Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་གསུམ་པ།
   
   
   
   
   


 
previousཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་གསུམ་པ།next

ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་གསུམ་པ།


GLG007_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་གསུམ་པ་བཞུགས་སོ།


GLG007_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་དྲུག་ཅུ་པར་འབྲས་སྤུངས་སུ་བཞུགས་པའི་ཕྱག་དཔེ་ནང་མའི་དཀར་ཆག་དང་ན་བཟའ། གླེགས་ཤིང་། གླེགས་ཐག་དང་བཅས་པ་དངོས་གཙང་བ་བསྒྲུབས་ཤིང་། མགོན་པོ་བསོད་ནམས་མཆོག་ལྡན་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཉང་སྟོན་ཁྲ་ཚང་པ་ཆེན་པོ་བཅས་ཀྱི་རྣམ་ཐར་མཛད་པ་བཅས་ཀྱི་སྐོར།
ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་དཔོན་མོ་བསོད་ནམས་ཆོས་འཛོམ། དགའ་ལྡན་རབ་འབྱམས་པ། གནས་རྙིང་སྤྲུལ་སྐུ། ཡང་དག་སྒྲུབ་མཆོད་ཀྱི་དོན་སྐོར་ལ་གསེར་གླིང་བླ་མ་དང་གཉེར་པ་སོགས་ཁ་ཤས་དང་ཕྲད་ཅིང་དཔོན་མོ་བྲོ་འཚལ་བར་མགོན་པོ་ཕྱག་དྲུག་པའི་བཀའ་བསྒོ་བྱས། རི་ཁྲོད་དགའ་ལྡན་ཟུར་པ་བློ་བཟང་རྣམ་རྒྱལ་གོང་དཀར་ཆོས་སྡེར་ཆོས་ཉན་པའི་མཐུན་རྐྱེན་དགོས་ཚུལ་བྱུང་བ་ལྟར་ཇ་མར་འབྲུ་འཛིན་མདོ་པ་ཆོས་རྗེར་བསྐུར། ཚེས་གཉིས་ལ་གོང་དཀར་དཀོན་གཉེར་དཔོན་གྲ་བཅས་ཀྱིས་མཁའ་འགྲོ་མ་འགྲོ་བ་བཟང་མོ་ལུགས་ཀྱི་བརྟན་བཞུགས་ཀྱི་ཚེ་ཆོག་དང་འབྲེལ་བའི་རྟེན་འབྲེལ་བསྒྲིགས་ཤིང་བདོག་པ་སྤེལ། ཞར་ལ་བསྟན་པ་སྤྱི་རིམ་དུ་གདུགས་དཀར་གྱི་མདོས་ཆེན་ཞག་བཅུར་བཙུགས་པའི་རྒྱབ་ཆོས་བྲག་དབར་བ་བརྒྱས་གདུགས་དཀར་འགྲོ་གང་ཆེ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་སྒྲུབ་མཆོད་གནང་དུས་མེ་ཏོག་གི་ཆར་བབས་པའི་བདེ་མཆོག་གི་དཀྱིལ་


GLG007_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སོགས་ཀྱི་ཞུ་རྟེན་བཅས་དགོས་ཚུལ་བཞིན་ཚ་རོང་རྗེ་དྲུང་ནམ་འཚོའི་བར་ཁོང་རང་གི་མཐུན་རྐྱེན་དང་། སླད་མར་གཞིས་རྩེ་གསོ་རིག་སློབ་གྲ་དྲང་སྲོང་འདུས་པའི་གླིང་གི་སྨན་བླའི་མདོ་ཆོག་གི་ཐེབས་སུ་ཚ་རོང་པ་བརྒྱུད་བཅས་ལ་ལྷ་བྲིས་པ་ཆོས་དབྱིངས་ཀྱི་འཛིན་ཤུལ་སེར་ཁྱིམ་དགོན་བཀྲ་ཤིས་ཆོས་སྡིངས་མི་གྲ་ཡོང་འབབ་དང་བཅས་པ་འཇགས་གནས་བགྱིས། འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེའི་ཕྱི་རྟེན་དུ་རིན་འབྱུང་གི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དང་། རྒྱུད་པ་དགེ་སློང་ཟླ་བ་གྲགས་པའི་ངོར་གསོལ་འདེབས་བྲིས། ཚེས་བདུན་ལ་སྟག་རྩེ་སྡེ་པ་ལྷ་རྒྱལ་རབ་བརྟན་བྱོན་པའི་དཀར་དྲོའི་སྤོམ་འབུལ་བཏེག །ཁལ་ཁ་ཨོ་རོད་ཀྱི་མི་སྣ་རྣམས་ལ་ཐོན་གདོང་གི་ཇ་གྲལ་བཏང་། གུང་ཐང་རབ་འབྱམས་པ་བཤེས་གཉེན་རྣམ་རྒྱལ་དོལ་དགའ་ལྡན་གསུང་རབ་གླིང་གི་སློབ་དཔོན་དུ་འགྲོ་བར་ཚད་མ་ར་བ་སྟོད་པའི་ལུགས་ལ་ཊཱིཀྐའི་ས་བཅད་ཐར་ལམ་གསལ་བྱེད་དང་འབྲུ་བསྣོན་གྲ་ཊཱིཀ །


GLG007_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཕར་གཉིས་ཀྱི་དོགས་སེལ་གང་དགོས་རྣམ་བཤད་དགོངས་པ་རབ་གསལ་དང་སྙིང་པོ་རྒྱན། མཛོད་ཀྱི་དོགས་མ་ཆོད་པ་གཞུང་ལུགས་འབུམ་ཕྲག་བརྒྱ་པ་དངོས་གྲུབ་དཔལ་འབར་གྱི་ཡིག་ཆ། འདུལ་བ་སྐྱེད་ཚལ་བའི་ལུང་རིགས་གཏེར་མཛོད་ནས་བྱས་ན་ལེགས་ཚུལ་རྒྱུ་མཚན་ལབ། སྤེན་པ་སྣར་མའི་འགྲུབ་སྦྱོར་གྱི་སྐར་འཛིན་ཁྱད་ནས་ཅོ་ནེ་ཆོས་རྗེར་ཨོ་རོད་ལ་བསྐུར་རྒྱུའི་ཡི་གེ་རྣམས་སྤྲད་ཅིང་རྒྱུ་མཚན་རགས་རིམ་གླེང་། གསང་སྔགས་ཕོ་བྲང་གི་ཆོས་སྐྱོང་རྣམས་ཀྱི་ཐུག་ཤིང་ཅུང་ཟད་རུལ་བས་གསར་སྤོའི་དོ་དམ་ལ་མཆོད་དཔོན་པ་ཅན་བཏང་བ་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲངས་བཅད་ཀྱིས་ཚེས་གསུམ་མིག་དམར་དབྱུ་གུའི་འགྲུབ་སྦྱོར་ནས་འགོ་བརྩམས། ཚེས་བརྒྱད་ལ་ཐུག་ཆོག་དང་བཅས་རྒྱས་པར་བཙུགས། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་འཁྲུངས་རབས་གྲ་ཚར་བཞེང་བའི་ལྷ་བཀོད། སྐུ་སོ་སོའི་མངོན་རྟོགས་ཀྱི་དཔེ། རྟེན་ཆུང་ངུ་རྣམས་ལ་གཞུག་པའི་གཟུངས་སོགས་ལེན་མི་བྱུང་བ་ཞིབ་ཆའི་ཁ་གསལ་དང་བཅས་བསྐུར། གདན་ས་གོང་ནས་ཞབས་དྲུང་རིན་པོ་ཆེའི་བཀའ་ཤོག་ཏུ་བར་པ་ཁག་གི་མི་སྣ་ལྷོར་གཏོང་རྩིས་ཕག་རི་རྫོང་སྡོད་དང་དམག་དཔོན་རྣམས་ཀྱིས་འགྲོ་མ་བཅུག་པ་བཏང་ཆོག་པ་དགོས་ཚུལ་འདུག་པ་སྡེ་པར་མོལ་ཞིང་མཆོད་ཡོན་རྣམས་བཀའ་བགྲོས་པའི་ལྷོ་འབྲུག་ཧམ་པ་ཆེ་དྲགས་གཤིས་ཚད་ལྡན་མི་ཡོང་དགོངས་པའི་མཛད་བཞེད་མི་འདུག་རུང་ལྷོ་བོད་ཚང་མར་བཏུབ་པའི་རྡོ་ཁ་ཅི་འདྲ་གནང་གི་དྲི་སྐོར་མཛད་རྩིས་འདུག་པ་དེ་མཚུངས་ཀྱི་བཀའ་ལན་ཕུལ། ཚེས་བཅུ་ལ་རྫིང་ཕྱི་མཁན་ལས་ཐོག་པ་ཅོ་ནེ་ཆོས་རྗེ། ཀླུ་འབུམ་ཆོས་རྗེ། བློ་


GLG007_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལེགས་ལྡན་ཆུ་ཤུར་ཐར་པ་གླིང་གི་བླ་མར་འགྲོ་རྒྱུ་སོགས་ལ་གྲུབ་རྒྱལ་ལུགས་ལྷ་གཅིག་བུམ་གཅིག་གི་ཚེ་དབང་། རྟ་མགྲིན་སྐྱེར་སྒང་ལུགས་དང་ཕྱག་དྲུག་པ་གཉིས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། འཇམ་དབྱངས་ཨ་ར་པ་ཙ་ན། ཁྱུང་ཁྲ། སྨེ་བརྩེགས་གསུམ་གྱི་རྗེས་གནང་བྱས། དེ་ཉིན་འཚོ་བྱེད་ངག་དབང་ལྷག་བསམ་ཅན་ལྔ་བསྙེན་རྫོགས་སུ་བསྒྲུབས། སྔར་རྒྱ་གར་རྡོ་རྗེ་གདན་གྱིས་གཙོས་གནས་བསྐོར་བའི་བྱ་ཚང་ཆོས་མཛད་བསྟན་འཛིན་དབང་པོས་འདི་གའི་རིང་འཚོ་ལ་དམིགས་པའི་ཚེ་དཔག་མེད། རྣམ་རྒྱལ་མ། སྒྲོལ་དཀར་གསུམ་གྱི་བསྙེན་པ་དང་དེ་གྲུབ་བསྟུན་ཟབ་ལམ་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་ལེན་ལ་ཆིག་དྲིལ་དུ་ཚེ་མཚམས་བྱེད་པའི་དམ་བཅའ་བྱས་སོང་བ་དབང་པོ་རབ་འབྲིང་གི་གྲོལ་ལུགས་མ་བྱུང་ཡང་ཉིང་འཚམས་མཁའ་སྤྱོད་དུ་ཟང་ཐལ་ལེར་འགྲོ་འདོད་པར་སེམས། དབུས་གཙང་དྭགས་ཀོང་རྫོང་དཀར་སྐྱིད་གྲོང་བཅས་པའི་དགོན་རབ་འབྲིང་མཐའ་གསུམ་གར་མང་ཇ་བསྔོ་རྟེན་དེབ་ཤར་མ། དབུས་ཁུལ་ཨང་དང་དགེ་འདུན་བཅུ་རེ། གཉིས་པར་བཅུ་གཉིས་རེར་རྒྱ་ཁམས་ཀྱི་ཁྱད་པར་ཙམ་ལས་དངུལ་སྲང་རེ། གསུམ་པར་མི་རེར་འབྲུ་གཤོར་ཁལ་རེའི་གོང་རྒྱབ་ཀྱི་དཔུས་ཆ། གཙང་ཡར་འབྲོག་ལྷོ་བྲག་ཀོང་ལོང་བཅས་པའི་ཨང་དང་དགེ་འདུན་བཅུ་གཉིས་རེ། གཉིས་པར་བཅུ་བཞི་རེར་དངུལ་དཔུས་གོང་འདྲ། གསུམ་པར་གཏོང་ལུགས་གོང་མཚུངས་ཁྱོན་རྒྱ་དངུལ་སྲང་བཞི་སྟོང་སོ་དྲུག །ཁམས་དངུལ་སྲང་ཉིས་སྟོང་ཉིས་བརྒྱ་བཅུ་དགུ །དཔུས་ཆར་གཤོར་ཁལ་ཉི་ཁྲི་དགུ་སྟོང་བརྒྱ་བརྒྱད་སོང་བ་མྱང་འདས་གསུམ་


GLG007_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་རུང་དུ་སེམས་བསྐྱེད་ན་དེ་འབྲས་འབྱིན་པར་ངེས་ཀྱང་གནས་སྐབས་འདོད་སྲེད་ཀྱི་རོ་ལ་ཞེན་པས་བསྐོར་ལུགས་མི་གཅིག་པ་མ་གཏོགས་འཁོར་བ་འདི་གའི་བརྟན་བཞུགས་སུ་སོང་ངམ་སྙམ། ཚེས་བཅུ་གསུམ་ལ་ཅོ་ནེ་ཆོས་རྗེ་སྦྱིན་པ་དར་རྒྱས་ཞེས་སོག་པོ་རྣམས་རྡོ་རྗེ་འཆང་དུ་བརྩི་བ་དེའི་སྐུ་སྐྱེ་ཨོ་ཆིར་དྷ་ར་ཁུ་ཐུག་ཐུ། ཨེ་ཆི་ག་ཆོས་རྗེ། ཨོ་ཆིར་ཐའི་ཇི་སོགས་ཀྱིས་དངུལ་གྱི་མཎྜལ། གསེར་མདོང་གཅིག་དང་དངུལ་མདོང་དྲུག །ཐ་ཕག་དྲུག །དངུལ་ཁོག །ཇ་གོས་དར་གྱིས་ཐོག་དྲངས་སྟོང་འབུལ་དུ་གྲགས་པའི་རྙེད་པ་སྟེར་བྱིན་ལ་བསྔོ་སྨོན་གྱི་མཚམས་སྦྱོར་ཤི་གསོན་ཀུན་ལ་ཕན་རེ་བྱས། དེ་དང་ཕྱོགས་མཚུངས་སུ་རྒྱ་ཤོད་བན་སྒར་བླ་མ། སྨྱུང་གནས་རས་ཆེན་གྱི་སྐྱེ་བ། འབྲུག་ཕྱག་མཛོད་ངག་དབང་ཡེ་ཤེས། ལྷ་རི་བླ་མར་ཐོན་པའི་དཀའ་བཅུ་བསམ་གཏན་རྒྱ་མཚོ་རྣམས་དང་ཕྲད་ཅིང་འབྲུག་ཕྱག་མཛོད་ར་ལུང་ནས་ཡོང་ཞོར་བདེ་ཆེན་ཆོས་འཁོར་དུ་ཡོངས་འཛིན་སྤྲུལ་སྐུས་ཕྱག་ཆེན་སོགས་ཀྱི་ཆོས་མང་པོ་གྲ་བཙུན་འགའ་ཆབ་སྒོར་བཞག་པར་སྐྱིད་སྦུག་སྐུ་སྐྱེས་གསུང་ཚབ་བྱས་ནས་བསྒྱུར་གྱིན་འདུག་ཟེར་བ་སངས་རྒྱས་ཀྱི་དུས་ཞལ་ནས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་གསུམ་ལས་མ་བྱུང་ཡང་གསུང་བརྒྱུད་བསྒྱུར་གྱི་བཀའ་ཞིག་ཀྱང་བྱུང་བས་ཉི་མའི་གཉེན་གྱི་གྲལ་འགོར་ཕེབས་ཆོག་རིགས་སུ་འདུག་ཀྱང་འཁྲིད་པ་རེ་རེ་བཞིན་ནས་རྟོགས་པ་བཞེད་པ་སོགས་འབྲུག་ལུགས་ཀྱི་ཕྱག་ལེན་སྨིན་པོ་དེ་སྐྱིད་སྦུག་པས་བར་བཅད་དེ་མ་བྱུང་བ་འདྲའོ། །ཚེས་བཅུ་དྲུག་གི་ཉིན་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོ། རྒྱལ་མོ། མི་བཟང་སོགས་


GLG007_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཤས་ལ་ཇ་གྲལ་དང་ཞལ་ངོ་རྣམས་ལ་རྐྱེན་སེལ་དུ་རྟ་མགྲིན་ཞབས་བརྒྱད་པའི་བྱིན་རླབས་ཕུལ། གསེར་མདོང་ཞོ་ཉིས་སྟོང་ལྔ་བརྒྱ་བཞི་བཅུ་ཡོད་པ་དང་དངུལ་ལྔ་བཅུ་མ་བཞིས་གཙོས་མང་དུ་བསྟར་བ་བླ་མ་ཚོའི་ཆོས་ཚོང་འདི་ལ་ཁེ་གྱོང་སྣ་ཚོགས་ཡོང་འདུག་ཀྱང་ཁེ་བའི་ཚད་ཅིག་བྱུང་། ཁལ་ཁ་རབ་བརྟན་ཧུང་ཐའི་ཇིའི་ཤུལ་མི་དཔོན་མོ་དགེ་ཚུལ་མ་གཉིས་སྲས་བཅས། དེ་གའི་ཆོས་རྗེ་གཉིས་བསམ་ཡས་ནས་ཆོས་རྒྱལ་ཆེན་པོའི་སྐུ་ཁོག་རྣམས་དང་ཕྲད་ཅིང་ཆོས་སྐྱོང་གི་ཆེ་བར་བསམས་བྱུར་ཀོང་གི་སྟེར་བྱ་སོགས་བདག་རྐྱེན་གང་ལེགས་བྱས། གྲ་ཚང་གི་གྲ་པ་མང་ཙམ་གྱིས་དཀྱིལ་འཁོར་བྲིས་ཐིག་སྦྱོང་བའི་དབུ་བཙུགས། གསུང་སྙན་རྫོགས་ཆེན་སྤྲུལ་སྐུའི་སྐུ་སྐྱེ་མྱུར་འབྱོན་གྱི་བདེན་ཚིག་དབོན་པོའི་འདོད་པ་བཞིན་བཀོད། དགའ་ལྡན་ཕུན་གླིང་གི་གྲ་པ་བློ་བཟང་ཡོན་ཏན་གྱིས་གསར་རྩོམ་གྱི་མཛོད་དང་བྲག་གདོང་ཆོས་མཛད་བློ་བཟང་ཚེ་དབང་གིས་གྲ་ཚང་གི་ཞལ་འདོན་ཤོག་གྲངས་ལྔ་བརྒྱ་སྐོར་གྱི་རྒྱུགས་སྤྲད། ལྷོ་མོས་གཞིས་ཀར། ཁྱབ་བདག་ཞ་ལུ་པ་ཆེན་པོས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཉམས་ལེན་གསུང་ངག་སློབ་བཤད་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་ཆོས་འཁོར་བསྐོར་བར་ཉེ་བས་ཉེར་གཉིས་ཀྱི་ཉིན་གནས་གསར་དབོན་རིན་པོ་ཆེ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། འདར་པ་རྗེ་དྲུང་བློ་གསལ་བསྟན་འཛིན། གོང་དཀར་གནས་གསར་འཇམ་དབྱངས་བསྟན་འཛིན་གསུམ་ལ་ཕོགས་སོགས་མཐུན་རྐྱེན། ཉམས་ལེན་ལ་ཆིག་དྲིལ་དགོས་པའི་བསླབ་བྱ། དགྱེས་མཛད་རྡོ་རྗེ་དང་ཆོས་སྐྱོང་གཉིས་ཀྱི་སྒོ་ནས་བྱིན་རླབས་བཀའ་བསྒོའི་


GLG007_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་བསྟར། གསས་ཁང་དགོན་པ་བས་ཡུམ་རྒྱས་པ་རེ་གསུམ་དང་སྒྲོལ་མ་ཤེར་སྙིང་སོ་སོར་བདུན་སྟོང་ལྔ་བརྒྱ་རེ། འདི་གའི་ཚོགས་གསོག་ལ་མངའ་རིས་རྫོང་དཀར་དུ་དགའ་ལྡན་འཕེལ་གླིང་བ། ངམ་རིང་དུ་བསམ་གྲུབ་དགའ་ལྡན་པ་དང་ཡ་ག་ཆོས་སྡིངས་པ་བསྒྲིལ་བ། ཤེལ་དཀར་དུ་ཆོས་སྡེ་བ། ལྷ་རྩེར་དགའ་ལྡན་འོག་མིན་གླིང་པ། རྣམ་གླིང་དུ་དགའ་ལྡན་ཆོས་འཁོར་བ། གཞིས་རྩེར་གངས་ཅན་ཆོས་འཕེལ་བ་དང་མྱུག་ཆོས་གླིང་པ་རྣམས་སོ་སོར་དགེ་འདུན་བརྒྱ་རེས་བཀའ་འགྱུར་ཚར་བརྒྱ་དང་ལྔ། དགའ་ལྡན་ཕུན་གླིང་དུ་དགེ་འདུན་བརྒྱས་དཀོན་བརྩེགས་དང་ཕལ་ཆེན་གྱིས་ཐོག་དྲངས་མདོ་མང་ཚར་དྲུག་ཅུ། གཞིས་རྩེར་ངོར་པ་ལྔ་བཅུས་ཞག་བཅོ་ལྔའི་བར་ཚེ་དཔག་མེད་འཆི་བདག་འཇོམས་པའི་སྒྲུབ་མཆོད་དང་འབྲེལ་བའི་འཆི་བླུ། རིན་སྤུངས་སུ་བྱམས་ཆེན་པ་བརྒྱས་ཡུམ་རྒྱས་པ་དང་བསྐལ་བཟང་བརྒྱ་རྩ་རེ། གོང་དཀར་དུ་ཐོད་རི་བ་བརྒྱས་མཚན་བརྗོད་འབུམ། ཆོས་སྡེ་བ་ལྔ་བཅུས་ཟླ་གཅིག་བར་རྣམ་རྒྱལ་སྟོང་མཆོད། ཨེ་ཝཾ་ལྕོག་སྒར་བ་བཅུས་ཞག་བཅོ་ལྔའི་བར་རྒྱལ་བཙན་གྱི་མདོས། འཕྱོང་རྒྱས་སུ་རི་བོ་བདེ་ཆེན་པ་བརྒྱས་རྒྱུད་འབུམ་ཚར་དྲུག་ཅུ་དང་ཉི་ཁྲི་བརྒྱ་རྩ། དཔལ་རི་བས་ཁྲོ་རོལ་དང་ཉིན་ལྔའི་བར་རྒྱལ་བཙན་གྱི་མདོས། ཕོ་བྲང་དུ་རི་བོ་ཆོས་གླིང་པ་དང་དར་རྒྱས་གླིང་པ་བསྒྲིལ་བ་བརྒྱས་གདུགས་དཀར་འབུམ། བཀྲ་ཤིས་ཆོས་སྡེ་བ་ལྔ་བཅུས་ཟླ་གཅིག་བར་སྒྲོལ་དཀར་གྱི་བཟླས་བརྗོད། གཡུལ་རྒྱལ་ལྷུན་རྩེར་སྡེ་དྲུག་ནས་རགས་བསྡུས་བརྒྱས་ཟླ་གཅིག་བར་ཚེ་གཟུངས། དྭགས་པོ་སྐུ་རབ་རྣམ་རྒྱལ་དུ་དགའ་ལྡན་རབ་


GLG007_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་བརྒྱས་རིལ་སྒྲུབ་དང་འབྲེལ་བའི་མ་ཎི་དུང་། ཆོས་འཁོར་རྒྱལ་དུ་ཇ་ཚུལ་བཅོ་ལྔའི་ཐོག་སྒྲོལ་མ་འགྲོ་གང་ཆེ། དགའ་ཚལ་དུ་དམག་ཟོར་མའི་བསྐང་བ་ཁྲི། གུར་ཞལ། བེག་ཙེ། པུ་ཏྲ་གསུམ་ལ་སྟོང་། དེ་ཕྱིན་ཆོས་སྐྱོང་སོ་སོར་བརྒྱ་རེ། མཐིལ་དུ་ཕྱག་དྲུག་པ། ལས་གཤིན། རྣམ་སྲས་གསུམ་ལ་སྟོང་། སེར་འབྲས་སུ་ཇ་ཚུལ་བཅུ་རེར་དམིགས་བརྩེ་མ་འགྲོ་གང་ཆེ། ལྷ་སར་གསས་ཁང་པ་བརྒྱས་བརྒྱད་སྟོང་པ་ཆིག་སྟོང་། གྲ་ཏོག་གསེར་གསུམ་དང་གཟུངས་བསྡུས་སོ་སོར་བརྒྱ་རེ། དབུས་གཙང་གི་མཆོད་རྟེན་བརྒྱར་ཞིག་གསོས། སྐུ་དཀར། ཅོད་པན། གཟུངས། རབ་གནས། ལས་བྱེད་འུ་ལག་ལ་གླ་ལྟོ། ཡང་རྗོང་དུ་རྡོ་རྗེ་བྲག་པ། མཆིམས་ཕུར་དཔལ་རི་བ། ཤེལ་བྲག་ཏུ་ཨྱོན་སྨིན་གྲོལ་གླིང་པ། ཆུ་བོ་རིར་ཚེ་ཆུ་སྒྲུབ་སྡེ་གསར་མ་བ། མཁར་ཆུར་གནས་གཞི་བ། ཟབ་ཕུར་སྒྲོལ་མ་བ། བཀྲ་བཟང་དུ་རང་གྲ་རྣམས་སོ་སོ་ནས་ཞག་ལྔའི་བར་ཚོགས་བརྒྱ། ཞང་སྟོན་པས་ས་བདག་འཁྲུགས་བཅོས་དང་ཀླུ་བཅོས། ཕ་བོང་ཁའི་དགེ་སློང་བཅུས་ཀླུ་གཏོར། ལྷ་སར་བདེ་ཡངས་པ་ལྔ་བཅུས་ཞག་བཅོ་ལྔའི་བར་སྤྱན་འདྲེན་ཁྲུས་གསོལ། བཟང་སྤྱོད། ལྟུང་བཤགས། སྨན་བླ་རྣམས་གང་འགྲོ། སེམས་ཅན་གསོད་སར་ཁྲིད་པ་སུམ་བརྒྱའི་སྲོག་བླུ། བཙོན་དོང་ཐར་ལྔ་རྣམས་དང་། སྡེ་པའི་སྐུ་རིམ་ལ་མཁར་རྩེར་ཐང་སག་པ་བརྒྱས་བཀའ་འགྱུར་བཅུ།འབུམ་ཉི་ཤུ། བསྐལ་བཟང་བརྒྱ། ལྷ་སར་ཡེར་པ་བ་བརྒྱས་གདུགས་དཀར་ཁྲི། ཤེར་སྙིང་འབུམ། ཚེ་


GLG007_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་གང་འགྲོ། ལྷ་རྩེར་ཐུབ་བསྟན་དགེ་འཕེལ་བ་དང་བསམ་གྲུབ་དགོན་གསར་བ་བསྒྲིལ་བ་བརྒྱས་མཚན་བརྗོད་འབུམ། འཕྱོང་རྒྱས་སུ་སྐྱེས་ལྷ་ཡུལ་ལྷ་དགྲ་ལྷ་ལ་སོགས་ལ་གསོལ་མཆོད། རྒྱལ་དུ་དམག་ཟོར་མའི་བསྐང་བ་ཁྲི། ལྷ་སར་སྒྲོལ་དཀར་བརྒྱ་ཐང་། ཞང་སྟོན་པས་དགྲ་ལྷའི་སྤང་མཁར། དགྲ་སྲི་མནན་པ། དགྲ་སྒྲུབ། ཐེའུ་བྲང་ཡུལ་འདྲེ་བཟློག་པ་སོགས་གང་སྨིན་ཀྱི་ཁྱབ་ཆ་བགྱིས། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་གཙོས་གྲངས་བཅད་ཀྱིས་ཞག་བཅུ་བདུན་བར་གཤིན་རྗེ་དམར་པོའི་མནན་ཟོར་ཉམས་སུ་བསྟར། མཚལ་གྱི་དཔོན་ས་ཧོར་མོ་འདས་པའི་བསྔོ་རྟེན་འབྱོར་དོན་ལྟར་བྱང་ཆུབ་ཀྱི་རྒྱུར་རྒྱས་བཏབ། ནག་ཟླའི་མགོན་པོ་ཆེ་ཆུང་གི་མཆོད་གཏོར་རྒྱས་པའི་འཇུག་ཏུ་བསྐང་བ་ཞག་སྦྲེལ་དུ་བཙུགས། ཚེས་བཅུ་གསུམ་གྱི་གུང་གི་བཞུགས་གྲལ་ཐོག་ཅུང་ཝང་གི་མི་སྣ་ཐོན་གདོང་གི་རྫོང་བདའ་བགྱིད་སྐབས་མི་སྣ་རྒན་པས་སྔོན་རྒྱ་ནག་རྒྱལ་པོ་ཡོང་འུས་ཐང་ཀ་ཞིག་བྲིས། དེ་ལ་རྒྱས་བཏབ་ནས་འདིའི་རྒྱ་སུས་བཤིག་པའི་དུས་རྒྱལ་ས་འཆོར་བས་མ་བཤིག་ཅེས་པའི་ཁ་ཆེམས་བཞག་པར་བརྟེན་མི་རབས་བདུན་ཙམ་གྱི་བར་བཤིག་མཁན་མ་བྱུང་ཡང་ཁྲུང་ཅི་རྒྱལ་པོས་བཤིག་པས་ཐང་ཀར་མན་ཇུའི་མི་ལ་རྒྱ་ནག་གི་ཟན་འདྲེན་ཅིང་འདུད་པའི་ཚུལ་འདུག་པ་དེ་འདྲའི་རྟེན་འབྲེལ་གྱིས་རྒྱས་སའང་ཤོར་ཚུལ་སོགས་གཏམ་ངོ་མཚར་ཅན་འགའ་གླེང་བར་སྣང་། མི་སྣ་རྒན་པར་རྣམ་རྒྱལ་མའི་སྐུ་ཐང་དང་གཞོན་པར་ངེད་རང་གི་འདྲ་འབག་བྱིན། བྱམས་པས་དམ་བཅས་པ་དང་བྱམས་སྨན་གྱི་ལུང་བཀླགས། དེ་དང་ཕྱོགས་མཐུན་དུ་མི་སྣར་རབ་འབྱམས་


GLG007_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱ་མཚོ་རྣམ་རྒྱལ་དང་འཇམ་དབྱངས་འོད་ཟེར་གཉིས་བཏང་བའི་གཞོན་པ་ཅན་གཉིས་བསྙེན་རྫོགས་དང་དགེ་ཚུལ་གཉིས་བསྒྲུབས། དེ་ཉིན་སེམས་དཔའ་སྤྲུལ་སྐུ། རྒྱལ་ལེགས་བཤད་གླིང་ཟུར་པ། སྟག་ལུང་ལྷུན་གྲུབ་རྫོང་པ། ལྷ་རྩེ། སྙེ་ནང་འཕེལ་རྒྱས་གླིང་གཉིས་ཀྱི་སློབ་དཔོན། འཇམ་མགོན་སྐུ་སྐྱེ། གོན་ཇོ་དབུ་མཛད། གཡོན་རུ་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་གཏིང་སྐྱེས་ཚོགས་གསོག་པ་ཕུན་ཚོགས་རྒྱ་མཚོ། དོན་གྲུབ་རྒྱལ་མཚན། དར་ཁན་དབོན་པོ་རྣམས་དང་ཕྲད་ཅིང་གོན་ཇོ་དབུ་མཛད་ཀྱིས་རྟ་དགུ་དང་དྲེའུ་བཅུ་གསུམ་གྱི་ཕྱག་རྟེན་བསྟར། ཚེས་བཅུ་བཞི་ལ་དགའ་ལྡན་ཧུང་ཐའི་ཇིས་ཚོགས་ཆས་སོགས་ཡོན་རྒྱ་ཆེར་སྦྱར་བའི་རིང་འཚོའི་རྟེན་འབྱུང་དུ་གྲ་ཚང་ནས་ཚེ་ཆོག་མཛད། སྟེར་བྱའི་ཁྲོད་དུ་བི་ཆི་ཡི་ཆི་དགེ་སློང་རྒྱ་ནག་ཏུ་ཚོང་ལ་བཏང་སྐབས་དངུལ་སྲང་སྟོང་ཕྲག་གསུམ་ཙམ་སྤྲད་ནས་གསང་ཐབས་སུ་ཉོས་པའི་འཕྲུལ་སྒམ་དུ་གྲགས་པ་ཙནྡན། བྱང་ཆུབ་ཤིང་། གསེར་དངུལ། གཡུ་རྩི་སོགས་ལས་གྲུབ་པའི་ཁང་བཟང་ནང་ཆུ་བྲག་ལྗོན་ཤིང་ལོ་འབྲས་དུད་པས་མཛེས་པ་མདུན་གྱི་འཁོར་ལོ་བསྐོར་བས་འོག་ཁྱམས་ཀྱི་སྐོར་ལམ་ཆུ་རིས་ཀྱི་ཐོག་མི་ཆུང་གྲུ་གཟིངས་གཏོང་བ། བར་ཐོག་ཀ་ཕེབས་ནང་རྔ་སྦུག །འཁར་རྔ། དུང་སོགས་རོལ་མོ་སྣ་ཚོགས་འཁྲོལ་ཞིང་སྟེང་རྩེར་གདུགས་རྒྱལ་མཚན་བ་དན་བསྒྲེང་བས་མཚོན་སེམས་ལྡན་གྱིས་དངོས་སུ་བྱས་པ་བས་ཀྱང་ཆེས་ཆེར་ཚར་དུ་དངར་བ་དུས་གཅིག་ཏུ་མངོན་སུམ་ལ་ཡོང་བའི་རྫུ་འཕྲུལ་རྨད་དུ་བྱུང་བ་སྔོན་ཆད་ཕྱོགས་འདིར་མ་གྲགས་པའི་ཡ་མཚན་པ་མཆིས། ལྷ་རྩེ་ཆོས་སྡེ་


GLG007_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་འབྱུང་བསྒྲིག་པར་བྱོན་ཞོར་ལྷ་སར་སྨན་བླ་ཆིག་ཁྲི་བརྒྱད་སྟོང་། ཚེ་གཟུངས་བཞི་འབུམ་བདུན་ཁྲི་ལྔ་སྟོང་ལྔ་བརྒྱ། ཚེས་བཅུ་བདུན་ནས་ཡང་ཟབ་ཀྱི་རྡོ་རྗེ་གྲོ་བོ་ལོད་ཀྱི་བཟླས་བསྙེན་འཇུར་བར་བགྱིས།འདི་གའི་དཔེ་ཆ་ནང་མའི་གྲས་རྣམས་འབྲས་སྤུངས་སུ་སྡོད་སྐབས་ཐོ་སྒྲིགས་ལམ་ཙམ་གྲུབ་པ་ལ་ཞིབ་ཆ་བྱེད་དགོས་ཚོ་སྡེ་པ་ཆེན་མོ་སྐུ་གཤེགས་པ་སོགས་ཟིན་མེད་ཀྱི་གཡེང་བ་ཆུ་གཉེར་ལྟར་གྱིས་གནས་བརྟན་དན་འབག་པའི་ཆོས་བཞིན་ལུས་པ་འདི་སྐབས་དགེ་སློང་འཇམ་དབྱངས་གྲགས་པ་དང་དཔལ་གྲོང་སྔགས་རམས་པ་གཉིས་ཀྱིས་ནང་ནས་གྲ་བསྒྲིག་དང་ཕྱིར་འདོན་བྱས་པ་དཀར་ཆག་དང་བསྟུན་པའི་ཚང་མ་ཚང་གིས་མཚོན་ཞིབ་ཆའི་གྲ་བསྒྲིག་འདར་བ་ལོ་ཆེན་དང་རྣམ་གླིང་པཎ་ཆེན་གཉིས་ཀྱིས་བྱས་ཏེ་གླེགས་བམ་བདུན་བརྒྱ་སྐོར་ལ་ཏཱ་ཤུན་ནམ་ལིང་། གོས་ཆེན། མ་ཧཉྩེ། ལ་ཐ་སོགས་ན་བཟའ་བཞི་བརྩེགས། སི་ཏ་ཧུ་དང་སྟོང་སྐུད་ཁྲ་ལྷས་ཀྱིས་གཙོས་གླེགས་ཐག་གླེགས་ཤིང་བཅས་དངོས་གཙང་བ་བསྒྲུབས། དགའ་གདོང་སྔགས་རམས་པས་ཐོག་དྲངས་གྲ་པ་དགུས་བདུན་བཞིའི་བར་འཇམ་དཔལ་མེའི་སྤུ་གྲིའི་སྲུང་བཟློག་བསད་མནན་ཆ་ལག་ཤིན་ཏུ་ཚང་བ་རྗེ་བཙུན་རཏྣའི་ཕྱག་བཞེས་འཁྲུལ་མེད་དུ་བཙུགས། བསྟན་འཛིན་ད་ལའི་རྒྱལ་པོས་པཎ་ཆེན་དགེ་འདུན་གྲུབ་པའི་འཁྲུངས་རབས་གྲ་ཚར་བཞེང་བར་མཛད་པའི་རྒྱབ་ཡིག །དཔོན་ཚང་ཚ་རོང་པས་བསྐུལ་ངོར་དྲང་སྲོང་འདུས་པའི་གླིང་གི་བཅའ་ཡིག །གྲོང་སྨད་ཀྱི་དེབ་བཞིའི་འགོ་བརྗོད། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས་ཀྱི་བཀས་བསྐུལ་བའི་རིང་འཚོའི་ཚིགས་བཅད། ཁྱབ་


GLG007_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྨན་ལུང་པའི་སྐུའི་སྐོར་ལ་ཆོས་རྗེ་ངག་དབང་ཐུབ་བསྟན་པ་དྲི་རྨེད་ལ་བྱུང་བར་མཚན་ངག་དབང་ཤཱཀྱ་བློ་མཆོག་དང་བརྟན་བཞུགས་ཀྱི་ཚིགས་བཅད་རྣམས་བྲིས།ལྷ་རྩེ་དགའ་ལྡན་འོག་མིན་གླིང་གི་གྲ་པ་བློ་བཟང་དོན་ཡོད། དམ་ཆོས་རྒྱ་མཚོ། དགེ་ལེགས་རྒྱ་མཚོ། ངག་དབང་རྒྱ་མཚོ། སྨོན་ལམ་རྒྱ་མཚོ། སེང་གེ་ལུང་པ་ངག་དབང་རྒྱ་མཚོ་རྣམས་ཀྱིས་དབུ་ཕར་གསར་བརྩོམ་ཡོངས་རྫོགས། བཀྲ་ཤིས་རྒྱ་མཚོས་ཕར་ཕྱིན་དང་དབུ་མ་སེམས་བསྐྱེད་དྲུག་པ་ཡན། བསྟན་པ་ཕུན་ཚོགས་དང་དགའ་ལྡན་བསྟན་འཛིན་གྱིས་དབུ་མ་དང་ཕར་ཕྱིན་སྐབས་དང་པོ། ཡེ་ཤེས་རྒྱ་མཚོས་དབུ་ཕར་ཐལ་ཕྲེང་། ཚུལ་ཁྲིམས་བསྟན་པས་ཕར་ཕྱིན་དང་དབུ་མ་སེམས་བསྐྱེད་དང་པོ། བསྟན་འཛིན་ཆོས་བཟང་དང་ཚུལ་ཁྲིམས་རྒྱ་མཚོས་དབུ་མ་དང་ཕར་ཕྱིན་ཐལ་ཕྲེང་། ངག་དབང་ཆོས་གྲགས་དང་ཚུལ་ཁྲིམས་རྒྱ་མཚོས་དབུ་མ། བཤེས་གཉེན་རྒྱ་མཚོ། ཆོས་འཕེལ་བསྟན་པ། དཔལ་འབྱོར་རྒྱ་མཚོ། ངག་དབང་བསྟན་པ། བཀྲ་ཤིས་ཆོས་འཕེལ། དགའ་ལྡན་བློ་བཟང་རྣམས་ཀྱིས་དབུ་མ། གཏིང་སྐྱེས་དགའ་ལྡན་རྩེའི་གྲ་པ་དགེ་སློང་ཤཱཀྱ་བསྟན་འཛིན་དང་དགེ་སློང་ཤཱཀྱ་ཕུན་ཚོགས་གཉིས་ཀྱིས་བྱམས་ཆོས་སྡེ་ལྔ་རྣམས་ཀྱི་རྒྱུགས་སྤྲད། ཧོར་ཟླ་བཞི་པའི་ཚེས་གཉིས་ནས་རིམ་བཞིན་ཆོས་སྡེ་ཆེན་པོ་འབྲས་སྤུངས། སེ་ར་ཐེག་ཆེན་གླིང་། འཕན་ཡུལ་གསས་ཁང་དགོན། ལྷ་རྩེ་ཆོས་སྡེ་བ། རྨེ་རུ་བ་རྣམས་ཀྱིས་


GLG007_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་ལུགས་དང་འབྲེལ་བའི་ཞལ་འདོན་བདོག་པ་གྱ་ནོམ་པ་དང་། རྟ་ཚག་རྗེ་དྲུང་གིས་ཡོ་བྱད་བཟང་པོ་སྦྱར་ཏེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ། བསྟན་འཛིན་ད་ལའི་རྒྱལ་པོ་དང་གྲ་ཚང་སོ་སོ་ནས་སྒྲུབ་མཆོད་ཁ་སྐོང་ཚོགས་ཆས་ཟང་ཟིང་གི་དངོས་པོ་བཅས་རིང་འཚོའི་རྟེན་འབྱུང་སྨིན་རྒྱས་དང་གདན་ས་གོང་ནས་བདེན་བརྗོད་ཀྱི་བཀའ་ཤོག་གནང་ཆ་བཅས་པ་དང་གྲ་ཚང་དུ་མང་ཇ་གསེར་འགྱེད་སྩལ། དཔལ་འཁོར་ཆོས་སྡེའི་མཁན་ཆེན་ཁ་རབ་པ། རི་ཁྲོད་དགའ་ལྡན་ཟུར་བ་བློ་བཟང་རྣམ་རྒྱལ། གསེར་སྡིངས་བླ་མ། ཐོར་གོད་རྒྱ་མཚོ་དགེ་ཚུལ་མ། ཨེར་ཁེ་དའི་ཆིང་། ཨེར་ཏེ་ནི་ཧུང་ཐའི་ཇི། ཁལ་ཁ་སེ་ཆེན་ཇི་ནོང་། ས་སྐྱོང་མེར་གན་ཐའི་ཇི་དང་བཞིའི་མི་སྣ་གདན་ས་འོག་གི་བཙུན་མོ། སྟག་རྩེ་ཐའི་ཇི། ཅོ་ནི་ཆོས་རྗེའི་སྐུ་སྐྱེ། བྲག་ཡག་སངས་རྒྱས་བཀྲ་ཤིས་ཀྱི་སྐུ་སྐྱེ། བར་ཏ་བློ་བཟང་སྤུན་སོགས་བོད་སོག་གི་ཕྲད་མི་མང་བ་བྱུང་ཞིང་གཞིས་ཀ་ཤར་ཨ་གུར་སྤུན་ཁྱོ་ཤུགས་ཀྱིས་དཀར་དྲོ་བཏེག །ཨོ་ཆིར་དྷ་རས་གཙོས་བསྙེན་རྫོགས་ང་གཉིས་དང་དགེ་ཚུལ་ཉེར་ལྔ་བསྒྲུབས། བདེ་ཆེན་ཆོས་འཁོར་སྤྲུལ་སྐུ་གཤེགས་པའི་མངའ་བདག་ཉང་གི་ཕྱག་སྦུག་ཡིན་ཟེར་བ་འབྱོར་དོན་བཞིན་བྱང་ཆུབ་མཆོག་གི་རྒྱུར་བསྔོས། སྤྲེལ་ཟླའི་ཚེས་བཅུ་འདི་ལ་ཧོར་ཟླ་ལྔ་པ་དྲུག་པ་བདུན་པ་གསུམ་ལ་ངོས་འཛིན་ལུགས་ཀྱང་སྣ་ཚོགས་པས་མཐའ་གཅིག་ཏུ་མ་ངེས་ཤིང་ལྔ་པར་ཞོད་འགོ་ཚུགས་པའི་ཆར་གཅོད་སོགས་མངས་ན་ཐན་སྐྱོན་བྱུང་དོགས་ཀྱིས་འདི་ལོ་ནས་བཟུང་སྔ་


GLG007_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྣུར་གྱི་གར་འཆམས་རྒྱས་པར་བསྟར། ལྷ་རྩེ་ཆོས་སྡེ་བ་ཚོར་སྨན་བླ་སྤྲུལ་སྐུ་མཐོ་བརྩེགས་ཀྱི་རྗེས་གནང་། ཕྱག་དྲུག་པའི་དབང་བཞི་བྱིན་རླབས། ཞལ་སྔ་ནས་སྟག་ལུང་བྲག་པའི་ཉམས་བཞེས་དཀོན་ཅོག་ཆོས་འཕེལ་གྱི་གསུང་རྒྱུན་བཞིན་དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་དམིགས་སྐོར། རྟ་ཚག་རྗེ་དྲུང་། དགའ་ལྡན་རྩེ་ཤར་གྱི་ཆོས་རྗེ། ལྷ་རྩེ་བླ་མ། ཁལ་ཁ་ཨོ་ཆིར་དྷ་ར་སོགས་བོད་སོག་བཞི་བཅུ་སྐོར་ལ་སྨན་བླ་སྤྲུལ་སྐུ། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། འཇམ་དཀར་གཙོ་འཁོར་ལྔ་པ། ཞུ་མི་དེ་རྣམས་ཀྱི་ཐོག་གྲ་ཚང་གི་གྲ་པ་བརྒྱ་སྐོར་ལ་རྣམ་འཇོམས་ལྗང་སྔོན་བ་རི་ལུགས། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐུན་མོང་བ་བརྒྱུད་པ་བདུན་ལྡན། གུར་ནས་བཤད་པའི་འབྱུང་འདུལ། འཇམ་དབྱངས་ཆོས་སྐོར་ནང་གི་ལས་གཤིན་ཕྱི་སྒྲུབ། ཕྱག་དྲུག་པའི་དབང་བཞི་བྱིན་རླབས། ཚེ་དབང་གྲུབ་རྒྱལ་མ་རྣམས་བསྐུར། ལྷ་རྩེ་ཆོས་སྡེ་བ་དྲུག་གིས་གཙོས་བསྙེན་རྫོགས་བརྒྱ་དང་སོ་གཉིས། དགེ་ཚུལ་གཉིས་རྣམས་ལ་སྡོམ་པ་ཕབ། འདི་གའི་རྐྱེན་སེལ་ཆེད་དུ་ལྷ་སར་སྒོ་འགྱེད་ལ་དུད་རེར་ཏཱ་ཚཱ་ཉག་དོ་རེའི་རྩིས་ལ་སྦག་བརྒྱ་དང་བརྒྱད། ངན་སློང་ལ་སྦག་བརྒྱད། རྫོང་གཞིས་ཁག་རྣམས་བསྡོམས་པར་བཀའ་འགྱུར་བརྒྱ་དང་དྲུག །བརྒྱད་སྟོང་པ་ཆིག་སྟོང་། གཟུངས་བསྡུས་དང་གསེར་འོད་བརྒྱ་རྩ། མཚན་བརྗོད་ཉིས་འབུམ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ། སྨན་བླ་བཞི་ཁྲི་ལྔ་སྟོང་བཞི་བརྒྱ། རྣམ་རྒྱལ་སྟོང་མཆོད། སེང་གེ་སྒྲའི་སྒྲུབ་མཆོད། གདུགས་དཀར་


GLG007_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་འབུམ་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ། སྒྲོལ་མ་ཆིག་འབུམ་བདུན་ཁྲི་ཉིས་སྟོང་བརྒྱད་བརྒྱ། ཤེར་སྙིང་ཆིག་འབུམ་སུམ་ཁྲི་བདུན་སྟོང་བཞི་བརྒྱ། ཚེ་གཟུངས་ས་ཡ་གསུམ་དང་དྲུག་འབུམ་དྲུག་ཁྲི། ཚེ་ཆོག་ཁག་ལྔ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་བརྒྱ་མཆོད་རྣམ་ལྔ། གསེར་ཆབ། སྙན་ཤལ། སྤྱན་འདྲེན། ཁྲུས་གསོལ། ཕ་བོང་ཁ། ཡེར་བ། ཀ་ཚལ། ཡོམ་བུ། མཁོ་མཐིང་། གཙང་འགྲམ། བུ་ཆུ། གྲོམ་པ་རྒྱང་། བྱམས་སྤྲིན་རྣམས་སུ་ཉེར་སྤྱོད་སྣ་ལྔ་ལྔ་བཅུ་ཚར། སྙན་ཤལ། སྤྱན་འདྲེན། ཁྲུས་གསོལ། མཆིམས་བུ། ཡང་རྫོང་། ཤེལ་འབྲག །ཆུ་བོ་རི། མཁར་ཆུ། གཏེར་སྒྲོམ། ཟབ་ཕུ། བཀྲ་བཟང་རྣམས་སུ་ཚོགས་བརྒྱ། སཱཙྪ་འབུམ་ལྔ། སྲོང་བཙན་དུ་བསྐང་བ་བརྒྱ། ཡེར་པའི་མཆོད་རྟེན་ཚོར་སྐུ་དཀར་དར་ལྕོག །ཕྱུགས་ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ། ཀླུ་སྦུག་ཏུ་ཕ་བོང་ཁ་པ་བཞིས་ཟླ་གཅིག་བར་ཀླུ་གཏོར། སྡེ་པའི་སྐུ་རིམ་ལ་འབུམ་བརྒྱ། བརྒྱད་སྟོང་། བསྐལ་བཟང་། མཚན་བརྒྱ། དཔང་སྐོང་རྣམས་ཉིས་བརྒྱ་རེ། གཟུངས་བསྡུས་ང་བརྒྱད། དཀོན་བརྩེགས་རེ་ལྔ། ཉི་ཁྲི་དོན་གསུམ། མཚན་བརྗོད་བདུན་བརྒྱ། གདུགས་དཀར་སུམ་སྟོང་བདུན་བརྒྱ། སྒྲོལ་མ་སུམ་འབུམ་དྲུག་སྟོང་བརྒྱད་བརྒྱ། ཤེར་སྙིང་ཉིས་སྟོང་བཞི་བརྒྱ། ཚེ་གཟུངས་ཉིས་འབུམ་ཉི་ཁྲི་དགུ་སྟོང་། གྲ་ཚང་དུ་དམག་ཟོར་མའི་བསྐང་བརྒྱ། གནས་ཆུང་དུ་གསོལ་མཆོད་ཟབ་རྒྱས། མཆོད་རྟེན་སུམ་ཅུར་སྐུ་དཀར་དར་ལྕོག །ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་དར་ཆེན། བསྟན་སྲིད་སྤྱི་རིམ་ལ། རྡོ་རྗེ་བྲག །དཔལ་རི། སྨྲ་བོ་ལྕོག །བྲག་ལ་བ། སྒྲོལ་མ་བ། ཆུ་མིག་པ། བྲག་དཀར་ཆུ་བཟང་པ། ནུབ་དགོན་པ་རྣམས་ཀྱིས་དགྲ་མནན། དྲག་པོའི་གཏོར་བཟློག །ཞི་བའི་སྦྱིན་སྲེག །དགྲ་


GLG007_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དཔངས་བསྟོད། ཝེར་མ་མཆོད་པ། སྲིད་པའི་ལྷ་ཆེན། རྗེའི་མགུར་ལྷ། འབངས་ཀྱི་སྲོག་ལྷ། བསྟན་མ་བཅུ་གཉིས་རྣམས་ལ་གསོལ་མཆོད་འདོད་གསོལ་དང་བཅས་པ། རྒྱལ་གསོལ། གདུགས་དཀར་མདོས་ཆེན། ཡིག་དྲུག་དུང་བཞི་བཅུ། འདི་ལོ་ནས་བཟུང་བསྐལ་པ་མ་སྟོངས་བར་ས་ག་ཟླ་བའི་ཚེས་བདུན་ནས་བཅོ་ལྔའི་བར་འབྲས་ཡུལ་སྐྱེད་ཚལ་བར་སྨན་བླ་རྒྱུན་བཙུགས། ཆུ་བོ་རིའི་སྨན་ཆབ་ཞག་ལྔ་བསྟེན་ཅིང་སེ་ཆེན་དབོན་པོས་རྟ་དྲུག་ཅུ་བྱིན། གྲ་ཚང་དུ་སྲིད་གསུམ་བདག་མོ་མདོས་མཆོད་འབུམ་གྱིས་དགྱེས་པ་བསྐངས། ལྷུན་གྲུབ་རྫོང་ནས་སྡེ་པ་ཆོས་སྲིད་སྙུང་གཞི་ཁ་མི་འཆམ་པའི་གཏམ་སྣ་ཚོགས་དང་བཅས་གཤེགས་པར་སྤྱི་སྒེར་གྱི་སྨོན་ལམ་རྟེན་འབྱོར་པ་ལྟར་དགོངས་པ་རྫོགས་པའི་བསྔོ་བ་ཡང་དག་བགྱིས། ཐང་པོ་ཆེ་དང་ཁྲ་འབྲུག་ཏུ་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ། བསམ་ཡས་པེ་ཀར་ལྕོག་ཞིག་གསོས་ཀྱི་ཐོག་མར་ཆོས་སྐྱོང་ཕེབས་པར་ཟུར་ཁང་པ་དོན་གྲུབ་དབང་རྒྱལ། ལ་མོར་དཀར་བྲག་པ་ངག་དབང་བྱམས་པ་གསུམ་བཏང་བའི་སོ་སོར་ཕྲིན་གསོལ་ཚིགས་བཅད་སྤྱན་གཟིགས་ཚོགས་འཁོར་དང་བཅས་བཟབས་རྒྱས་སུ་སྤེལ། སྐྱེད་ཚལ་མཁན་ཟུར་པ་བྱམས་པ་ངག་དབང་བསྟན་འཛིན་ལྷོ་མོས་སུ་གནས་མལ་ཕོགས་སོགས་མཐུན་རྐྱེན་སྦྱར་ནས་ཨཥྚའི་བསྙེན་ཆེན་བཏང་བ་གྲུབ་ཅིང་ཁ་སྐོང་གི་སྦྱིན་སྲེག་འཕྲལ་ཟིན་ལེགས་པས་དགོས་ཆ་ཡོང་ཚུལ་མོལ་ཡང་རྟོག་གེ་རྒན་པོའི་སཱཙྪ་པར་གཅིག་གི་ནང་དུ་རང་གཞན་ཐམས་ཅད་ཀྱི་གཟུགས་བརྙན་ཞེས་འཆར་བ་ཆོས་ཉིད་ནས་སླར་རྩེས་དང་རང་དུ་མཛད་རྒྱུའི་ཁུལ་གྱི་བསྟི་གནས་སུ་བཞུད། དབུ་མཛད་བློ་བཟང་ཡོན་


GLG007_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་ངོར་ཁལ་ཁ་རྒྱལ་པོའི་གསོལ་མཆོད། ཆོས་རྗེ་བཅོ་བརྒྱད་པ། གནས་གསར་དབོན་རིན་པོ་ཆེ། ལྕགས་ཟམ་རྗེ་དྲུང་གསུམ་གྱིས་ལྷོ་མོས་སུ་ཁྱབ་བདག་ཞ་ལུ་པར་བརྟན་བཞུགས་འབུལ་བར་སྒྲོལ་དཀར་ལ་བརྟེན་པའི་ཆོ་ག་འཆི་བླུ་དང་འབྲེལ་བ། བློ་གྲོས་དཔལ་འབྱོར་གྱི་ངོར་བླ་མ་ཆོས་གྲགས་རྒྱལ་མཚན་དང་བློ་བཟང་པདྨའི་གསོལ་འདེབས། དབོན་པོ་ཆོས་དབྱིངས་ཀྱིས་རྫོགས་ཆེན་སྤྲུལ་སྐུའི་དགོངས་རྫོགས་སུ་བསྒྲུབས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་ཡང་སྲིད་མྱུར་འབྱོན་གྱི་སྨོན་ལམ་འདོད་སྦྱར། ཧོར་ཟླ་ལྔ་པའི་ནང་དུ་གཏེར་སྒྲོམ་ཆུ་ཚན་བླངས་པའི་འཕྲོད་བསྟེན་ཞག་ཤས་བསྟར། ནག་ཟླའི་ཉེར་གཉིས་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཐོག་ཚར་ཆེན། རྗེ་དབང་རབ་ཁུ་དབོན། མཁན་ཆེན་ཞ་ལུ་པ་དང་བཞིའི་རྣམ་ཐར་གྱི་མཆོད་བརྗོད་སོགས་དབུ་བཙུགས་པའི་སྐར་འཛིན་ངོས་ཐོག་མར་ཟླ་བ་འདིའི་ཚེས་གསུམ་གྱི་ཉིན་ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་བཀའ་འགྱུར་བ་ཆེན་པོའི་རྣམ་ཐར་དད་པའི་རླབས་ཕྲེང་ཚིག་དོན་གཉིས་ཀ་ལེགས་ཁུལ་འདི། ཁྱབ་བདག་ཞ་ལུ་པ་ཆེན་པོའི་བཀའ་དང་གནས་གསར་བ་མཁྱེན་རབ་བློ་ལྡན་དང་མཁྱེན་རབ་རྣམ་རྒྱལ་གཉིས་ཀྱིས་ས་བོན་དང་བཅས་བསྐུལ་བའི་རྐྱེན་དང་རང་ཉིད་ཀྱི་དད་པའི་རྒྱུ་འཚོགས་པའི་སྟེང་། བཅོ་བརྒྱད་ཆོས་རྗེ་དབོན་རིན་པོ་ཆེ་ནམ་མཁའ་བསོད་ནམས་དབང་རྒྱལ། ལྕགས་ཟམ་རྗེ་དྲུང་གསུམ་གྱི་ལམ་འབྲས་ཁ་སྐོང་དུ་རིམ་གྱིས་གྲུབ་པར་བགྱིས། དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཀའ་འགྱུར་བཞེངས་པའི་ཚེ་པོ་ཏི་སོ་སོའི་མཇུག་ཏུ་འབྲི་རྒྱུའི་སྨོན་ལམ། སྒྱིད་ཐང་ནོར་བུས་དད་རྟེན་བཞེངས་པའི་རྒྱབ་ཡིག །ཟུར་ཐམས་ཅད་མཁྱེན་པའི་སྐུ་སྐྱེའི་


GLG007_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་སུ་བཞག་པའི་ཕྱག་དཔེ་རྣམས་ལ་སླར་ཡང་ཞིབ་བརྩིས་ཀྱི་ཐོ་བཀོད་དང་འགོ་བརྗོད། ཁྱབ་བདག་ཞ་ལུ་པ་ཆེན་པོའི་བཀའ་གནང་བཞིན་རིན་པོ་ཆེ་བཅོ་བརྒྱད་པ། ཞབས་དྲུང་དབོན་རིན་པོ་ཆེ། ལྕགས་ཟམ་རྗེ་དྲུང་གསུམ་གྱི་བརྟན་བཞུགས་ཚིགས་བཅད། རྒྱལ་སྐོར་བསོད་ནམས་དབང་པོས་འཇམ་དབྱངས་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག །འཕྱོང་རྒྱས་མགར་ཚང་པ་ངག་དབང་ནམ་མཁས་དད་རྟེན་དུ་འདྲ་འབག་བཞེངས་པའི་རྒྱབ་ཡིག །བདེ་ཆེན་ཆོས་འཁོར་གྲ་རིས་རྣམས་ཀྱི་ངོར་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ། ཕ་བོང་ཁ་གདན་ས་པ་འཇམ་དབྱངས་གྲགས་པས་པར་སྐུ་མང་དུ་བཞེངས་པའི་བསྔོ་སྨོན། འདྲེས་ལྔ་ཆུ་སྐོར་བ་ངག་དབང་འཕྲིན་ལས་ཀྱིས་རྒྱལ་བ་བཙོང་ཁ་པའི་གསེར་སྐུ་བཞེངས་པའི་རྒྱབ་ཡིག །ལྕག་སྡིག་གི་ཐོད་སྐུ་ལ་བརྟེན་པའི་ཟིལ་གནོན་བསྙེན་ཐབས་རེག་ཟིག་མཁའ་འགྲོའི་ཁ་རླངས་དང་རབ་གནས་ཆོ་ག་ཉི་མའི་གཟི་འབར། འཆི་བདག་བྱེ་བ་དགུ་རིངས་ཀྱི་འཕྲིན་ལས་རྣམས་བཀོད། སྙིང་ཐང་དགོན་བླ་མས་རྟ་ཉེར་གཅིག་བྱིན། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གསང་བདག་དངོས་དང་དབྱེར་མེད་པའི་བོད་འབངས་སྤྱི་བྱེ་བྲག་གི་ཕན་བདེའི་འབྱུང་གནས་དང་རྒྱལ་བ་བཙོང་ཁ་པ་ཆེན་པོ་ཐུགས་ཡིད་གཅིག་འདྲེས་ཀྱི་རང་བསྟན་དར་བའི་རྟེན་འབྲེལ་གྱི་སྒོ་ཕྱེ་ཡང་བན་པ་ཐེག་ཕྱིའི་གཙུག་ལག་ཁང་འདི་སྤྱི་རྟ་སྒལ་རལ་དུ་སོང་བའི་རྗེ་མི་ལའི་ཡབ་བཞིས་ལྟ་བུར་གྱུར་པར་ཞིག་གསོས་རིམ་གྲུབ་ཀྱི་མུས་སངས་རྒྱས་སུམ་ཅུ་རྩ་ལྔ་གསོ་བྲན། ལྡེབས་རིས་སུ་ཚེ་དཔག་མེད་ཀྱི་སྟོང་སྐུ། བདེར་གཤེགས་


GLG007_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། མཛད་བཅུ། བདེ་བ་ཅན་གྱི་ཞིང་བཀོད། གནས་བཅུ། མཚན་བརྒྱད། ཤུད་བུ་བ་ལས་ཀྱི་རྡོ་རྗེ་དང་རྒྱལ་བ་བཙོང་ཁ་བ་ཆེན་པོའི་རྣམ་ཐར་བཅས་བསྐྲུན་པའི་དོ་དམ་ལྷ་རྩེ་ལྷ་ཁང་པའི་བཙུན་པ། བྲིས་འབུར་གཉིས་ཡོང་བའི་ལྷ་བཟོ་ལྷ་ཁང་སྐུ་སྐྱེ་ཅན་བཞིས་ཟླ་བ་གསུམ་སོང་བར་གླ་ཡོན་རྒྱས་པས་བསྙེན། གྲ་ས་ཕན་ཚུན་དུ་ཇ་ཚུལ་ཉེར་ལྔ་རེ། ཡོན་སྣོན་གྲ་པ་རེར་འབལ་སྲན་ཁལ་རེ། ཡོན་དགེ་འདུན་བཅུ་དྲུག་རེ་ལ་ཡ་ཇུ་བར་ཁག་རེ་བཏང་བར་ཁོར་དྲུག་ང་བརྒྱད་སོང་། ཞལ་འདོན་ཤེར་སྙིང་དྲུག་འབུམ་ལྔ་སྟོང་བདུན་བརྒྱ། ཀོང་པོ་གྲོ་ཁང་སྟེང་པར་ཆོས་གཞིས་ཞན་པའི་ས་སྣོན་དུ་རྩེ་ལ་སྒང་ནས་ཤས་ཞིང་བདུན་བརྒྱ་ཐོན་པའི་ས་འབྱེད། ཚོང་འདུས་ནས་བཤན་པ་བྱ་ཁྲིད་མིག་གཅིག་པ་གཡའ་རི་གོང་དུ་བྱོན་ནས་ལོ་གསུམ་མི་ཡོང་གསུང་བ་ལོ་ངོ་གསུམ་གྱི་ཐོག་ཁོག་པ་གསར་དུ་བཙལ་པར་ལྷ་མི་དགའ་སྟོན་གྱི་དང་པོར་ཚིགས་བཅད་འཕྲིན་གསོལ་ཚོགས་འཁོར་སྤྱན་གཟིགས་དང་བཅས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་མངགས། ཚེས་བཅུ་གཅིག་ལ་སའི་ཚངས་པ་བསྟན་འཛིན་ད་ལའི་རྒྱལ་པོ་འཁོར་བཅས་དབྱར་གྱི་རིང་འདམ་དུ་བཞུགས་པར་འབྱོན་པ་ལ་འབངས་བཅས་ལྔ་བརྒྱ་སྐོར་ལ་ལག་པའི་འདེགས་འཇོག་དང་ཞལ་ངོ་རྣམས་ལ་བཀའ་བསྒོ་སྲུང་མདུད་ཕུལ། གཞན་ཡང་རྒྱལ་མོ་ནོ་མུན་དྷ་ར། གསེར་མདོག་ཅན་མཁན་པོ། མལ་དྲོ་འཆད་ཀ་བླ་མ། ཐོས་བསམ་དར་རྒྱས་གླིང་བླ་མ། ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུ་སོགས་བོད་སོག་ལྔ་བརྒྱ་སྐོར་དང་ཕྲད། དེ་ཉིན་མེ་ཏོག་གི་ཆར་ཁ་བ་ལྟར་བབས་ཟེར་བ་དངོས་སུ་མ་མཐོང་ཡང་བདེན་ན་སང་


GLG007_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཟུར་ཀུན་མཁྱེན་བླ་མའི་སྐུ་སྐྱེ་དངོས་ཕེབས་ཀྱི་སྔོན་འགྲོའམ་ཁྱབ་བདག་ཁྲ་ཚང་པའི་སྤྲུལ་སྐུ་སྟབས་སྐྱུར་དུ་བཞག་པ་གཤེགས་པའི་གཏམ་འབྱོར་པ་གང་གི་རྟགས་ཡིན་དཔྱད་མ་ཤེས། ཚེས་བཅུ་གཉིས་ལ་ཟུར་ཆོས་དབྱིངས་རང་གྲོལ་གྱི་སྐུ་སྐྱེ་བྱོན་པ་བསྟན་མ་ཁང་དུ་བཞུགས་ཤིང་བཅུ་གསུམ་ཆད་པའི་བཅུ་བཞིར་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཐོག་སྐུ་སྐྱེ་དང་ངོས་ཕྲད་ཀྱི་ཐོག་མར་མངའ་བདག་གིས་ཤམ་བྷུ་གངས་ནས་སྤྱན་དྲངས་པའི་སྐུ་ཚབ་པདྨ་མཐོང་གྲོལ། བདེ་འདུས་ཤོག་སེར། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ལོག་གནོན་གནམ་ལྕགས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཕུལ། སྤྲུལ་སྐུ་དེ་བརྟུལ་ཞུགས་དང་གཟི་བརྗིད་ཆེ་ཞིང་སྤྱན་གྱི་གཟིགས་སྟངས་སོགས་བྱིས་པ་ཐ་མལ་པ་དང་མི་འདྲ་བའི་ངོ་མཚར་ཅན་ཞིག་སྣང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་རྣམ་ཐར་བདུད་རྩིའི་ཟ་མ་ཏོག་ལེགས་པར་གྲུབ་པ་ཁྱབ་བདག་བཀའ་འགྱུར་བའི་རྟོགས་བརྗོད་ཀྱི་བསྐུལ་བ་པོ་རྣམས་ཀྱིས་མཚམས་སྦྱོར་དང་རང་ཉིད་ཀྱི་མོས་བརྩོན་གྱིས་ཅི་ནུས་སུ་བསྒྲུབས། ཚེས་བཅུ་དྲུག་ལ་སྤྲུལ་པའི་སྐུར་ཚེ་དབང་འཆི་མེད་དཔལ་སྟེར། ཉང་གི་དྲག་དམར་གྱི་བྱིན་རླབས་ལུ་གུ་རྒྱུད། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཕུལ་ཞིང་བདོག་པའི་སྐྱེས་དང་བཅས་རེ་ཞིག་རང་གནས་སུ་ཐེགས་སུ་བཅུག །གསང་ཆེན་སློབ་བཤད་གེགས་མེད་དུ་གྲུབ་ནས་བཅོ་བརྒྱད་ཆོས་རྗེ་དང་ལྕགས་ཟམ་རྗེ་དྲུང་གཉིས་རང་གི་བསྟི་གནས་སུ་རྫོང་བ་དང་དཔོན་རིན་པོ་ཆེ་སྐོར་ཅིག་ཆོས་འཕྲོ་དང་བཅས་བཞུགས་པའི་བསླབ་བྱ་བགྱིས། ཨཱ་ཙཪྻ་ཡ་མ་རི་ཥི་རི་ཞེས་མིག་འབྱེད་མཁན་ཡིན་ཟེར་བར་གསེར་གླ་རྩི་རས་དར་


GLG007_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚོན་པའི་སྟེར་བྱིན་བྱས་ཤིང་ལྷ་ས་སྐོར་ལའང་མིག་འབྱེད་ཚུལ་དང་ལྡན་རྒྱུ་མ་བྱུང་བའི་ཁར་དཔལ་རི་སྤྲུལ་སྐུའི་སྤྱན་ཡ་གཅིག་སློང་བ་སོགས་ཟ་འདོད་མཁན་དེབ་ཤེས་ཤིག་ཡིན་ཚོད་དུ་འདུག །གཙང་སྟོད་དར་མགོན་གྱི་བརྒྱུད་པ་དགེ་སློང་གཞན་ཕན་ལྷུན་གྲུབ་ཟེར་བ་གསོ་རིག་གི་སྦྱངས་སྟོབས་དང་ཐོས་རྒྱ་ཆེ་བ་ཞིག་བྱུང་བར་བསྟན་རྒྱུན་ལ་བསམས་ནས་དབོན་ཚང་བྱང་ངོས་པ་སྨན་རྒྱལ་ཚེ་དབང་། དཔོན་ཚང་དཀྱིལ་སྤེ་བ། ཆོས་རྗེ་ན་བཟའ་གླིང་པ། དྲུང་འཚོ་ལྷག་བསམ། དར་མོ་སྨན་རམས་པ། སློབ་མ་དང་བཅས་པ་སུམ་ཅུ་སྐོར་ལ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། ཟིན་ཏིག་གཅེས་བསྡུས། གསེར་བྲེ། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་བཤད་རྒྱུད་འགྲེལ་ཆེན་སོགས་ལུང་མན་ངག་མང་དུ་སྤེལ་བཅུག །གསོ་དཔྱད་ཀྱི་ལུང་མན་ངག་འདི་ཚོ་བོད་མཁས་པར་ཡོད་འདྲ་ཟེར་བ་ཞ་ལུ་མཁན་རིན་པོ་ཆེས་དྲི་རྨེད་གནང་བའི་ལན་དུ་མེད་ཚུལ་དང་རྗེས་འབྲུག་རྟོགས་ཚོའི་སྐེ་ལ་ཐེའུ་བྱུང་སྐབས་དེ་ལས་ཐར་དུ་རེ་བའི་རྒྱུན་ཡོད་ཁུལ་དང་བླ་བརྒྱུད་ཀྱང་གང་དྲན་སྣ་ཚོགས་བཀོད། རྐེད་པར་ཕུར་པ་གཟེར་ནས་རྙིང་མ་བ་ཡིན་ཁུལ་གྱི་སྒྲིབ་ཤིང་སོགས་རྣམ་འཕྲུལ་ཅི་ཡང་སྟོན་གྱིན་ཡོད་འདུག་པ་དྭགས་བརྒྱུད་པའི་ངང་ཚུལ་ཁོ་ནར་ཟད་དོ། །དགེ་སློང་རྒྱལ་བས་རྡོ་རྗེ་སློབ་དཔོན་བྱས་པའི་གྲ་ཚང་དུ་ཨྱཻ་རིང་བྱེ་བ་བཟློག་སྔགས་དང་བཅས་པའི་མཐར་གཏོར་བཟློག་བསྟར། བན་སྔགས་བོན་གསུམ་རགས་བསྡུས་ཁག་ཉེར་ལྔས་མདོས། གཏོར་བཟློག །དགྲ་མནན། གྲ་ས་ཕན་ཚུན་དུ་ཇ་ཚུལ་ཉེར་ལྔའི་རིང་གདུགས་དཀར་ཉིས་འབུམ་སུམ་ཁྲི་ལྔ་སྟོང་། ཤེར་སྙིང་ས་ཡ་བཞི་དང་ཆིག་ཁྲི་རྣམས་ཇུས་རེམ་ལ་བཏང་། ཐོད་རི་བཤད་སྒྲུབ་གླིང་གི་གྲ་པ་དཀའ་བཅུ་


GLG007_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་ལྷུན་གྲུབ་ཀྱིས་དབུ་མ་དང་། ཚེ་དབང་རྒྱ་མཚོས་ཕར་ཕྱིན་གྱི་རྒྱུགས་སྤྲད། མེར་གན་ཧུང་ཐའི་ཇི་ཅན་གྱིས་རྟ་ཉི་ཤུ་བྱུང་། ཧོར་ཟླ་དྲུག་པའི་ཚེས་དྲུག་ནས་གསང་བ་འདུས་པའི་དགེ་འདུན་དཀོན་མཆོག་རྒྱུད་སྟོད་སྨད། གསང་ནེའུ་ཐོག་གི་ཞབས་དྲུང་གཉིས་དང་ཆེན་སློབ་ཀྱིས་གཙོས་པ། ལྷ་ས་རུ་བཞི། ཁྲི་རིན་པོ་ཆེས་དབུ་གནང་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་དཔོན་སློབ་བཞི་བཅུ་སྐོར། སྐྱོར་མོ་ལུང་། ཚེར་གསེབ་དགོན་པ་རྣམས་ཀྱིས་སོ་སོའི་ལུགས་སྲོལ་ལྟར་བདོག་པ་མཎྜལ་གྱི་ཚུལ་སྔོན་དུ་འགྲོ་བས་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཤིང་ཁྱད་པར་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས་ཀྱིས་གསར་རྩོམ་ཚིགས་བཅད་དུ་ལང་ཚོ་ཞེས་པ་བྱིས་པ་གཞོན་ནུ་སོགས་ལྔར་བྱས་པའི་དཀྱིལ་མ་ཡིན་པས་སླར་ཡང་དྲུག་ཅུ་ཐུབ་པར་ཁས་བླངས་པར་སོང་ཞེས་གསུང་བཤད་ཅི་ཡང་མཛད། སྐྱིད་ཤོད་སྡེ་པ་ཡས་མས་སོག་པོའི་དཔོན་དཔོན་མོ། བཀྲ་ཤིས་ལྷུན་པོའི་བརྟན་བཞུགས་འབུལ་མི་མགྲོན་གཉེར། རྟ་པ་དྲུང་འཁོར་སོགས་ཉིས་སྟོང་ལྔ་བརྒྱ་སྐོར་དང་ཕྲད་ཅིང་ཚེར་གསེབ་སྐུ་རྟེན་པར་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དབང་བཞི་བསྐུར། ཅོ་ནེ་ཆོས་རྗེའི་སྐུ་སྐྱེར་རུང་མཐུན་གྱི་གོས་ཆ་ཚང་། ཤལ་དཀར་དམར་སྣམ་ཕྲུག་གིས་ཐོག་དྲངས་པ་དང་། གཡོན་རུའི་ཚོགས་གསོག་རབ་འབྱམས་པ། རྒྱལ་སྲས་རྡོ་རྗེ། དཔོན་མོ་བསོད་ནམས་ཚེ་དབང་། ཁལ་ཁ་ཇ་སག་ཐུ་རྒྱལ་པོ། ལྷ་བཙུན་ངག་དབང་བསྟན་འཛིན། བཟོད་པ་ཡེལ་དེང་། མེར་གན་ཧུང་ཐའི་ཇི། ད་ལའི་ཧུང་ཐའི་ཇི། ཨེར་ཏེ་ནི་པཱ་ཐུར་སོགས་ཀྱི་མི་སྣས་མཚོན་


GLG007_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པར་གང་འཚམས་ཀྱི་རྫོང་བདའ་བགྱིས། དར་མགོན་དབོན་པོ་ལ་ཕོགས་དོང་ཀྱི་སྨིན་གྲུབ་བྱས། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཆོས་ཡིན་ཟེར་བ་དང་གསོ་རིག་གི་པུ་ཏི་མང་བ་བཅས་ཁོ་རང་གིས་བརྩམས་པའི་ཚིག་བཏོན་ནས་རིང་འཚོའི་རྟེན་འབྲེལ་བསྒྲིགས། སྐྱིད་ཤོད་བདེ་ཆེན་སྐུ་གཞོན་པ། མོན་ཕྱོགས་སུ་དབུས་དཔུང་བཏེག་པའི་དམག་དཔོན་ཚག་སྒུར་བ། མདའ་དཔོན་རྒན་པ་ཚེ་དབང་། གཞོན་པ་ཆེ་གསུམ་པ། རྩིས་པ་ངག་དབང་། ཐུགས་དཀར་བ་ཟླ་བ་སོགས་མང་དག་དང་ཕྲད། གནམ་ལྕགས་སྡིག་པའི་ཆོས་སྡེ་ནས་གསུངས་པའི་དུས་དགྲའི་དབང་པོ་ཡབ་ཡུམ་གྱི་ཐོད་སྐུ་ཆུ་རྟ་ལོ་ཟུར་ཐམས་ཅད་མཁྱེན་པས་ཕྱག་བྲིས་སུ་སྩལ་བ་མཚན་ལྟས་ལེགས་ཚུལ་རྣམ་ཐར་དུ་གསལ་བ་དེ་བསྙེན་པ་བསྐྱར་མ་དང་སྦྲགས་བསྒྲུབ་འདུན་ཆེའང་གོང་ནས་ཡར་འཁོར་བའི་ལོ་གསུམ་བཞི་ཙམ་ཕན་རྣམ་གཡེང་ཆུ་མཉེར་ལྟ་བུའི་གཞན་དབང་གིས་གནས་བརྟན་དན་འབག་པའི་ཆོས་ཀྱི་དཔེ་བཞིན་མོས་བློ་ཁོ་ནར་ཟད། དེ་ནས་མི་རིང་བར་སྲིད་སྐྱོང་དང་བྲོ་ནད་ཀྱིས་མནར་བ་སོགས་སྒོ་དུ་མས་ཐོད་སྐུ་གཟིམས་ཆུང་མགོན་ཁང་དུ་ཏིཥྛ་བཛྲའི་ངང་ལ་སོང་། ལྕགས་བྱི་ལོ་འབྲས་སྤུངས་ཀྱི་གྲ་ཁང་གསར་བཟོའི་དུས་མཚམས་ཁང་ཤོད་ལ་བཟོ་བསྐྱར་དགོས་གཤིས་མཆོད་རྟེན་བཅས་ཆོག་ཕྲལ་ཏེ་མགོན་ཁང་ལྕང་ལོ་ཅན་དུ་ཡོད་པ་ཁང་ལས་ཚན་ཆེས་པའི་ཁར་འོག་ཐོག་ཚོར་རླུང་གི་རྒྱུ་བའང་ཉུང་བས་གཤེར་ཐག་ཆོད་པར་ལོ་མང་རབ་འཐོགས་པ་དང་ཁང་གསར་རློན་པར་ཀ་ཅའི་རིགས་འབྱོན་སྔས་ན་མྱུར་དུ་སརྦ་གཙྪའང་འབྱུང་སྐྱོན་གྱིས་ས་སྤྲེལ་ཕན་རིམ་ལུས་སུ་གྱུར། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་མཆོད་རྟེན་གྱི་སྐོར་ལམ་


GLG007_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཞིག་པ་ཆུབ་པ་དང་ཟུར་ཀུན་མཁྱེན་ཆེན་པོར་ཕྱག་ཁྲིད་ཅིག་ཀྱང་ཞུས་སོང་བས་བྱེད་ཐུབ་ཙམ་ཡོད་འདྲ་རུང་སྡེ་པའི་གོ་སར་འཁོད། ངེད་རང་དགོན་པར་འགྲོ་མ་ཐུབ་པ་སོགས་ནས་ད་བར་འགྱངས་པ་ལྕགས་སྡིག་ལུགས་ཀྱི་བཅས་ཆོག་ཅིག་ཀྱང་བཟོ་འདུན་ཡོད་པས་རྐྱེན་བྱས་ཐོད་སྐུ་སྒྲུབ་མཁན་ཉུངས་ན་དུས་ཀྱིས་བཅར་བའི་བསྙེན་ཚད་མི་འགྲོ་འདུག་གཤིས་རྡོ་རྗེ་སློབ་དཔོན་དགའ་གདོང་སྔགས་རམས་པས་བྱས་ཏེ་གྲ་ཚང་ཡོངས་རྫོགས་ཀྱིས་ཚོམས་ཆེན་དུ་ཕྱི་ནང་གི་མཚམས་ཤིན་ཏུ་དམ་པའི་ངོས་ཚེས་བཅུ་གཅིག་ནས་བཟུང་བདུན་གཉིས་ཀྱི་རིང་གཞུང་མན་ངག་ཞལ་ཤེས་རྣམས་གོ་བསྟུན་པའི་འཁྲུལ་མེད་དུ་བསྟར་བ་ལ་ཨྱཻ་རིང་བྱེ་བ། ཨེ་ཐུང་ཉིས་འབུམ། སོ་སྡེབས་ཉིས་སྟོང་། ཡུམ་ནས་ལྷན་ཐབས་ཡན་ཉི་ཁྲི། སྤྲུལ་པ་ནས་ཟ་བྱེད་ཀྱི་བར་བདུན་སྟོང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་ལ་སུམ་ཁྲི་རྣམས་སྨིན་རྒྱས་སུ་སོང་ཞིང་སྟོང་སྲོག་གྲི་སྙིང་བླ་བྱང་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་འཕྱུགས་མེད་ཀྱི་ནང་བཞུགས་ལག་ཚགས་དམ་པར་བྱས། ཚེས་བཅུ་བཞིར་རྒྱལ་པོ་ཆེན་མོའི་རྒྱལ་མོ་བསོད་ནམས་ཆོས་འཛོམ་དང་སྟག་རྩེ་རྒྱལ་བུ་ལྷ་རྒྱལ་སོགས་དང་ཕྲད་ཅིང་རྒྱལ་བུར་མགོན་པོ་ཕྱག་དྲུག་པའི་བཀའ་བསྒོས། ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་དབང་འདུས་རྒྱལ་པོར་ཚེས་བཅུ་བདུན་གྱི་ཉིན་སྐུ་ཕེབས་ཞུས་པ་སྐུ་རྟེན་སྔ་མ་ཇི་ལྟ་བ་ལས་ཁོག་པས་བསྒྱུར་ཉམས་གྱི་ཡིད་མི་ཆེས་པ་ཡེ་མི་འདུག་ཅིང་སློབ་དཔོན་ཆེན་པོས་དམ་ལ་བཞག་པར་འགྱུར་མདོག་ག་ལ་སྲིད་ཀྱང་བསྙེལ་གསོའི་ཕྱིར་དུ་སློབ་དཔོན་ཆེན་པོའི་ཕྱག་རྡོར་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་དབུ་གཙུག་ཏུ་


GLG007_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ནས་རིགས་འཛིན་བརྒྱུད་པའི་མཚན་རྣམས་བརྗོད་དེ་འཕྲིན་འཆོལ་གྱི་ཆེད་དུ་དམ་བསྒྲགས། ཟང་ཟིང་གི་བདོག་པ་སོགས་སྤྱན་གཟིགས་སྣ་ཚོགས་ཀྱིས་ཐུགས་དམ་བསྐང་བས་འབྱུང་འགྱུར་ལུང་བསྟན་གྱི་མོལ་མཆིད་རྒྱས་པར་མཛད། ཕྱི་དྲོ་སྐུ་ཁོག་འཁོར་བཅས་ལ་སྟེར་ཆ་གྱ་ནོམ་པ་བགྱིས་ཏེ་ཐོན། ཐའི་ཇི་བསོད་ནམས་བཀྲ་ཤིས་ལྷོར་དཔུང་ཐོག་ལ་ཐོན་གདོང་མགོན་པོ་བར་ཆད་ཀུན་སེལ་གྱི་བྱིན་རླབས་བྱས། འཕགས་ཡུལ་ལྷོ་ཕྱོགས་ཀྱི་ས་བྱ་སི་ཙ་ཏུར་གུ་ཎ་ཛཱ་ཏིར་ས་སྙིང་སྲང་ཕྱེད་དང་ཆས་ཀྱིས་མཚོན་པའི་མཐུན་རྐྱེན་བྱིན། ལྕགས་འབྲུག་ལོ་ཟུར་ཆོས་དབྱིངས་རང་གྲོལ་གྱིས་ཕྱག་ལེན་གནང་བའི་འཆི་བདག་ཞལ་དབྱེ་དང་རྟ་ནག་སྒྲོལ་མ་བ་སངས་རྒྱས་རིན་ཆེན་གྱིས་བསྒྲུབས་པའི་འཕྱོང་རྒྱས་མཁར་ནག་གི་ཞལ་དབྱེ་གཉིས་ཀྱི་ཚོན་རྩི་སོགས་ལ་ཆག་ཉམས་ཕྲན་བུ་བྱུང་བ་གཞིས་ཀ་ཤར་ལགས་ཨ་གུར་ཕ་བུ་དང་འབལ་འབལ་ཕ་བུ་གཉིས་ཀྱིས་གསོ་བྲན་གྱི་ཞབས་ཏོག་བྱས་པ་དངོས་གཞི་སྔར་གྱི་སྒྲུབ་ཐོད་རྙིང་པ་ཡིན་རུང་ཉེར་དགུ་ནས་བཟུང་དགེ་སློང་བློ་གྲོས་རྒྱལ་བས་རྡོ་རྗེ་སློབ་དཔོན་བྱས་པའི་དྲུག་ཅུ་སྐོར་གྱིས་ཚོམས་ཆེན་དུ་མུན་མཚམས་ཤིན་ཏུ་དམ་པར་བགྱིས་ཏེ་བསྒྲུབས་པས་སྐད་འབྱིན་པ་སོགས་རྟགས་ཀྱང་ཁ་ཡར་བརྩམས། དགེ་སློང་ཡོན་ཏན་དཔལ་བཟང་། སྔགས་རམས་པ་བློ་བཟང་ཆོས་ལྡན། རྡོ་དགོན་པ་བློ་བཟང་དོན་ལྡན། དྲུང་ཡིག་དར་རྒྱས་བཀྲ་ཤིས་ཏེ་བཞིས་རིང་པོ་ནས་བསྐུལ་ཞིང་ཉེ་ཆར་ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་གིས་མཚམས་སྦྱར་བར་བརྟེན་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་མངོན་རྟོགས་པདྨ་རཱ་གའི་འཕྲེང་བ། ལམ་རིམ་ལྷ་ཁང་དང་སྔགས་


GLG007_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གཉིས་ཀྱི་དེབ་ཐེར་འགོ་བརྗོད། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་སྐུ་རྟེན་སྨན་སྐུ་མང་བ། གསུང་རྟེན་བཀའ་འགྱུར། ཐུགས་རྟེན་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་དང་།དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཀའ་འགྱུར་བཞེངས་པའི་དཀར་ཆག །དགའ་གདོང་སྔགས་པ་དོན་གྲུབ་རྒྱ་མཚོས་གྲ་ཚང་དུ་འབུལ་རྒྱུར་དངུལ་སྲང་ཉེར་བརྒྱད་ཀྱི་ཕུད་ཕོར་དང་ཆོས་རྗེ་རྫོང་རི་བ་བློ་བཟང་པདྨས་གྲ་ཚང་གི་དགེ་སྐོས་འཇོག་ལ་སྲང་བཅུ་བཞི་ལས་གྲུབ་པའི་པད་སྡེར་གྱི་ཁ་བྱང་། ཚུལ་ཁྲིམས་རྒྱ་མཚོ་དང་ཤེས་རབ་བརྟན་པ་ཐུན་མོང་དང་བློ་བཟང་དོན་ཡོད་ཀྱི་ངོར་རིང་འཚོའི་ཚིགས་བཅད། ཞ་ལུ་མཁན་ཆེན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དཔྱོད་ལྡན་ཡིད་དབང་འགུགག་པའི་ལྕགས་ཀྱུ། འཕྱོས་གྲིབ་བཙན་པའི་འཕྲིན་ལས། མཆོད་དཔོན་པའི་ལྷ་དབང་གླིང་དུ་འདྲི་རྒྱུའི་ཀུན་འཁོར་ལེ་ཚན། ས་སྐྱོང་བློ་བཟང་སྦྱིན་པས་ཆུ་དབར་དགོན་གསར་དུ་འཛུགས་རྒྱུར་ཚེ་རིང་མཆེད་ལྔའི་གསོལ་མཆོད་དཔྱད་གསུམ་དག་པའི་རྒྱུད་མང་རྣམས་བརྩམས། ཧོར་ཟླ་བདུན་པའི་ནང་དུ་འདི་གའི་རིམ་གྲོར་འབུམ་དང་ཉི་ཁྲི་བརྒྱ་རྩ་རེ། བརྒྱད་སྟོང་པ་སྟོང་། སྨན་བླ་ཆིག་ཁྲི། གདུགས་དཀར་ཆིག་འབུམ་སུམ་ཁྲི། སྒྲོལ་མ་སུམ་འབུམ་ཆིག་ཁྲི་དགུ་བརྒྱ། ཚེ་གཟུངས་སུམ་ཁྲི་བདུན་སྟོང་། བཀའ་འགྱུར་ལྔ། གཟུངས་བསྡུས་དང་གསེར་འོད་བརྒྱ་རེ། དཀོན་བརྩེགས་དང་ཕལ་ཆེན་བཅུ་རེ། ཤེར་སྙིང་ཉིས་འབུམ་བདུན་ཁྲི་བཞི་སྟོང་། ར་ས། ཟན་གཡང་། ཁྲ་འབྲུག་གསུམ་


GLG007_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྒྱ་མཆོད། སྙན་ཤལ། དར་ཆེན། ལྷ་སའི་ཕྱོགས་བཞིར་རྒྱལ་མཚན། ཤེལ་བྲག །མཆིམས་ཕུ། ཡང་རྫོང་གསུམ་དུ་ཚོགས་བརྒྱ། ཉེར་སྤྱོད་སྣ་ལྔ་ལྔ་བཅུ་རེ། སྡེ་པའི་སྐུ་རིམ་དུ་དམག་ཟོར་མ་དང་རྣམ་སྲས་ཀྱི་བསྐང་བ་བརྒྱ། སྲོག་བླུ་དགུང་གྲངས། རི་བོ་བདེ་ཆེན་དུ་མང་ཇ་སྤོང་དག །རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས། དགོན་སུམ་ཅུར་གཏོར་ཆས་ཇ་ཐུག་གི་ཐོག་གཏོར་བཟློག་ཉིན་གང་མ། བསྟན་སྲིད་སྤྱི་རིམ་དུ་འབུམ་སོ་གཅིག །དཀོན་བརྩེགས་བཅུ། ཉི་ཁྲི་ཉེར་གཅིག །གཟུངས་བསྡུས་བརྒྱ། གྲ་ཏོག་གསེར་གསུམ་བརྒྱ་རེ། སེར་འབྲས་གཉིས་སུ་ཇ་ཚུལ་བཅོ་བརྒྱད་རེའི་ཐོག་གདུགས་དཀར་ཉིས་འབུམ་དྲུག་ཁྲི་དྲུག་སྟོང་། སྒྲོལ་མ་ས་ཡ་ལྔ་བདུན་འབུམ་ཉི་ཁྲི་ཉིས་སྟོང་། ཤེར་སྙིང་བྱེ་བ་གཅིག་ས་ཡ་དགུ་སུམ་འབུམ་དྲུག་ཁྲི་སུམ་སྟོང་། ཚེ་གཟུངས་བཞི་ཁྲི་ལྔ་སྟོང་། མགོན་པོ་གཡུལ་བཟློག་དང་ཁྲོ་རོལ་ཚར་གསུམ་རེ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་དགྲ་མནན། མཆོད་པ་སྣ་ལྔ་དང་བསྟན་པ་རྒྱས་པའི་སྨོན་ལམ། ཆོས་འཁོར་རྒྱལ་དུ་དམག་ཟོར་མའི་བསྐང་བ་ཆིག་སྟོང་ཆིག་བརྒྱ། དར་ཚོན་སྣ་ལྔ། མགོན་པོ་དང་ལས་གཤིན་ལ་བརྒྱ། ལྷ་ས། ར་མོ་ཆེ། ཡེར་པ། ཕ་བོང་ཁ། ཀ་ཚལ། བསམ་ཡས། ཁྲ་འབྲུག །ཡུམ་བུ། མཁོ་མཐིང་གཙང་འགྲམ། གྲོམ་པ་རྒྱང་རྣམས་སུ་མཆོད་འབུལ། སྙན་ཤལ། རི་འགོ་མཐོ་བ་བརྒྱར་དར་ལྕོག །རྫོང་བཞིས་དང་སྡེ་དཔོན་ཚང་མས་དགྲ་ལྷ་དཔངས་བསྟོད། བརྒྱགས་རྔན། ཡུལ་སོ་སོར་བསངས་དང་གསོལ་མཆོད། ཆུ་མིག་


GLG007_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་ཀླུ་སྨན། དགོན་ཁག་བཞི་བཅུར་མང་ཇ། གྲ་པ་བཅོ་ལྔ་རེར་གསེར་ཞོ་རེའི་འགྱེད་བཅས་གདུགས་དཀར་ཤེར་སྙིང་གི་བཟློག་པ་རྣམས་བསྟར། ཚེས་བཅུ་གསུམ་ལ་རྟ་ཚག་རྗེ་དྲུང་རིན་པོ་ཆེ་དཀོན་མཆོག་ཉི་མ་སོགས་བསྙེན་རྫོགས་བཞི་དང་དགེ་ཚུལ་བཅུ་བཞི་བསྒྲུབས། རང་ཉིད་ཀྱང་རྩོམ་པའི་འདུན་པ་ཡོད་པར་མ་ཟད་སྒྲ་མདོ་བཞི་སོགས་རིག་གནས་མང་པོར་བློ་གྲོས་ཀྱི་མིག་ཡངས་པ་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་འབད་པ་ཆེན་པོས་ཡིག་སྣ་མང་པོའི་ཁུངས་བསྡུ་བའི་བརྩོན་པ་དང་བཅས་བསྐུལ་བ་ལ་བརྟེན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་སློབ་བཤད་བསྟན་པའི་ཉི་འོད་ཅེས་པ་དམ་པ་ཉིད་འདུས་པ་གསུམ་གྱི་འཕྲང་གེགས་ལས་རྣམ་པར་གྲོལ་བའི་གྲུབ་མཐའ་སྙོགས་ཏེ་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ་གཤེགས་པ་ཚེས་བཅོ་ལྔའི་ཉིན་རྫོགས་པར་གྲུབ་ཅིང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་དང་ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱིས་རྣམ་ཐར་མི་མཛད་པ་འདི་ལ་དགོངས་སམ་ཞེས་པ་བསྔགས་པ་བརྗོད་པ་ནི་འདར་ལོས་གཞན་ངོ་བསྲུང་བ་ཙམ་མོ། །ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ། དཀར་བྲག་པ་ངག་དབང་བྱམས་པ། རྡོ་པ་ངག་དབང་འཇམ་དབྱངས་གསུམ་གྱིས་གསེར་ཟངས་ལས་འདི་གའི་འདྲ་འབག་དང་བསམ་མཁར་བ་བདེ་ཆེན་དབང་རྒྱལ་གྱིས་མའི་དོན་དུ་ཞལ་ཐང་བཞེངས་པའི་རྒྱབ་ཡིག །དཀར་བྲག་པ་དང་ངག་དབང་འཇམ་དབྱངས། ཆང་ཁྱིམ་པ་གསུམ་གྱི་ངོར་གསོལ་འདེབས་སྨོན་ལམ། ཡེར་པའི་འདུ་ཁང་ལྡེབས་བྲིས་ཀྱི་དཀར་ཆག །ཉི་ཐང་སྤྱི་ཚོགས་ཀྱི་ངོར་བླ་མ་ཤེས་རབ་སྦྱིན་པ་དང་། རྫིང་ཕྱི་སྤྱི་སོའི་ངོར་འདི་ག་དང་སྡེ་


GLG007_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྟན་བཞུགས། འདུལ་བ་སློབ་དཔོན་ལྷ་བཙུན་བློ་བཟང་དགའ་ལྡན་གྱིས་བསྐུལ་ནས་སྟོད་ལུང་སྡིངས་ཁའི་གཙུག་ལག་ཁང་ལ་ལྡེབས་བྲིས་བྱས་པའི་སྨོན་ལམ་རྣམས་བྲིས། དེ་ཡང་ཟུར་ཐམས་ཅད་མཁྱེན་པས་ཞལ་བཀོད་གནང་ནས་བཞེངས་པའི་ལྕགས་འདྲ་ལུགས་ཀྱི་བཅས་ཆོག་དང་པོར་མཁས་པ་གནུབས་དང་དུམ་པ་རྒྱ། བར་དུ་མཁས་པ་གངས་ཤཱཀ་གཡུང་སྟོན། ཐ་མར་མཁས་པ་སེ་སྟོན་ཆེན་པོའི་བཞེད་པ་ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་སྟོབས་རྒྱལ་གྱི་ཕྱག་ལེན་འཁྲུལ་མེད་བྱིན་ཅན་བཞུགས་པས་མ་ཁྱབ་པ་མིན་ནའང་གནམ་ལྕགས་སྡིག་པའི་ཆོས་སྡེ་ལས་བྱུང་བ་གཅེས་པའི་འཁོར་ལོ་བཅུ་གསུམ་ཆབས་ཅིག་ཏུ་བརྩེགས་པ་དུམ་པ་རྒྱའི་བཀའ་སྲོལ་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ་དང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ལས་ཉེ་བར་བརྒྱུད་པ་ལྷ་སྲས་རྣམ་འཕྲུལ་དབུར་སྨྱོན་ཆོས་ཀྱི་གྲགས་པའི་ཞལ་གྱི་དྲོད་རླངས་ལྟར་བཞེད་འདུན་སྔར་ནས་ཡོད་པ་ལས་བྱེད་དང་ལེན་གྱི་རྐྱེན་ལའང་བལྟོས་གཤིས་མཆོད་དཔོན་པས་བསྐུལ་མ་ཁ་ཤས་བྱུང་བ་ནས་བདེ་གཤེགས་བརྒྱད་ཀྱི་ནང་ཚན་ཆོ་འཕྲུལ་མཆོད་རྟེན་གྱི་ཐིག་རྩ་ཀུན་མཁྱེན་བུ། མཁས་པ་སྨན་ཐང་པ། སྤྲུལ་སྐུ་འཕྲང་ཁ་བ་སོགས་ཀྱི་ཡིག་ཆ་ལས་བྱུང་བ་ཁོ་ནས་ཅུང་ཟད་མི་རྟོགས་པ་གནུབས་སངས་རྒྱས་རིན་པོ་ཆེའི་མན་ངག་ཐིག་རྩའི་གཞུང་བཞིན་དགོས་པ་མངའ་རིས་སྔགས་འཆང་ཆེན་པོ་དཀོན་ཅོག་ལྷུན་གྲུབ་ཀྱིས་རྗེ་ཆོས་ཀྱི་གྲགས་པས་བཞེངས་པའི་མཆོད་རྟེན་དང་བསྟུན་ནས་རས་གཞི་ལ་ཕབ་པའི་ཐིག་རྩ་དབྱར་སྟོད་བསྐུར་བྱུང་བ་དང་གཏེར་གཞུང་རྡོ་རྗེ་མཚོན་རྣོན་སོགས་ཡིག་ཆ་རྣམས་དང་གོ་བསྡུར་ཟུར་གྱི་སྔགས་འཆང་གཞིས་ཀ་ཤར་


GLG007_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྔགས་རམས་པ་ལེགས་འབྱོར་གཉིས་ཀྱིས་ཐིག་བཏབ། དོ་དམ་སྒེར་ལོགས་བློ་བཟང་དར་རྒྱས། ཤིང་བཟོ་བ་ལམ་རྙེད་ཅན་གྱིས་བྱས་ཏེ་ཞི་དྲག་གི་ཤིང་སྣ་རྫས་སོགས་སྟོད་སྨད་སོ་སོར་དགོས་པ་མཐའ་དག་མ་ཚང་བ་མེད་པ་དང་བཅས་གཞིས་ཀ་ཤར་པ་རོགས་བཅས་ཀྱིས་ཚོན་རྩིའི་ལས་འགོ་བཙུགས། ཨ་གུར་ཕ་བུ་དང་འབལ་འབལ་ཕ་བུས་སྟོང་སྲོག །གནོད་སྦྱིན་ནོར་ལྷའི་འཁོར་ལོ། བཟློག་བསད་མནན་གཏད་ཀྱི་འཁོར་ལིང་སོགས་རྣམ་གྲངས་ཤིན་ཏུ་མང་བ་ཉིན་མང་པོར་བྲིས། སྟེང་འོག་བར་གསུམ་གྱི་ལྕགས་ཐག་དགུ་བསྒྲིལ་གྱི་སྐུ་ཕྱག་མཚན་གཟུངས་འཁོར་ལོ་སྲོག་ཤིང་ཐོད་པ་ཐུན་ལམ་སོགས་བཀོད་ཤོམས་ཕྱག་ལེན་ལ་གནས་སྐབས་སུ་རིག་པའི་འཕྲུལ་གྱི་གནད་དགག་བྱེད་དགོས་རྣམས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བཀོད་པ་བགྱིས། གཏེར་ཁ་འདི་ལ་མངོན་རྟོགས་ཆེ་འབྲིང་ཆུང་གསུམ། བསྟོད་བསྐུལ་ཆེ་འབྲིང་ཆུང་གསུམ། སྒྲོལ་མ་རྒྱས་འབྲིང་བསྡུས་གསུམ་སོགས་རྣམ་གྲངས་རྒྱ་ཆེ་ཞིང་ཁྱད་པར་སྒྲུབ་ཆེན་མཆོད་རྟེན་རྒྱུན་འཁྱེར་གྱིས་མཚོན་གང་ལའང་སྦྱར་ཆོག་པའི་སོ་སོའི་སྐབས་ཐོབ་དབྱེ་ཤེས་དགོས་པས་ལྷའི་མངོན་རྟོགས་དང་སྔགས་བྱང་སོགས་དགེ་སློང་འཇམ་དབྱངས་གྲགས་པ་དང་དཔལ་གྲོང་སྔགས་རམས་པ་གཉིས་ཀྱིས་དཔེ་འཚོལ་བ་དང་ཞུས་དག་ཟིན་བྲིས་བྱས་ཏེ་གཞིས་ཀ་ཤར་པ་འཕྲིན་ལས་རྣམ་རྒྱལ་གྱིས་སྐུ་གཟུགས་དང་རྒྱབ་ཡིག་གཙང་པ་འཇམ་དབྱངས་དབང་པོས་བྲིས། སྟེང་བཅས་བར་བཅས་ཀྱི་གཟུངས་འདི་གའི་ཁྱད་པར་གྱི་སྒོས་ཆོས་དང་བཅས་པ་དབྱེ་འབྱེད་དགེ་སློང་བྱེད་དུ་བཅུག །བཅས་རྣམས་ཐམས་ཅད་འགྲིག་པའི་ཟླ་བ་བདུན་པའི་ཟླ་དཀར་གྱི་གཟའ་ཚེས་དགེ་བར་ཀུན་བཟང་


GLG007_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་དུ་ངོས་ཀྱིས་ཕྱིན་པའི་སྟེང་བཅས་ཀྱི་གཟུངས་ཕུལ། མཆོད་རྟེན་དངོས་གཞིའང་ལམ་ཙམ་བསྒྲིགས་ཏེ་གནུབས་ཆེན་གྱི་མན་ངག་གཏེར་གཞུང་ལས་བྱུང་བ་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་པའི་རབ་གནས་རྟེན་འབྲེལ་ཙམ་བསྒྲིགས། དེ་ནས་མི་རིང་བར་མཆོད་དཔོན་པ་མཚམས་ཁག་ལས་བྱེད་དང་བཅས་པ་འབྲས་སྤུངས་སུ་བརྫངས། བར་བཅས་ཀྱི་གཟུངས་འབུམ་མཆོད་དཔོན་པའི་ཟླ་བོ་དགེ་སློང་འཇམ་དབྱངས་གྲགས་པས་བྱས་ཏེ་བཅས་ཡན་ལེགས་པར་གྲུབ་པ་མཚམས་ཁག་གཉིས་སོ་སོ་ནས་ཡོངས་གྲགས་རབ་གནས་དང་འདི་ག་སྒོས་ཀྱི་རབ་གནས་ཐུན་དུ་བཅད་ནས་ཉིན་གསུམ་གྱི་བར་དམ་ཡེ་གཅིག་ཏུ་བསྲེས། ཚེས་བཅུ་དྲུག་ནས་གསང་སྔགས་ཕོ་བྲང་འོག་གི་མཚམས་ཁང་དུ་རྡོ་རྗེ་སློབ་དཔོན་བློ་གྲོས་རྒྱལ་བ་དང་མཚམས་ཁང་གསར་པར་རྡོ་རྗེ་སློབ་དཔོན་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བྱས་ཏེ་བསྙེན་སྒྲུབ་ཀྱི་སྒྲུབ་པ་བདུན་གཅིག་དང་ལྷན་དུ་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་བགྱིས་པའི་བླ་སྲོག་ཡིད་གསུམ་འགུགས་པའི་མཚམས་བཙུགས། འབྲུབ་ཁུང་དུ་སྡིག་པ་དངོས་སུ་ཞུགས་པ་དང་ཉེ་སྐོར་དུ་གླ་བ་འཁོར་བ་དང་ལྷ་དབྱེའི་ནུབ་ཆུ་རླུང་འཐབ་པ་དང་མིའི་སྐད་ངན་ལྟ་བུ་ཁ་བསྟད་ནས་འགྲོ་བའི་མཚན་ལྟས་ལེགས་པ་བྱུང་། བར་དེར་ས་སྟེགས་འབྲུབ་ཁུང་སོགས་དང་སྒྲུབ་པ་གྲོལ་ནུབ་འོག་བཅས་ཀྱི་འཁོར་ལོ་རྣམས་མཆོད་དཔོན་པའི་ལག་བདར་ཏེ་ཚགས་དམ་པར་བྱས་ངོས་ལས་སྦྱོར་གྱི་སྒྲུབ་པ་བཙུགས་པ་ཉེར་དགུའི་ནུབ་དགྲ་བོའི་བླ་ཚེ་སྲོག་དབུགས་འཆི་བདག་རལ་པ་ཚར་དགུའི་ཟས་སྐལ་དུ་གཏད་ནས་རིག་པ་ཡེ་དག་ཀུན་ཏུ་བཟང་པོ་རང་ཆས་སུ་ཡོད་པར་རང་ངོ་སྤྲད། དུས་མཚུངས་


GLG007_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དམར་པོ་རིར་རྒྱུན་བསྐང་པ་ཁ་ཤས་མ་གཏོགས་གྲ་ཚང་གཞིས་བཞུགས་རྣམས་ཀྱི་རྡོ་རྗེ་སློབ་དཔོན་གྲམ་པ་བ་སྔགས་བན་བློ་བཟང་ངག་དབང་གིས་བགྱིས་ཏེ་ཆོས་དབང་རིན་པོ་ཆེ་སོགས་གཏེར་ཁ་དུ་མའི་ཟབ་གནད་ཆུ་གཏད་ཀྱི་ལས་སྦྱོར་ཚོམས་ཆེན་དུ་བཅད་རྒྱ་དམ་པར་བཙུགས་སྐབས་མི་དང་ར་ལུག་སོགས་སེམས་ཅན་སྣ་ཚོགས་ཀྱི་སྐང་རྫོང་མདུན་དུ་བརྒྱག་པ་དང་ལྷ་སའི་བཤས་ར་ནས་ལུག་གློ་བུར་དུ་བྲོས་ནས་མཆོད་ཁང་དམར་པོའི་ཀ་སྤུངས་འོག་ཏུ་སླེབས། གཏད་རྒྱབ་དུས་སྐད་ཅིག་པ་འབྲུག་སྒྲ་དྲག་པོ་དང་སེར་ཆོལ་སོགས་འཚུབ་ལྟས་མང་དུ་བྱུང་། རོང་པོ་དཀའ་བཅུ་ཅན་གྱིས་རྟ་ཉེར་ལྔ་བྱིན། བཀྲ་ཤིས་སྒོ་མངས་པའི་རིགས་གྲའི་སྐལ་སྐྱེལ་བ་ཉིས་བརྒྱ་དང་རྒྱང་རོ་གསེར་སྡིངས་བླ་ཟུར། ཁམས་ལྡན་མ་བླ་མ། དཔའི་ཁོ་ཤོའུ་ཆིའི་དཔོན་མོ། བསོད་ནམས་བཀྲ་ཤིས་ཀྱི་དཔོན་མོ་སོགས་ལྔ་བརྒྱ་སྐོར་དང་ཕྲད། རིགས་འཛིན་སྟོབས་ལྡན་དབང་པོའི་སྲས་ཟིལ་གནོན་དབང་དྲག་རྡོ་རྗེ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིག་གསོས་མཆོད་འབུལ་དང་བསྟན་སྲིད་ཀྱི་སྐུ་རིམ་པར་སོང་གཤིས་སྟོད་ཕྱོགས་སུ་དབང་དང་གྲོང་ཆོག་གིས་མཚོན་པའི་འགྲོ་ཕན་སྐྱོང་བར་དམར་སེར་ཞྭ་གོས་འཛིན་པ་རྣམས་ཀྱིས་མི་བགག་པའི་ཐམ་ཁ་དང་ཤེལ་དཀར་རྫོང་ནས་འབྲུ་ཁལ་སུམ་བརྒྱ་རེའི་གཤོར་འདེབས་ཇི་སྲིད་བར་སྦྱར། མཆོད་དཔོན་པས་འབྲས་སྤུངས་སུ་སྤྱིལ་པོ་ལྷ་དབང་གླིང་བརྒྱབ་པའི་ཁ་དྲོར་སྡེ་པ་དཔོན་གཡོག་གྲ་ཚང་དང་བཅས་པ་གདན་དྲངས་པའི་སྐལ་བའི་བསྙེན་བཀུར་གིས་སྣ་ཆ་ཚང་གིས་གཙོས་པའི་བདོག་པ་བསྟར། རྒྱ་གར་བ་པྲ་ཡ་ཀའི་བྲམ་ཟེ་ནནྡ་དཱི་པར་གསེར་ཞོ་


GLG007_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་གོས་སྣ་ཚང་བ་བྱིན། རྟ་ཚག་སྤྲུལ་པའི་སྐུ་རེ་ཞིག་སྒྲ་སྙན་སོགས་ཐ་སྙད་རིག་པའི་གསན་བསམ་མཛད་པར་སྐོར་ཅིག་བཞུགས་འདོད་འདུག་ནའང་ཁམས་ནས་གཉེར་པ་མགོ་སྐྱེས་ཟླ་བའི་ཅོད་པན་འཆིང་བ་ཞིག་འོངས་ཏེ་ད་ལམ་མི་འབྱོན་ན་དགོན་གཞིས་ས་རིས་རྣམས་གཞུང་དུ་ཕུལ་ངེད་གྲ་རིགས་ཚོ་འཐོར་ཟེར་བའི་ཁམས་པའི་བརྟུལ་ཞུགས་ལ་འགྱུར་ལྡོག་མ་བྱུང་བའི་གཤིས་ཟླ་བ་ཡར་འཕེལ་གྱི་ཐུགས་བཞེད་ལ་དམར་ཆའི་གླེང་བརྗོད་ཐུགས་ཀྱི་ཚེར་མར་གྱུར་ཅིང་མགྱོགས་འཁོར་གྱི་ཉེར་སྡོགས་ཕེབས་རྫོངས་སུ་པཎ་ཞྭས་ཐོག་དྲངས་ན་བཟའ་ཆ་ཚང་། བླ་ཆས་ཆ་འགྲིག །གོས་དར་སྣམ་ཕྲུག །ཆོས་གཞིས་དགོས་ཚུལ་བྱུང་བར་བརྟེན་སྤག་ཤོད་བསམ་གྲུབ་དགོན་གཞིས་ཀ་མ་ལག་རྟེན་གསུམ་མཆོད་རྫས་ཆེ་ཕྲ་རང་འཇགས་མི་སེར་བོད་འབྲོག་དུད་འཛིན་བརྒྱད་བརྒྱ་བཅོ་ལྔར་ལག་ཡོང་འབྲུ་རྐྱང་ཐོག་དཔུས་ཆར་གོང་རྒྱབ་བཅས་པ་ལ་ཉིས་སྟོང་བདུན་བརྒྱ་སུམ་ཅུ་བརྒལ་བ་སྦྱོར་འཇགས་བགྱིས། སྟག་རྩེ་ནས་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་གོས་སྣ་གསུམ་བཞེས་སྤྲོ་དང་བཅས་དབྱར་མཇལ་དུ་བྱོན་པ་དང་ལྷན་དུ་གྲ་ས་ཕན་ཚུན་གྱི་དབྱར་གནས་པ་སྟོང་ཕྲག་ཏུ་ཉེ་བ་ལ་ལག་པའི་འདེགས་འཇོག་འབད་དེ་བྱས། དུས་རིམ་དུ་སེར་འབྲས་སོ་སོར་ཇ་ཚུལ་སུམ་ཅུ་རེའི་ཐོག་གདུགས་དཀར་ཉིས་འབུམ་དགུ་ཁྲི་བརྒྱད་སྟོང་། སྒྲོལ་མ་དང་ཤེར་སྙིང་སོ་སོར་བྱེ་བ་ས་ཡ་ཉིས་འབུམ་ཉི་ཁྲི་བདུན་སྟོང་། ཚེ་གཟུངས་ས་ཡ་གསུམ་དྲུག་འབུམ་བརྒྱད་ཁྲི་བཞི་སྟོང་རྣམས་བསྒྲུབས། མ་མ་མཚོ་སྨན་གྱི་བུར་སྡོད་གནས་དགོས་ཚུལ་ལ་ཡར་ཤར་དོམ་པོ་ཆེ་བའི་འཛིན་ཤུལ་གྱི་ར་མ་ལྷས་ར། ཞིང་མིག་དགུ་ལ་ཁལ་ཉིས་བརྒྱ་ཐོན་ཁུངས། ཕོ་བྲང་ལྷོ་རོང་


GLG007_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཆུང་པར་ས་བརྗེས་ངོ་དཀར་དུ་བདེ་ཆེན་ཁང་གསར་གྱི་ཁང་པ་རྩྭ་ཤིང་འཛིན་བདག་ཁལ་བརྒྱ་ཐོན་ཁུངས། ཡར་ཀླུངས་བཀྲ་ཤིས་ཆོས་སྡེར་ཁེ་གསུམ་གྱི་བོགས་འཁྱར་བརྗེ་ཚབ་ཏུ་ལྷོ་རོང་ཁང་ཆུང་པའི་ཁང་པ་དྲུག་བརྒྱའི་ཐོན་ཁུངས་སྦྱོར་འཇགས་བྱས། འདི་གའི་འདྲ་འབག་སློང་མི་མང་གཤིས་སྟེར་རྒྱུར་ཁ་ཤས། ཁལ་ཁ་གཡོན་རུ་ཐུ་ཤི་ཡེ་ཐུ་རྒྱལ་པོས་ཐེབས་བཞག་པ་ལྟར་དཔལ་ལྡན་འབྲས་སྤུངས་སུ་གསེར་གྱི་རྒྱལ་མཚན་ཆ། མཐའ་འདུལ་ཡང་འདུལ་རྣམས་སུ་འཛུགས་རྒྱུའི་གཉྫིར་དྲུག་དང་བཅས་པ་བཟོ་བའི་དོ་དམ་སྟག་ལུང་ཕྱག་མཛོད་དབུ་མ་ཅན། གསེར་གསོལ་སྡེ་པ་ཕོན་མདོ་བ་ཅན་གྱིས་མཛད། ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་འཇམ་དབྱངས་རྒྱ་མཚོས་ཆོས་མངོན་རིན་ཅེན་འདྲེན་པའི་ཤིང་རྟ་དང་བཤད་སྒྲུབ་གླིང་པ་བློ་བཟང་མཐུ་སྟོབས་ཀྱིས་དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཀྱི་རྒྱུགས་སྤྲད། འདི་གའི་རིམ་གྲོར་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་སཱཙྪ་འབུམ། ཕྱུགས་ལུག་བརྒྱ་ཉི་ཤུའི་སྲོག་བླུ། སྡེ་པའི་སྐུ་རིམ་པ་གཟུངས་བསྡུས་བརྒྱ་བཅུ་གཅིག །གྲ་ཏོག་གསེར་གསུམ་བརྒྱ་རྩ་རེ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སུམ་སྟོང་བཞི་བརྒྱ། སྟོབས་པོ་ཆེ་བཞི་སྟོང་བཞི་བརྒྱ། ཕྱོགས་བཅུ་མུན་སེལ་བཞི་སྟོང་ལྔ་བརྒྱ། རི་འགོ་མཐོ་བ་བརྒྱར་དར་ལྕོག །ཇུས་རིམ་དུ་རྡོ་རྗེ་བྲག །དཔལ་རི། སྨིན་གྲོལ་གླིང་། ཆུ་མིག་པ། བཀྲ་བཟང་པ། སྒྲོལ་ཕུག་པ། འུག་བྱ་ལུང་པ། གོང་ར་བ། བྲག་དཀར་ཆུ་བཟང་པ། ནུབ་དགོན་པ། བྲག་ལ་བ། སྨྲ་བོ་ལྕོག་པ། གནས་གཞི་བ། ཀ་ཚལ་ཟུར་པ།


GLG007_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བན་གྲོང་པ་རྣམས་ཀྱིས་སོ་སོའི་ལུགས་བཞིན་གྱི་དགྲ་མནན། དབུས་གཙང་གི་ས་དགེའི་གྲ་ཚང་སྔགས་གྲས་གཏོར་བཟློག །མདོ་གྲས་མདོ་སྒྲུབ། དེ་ཕྱིན་གྲུབ་མཐའ་གཞན་མ་རྣམས་དང་ཨངྐི་གསུམ་པ་བཅས་པར་མང་ཇ་སྦྱོར་སྦྲེལ། གོང་གི་མང་ཇ་འཕར་ཁ་ཡོད་མེད་ལ་མ་བལྟོས་པའི་དགོན་ཨངྐི་དང་པོར་ཁལ་གཉིས། གཉིས་པར་ཕྱེད་གཉིས། གསུམ་པར་གཅིག་མ་ཡོང་རྩིས་ཀྱི་དཔུས་ཆའི་ཡོན་དང་བཅས་སྨིན་རྒྱས་སུ་བགྱིས། ཚེས་གཉིས་ནས་དྲང་སྲོང་ཨ་གསྟྱཿས་ཉལ་འགྲོའི་དུག་གཞིལ་བ་ནས་ཉིན་གསུམ་གྱི་བར་བསྟེན། གདན་ས་འོག་ནས་ཞབས་དྲུང་རྒྱལ་མཆོག་རིན་པོ་ཆེ་དག་ཞིང་དུ་ཕེབས་པའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་སངས་རྒྱས་ཀྱི་སྐུ་བརྙན། ཞལ་དཀར་ཞལ་སྟེགས་ཀྱིས་གཙོས་དངོས་པོ་གཏོས་ཆེ་བ་འབྱོར་དོན་བཞིན་ནམ་མཁའི་མཐའ་སྙེད་ཀྱི་འགྲོ་ཀུན་སྒྲོལ་བཞེད་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་བསྔོ་སྨོན་གྱི་རྒྱས་འདེབས་ཡང་དག་པར་ཞུས་ཤིང་གདུང་འབུལ་དུ་བརྒྱད་ཚན་དྲུག་གི་དང་པོར་གསེར་སྲང་གང་། གཉིས་པར་དངུལ་མདོང་སྲང་སོ་གཉིས་དང་ནག་པོ་ཁོར་དྲུག་མ། གསུམ་པར་དངུལ་སྲང་དགུའི་སྡེར་མ། བཞི་པར་ཟི་ལིང་བརྒྱད་ཇ། ལྔ་པར་དངུལ་ཕོར་དང་ཡ་ཇུ་ཁོར་དྲུག་མ། དྲུག་པར་འབྲུ་ཁལ་བརྒྱད་བརྒྱས་གཙོས་པ་རྣམས་འབུལ་དུ་གྲུབ་རྒྱལ་གླིང་པ་བློ་བཟང་དངོས་གྲུབ་བརྫངས། རྭ་སྒྲེང་མཁར་ཐོག་ཁྲི་རིན་པོ་ཆེ་ཟུར་པ་དང་སྤྱི་སོ་བསྡོམས་པས་རྟ་ཉི་ཤུའི་གནང་སྐྱེས་བྱུང་། ཐང་ཆེན་མཁན་པོ་དུང་དཀར་བ། མཚུར་ཕུ་ཕྱག་མཛོད། བི་ལིག་ཨེར་ཁེ་ཐའི་ཇིའི་དཔོན་མོ། དོ་གོ་ལོང་གིས་མཚོན་པའི་བོད་སོག་ཉིས་བརྒྱ་སྐོར་དང་ཕྲད། འཕགས་


GLG007_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཝ་ར་ཎཱ་སིའི་བྲམ་ཟེ་རུ་དྲ་དཱ་ས་བྱུང་བར་གསེར་ཞོ་བཞི། གླ་འཁོར་བཞི། ཟུར་ཆས་བསྟར། གསུང་ངག་སོགས་ཆོས་བཀའ་གྲོལ་བའི་ཞ་ལུ་མཁན་ཆེན་རྡོ་རྗེ་འཛིན་པ། བཅོ་བརྒྱད་ཆོས་རྗེ། གནས་གསར་དབོན་རིན་པོ་ཆེ་རྣམས་ལྷོ་མོས་ནས་ཕེབས་པ་དང་མཇལ་ཞིང་ཆོས་དང་འབྲེལ་བའི་གསུང་གླེང་འཕེལ། ཚེས་བཅུ་བཞིའི་ཉིན་ཁྱབ་བདག་ཞ་ལུ་པ་དང་དབོན་རིན་པོ་ཆེར་ཆོས་རྒྱལ་བྱང་པའི་ཕྱག་བཞེས་ཀྱི་ལྕགས་སྡོང་མ་ཕར་ཕུལ། བཅས་དེ་གའི་སྟེང་ནས་བསྐྱར་སྒྲུབ་ཀྱིས་མཁན་རིན་པོ་ཆེས་དེར་འཁོད་ལ་འཇམ་དབྱངས་མཁྱེན་བརྩེའི་ཕྱག་བཞེས་མ་དེ་ཚུར་སྩལ། རྗེ་བླ་མ་གཙང་དུ་ཕེབས་རྫོངས་ལ་སྐུ་བེར་གྱིས་སྣ་དྲངས་ན་བཟའ་ཆ་མགྲིག །དངུལ་ལྔ་བཅུ་མ། དངུལ་མདོང་། དངུལ་ལྟིར། ཇ་གོས་དར་གྱིས་མཚོན་རྒྱས་པ་དང་དྲག་དམར་གྱི་བཀའ་བསྒོ་ཕུལ་ཞིང་གསུང་ཞིབ་ཆའི་ངོས་ཆིབས་ཁ་བསྐྱོད། དབོན་མཁྱེན་རབ་བློ་ལྡན་དུས་ཀྱི་ཆོས་ཉིད་དུ་འགྱུར་བར་ཉེ་བའི་དབོན་རིན་པོ་ཆེ་བཀྲ་ཤིས་ཆོས་སྡེར་མགྱོགས་འཁོར་གྱི་ཕེབས་རྫོངས་བསྟར། སྟག་རྩེ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་དང་བི་ལིག་ཨེར་ཁེ་ཐའི་ཇི་ཉིས་བརྒྱ་སྐོར་ལ་ཕྱག་དྲུག་པའི་བྱིན་རླབས་བར་ཆད་ཀུན་སེལ་བྱས། མཆོད་དཔོན་པ་རྒྱལ་གྱི་གཏོར་གསོས་རྒྱས་པ་ཞིག་བྱེད་པ་རྫོང་བདའ་བགྱིས་སྐབས་བྱམས་ཆེན་དང་མགོན་ཁང་སོ་སོའི་བྲིས་འབུར་གྱི་སྐུ་རྣམས་དང་སྡེ་པ་ཨ་བར་གྱིས་མ་ཕམ་མགོན་པོ། མཆོད་དཔོན་པས་བྱམས་པ་དང་དམག་ཟོར་མས་མཚོན་པར་སྙན་དར་ཁ་བྱང་། གཞན་ཡང་སྤྱན་གཟིགས་གོ་མཚོན་ཚོགས་ཆེན་དུ་མང་ཇ་འགྱེད་ཁ་ཤས་བསྐུར། རང་ཉིད་རྩོམ་འདུན་དང་བྱང་


GLG007_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྤྲུལ་པའི་སྐུ་མཆོག་གིས་བསྐུལ་མ་མཛད་པའི་རྐྱེན་གྱིས་ཁྱབ་བདག་བློ་མཆོག་རྡོ་རྗེའི་རྣམ་ཐར་ཉུང་ངུ་རྣམ་གསལ། མཁན་ཆེན་ཞ་ལུ་པའི་བཀའ་ནོས་ཏེ་གནས་བཅུའི་ཆོག་སྒྲིགས་རྒྱལ་བསྟན་འཛད་མེད་ནོར་བུ། ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་ཉམས་ལེན་དུ་གཏོར་མ་བརྒྱ་རྩ་དང་གསུར་བསྔོ། རྟ་ར་མདོ་པ་ཛམ་ལ་ཕ་བུའི་ངོར་གསོལ་འདེབས་དང་ཉལ་སྒོམ་རྒྱབ་ཡིག །དགེ་སློང་འཇམ་དབྱངས་གྲགས་པས་མའི་དོན་དུ་སྙན་དར་དང་སྨོན་ལམ། གྲམ་པ་བློ་བཟང་ངག་དབང་གིས་བྲིས་ཐང་ལེ་ཚན་འདྲེས་ལྔ་ཆུ་སྐོར་བ་གསོལ་དཔོན་ངག་དབང་འཕྲིན་ལས་ཀྱིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། འཕྱོང་རྒྱས་བློ་བཟང་དབང་ལྡན་གྱིས་རྗེ་བཙུན་བཙོང་ཁ་པ་ཆེན་པོ། ཆོས་རྗེ་རྐན་བུ་བ་ཟིལ་གནོན་རྡོ་རྗེས་ཐང་སྐུ་གསུམ་རྣམས་བཞེངས་པའི་རྒྱབ་ཡིག །རྒྱས་དར་བ་འཚོ་བྱེད་སྐལ་ལྡན་སོགས་སློབ་མ་ཚོའི་ངོར་ངེད་རང་དང་དར་མོ་སྨན་རམས་པའི་གསོལ་འདེབས། གཉལ་པ་བློ་བཟང་རྣམ་དག་གིས་བསྐུལ་ནས་རིང་འཚོའི་ཚིགས་བཅད་རྣམས་བྲིས། ཁུ་ལུ་དབོན་པོས་རྟ་བཅོ་ལྔ། ཀླུ་འབུམ་ཧོར་ཅན་གྱིས་རྟ་བཅོ་བརྒྱད། བིག་དུ་ཆོས་སྐོར་གྱིས་རྟ་བཅོ་ལྔ། མཁར་རྒྱ་དཔལ་ལྡན་ཅན་དང་འཕྲིན་ལས་ཆོས་འཕེལ་གྱིས་རྟ་ཉེར་བདུན་རེ། བློ་བཟང་ནོར་བུ་ཅན་གྱིས་རྟ་བཅོ་ལྔ། རྡོ་རྗེ་དཀའ་བཅུ་ཅན་གྱིས་རྟ་ཉི་ཤུ། རོང་པོ་བློ་བཟང་ཅན་གྱིས་རྟ་ང་བཞི་རྣམས་བྱུང་། ཚེས་བཅུ་བདུན་ལ་རི་ཆོས་པ་དམ་ཆོས་དབང་རྒྱལ་ཕུར་པ། རི་བོ་བདེ་ཆེན་པ་ངག་དབང་དགེ་ལེགས་བཀའ་བརྒྱད། ཀླུ་ཕུག་བློ་བཟང་དངོས་གྲུབ། འབྲོམ་སྟོད་པ་བློ་གྲོས་རྒྱ་མཚོ། གོང་དཀར་བ་བློ་བཟང་བསོད་ནམས། སྟག་རུ་བ་


GLG007_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་བསྟན་འཛིན་དང་བཞིས་ཚེ་བདག །འཕྱོས་པ་ངག་དབང་ཕུན་ཚོགས་རྟ་མགྲིན་རྣམས་ལ་བསྙེན་པ་བྱེད་པའི་དམིགས་སྐོར་དང་མཐུན་རྐྱེན་སྦྱར། བྱམས་གླིང་དང་ཐར་བའི་མཁན་པོ། སེ་ཆེན་རྒྱལ་པོ་དང་ཁལ་ཁ་གཡོན་རུ་ད་ལའི་གྱི་མི་སྣ། བསྟན་འཛིན་ད་ཡན་རྒྱལ་པོའི་དབུ་སྐོར་ཆུང་བ་སོགས་བོད་སོག་ལྔ་བརྒྱ་སྐོར་ལ་བྱིན་རླབས་བྱས། བསྙེན་རྫོགས་བཅུ་གསུམ་དང་དགེ་ཚུལ་དགུ་བསྒྲུབས། ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་དབང་འདུས་རྒྱལ་པོས་དགོས་ཚུལ་ལྟར་མལ་དྲོ་ཕྲང་སྨད་ནས་དུད་འཛིན་ལྔ་ལག་འབབ་བཞི་བརྒྱ་བཅོ་ལྔ། ནཱ་ལནྡ་པར་སྔ་སོར་གྱི་འཕྲོས་མཁར་རྩེ་མཐོང་སྨོན་ནས་དུད་འཛིན་བརྒྱད་ལག་ཡོང་ཞེ་བཞི་རྩིས་སྤྲད། ཧོར་ཟླ་དགུ་པའི་ཚེས་གསུམ་ལ་དེ་མོ་སྤྲུལ་སྐུ་ཐོག་མར་བྱོན་པའི་ཕྱག་རྟེན་ལ་ཁ་བཏགས། གསེར་སྲང་ཉི་ཤུ། གོས་ཡུག་བདུན། ཁྲབ་བཅུ། ཇ་བཟང་ངན་འདྲེས་པ་ཁོར་དྲུག་བརྒྱད་བརྒྱ། རྟ་བརྒྱ་བཅུ་གཉིས། དྲེའུ་བརྒྱ་དང་ཉེར་བཞི། མཛོ་བརྒྱ། གཡག་ལྔ་བཅུ་སོགས་ཁྲི་འབུལ་བསྟར། ཙུག་ཕུད་བླངས་ཤིང་མཚན་ངག་དབང་ནམ་མཁའ་འཇམ་དབྱངས་སུ་གསོལ། དཔོན་སློབ་སུམ་བརྒྱ་སྐོར་ལ་ཇ་གྲལ་གྱི་ཚེ་སྤྲུལ་སྐུ་སྐུ་ན་ཕྲ་བའི་ཚོད་ལ་ཚུགས་ཁ་དང་བཞུགས་ཚུལ་ཡ་མཚན་པ་སྣང་། ཆབ་མདོ་རྗེ་དྲུང་གི་སྤྲུལ་སྐུ། བྲག་ཡག་སྐུ་སྐྱེ། དགའ་ལྡན་རབ་འབྱམས་པ། དགའ་ལྡན་དར་རྒྱས། དཔོན་མོ་མ་ག་དྷ། ཨུའི་ཆིང་ཨ་ཁའི། ད་ལའི་པཱ་ཐུར། དྷ་ས་ཁོ་ཤོའུ་ཆི་སོགས་ཁལ་ཁ་དུ་མ་དང་། ས་སྐྱོང་མེར་གན་ཐའི་ཇི་དང་བལ་པོ་ཡེ་རང་གི་མི་སྣ་ཀཱ་ཤིར་མ། ཀླུ་འབུམ་གྱི་འགྲུལ་པ་ཉིས་བརྒྱ་སྐོར་སོགས་ཁྱོན་ཉིས་སྟོང་ཙམ་དང་ཕྲད།


GLG007_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་འཇམ་དབྱངས་གྲགས་པས་གཙོས་གྲ་པ་ཁ་ཤས་ཟངས་རིར་རྟེན་གྱི་གཟུངས་འབུལ་དང་རབ་གནས་བྱེད་པར་བརྫངས་པའི་ཞར་བྱུང་འཁོར་ཞག་དང་སྦྲགས་སྲོང་བཙན་བང་སོའི་གཙུག་ལག་ཁང་བྱིན་ཅན་དེར་གཉྫི་རའི་ནང་བཞུགས་ལ་དགྲ་བགེགས་གནོན་པ་འགྲུབ་ན་སྤྱི་སྒོས་སུ་ཕན་པའི་ལུང་བསྟན་འདུག་པས་བསྒྲུབ་འདོད་ཡོད་པའི་སྟེང་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་རྫོང་ཐོག་ཏུ་གཉྫི་ར་འཛུགས་རྒྱུ་གྲ་བསྒྲིགས་པ་ཕྱོགས་མཐུན་ནང་རྫོངས་དང་ཏིཥྛ་བཛྲ་ལ་མངགས་ཤིང་ཆོས་རྗེ་རྫོང་རི་བ་ཅན་གྱི་ཚུལ་བཞིན་བསྒྲུབས་པའི་གཤིན་རྗེ་དམར་པོའི་མནན་པའང་དུས་ཐོག་ཏུ་བསྐྱལ། མི་རིང་བ་ནས་ལོ་གཅིག་ཙམ་གྱི་བར་རྫོང་གི་གཉྫི་རའི་ཟངས་ལེབ་བསྒྲིགས་མཚམས་ནས་ཆུ་བབས་ཏེ་ལྕེ་ཁར་མྱང་རྒྱུ་བྱུང་བར་རྩེ་ཞོལ་ཀུན་ནས་བལྟ་མཁན་མང་ཞིང་བདུད་རྩི་ཡིན་ཞེས་གླེང་བ་ཡོང་མི་ཐང་བ་ཞིག་ཡིན་འདུག་རུང་དཔྱད་མ་བཟོད། འདི་ནུབ་ནས་བཟུང་བདུན་གཅིག་གི་རིང་ལུས་ངག་མི་འདའ་ཞིང་ཡིད་ཀྱི་གླང་པོ་ཀུན་རྟོག་གི་ནགས་སུ་ཡང་ཡང་རྒྱུག་ཀྱང་དྲན་ཤེས་ལྕགས་ཀྱུས་འདེབས་ཁུལ་གྱི་ཡང་ཟབ་འཆོལ་པའི་ཁྲོ་རྒྱལ་ཆེན་པོའི་བསྙེན་སྒྲུབ་བགྱིས་པར་རྟགས་ཡ་མཚན་ཅན་ནི་དངོས་ཉམས་གང་དུ་འང་མ་བྱུང་བས་ལས་སྒྲིབ་ཀྱང་ཇེ་འཐུག་ལ་འགྲོ་ཡིན་ཡོད་པ་འདྲ། ར་མོ་ཆེར་སྟོད་པ་དང་སྔགས་ཁང་དུ་སྨད་རྒྱུད་པ་གཉིས་ཀྱི་དབུ་མཛད་ཐེ་བའི་བཞི་བཅུ་རེས་བདུན་གཉིས་ཀྱི་བར་བསྐང་གསོའི་ཐོག་ཤཱ་ས་ན་འགྲོ་གང་ཆེའི་མཇུག་གཏོར་བཟློག །སེར་འབྲས་དགེ་གསུམ་དུ་ཇ་ཚུལ་བཅོ་ལྔ་རེའི་ཐོག་ཤེར་སྙིང་འགྲོ་གང་ཆེ། སྡེ་པ་བློ་བཟང་སྦྱིན་པས་འདི་གའི་རིམ་གྲོར་དམིགས་ཏེ་ཚེ་ཆོག་འཛུགས་རྩིས་ཀྱི་རིགས་འཛིན་ཆེན་པོས་འབྲས་གཤོངས་ནས་གདན་དྲངས་པའི་ཚེ་དཔག་མེད་བདུད་རྩི་འཁྱིལ་པ་དང་དྭངས་


GLG007_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅུད་འདྲེན་སོགས་ཀྱི་འབུར་སྐུ་ཁ་ཤས་ཨེ་ནས་བག་དྲོ་ཅན་དང་། ཕོ་བྲང་དབུ་མཛད་ཕུན་ཚོགས་ཅན་གྱིས་ལྡེབས་རིས་ལ་ཚེ་དཔག་མེད་སྟོང་སྐུ་བསྐྲུན་པར་གཟུངས་བཞུགས་དང་རབ་གནས་སྨིན་གྲོལ་གླིང་ནས་ལོ་ཆེན་ངག་དབང་ཆོས་དཔལ་ཅན་གྱིས་བསྟར་ཞིང་ཚེ་ཆོག་གི་བཞི་སྡེ་ཡང་སྨིན་གྲོལ་གླིང་ནས་རེས་སྐོར་དང་དེ་མཚུངས་རི་བོ་བདེ་ཆེན་པར་སྨན་བླའི་བཞི་སྡེ་པ་གསར་འཕར་བཞི་བཙུགས། སྡེ་པའི་སྐུ་རིམ་དུ་གསེར་འོད། གཟུངས་བསྡུས། ཐང་ཡིག་གསུམ་བརྒྱ་རྩ་རེ། མ་ཎི་དུང་། མཚན་བརྗོད་ཉི་ཁྲི། གདུགས་དཀར་སུམ་ཁྲི། དྲི་མེད་བཤགས་རྒྱུད་སུམ་བརྒྱ། བསམ་ཡས། ལ་མོ། གནས་ཆུང་གསུམ་དུ་གསོལ་མཆོད་བཟབས་རྒྱས། བསྟན་སྲིད་སྤྱི་རིམ་ལ་དགེ་ལུགས་དགོན་ཁག་ཚོར་མང་ཇ་ལྔ་རེ། ས་ལུགས་ཚོར་བཞི་རེའི་ཐོག་གཏོར་བཟློག་དང་མདོ་སྒྲུབ་སྐབས་ཐོབ་ལྟར་བསྒྲུབས། དགའ་ལྡན་དར་རྒྱས་ཀྱིས་རྟ་བརྒྱ་ཉི་ཤུ་བྱིན་ཅིང་དཔོན་གཡོག་ཕྱེད་ཉིས་བརྒྱ་སྐོར་ལ་མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང་བསྐུར། དེའི་ཤོག་སེ་ཆེན་དགེ་སློང་ཅན་གྱིས་རྟ་ཞེ་གཅིག །དགེ་ཚུལ་མས་ཀྱང་དྲེལ་བཅུ་དགུ་དང་རྟ་དྲེལ་བཞི་རེ། བྲ་ཉེ་ཁུ་ཐུག་རབ་འབྱམས་པ་ཅན་གྱིས་ཉེར་བརྒྱད། འབྲི་གུང་པས་བཅོ་ལྔ། ཞང་སྟོན་གཞོན་ཚང་དང་ད་ལའི་པཱ་ཐུར་ཅན་གྱིས་བཅུ་དགུ་རེ། སྦུས་མདའ་བླ་མས་ཉེར་བརྒྱད། ར་ལ་ནོ་མུན་ཁན་གྱིས་ཉི་ཤུ། ཨ་རིག་བཀྲ་ཤིས་རྒྱ་མཚོ་ཅན་དང་ཧོར་རྫ་དམར་རྒྱ་མཚོས་བཅོ་བརྒྱད་རེ་རྣམས་བྱིན། ཚེས་བཅུ་གསུམ་ལ་དེ་མོ་སྤྲུལ་པའི་སྐུ། དྷས་ཁོ་ཤོའུ་ཆིའི་བུ་སོགས་དགེ་ཚུལ་གྱི་དངོས་པོར་བསྒྲུབས་ཤིང་རྟ་འབུལ་བ་ལྔ་བཅུ་སྐོར་ལ་བྱིན་རླབས་


GLG007_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས། གོང་དུ་ཞུ་ཡིག་འབུལ་བར་བཏང་བའི་རབ་འབྱམས་པ་བློ་བཟང་དོན་གྲུབ་དང་ལ་གདོང་པ་ངག་དབང་གྲགས་པ་གཉིས་ཟི་ལིང་ནས་མི་སྣ་དངོས་གཞིའི་སྔུན་བཅད་དེ་འོངས་པ་དང་ཕྲད། ཚེས་བཅོ་ལྔ་ནས་པཎ་ཆེན་སྐུ་མཆེད་ཀྱི་ཟབ་གཏེར་ཡེ་ཤེས་འོད་མཆོག་གི་སྒོ་ནས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་དང་འབྲེལ་པའི་འཆི་མེད་གྲུབ་པའི་རྣལ་འབྱོར་བདུན་གཅིག་གི་བར་དུ་ཉམས་སུ་བླངས་པ་དབང་པོ་ཡང་རབ་ཅིག་ཡིན་ན་གཞན་ལས་ཟབ་ཁྱད་ཐོན་པའི་བོགས་ཆེན་པོ་ཞིག་ཐོན་ཚོད་དུ་འདུག་ཀྱང་རང་སྐྱོན་ཆོས་ལ་བཀལ་ཆོག་པ་བྱ་ལམ་དུ་སོང་། མཚམས་ཁོངས་སུ་ཁྱབ་བདག་བཀའ་འགྱུར་བའི་དབོན་རིན་པོ་ཆེ་ཡར་ཀླུངས་ནས་བྱོན་པ་དང་མཇལ་ཞིང་དངུལ་གྱི་མཎྜལ་གཡུ་རྩི་མའི་ཕྱག་རྟེན་མཛད། ལྷོ་མོས་སུ་ཀྱེ་རྡོར་བསྙེན་ཆེན་ལ་འབྱོན་པའི་མཐུན་རྐྱེན་དང་བསླབ་བྱ། རྒྱ་ནག་གི་ཐོད་ཕྲེང་བྱུ་རུའི་རྒྱན་དང་གསེར་གྱི་བཅུ་ཤད་ཡོད་པའི་ལེགས་པ། ཧོར་དྲིལ་ལེགས་པ་ཤུབས་བཅས། བཟང་ཇ་ཆུ་ཐོག་མ་ཁོར་གསུམ། སྐུ་སྲུང་ལ་ཐུགས་རྟེན་གནམ་ལྕགས་ཀྱི་རྡོ་རྗེ་དང་མགོན་པོ་ཤིང་དྲུང་མ་ལོ་ཆེན་རིན་བཟང་གིས་གདན་དྲངས་པའི་འཁྲུལ་མེད་བླ་མ་དམ་པའི་སྐུ་སྲུང་འབྲལ་སྤང་གཡར་པོར་ཕུལ། སྡེ་པ་ཅུང་ཟད་བྲོ་འཚལ་བར་མགོན་པོའི་བྱིན་རླབས་བར་ཆད་ཀུན་སེལ། ཕྱག་རྡོར་འབྱུང་འདུལ་དང་དམག་ཟོར་མའི་རྗེས་གནང་བསྐུར། རྒྱ་ནག་ལ་འགྲོ་མི་རབ་འབྱམས་པ་དོན་གྲུབ་རྒྱ་མཚོ་ཅན་དང་བོད་སོག་ཉིས་བརྒྱ་སྐོར་དང་ཕྲད་ཅིང་སོག་པོ་གསར་སླེབས་རྣམས་ཀྱིས་གསེར་དངུལ་ཇ་གོས་དར་པགས་རས་སོགས་ཕོན་ཆེ་བ། གཞན་ཡང་རང་རང་གི་ཡུལ་ཟོག་གི་སྟེར་བྱ་བཟབས། ཉེར་ལྔ་ནས་ཡངས་པ་ཅན་གྱི་རྟ་འགོའི་ཆུ་ཚན།


GLG007_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བདུན་གྱི་བར་བསྟེན་ཀྱང་ཕན་གནོད་ནི་མ་བྱུང་། ཐོད་རི་བཤད་སྒྲུབ་གླིང་པ་ངག་དབང་རྒྱ་མཚོ། ཕུན་ཚོགས་རྒྱ་མཚོ། བློ་གྲོས་རྒྱ་མཚོ་གསུམ་གྱིས་ཕར་ཕྱིན་གསར་རྩོམས་ཐལ་ཕྲེང་གི་རྒྱུགས་སྤྲད། གནམ་གང་གི་ཞོགས་ལྷ་སའི་བསྙེན་གནས་མ་ཚོ་ཡན་ལག་བརྒྱད་པའི་ཁྲིམས་ལ་བཀོད། ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་ཕུ་ལུང་ལྷ་དབང་རྡོ་རྗེ་བསམ་ཡས་སུ་བསྐང་རྫས་དངོས་བཤམས་ཡིད་སྤྲུལ་དང་བཅས་བཏང་བའི་ཚེ་སྤེལ་བའི་ཕྲིན་ཡིག་ཚིགས་བཅད། རྩེས་དང་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་འདི་གའི་འདྲ་འབག་ཁྲི་བཅས་བཞེངས་པའི་རྒྱབ་ཡིག་སྨོན་ལམ་བརྩམས། ཁལ་ཁ་མ་གདྷ། ཨུའི་ཆིང་ཨ་ཁའི། ད་ལའི་པཱ་ཐུར་སོགས་ཀྱིས་གསེར་དངུལ་ཇ་གོས་དར་པགས་རིགས་སོགས་རྒྱ་སོག་གི་དངོས་དཔྱད་སྤམས་མཐོ་བའི་སྟོང་འབུལ། ཁལ་ཁ་ཀླུ་འབུམ་ནོ་མུན་ཁན། ནོ་མུན་ཨེ་ཇེན་གྱི་དགེ་ཚུལ་མ། ཡེལ་དེང་ནོ་ཡོན། དཔོན་མོ་བསོད་ནམས་སྒྲོལ་མ་སྲས་བློན་འབངས་བཅས་ཀྱིས་རྒྱུ་ཟོག་གོང་ལ་གཞིབས་པའི་ཁྲི་འབུལ། ཏྲེ་བོ་ཧོར་ཚང་དཔོན་པོ་མཆེད་སོགས་ཀྱིས་གསེར་དངུལ་ཇ་ཁྲབ་རྟ་དྲེལ་གྱིས་གཙོས་པའི་སྟོང་འབུལ་བྱུང་བ་དགེ་བ་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོས་ཤིང་དཔོན་གཡོག་དྲུག་བརྒྱ་སྐོར་ལ་ཡན་ལག་གི་འདེགས་འཇོག་བགྱིས། ཚེས་ལྔར་བྱང་ཁང་རྒྱབ་ཕོ་ལྷས་མང་འགྱེད་འབྲས་ཤེལ་གྱིས་སྣ་དྲངས་པའི་བདོག་པ་བརྐྱང་སྟེ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྟར། པོ་ཏ་ལའི་གྲ་ཤག་གསར་རྒྱག་ཟིན་པའི་ལེགས་བྱར་གཉེར་པས་ཁུར་བླངས་པའི་དཀར་དྲོ་དམར་དྲོའི་བཞེས་ལེན་དང་སྤྱི་སྒེར་ནས་


GLG007_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཟིང་གི་དངོས་པོ་རིང་དུ་བརྐྱང་། ཚེས་བདུན་གྱི་ཉིན་དེ་མོ་སྤྲུལ་སྐུ་དབོན་བཅས་ཀྱིས་བདོག་པ་ཕྱུར་བུར་སྤུངས་ཤིང་ཚོགས་ཡོན་སྦྱར་ཏེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་མཛད། སྤྲུལ་སྐུ་དཔོན་སློབ་ལ་ཚེས་བཅུ་གཉིས་ཀྱི་ཉིན་ཚེ་དབང་གྲུབ་རྒྱལ་མ། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། འབྱུང་འདུལ། ཨ་ར་པ་ཙ་ན་གཙོ་རྐྱང་། སེང་ལྡེང་ནགས་སྒྲོལ། རྣམ་འཇོམས་བ་རི་ལུགས་ཀྱི་དབང་དང་རྗེས་གནང་། རྟ་མགྲིན་སྐྱེར་སྒང་ལུགས་དང་ཕྱག་དྲུག་པའི་བྱིན་རླབས་རྣམས་བྱས། སྡིངས་པོ་ཆེའི་སྤྲུལ་སྐུ། རྒྱལ་གླིང་མཁན་ཟུར་སྔོན་པོ་ཏོག །ལྕགས་ཟམ་སྤྲུལ་སྐུ། ཧན་སྟག་ལུང་སྐུ་སྐྱེ་སོགས་བླ་མ་ཁ་ཤས། སྡེ་པ་མཚལ་པ། ས་སྐྱོང་མེར་གན་ཐའི་ཇི། ཨུ་ཁེ་རེས་ཐའི་ཇི། མེར་གན་ཐའི་ཇི་གསུམ་གྱི་མི་སྣ། མེར་གན་ཨ་ཁའི་གྱིས་གོས་དར་དང་ཇས་ཐོག་དྲངས་པའི་སྟོང་འབུལ། དགེ་ཚུལ་མ་པུ་ཎྱ་དྷ་ར་དང་ཚིནྡྷ་མ་ཎི་དར་ཁན་ཨེཾ་ཆི་གཉིས་ཀྱིས་བརྒྱ་འབུལ་བྱུང་བ་དགེ་བ་བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་རྒྱས་བཏབ་ཅིང་བོད་སོག་ལྔ་བརྒྱ་སྐོར་དང་ཕྲད། གོང་གི་གསེར་ཡིག་པ་རྣམས་མཚོ་ཁ་བུད་མཚམས་ནས་གནས་གསར་བ་མཁྱེན་རབ་རྣམ་རྒྱལ་འོངས་པ་འབྱོར། མེར་གན་ཨ་ཁའི། ད་ལའི་པཱ་ཐུར། ཡེལ་དེང་ནོ་ཡོན། ཨུའི་ཆིང་ཨ་ཁའི། དཔོན་མོ་མ་གདྷ། ནོ་ཡོན་ཨུའི་ཆིང་ཁའི་དགེ་ཚུལ་མ། དཔོན་མོ་བསོད་ནམས་སྒྲོལ་མ་བཅས་བདུན་བརྒྱ་སྐོར་ལ་སྤྱན་རས་གཟིགས་སྐྱེར་སྒང་ལུགས། འཇམ་དབྱངས་གཙོ་རྐྱང་། སེང་ལྡེང་ནགས་སྒྲོལ་གསུམ་གྱི་རྗེས་གནང་དང་རགས་བསྡུས་ལ་ཚེ་དབང་གྲུབ་རྒྱལ་མ། ཕྱག་དྲུག་པའི་བྱིན་རླབས་བར་ཆད་ཀུན་


GLG007_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་རྣམས་བསྐུར། ཚེས་བཅོ་ལྔ་བཅུ་དྲུག་ལ་དགེ་སློང་སུམ་བརྒྱ་དང་ཉེར་གཅིག །དགེ་ཚུལ་བརྒྱ་གོ་དྲུག་རྣམས་བསྒྲུབས། དའི་ཆིན་ཁོ་ལོ་ཆིས་ཇ་གོས་དར་གཙོ་བོར་གྱུར་པའི་བརྒྱ་འབུལ་བསྟར་བ་རྣམ་མཁྱེན་གྱི་ཆེད་དུ་བསྔོས། ཚེས་བཅུ་བདུན་ལ་དའི་ཆིང་ཁོ་ལོ་ཆི། །ཨེརྒེ་ཐའི་ཇི། བསྟན་པ་བཅས་ཉིས་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རྗེས་གནང་དང་། ཚེ་དབང་གྲུབ་རྒྱལ་མ་བསྐུར། རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུ། གྲ་ཐང་མཁན་པོ། རྒྱལ་མོ་ཆེ་བ། མཚུར་ཕུ་ཕྱག་མཛོད་ཅན་དང་མཇལ་ཕྲད་དང་རྡོ་རྗེ་བྲག་སྤྲུལ་པའི་སྐུ་རིན་པོ་ཆེར་ནང་རྟེན་ཕལ་ཆེར་ལོ་རྒྱུས་ཞིབ་མོ་དང་བཅས་རྟེན་མཇལ་ཕུལ་ཞིང་རྫོང་བདའ་བཟབས་རྒྱས་ཞུས། ཉེར་གཅིག་ལ་ཆེ་ཆེན་ཐའི་ཇི་ཡུམ་སྲས། མཁའ་འགྲོ་དགེ་ཚུལ་མ། ཏྲེ་བོ་ཧོར་ཚང་ཞལ་ངོ་དགུ །བླ་མ་ནམ་མཁའ་མཛོད་པ་སོགས་བོད་སོག་ཉིས་བརྒྱ་སྐོར་དང་ཕྲད། བྱ་བྲལ་གུ་རུ་ཅན་གྱིས་རྟ་བརྒྱ་དང་བརྒྱད། ལྡན་མ་རག་ཤི་བས་ཉེར་དགུ་བྱུང་། འདི་ཉིན་ནས་བདུན་གཉིས་ཀྱི་བར་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ཁ་གསོ་བྱས། ངེད་རང་གི་རིམ་གྲོར་རྫོང་གཞིས་ཁག་ནས་བཀའ་འགྱུར་ཚར་ཉིས་བརྒྱ་བཅུ་བཞི། ཉི་ཁྲི་སུམ་བརྒྱ་ཉི་ཤུ། མཚན་བརྗོད་དྲུག་སྟོང་ང་བཞི། གདུགས་དཀར་བཞི་ཁྲི་བཞི་བརྒྱ། སྒྲོལ་མ་ཆིག་འབུམ་བདུན་ཁྲི་བརྒྱད་སྟོང་དྲུག་བརྒྱ། ཤེར་སྙིང་ཉིས་འབུམ་ཆིག་ཁྲི་དྲུག་བརྒྱ། ཚེ་གཟུངས་བརྒྱད་འབུམ་དགུ་སྟོང་དགུ་བརྒྱ། ཚེ་ཆོག་ཁག་བཞི། རྣམ་རྒྱལ་སྟོང་མཆོད་ཁག་གཉིས། ཡིག་དྲུག་དུང་གསུམ། དམག་ཟོར་མའི་བསྐང་བ་འབུམ། ཕྱུགས་


GLG007_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་སུམ་བརྒྱའི་སྲོག་བླུ་རྣམས་དང་སྡེ་པའི་སྐུ་རིམ་ལ་ཡུམ་ཆེན་མོ་ཉི་ཁྲི་བརྒྱད་སྟོང་པ་གསུམ་བརྒྱ་རྩ་རེ། ཆོས་འཁོར་རྒྱལ་དུ་མགོན་ཆོས་དམག་ཟོར་མ་གསུམ་གྱི་བསྐང་བ་ཁྲི་རེ། བསྟན་སྲིད་སྤྱི་རིམ་ལ་སྟོང་ཕྲག་བརྒྱ་པ་དང་བརྒྱད་སྟོང་པ་ཆིག་ཁྲི་རེ། དཀོན་མཆོག་བརྩེགས་པ་དྲུག །ཉི་ཁྲི་གྲ་ལྔ་གསེར་འོད་གསུམ་བརྒྱ་རྩ་རེ། སྨན་བླ་ཉི་ཁྲི་དགུ་སྟོང་དྲུག་བརྒྱ། སྒྲོལ་མ་ས་ཡ་གཅིག་དང་སུམ་ཁྲི་བརྒྱད་བརྒྱ། ཚེ་གཟུངས་ལྔ་ཁྲི་བརྒྱད་སྟོང་། འབྲས་སྤུངས་སུ་མང་ཇ་སུམ་ཅུ། སེ་རར་ཉེར་བརྒྱད། དགའ་ལྡན་དུ་བཅོ་ལྔའི་ཐོག་གདུགས་དཀར་སུམ་འབུམ་བདུན་ཁྲི་བཞི་སྟོང་བདུན་བརྒྱ། ཤེར་སྙིང་ས་ཡ་གཉིས་དྲུག་འབུམ་ལྔ་ཁྲི་ཆིག་སྟོང་རྣམས་བསྒྲུབས། ཡང་དག་སྒྲུབ་མཆོད་སྔ་སོར་ཉུང་བསྡུས་ལ་བཙུགས་གྲུབ་ཀྱང་སླར་ཚོགས་ཆེན་ལ་ཚུགས་པ་དགོས་ཚུལ་ལྟར་གོང་དཀར་རྡོ་རྗེ་གདན་དུ་ཟླ་བ་བཅུ་པའི་ཉེར་གཅིག་ནས་ཉེར་ལྔའི་བར་ཡང་དག་ཟླ་གམ་དགུ་པའི་སྒྲུབ་མཆོད་ཀྱི་ཐེབས་ལ་ཡ་ཇུ་དམར་འདེགས་ཁལ་དྲུག་ཉག་བཞི། ཤོག་བུ། སྤོས་རེང་། ཨ་ག་རུ་ཉག་ལྔ་གོན་སྣམ་གཅིག་རྣམས་ལོ་ལོ་བཞིན་གྱི་འཛིན་དང་། བསེ་གྲོང་དགོན་དང་བྱང་ཐང་བར་གྱི་ཤས་ཞིང་ཁྱར་པ་རང་གནས་ཐོག་ཁ་རག་ཐོད་ཕུ་ནས་མི་སེར་དུད་འཛིན་བདུན་ལག་ཡོང་སུམ་བརྒྱ་གོ་གསུམ། དེ་མོ་བར་མཆོད་ཡོན་རིམ་པ་བཞིན་ནས་ས་རིགས་བདག་རྐྱེན་ཆེ་ངེས་ཡོད་རུང་བར་ཁམས་ཕྱོགས་ཀྱི་བླ་མ་རྣམས་ཕྱོགས་ལྷུང་གི་ཀུན་རྟོག་ཧྲགས་པས་རྟ་ཚག་སྤྲུལ་པའི་སྐུར་པག་ཤོད་སྦྱར་བའི་རྐྱེན་གྱིས་དོན་ལས་ཀྱང་གཏམ་གཙོ་ཆེ་བའི་བོན་པོ་དང་འཐེན་འཁྱེར་ཆེ་བ་འདི་ལོ་ནས་རྩའཇགས་ཐོག །གསར་


GLG007_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷོ་རོང་རྫོང་འོག་སྤར་སྟོད་པ་དང་ཤོག་སྔ། ཁང་གཡུལ་ལྟེ་འབུམ། ཞེད་རྩེའི་འོག་ནས་སེ་དམར་བ། རྒྱུ་སྐར་སྟོད་གྲོང་སྨད། རི་ཁྲོད་པ། བྲག་ཤར། ཉི་ལུང་། སྤོ་ཤར། གྲོང་གསུམ། གནམ་གུང་སྔོན་ས་ཝར་དགོན་པ་སྟོངས་ཤུལ། གུར་སེར་རྣམས་ཀྱི་དུད་འཛིན་སུམ་བརྒྱ་དྲུག་ཅུར་ལག་འབབ་དྲུག་བརྒྱ་སྐོར། སྦུས་སྲང་གསེར་ཁང་པར་སྐྱོར་ལུང་སྤྱིལ་པོའི་ས་ཚབ་ཏུ་འདུལ་བ་བླ་མས་འཛིན་ཤུལ་གང་སྐྱ་རྣམས་སྦྱོར་འཇགས་བགྱིས། རྭ་བ་ན་མངའ་རིས་པ་བསོད་ནམས་ཀྱིས་དྲག་པོའི་མདོས། གྲིབ་སེལ་དོན་བརྒྱད་མ། ས་བདག་སྐྱས་མདོས། ལྷ་ཁྲུས་གསང་བ་དགུ་སྐོར། གཤེད་དམར་གཏོར་བཟློག་རྣམས་བསྒྲུབས། སྟོན་མཇུག་འཆར་ཅན་གྱི་དབུས་གཙང་གི་དགོན་རྣམས་ལ་ཇ་སྦྱོར་གསུམ་སྤྲེལ་དང་ཨངྐི་དང་པོར་གཤོར་ཁལ་གསུམ་རེ། གཉིས་པར་གཉིས་རེ་ཡོང་བའི་དཔུས་ཆར་གཙང་ཁུལ་ལ་མོ་རྒྱན། དབུས་ཁུལ་ལ་གསེར་འགྱེད་ཀྱི་ཐོག་སྒྲོལ་མ་ཤེར་སྙིང་གང་འགྲོ་བཏང་། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ལ་བསམ་ཡས་སུ་ཚོགས་ཆས་སྤྱན་གཟིགས་དང་བཅས་དགེ་སློང་འཇམ་དབྱངས་གྲགས་པ་ལུང་བསྟན་ཞུ་བར་བཏང་། ཚེས་བཅུར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཀའ་འགྱུར་གསར་དུ་བཞེངས་པར་མེ་ཏོག་འཐོར་བ་དང་ཕྱོགས་མཐུན་གཟིམས་ཆུང་བརྟན་བཞུགས་དང་བཀའ་འགྱུར་དེ་གྲ་ཚང་ལ་ཕུལ་བའི་ཚབ་མ་ཞིག་དགོས་ཚུལ་ལྟར་སྡེ་པར་ཞུས་ནས་གནང་། ཚེས་བཅུ་གཅིག་ལ་བསྟན་འཛིན་ད་ལས་རྒྱལ་པོ་ཡབ་ཡུམ་སྲས་མི་བཟང་། རྒྱལ་པོ་གོང་མའི་དབུ་སྐོར་ཆུང་བ་


GLG007_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཁལ་ཁ་ཨུའི་ཆིང་ཨ་ཁའི་གྱི་བསྔོ་ཞུས་པ། ད་ལའི་ཧུང་ཐའི་ཇི་སོགས་དང་བར་ཁམས་ནས་བཀྲ་ཤིས་པཱ་ཐུར་ཐའི་ཇིའི་མི་སྣ། འབྲོག་སྨན་སྐྱོང་སྤྲུལ་སྐུ། ཀ་ཚལ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ། སྟག་རྩེའི་སྡེ་པ་ལྷ་རྒྱལ་རབ་བརྟན། ལྕམ་ནོར་བུ་ཁྲ་སྒོར་རྣམས་དང་མཇལ་ཞིང་ཚོམས་ཆེན་སྟེང་དུ་བོད་སོག་སྟོང་ཕྲག་གཉིས་ལ་བྱིན་རླབས་བསྟར། ཇུས་རིམ་དུ་རྡོ་རྗེ་བྲག་པ། དགའ་ལྡན་གསང་སྔགས་གླིང་པ། ཀ་ཚལ་ཟུར་པ། སྨིན་གྲོལ་གླིང་པ། བྲག་སྣ་བ། གནས་གཞི་བ། སྨྲ་བོ་ལྕོག་པ། གོང་ར་བ། འོད་མཆོག་པ། སྣ་དཀར་རྩེ་གསང་སྔགས་ཆོས་འཁོར་གླིང་པ། བྲག་ལ་བ། སྒྲོལ་ཕུག་པ། ཡང་འུག །ཆུ་མིག་པ། བཀྲ་བཟང་པ། ནུབ་དགོན་པ། བྲག་དཀར་ཆུ་བཟང་པ། དཔལ་རི་བ་སོགས་ཀྱིས་སོ་སོའི་ལུགས་བཞིན་དགྲ་མནན་སྨིན་རྒྱས་བགྱིས།ཚེས་བཅུ་བཞི་ལ་དེ་མོ་སྤྲུལ་པའི་སྐུར་པཎ་ཞྭས་སྣ་དྲངས་པའི་ན་བཟའ་ཆ་ཚང་། རྡོར་དྲིལ། སྦུག་སིལ། ཞལ་དཀར། དངུལ་ལས་གྲུབ་པའི་ཞལ་སྟེགས། བཟེད་ཞལ། ཞལ་གསིལ། སྡིར་བུ། ལྟེ་རི། ཐ་ཕག །མདོང་མོ། ལྔ་བཅུ་མ། གསེར་སྒ། གོས་དར། སྣམ་ཕྲུག་སོགས་སྤམས་མཐོ་བ། དབོན་པོར་གོས་སྣ་ཚང་མ་སོགས་གང་འཚམ་གྱིས་རྫོང་བདའ་ཞུས་ཤིང་སྤྲུལ་སྐུ་དབོན་པོ་སྤོ་བོ་སྐུ་སྐྱེ་གསུམ་ལ་དཔལ་མགོན་ཞལ་དང་དམག་ཟོར་མའི་བཀའ་བསྒོ་རྒྱས་པར་ཕུལ། ཕྱག་དཔེ་ཐུགས་གཉེར་མཛད་ལུགས་ཀྱི་རྒྱུ་མཚན་མོལ། མཚོ་སྔོན་པོ་ནས་ད་ལའི་ཧུང་ཐའི་ཇི་སོགས་ཀྱིས་འདི་གའི་ཀེག་ལ་དམིགས་པའི་རིང་འཚོའི་རྟེན་འབྱུང་བསྒྲིག་


GLG007_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པར་བུ་ལོད་བཏང་བ་དགའ་ལྡན་དར་རྒྱས་ཅན་དཔོན་པོ་ཁ་ཤས་ཀོང་པོར་དམག་ལ་སོང་བ་དང་བཅས་བོད་དུ་ཡོད་པ་ཐམས་ཅད་འཛོམ་མ་ཐུབ་རུང་དཔོན་པོ་སྤྱི་སྒེར་གྱིས་བཏོན་པའི་བདོག་པར་བརྟེན་ཏེ་ཚོགས་ཆས་འགྱེད་རྣམས་འགྲིག་ནས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཆོ་ག་རྒྱས་པར་མཛད་ཐོག་དགའ་ལྡན་རབ་འབྱམས་པ་དང་སེ་ཆེན་ཧུང་ཐའི་ཇི་ཡོད། ད་ལའི་ཧུང་ཐའི་ཇིས་ལྔ་བཅུ་མ་དྲུག །གསེར་དངུལ་གྱི་མདོང་མོ། ཇ་གོས་དར་གྱིས་ཐོག་དྲངས་པ་དང་དཔོན་པོ་གཞན་རྣམས་ཀྱིས་ཀྱང་རང་གི་འབྱོར་པ་དང་བསྟུན་པའི་རིང་དུ་བརྐྱང་།འདི་ཉིན་ནས་བཟུང་བྲག་དམར་གྱི་སྒྲུབ་ཞག་བདུན་བགྱིས། གོང་གི་མི་སྣ་རྒན་པ་སྦྱོར་ར་ཆི་བླ་མ། ཆུང་བ་ཁི་ཡ་དབུ་མཛད། འདི་གའི་མི་སྣ་རྩེ་ཚོགས་མཁན་ཆེན་དང་གནས་གསར་ནས། ཨོ་རོད་རྒྱལ་པོའི་མི་སྣ། འགྲུལ་སྡེབས་ངོ་མ་སུམ་ཅུ་རྩ་གསུམ་བཅས་པར་ངོས་ཕྲད་དང་མཉམ་དུ་བཞེས་ལེན་གྱི་སྟོན་མོ་བཏང་ཐོག་གོང་གི་བཀའ་ཤོག་སྤྲད་པ་བླངས། ཉེར་གསུམ་ལ་ལྷ་ས་བ་བློ་གྲོས་ལེགས་པ་དང་ངག་དབང་མཁས་བཙུན་གཉིས་ཀྱིས་སྟེར་ཆ་འགྱེད་བཅས། སྤྱི་འབུལ་སྙན་དར་ཉིས་བརྒྱ་གོང་བཅས་སྤམས་མཐོ་བ་སྤེལ་བ་དང་ལྷན་དུ་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། ཁོ་པ་གཉིས་ཀྱི་སྙན་དར་དང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་སྙན་ཤལ་བརྒྱ་སྐོར་ཕུལ་བའི་སྨོན་ལམ། སྤོ་བོ་སྐུ་སྐྱེས་བསྐུལ་ནས་ངེད་རང་དང་སྤྲུལ་སྐུའི་བརྟན་བཞུགས། གནས་གསར་དབོན་རིན་པོ་ཆེ་ཨཥྚའི་བསྙེན་ཆེན་གྱི་སྐབས་མནལ་ཉམས་སུ་འཁྲུལ་


GLG007_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གི་འཆར་སྒོ་འདྲ་བྱུང་ཚུལ་ཕེབས་པར་བོགས་འདོན་གྱི་ཚིགས་བཅད། རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱི་ངོར་བྱང་བདག་རིགས་འཛིན་སྤྲུལ་སྐུའི་བརྟན་བཞུགས། སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་འཁྲུངས་རབས། བདེ་གཤེགས་བརྒྱད། ཐུབ་དབང་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག །རབ་འབྱམས་པ་བློ་བཟང་ཆོས་ལྡན་གྱིས་བསྐུལ་བའི་གསོལ་འདེབས་སྨོན་ལམ་རྣམས་བྲིས། གོང་གི་གསེར་ཡིག་པ་རྒན་གཞོན། ཐ་ཡན་ཆེ་བླ་མ། ཨུ་ཆུ་མུ་ཆུ་ཆེན་ཆིང་དབང་། རྒྱ་མཚོ་ཆིང་དབང་། ཁ་ར་ཆིང་དབང་། དུར་པ་ཁུ་ཁུ་དབང་། བ་རི་ཁ་དར་ཁན་རྣམས་ཀྱི་བླ་མ། ཆོས་འཕེལ་དགེ་སློང་གི་དགེ་རྩ་བྱེད་མི་སྦར་ར་དགེ་སློང་། བསམ་བློ་མེར་གན་ཆོས་རྗེ་དང་ཆ་དཀར་དར་ཁན་ཆོས་རྗེའི་དབོན་པོ། གྲགས་པ་དགེ་སློང་། རྒྱ་མཚོ་དགེ་སློང་། མཁར་སྔོན་བློ་བཟང་དགའ་བ་དང་ཤི་རལ་ཐུ་དབོན་པོ། སར་ཁ་ལང་། ཇོ་སྟན་ཨེམ་ཆི། བྱིངས་གྲས་ཨེ་པ་བླ་མ། དབོན་པོ་དར་རྒྱས། སེ་ར་རབ་འབྱམས་པ། གྲོ་ཚང་ཆོས་རྗེ། གྲགས་པ་རིན་ཅེན། ཚུལ་ཁྲིམས་རྒྱ་མཚོ། དཀོན་ཅོག་རྒྱ་མཚོ། དགེ་སློང་བསོད་ནམས་རྒྱ་མཚོ། ཨོ་པ་ཤི། ཨ་མདོ་དར་ཁན་ནང་སོའི་ཚ་བོ་སོགས་དང་སང་ཉིན་མ་གཅིག་ཐའི་ཇིའི་དགེ་ཚུལ་མ་གཡོག་བཅས། ཁལ་ཁ་འཇམ་དབྱངས་སྤྲུལ་པའི་སྐུའི་མི་སྣ་དབང་པོ་རྒྱལ་མཚན་དང་བསྟན་འཛིན། ཐུ་ཤི་ཡེ་ཐུ་རྡོ་རྗེ་རྒྱལ་པོའི་མི་སྣ་བཀྲ་ཤིས་རྣམ་རྒྱལ་དང་བ་ཡེ་སྤུ་ཁུ་ལང་། ཚོ་པ་བདུན་སྤྱིའི་མི་སྣ་དང་ཐའི་ཇི་སིདྡྷི་ཤྲཱི། པཱ་ཐུར་ཐའི་


GLG007_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཇི། ཆེ་ཆེན་ཨ་ཁའི། མེར་གན་ཧུང་ཐའི་ཇི། ཚིནྡྷ་མ་ཎི་ཐོ་ཡོན། ཨེར་ཁེ་ཡེལ་དེང་། ཨེར་ཁེ་ཨ་ཁའི། ཆིང་ཁ་ཧོང་ཐའི་ཇི། ཨུ་རང་ཁན་བིང་ཐུ་དའི་ཆིང་། ཐུ་ཤི་ཁོ་ཤོའུ་ཆེ། ཟླ་བ་གྲགས་པ། ཨོན་དར་དཀའ་བཅུ། དུར་གི་ཆིའི་མི་སྣ་སོགས་རྒྱ་སོག་རྣམས་ཀྱིས་སོ་སོའི་སྟེར་ཆ་གསེར་དངུལ་ཇ་རས་ཀྱིས་ཐོག་དྲངས་པའི་བཟང་སྟོད་དང་ཡི་གེ་བསྐུར་མ་སོགས་སྤྲད་པ་རྩིས་ལེན་གྱི་བཀོད་པ་བྱས། མི་ཉག་རི་ཁུད་བླ་མ་ཤཱཀྱ་ཀུན་དགའ། ཨ་ཇོ་རྫོང་གི་བླ་མ། གཞུང་འགྲོན་ཚོང་དཔོན། གདན་ས་གོང་འོག་གི་ཚོང་པ་ཅན་ལྡེབས་འབྱར་ཁ་ཤས་དང་ཕྲད། རི་ཁུད་བླ་མ་དེས་ཁམས་ཕྱོགས་སུ་ལམ་འབྲས་ཀྱིས་གཙོས་པའི་ཆོས་ཀྱི་འགྲོ་དོན་འཕེལ་ཞིང་གསེར་མདོག་ཅན་པ་ལ་ལར་རྟག་བརྟན་པའི་ཚོས་ཐེབས་པའི་བརྟུལ་ཞུགས་མཆོག་འཛིན་ལྷུར་ལེན་པ་དང་མི་འདྲ་བའི་སྙན་བརྒྱུད་ཚད་མ་བཞི་ལྡན་དོན་དུ་གཉེར་བས་མཚོན་དཔྱོད་ལྡན་དུ་སྣང་། ཆེ་ཆེན་ཐའི་ཇི་ཡུམ་སྲས། ཐུ་མེད་དའི་ཆིང་ཁོ་ལོ་ཆི་ཡབ་སྲས་ཅན་ཉིས་བརྒྱ་སྐོར་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་དང་མི་ཉག་རི་ཁུད་བླ་མ། འདར་པ་རྗེ་དྲུང་བློ་གསལ་བསྟན་འཛིན། ཞབས་དྲུང་ནོར་བུ་ཁྲ་སྒོར་རྣམས་ལ་འཇམ་དཀར་ཤེས་རབ་འཁོར་ལོ། སྤྱན་རས་གཟིགས་སེང་གེ་སྒྲ། ཀླུ་དབང་གི་རྒྱལ་པོ་གསུམ་གྱི་རྗེས་གནང་ཕུལ། ངོར་གོང་དཀར་ཆོས་སྡེ། བཀྲ་ཤིས་ཆོས་སྡེ་སོགས་ས་ལུགས་ཅི་རིགས་དང་སྔགས་བོན་བཅས་པ་ཁག་ཉི་ཤུ་རྩ་དགུས་གཏོར་བཟློག །དགེ་ལུགས་ལ་ཇ་ལྔ་རེ། ས་ལུགས་ལ་བཞི་རེ་བཏང་བའི་མདོ་སྒྲུབ་དང་གཏོར་བཟློག་གཞི་དགོན་བཤད་གྲ་བ་


GLG007_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སྦྱར་ནས་མཇུག་ཏུ་ཚོགས་ཟངས་ཁ་འབྱོ་བར་མཛད། ཧོར་ཟླ་བཅུ་གཉིས་པའི་ཚེས་གཉིས་ལ་ལྷ་ལྡན་བསྙེན་གནས་མ་རྣམས་ཀྱིས་བསྡུས་པའི་རྙེད་པ་དང་བཅས་གཟིམས་ཆུང་བརྟན་བཞུགས་ཀྱི་རྟེན་འབྲེལ་བསྒྲིགས། རྣམ་གླིང་པཎ་ཆེན་དང་གསུང་རབ་གླིང་པ་དཀའ་བཅུ་རྒྱལ་མཚན་དར་རྒྱས་ཀྱི་དོན་དུ་གདུགས་དཀར་གྱི་སྒྲུབ་ཐབས་རྡོ་རྗེ་ཕ་ལམ། སྔགས་བན་ངག་དབང་རྒྱ་མཚོའི་ཁ་ཏོན་དུ་སྣར་ཐང་བརྒྱ་རྩ་ནས་བཤད་པའི་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་ངན་འགྲོ་ཀུན་འགེགས། ཁྲོ་ཆུ་དུག་སྡོང་གི་རྒྱུན་འཁྱེར་སྤུ་གྲི་འབར་བ། ཞ་ལུར་ཆོ་འཕྲུལ་མཆོད་པར་སྒྲུབ་མཆོད་གསར་བཙུགས་ཀྱི་བཅའ་ཡིག་ཤེལ་དཀར་མེ་ལོང་། རྩེས་དང་དཔལ་གྲོང་སྔག་རམས་པ་ངག་དབང་དགེ་ལེགས་ཀྱི་འདྲ་འབག་བཞེངས་པའི་དཀར་ཆག །གནས་གསར་འཇམ་དབྱངས་བསྟན་འཛིན་གྱིས་རྒྱ་ཅན་ཞལ་ཐང་དང་། བྱིངས་པ་བློ་བཟང་ཆོས་ལྡན་གྱིས་འདི་གའི་འདྲ་འབག་བཞེངས་པའི་རྒྱབ་ཡིག །འཕན་ཡུལ་བཅོ་བརྒྱད་པའི་བརྒྱུད་ཉག་ཕྲ་བར་ད་ལྟའི་དབོན་ཆུང་དེ་གེགས་ལས་གྲོལ་ཞིང་བསྟན་པར་ཕན་པ་དང་། རབ་འབྱམས་པ་དགེ་འདུན་ཆོས་འཕེལ་གྱི་དོན་དུ་དགེ་གཞོན་བློ་གྲོས་བརྟན་པས་བསྐུལ་བའི་སྨོན་ལམ། རིགས་འཛིན་སྤྲུལ་པའི་སྐུའི་བཞེད་པ་ལྟར་ཨེ་ཝཾ་ལྕོག་སྒར་དང་སྟག་ལུང་གསང་སྔགས་ཆོས་འཁོར་དུ་འཛུགས་པའི་སྨོན་ལམ་རྣམས་བྲིས། གཞུ་ཚང་སྐུ་འདུན་ལྷུན་གྲུབ་དང་དགའ་ལྡན་གསང་སྔགས་གླིང་སློབ་དཔོན་པར་ཇ་གྲལ་བཏང་ཞིང་ལྕགས་ལ་རབ་འབྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་གྲ་ཚང་གི་ཞལ་འདོན་ཤོག་བུ་ལྔ་བརྒྱ་སྐོར་གྱི་རྒྱུགས་སྤྲད། འདི་
གའི་རིམ་གྲོར་ཕག་མོ་ཆོས་སྡེ་བས་ཚེ་གཟུངས་ས་ཡ་དྲུག །སྡེ་པའི་སྐུ་རིམ་ལ་ཐར་པ་གླིང་པས་པདྨ་བཀའ་ཐང་དང་ཐང་ཡིག་སྡེ་ལྔ་ཚར་ལྔ་བརྒྱ་རེ་སྒྲོགས། ཚེས་ཉི་ཤུར་རྟོགས་བརྗོད་པོ་ཏི་དང་པོ། དཀར་ཆག་ཆེ་བརྗོད་ཀྱི་འཕྲོས། གཤེད་དམར་མངོན་དཀྱིལ། དྲི་མེད་བཤགས་རྒྱུད། གསང་སྙིང་རྩ་བ། ཐང་ཡིག་ཤེལ་བྲག་མ། མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས། སྒོམ་བདེའི་འབྲུག་ལན་དང་དུས་འཁོར་གྱི་ཕྱི་ནང་རྣམ་གཞག །སྤྲུལ་སྐུ་འཕྲང་ཁ་བའི་མཆོད་རྟེན་སྐུ་གཟུགས་ཐིག་རྩ་རྣམས་ཀྱི་པར་འབྱོར། ཉེར་གཉིས་ནས་བདུན་གཅིག་གི་བར་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ཁ་གསོ་དང་ཉིན་གསུམ་ལ་ཁྲོ་མོ་སྨེ་བརྩེགས་ཀྱི་བཟླས་བརྗོད་བགྱིས།


previousཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་གསུམ་པ།next