Nitartha Digital Library
Tibetan
 
no previousསྐྱོན་གྱི་ཚི་བ་བཅད་པ༔next

སྐྱོན་གྱི་ཚི་བ་བཅད་པ༔

གཉིས་པ་ལ་སྐྱོན་གྱི་ཚི་བ་བཅད་པ༔ ཚད་མས་རྗེས་སུ་བཟུང་པ༔ མགོ་མཚུངས་ཀྱིས་ཚར་བཅད་པ༔ ཡོན་ཏན་གྱི་ཆེ་བ་བརྗོད་པ༔ དགོས་པའི་དོན་གྱིས་མཇུག་སྡུད་པ་དང་ལྔ་ལས༔

དང་པོ་ལ་དགུ་ལས་དང་པོ་བརྒྱུད་པ་མེད་པའི་བརྒལ་ལན་ནི༔ གཏེར་སྟོན་གྱིས་བཏོན་པ་ཐམས་ཅད་ལ་བརྒྱུད་པ་མེད་པའང་མི་འགྲུབ་སྟེ༔ རང་བྱུང་གི་དགེ་སློང་སངས་རྒྱས་བཅོམ་ལྡན་འདས་ལ་བརྒྱུད་པ་མེད་ན༔ ཨོ་རྒྱན་པདྨ་ལའང་མེད་ཀྱང་གྲང་གཞན་དུ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ནི་ངོ་བོ་ཡེ་སངས་རྒྱས་པ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་དང་རྣམ་དབྱེར་མ་མཆིས་པས་ན༔ བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་ནས་ཡང་དུ་ཁོང་རང་གི་སྤྲུལ་སྐུ་ཡིན་པར་ལུང་གིས་བསྔགས་པས་དེ་ལ་བསྙོན་ན་མུ་སྟེགས་པར་ཤེས་སོ༔ དེས་ན་དགོངས་པ་དབྱེར་མེད་པའི་དགོངས་བརྒྱུད་ཚང་པ་དང་༔ ཁྱད་པར་དུ་དཔལ་ཀུན་ཏུ་བཟང་པོ་མན་ཆད་ནས་དགོངས་བརྡ་སྙན་བརྒྱུད་ལེགས་པར་བླངས་ཚུལ་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་མོད༔ གཏེར་སྟོན་གྱིས་ཀྱང་སྐྱེ་བ་གོང་མ་ལ་དེ་ལས་གསན་པའམ་དེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པས་བརྒྱུད་པ་ལེགས་པར་ཚང་ཞིང་༔ སྐྱེ་བ་འདི་ལའང་དངོས་ཉམས་རྨི་ལམ་གང་རུང་ནས་རྗེས་སུ་བཟུང་བས་ཀྱང་བརྒྱུད་པ་ཡོད་ལ༔ གནས་ལུགས་ཀྱི་བདེན་པ་མཐོང་བའི་གང་ཟག་ལ་བརྒྱུད་པ་ཐམས་ཅད་ཅིག་ཆར་དུ་རྫོགས་པར་མ་ཟད་ཤིན་ཏུ་ཉེ་བའང་༔ རྒྱུད་ལས༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ ཅེས་དང་༔ མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་ལས༔ དེས་ན་ཧེ་རུ་ཀ་དཔལ་རྒྱུད༔ སེམས་རྒྱུད་དྲི་མེད་ཡིན་པར་བཤད༔ ཅེས་དང་༔ རྫོགས་ཆེན་ལས༔ རབ་འབྱམས་རིག་པའི་དོན་རྟོགས་ན༔ སངས་རྒྱས་མ་བསྒོམ་གཅིག་ཀྱང་མེད༔ དབང་བསྐུར་མ་རྫོགས་གཅིག་ཀྱང་མེད༔ ཅེས་སོ༔ དེའི་ཕྱིར་ཡང་བརྒྱུད་པ་ཡོད་ལ༔ ཡང་གཏེར་མ་ཐམས་ཅད་ལ་བརྒྱུད་པ་མེད་ན་ནི་འདོན་འོས་པ་ཤིན་ཏུ་དཀོན་དེ་རྒྱུ་མཚན་མགོ་མཚུངས་ལས་གསལ་ཞིང་༔ དཔེར་བྱས་ན་ཚོང་དུས་གྱི་གང་ཟག་མང་པོ་འགྲིམ་པའི་ནོར་བུའང་ཁུངས་རྒྱ་མཚོ་མ་ཡིན་ཞེས་སྨྲ་ན་བཞད་གད་ཀྱི་གནས་སུ་མངོན་པ་དང་འདྲའོ༔ ཡང་གཏེར་ཆོས་ཡིན་པ་དང་ས་ཤིང་རྡོ་ལ་ཐུག་པས་བརྒྱུད་པ་ཆད་ན་ཁྱོད་མ་གཏོགས་བཅོམ་ལྡན་འདས་དང་རྡོ་རྗེ་འཆང་གིས་ཀྱང་དེ་མ་ཤེས་ནས་བབ་ཅོལ་དུ་སྨྲས་པའི་ཚིག་ཡོད་པར་མཆི་སྟེ༔ ཆུ་ཀླུང་རོལ་པའི་མདོ་ལས༔ ང་ཡི་བསྟན་པ་ཐུགས་ཀྱི་གཞུང་༔ ཐུགས་ནས་ཐུགས་ཀྱི་དཀྱིལ་དུ་སྦོས༔ ཡང་ན་ས་ཡི་སྙིང་པོར་བྱ༔ ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད༔ ངེས་དོན་དཀྲུགས་པར་འགྱུར་ཏ་རེ༔ དེའི་ཕྱིར་ཆུ་ཀླུང་རྒྱུན་མི་བཅད༔ ཅེས་བརྒྱུད་པ་མི་འཆད་པར་བཤད་ལ༔ ཡང་དཔལ་མཆོག་དང་པོའི་རྒྱུད་ལས༔ རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་༔ ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས༔ གཏེར་ནས་གཏེར་དུ་ཕྱུངས་ཤིང་སྩོལ༔ ཅེས་གསུངས་སོ༔

གཉིས་པ་ནི༔ ཐམས་ཅད་ཕྱོགས་གཅིག་གི་ཟོལ་ཟོག་ཡིན་པའི་ཚོད་གཞན་སེམས་ཤེས་པ་འདྲ་མ་གཏོགས་ཟིན་པར་དཀའ༔ བཅོམ་ལྡན་འདས་ཀྱིས་ཀྱང་༔ ང་དང་ང་འདྲ་བ་མ་གཏོགས་ཆོས་དང་གང་ཟག་གི་ཚོད་བཟུང་བ་མ་ཡིན་ཏེ༔ ཉམས་ཉེས་སུ་ལྷུང་བའི་ཕྱིར་རོ༔ ཞེས་གསུངས་བས་རྒྱུ་མཚན་མ་ངེས་སོ༔

གསུམ་པ་ནི༔ ཡང་ཚིག་ཚོགས་ཐ་མལ་གྱིས་ཀྱང་ཡང་དག་པ་མིན་པར་བཞག་དཀའ་སྟེ༔ མུ་སྟེགས་པའི་རིག་བྱེད་སོགས་ཀྱང་ཆོས་ཡིན་པར་ཞལ་གྱིས་བཞེས་པ་འདྲ་ཡིན་ནམ་མིན་ཀྱང་རང་གི་རྒྱུད་སྡེ་ཐམས་ཅད་ནས་ཚིག་ལ་རྟོན་པར་མ་གསུངས་ཏེ༔ བདེ་མཆོག་བསྟོད་འགྲེལ་ལས༔ དོན་ལ་རྟོན་པར་བྱ་ཡི་ཚིག་ལ་རྟོན་པར་བྱ་བ་མ་ཡིན་པ་དང་༔ ཞེས་དང་༔ དྲི་མེད་འོད་ལས༔ ཆེན་པོ་རྣམ་དག་ཚིག་ལ་རྟོན་པ་མིན༔ ཡུལ་གྱི་མིང་རྣམས་ཀྱིས་ཀྱང་དོན་ཤེས་ན༔ བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ༔ གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པ༔ བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་༔ ཞེས་སོགས་གསུངས་པའི་ཕྱིར་དེ་ལས་བརྒལ་ན་ནང་པ་མིན་པར་ཤེས་སོ༔

བཞི་པ་དཔྱད་བཟོད་མེད་པར་ཡང་མ་ངེས་ཏེ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཚུར་མཐོང་གི་བློས་དཔྱད་བྱ་ལས་འདས་པས་ཁྱོད་ཀྱི་ཡུལ་མ་ཡིན་ན་རྒྱུ་མཚན་དེས་ཅི་ཡང་མི་འགྲུབ་པར་མ་ཟད༔ བདེ་མཆོག་ཉུང་ངུའི་རྒྱུད་ལས༔ ཟབ་མོའི་ཆོས་ནི་སྟོན་པ་ལ༔ གལ་ཏེ་མོས་པར་མ་གྱུར་ཀྱང་༔ སྨོད་པ་དག་ནི་མི་བྱ་སྟེ༔ ཆོས་ཉིད་བསམ་མི་ཁྱབ་དྲན་བྱ༔ ཞེས་དང་༔ རྣམ་སྣང་མངོན་བྱང་ལས༔ བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ༔ འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་གྱི༔ འདི་དག་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ༔ ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ༔ གསང་པའི་བདག་པོ༔ མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱའོ༔ གཉིས་གང་ཞེ་ན་སེམས་ཅན་དམྱལ་བ་དང་དུད་འགྲོའོ༔ ཞེས་སོ༔

ལྔ་པ༔ སྒྲ་ཚད་མེད་པས་གཏེར་ཆོས་མིན་པ་དང་རྒྱུས་མེད་ཐམས་ཅད་ཡོད་དགོས་པར་ཡང་མ་གྲུབ་སྟེ༔ གཏེར་སྟོན་དང་གཏེར་ཕྲན་ལ་སོགས་སྔོན་སྨོན་ལས་ཀྱིས་འབྲེལ་བས་མིན་ན་སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་ན་གནས་མིན་ཀྱང་གནས་ཡིན་དུ་ཅི་ཕྱིར་མི་མཁྱེན༔ ཐམས་ཅད་ཀྱི་སྒྲས་བཟུང་བའི་ཕྱིར་རོ༔ ཞེས་པ་དང་མཚུངས་སྟེ༔ ཕྱུག་པོ་ཡིན་ན་འཇིག་རྟེན་ཁམས་ཀྱི་ཟས་ནོར་མཐའ་དག་ཅི་ཕྱིར་མི་ཚང་ཞེས་པ་དང་༔ བཅོམ་ལྡན་འདས་ཀྱི་མདོ་སྡེ་རྣམས་ལས་དང་༔ རྡོ་རྗེ་འཆང་གིས་རྟོག་གེ་ལ་གཙོ་བོར་མ་མཛད་པའི་ཕྱིར་རོ༔

དྲུག་པ་ཆགས་ཅན་ལས་ཆགས་བྲལ་ལ་མ་གྲགས་པའང་མི་འཐད་དེ༔ ཀླུ་སྒྲུབ་ཀྱིས་རྒྱས་པ་འབུམ་དང་༔ རྡོ་རྗེ་གུརཿ ཧེ་བཛྲཿ གདན་བཞི་སོགས་བཏོན་པ་དངཿ པཎ་ཆེན་ཤཱཀྱ་ཤྲཱིས་ཆོས་རྒྱལ་བཀའ་ཆེམས་སྐོར་བླང་བ་དང་༔ ཇོ་བོས་ཀ་བ་བུམ་པ་ཅན་ནས་ལྷ་སའི་དཀར་ཆག་དང་གཙུག་ཏོར་གདུགས་དཀར་ལ་སོགས་པའི་རྒྱལ་མཚན་བྱ་བའི་ཆོ་གའི་རིམ་པ་གཏེར་ནས་བཏོན་པའི་ཕྱིར་རོ༔

བདུན་པཿ རྒྱལ་བའི་བཀའ་ལས་ནི་ཤིན་ཏུ་གྲགས་པ་སྟེ་མདོ་དང་སྔགས་གཉིས་ཆར་ན་བསྒྲང་པར་མི་ལང་ཡང་ཅུང་ཟད་ཙམ་འདྲེན་ན༔ མདོ་ལསཿ དོན་ལ་ངེས་པའི་གདེངས་རྙེད་ནཿ སེམས་ལ་ཆོས་གཏེར་འབུམ་ཕྲག་རྡོལཿ ཞེས་དང་༔ མདོ་དགོངས་འདུས་ལསཿ ང་ནི་དུས་གསུམ་བཞུགས་པ་ཡིཿ སངས་རྒྱས་ཀུན་གྱི་སྙིང་པོ་སྟེ༔ སྟོང་པར་སྦས་པའི་དོན་འདི་ལ༔ བརྡ་དང་དཔེས་མཚོན་ལྡེ་མིག་གིས༔ མཉམ་ཉིད་རིག་པའི་གཏེར་སྒོ་ཕྱེས༔ ཞེས་སོ༔ རྒྱུད་ལས་ཀྱང་༔ རིན་ཆེན་སྤུངས་པ་ལས༔ རྒྱུད་དོན་གནས་པའི་གཏེར་སྒོ་ཕྱེས༔ ནམ་མཁའ་མཛོད་གཏེར་ཉིད་ལོངས་སྤྱོད༔ ཅེས་དང་༔ ཡེ་ཤེས་གསང་བའི་རྒྱུད་ལས༔ གསང་བའི་དལ་ལ་ཡེ་ཤེས་གཏེར༔ མདོ་སྔགས་གཏེར་གྱི་མཛོད་འཛིན་ཅིང་༔ རིག་པའི་བསྟན་པ་སྒྲོགས་པའི་བདག༔ ཅེས་སོ༔

བརྒྱད་པ༔ སྐྱེ་བོ་ཀུན་གྱིས་དང་དུ་མི་ལེན་པས་རྣམ་པར་མ་དག་པར་མི་འགྱུར་ཏེ༔ ཀུན་ལ་གྲགས་པའང་ཚད་མ་མིན་པར༔ ཞི་བ་ལྷས༔ དཔེར་ན་བུད་མེད་མི་གཙང་ལ༔ གཙང་སོགས་གྲགས་པ་བཞིན་དུ་རྫུན༔ ཞེས༔ འཇིག་རྟེན་པའི་གཡེམ་ལ་རྒྱུག་ནས་གང་ཟག་ལ་རྟོན་ན་གྲངས་ཅན་སོགས་ཀྱང་ཁས་བླང་པར་རིགས་སོ༔

དགུ་པ༔ སྔོན་བསྐལ་པ་བཟང་དུས་མ་དར་བས་ནི་སུན་ཕྱུང་མི་ནུས་ཏེ༔ བསྟན་པའི་བྱིན་རླབས་མ་ཉམས་པའི་དུས་ན་དེ་ཀས་ཆོག་པས་གཏེར་འདོན་མི་དགོས་ཀྱི༔ ཚོང་དུས་འོ་མ་བཞིན་བསླད་ཞུགས་པ་དང་དམ་ཉམས་འདྲེས་ཁྱེར་གྱིས་བསླད་ནས་སེལ་ཅན་དུ་གྱུར་པ་དང་༔ བརྒྱུད་པར་བར་ཆད་པ་ལ་ཕན་པའི་ཕྱིར་གཏེར་དུ་སྦས་པ་ད་ལྟ་བླང་བ་ལ༔ དཔེར་ན་ཕྱུག་པོའི་བང་མཛོད་ཀྱི་ཟས་དེ་ཟས་ཡིན་ན་སྔོན་ནས་བཟར་རིགས་ཀྱི་བསོགས་བསྐྲུན་བྱས་ནས་ད་དགོས་པའི་དུས་སུ་ཕྱུང་བ་མི་འཐད་ཟེར་བ་དང་ཆོས་མཚུངས་སོ༔ སྔོན་མ་བྱུང་བའང་མ་ཡིན་པས་གཏེར་དུ་སྦས་པ་ཡིན་གྱི་གཞན་དུ་སྦ་རྒྱུ་མེད་དོ༔ རྒྱལ་པོ་ཛཿལ་ཆོས་གཏེར་བབས་པ་དང་༔ སངས་རྒྱས་ཀྱིས་ཀྱང་ཆོས་ཀྱི་སྒོ་མཐའ་ཡས་པའི་མདོ་ལས༔ ཆོས་ཀྱི་སྒོ་མཐའ་ཡས་པ་ན་སངས་རྒྱས་ཀྱི་ཐུགས་ཀྱི་གཏེར་ནས་བྱུང་བ་ཡིན་ནོ༔ ཞེས་བཀའ་ཐམས་ཅད་གཏེར་མར་བསྟན་པས༔ སྙིགས་མའི་དུས་སུ་འབྱུང་བའི་ལུང་བསྟན་ཀྱང་ཡོད་དེ༔ ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས༔ དཔེར་ན་མར་མེ་འཆི་ཁ་རུ༔ འོད་ནི་གསལ་བར་འབྱུང་བར་འགྱུར༔ དེ་བཞིན་ང་ཡི་བསྟན་པའང་༔ ནུབ་ཁར་ཟབ་མོའི་ཆོས་དར་འགྱུར༔ ཞེས་པས་ཀྱང་གསུངས་ཤིན་ཏུ་ཟབ་པར་གྲུབ་བོ༔ འདོན་རྒྱུ་མེད་ནས་ཐབས་ཆག་མིན་པ་ལ་དགོས་པ་མེད་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཀླན་ཀ་འདི་ལས་ཆེ་བ་ཞིག་མེད་དོ༔ ཆོག་འགྲིགས་ལག་ལེན་བསྟན་བཅོས་མཐའ་དག་ལ་དབུ་ཕོག་ཞབས་ཕོག་ལ་འགྲོ་བ་ཡང་མིན་ནམ༔

གཉིས་པ་ཚད་མས་རྗེས་སུ་བཟུང་བ་ལ༔ དང་པོ་བཀའ་ཚད་མ་ལས་བྱུང་བ་ནི༔ སྔར་གྱི་དེ་དག་ཏུ་མ་ཟད་ཏིང་འཛིན་རྒྱལ་པོ་ལས༔ མཁས་པ་རྟག་ཏུ་དགོན་གནས་ཏེ༔ སངས་རྒྱས་གཏེར་དང་ཆོས་ཀྱི་གཏེར༔ ཡེ་ཤེས་གཏེར་དང་མངོན་མཐོའི་གཏེར༔ མངོན་ཤེས་ལྔ་ཡང་མྱུར་དུ་ཐོབ༔ ཅེས་དང་༔ རིན་ཆེན་རྩལ་ཕྲེང་གི་རྒྱུད་ལས༔ ཕྱི་ནང་གྲགས་པའི་ད་ལ་ཀུན༔ ཆོས་ཀྱི་དབྱིངས་ཀྱི་གཏེར་ནས་ཕྱུང་༔ ལྷ་སྔགས་ཆོ་ག་ལས་ཚོགས་དང་༔ ཐམས་ཅད་ཐམས་ཅད་དེ་བཞིན་འབྱུང་༔ ཞེས་དང་༔ ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ལས༔ ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་༔ སྐུ་གསུམ་བསྟན་པ་དར་ཞིང་རྒྱས༔ ཞེས་སོ༔ འཇམ་དཔལ་རྩ་རྒྱུད་ལས༔ སྔོན་ནི་ངས་ནི་གང་བཤད་པའི༔ ཐེག་པ་ཆེན་པོའི་མདོ་སྡེ་ཡང་༔ དེ་ཡི་ཚེ་ན་བུམ་པ་ལས༔ དཀའ་ཐུབ་ཆེན་པོས་འདྲེན་པར་བྱེད༔ ཅེས་སོགས་རབ་ཏུ་མང་པོ་བཀའ་ཚད་མས་བསྟན་པའི་ཕྱིར་དང་༔

གཉིས་པ་རིགས་པས་ཀྱང་གྲུབ་པ་ཉིད་དེ༔ འདི་ལ་ནི་མངོན་སུམ་གྱི་མངོན་ཤེས་མངའ་བ་སངས་རྒྱས་བྱང་སེམས་ཀྱིས་གཟིགས་ནས་གཏེར་བཏོན་པའང་མང་བས་རྗེས་སུ་དཔག་གིས་ཤེས་པའི་ཚད་མའང་ཡོད་ལ༔ ལར་ཀུན་ཏུ་སྨད་པའི་གནས་ཡོ་བྱད་ཀྱི་གཏེར་ཀྱང་ཡོད་ན༔ བསྟན་པ་རིན་པོ་ཆེ་ནུབ་པར་ཕངས་ནས་སངས་རྒྱས་ཀྱི་ཆོས་གཏེར་ཡོད་པ་ནི་སྨོས་ཀྱང་མི་དགོས་ཏེ༔ དུས་གསུམ་སྒྲིབ་བསྟན་པ་འཇིག་པའི་རྒྱུ་དང་༔ དུས་དང་། གང་ཟག་ལ་སོགས་པ མེད་དུ་མཁྱེན་པའི་ཕྱིར་དང་༔ ཕྲིན་ལས་དེ་ལ་གསོ་བའི་ཐབས་དང་། གང་ཟག་འཕགས་པའི་སྐྱེ་བོའི་སྤྲུལ་པ་དང་། གསོ་བའི་བྱ་བྱེད་དང་། རྒྱུན་ཆད་མེད་པའི་ཕྱིར༔ དཔེར་ན་ཕྱུག་པོའི་ཕུག་ནོར་དུ་གསེར་དངུལ་དང་རིན་ཆེན་སྦ་ཡི༔ ས་རྡོ་དང་བོང་བ་མིན་པ་ལྟར་རོ༔ བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས༔ ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་གཏེར་རི་དང་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དེ༔ གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་ཏེ༔ བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ༔ ཞེས་སོ༔

གསུམ་པ་བླ་མའི་མན་ངག་ཚད་མ་ལས་ཀྱང་གཏེར་ཡོད་པར་བཤད་དེ༔ ས་གསུམ་ན་མངོན་པར་མཐོ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་ནས༔ ཁོ་བོ་སྦས་པའི་བརྟུལ་ཞུགས་ཅན་ཡིན༔ སྔོན་ལྷ་མ་སྲིན་འདུལ་བའི་དུས་སུ་བསམ་ཡས་ན་གཏེར་དུ་སྦས་པ་ཡོད༔ དེ་ངའི་སྤྲུལ་པ་ཞིག་གིས་འདོན༔ ཞེས་གསུངས་པ་དང་༔ རྒྱལ་པོའི་བཀའ་ཆེམས་རིམ་གསུམ་རྒྱལ་རབས་དང་བཅས་པ་ནི༔ སྦེད་མཁན་ནི་རྒྱལ་བའི་འབྱུང་གནས༔ རྒྱལ་པོ་ཉིད་ཀྱང་རྒྱལ་བའི་འབྱུང་གནས༔ ཞེས་སོགས་ས་དགེ་རྙིང་གསུམ་ཀུན་གྱིས་ཁས་བླངས་བའི་ཚད་མའི་སྐྱེས་བུ་དེའི་གསུང་གཅིག་པུས་ཆོག་གི་ཏི་ཕུ་པ་སོགས་ཀྱི་ལུང་བསྟན་མང་ཡང་ཡི་གེ་ལ་འཇིགས་སོ༔

གསུམ་པ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱིས་ཚར་བཅད་པ་ནི༔ འོ་དེ་ལྟར་གཏེར་མ་ཐམས་ཅད་བརྒྱུད་པ་མེད་པའི་རྫུན་པ་འདོན་མི་རུང་བ་ཡིན་ན༔ རྒྱུད་བླ་མ༔ ཆོས་ཉིད་རྣམ་འབྱེད༔ རྒྱས་པ་འབུམ༔ འདུས་པ༔ དཔང་སྐོང་༔ ཟ་མ་ཏོག་སོགས་མདོ་རྒྱུད་ཉེར་གཅིག་གིས་མཚོན་མདོ་ཕྱོགས་ལས་ཀྱང་ཤིན་ཏུ་མང་པོ་དང་༔ གདན་བཞི༔ ཀྱཻ་རྡོར༔ གུར༔ མ་ཧཱ་མ་ཡ༔ དམ་པའི་ཞི་བྱེད་ཀྱི་སྐོར༔ རས་ཆུང་གི་རོ་སྙོམས་སྐོར༔ ས་སྐྱའི་ཕུར་པ་རྩ་དུམ༔ འཇམ་དཔལ་རྩ་རྒྱུད༔ མདོ་སྡེ་མཛངས་བླུན༔ བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག༔ རྫོགས་རིམ་རླུང་སེམས་དབྱེར་མེད༔ ཀུ་རུ་ཀུལླེའི་སྒྲུབ་སྐོར༔ སེང་གདོང་སྒྲུབ་སྐོར༔ སེམས་ཁྲིད་ཡིད་བཞིན་ནོར་བུ༔ པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར༔ རྣམ་སྲས་ཀྱི་སྒྲུབ་སྐོར༔ ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག༔ ཐོགས་མེད་ཀྱི་བྱམས་པའི་ཆོས་ལྔ༔ རྗེ་རིན་པོ་ཆེའི་ལམ་རིམ༔ ཇོ་བོའི་ལམ་སྒྲོན་སོགས་བསྟན་བཅོས་ཀུན་དང་བཅས་པའི་ནང་ན་སངས་རྒྱས་ནས་བརྒྱུད་ལུང་ཡོད་མེད་བསམ་ན་མཐར་བརྒྱུད་པ་ཡོད་པ་གཅིག་ཀྱང་མི་འདུག་པར་འགྱུར་བའི་ཕྱིར་དང་༔ དེ་དག་ལུང་ཟིན་ཡིན་པ་རྒྱུ་མཚན་དུ་བཀོད་ན་སངས་རྒྱས་ཀྱིས་ཨོ་རྒྱན༔ དེས་གཏེར་སྟོན༔ དེས་ཡང་སྟོན་དང་གཏེར་ཕྲན་སོགས་ལུང་བསྟན་པ་ལ་བསྔ་བཙན་མ་ཆེ་ན་དང་༔ ཡུལ་སྤྱིའི་བླ་མ་རྣམས་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་ལུང་གིས་བཟུང་བའི་ཕྱིར་ཀྱང་མགོ་མཚུངས་སོ༔ གཞན་ཡང་བྱིན་གྱིས་བརླབས་པའི་བཀའ་ཐམས་ཅད་ལའང་བརྒྱུད་པ་མེད་པར་འདྲེན་པ་ནི་མིག་རྒྱང་ཤིན་ཏུ་ཐུང་ངོ་༔ དེས་ན་འདོན་རྒྱུའི་ཆོས་དང་༔ འདོན་པོའི་གང་ཟག་ཐམས་ཅད་ལ་བསྐུར་པ་བཏབ་པར་ཅིའི་ཕྱིར་མི་འགྱུར་རོ༔ མ་ཟད་སངས་རྒྱས་ཀྱི་གསུང་མདོ་རྒྱུད་ཐམས་ཅད་ཐུགས་གཏེར་ཡིན་པ་དང་༔ གཏེར་ནས་གཏེར་དུ་བྱུང་བ་ཡིན་པས་དྲི་མ་ཅན་དུ་བྱེད་པ་ནི་བདུད་ཀྱི་སྤྲུལ་པའམ་ཤེས་རྒྱུད་བརླམ་པ་ཡིན་པར་ཐེ་ཚོམ་ཅུང་ཟད་ཀྱང་མེད་པས་རང་གིས་རང་ལ་སེལ་འདོད་པ་འདི་གལ་ཤིན་ཏུ་ཆེ་བ་མེད་དུ་མི་རུང་བའོ༔

བཞི་པ་ཡོན་ཏན་གྱི་ཆེ་བ་བརྗོད་པ་ནི༔ བརྒྱུད་པ་ཐག་རུལ་དུ་མ་གྱུར་པ་དང་༔ ཁ་གསལ་བས་སྙིང་རྗེས་བརྩམས་པ་དང་༔ ཨོ་རྒྱན་གྱི་གསུང་ལ་ཕྲི་བསྣན་མེད་པ་དང་༔ རྒྱུད་ལས་འཐོར་བ་བསྡུས༔ གཅུས་པ་བསྲེང་༔ གབ་པ་མངོན་དུ་ཕྱུང་༔ འཁྲུགས་པ་སྡེབས་ནས་མངོན་པར་རྟོགས་པའི་ལག་ལེན་དུ་བྱ་སླ་ལ་ཆོད་ཆེ༔ མདོར་འདུས་ལ་གནད་ཟབ༔ རྟོན་པ་བཞི་ཕྱིན་ཅི་མ་ལོག་པར་བརྒྱུད་པ་ཐག་ཉེ་ཞིང་དམ་སེལ་གྱི་གཡའ་ཡིས་མ་གོས༔ ཆང་ལ་ཆུས་མ་བསླད་པ་ལྟ་བུར་རྣམ་པར་དག་པ༔ ཟས་མི་ལག་མ་བརྒྱུད་པ་ལྟ་བུའི་བྱིན་རླབས་མ་ཉམས་པ་ཞིག་ཡིན་པའི་ཕྱིར༔ མཁས་པ་ཁ་ཅིག་གིས་གཏེར་རྫུན་རེ་ལ་དགོངས་ནས་བཀྱོན་པ༔ གཏེར་སྟོན་བཟང་ངན་ཀུན་ལ་ཀླན་ཀ་འཛུགས་པའི་དོན་གླན་པས་བླུན་པོ་ཆོས་སྐལ་ཆད། གསོར་མི་རུང་བར་འགྱུར་བས་བག་ཟོན་བྱས་ན་བཟང་ངོ་༔

ལྔ་པ་དགོས་པའི་དོན་གྱིས་དེ་ལྟར་བཤད་པའི་མཇུག་བསྡུ་བ་ནི༔ དེ་ལྟ་བུའི་བསྟན་པའི་བཙས་སུ་བཞག་པ་རིན་ཆེན་གཏེར་གྱི་དགོས་པ་ནི༔ སངས་རྒྱས་ཀྱི་བསྟན་པ་ཡུན་རིང་མི་ཉམས་པར་གནས་པ་དང་༔ ཆོས་འདོད་པའི་བྱང་སེམས་རྣམས་ལ་ཆུད་མི་ཟ་བའི་ཕྲིན་ལས་འཇུག་པ་དང་༔ བཀའ་མདོ་རྒྱུད་དཀྲུགས་པ་དང་༔ མུ་སྟེགས་ཀྱིས་གཙུག་ལག་ཆོས་འཁོར་འཇིག་པར་དགོངས་ནས་དེ་དུས་ཕྱག་རྡོར་སོགས་མངོན་ཤེས་ཐོབ་པའི་བྱང་སེམས་ཀྱི་སྤྲུལ་པས་སླར་ཡང་བརྒྱུད་པ་མཐུད་རུང་པ་ལ་དགོངས་ཏེ་ཡིན་ནོ༔ སྔར་དྲངས་པ་ལྟར༔ གཏེར་ནས་གཏེར་དུ་ཕྱུང་ལ་རྩོལ༔ ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད༔ ངེས་དོན་དཀྲུགས་པར་འགྱུར་ཏ་རེ༔ ཞེས་དང་༔ ཆོས་ཡང་དག་པར་སྡུད་པ་ལས༔ གང་གིས་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར༔ ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་བྲིས་ནས་གཏེར་དུ་སྦས་ནས་མཆོད་ན༔ དེས་དེ་ཉིད་བཅུ་ཐོབ་སྟེ༔ ཞེས་སོ༔


no previousསྐྱོན་གྱི་ཚི་བ་བཅད་པ༔next