Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
གཉིས་པ་དེ་ལས་གྲོལ་འཁྲུལ་གྱི་ཚུལ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousགཉིས་པ་དེ་ལས་གྲོལ་འཁྲུལ་གྱི་ཚུལ་བཤད་པ།next

གཉིས་པ་དེ་ལས་གྲོལ་འཁྲུལ་གྱི་ཚུལ་བཤད་པ།

གཉིས་པ་དེ་ལས་གྲོལ་འཁྲུལ་གྱི་ཚུལ་བཤད་པ་ལ། ལྷུན་གྲུབ་གཞི་སྣང་གི་འཆར་ཚུལ། ཀུན་ཏུ་བཟང་པོའི་གྲོལ་ཚུལ། མ་དག་སེམས་ཅན་གྱི་འཁྲུལ་ཚུལ། འཁྲུལ་དུས་ལུས་ལ་ཇི་ལྟར་གནས་ཚུལ་དང་བཞི་ལས། དང་པོ་ལ་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ། དེ་ལས་ཤར་བའི་གཞི་སྣང་། དེས་གྲོལ་འཁྲུལ་གྱི་རྐྱེན་བྱེར་ཚུལ་གྱི་འཐད་པ་དང་གསུམ།དང་པོ་ནི། ནང་གསལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གསུམ་ལྡན་གྱི་གཞི་དེ་ཉིད་ལས་ཐུགས་རྗེ་རིག་པའི་ཡེ་ཤེས་ཤེས་རབ་སྲོག་རླུང་གི་རང་ཆས་པར་གྱུར་པའི་རང་རིག་པའི་གྲོལ་གཞི། རྟོག་དཔྱོད་འཆར་བའི་འཁྲུལ་གཞི་གཉིས་སུ་འཆར་རུང་ཡང་། མ་ཤར་བར་ཡུལ་རིག་པའི་ཡེ་ཤེས། ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞིར་གནས་པའི་ཡན་ལག་ཏུ་དམ་ཚིག་ལྷ་མོ་བཞིའི་རང་བཞིན་གྱེན་རྒྱུའི་ཤེས་རབ་ཀྱི་རྟ་བྱས། ཐུར་སེལ་གྱི་འོད་ཀྱི་རྟ་བྱས། མེ་མཉམ་དེ་གཉིས་སྨིན་པའི་སྟོབས་ཕྱུང་ལ། ཁྱབ་བྱེད་ཀྱིས་རྫོགས་པར་བྱེད་པ་སྟེ་བཞིར་གྱེས་པས་གདངས་སམ་རྩལ་དབྱིངས་སུ་མ་འཕོས་པ་ལས། རིག་པའི་ལུང་མ་བསྟན་གྱི་གཞི་ལས་འཕགས་པར་བྱེ་བྲག་ཕྱེད་པའི་ཤེས་རབ་སྐྱེས་པར་མ་ནུས་ཀྱང་ཤར་ཚུལ་སོགས་གྲོལ་འཁྲུལ་ཐམས་ཅད་ལ་མཚུངས་པས་ཐུགས་རྗེ་ཉིད་རིག་ཙམ་དུ་གཡོ་བས་རྟ་རླུང་ལྔ་ཕྱིར་འཕགས་ཀྱི་བྱས་ནས་ནང་ཡེ་ཤེས་ཀྱི་རྒྱ་ཁ་རལ་ཏེ་སོ་སོའི་རླུང་གི་ལས་ཀྱིས་ལྷུན་གྲུབ་གཞི་སྣང་འཆར་ལ། ད་ལྟ་དབྱིངས་ཀྱི་དུས་ནའང་སྲོག་རླུང་ཡེ་ཤེས་ཀྱི་ཆ་གཅིག་པུ་གསལ་བར་སྣང་ངོ་། །

གཉིས་པ་དེ་ལས་ཤར་བའི་གཞི་སྣང་ལ། དེའི་ཚེ་ཀ་དག་གི་སྣང་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ངང་ལས། རིན་པོ་ཆེ་གའུའི་གནས་ལུགས་ཀྱི་སྣང་བ་ནི། གོང་དུ་བསྟན་པའི་རླུང་ལྔས་བྱེད་པས་རིག་གདངས་སྐུ་གསུང་ཐུགས་སུ་བཞུགས་པའི་མདངས་གདངས་ཕྱིར་འཕགས་ནས་སྐུ་དང་ཟེར་དུ་འཆར་ཏེ། ཆས་ཕྱེ་ན། ཐུགས་རྗེ་ལྟར་ཤར། འོད་ལྔ་ལྟར། སྐུ་ལྟར། ཡེ་ཤེས་ལྟར། གཉིས་མེད་ལྟར། མཐའ་གྲོལ་ལྟར་ཤར་བ་དྲུག་གི་འཆར་ལུགས་ལས་རིམ་པར། ཕྱོགས་རིས་བྲལ་བའི་སྙིང་རྗེ་ཆེན་པོ། ཚད་དང་བཟུང་བྲལ་བའི་འོད་སྣང་ལྔ་ལྡན། རྩིས་ལས་འདས་པའི་ལྷ་སྐུའི་ཚོམ་བུ། ལྔ་ལྡན་མཉམ་པའི་ཡེ་ཤེས་ལྷུན་གྲུབ། རྣམ་རྟོག་བྲལ་བའི་གཉིས་མེད་མཉམ་པ། ཟང་ཐལ་སྤྲོས་མཐའ་ལས་འདས་པའི་ཡེ་ཤེས་འཆར་རོ། །ཁྱད་པར་དུ་ཡེ་ཤེས་བཞི་སྦྱོར་ལས། ཡེ་ཤེས་ཀྱི་ངོ་བོའི་རྩལ་ལས་ལོངས་སྐུ། ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུ། ཐུགས་རྗེའི་རྩལ་ལས་འཁོར་བའི་སྒོ་ཤར་ཞིང་། དེ་འདུལ་བྱེད་ཀྱི་མཆོག་གི་སྤྲུལ་སྐུ་སོགས་འབྱུང་བ་དང་། དེ་ལྟར་སྣང་བ་ལས་རང་སྣང་ངོ་ཤེས་ན་ཀུན་ཏུ་བཟང་པོའི་གྲོལ་གཞིར་བྱུང་བ་དང་། མ་ཤེས་པས་སེམས་ཅན་འཁོར་བར་འཁྲུལ་བ་སྟེ། དག་མ་དག་གི་སྒོ་གཉིས་སུ་ཤར་བའོ། །དེ་དག་གི་ཚུལ་རྒྱས་པར་རང་ཤར་ལས། དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་གནས་ལུགས་ཞེས་བྱའོ། །དེ་ལ་འཆར་ལུགས་རྣམ་པ་དྲུག་དང་སྒོ་རྣམ་པ་གཉིས་སུ་ཡོད་དོ། །དེ་ནི་ལྷུན་གྲུབ་ཞེས་ཀྱང་བྱ། གཞི་མ་ངེས་པ་ཞེས་ཀྱང་བྱའོ། །གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །དེ་མན་ཆད་ན་ལྡོག་པའི་ས་ཡོད་དོ། །དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དོ། །དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ། །དེ་ཡང་གསལ་བ། དྲོ་བ། བསིལ་བ། ཡངས་པ། གཡོ་བའི་བདག་ཉིད་འཛིན་པ། སྐུ་ལྔ་དང་ལྡན་པ། ཡེ་ཤེས་ལྔ་དང་ལྡན་པ། རིགས་ལྔ་དང་། ཁ་དོག་ལྔ་དང་། འོད་ལྔ་དང་། ཡུལ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། ཆོས་ལྔ་དང་། རོ་ལྔ་དང་། རེག་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ། །དེ་ཡང་མཚན་བཟང་པོ་སུམ་ཅུ་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། སྤངས་བའི་ཆོས་དྲུག་དང་ལྡན་པའོ། །དེ་དག་ནི་ལོངས་སྐུའི་སྣང་ལུགས་སོ། །དེ་དང་དེ་ལས་འབྲེལ་བ་རུ། དེའི་སྣང་བ་ལས་རང་བཞིན་སྤྲུལ་སྐུའི་སྣང་བ་དང་། འགྲོ་བ་འདུལ་བའི་ཐུབ་དྲུག་སྣང་ལུགས་དང་། མ་དག་སྤྲུལ་སྐུའི་སྣང་ལུགས་སོ། །དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི་ངོ་བོ་ལྷུན་གྲུབ་ལས་ཤར་བའོ། །སྣང་ལུགས་ནི་འཁོར་མི་ཟད་པ། ལོངས་སྤྱོད་ཟད་མི་ཤེས་པ། །སྟོབས་ཟད་མི་ཤེས་པ། རྩལ་ཟད་མི་ཤེས་པ། ཆོ་འཕྲུལ་ཟད་མི་ཤེས་པ། ཚེ་གྲངས་མེད་པ། ནད་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ་དང་། ཆོས་བསམ་གྱིས་མི་ཁྱབ་པར་སྒྲོགས་པ་སྟེ། རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་སོ། །དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་སྣང་ངོ་། །དེ་ཡང་སྣ་ཚོགས་སྣང་བ་དང་། སྣ་ཚོགས་པའི་དོན་ཤེས་པ། སྣང་ཡང་རྗེས་སུ་མ་ཆགས་པའོ། །ཞེས་གསུངས་སོ། །

གསུམ་པ་དེའི་གྲོལ་འཁྲུལ་གྱི་འཐད་པ་དགོད་པ་ལ། ལར་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་འདི་དག་འཆར་རུང་གཞི་དང་། འཆར་ཆ་གཞི་སྣང་ལ་མེད་ན་དག་པའི་དུས་ན་སྐུ་དང་ཞིང་ཁམས་སོགས་སུ་སྣང་བ་མེད་ལ་མ་དག་པས་ཕྱི་ནང་སྣོད་བཅུད་དུ་སྣང་བ་མེད་ཀྱང་དེ་དག་རང་བཞིན་མེད་སྣང་དུ་ཤར་བས་ན་དེ་དེ་ལྟར་སྣང་རུང་བའོ། །དེ་ཡང་ཐུགས་རྗེ་ལྟར་སྣང་བས་ཡོན་ཏན་རིན་པོ་ཆེའི་ཇི་ལྟ་ཇི་སྙེད་པ་དང་། སེམས་ཅན་གྱི་སེམས་སུ་སྣང་བ་དང་། འདུལ་བྱ་འདུལ་བྱེད་དུ་འབྲེལ་བ་དང་། འོད་ལྟར་ཤར་བས་ཡོན་ཏན་ལྔ་དང་སྣོད་བཅུད་ཀྱི་འབྲེལ་གྲུབ། སྐུ་ལྟར་ཤར་བས་རྒྱལ་བའི་སྐུ་དང་སེམས་ཅན་གྱི་ལུས་སྣང་། གཉིས་སུ་མེད་པས་སྟོབས་སམ་ཡོན་ཏན་སྒོ་གསུམ་རྡོ་རྗེ་གསུམ་དུ་འབྲེལ། ཡེ་ཤེས་ཀྱིས་ཤེས་བྱ་རང་མཚན་པར་གྱུར་པ་ལས་འདས་ནས་སྦུབས་གསུམ་གཅིག་དུ་འདྲིལ་བའི་མཚམས་སྦྱོར། མཐའ་གྲོལ་གྱིས་འབྲས་བུ་རྒྱུད་མི་ལྡོག་པ་དང་གྲོལ་འཁྲུལ་གང་དུའང་སྣང་རུང་སྒོ་གཉིས་ཀྱི་ཡོན་ཏན་གྱི་གྲོལ་འཁྲུལ་དུ་བྱེད་དོ། །དེ་སླད་དེ་དག་གི་ངོ་བོ་སྐྱོན་ཡོན་གང་དུའང་གྲུབ་པ་མེད་ལ་རིག་མ་རིག་ལས་གྲོལ་འཁྲུལ་གཉིས་སུ་འཐད་པ་དང་བཅས་པའོ། །དེ་ཡང་རིན་པོ་ཆེ་སྤུངས་པར་ཡོན་ཏན་བརྒྱད་འཁྲུལ་གྲོལ་གྱི་ཚུལ་དང་སྦྱར་ཏེ་གསུངས་ཀྱང་ཡི་གེ་ལ་དོགས་པས། བསྡུ་ན། རིན་ཆེན་སྤུངས་པ་ལས་ལེའུ་གསུམ་པར། དེ་ལྟར་སྟོང་གསལ་ཆེན་པོ་ལས། །ཅི་མེད་ཅིར་ཡང་སྣང་བའི་ཚུལ། །འབྱུང་ཚུལ་ཡོན་ཏན་མ་འགགས་ཏེ། །ལྷུན་གྲུབ་འཆར་བྱེད་མ་འགགས་པའི། །སྣ་ཚོགས་སྣང་བའི་རང་བཞིན་དུ། །ཡོན་ཏན་ཆེན་པོ་རྣམས་སུ་སྣང། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །ཞེས་སོ། །

གཉིས་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ལ། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་རང་སྣང་རང་ངོ་ཤེས་ནས་ཁྱད་ཆོས་དྲུག་གིས་སངས་རྒྱས་ཏེ་ལྷུན་གྲུབ་ཀྱི་སྣང་བ་ལ་ཁ་ཕྱིར་བལྟས་སུ་མ་ཞེན་པར་ར༵ང་གི་རིག་ངོར༵་རང་སྣང༵་བ༵་ཤེས་པ་དང་། དེའི་སྟོབས་ཀྱིས་གྲོལ་འཁྲུལ་གང་དུའང་ལུང་མ་བསྟན་པའི་ག༵ཞི་ལ༵ས་འཕ༵གས་ཏེ་གྲོལ་གཞིར་སོང་བ༵་དང་། དེའི་ཚེ་གཞི་རང་སྣང་དུ་ཤེས་པའི་ཤེས་རབ་ཀྱིས་མ་སྤངས་ལ་མི་ལྡན་པའི་སྒྲིབ་གཉིས་བག་ཆགས་བཅོམ་སྟེ་སངས་སྟོབས་ལས་དབྱིངས་ཀྱི་ཡོན་ཏན་མངོན་པར་གྱུར་བས་བྱེ༵་བྲག༵་ཕྱེད༵་པ༵། ཤེས་རབ་སྐུར་སྨིན་ནས་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ཡེ་ཤེས་ཆོས་ཀྱི་སྐུར་དབྱེར་མེད་བཙན་ས་ཟིན་པར་བཞུགས་པས་ན་བྱེད༵་ཐོག༵་ཏུ༵་གྲོལ༵་བ༵་དང་། གཞ༵ན་གྱིས་བསྟན་པའི་རྐྱེན་ལ༵ས་མ༵་བྱུང༵་བ༵ར་རང་བྱུང་གི་ཆོས་གསུམ་དང་ལྡན་པའི་སངས་རྒྱས་སུ་གྲུབ་པ་དང་། གྲོལ་གཞི་ལྷུན་གྲུབ་ནང་ཐིམ་གྱི་ཚུལ་དུ་ཡོན་ཏན་རིན་པོ་ཆེའི་འཆར་སྒོ་ལས་ཀ་དག་གི་ར༵ང་ས༵ར་གན༵ས་པ་སྟེ། ཐལ་འགྱུར་ལས། སངས་རྒྱས་འཁྲུལ་བར་མ་གྱུར་བ། །གཞི་ལས་འཕགས་པའི་གཞི་ལས་འཕགས་པ་ཤེས་རབ་ཀྱི་དབང་པོ་ཡིས། །རང་སྣང་རང་བཞིན་རང་ངོར་སྣང་བ་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་བྱེ་བྲག་ཕྱེད་པ་པའོ། ཞེས་དང་། སྒྲོན་འབར་ལས། ཤེས་རབ་སྐུ་རུ་སྨིན་བྱེད་ཐོག་ཏུ་གྲོལ་བ་པ་ལས། །ངོ་བོ་ཉིད་ཀྱི་ཆོས་སྐུ་སྟེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་རྒྱུན་མི་འཆད། །ཅེས་དང་། མཚན་བརྗོད་ལས། དང་པོའི་སངས་རྒྱས་རྒྱུ་མེད་གཞན་ལས་མ་བྱུང་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །རང་སར་གནས་པའོ། །ཞེས་དང་། དགོངས་པ་བཀའ་བསྒྲོས་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་གསུམ་བཅོམ་ནས། །ཞེས་ཤེས་རབ་ཀྱིས་བྱེ་བྲག་ཕྱེད་པས་མ་རིག་པ་གསུམ་ཀྱང་བཅོམ་སྟེ། དེའི་ཚུལ་ནི། རིག་པར་ཤར་བའི་སྟོང་ཉིད་མི་རྟོགས་པའི་ཆ་སྒྲིབ་པའི་བདག་ཉིད་གཅིག་པའི་མ་རིག་པ་སངས་བས་ཆོས་སྐུར་སྨིན། རང་སྣང་དུ་ཤེས་པས་རང་བཞིན་སྣང་བའི་ཆ་ལས་འཁྲུལ་བའི་ལྷན་སྐྱེས་བཅོམ་པ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་གྱུར། གཟུང་འཛིན་གྲོལ་བས་ཐུགས་རྗེ་རིག་པའི་ཆ་ལ་བདག་ཏུ་བཟུང་བས་བཟུང་འཛིན་ཅན་ཀུན་ཏུ་བཏགས་པ་རང་ཆོམ་སྟེ་སྤྲུལ་སྐུ། སྐུ་གསུམ་དབྱེར་མེད་འཕོ་འགྱུར་བྲལ་བའི་རྡོ་རྗེ། འཁོར་བའི་ཆོས་ལས་འདས་པའི་ཐོག་མ་མྱ་ངན་ལས་འདས་པའི་སྐུ་གསུམ་གྱི་སྣང་བའི་གནས་ལུགས་མ་འདྲེས་པར་རྫོགས་པའི་མངོན་བྱང་སྒྲིབ་བྲལ་དུ་མངོན་དུ་གྱུར་བའོ། །དེ་སྐད་དུའང་བདུད་རྩི་བཅུད་ཐིག་གི་རྒྱུད་ལས། ངོ་བོ་ཡེ་ནས་ཀ་དག་གི ། རང་ས་ཟིན་པ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་ཆེན་པོ་ཡི། །རང་ས་ཟིན་པ་ལོངས་སྤྱོད་སྐུ། །ཐུགས་རྗེ་ཀུན་ཁྱབ་ཕྱོགས་བྲལ་གྱི། །རང་ས་ཟིན་པ་སྤྲུལ་པའི་སྐུ། །གསུམ་དུ་དབྱེར་མེད་མཐའ་སྟོངས་བས། །རང་ས་ཟིན་པ་ངོ་བོ་ཉིད། །ཆོས་འདས་ཐོག་མ་མེད་གནས་ལུགས། །རང་ས་གཟུང་འཛིན་མིང་མེད་པ། །བདེ་ཆེན་མངོན་པར་བྱང་ཆུབ་སྐུ། །སྔོན་ཐོག་སངས་རྒྱས་ཡེ་ཤེས་ཡིན། །ཞེས་སོ། །ལར་ཐོག་མའི་གྲོལ་གཞི་དང་གྲོལ་ས་འབྱེད་པའང་གནད་ཆེ་བས། གྲོལ་གཞི་སྣང་བ་ལྷུན་གྲུབ། གྲོལ་ས་ཀ་དག་ཏུ་རང་ཐིམ་ལ་སོང་བས་སྐྱོན་བརྒྱད་ཀྱང་ཡོན་ཏན་བརྒྱད་ཀྱི་རང་བཞིན་དུ་ཤར་བའི་འགྲོས་ཐིམ་ཀྱང་རིན་ཆེན་སྤུངས་པར་གསུངས་པ་ལྟར་ཤེས་དགོས་ལ། ཁྱད་ཆོས་བརྗོད་ཚུལ་གཞན་ཡང་དོན་གྱིས་འདིར་འུབ་ཆུབ་པོ། །གཞན་ཡང་དེ་ལྟ་བུའི་ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུ་ལས་གཞན་དོན་དུ་ཡེ་ཤེས་ཕྱིར་གསལ་གྱི་སྐུ་གཉིས་འཆར་བ་ནི་ཆོས་ཉིད་ཡིན་པས་སྨྲོས་མ་དགོས་སོ། །

གསུམ་པ་མ་དག་སེམས་ཅན་གྱི་འཁྲུལ་ཚུལ་ལ་འཁྲུལ་བའི་རྒྱུ་རྐྱེན་དང་། འཁྲུལ་གཞི་ལས་འཁྲུལ་ཚུལ་གཉིས་ལས། དང་པོ་ནི། རྒྱུ་མ་རིག་གསུམ་དང་རྐྱེན་བཞིའི་དམིགས་པ་མ་དག་པས་འཁྲུལ་བ་ལུ་གུ་རྒྱུད་དུ་བྱུང་ནས་འཁོར་བར་འཆིང་བ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པའི་ཆོས་གསུམ་ངོ་མ་ཤེས་པས་སོ་སོའི་ཆས་འཁྲུལ་བས་མ་རིག་པ་གསུམ་དང་། རང་གི་གཞི་སྣང་རང་ངོ་མ་ཤེས་པ། ཤེས་པ་དང་ངོ་མ་ཤེས་ལྷན་དུ་སྐྱེས་པ། རང་སྣང་གཞན་བཟུང་ཆ་གསུམ་གྱི་དབྱེ་བ་དང་བཅས་པས་མ་རིག་པ་ངོ་བོའི་གསུམ་ཆས་དྲུག་ཏུ་བྱུང་བས། ཐལ་འགྱུར་ལས། མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པའི་རྟོག་པ་གཉིས། །ཀུན་ཏུ་བཏགས་པས་ཡུལ་དུ་གྱུར། །ཞེས་དང་། རང་ཤར་ལས། དེ་ལྟར་མ་རིག་པ་དྲུག་ཏུ་བྱུང་ནས་རང་གི་སྣང་བ་མི་མཐོང་ངོ། །ཞེས་སོ། །དེ་ལྟར་མ་རིག་པ་ནི་རྒྱུའི་རྐྱེན་ཏེ། གཞི་ཁྱིམ་ལྟར་གནས་པ་དང་། གཞི་སྣང་གི་ཐུགས་རྗེ་སེམས་སུ་འཁྲུལ་དེ་ཡུལ་ཡུལ་ཅན་དུ་བཟུང་བས་རྒྱུ་བྱས་ནས་འཁྲུལ་བས་སོ། །གཞི་ཉིད་ཁྱིམ་ལྟར་གནས་པ་རྒྱུའི་རྐྱེན་ཞེས་ཀྱང་དོན་གཅིག ། ཡུལ་ནི་དམིགས་པའི་རྐྱེན་ཏེ་རང་ལ་གཞན་དུ་སྣང་ཞིང་གཉིས་སུ་བཟུང་ནས་འཁྲུལ་ལོ། །ཤེས་པ་ནི་བདག་པོའི་རྐྱེན་ཏེ་དེའི་འོད་དང་རིག་པ་ཆོས་ཉིད་སོགས་སུ་རྟོག་ནས་འཁྲུལ་བས་སོ། །མ་རིག་གསུམ་དང་རྐྱེན་གསུམ་ཚོགས་པས་དེ་མ་ཐག་རྐྱེན་ཏེ་འཁྲུལ་བ་དངོས་སུ་འབྱུང་བས་སོ། །སྙིང་གི་མེ་ལོང་ལས། མ་རིག་པ་དེ་གཞི་ལ་མེད་ཀྱང་ཉམས་སམ་རྣམ་པ་ལ་ཡོད་དོ། །རྣམ་པ་ལས་རྐྱེན་རྣམ་པ་བཞི་འབྱུང་ངོ་། །དེ་ཡང་གཞི་འོད་ཀྱི་ཁྱིམ་ལྟར་གནས་པ་རྒྱུའི་རྐྱེན་ནོ། །དེ་ནི་མ་རིག་པ་དངོས་སོ། །དེ་ལ་འཛིན་རྟོག་ཏུ་ཤར་བ་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལ་ཡུལ་ཡུལ་ཅན་དུ་བཟུང་བ་དམིགས་པའི་རྐྱེན་ཞེས་བྱའོ། །དཔེར་ན་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ། །དེ་གསུམ་དུས་མཚུངས་བ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །ཞེས་སོ། །

གཉིས་པ་ལ་འཁྲུལ་པའི་གཞི་གསུམ་དུ་བསྡུས་པ། གཞན་ཡང་དབྱེ་སྒོ་བསྟན་པ་གཉིས། དང་པོ་ནི། ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་རུ་སོང་། འོད་ལྔ་ལུས་ཀྱི་འཁྲུལ་གཞི་དང་། རིག་པ་སེམས་ཀྱི་འཁྲུལ་གཞི་རུ་གྱུར་ཏེ། དེ་དག་གི་ངོ་བོ་དེ་ལྟར་གནས་པ་མིན་ཀྱང་། མ་རིག་རྐྱེན་དང་བཅས་པའི་གཟུང་འཛིན་གྱིས་གནས་དོན་ལུས་སུ་འཁྲུལ་བར་བཤད་དེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། རང་གི་ཕུང་པོ་སངས་རྒྱས་དངོས་ཡིན་པས། །ཤ་ཁྲག་ཕུང་པོར་མཐོང་བས་ཁྱེད་ཀྱིས་གོལ། །སྣང་སྲིད་ཐམས་ཅད་འོད་ཀྱི་སྣང་བ་ལ། །སྣང་སྲིད་ཐ་མལ་བཟུང་བས་ཁྱོད་ཀྱིས་གོལ། །ཆོས་རྣམས་ཐམས་ཅད་རིག་པའི་རང་བཞིན་ལ། །ཆོས་རྣམས་སེམས་སུ་བཟུང་བ་ཁྱོད་ཀྱིས་གོལ། །ཞེས་དང་། ཀུན་གསལ་ལས། དེ་ལས་འཁྲུལ་བའི་གཞི་གསུམ་བྱུང་། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་། །འོད་ལྔ་ལུས་ཀྱི་འཁྲུལ་གཞི་དང་། །རིག་པ་སེམས་ཀྱི་འཁྲུལ་གཞིའོ། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་འཐད། །རིག་མེད་སྟོང་པར་ཆོས་མཐུན་ཕྱིར། །འོད་ལྔ་ལུས་ཀྱི་འཁྲུལ་གཞིར་འཐད། །ཁ་དོག་ལ་སོགས་ཆོས་མཐུན་ཕྱིར། །རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད། །རིག་ཙམ་རིག་པའི་ཆོས་མཐུན་ཕྱིར། །ཞེས་སོ། །

ཡང་གཞན་དུ་དབྱེ་སྒོ་ནི། སྐུ་གསུང་ཐུགས་ལས་སྒོ་གསུམ་དང་། ཡེ་ཤེས་ལྔ་ལ་བདག་ཏུ་བཟུང་བས་ཚོགས་བརྒྱད་དང་དུག་ལྔར། ཁ་དོག་ལས་འབྱུང་ལྔ། སྐུ་ལྔ་ལས་ཕུང་ལྔ་ལ་སོགས་བསྟན་པ་ཐམས་ཅད་ཀྱི་རྣམ་དག་དང་ཆོས་མཐུན། རྒྱུད་ཐམས་ཅད་ཀྱང་དེ་ལྟར་ཞལ་མཐུན་པའི་རང་བཞིན་གཞི་དཀྱིལ་སྦྱངས་བྱ་གཞི་དང་བྱེད་འབྲས་ཐམས་ཅད་དེ་ལྟར་ཡིན་པས་འཐད་པ་ལས་མིན་པ་ནི་ནམ་ཡང་མི་འགྱུར་བས་རྟ་དང་མི་བཞིན་ནོ། །ཡང་མཁྱེན་བརྩེ་ནུས་གསུམ་ཤེས་ཙམ་དང་། སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དང་། དེ་ལ་སོགས་པའི་ཆོས་མཐུན་ཀྱང་དེ་ཡིན་པའི་གནད་ཀྱིས། འདི་ཤེས་ན་རྒྱུད་ཐམས་ཅད་ཀྱི་ཁོང་སྙིང་སྡེབ་པར་ལག་ཏུ་འབྱོར། ལྟ་བསྒོམ་སྤྱོད་འབྲས་ཐམས་ཅད་ཀྱང་དོན་ལ་གནས་པའི་ངེས་པ་ཐོབ། དཔལ་ལྡན་ཚོགས་ཀྱི་བདག་པོ་ཞེས་བྱ་བ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུམ་ཐུགས་དུས་གཅིག་ཏུ་འགྲུབ་པར་རུང་བས་ན་སངས་རྒྱས་འདུས་མ་བྱས་པ་ལ་རྒྱུ་རྐྱེན་གྱི་འདུས་བྱས་སུ་བསྐུར་བ་མི་འདེབས་པ་ཞིག་གོ །ཅིའི་ཕྱིར་ན་འདུས་བྱས་ཡིན་ན་མི་རྟག་པས་ཁྱབ་པས་སོ། །ཡང་ལྷག་པའི་ཀུན་རྫོབ་བདེན་པའི་སྣང་བ་ལམ་ལ་སྣང་བ་འདི་འཆར་གཞི་དང་འཆར་ཚུལ་ལམ་དུ་མེད་ན་བལ་མེད་པའི་སྣམ་བུ་ལྟར་མིང་རྐྱང་བཏགས་ཡོད་ཀྱི་འབྲས་བུ་འཁོར་འདས་ཆད་པ་རི་རྭ་ལྟ་བུ་ཞིག་པས་དོན་དམ་ཆོས་ཉིད་ཀྱང་ཚུལ་རོལ་མཛེས་པའི་གོལ་ས་ལས་ལྡང་མི་སྲིད་དེ་སྣང་ལ་རང་བཞིན་མེད་པའི་སྐུ་དང་ཡེ་ཤེས་ཀྱང་མེད་ན། ཟུང་འཇུག་གི་ཆོས་སྐད་ཀྱང་འཁྲུལ་བའི་ཀུན་རྫོབ་ནི་མེད་དང་མ་གྲུབ་པ། གཉིས་སྣང་དང་གཉིས་ཆོས་ཟད་པའི་སངས་རྒྱས་སྲིད་པ་སུས་ཀྱང་སྙོན་དུ་མེད་པས། དག་པའི་སྣང་བ་དེ་ཡང་། ཡང་ན་འཁྲུལ་བར་བལྟའམ། གཞན་དུ་དག་པ་རབ་འབྱམས་དེ་མེད་ན་འགོགས་པ་ཙམ་ཞིག་དུའམ། ཡང་ན་སངས་རྒྱས་ཐོབ་ནས་ཆད་པ་ཉག་གཅིག་དུ་གནས་པ་ལས་ཟུང་འཇུག་གི་ཡུལ་མེད་པ་ཞིག་པས་དེ་ལྟར་འཁྲུལ་སྣང་དང་ཟུང་དུ་འཇུག་ན། ཆོས་ཉིད་མ་སྟོང་གི་བར་དུ་འཁོར་བ་མི་སྟོངས་ཏེ། དེ་ལྟ་ན་སངས་རྒྱས་ཀྱང་མེད་པ་དང་། ཡང་ན་སོ་སོ་རང་རིག་གི་ཡེ་ཤེས་དང་འདུ་འབྲལ་མེད་པའི་འགག་མེད་གཏན་མེད་པར་གྱུར་པས། སྤྲོས་བྲལ་དུ་འཇོག་བྱེད་མེད་པའི་སྐྱེ་མེད་ཀྱི་མཐའ་ལ་གོ་མྱོང་ཅན་གྲོག་མཁར་གྱི་ཁ་འཛིན་བྱེད་པས་སྨྲེ་སྔགས་ཤོར་བའི་གཟོབ་པ་ལྷུར་ལེན་དང་། མར་འཁོར་བའི་སྣང་བ་ཚན་དུ་ཕྱེས་ན་ཀྭ་བར་སྣང་བ་འགག་པ་ཡོད་པས་མི་རྟག་པའི་རང་མཚན་ངོམས་དུས། དེའི་རང་བཞིན་སྤྲོས་བྲལ་འགགས་མ་འགགས་ལས་འདས་པ་ཞིག་ཤུལ་དུ་ལུས་དགོས་ལ། དེའི་མ་འགགས་པ་དེ་གང་གིས་བཞག །ཀ་བ་གཞན་ཡོད་པས་ནི་སྔར་གྱི་འགག་མེད་དུ་མི་འགྲོ་བ་རྟ་མ་ཤི་བས་གླང་པོ་མ་ཤི་བར་བཞག་ཏུ་མེད་པ་བཞིན་སྔ་མ་ནི་འགག་པ་མངོན་གྱུར། ཕྱིས་སུ་མི་སྲིད་པ་དང་། འོ་དེ་ཐམས་ཅད་ཀྱང་ཁྱོད་རང་གི་འཁྲུལ་ཙམ་ལས་ཡོད་མ་མྱོང་བས་སྐྱེ་མེད། འཁྲུལ་སྣང་རིས་མེད་དུ་ཤར་བས་འགག་མེད་དུ་བཅོས་ཀྱང་། འཁྲུལ་སྣང་མཐའ་དག་མེད་པའི་སངས་རྒྱས་ནི་ཆད་པ་ཉག་གཅིག་དུ་ཅིས་མ་བལྟས་སམ་དཔྱོད་ཅིག །ཡེ་ཤེས་ཆོས་སྐུའི་ཟག་མེད་ཆོས་རྣམས་དང་། །ལོངས་སྤྱོད་རྫོགས་པའི་མཚན་དཔེ་ཡེ་ཤེས་པ། །སྤྲུལ་སྐུའི་མཛད་པ་ཕྲིན་ལས་ཆད་ལྟ་བས། །ཉམས་ཉེས་འདི་ལ་གསོ་བར་རུང་བས་འཚལ། །ཞེས་བར་སྐབས་ཀྱི་ཚིགས་བཅད་དོ། །

དེ་ལྟར་ན་མི་འགྱུར་བདེ་ཆེན་གྱི་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་པ་ཆེན་པོ་དང་སྟོང་ཆེན་རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཆོས་གསུམ་འདུ་འབྲལ་མེད་པ་ལ་བདག་ཏུ་བཟུང་བས་སྲིད་པར་རྟེན་འབྲེལ་ལུགས་འབྱུང་དུ་འཁོར་བ་གྲུབ་པར་ཤེས་པར་བྱ་དགོས་སོ། །

ཞར་ལ་ཁ་ཅིག་ན་རེ། གཞི་ནི་རང་བཞིན་རྣམ་དག་གི་ཆོས་སྐུ་ཡིན་པས་འཁྲུལ་བ་མེད་པས་མ་རིག་པ་མི་སྲིད་དེ་གང་ནས་བྱུང་ཟེར་བ་དང་། གལ་ཏེ་ལས་རླུང་གིས་བསྐྱོད་དེ་མ་རིག་པ་གཞི་ན་མེད་ཀྱང་ལམ་དུ་བྱུང་སྟེ་ཀ་དག་ལས་གཡོ་སྲིད་ན། ཕྱིས་སངས་རྒྱས་ཀྱང་ཡང་གློ་བུར་གྱི་མ་རིག་པ་དེ་བྱུང་ནས་འཁྲུལ་པར་ཐལ་ཟེར་ནས་གྲོལ་འཁྲུལ་གང་ཡང་མི་རུང་བར་འཛིན་ཀྱང་། ལར་ཆོས་ཉིད་སྤྲོས་བྲལ་ལ་མ་རིག་པ་ཡོད་དམ་མེད། ཡོད་ན་རང་བཞིན་རྣམ་པར་མ་དག །མེད་ན་གང་ནས་བྱུང་སྟེ་འཁྲུལ་བ་མིང་མེད་ལ་ཕྱིན་དྲུག་གི་དཀའ་ཐུབ་ཅི་དགོས། ཆོས་ཉིད་ལ་མེད་ཀྱང་། གང་ཟག་གི་བློ་ངོར་ན་ཡོད་དོ་སྙམ་པ་ལའང་། བློ་དེའི་ངོ་བོ་ཆོས་ཉིད་མ་ཡིན་པར་འགྱུར། ཡང་ན་དྲི་བཅས་སུ་ཐལ། དེ་ལྟར་ན་སོལ་བ་དཀར་པོར་མི་བཏུབ་པས་ཀྱང་རྩོལ་བས་ཅི་བྱ་སྟེ། རིག་པ་ལ་ལྟོས་པའི་མ་རིག་པ་ནི་དཔེར་ན་ལམ་མ་ཤེས་པས་ནོར་བའི་བློ་དེ་ལམ་དེ་དང་བློ་གཉིས་ཆར་གང་གི་ཐོག་ཏུ་ཡོད་པར་བརྟགས་པ་དང་གང་ནའང་ཡོད་དུས་སྤངས་དུ་མེད་དོ། །མེད་ན་མི་སྲིད་དོ། །ཡང་ལས་རླུང་དེ་ལ་ཟད་དུ་ཡོད་ན་ཅི་ལྟོ་སྟེ། དེ་ལམ་ནས་ལྡང་བས་ཆོས་ཉིད་ཀྱི་གཤིས་ལ་གྲུབ་པར་མ་བྱས་པས་སོ། །སླར་ལམ་ཤེས་ཀྱང་ཡང་ནོར་ངེས་པར་ཐལ་ལོ། །དེ་བས་ན་མ་རིག་པ་ནི་རང་སྣང་རང་ངོ་མ་ཤེས་པར་ནོར་བའི་བློ་སྟེ་སྤངས་ན་སྐྱེ་མི་སྲིད་པའོ། །དེ་བས་ན། དེ་ཕྱིར་ཐར་བ་ནོར་བ་ཟད་ཙམ་མོ། །ཞེས་པ་ཡང་ཤིན་ཏུ་འབྲེལ་བར་མཁྱེན་པའོ། །

དོན་བཞི་པ་འཁྲུལ་དུས་ལུས་ལ་གནས་ཚུལ་ལ། དེ་ཡང་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་བསྟན་དོན་རིག་ཁམས་འོད་གསལ་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དེ་ཉིད། སྔགས་ཀྱི་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཏེ། དེ་འདིར་མཐར་ཐུག་པར་སྟོན་པ་འོད་གསལ་རྫོགས་པ་ཆེན་པོ་ཡིན་པས་ན། ད་ལྟ་ལུས་གྲུབ་ཀྱི་དུས་སུ་སྙིང་ཀ་དཔལ་གྱི་བེའུ་ན། འོད་གསལ་གྱི་རྩ་ལ་དྭངས་མ་ཉུང་འབྲུ་ཙམ་ལ་བརྟེན་ནས་གནས་ཏེ། དེའི་ངོ་བོ་སྐུར་གནས་པ་སྟོང་པ་ཆོས་སྐུ། རང་བཞིན་འོད་དུ་གནས་པ་གསལ་བ་ལོངས་སྐུ། ཐུགས་རྗེ་ཡེ་ཤེས་སུ་བཞུགས་པ་སྤྲུལ་སྐུ་སྟེ། ཡེ་ཤེས་སུམ་བརྩེགས་སུ་བཞུགས་པ་ནི། བདེ་བ་འཁོར་ལོའི་རྒྱུད་ལས། རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །སེམས་ཅན་ཀུན་གྱི་ལུས་ནང་ནས། །རང་རིག་རྒྱལ་པོ་ཡེ་ཤེས་ཏེ། །རང་གི་སེམས་ལ་ཡེ་ནས་གནས། །ཞེས་དང་། ཟླ་བ་སྒྲོན་མེ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། མྱང་འདས་ལས། སེམས་ཅན་ཐམས་ཅད་ལུས་ཀྱི་ནང་ན་དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མ་ཇི་ལྟ་བ་ལས་མ་གཡོས་པར་གནས་སོ། །ཞེས་དང་། བརྟགས་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང་། དྲི་མེད་འོད་ལས། སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་དུ་གནས་པ་ནི་ཡེ་ཤེས་སོ། །ཞེས་དང་། སཾ་བྷུ་ཊི་ལས། བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །དེ་ཡི་དབུས་ན་གནས་པའི་ལྷ། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོ་འོད་དང་ལྡན། །རྟག་ཏུ་སྙིང་གི་དཀྱིལ་ན་གནས། །ཞེས་ཅུང་ཟད་བསྡུས་ཀྱང་དོན་དུ་དེ་ལྟར་གསུངས། གཉིས་མེད་རྣམ་རྒྱལ་ལས། །སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་གནས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། །བདེ་གཤེགས་སྙིང་པོར་འཇུག་པ་ཉིད། །ཅེས་དང་། ཕྱག་ཆེན་ཐིག་ལེ་འདུས་པ་ལས། །སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་ཉིད་ཀྱི་ངོ་བོར་གནས། །ཞེས་དང་། རང་ཤར་ལས། སེམས་ཅན་ཀུན་གྱི་རང་རིག་ནི། །སྙིང་གི་དཀྱིལ་ན་གནས་པའོ། །ཞེས་སོགས་གསུངས། དེ་ཡང་ངོ་བོ་བུམ་པའི་སྐུ་ལྟ་བུ། རང་བཞིན་བུམ་ནང་གི་མར་མེ་ལྟ་བུ། ཐུགས་རྗེ་ཉི་མའི་འོད་ཟེར་ལྟར་གནས། གནས་ཚུལ་ཀྱང་སྙིང་ཀ་ན་གདངས་ཀྱི་སྐུ། སྤྱི་བོ་ན་ཟེར་གྱི་སྐུ། རྩ་རྣམས་ན་ཐིག་ལེ་ལ་སོགས་གནས་ས་དང་གནས་ལུགས་ཡོད་ཀྱང་རེ་ཞིག་སྙིང་ཁར་ཡེ་ཤེས་སུམ་བརྩེགས་སུ་བཞུགས་པ་དེ་ཙམ་མོ། །པཎ་ཆེན་དྲི་མེད་བཤེས་གཉེན་གྱིས། སྐུ་ནི་ནང་གསལ་བུམ་སྐུ་ལྷ། །འོད་ནི་བུམ་པའི་མར་མེ་བཞིན། །ཡེ་ཤེས་རྨ་བྱའི་སྒོ་ང་འདྲ། །ཞེས་སོ། །


no previousགཉིས་པ་དེ་ལས་གྲོལ་འཁྲུལ་གྱི་ཚུལ་བཤད་པ།next