོག་གམ་ས་ནོན་ཆེ་ས་རུ། །


CMR029_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དོང་བྲུས་ནང་དུ་ལིངྒ་དཔེའུ་རིས་མནན། །དེ་སྟེང་སཙྪ་ནག་པོ་མགོ་ཐུར་བསྟན། །དེ་སྟེང་དཀར་པོ་བརྒྱ་ནི་མགོ་གྱེན་བསྟན། །དེ་ནས་གོང་ལྟར་བཅག་བརྡུང་རྟ་བྲོ་བརྡུང་། །དེ་ནི་གོད་གཅོད་སོག་ཁ་ག་བཏགས་བྱ། །དེ་མིན་དམ་སྲིའི་རིགས་འདི་ཐབས་མཁས་ཁ་དུག་ཆེ། །རང་ལ་ཉེས་པ་ཏིལ་ཙམ་མེད་ན་ཡང་། །ཕ་རོལ་དོན་མེད་མི་ཡིས་སེམས་བསྒྲལ་ནས། །ཁོ་ལ་ངན་བྱས་བསམས་ནས་ཡར་ཀློག་དང་། །གཏད་མནན་ཟེར་བའི་མི་ཁ་གླེང་བརྗོད་བྱུང་། །དེ་འདྲ་བྱུང་བའི་ལོ་རྒྱུས་མང་དུ་ཐོས། །།ཡར་ལ་བཏོན་ན་མི་འཕྲོག་གནོད་པ་ཆེ། །དེ་ཕྱིར་མནན་པའི་སྟབས་དེ་མ་བདེ་ན། །གོང་ལྟར་བཀུག་གཞུག་བྱས་པའི་ལིངྒ་དེ། །མགོན་པོའི་གཞུང་གིས་ཕུར་འདེབས་བྱས་པའི་རྗེས། །ཐོ་བས་བརྡུང་ཅིང་མི་བསད་མཚོན་གྱིས་གཏུབ། །ཤོག་དུམ་ཟན་ལིང་ཤ་དུམ་བརྒྱ་རྩ་སྦག །མ་མགོན་ལ་སོགས་ཁྲོ་བོ་གང་རུང་གི །དྲག་པོའི་སྦྱིན་སྲེག་སྤྱི་དང་མཐུན་པར་བྱས། །ཐལ་བ་ལམ་ཆེན་རྒྱ་གྲམ་དཀྱིལ་དུ་བླུག །དེ་ཡིས་མནན་པའི་དོན་ཡང་ཚང་བ་ཡིན། །སྦྱིན་སྲེག་འདི་ནི་ལོ་གྲངས་འགའ་ཟུར་སོར། །ལན་རེ་གྲུབ་ན་སྐུ་རིམ་མཆོག་ཏུ་འགྱུར། །དེ་ལྟར་དམ་སྲི་བསྲེགས་


CMR029_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ལེགས་ཚར་ནས། །ལྷ་རྣམས་གང་སྒྲུབ་ལམ་དུ་འགྲོ་བ་སྟེ། །བདག་ཀྱང་ཚེ་རིང་ནད་ཉུང་བསམ་པ་འགྲུབ། །འཁོར་དང་རྟ་ཕྱུགས་རྣམས་ལ་གོད་ཀ་མེད། །དགྲ་ལ་རྦད་ན་སྐྱེན་པོའི་མདའ་བཞིན་འགྲོ། །བསོད་ནམས་ནོར་རྫས་ཆུ་བོའི་རྒྱུན་བཞིན་འབབས། །བར་ཆད་མེད་ཅིང་བཀྲ་ཤིས་ཅི་བསམ་འགྲུབ། །ནོར་བུ་རིན་ཆེན་བྱི་དོར་བྱས་དང་མཚུངས། །དེ་ཕྱིར་ཆོས་ལུགས་འདི་ལ་གདམས་ངག་འདི། །མེད་ཐབས་མེད་ཕྱིར་གབ་སྦས་མེད་པར་བཀོད། །ལྕགས་ཕག་ཆོ་འཕྲུལ་ཆེན་པོའི་ཚེས་གཉིས་ཀྱི། །འཕྲལ་དུ་བདུད་མོ་བླ་མས་ཞུས་པའི་ངོར། །ཕྱི་དྲོ་རཱ་ག་ཨ་སྱས་སྨྲས་པ་ལྟར། །དགེ་སློང་ཆོས་དགེ་ཞེས་བྱས་ཡི་གེར་བྲིས། །ཉེས་འགལ་མེད་ཕྱིར་བཤགས་བྱ་མ་མཆིས་ཤིང་། །དགེ་བས་སྒྲུབ་བརྒྱུད་བསྟན་པ་དར་བར་ཤོག ། ཨོཾ༔ ན་ཡ་ཨེ་ཨེ་ར་ལི་རི་ཨུ་ཧཾ༔ ལིངྒ་ནང་དུ་བཏུམ་ནས་མནན་ན་བསྟན་པ་ལ་ཕན་པར་གཏེར་སྟོན་ནམ་མཁའ་འཇིགས་མེད་ལུང་བསྟན་ལ་ཡོད། ཡང་རི་དྲུང་པའི་སྲོག་སྔགས་རེད། འདི་ཡིན། །མངྒ་ལཾ།། །།དའ་ཨ་ལེ་ཨེ་ར་ལི་རི་ཨུ་ཧཾ༔


previousམ་མགོན་སྒབ་འདྲེ་མནན་ཐབས་རྡོ་རྗེའི་གོ་མཚོན་གྱི་གེགས་སེལ།next