ཤོག་ལྷེབ་ ༡ ནས་ ༡༠༠ བར།
མ ཧཱ གུ བྱ ཡཱ ན བཛཱ ཡ ཏི བི ཀཱ ར ན བྱ ཛེ ཎྞཾ ཤཱ བྷྱཱ པཱ ཀྟ ལེ ཁ བི ཤཱ ཉྩ སཱུ ཏྲ ཏ ནྣཱ སཱ ག མོ དྡྷོ ཏཾ བི ཧ ར ཏི སྨ།།
གསང་ཆེན་རྡོ་རྗེ་ཐེག་པ་ཕྱི་འགྱུར་གསར་མ་གཙོ་བོར་སྟོན་པའི་ཟིན་བྲིས་སྣ་ཚོགས་དང་མདོ་རྒྱུད་ལུང་བཏུས་བཅས་བཞུགས་སོ། །
ན་མསྶརྦ་ཛྙཱ་ཡ། གང་གི་མཁྱེན་པའི་ཡེ་ཤེས་ཀྱིས། །རེག་པས་རྨད་བྱུང་སྤོབས་པའི་མཆོག །སྦྱིན་མཁས་འཇམ་མགོན་བླ་མའི་ཞབས། །བྱང་ཆུབ་བར་དུ་བསྙེན་བྱས་ནས། །རང་ངམ་ཐར་འདོད་གཞན་ཀྱང་རུང་། །བློ་གྲོས་སྒོ་འཕར་དབྱེ་བའི་སླད། །སྣ་ཚོགས་གཏམ་གྱི་མུཀྟི་ཀཿ །ཡི་གེའི་སྲད་བུར་བསྟར་འདིའོ། །སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་དོན་དུ་གཉེར་བའི་གང་ཟག་དེས་བསླབ་པར་བྱ་བའི་གནས་ཀྱི་གཙོ་བོ་ནི་ཤེས་བྱ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་སྟེ། དེ་ཡང་ཐོག་མ་ཁོ་ནར་སྒྲ་དང་། དོན་ལ་མཁས་པས་དེ་དང་དེ་ཡི་ལོག་ གྲུབ་ཐོབ་རྒྱ་མཚོ་སྤྱི་མེས་ཆེ། །རྣལ་འབྱོར་དབང་ཕྱུག་ས་ར་ཧ༔ ཟབ་མོ་དབུ་མའི་སྲོལ་འབྱེད་པ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས།
པར་རྟོག་པ་དྲུང་ནས་ཕྱུང་ཞིང་ཡང་དག་པའི་རྣམ་དཔྱོད་ཕུལ་དུ་བྱུང་བའི་རྐང་སྟེགས་མཐོན་པོར་བསྒྲུབས་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གྲོང་ཁྱེར་ཆེན་པོར་འཇུག་པར་བྱ་བ་ནི་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྒྱལ་བ་དགྱེས་པའི་ལམ་སྲོལ་ལ་ཞུགས་པ་རྣམས་དང་ཚུལ་མཐུན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཤཱན་དེ་བས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ན་ཡོད་མིན་པ། དེ་ལྟ་བས་ན་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་སོ། །འོ་ན་དཔལ་དུས་ཀྱི་འཁོར་ལོར། ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་གོ་ན། བསྟན་བཅོས་སྒྲ་ དྲང་ངེས་རྣམ་པར་འབྱེད་མཁས་པ། །རྒྱལ་བས་ལུང་བསྟན་ཐོགས་མེད་རྗེ། །འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་བ། །རྒྱལ་བའི་སྲས་པོ་ཞི་བ་ལྷ།
དག་གིས་ནི་ཅི་ཞིག་བྱ། །སོགས་དང་། ལང་གཤེགས་ལས། བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་རྣམ་པར་བརྟག །ཅེས་སོགས་སྒྲ་ཚད་ལ་སྨད་པར་མཛད་པ་དག་ཅི་ཞེ་ན། དེ་དང་དེ་ལ་མངོན་པར་ཞེན་པའི་ང་རྒྱལ་ཅན་གྱི་ཕྱི་རོལ་པ་དག་གི་ཁེངས་པ་གཞོམ་པ་སོགས་ཀྱི་སླད་དུ་ཡིན་གྱི་སྒྲ་ཇི་བཞིན་དུ་བཟུང་བར་མི་བྱ་ཞིང་། དེ་བཞིན་དུ། སློབ་དཔོན་ཙནྡྲ་གོ་མཱིས། བུད་མེད་ཡན་ལག་རུལ་བ་དྲི་ང་མི་སྡུག་ པ་སོགས་གསུངས་པའང་འདོད་པའི་གཏམ་གྱི་སྙན་དངགས་མི་བྱ་བ་ལ་དགོངས ་ཀྱི། གཞན་དུ། མདོ་ལས། དམ་པའི་ཆོས་གསལ་བར་བྱ་བའི་ཕྱིར་སྙན་ངག་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ཡང་རིག་པའི་གནས་ཐམས་ཅད་བསྡུ་ན་ཕྱི་ནང་གཉིས་སུ་འདུ་ཞིང་། ཅུང་ཟད་སྤྲོ་ན་ཚར་བཅད་རྗེས་བཟུང་གསུམ་དང་། སྒྲ་ཚད་བཟོ་གསོ་ནང་རིག་པ་སྟེ་ལྔ་དང་། དེ་སྟེང་སྙན་ངག་སྡེབ་སྦྱོར་ཟློས་གར་མངོན་བརྗོད་སྐར་རྩིས་བསྣན་པའི་བཅུ་དང་། འདུལ་བ་ལུང་རྣམ་འབྱེད་ལས་གསུངས་པའི་རིག་པའི་གནས་བཅོ་བརྒྱད་ལ་སོགས་པའི་བར་ཏེ། གཞན་དུ་ན་ཤིན་ཏུ་རྒྱས་པར་དབྱེ་ན་སྒྱུ་རྩལ་རིགས་རྣམས་ཀྱང་འདྲེན་པས། དེའི་ཚེ་རྒྱ་ཆེ་རོལ་པ་ལས་སྒྱུ་རྩལ་༢༨དང་། དེ་ཉིད་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་དྲུག་ཅུ་རྩ་བཞིར་བསྡུས་ལ། དེ་ལས་རྣམ་གྲངས་གཞན་པ་བྱེ་བྲག་རྟོགས་བྱེད་དུ་སྡེ་ཚན་བཞིར་བསྡུ་བ་
དང་རྗེས་སུ་མཐུན་པར་སློབ་དཔོན་དཱཎཱིས་ཀྱང་སྒྱུ་རྩལ་ཡོངས་སུ་བཅད་པ་ཞེས་ལེའུ་བཞི་པ་ཞིག་མཛད་ཡོད་པར་གྲགས་སོ། །གཞན་ཡང་། ཚོང་པ། རྫ་མཁན། ཕྲེང་མཁན། ཆང་འཚོང་། ཕྱུགས་འཚོ་བ། འདྲེག་མཁན། འབྲུ་མར་འཚིར་བ། མགར་བ། ཤིང་མཁན། ཕྱྭ་མཁན། ཐ་ག་པ། ཀོ་པགས་མཁན། རྒྱལ་ཆེན་པ། བཙོ་བླགས་མཁན། སྨིག་མ་མཁན། བཤན་པ། གདོལ་བ་མཁན། ཤིང་རྟ་མཁན་ཏེ་བཟོ་སྦྱངས་བཅོ་བརྒྱད་དང་། རིན་པོ་ཆེ། ས་གཞི། གོས། ལྗོན་ཤིང་། རྟ། གླང་པོ། སྐྱེས་པ། བུད་མེད་བརྟག་པ་སྟེ་བརྟག་པ་བརྒྱད་ལ་སོགས་པའང་མདོ་སྡེ་འགའ་ལས་བཤད་ཅིང་། དྲང་སྲོང་ལེའུའི་བུས། སེན་མོས་༡འབྲད་དང་སོས་འདེབས་༢དང་། །འཁྱུད་པ་༣དང་ནི་མཐང་སྦྱར་དང་། །བྱ་བ་༥དང་ནི་ལག་པས་༦གདབ། །སྨྲ་བའི་བྱེ་བྲག་དག་དང་ནི། །སྐྱེས་པའི་སྟེང་དུ་མྱུལ་དང་བརྒྱད། །རེ་རེ་ལ་ཡང་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་བཞིར་ཤེས་པར་བྱ། །ཞེས་ནང་གི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་འདོད་པའི་བསྟན་བཅོས་ལས་བཤད་པ་སོགས་མཐའ་ཀླས་མོད། འདིར་རེ་ཞིག་མཁས་པ་ཀུན་ལ་ཡོངས་སུ་གྲགས་པའི་རིག་པའི་གནས་ཆེ་ཆུང་བཅུ་ལས་བརྩམས་ཏེ་ཅུང་ཟད་བཤད་ན་རྣ་བ་བླགས་ཏེ་ཉོན་ཅིག་དང་ཡང་དག་པའི་ངག་སྦྱིན་པར་བྱའོ། །དེ་ལ་དང་པོ་གཞན་རྗེས་སུ་བཟུང་
བ་བཟོ་རིག་པ་ནི། གཙོ་བོར་ལུས་ངག་ཡིད་གསུམ་གྱིས་བསྡུས་པ་སྟེ། དང་པོ་ལའང་གཙོ་བོ་དང་ཕལ་པ་གཉིས་ལས། དང་པོ་ནི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་ཀྱི་བྱ་བ་ཕལ་ཆེར་རོ། །ཕྱི་མ་ནི་བཟོ་སྦྱངས་བཅོ་བརྒྱད་ཀྱི་ནང་ཚན་ལས་ཕལ་མོ་ཆེ་ཞིག་གོ །ངག་བཟོ་ལའང་གཙོ་བོ་ནི། དབྱངས་ཀྱི་ཡན་ལག་དྲུག་དང་ལྡན་པའི་རྡོ་རྗེའི་གླུ་ལ་སོགས་པ་དང་། ཆོས་ཀྱི་འབེལ་གཏམ་གྱིས་མཚོན་པ་དང་། ཕལ་པ་ནི་འཇིག་རྟེན་པ་རྣམས་དགའ་བ་སྐྱེད་པའི་གླུ་དབྱངས་ཀྱི་བརྗོད་པ་དང་། འདོད་པའི་གཏམ་དང་། གཤགས་འབྱེད་པ་ལ་སོགས་པའོ། །ཡིད་བཟོའི་གཙོ་བོ་ནི་ཐོས་བསམ་སྒོམ་པ་གསུམ་དང་། ཕལ་པ་ནི་ལུགས་ཀྱི་བསྟན་བཅོས་ལས་བྱུང་བ་བཞིན་བླང་དོར་གྱི་གནས་ལ་མཁས་ཤིང་སྒྲིན་པའོ། །གསོ་བ་རིག་པ་ནི། རིག་བྱེད་བཞིའི་ནང་ཚན་ཚངས་པའི་ཞལ་དབུས་མ་ལས་བྱུང་བའི་ཚེའི་རིག་བྱེད་དང་དོན་གཅིག་སྟེ། གཞན་དུ་བདག་ཅག་གི་སྟོན་པས་ཀྱང་སྡེ་སྣོད་གསུམ་དང་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་ལས་ཀྱང་ཟུར་གྱིས་བསྟན་ཏོ། །དེང་སང་གྲགས་པ་བརྟན་པའི་དཔལ་ལྡན་རྒྱུད་བཞི་ཞེས་གྲགས་པ་འདི་མཁས་པའི་དབང་པོ་ལེགས་བཤད་འཚོལ་གྱིས། ཕྱི་ལྟར་བཀའ། ནང་ལྟར་པཎྜི་ཏའི་བསྟན་བཅོས། གསང་བ་བོད་དུ་བརྩམས་པར་བཞེད་པའི་སྒྲུབ་བྱེད་
རྒྱས་པར་བཀོད་ལ། རྒྱལ་པོ་པཎྜི་ཏ་བུདྡྷ་ཨབྷི་ནི་བདག་ཅག་གི་སྟོན་པས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གསུངས་པ་ཉིད་བོད་དུ་ཐེ་རོ་དང་གཡུ་ཐོག་རྙིང་མས་བསྒྱུར་ཞིང་། གཅིག་ཤོས་གཏེར་དང་། མངའ་བདག་གི་ཞལ་ངོ་ནང་བརྒྱུད་དུ་གནས་པ། གྲྭ་མངོན་པས་གཏེར་ནས་དྲངས་པ་དང་སྙན་བརྒྱུད་གཉིས་ཀ་གཡུ་ཐོག་གསར་མས་གསན་ནས་བོད་ལ་ཉེ་བར་མཁོ་བ་འགའ་ཞིག་བསྣན་པ་སོགས་སུ་བཞེད་དོ། །དེ་ཡང་དཔལ་ལྡན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པར་གནས་དྲུག་ཏུ་བསྡུས་པའི། དང་པོ་མདོག་༡ནས་ལ་ལེའུ༣༠། གཉིས་པ་ལུས་གནས་༦ལ། གསུམ་པ་ནད་གནས་༡༦ལ། བཞི་པ་གསོ་བའི་གནས་༢༢ལ། ལྔ་པ་ཆོ་ག་གྲུབ་པ་༦ལ། དྲུག་པ་ཕྱི་མའི་གནས་ཏེ་བསྡོམས་པས་ལེའུའི་༡༢༠བདག་ཉིད་ཅན་དང་། དེའི་འགྲེལ་བ་ཁ་ཆེ་ཟླ་བ་མངོན་དགས་མཛད་པ་སོགས་མང་ངོ་། །བརྗོད་བྱ་ནི། ཡན་ལག་བརྒྱད་དམ། གསོ་བྱ། གསོ་བྱེད། ཇི་ལྟར་གསོ་བ། གསོ་བ་པོ་རྣམ་པ་བཞིར་འདུས་པའི་ཚུལ་རྒྱས་པར་འཆད་དུ་ཡོད་མོད་ཀྱི་རེ་ཞིག་མ་སྤྲོས་སོ། །ལོག་སྨྲ་ཚར་བཅད་པ་སྒྲ་རིག་པ་ནི། ལུང་དུ་སྟོན་པའི་སྒྲ་ལས་ལེགས་པར་སྦྱར་བའི་སྐད་ཀྱིས་བསྒྲུབ་པའི་ཚུལ་ཏེ། དེ་ལ་ཐུན་མོང་གི་བརྗོད་བྱ་ལ། ངོ་བོ་གཟུགས་དང་བྱེད་ལས་དང་། །ངེས་ཚིག་དབྱེ་བསྡུ་ཀློག་ཚུལ་ལོ། །ཅེས་པས་ཡི་
གེ་དང་། དཔང་ལོས། ཡི་གེ་གཉིས་སམ་གསུམ་འདུས་པས། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །ཞེས་དང་། སྨྲ་སྒོར། དེ་ཡང་མིང་ནི་ཐོག་མ་དང་། །རྗེས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་བཤད་པའི་རྒྱུ་མཚན་ལ་མ་ལྟོས་པར་ཚ་ཞིང་སྲེག་པ་ལ་མེ་ཞེས་བཏགས་པ་ལྟ་བུ་འདོད་རྒྱལ་ཐོག་མའི་མིང་། རྒྱུ་མཚན་ལ་ལྟོས་པ་སྔར་ཐ་སྙད་ལ་གྲགས་ཟིན་ཞིག་གིས་གཞན་ལ་བཏགས་པ་བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་ལ་སེངྒེ་ཞེས་བརྗོད་པ་ལྟ་བུ་རྗེས་གྲུབ་བཏགས་པའི་མིང་། ཕྱི་མ་ལའང་བཏགས་པའི་རྗེས་གྲུབ་ཅེས་རླུང་ནད་པུས་མོར་ཞེན་པ་ལ་ལྕེ་སྤྱང་མགོ་ཞེས་བརྗོད་པ་དང་། དངོས་མིང་དང་མཐུན་པར་འཇུག་པ་མཐུན་པའི་རྗེས་གྲུབ་ཕན་བྱེད་ལ་སྨན་ཅེས་པ་ལྟ་བུ། དངོས་བཏགས་གང་དང་ཡང་མ་འབྲེལ་བ་གཟའ་མིག་དམར་ལ་བཀྲ་ཤིས་སུ་བརྗོད་པ་ལྟ་བུ་ལོག་པའི་རྗེས་གྲུབ་སྟེ་གསུམ་དང་། གཞན་ཡང་རྒྱུ་ལ་འབྲས་མིང་བཏགས་པ་བཤལ་སྨན་སྐྱུགས་སྨན། འབྲས་བུར་རྒྱུ་མིང་བཏགས་པ་མཁྲིས་ནད་དང་རླུང་ནད། རྟེན་ལ་བརྟེན་པའི་མིང་སྲོག་གི་རླུང་། ཆ་ཤས་ལ་ཚོགས་པའི་མིང་སྨན་རྣམས་ཚང་། ཡ་གྱལ་གྱི་མིང་ཅུ་གང་བདེ་བྱེད། གཙོ་བོའི་མིང་ག་བུར༢༥། ནུས་པའི་སྒོ་ནས་རིན་ཆེན་ཚ་གྲང་གི་སྦྱོར་བ། བྱེད་ལས་ཀྱི་སྒོ་ནས་གཏར་བསྲེག་ཅེས་པ་ལྟ་བུ་ཡང་ངོ་། །ཚིག་ལ། གསུང་རབ་སྤྱི་ལ་
གྲགས་པ་ནི། དཔང་ལོས། མིང་གཉིས་སམ་ནི་མང་པོ་ཡི། །དོན་གྱི་ཁྱད་པར་རྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡི། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །ཅེས་སོ། །བརྡ་སྤྲོད་པའི་ལུགས་ལ། འཆི་མེད་མཛོད་ལས། རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། སུཔ་དང་ཏིངའི་མཐའ་ཅན་ཚིག །ཅེས་སོ། །དེ་ཡང་སློབ་དཔོན་བློ་གྲོས་བརྟན་པས། དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་སོ། །བརྡ་སྤྲོད་ཐུན་མོང་མ་ཡིན་པའི་བརྗོད་བྱ་ནི། །རང་བཞིན་བྱིངས་དང་མིང་ཡིན་ཏེ། །ཞེས་པ་ལྟར་མདོ་དང་གླེགས་བམ་ལས་བྱུང་བའི་བྱིངས་དང་། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སམ་མིང་ངོ་། །རྐྱེན་ནི་སྒྲའི་རང་བཞིན་མིང་ཚིག་གང་རུང་དུ་སྒྲུབ་པར་བྱེད་པ་སྟེ། དབྱེ་ན་བྱིངས་རྟགས་སུ། ཚིག་ཏུ། བྱིངས་སུ་སྒྲུབ་པ་གསུམ། རྟགས་རྟགས་སུ། མིང་དུ། བྱིངས་སུ། ཚིག་ཏུ་སྒྲུབ་པར་བྱེད་པ་སྟེ་བདུན་ནོ། །རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །ཞེས་པའི་སྔ་མ་ནི་སུཔ་ཏིང་ཀྲྀ་ཏྲ་དང་། ཕྱི་མ་ནི་མཚམས་སྦྱོར་གྱི་མདོས་བསྒྱུར་བ་དང་དབྱི་བའོ། །དེ་ལྟ་བུ་སྟོན་པར་བྱེད་པའི་གཞུང་ཡང་། བཅོམ་ལྡན་འདས་ཀྱིས་ལུང་རྒྱས་པ་ཞེས་བྱ་བའི་མདོ་ལས། བདག་གིས་རབ་
བཤད་ལེགས་སྦྱར་ཆོས་ཀྱི་གཞུང་། །གསལ་བྱེད་པཱ་ཎི་ནི་འབྱུང་དེ་རྗེས་སུ། །ས་ཡི་དབང་ཕྱུག་ཆོས་ཉིད་མཐོང་མིག་ལྡན། །དགེ་བསྙེན་ཟླ་བ་ཐོགས་མེད་སྤོབས་ལྡན་འབྱུང་། །ཞེས་ལུང་བསྟན་པའི་སློབ་དཔོན་པཱ་ཎི་པར་འཕགས་པ་སྤྱན་རས་གཟིགས་ཀྱིས་སྩལ་བའི་སྒྲ་མདོ་པཱ་ཎི་པ་དང་། ཟླ་ཁོལ་ཀྱིས་མཛད་པའི་དེའི་དོན་གསལ་བར་བྱེད་པ་ཙཱནྡྲ་པ་སྟེ། དེ་ཡང་སློབ་དཔོན་སྐལ་ལྡན་གྲགས་པས། །ཀླུ་སྒྲུབ་ཀྱིས་ནི་ཆོས་རྣམས་རྣམ་ཕྱེ་སྦྱར། །སྒྲ་རྗེས་དོན་མཁས་ཙནྡྲ་གོ་མཱིར་གྲགས། །སྙན་དངགས་མཁན་གཙོ་དཔའ་བོ་ལས་སུ་ཡོད། །སྔགས་ཚུལ་ལ་འདིར་སྐལ་ལྡན་བདག་རྣམས་མཛེས། ཞེས་དང་། ཁ་ཆེ་ཁྲི་བརྟན་གྱི་རྒྱལ་པོས་དུས་སྟོན་གྱི་ཚད། །ཙནྡྲ་གོ་མཱིའི་སྒྲ་ཡི་ལུང་ཚིག་དང་། །དྷརྨ་ཀཱི་རྟིའི་ཡིད་འོང་ཏཀའི་གཞུང་། །དཔའ་བོའི་སྙན་དངགས་སྦྱོར་བའི་ཕྲེང་རྒྱུད་དེ། །འཇིག་རྟེན་ན་ནི་རིན་ཆེན་རྣམ་པ་གསུམ། ཞེས་གླུར་བླངས་པར་གྲགས་སོ། །དེ་ཡང་པཱ་ཎི་པར་ཀུན་བཤད་དང་། ཙནྡྲ་པར་དེ་ཕན། རྒྱལ་པོ་བདེ་སྤྱོད་བཟང་པོའི་དོན་དུ་དབང་ཕྱུག་གོ་ཆ་གཞོན་ནུ་གདོང་དྲུག་གིས་བཤད་པའི་ཀ་ལཱ་པར་ཀྲྀ་ཏ་རྒྱས་པར་མངོན། ཡང་འཕགས་ཡུལ་དུ། ཨིནྡྲ་བྱཱ་ཀ་ར་ཎ། པཱིཤ་ཡི་བྱཱ་ཀ་ར་ཎ། ཤ་ཀོ་ཊ་ཡན་བྱཱ་ཀ་ར་ཎ། པཱ་ཎི་བྱཱ་ཀ་ར་ཎ། ས་མནྟ་བྷ་དྲ་བྱཱ་ཀ་ར་ཎ། ས་ཏཎྜལི་བྱཱ་ཀ་ར་ཎ། མ་ནུ་ཛེན་བྱཱ་ཀ་ར་ཎ། སྭ་ར་སྭ་ཏཱི་
བྱཱ་ཀ་ར་ཎ་སྟེ་བརྒྱད་དུ་བསྒྲགས་མོད། བརྟག་པར་བྱ་བའི་གནས་སོ། །ཚད་མ་རིག་པ་ནི། ངོ་བོ། ཡུལ་གྱི་མཚན་ཉིད་ལ་བློས་དཔྱོད་པའི་རིག་ཤེས་ཏེ། རང་གིས་གཞལ་བྱ་མ་འཁྲུལ་བའི་འཇལ་བར་བྱེད་པ། དེ་ཡང་གཞལ་བྱའི་གནས་ཚུལ་འཁྲུལ་མེད་དུ་རྟོགས་པའི་བློ་ཞིག་ལ་མངོན་སུམ་དང་། ཚུལ་གསུམ་པའི་རྟགས་ལས་གཞལ་བྱའི་དོན་ངེས་པའི་བློ་ཞིག་ལ་རྗེས་དཔག་སྟེ་ཚད་མ་གཉིས་དང་། གཞན་ཡང་རབ་བློ་ལྐོག་གྱུར་དུ་འདོད་པའི་ལོག་རྟོག་དང་། བློ་ལ་ཚུལ་གཉིས་དང་རང་རིག་མི་འདོད་པ་སོགས་ཀྱི་ལོག་རྟོག་ཚར་གཅོད་ཅིང་། དངོས་བསྟན་ལ་མེད་པའི་ཤེས་བྱ་ཇི་སྙེད་ཀྱི་གནས་ལ་ལོག་པར་རྟོག་པའི་སྨྲ་ངན་ཐམས་ཅད་ཐལ་འགྱུར་གྱིས་ཚར་གཅོད་ཚུལ་དང་། སྒྲུབ་ངག་གིས་རྗེས་སུ་འཛིན་ཚུལ་རྒྱ་ཆེར་དངོས་སུ་སྟོན་པས་བཟློག་པར་ནུས་ཕྱིར་ལོག་སྨྲ་ཚར་གཅོད་ཀྱི་རིག་པའི་མཆོག་ཏུ་གྲུབ་བོ། །ངེས་ཚིག་ནི། པྲ་མཱ་ཎ་ཞེས་པའི་སྒྲ་ལས་དྲངས་ན་རབ་ཏུ་འཇལ་བ་སྟེ། དོན་ཇི་བཞིན་རྟོགས་པའི་རིག་པ། དེ་ཡང་རྒྱལ་བས་གསུངས་ཚུལ་དང་། ཕྱོགས་གླང་ཡབ་སྲས་ཀྱིས་བཀྲལ་ཚུལ་གཉིས་ལས། དང་པོ་ལ་ཡང་། མངོན་སུམ་དང་། རྗེས་དཔག་གསུང་ཚུལ་ལོ། དང་པོ་ནི། འཁོར་ལོ་དང་པོའི་སྐབས། དགེ་སློང་དག་མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་པས་
སྔོན་པོ་ཤེས་ཀྱི་ཡན་ཆད་ཀྱིས་མ་འཁྲུལ་པའི་རིག་པ་དེ་བསྟན། དེ་མན་གྱིས་རྟོག་བྲལ་དེ་བསྟན་པས་མངོན་སུམ་གྱི་མཚན་ཉིད་རྫོགས་པར་གསལ་བར་བསྟན་པ་ཡིན་ནོ། །ཡང་མདོ་ལས་དགེ་སློང་དག་གཟུགས་ཞེས་པ་ནི་རྣམ་པ་གཉིས་ཏེ་མིག་༡དང་། ཡིད་ལ་༢བརྟེན་པའོ། །ཞེས་པས་དབང་མངོན་༡དང་། ཡིད་མངོན་༢བསྟན། འཁོར་ལོ་བར་པར། སེམས་ལ་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་རང་རིག་མངོན་སུམ་དང་། ཡང་། སོ་སོ་རང་གིས་རིག་བྱའི་ཕྱིར། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ། །ཞེས་སོ། །མདོ་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་རྣམ་པར་དག་ཅེས་པས་རྣལ་འབྱོར་མངོན་སུམ་བསྟན་ཏེ། ཆོས་རྣམས་ཞེས་པས་བདེན་བཞི་བཅུ་དྲུག་གི་རྣམ་པ། ཆོས་ཀྱི་མིག་ཅེས་པས་ཟག་མེད་ཀྱི་ཤེས་རབ། རྡུལ་མེད་ཅེས་པས་བར་ཆད་མེད་ལམ། དྲི་མ་དང་བྲལ་བ་རྣམ་པར་དག་ཅེས་པས་རྣམ་གྲོལ་ལམ་དེ་བསྟན་པ་ཡིན་ནོ། །གཉིས་པ་ནི།གཞལ་བྱ་འདིས་འཇལ་བྱེད་དང་སྒྲུབ་བྱེད་དངོས་སྟོབས་རྗེས་དཔག་གི་རྟེན་དུ་གྱུར་པའི་གཏན་ཚིགས་གསུམ་གསུང་རབས་རྣམས་སུ་བཤད་ལ། དེ་ཡང་། ཆོས་བཅུ་པའི་མདོར། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །
རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་འབྲས་རྟགས་དང་། སཱ་ལུ་ལྗང་པའི་མདོར། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགགས་པའི་བདག་ཉིད་དོ། །ཞེས་དང་། །རྣམ་འགྲེལ་ལས༢། ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགགས་ཆོས་ཅན། །ཞེས་སོགས་ཀྱིས་རང་བཞིན་གྱི་གཏན་ཚིགས་དང་། དཀོན་བརྩེགས་འོད་སྲུང་གིས་ཞུས་པར། ངའམ་ང་འདྲ་བས་གང་ཟག ཟག་གི་ཚོད་བཟུང་བར་ནུས་ཀྱི། གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་ནུས་ཏེ་ཉམས་པར་འགྱུར་ཏ་རེ། ཞེས་དང་། རྣམ་འགྲེལ་དུ། ཚད་མ་རྣམས་ནི་མི་འཇུག་པར། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །ཞེས་སོགས་ཀྱིས་མ་དམིགས་པའི་གཏན་ཚིགས་བསྟན་ཏེ། དེ་ཡང་སྔར་གྱི་ཚིག་ཟུར་དང་པོ་ངའམ་སོགས་ཀྱིས་སྣང་རུང་མ་དམིགས་པའི་གཏན་ཚིགས་བསྟན་ཏེ། དཔེར་ན་བུམ་པས་དབེན་པའི་ས་ཕྱོགས་སུ་བུམ་པ་མེད་དེ། དེ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། གང་ཟག་གིས་སོགས་ཕྱི་མས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་བསྟན་ཏེ། བསྒྲུབ་བྱ་དེའི་ཚད་མས་མེད་པར་ཡང་མ་ངེས། མངོན་སུམ་དང་ལུང་སོགས་རྟགས་ཀྱིས་ཡོད་པར་མི་འགྲུབ་པའི་ཤིན་ཏུ་ལྐོག་གྱུར་བསྐལ་དོན་དེ་ལྟར་གྱུར་པས་
ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པ་སྟེ། སྤྱིར་ཡོད་སྲིད་ཀྱང་གང་ཟག་དེའི་མངོན་རྗེས་ཚད་མས་ཡོད་མེད་གང་རུང་དུ་མ་གྲུབ་པའི་ཕྱིར་གོང་དུ་ཁྱབ་པ་གྲུབ་སྟེ། མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་རྟགས་ནི་རྗེས་དཔག་གི་རྟེན་ཡིན་ཏེ། རྣམ་འགྲེལ་ལེའུ་གཉིས་པའི་འཇུག་ཏུ། མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་ཚད་མ་རིག་པ་འདི་སྔོན་ཚེ་ལོ་༢༠༠༠༠པའི་དུས་སུ་སངས་རྒྱས་འོད་སྲུང་གི་བསྟན་པ་ལའང་བྱུང་བར་གྲགས་ཤིང་། རང་ལུགས་བསྟན་པ་འདི་ལ་བསྟན་བཅོས་རྩོད་གྲུབ་ལས་སྔ་བར་བྱུང་བར་མ་མངོན་ཏེ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་མ་མཛད་རྒྱ་གར་དུ་ཐེ་ཚོམ་གྱི་གཞིར་སྣང་ནའང་། དོན་དུ་ཐོགས་མེད་ཀྱི་གཅུང་དེས་ནི་མིན་པར་སེམས་ཤིང་། མངོན་པ་སྡེ་བདུན་གྱི། རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། ཞེས་བཤད་པ་དེས་མཛད་དམ་སྙམ་ལ། ཕྱི་རོལ་པའི་རྟོག་གེ་ནི་ཐོག་མར་དྲང་སྲོང་ཕུར་བུས་ཚེ་སྔ་ཕྱི་མེད་པའི་བསྟན་བཅོས་བརྩམས། དེ་རྗེས་ཛམ་གླིང་དུ་དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བས་ཚད་མའི་མདོ་བྱས། དེའི་འགྲེལ་པ་དྲང་སྲོང་འཇུག་སྟོབས་ཅན་ཞེས་པས་བྱས་ནས་འཕེལ་བར་གྲགས་པའི་ཚུལ་འགྲེལ་བ་སྤྱན་རས་གཟིགས་བརྟུལ་ཞུགས་ལས་བཤད། རྟག་པར་སྨྲ་བ་ནི་སེར་སྐྱ་པའི་གཞུང་སྟེ་ཤེས་བྱ་ཉི་ཤུ་རྩ་ལྔ་སྟོན་པའི་
བསྟན་བཅོས་སོ། །དེ་དག་ཚད་མ་མདོར། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་ན། །དེ་ནི་ཐུབ་པའི་བསྟན་ལས་ཆེས་བསྲིངས་ཉམས་པ་ཡིན། །དེ་ལྟ་ནའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་རྣམས། །གལ་ཏེ་གཞན་དུ་གྱུར་ན་དཔྱད་པར་བྱ་བའི་རིགས། ཞེས་དང་། རྣམ་ངེས་ལས་ཀྱང་དེ་མཐུན་དང་། ཇོ་བོས། མངོན་སུམ་རྗེས་དཔག་དགོས་པ་མེད། །ཅེས་པ་ཡང་དེ་དང་ཕྱོགས་མཐུན་པའི་མུ་སྟེགས་པའི་རྟོག་གེ་དེ་དག་ལ་ དགོངས་པ ་ཡིན་ནོ། །གཉིས་པ་ནི། དུས་ཀྱི་འཁོར་ལོར། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བའི་པདྨའི་མྱུ་གུ་དང་། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ། ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོས་ཕར་ཕྱིན་གྲོལ་སྡེ། འདུལ་བ་ཡོན་ཏན་འོད། མངོན་པ་བློ་བསྟན། ཞེས་གྲགས་སོ། །ཚད་མ་ཀུན་བཏུས་དང་། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་པའི་བྲམ་ཟེའི་རིགས་འཁྲུངས་དཔལ་ཆོས་ཀྱི་གྲགས་པས་ཕྱོགས་གླང་སློབ་མ་རྒོལ་བ་དབང་ཕྱུག་སྡེ་ལས་ཀུན་བཏུས་ཚར་གསུམ་མཉན་པས་དོན་ཇི་བཞིན་ཁོང་དུ་ཆུད། ཕྱིར་རྒོལ་མང་པོ་ཕམ་པར་བྱས།
བསྟན་བཅོས་ཚད་མ་རྣམ་འགྲེལ་ལེའུ་བཞིའི་དང་པོ། རང་གི་གཞལ་བྱ་རྟོགས་པའི་ཐབས་ཀྱི་ནང་ནས་ལྐོག་གྱུར་རྟོགས་བྱེད། རང་བཞིན། འབྲས་བུ། མ་དམིགས་པའི་རྟགས་ཡང་དག་གསུམ་གྱི་སྒོ་ནས་རྟགས་ཡང་དག་གི་མཚན་ཉིད། དེའི་ལྡོག་པ་གཏན་ཚིགས་ལྟར་སྣང་དང་བཅས་པའི་དོན་གཏན་ལ་འབེབས་པར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། གཏན་ཚིགས་དེ་ནི་རྣམ་པ་གསུམ། ཞེས་སོགས་རང་དོན་གྱི་ལེའུ། གཉིས་པས་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱིས་རྟོགས་པར་བྱེད་པའི་ཐབས། ཀུན་བཏུས་ཀྱི་མཆོད་བརྗོད་ཀྱི་དོན་ཚད་མའི་རྣམ་བཞག་གྱུར་པའི་ཚུལ། འགྲོ་ལ་ཕན་པར་བཞེད་པའི་ཚུལ་ལས་སྟོན་པར་གྲུབ་ཚུལ། བདེ་གཤེགས་སུ་གྲུབ་ཚུལ། སྐྱོ་བ་ཉིད་དུ་སྒྲུབ་པ། དེ་ལས་ཚད་མར་གྲུབ་པའི་ཚུལ་སོགས་ལུགས་དང་མཐུན་པ་དང་། མི་མཐུན་པ་ལུགས་ལྡོག་གི་སྒོ་ནས་བདེན་བཞི་མི་རྟག་སོགས་བཅུ་དྲུག་སྟོན་པ་ཚད་མར་གྱུར་པ་གང་ལས་གཤེགས་པའི་ལམ་རྒྱ་ཆེར་སྟོན་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་སྒྲ་ལས་བྱུང་བ་ཡང་། །མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་སོགས་ཚད་མ་གྲུབ་པའི་ལེའུ་གསུམ་པ་མངོན་གྱུར་རྟོགས་པའི་ཐབས། དབང་ཡིད་རང་རིག་རྣལ་འབྱོར་མངོན་སུམ་བཞི་སོགས་མངོན་སུམ་གཏན་ལ་འབེབས་པར། གཞལ་བྱ་གཉིས་
ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་སོགས་དང་། །མངོན་སུམ་གྱི་ལེའུ་བཞི་པ་རྟོགས་ནས་གཞན་རྗེས་སུ་འཛིན་པའི་ཡན་ལག་ལ། སྤྱིར་གཞན་དོན་རྗེས་དཔག་གི་མཚན་ཉིད། དབྱེ་བ། ལོག་རྟོག་སྤོང་ཚུལ། བྱེ་བྲག་སོ་སོའི་སྒོ་ནས་རྒྱ་ཆེར་སྟོན་པ་ལ། གཞན་ལ་བསྟན་པར་བྱ་བའི་ཕྱིར། བདག་མཐོང་མིན་ཡང་གཞན་དག་གི །ཞེས་སོགས་གཞན་དོན་གྱི་ལེའུ་རྣམས་དང་། འབྲིང་རྣམ་ངེས་ལ། ལེའུ་དང་པོས་མངོན་སུམ་བཞི། གཉིས་པས་རྗེས་དཔག །གསུམ་པས་གཞན་དོན་རྣམས་བསྟན། བསྡུས་པ་རིག་ཐིགས་ནི་རང་ལུགས་སྙིང་པོར་དྲིལ་ཏེ་ལེའུ་གསུམ་གྱིས་མངོན་རྗེས་གཞན་དོན་གསུམ་བསྟན་པ་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། རང་དོན་རྗེས་དཔག་ལས་འཕྲོས་ནས་རྟགས་བྱེ་བྲག་ཏུ་སྟོན་པ་གཏན་ཚིགས་ཐིགས་པ། མུ་སྟེགས་ཀྱིས་བརྟག་པའི་འབྲེལ་བ་འགོག་པ་ལ་འབྲེལ་བ་བརྟག་པ། གཞན་དོན་རྗེས་དཔག་ལས་འཕྲོས་ནས་སྣང་བ་སེམས་ཡིན་ཡང་གཞན་རྒྱུད་འཐད་པ་རྒྱུད་གཞན་གྲུབ་པ་དང་། རྩོད་པའི་ཚུལ་སྟོན་པ་རྩོད་པའི་རིག་པ་ཞེས་ཡན་ལག་གི་བསྟན་བཅོས་བཞི་སྟེ་སྡེ་བདུན་མཛད། ཚད་མ་སློབ་ པ་ན་དང་པོར་རྟགས་ཀྱི་རྣམ་བཞག་གལ་ཆེ་བར་དགོངས ་ཤིང་། རྟོགས་དཀའ་བར་གཟིགས་ནས་རྣམ་འགྲེལ་གྱི་རང་དོན་ལེའུ་ལ་རང་འགྲེལ་མཛད་དོ། །དེའི་
སློབ་མ་ཀུན་མཁྱེན་ལྷ་དབང་བློ་དང་། དེའི་སློབ་མ་ཤཱཀྱ་བློ་རྣམས་ཀྱིས་འགྲེལ་བཤད་དང་། སློབ་དཔོན་དུལ་བའི་ལྷས་སྡེ་བདུན་ཀ་ལ་འགྲེལ་པ། རྒྱུན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་སྟོང་ཕྲག་བཅོ་བརྒྱད་པ་དང་། སློབ་དཔོན་ཆོས་མཆོག་གིས་རྣམ་ངེས་ལ་འགྲེལ་པ་འཐད་ལྡན་ཆེན་མོ་ཞེས་སྟོང་ཕྲག་བཅུ་གཉིས་པ་དང་། རིག་ཐིགས་ལ་འགྲེལ་པ་སློབ་ཕན། རྒྱན་མཁན་པོའི་སློབ་མ་བྲམ་ཟེ་ཛ་མ་ཁ་ཆེ། རིས་རྣམ་འགྲེལ་ལ་འགྲེལ་བཤད། རྒྱལ་དབང་བློས་ཚད་མ་མདོ་ལ་འགྲེལ་བཤད་སོགས་མཛད། དེ་དག་གི་དོན་བསྡུ་ན། ཇི་སྐད་དུ། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་དང་བཅས་བདག་རིག་བྱེད། །བསྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པས་གཞན་རིག་བྱེད། ཅེས་རྟོག་གེའི་ཚིག་དོན་བརྒྱད་དེ། དེ་ཡང་མངོན་སུམ་ལ་བཞི་ལས་དབང་པོའི་མངོན་སུམ་དབང་ལྔའི་ཡུལ་དུ་གྱུར་པ། དབྱེ་ན། ཡང་དག་ནི་ཟླ་བ་དང་། ལྟར་སྣང་ནི་ཟླ་བ་གཉིས་ལྟ་བུ། ཡིད་མངོན་སོ་སྐྱེའི་ཡིད་ཤེས་ཀྱི་ཡུལ་དུ་གྱུར་པའི་ཆོས། ཚད་མ་ནི་གཞལ་བྱའི་གནས་ལུགས་མ་འཁྲུལ་བར་མཐོང་བ་དང་། ཚད་མིན་ནི་ལོག་རྟོག །རྣལ་འབྱོར་མངོན་སུམ་ནི་འཕགས་རྒྱུད་ཀྱི་ཤེས་པ་དང་། རང་རིག་མངོན་སུམ་ནི་ཡིད་ཤེས་ཆ་ཕྲ་བ་ཞིག་སྟེ་འདི་གཉིས་ཡང་དག་གོ །རྗེས་དཔག་ཚད་མ་ལ་ཡང་དག་དང་ལྟར་སྣང་གཉིས་ལས།
དང་པོ་ལ་གསུམ། དངོས་སྟོབས་ཀྱི་རྗེས་དཔག་ཚད་མ་ནི་དུ་བ་མཐོང་བས་མེ་ཡོད་པར་ཤེས་པ་ལྟ་བུ་དང་། གཞན་ལ་ལྟོས་ནས་རང་འཆི་བར་ངེས་པ་ལྟ་བུ། གྲགས་པའི་རྗེས་དཔག་ཚད་མ་ནི།། འཇིག་རྟེན་ན་གྲགས་པའི་རྗེས་སུ་འབྲངས་ནས་རི་བོང་ཅན་ཞེས་པས་ཟླ་བ་མཚོན་པ་ལྟ་བུ། ཡིད་ཆེས་པའི་རྗེས་དཔག་ཚད་མ་ནི། རྒྱུ་འབྲས་བསླུ་བ་མེད་པ་ཐམས་ཅད་མཁྱེན་པས་རྗེས་སུ་གདམས་པ་ལ་བརྟེན་སོམ་ཉི་བྲལ་བ་ལྟ་བུ། ཚད་མིན་ནི། སྨིག་རྒྱུ་མཐོང་བ་ལས་ཆུར་འཛིན་པའི་ཤེས་པ་ལྟ་བུ་ལ་བཞག་གོ། །སྒྲུབ་ངག་ཚད་མ་ནི་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་སྟེ། དཔེར་ན་མར་མེ་འཆི་ཀ་མ་བཞིན་ནོ། །སྒྲ་ཡང་བྱས་སོ། །ཞེས་པའི་སྒྲུབ་ངག་དེ་སྒྲུབ་ངག་ཡང་དག །གཞལ་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་སྟེ། མར་མེ་འཆི་ཀ་མ་བཞིན་ནོ། །སྒྲ་ཡང་གཞལ་བྱ་ཡིན་ནོ། །ཞེས་པའི་སྒྲུབ་ངག་དེ་སྒྲུབ་ངག་ལྟར་སྣང་། སུན་འབྱིན་ཚད་མ་ནི། ངག་ཆོས་ཅན། མ་བྱས་པར་ཐལ་རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་སུན་འབྱིན་ཚད་མ་དང་། ངག་ཆོས་ཅན། རྟག་སྟེ་གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟར་སྣང་ངོ་། །འདི་སྔ་མ་བཞི་བློ་རིག་དང་། ཕྱི་མ་བཞི་རྟགས་རིགས་ཀྱིས་རྒྱས་པར་སྟོན། དེ་ཉིད་བོད་དུ་རྔོག་ལོ་ཆེན་པོས་བསྒྱུར་ཞིང་རྣམ་ངེས་ལ་འགྲེལ་པ་དང་གཞུང་ཕྲན་ཡང་མཛད། རྗེ་བཙུན་
ས་སྐྱ་པཎྜི་ཏས་པཎ་ཆེན་ཤཱཀྱ་ཤྲཱི་སོགས་བསྟེན་ནས་གསན་ཅིང་རྣམ་འགྲེལ་གྱི་སྒོ་འཕར་དབྱེ་བ་སོགས་ནས། ཕྱིས་སུ་དགེ་ཕྱོགས་སུ་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་ངེས་འགྲེལ་པ་ དགོངས་པ ་རབ་གསལ་༤༠༢། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྣམ་འགྲེལ་རིག་པའི་རྒྱ་མཚོ། པཎ་ཆེན་དགེ་འདུན་གྲུབ་ཀྱི་རིགས་རྒྱན་སོགས་༡ ༢༤ དང་། ཀར་ཕྱོགས་སུ་ཀརྨ་པ་ཆོས་གྲགས་རྒྱ་མཚོས། ཚད་མ་རིག་གཞུང་རྒྱ་མཚོ་སོགས་མང་ངོ་། །བཤད་བྱ་ཀུན་བཏུས། དེ་ཡང་རྔོག་ལོ་ཆེན་པོས། ཆོས་རྣམས་ཐམས་ཅད་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིག་པའི་མཐར་ཐུག་རྣམ་འགྲེལ་མཛད་པའི་གཞུང་མཛེས་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩྭ་བཞིན་དོར། །ཞེས་སོགས་གསུངས་པས་ནང་རིག་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ལྟ་བུར་ཤེས་པར་བྱའོ། །བདག་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པ་ལ། ཐོག་མར་བདེན་བཞིའི་ཆོས་འཁོར་གྱི་ནང་ཚན་འདུལ་བའི་སྡེ་སྣོད་ལ་སྡོམ་པ་མ་ཐོབ་པ་ཐོབ་བྱེད། ཐོབ་པ་སྲུང་ཐབས། ཉམས་ན་ཕྱིར་བཅོས་གསུམ་གྱི། དང་པོ་ལ་སྔོན་ཆོག་དང་ད་ཆོག་གཉིས། དང་པོ་ལ་བཅུ་སྟེ། རྫོགས་པའི་སངས་རྒྱས་ནི་ཁྱིམ་ནས་བྱུང་བའི་ཚེ་སྤོང་བདུན་ཐུགས་ལ་འཁྲུངས་ཤིང་། མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བཅད་
དེ་ངུར་སྨྲིག་གི་གོས་བླངས་པ་དང་། རང་སངས་རྒྱས་ཁྱིམ་ནས་བྱུང་ནས་རབ་བྱུང་གི་རྟགས་བླངས་པའི་སྐབས་དེར་རབ་ཏུ་བྱུང་ཞིང་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་པའི་སྐབས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པ་སྟེ་རང་བྱུང་གིས་བསྙེན་པར་རྫོགས་པའོ། །གང་དག་སངས་རྒྱས་པའི་ཚེ་དགེ་སློང་གི་སྡོམ་པ་ཐོབ་ཟེར་བ་དེ་དག་གིས་ནི། སྒོམ་སྤང་མཐའ་དག་སྤངས་པའི་སྐབས་དེར་སྒོམ་སྤང་ཞིག་གསར་དུ་རྙེད་ཅེས་འཆད་དགོས་བར་འགྱུར་རོ། །སྟོན་པས་ཝཱ་རཱ་ཎ་སཱིར་བདེན་བཞིར་བཟླས་པ་ལན་གསུམ་དུ་བསྐོར་བའི་སྐབས་སུ་བཟླས་པ་དང་པོ་ལ་ཀུན་ཤེས་ཀཽཎྜི་ནྱས་མཐོང་ལམ་དང་། གཉིས་པར་གཞན་བཞིས་ཀྱང་ཐོབ་པ་དེ་རྣམས་ཀྱི་རྒྱུད་ཀྱི་མཐོང་ལམ་དེ་ཉིད་དགེ་སློང་གི་སྡོམ་པའི་ཐོབ་རྒྱུར་སོང་སྟེ་ཡེ་ཤེས་ཁོང་ཆུད་ཀྱིས་ཏེ། དེའི་རྒྱུད་ཀྱི་མཐོང་ལམ་དང་། དགེ་སློང་གི་སྡོམ་པ་གཉིས་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་ནོ། །དེ་ནས་ཤཱ་རིའི་བུ་དང་མོང་གལ་བུ་སོགས་མང་པོ་ལ། དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་གསུངས་པའི་མོད་ལ་སྐྲ་རང་བྱི་བ་སོགས་གྱུར་ཏེ། ལྷ་རྣམས་ཀྱིས་ནམ་མཁའ་ནས་ཆེད་དུ་བརྗོད་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་རྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། སངས་རྒྱས་དགོངས་པས་ལུས་
གཟུགས་བཀབ་པར་གྱུར། །ཅེས་རྗོད་པར་བྱེད་དེ། སྟོན་པའི་དྲུང་དུ་འདི་ཁོ་ནས་བསྙེན་པར་རྫོགས་པ་མང་ངོ་། །ཤཱ་རིའི་བུས་བསྙེན་པར་རྫོགས་ནས་ཞག་བཅོ་ལྔ་ན་དགྲ་བཅོམ། བྲམ་ཟེ་ནྱ་གྲོ་དྷ་སྐྱེས་སམ་འོད་སྲུངས་ཆེན་པོ་ནི་སྟོན་པ་རྒྱལ་པོའི་ཁབ་བུ་མང་མཆོད་རྟེན་གྱི་འགྲམ་ན་བཞུགས་པའི་ཚེ་བདག་གིས་སྟོན་པ་མཐོང་ངོ་སྙམ་ནས་དྲུང་དུ་ཕྱིན་ཏེ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ལ། བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ་ཞེས་བརྗོད་པར། བཀའ་སྩལ་པ། འོད་སྲང་ཁྱོད་ནི་ངའི་ཉན་ཐོས་ཡིན་ལ། ང་ནི་ཁྱོད་ཀྱི་སྟོན་པའོ་གསུངས་པས་དགེ་སློང་དུ་གྱུར་ཏེ་སྟོན་པར་ཁས་བླངས་པས་སོ། །དེས་ཉི་མ་དགུ་ནས་དགྲ་བཅོམ་པར་གྱུར་ཏོ། །ཚེ་དང་ལྡན་པ་འཆར་ལྡན་ནམ་ལེགས་བྱིན་ནི་སྟོན་པའི་དྲུང་དུ་འོངས་པར། བཀའ་སྩལ་པ། ལེགས་བྱིན་གཅིག་ཏུ་དགེ་བ་གང་ཡིན། ཐར་པའོ། །དེ་ལ་དགོས་པ་གང་ཡིན། དད་པའོ། །ཞེས་ལན་བཏབ་པས་སྟོན་པ་ཐུགས་མཉེས་པ་དེ་ཉིད་ལེགས་བྱིན་གྱི་དགེ་སློང་གི་སྡོམ་པ་ཐོབ་པའི་རྒྱུར་སོང་སྟེ་དྲི་བས་སོ། །སྟོན་པ་ལྟེངས་རྒྱས་ཀྱི་རས་བལ་ཅན་གྱི་ནགས་ཚལ་ཚང་ཚིང་ཅན་ན་བཞུགས་ཚེ། བཟང་སྡེའི་ཚོགས་དྲུག་ཅུ་འོངས་པ་སྐྱབས་སུ་འགྲོ་བའི་སྒོ་ནས་བསྙེན་རྫོགས་སུ་བཀོད་དེ་སྐྱབས་འགྲོ་ཁས་བླངས་ཀྱིས་སོ། །སྟོན་པ་གྲོང་ཁྱེར་སེར་སྐྱར་བཞུགས་ནས་ཤཱཀྱའི་ཚོགས་
མང་པོ་རབ་ཏུ་བྱུང་ཚེ། སྲུ་སྐྱེ་དགུའི་བདག་མོ་བུད་མེད་ལྔ་བརྒྱ་དང་བཅས་པ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་འཚལ་ཞེས་ལན་གཉིས་སུ་ཞུས་ཀྱང་མ་གནང་ནས་སྡུག་བསྔལ་བར་གྱུར་པ་ལ། མཐར་ཀུན་དགའ་བོས་ཞུས་པས། ངའི་བསྟན་པ་འདི་ལ་བུད་མེད་རབ་ཏུ་བྱུང་བར་མ་ཞུ་ཞིག །བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །འོན་ཀྱང་གཉིས་ཀའི་དགེ་སློང་ལས་བསྙེན་པར་རྫོགས་པ་དང་། གཉིས་ཀའི་དགེ་འདུན་ལས་དགག་དབྱེ་བྱེད་པ་སོགས་ལྕི་ཆོས་བརྒྱད་བཀའ་སྩལ་ཏེ་འདི་རྣམས་ཁས་བླངས་ན་བསྙེན་པར་རྫོགས་པར་འགྱུར་རོ་ཞེས་བཀའ་སྩལ་པས། ཀུན་དགའ་བོས་དེ་རྣམས་ཀྱི་དྲུང་དུ་ཕྱིན་ནས། སྲིང་མོ་དག་སྟོན་པས་ཁྱེད་རྣམས་བསྙེན་པར་རྫོགས་པར་གནང་མོད་ཀྱི། འོན་ཀྱང་ལྕི་ཆོས་བརྒྱད་བཀའ་སྩལ་ཏོ། །འཕགས་པ་གསུངས་ཤིག་ཅེས་ཉན་ནས། དེས་བརྗོད་པ་དང་། དགེ་སློང་གིས་དགེ་འདུན་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ། དགེ་སློང་ལས་ཟླ་བ་ཕྱེད་ཕྱེད་ཀྱིས་གདམས་པ་དང་རྗེས་སུ་གདམས་པ་བཙལ་བ། དབྱར་དགེ་སློང་མེད་པའི་གནས་སུ་གནས་པར་མི་བྱ་བ། དགག་དབྱེའི་ཚེ་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱས། དགེ་སློང་གི་ཉེས་པ་བཞི་མི་སྨོད་པ་དང་། དགེ་སློང་ལ་ཁྲོ་བ་དང་ཚིག་རྩུབ་མི་བྱ་བ་དང་། ལྕི་བའི་ཆོས་ལས་འདས་ན་དགེ་འདུན་གཉིས་ཀ་ལོ་ཟླ་ཕྱེད་ཀྱི་བར་དུ་མགུ་བ་སྤྱོད་པ་དང་། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་རྒྱ་ལོན་པས་ཀྱང་དགེ་སློང་བསྙེན་པར་རྫོགས་མ་ཐག་
པ་ལ་ཕྱག་དང་བཀུར་སྟི་བྱེད་པའོ། །མཆན། སྐྱེ་དགུའི་བདག་མོས་འདི་རྣམས་ནི་བདག་གི་ལུས་ངག་ཡིད་ཀྱིས་སྤྱི་བོས་ནོད་དོ། །ཞེས་སྨྲས་ཏེ་དགེ་སློང་མར་གྱུར་པ་དང་སྟོན་པར་གསོལ་པ། བུད་མེད་ལྔ་བརྒྱ་པོ་དེ་དག་བསྙེན་པར་རྫོགས་པར་གྱུར་ཏམ། བཀའ་སྩལ་པ་གྱུར་ཏོ། །ཞེས་གསུངས་ཏེ་ལྕི་ཆོས་ཁས་བླངས་ཀྱིས་སོ། །ཡང་ཁྱིམ་བདག་སྦྱིན་པའི་བུ་མོ་ཆོས་སྦྱིན་མ་སྐྱེས་མ་ཐག་ནས་རི་དྭགས་འཛིན་གྱི་བུ་ས་ག་ལ་སྟེར་བའི་ཆད་བྱས་སོ། །དེ་རབ་ཏུ་འབྱུང་འདོད་པས་ཕ་མར་སྨྲས་པས་མ་གནང་། དེས་དགེ་སློང་ཨུཏྤལ་ལ་སྨྲས་པ་དང་། སྟོན་པར་ཞུས་པས། བུ་མོ་ཆོས་སྦྱིན་མ་ཁྱིམ་ན་འདུག་བཞིན་དུ་རབ་བྱུང་དང་དགེ་ཚུལ་མར་གྱིས་ཤིག་གསུངས་ཏེ་དགེ་སློང་མས་ཆོ་ག་བརྗོད། ཨུཏྤ་ལའི་མདོག་འཕྲིན་པར་གཏོང་སྟེ་དགེ་བསྙེན་དང་དགེ་ཚུལ་མར་བྱས་པས་རྒྱུན་ཞུགས་ཐོབ། ལོ་བཅུ་ལོན་པའི་འཇུག་ཏུ་ཨུཏྤལའི་མདོག་འཕྲིན་པར་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་དགེ་སློབ་མའི་ཚུལ་ཁྲིམས་ཕོག །དེས་ཕྱིར་འོང་ཐོབ། ལོ་གཉིས་སོང་བ་ན་འཕྲིན་ལ་བརྟེན་ནས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕོག །དེས་ཕྱིར་མི་འོང་ཐོབ་སྟེ་རྫུ་འཕྲུལ་བསྒྲུབ། དེར་ལོ་བཅུ་གཉིས་ལོན་ཏེ་གཞོན་ནུ་མར་གྱུར་པ་ན་ས་གས་ལེན་པར་བརྩམས་པ་ན། ཨུཏྤ་ལས་འཕྲིན་བྱས་ཏེ། དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མའི་སྡོམ་པ་བྱིན། དེ་དགྲ་བཅོམ་
མར་གྱུར། དེ་ནས་ས་གས་བག་མ་ལེན་ཕྱིར་སྒོར་བྱུང་སྟེ་ལག་པ་ནས་བཟུང་བ་ན། དེ་ངང་པའི་རྒྱལ་པོ་བཞིན་དུ་ནམ་མཁའ་ལ་ལྡིང་བས། ས་ག་དད་དེ་སོང་བས། འདི་ནི་འཕྲིན་གྱི་ལས་ཀྱིས་བསྙེན་པར་རྫོགས་པ་ཞེས་བྱའོ། །དེར་བསྙེན་རྫོགས་དོན་གཉེར་ཐག་རིང་ནས་འོང་བ་རྣམས་ལམ་བར་དུ་ཉེར་འཚེས་ཤི་བར་གྱུར་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་མ་ཕྱིན་པར་བསྙེན་རྫོགས་ཀྱི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་པས། ངའི་ཉན་ཐོས་རྣམས་ཐག་རིང་པོ་ནས་འོངས་པས་སྡུག་བསྔལ་བར་འགྱུར་ཏ་རེ་སྙམ་དུ་དགོངས་ནས། དེ་ཕྱི་ན་དགེ་སློང་གི་དགེ་འདུན་གྱིས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་བྱ་བར་གནང་ངོ་། །ཞེས་གསོལ་བཞིའི་ལས་ཀྱིས་རབ་བསྙེན་གཅིག་ཅར་དུ་སྒྲུབ་པའི་ཆོ་ག་གནང་། དེ་རྣམས་ལ་སྒྲ་ཡངས་པའི་དབང་དུ་བྱས་ན་ཆོ་གའི་སྒྲ་འཇུག་པས་སྔོན་ཆོག་བཅུ་ཞེས་བོད་ཀྱི་འདུལ་འཛིན་ཆེན་པོ་རྣམས་བཞེད། སྒྲ་དོག་པའི་དབང་དུ་ན། ད་ཆོག་གི་ཟླས་ཕྱེ་བའི་སྔོན་ཆོག་ནི་གསོལ་བཞིའི་ལས་ཀྱི་སྔོན་ཆོག་ཁོ་ནའོ། །དེར་དགེ་སློང་རྣམས་ལེགས་པར་མ་སྦྱངས་ཤིང་སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པ་ཡང་། སྲིད་པ་ཐ་མ་པའི་གང་ཟག་འགའ་ཞིག་གིས་སྔོན་ཆོག་གིས་རྫོགས་པར་བྱས་པས་བྱུང་བས་ན། ཁྱིམ་པ་རྣམས་མ་དད་མུ་སྟེགས་པ་རྣམས་འཕྱ་བར་གྱུར་པའི་ཚེ། ད་ལྟར་གྱི་ཆོ་ག་གསུམ་སྟེ་
ཚིགས་གསུམ་རིམ་གྱིས་ལེན་པ་དང་གནས་དང་གནས་པའི་ཚུལ་ཁྲིམས་སོགས་གསུངས། ཉེར་སྡེས་བསྙེན་པར་རྫོགས་ནས་ལོ་གཉིས་ལས་མ་ལོན་པ་གཞན་གྱི་མཁན་པོར་བྱས་པས་མཁན་པོ་བྱས་པ་ལོ་བཅུ་ལོན་དགོས་པ་དང་། ཡང་ལོ་བཅུ་ལོན་ཡང་འདུལ་བ་མི་ཤེས་པའི་དགེ་སློང་ཞིག་གིས་མཁན་པོར་བྱས་པས་གདམས་ངག་སྟོན་རྒྱུ་མ་བྱུང་བ་ལ་མཁན་པོར་བྱས་པ་ལ་མང་དུ་ཐོས་དགོས་པར་གསུངས་ཏེ། དེ་དག་ལས་འཕྲོས་ནས་ལྔ་ཕྲུགས་ཉི་ཤུ་རྩ་གཉིས་ཀྱི་རྣམ་བཞག་གསུངས་སོ། །འདུལ་བའི་བསྟན་བཅོས་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་དང་། ལས་བརྒྱ། དེའི་སློབ་མ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ། ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ། ས་ག་ལྷས་མེ་ཏོག་ཕྲེང་རྒྱུད། ཁ་ཆེ་དགེ་འདུན་པ་བཟང་པོས་ཀཱ་རི་ཀཱ་ལྔ་བཅུ་པ་སོགས་མཛད། བོད་དུའང་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་འདུལ་བའི་རྣམ་བཤད་ཉི་འདི་དང་མཐུན་པར་ཀརྨ་པ་མི་བསྐྱོད་པས་མདོ་རྩའི་འགྲེལ་ཆེན་མཛད་པར་སྣང་། མའི་འོད་ཟེར་དང་། མདོ་རྩའི་མཆན་འགྲེལ། བུ་སྟོན་རིན་ཆེན་གྲུབ་ཀྱི་གླེང་འབུམ་དང་མདོ་འགྲེལ། པཎ་ཆེན་དགེ་འདུན་གྲུབ་ཀྱི་གླེང་འབུམ་དང་། འདུལ་ཊཱིཀ་རིན་ཆེན་ཕྲེང་བ་སོགས་བསྟན་བཅོས་མཐའ་ཀླས། དེ་ཡང་བརྗོད་བྱའི་དབང་དུ་བྱས་ན་གཞི་བཅུ་བདུན་དུ་འདུ་སྟེ། མདོ་རྩ་ལྟར་ན། ༡༽ དང་པོ་རབ་བྱུང་གི་
གཞི་ལ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་དུ་བྱས་ཏེ། སོགས་ཀྱིས་རབ་བྱུང་བསྙེན་རྫོགས་གཅིག་ཆར་དུ་བྱེད་པའི་ཆོ་ག་དང་། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་སོགས་ད་ལྟར་གྱི་ཆོ་ག་གསོལ་བ་དང་བཞིའི་ལས་ཀྱི་རིམ་ཅན་དུ་སྒྲུབ་ཐབས། རང་བཞིན་ཉམས་པར་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ། །ཞེས་སོགས་སྡོམ་པ་འབུལ་པའི་ཆོ་ག་དང་། བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ། །ཞེས་སོགས་ཐོབ་པ་མི་ཉམས་པར་སྲུང་བ་རྣམ་འབྱེད་ཀྱི་དོན་བཞིན་དགེ་སློང་ཕ་མའི་བསླབ་པ་རྣམས་བཤད་པ་དང་། ཉམས་པ་དང་འཆག་པ་གཉིས་ལྟུང་བ་ལ་སྦྱར་ན་ཉེས་བྱས་སོ། །ཞེས་སོགས་རབ་བྱུང་གི་གཞི་ཕལ་ཆེར་ལ་མཁོ་བ་སྤྱིར་བསྟན་པ་རྣམས་སོ། ༢༽ །གསོ་སྦྱོང་གི་གཞི་ལ། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་༧ བསྒོམ་པར་མི་བྱའོ། །སོགས་ནས་བཟུང་། གསོ་སྦྱོང་བཅུ་བཞི་པ། བཅོ་ལྔ་པ། གནོད་པ་ཞི་བའི། མཐུན་པའི། བཀྲ་ཤིས་པའི་ཞི་གནས་ཀྱི་གསོ་སྦྱོང་དྲུག་གི་དབྱེ་བསྡུ། གོ་རིམ། སྒྲ་བཤད། ལག་ལེན་སོགས་རྒྱ་ཆེར་བསྟན། ༣༽ དབྱར་གནས་ཀྱི་གཞི་ལ། དབྱར་གནས་པར་ཁས་བླང་པར་བྱའོ། །ཞེས་སོགས་སྲོག་ཆགས་མི་གསོད་པ་སོགས་ཀྱི་ཆེད་དབྱར་གནས་པའི་གཞི། ཆོས་པ། གང་ཟག །
དུས། གནས། ཡུལ། བསམ་པ། ཆོ་ག ཁས་བླངས་ཚུལ་ཇི་ལྟར་བྱ་བའོ། །དེ་ཡང་ཞག་༤༥ཁས་བླངས་པ་སྟེ། དབྱེ་ན་སྔ་ཕྱི་གཉིས་སོ། །དགག་དབྱེའི་གཞི་ལ། མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱ། ཞེས་སོགས། ཡུལ། གང་ཟག །བྱེད་པ་པོ། དངོས་པོ། དུས། བསམ་པ། ཆོ་ག །དགོས་པ་ཅིའི་ཕྱིར་སོགས་ཀྱིས་བཤད། དབྱར་གྱི་དུས་ལྟུང་བ་གླེང་དྲན་སོགས་དགག་པ་དེ་སྐབས་དབྱེ་བའི་ལས། ༥༽ སྲ་བརྐྱང་གི་བཞི་ལ། སྲ་བརྐྱང་བཏིང་བར་བྱའོ། །ཞེས་སོགས། གདིང་ཚུལ། བརྐྱང་ཚུལ། དབྱུང་བའི་ཆོ་ག་སོགས་ཀྱི་སྒོ་ནས་བསྟན། དེ་ཡང་དགག་དབྱེ་ཟིན་ནས་ཟླ་བ་ལྔ་ཡི་བར་སྲ་བརྐྱང་བཏིང་བའི་སྟེང་དུ་དགེ་འདུན་རྣམས་ཀྱི་ཆོ་གས་སྤུངས་ཏེ་བཞག་པས་དེ་བར་འཆང་འབྲལ་འཇོག་གསུམ་ཁེགས་པ་སོགས་བག་ཡངས་དང་འབྲེལ་བ། ༦༽ གོས་ཀྱི་གཞི་ལ། མཚོན་གྱིས་མ་དྲས་པའི་གོས་བཅང་བར་མི་བྱའོ། །ཞེས་སོགས་གོས་ཇི་ལྟར་བསྒྲུབ་ཚུལ། རྙེད་པའི་གོས་ཀྱི་རྒྱུའི་རྣམ་བཞག །དེ་ལས་གྲུབ་པའི་གོས་ཀྱི་རྣམ་བཞག་སོགས་ཀྱིས་བསྟན། འཚོ་བའི་ཡོ་བྱད་༡༣། མཁོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད་དེ་གསུམ། ༧༽ ཀོ་པགས་ཀྱི་གཞི་ལ་ཡུལ་དབུས་ཀྱི་མཚམས་སོ། །ཞེས་སོགས་བཅང་དུ་རང་བའི་ཡུལ་དང་། བཅང་ཚུལ་དངོས་སོགས་གསུངས། ༨༽ སྨན་གྱི་གཞི་ལ། སྨན་བསྟེན་པར་བྱའོ། །དེ་ནི་རྣམ་
པ་བཞིའོ། །ཞེས་སོགས་དུས་རུང་། ཐུན་ཚོད་རུང་བ། ཞག་བདུན་པ། འཚོ་བཅང་བཅས་བཞིར་དབྱེ་བ། མཚན་གཞི། མཚན་ཉིད། དགོས་པ། སྒྲ་བཤད། བསྟེན་ཚུལ་སོགས་ཀྱི་སྒོ་ནས་སྨན་ཇི་ལྟར་བསྒྲུབ་ཚུལ། སྨན་དངོས་ཀྱི་སྣོད། བསྟེན་པའི་གང་ཟག །གཞག་པའི་གནས། རུང་བའི་ཁང་པ། སྨན་ལ་འཇུག་ཚུལ། རྒྱུ་མཐུན་ཟག་པ་འདོར་བའི་ཐབས་སོགས་བཤད། ༩༽ ལས་ཀྱི་གཞི་ལ། ཆོ་ག་ལས་འདས་ན་ལས་མི་ཆགས་སོ། །ཞེས་སོགས་དགེ་འདུན་དང་འབྲེལ་བའི་ལས་དངོས་དང་། གང་ཟག་དང་འབྲེལ་བའི་ཞར་བྱུང་དང་བཅས་བཤད། ༡༠༽ ཕྱིར་བཅོས་གཞི་ལ། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱས་སོ། །ཞེས་སོགས་མི་མོས་པ་ནན་གྱིས་ཕྱིར་བཅོས་སུ་འཇུག་པ་ལ་ནན་ཏུར་དང་། ཕྱིར་བཅོས་དངོས་ཀྱི་རྣམ་བཞག་སྟེ། རྒྱུ་ནི་ནན་ཏུར་བཅུ་གཅིག་དང་། ངོ་བོ་ནི་རྩོད་པ་ལྟུང་བ་ཞི་བྱེད་གཉིས་སོ། ༡༡༽ །དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ལ། འདི་ལ་དགེ་འདུན། ལྷག་མ་མི་ཤེས་པ་ཉིད་དང་བཅས་པའི་སེམས་ཉེ་བར་མ་བཞག་པར་བརྗོད་པ་དང་བྱས་སམ་མ་བྱས་ཅི་ལྟ་བུ་ཞིག་ཡིན་ཞེས་དྲན་པར་མི་ནུས་པ་ཉིད་དང་། ཞེས་སོགས། འཆབ་པའི་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་
བཞིའི་སྒོ་ནས་བསྟན། ༡༢༽ ས་གཞན་ན་གནས་པ་སྤྱོད་པའི་གཞི་ལ། ལྷག་མའི་ཕྱིར་བཅོས་དངོས་གཞི་སྤོ་མགུ་དབྱུང་གསུམ་སྟེ། སྤོ་བ་དང་མགུ་བ་བྱ་བ་སྤྱོད་པ་དག་གིས། དགེ་སློང་རང་བཞིན་དུ་གནས་པ་ལ་མངོན་པར་སྨྲ་བ་དང་། ཕྱག་དང་། སྔོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གུས་པའི་ལས་དག་བདག་གིར་མི་བྱའོ། །ཞེས་པ་གཞན་ན་གནས་པའི་དབྱེ་བསྡུ། གྲལ། བསླབ་བྱ། སྒྲ་དོན་སོགས་བཤད། ༡༣༽ ཡོངས་སུ་སྦྱང་བའི་གཞི་ལ། མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ། །ཞེས་སོགས་ཀྱི། ཡུལ་གང་ལ། གང་ཟག་གང་གིས་བསམ་པ་ཇི་ལྟ་བུས། དངོས་པོ་གང་གིས། དུས་ནམ་གྱི་ཚེ། ཆོ་ག་གང་གིས། དགོས་པ་ཅིའི་ཕྱིར། ཇི་ལྟར་བསྒྲུབ་པ་དགུས་བསྟན། ༡༤༽ ལས་ཕྱེ་བའི་གཞི་ལ། དགེ་འདུན་ཐ་དད་དུ་གནས་པ་ལ་མི་འདོད་པར་གླེང་བ་དང་། གླེང་བར་བྱེད་པ་ན་ལོག་པར་མི་བྱའོ། །ཞེས་སོགས་གཞི་བསམ་སྦྱོར་བ་མཐར་ཐུག་བཞིའི་སྒོ་ནས་ཞི་བྱ། དགེ་འདུན་བྱེ་བའི་རྒྱུ་སྤང་པ། གཉེན་པོ་བསྟེན་པ་གཉིས་ཀྱིས་བྱེ་བ་ཞི་བར་བྱེད་པའི་ཆོས་བཤད། ༡༽ འཁོར་ལོའི་དབྱེན་ནི། དགེ་འདུན་གྱི་དགེ་འདུན་ནི་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་སམ་དོན་དེས་ཚུལ་ཤིང་ལེན་དུ་གཞུག་པས་སོ། །ཞེས་སོགས་གཞི་བསམ་སྦྱོར་བ་མཐར་ཐུག་ཉེས་དམིགས་གནས་ཚད་གླིང་གང་ན་
ཡོད་པའི་སྒོ་ནས་ཞི་བྱ་དང་ཞི་བྱེད་བསྟན། ༡༦༽ །རྩོད་པའི་གཞི་ལ། འཁྲུགས་ལོང་གི་རྒྱུ་བཞིའོ། །ཞེས་སོགས་ངོ་བོ་རྒྱུ་དབྱེ་བ་གསུམ་གྱི་སྒོ་ནས་ཞི་བྱ་དང་ཞི་བྱེད་ཀྱི་ཆོས་ཀྱིས་ཞི་བ་དང་། རང་བཞིན་གྱིས་ཞི་བ་གཉིས་ཀྱི་སྒོ་ནས་ཞི་བྱེད་བསྟན་ནོ། ༡༧༽ །གནས་མལ་གྱི་གཞི་ལ། སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །ཞེས་སོགས་ཀྱིས་ཕྱག་བྱ་བ་དང་མི་བྱ་བའི་ཚུལ། གཙུག་ལག་ཁང་བརྩིགས་པའི་ཆོ་ག་ཞར་བྱུང་དང་བཅས་པ། གཙུག་ལག་ཁང་བསྐྱང་བའི་ཆོ་ག །ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཇི་ལྟར་བྱ་ཚུལ་རྣམས་ཀྱི་སྒོ་ནས་བཤད་པ། དེ་ཡང་གླེང་གཞི་རྣམས་མེད་པ་ཙམ་མ་གཏོགས་ལུང་སྡེ་བཞིའི་བརྗོད་བྱ་ཐམས་ཅད་ཚང་ལ་མ་ནོར་བར་བཞུགས་ཤིང་། ལུང་གི་བར་སྡོམ་ནས་བྱུང་བ་དང་མཚུངས་ཀྱང་། དེ་དང་གོ་རིམ་ཅུང་ཟད་མི་འདྲ་ཙམ་ཡོད་དོ། །སྡོམ་རྒྱུན་གསུམ་དང་། བཤད་རྒྱུན་ལ་སྔ་འགྱུར་གྱིས་མདོ་རྩ་དང་། ཕྱིས་སུ་པཎ་ཆེན་ཤཱཀྱ་ཤྲཱི་པས་ས་པཎ་ལ་མདོ་རྩ་དང་། ཁྲོ་ཕུར་མེ་ཏོག་ཕྲེང་རྒྱུད་བཤད། ཕྱི་མ་མཁན་པོ་ཟིལ་གནོན་སེང་གེས་ཊི་ཀྲ་མཛད་པ་ལྟར་གྱི་གསུང་རྒྱུན་དང་། ཕྱིས་སུ་ཀུན་མཁྱེན་རོང་པོས་པཎ་ཆེན་ནགས་རིན་དང་བཅས་རྒྱ་དཔེ་གསར་དུ་བཅོས་ནས་རྒྱུ་གསུམ་གྱིས་བསྔགས་ཏེ་རྣམ་བཤད་ཀྱིས་ཁ་འད་རྒྱུན་གཏན་ལ་ཕབ་པ་ནས་ཡིག་ཆ་སོགས་རྒྱ་
ཆེར་དར་ཀྱང་དེང་སང་རྒྱུན་ནུབ་བོ་སྙམ་ལ། མདོ་རྩ་ནི་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀྱིས་དེང་སང་ཡང་དར་ཞིང་རྒྱས་པར་མཐོང་། འཁོར་ལོ་པར་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་སྟོན་པ་དབུ་མ་རིག་ཚོགས་དྲུག་སོགས་ཏེ། བོད་སྔ་མ་ཐམས་ཅད་ཀྱིས་རང་རྒྱུད་དང་། པ་ཚབ་ལོ་ཙཱ་བས་ཐལ་འགྱུར་གྱི་སྲོལ་བཏོད། སྦས་དོན་མངོན་རྟོགས་ཀྱི་རིམ་པ་མདོ་སྡེ་མངོན་རྟོགས་རྒྱུན་གྱི་བཤད་སྲོལ་རྔོག་ལོ་ཆེན་པོས་པཎྜི་ཏ་འབུམ་ཕྲག་གསུམ་པ་སོགས་ལས་གསན་ཏེ་དར། འཁོར་ལོ་ཐ་མ་མངོན་པའི་སྡེ་སྣོད་ལས། ཐེག་དམན་གྱི་མངོན་པར་མཛོད་ཚིག་ལེའུར་བྱས་པའི་བཤད་སྲོལ་སྔ་འགྱུར་དུས་སུ་བྱུང་ཡང་བར་སྐབས་སུ་ཆད་པ་ལ། ཕྱིས་སུ་པཎྜི་ཏ་སྨྲི་ཏིས་ཁམས་སུ་འཆད་ཉན་གྱིས་སྲོལ་བཏོད་པའི་རྒྱུན་ལས་དར་ཞིང་། མཛོད་ལ། ཁམས་བསྟན་པའི། དབང་པོ་བསྟན་པའི། འཇིག་རྟེན་བསྟན་པའི། ལས་བསྟན་པའི། ཕྲ་རྒྱས་བསྟན་པའི། ལམ་དང་གང་ཟག་བསྟན་པའི། ཡེ་ཤེས་བསྟན་པའི། སྙོམས་འཇུག་བསྟན་པའི། གནས་ཏེ་བརྒྱད་དོ། །ཐེག་ཆེན་མངོན་པའི་བཤད་སྲོལ་ནི་ཆེར་མ་བྱུང་ངོ་། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ནི། འདོད་ཆགས་ཀྱི་བྱེ་བྲག་བཞི་དང་མཐུན་པར་བྱ་སྤྱོད་རྣལ་འབྱོར་བཞིར་བསྟན་ལ། དེ་ཡང་སྔ་མ་གཉིས་ཀྱི་བཤད་སྲོལ་ནི་བོད་འདིར་ཆེས་མ་དར་ལ། རྣལ་འབྱོར་གྱི་རྒྱུད་ཀྱི་འགྲེལ་
པ་སྐོར་ལོ་ཆེན་རིན་ཆེན་བཟང་པོ་སོགས་ནས་བརྒྱུད་ཅིང་མཁས་གྲུབ་བུ་སྟོན་རིན་པོ་ཆེས་རྩལ་དུ་བཏོན། བླ་མེད་ལ། ཕ་རྒྱུད་གཤེད་སྐོར་དང་གསང་འདུས། མ་རྒྱུད་བདེ་ཀྱེ་གཉིས་སོགས་ཀྱི་བཤད་སྲོལ་དང་། གཉིས་མེད་དམ་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་མཐུན་པ་དཔལ་དུས་ཀྱི་འཁོར་ལོ་སོགས་ཀྱི་སྨིན་གྲོལ་བཤད་དཀའི་རིམ་པ་ནི། མར་དཔྱལ་འབྲོག་བཤོས་མལ་དང་རྭ་ལོ་གྱི་གྱོ་སོགས་ཀྱི་ལོ་ཙཱ་བ་མང་པོས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་སྟེ་ཤིན་ཏུ་རྒྱས་པར་གྱུར་ཏོ། །དེ་ཡང་མདོར་བསྡུ་ན་བཀའི་མཚན་ཉིད་ནི། རྒྱུད་བླ་མས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། ཞེས་བརྗོད་བྱ་དོན་ཆེན་པོ་དང་ལྡན་པ། རྗོད་བྱེད་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་བ། སྤང་བྱ་ཁམས་གསུམ་གྱི་ཉོན་མོང་པ་སྤོང་བྱེད། གཉེན་པོ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ་སྟེ་ངག་མཚན་ཉིད་བཞི་ལྡན། བདག་རྐྱེན་སངས་རྒྱས་འཕགས་པ་ལས་བྱུང་བ། སྒྲ་བཤད་སུ་བྷ་ཥི་ཏ་ཞེས་ལེགས་པར་གསུངས་པ། དབྱེ་ན་དུས་ཀྱི་སྒོ་ནས་འཁོར་ལོ་གསུམ། བརྗོད་བྱའི་ཀུན་རྫོབ་དང་། དོན་དམ་བདེན་པ་གཉིས་སྟོན་པའི་དྲང་ངེས་གཉིས། རྗོད་བྱེད་ཀྱི་སྒོ་ནས་གསུང་
རབས་ཡན་ལག་བཅུ་གཉིས། གཉེན་པོའི་སྒོ་ནས། ཐེ་ཚོམ་གྱི་གཉེན་པོར་མདོ་སྡེ། མཐའ་གཉིས་ལ་ཞེན་པའི་གཉེན་པོར་འདུལ་བ། རང་ལྟ་མཆོག་འཛིན་གྱི་གཉེན་པོར་མངོན་པའི་སྡེ་སྣོད་གསུམ། གདུལ་བྱའི་སྒོ་ནས་དམན་པ་དང་། རྒྱ་ཆེན་པོ་ལ་མོས་པར་ཐེག་པ་དམན་མཆོག་གཉིས། བདག་རྐྱེན་གྱི་སྒོ་ནས། ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་བརླབས་པ་གསུམ། ཕྱི་མ་ལའང་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་དང་། ཐུགས་ལའང་ཐུགས་ཏིང་ངེ་འཛིན། ཐུགས་ཐུགས་རྗེ། ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབས་པ་གསུམ་དུ་དབྱེ། བསྟན་བཅོས་ནི་གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་ན། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་པ་ལྟར། བཤད་བྱ་རྒྱལ་བ་སངས་རྒྱས་ཀྱི་སྟོན་པ་འབའ་ཞིག་གི་དབང་དུ་བྱས་ནས་སྟོན་གྱི་རང་བཟོ་མིན་པ། འཆད་པ་པོའི་ཁྱད་པར་ཆོས་དང་དོན་ལེགས་པར་ཤེས་ཤིང་། རྙེད་བཀུར་ལ་སོགས་པར་ཆགས་པའི་ཕྱིན་ཅི་ལོག་གི་རྣམ་གཡེངས་མེད་པ། འབྲས་བུའི་ཁྱད་པར་ཐར་པ་བླ་ན་མེད་པའི་མྱང་འདས་ཐོབ་པའི་ཆེད་དང་། ཐབས་ཀྱི་ཁྱད་པར་དེའི་ལམ་སྟོན་པ་དང་རྗེས་སུ་མཐུན་པ་སྟེ་ཡོན་ཏན་བཞི་དང་ལྡན་པ་ནི་བསྟན་བཅོས་ཀྱི་མཚན་ཉིད།
བདག་རྐྱེན་བྱང་སེམས་འཕགས་པ་ནས་སོ་སྐྱེའི་བར་གྱི་ངག་ཚིག །སྒྲ་བཤད་ཤཱསྟ་ཞེས་པ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ། དབྱེ་ན་མཆོག་དམན་གྱི་སྒོ་ནས། དོན་མེད་དོན་ལོ་གདོན་ལྡན་དང་། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པའི། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་དགུར་བཤད། བྱེད་ལས་ཀྱི་སྒོ་ནས་བཀའ་རྒྱ་ཆེན་པོ་སྡུད་པ། ཟབ་མོ་རྣམ་པར་འབྱེད་པ། འཁྲུགས་པ་བསྡེབས་པ་གསུམ་བརྗོད་པའི་སྒོ་ནས་ཇི་སྙེད་པ། ཇི་ལྟ་བ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་ པ་གསུམ། བཤད་བྱའི་སྒོ་ནས་བཀའ་སྤྱིའི་དགོངས ་འགྲེལ་དང་བྱེ་བྲག་གི་དགོངས་འགྲེལ་གཉིས་སོ། །དེ་ཡང་བཀའ་དང་བསྟན་བཅོས་མི་འགལ་བ་དང་། འགལ་བའི་ལུགས་གཉིས་ལས་འདིར་སྔ་མ་འཐད་ཕྱོགས་སུ་བཟུང་ངོ་། །རིག་གནས་ཆུང་བ་ལྔའི་དང་པོ་ཚིག་རྒྱན་ཤེས་ན་སྙན་དངགས་ལ་མི་རྨོངས་ཞེས་པ་ནི། སྤྱིར་འདིའི་ལམ་སྲོལ་མང་མོད། ཡོངས་སུ་གྲགས་པ་དཔལ་ལྡན་དབྱུག་པ་ཅན་གྱི་རྗེས་སུ་འབྲངས་ན། ལུས་རྒྱན་སྐྱོན་སེལ་གསུམ་དུ་བསྡུ་སྟེ། དང་པོ་ལའང་བཅད་ལྷུག་སྤེལ་གསུམ། གཉིས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སྔ་མ་ལ་ཤར་ལྷོའི་ལམ་སྲོལ་བཅུ་དང་། ཕྱི་མ་ལ་དོན་རྒྱན་༣༧། སྒྲ་རྒྱན་༢། གབ་ཚིག་གི་རྒྱན་༡༦དང་། གསུམ་པ་
སྐྱོན་བཅུ་སྤོང་པའི་ཚུལ་དང་བཅས་པས་སོ། །སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་པ་ནི། ཕྱི་རོལ་གྱི་དྲང་སྲོང་དམར་སེར་ཅན་དང་། རྒྱལ་བའི་ལྷས་མཛད་པའི་གཞུང་རྩ་འགྲེལ་དང་། ཕྱིས་སུ་ཡོན་g ཏན་བརྒྱད་དང་ལྡན་པ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སྟེ། དེ་ཡང་བྲིཏྟ་དང་ཛཱ་ཏི་གཉིས་ལ་ནང་གསེས་སུ་དབྱེ་བ་གསུམ་རེ་དང་། དེ་རེ་རེ་ལའང་མཐའ་ཀླས་ཤིང་། མཉམ་པའི་བྲྀཏྟ་ཁོ་ན་ལ་འཇུག་པའི་ངོ་མཚར་རྟོགས་བྱེད་ཀྱི་སྦྱོར་བ་དྲུག་དང་བཅས་པའོ། །མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས་པ་ནི་དོན་གཅིག་ལའང་མིང་དུ་མའི་སྒོ་ནས་བསྙད་པ་དང་། མིང་གཅིག་དོན་དུ་མར་འཇུག་པ་སོགས་ཀྱིས་ཤེས་བྱར་སྲིད་དོ་ཅོག་གི་མིང་དོན་ཕལ་མོ་ཆེ་འཆད་པ་དང་བཅས་པ་སྟེ། དེ་ཡང་བསྟན་བཅོས་འཆི་མེད་མཛོད་རྩ་འགྲེལ་དང་། མུ་ཏིག་ཕྲེང་བ་ལ་སོགས་པའོ། །ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པ་ནི། སྔོན་བྱུང་གི་གཏམ་ལས་བརྩམས་ཏེ་སྐད་རིགས་བཞིས་བརྗོད་པའི་གླུ་དང་། རྐང་ལག་གི་གར་ལ་སོགས་པ་གཙོ་བོར་བྱེད་པ་སྟེ། དེ་ཡང་ལག་པའི་ཟླུམ་སྐོར་དང་པད་སྐོར་ལ་སོགས་པ་ལན་མང་དུ་ཟློས་ཀྱང་མཛེས་ཤིང་ཡིད་དུ་འོང་བའི་གར་དུ་གྱུར་པ་སྟེ་ཡན་ལག་ལྔ་དང་ལྡན་པའོ། །དེ་གང་ཞེ་ན་ཟློས་གར་དང་། མདོ་འཛིན་པ་དང་། རོལ་མོ་བ་དང་། ཆས་ཞུགས་
པ་དང་བཞད་གད་པ་སྟེ་ལྔའོ། །དེ་ཡང་ཡང་གི་སྦྱོར་བ་དུ་མ་དང་། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་པ་དང་། དབྱངས་ཀྱི་བྱེ་བྲག་ཐ་དད་པ་དང་། ལྷའི་རྗེས་སུ་སྐྱེས་པ་དང་། དྲང་སྲོང་གི་རྗེས་སུ་སྐྱེས་པ་དང་། བློ་གསལ་གྱི་རྗེས་སུ་སྐྱེས་པ་སོགས་དང་། འདྲེན་པ་དང་། དཀྱུས་གཅིག་ཏུ་སྤྱར་བ་དང་། དཀྱུས་གཉིས་པ་དང་། ཕྱེད་ཕྱི་མ་ལ་སོགས་པའི་མཚན་ཉིད་རྣམས་དང་ལྡན་ཞིང་རྗོད་བྱེད་ཀྱི་ཚིག་གལ་ཆེར་སཾ་སྐྲྀ་ཏ། བུད་མེད་ལ་སོགས་པའི་ལད་མོ་བགྱིད་པ་ལ་པྲ་ཀྲྀ་ཏ། བཞད་གད་དང་ཅོ་འདྲི་བ་ལ་སོགས་པར་ཨ་བ་བྷམ་ཤ །འབྱུང་པོ་རོ་ལངས་ཀྱི་ཚུལ་དང་། ཁྲོས་ཚིག་དང་སྡིགས་ཚིག་ལ་སོགས་པ་རྣམས་པི་ཤཱ་ཙཱིའི་སྐད་རིགས་ཀྱིས་འདྲེན་པ་སོགས་ཏེ། འོན་ཀྱང་བོད་དུ་དགོས་པ་ཆེར་མ་གཟིགས་ནས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་པར་མ་མཛད་དོ། །སྐར་རྩིས་ཤེས་ན་གྲངས་ཀྱི་གནས་ལ་མི་རྨོངས་པ་ནི། འདི་ལྟར་བརྩམ་བྱ་དུས་དང་། གཟུགས་ཅན་གཉིས་དང་རྩོམ་བྱེད་གྲངས་ཀྱི་གནས་ཏེ་གསུམ་ལས། དང་པོ་དུས་ཀྱི་ཚད་ཇི་ལྟར་བརྩམ་པ་ནི། སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་ལ་དུས་མཐའི་སྐད་ཅིག་གཅིག །དེ་བརྒྱ་ཉི་ཤུ་ལ་བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག །དེ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་གཉིས་
ལ་དུས་གཅིག །དེ་གསུམ་ལ་བགྲོད་པ་གཅིག །དེ་གཉིས་ལ་ལོ་གཅིག །དེ་ལ་དུས་བཞི་དང་། དུས་བཞི་ཆེན་པོ་དང་། བསྐལ་ཆུང་དང་། བསྐལ་ཆེན་ལ་སོགས་པ་རྣམས་ཀྱི་རྣམ་བཞག་འཇོག་པར་བྱེད་པ་དང་། ཡང་སྐྱེས་བུ་ནད་མེད་ཀྱི་དབུགས་དྲུག་ལ་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་ཆུ་ཚོད་གཅིག །དེ་དྲུག་ཅུ་ལ་ཉིན་ཞག་གཅིག་དང་། ཚེས་དང་། རེས་གཟའ། རྒྱུ་སྐར་ལ་སོགས་པ་རྣམས་ཀྱི་རྣམ་བཞག་འཇོག་པར་བྱེད་དོ། །གཉིས་པ་གཟུགས་ཅན་གྱི་ཚད་ཇི་ལྟར་འཇལ་བ་ནི། རྫས་ཀྱི་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག །དེ་བཞིན་བདུན་འགྱུར་དུ་བསྒྲེས་ཏེ། ལྕགས་རྡུལ། ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་གྱི་རྡུལ། སྲོ་མ། ཤིག ནས། སོར་མོ་ཉེར་བཞི་ཁྲུ་གང་། ཁྲུ་བཞི་གཞུ་འདོམ། དེ་ལྔ་བརྒྱ་རྒྱངས་གྲགས་གཅིག་གམ་དགོན་པ། དེ་བརྒྱད་ལ་དཔག་ཚད་གཅིག་གོ ། དེས་འཇིག་རྟེན་གྱི་ཚད་འཇལ་བར་བྱེད་དོ། །ཡང་དཔངས་ཚད་འཇལ་བར་བྱེད་པ་ལ་སོར། ལྕི་ཚད་ལ་སྲང་། བུངས་ཚད་ལ་བྲེ་སོགས་ཀྱང་ངོ་། །གསུམ་པ་རྩི་བྱེད་གྲངས་གནས་དངོས་ནི་རྐྱང་ཁུག་གཉིས་སམ། བྱེ་རྟོག་དང་འཇམ་དཔལ་རྩ་རྒྱུད་སོགས་ལས་འབྱུང་བའི་གྲངས་གནས་སོགས་སོ། །གཞན་ཡང་། ཨདྷི། འབྲི། བསྟན། བགོད་བསྒྱུར་ཏེ་ཡི་གེའི་ཡན་ལག་ལྔ། གཟའ། ཚེས། སྐར་མ།
སྦྱོར་བ། བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔ་དང་། གཟའ་སོ་སོའི་མྱུར་བ་དང་། བུལ་བ་དང་། དྲང་པོ་དང་། འཁྱོག་པོའི་རྐང་པ་གཉིས་བཙལ་བ་དང་། ཁྱིམ་དང་ལོངས་སྤྱོད་དང་། དེ་དག་གི་དགེ་ལེགས་ཀྱི་རྩིས་དང་། སྒྲ་གཅན་དང་། དུས་མེ་དང་། དེ་དག་གིས་ཉི་ཟླ་འཛིན་པའི་རྩིས་དང་། དུ་བ་མཇུག་རིང་དང་། འཆར་ནུབ་ལ་སོགས་པ་ཕྱིའི་ལས་ཀྱི་རྩིས་དང་། ནང་གི་རྩ་རླུང་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་དང་། དབུགས་དང་། ཆུ་སྲང་དང་། དབྱུ་གུ་དང་། འཕོ་བ་དང་། ཐུན་ཚད་དང་། ཉིན་མཚན་དང་། དེ་དག་བརྟེན་པ་ཡེ་ཤེས་འཆར་བ་དང་། ནུབ་པ་ལ་སོགས་པ་དང་། གཞན་ཡང་ཐུན་མོང་མིན་པའི་དབྱེ་བ་སོགས་མངོན་པར་འཚང་རྒྱ་བའི་བར་རྣམས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས་རྒྱ་ཆེར་བསྟན་པ་བཞིན་ནོ། །སྨྲས་པ། རྨད་བྱུང་ཚིག་གི་ག་བུར་བཅུད། །གཅུས་པའི་ངག་གི་དཔལ་གྱི་དུམ། །འདི་ཡང་བློ་གསལ་གདུང་སེལ་སླད། །བློ་གྲོས་མ་ལ་ཡ་ལས་འཁྲུངས། ཤུབྷཾ། ཞེས་སྣང་། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་སྤྱི་དོན་ལས་ཁོལ་བཏུས་སོ།། ༈ །།དཔལ་འབྲུག་པ་ཐམས་ཅད་མཁྱེན་པ་མི་ཕམ་པདྨ་དཀར་པོའི་ཞབས་ཀྱི་གསུངས་ལས། གསང་བ་འདུས་པའི་རྒྱན་ཞེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པར། གང་བཤད་བྱ་
དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལུས། གང་གིས་འཆད་བྱེད་རྒྱན་བདུན་གྱིས་བརྒྱན་ཏེ་འཆད་པར། སྔ་མ་ལའང་ཐ་སྙད་ལ་བརྟེན་ནས་དོན་རྟོགས་པའི་ཕྱིར་མཚན། དེས་ཇི་ལྟར་གསུངས་ཤིང་བཀྲལ་བ།རྒྱུད་རང་གི་ངོ་བོ་གཏན་ལ་དབབས་པའོ། །ཞེས་གསུངས། གསང་འདུས་རྩ་རྒྱུད་ལ་བཤད་རྒྱུད་བདུན་གྱིས་འགྲེལ་ཏེ་ལྷ་མོ་བཞིས་ཞུས་ལྟ་བུ་རྩ་རྒྱུད་དུ་ཐིག་ལེའི་གནས་ཚུལ་འགའ་ཞིག་སྦས་པ་གསལ་བར་བྱེད་པ་མི་གསལ་བར་བྱེད་པ། ལྷ་གྲངས་དང་ཆོ་ག་༢༠མ་ཚང་བ་ཁ་སྐང་བ་མ་ཚང་བ་ཁ་སྐོང་བའི་རྒྱུད་རྡོར་འཕྲེང་གླིང་གཞི་དང་། ལྷ་ལ་སོགས་པ་འདྲ་མི་འདྲར་སྟོན་པ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྟ་བུ་ཚུལ་མི་འདྲ་བ། རྒྱུད་ཕྱི་མ་རྩ་རྒྱུད་ཀྱི་ལེའུ་བཅུ་བདུན་པོ་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་ནས་སྟོན་པ་དོན་བསྡུས་པ། རྣམ་སྣང་སྒྱུ་དྲྭ་ལྟ་བུ་སྔགས་དང་ལས་ཚོགས་རྩ་མཐུན་དུ་སྟོན་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལྟ་བུ་ཚིག་དོན་རྒྱན་བདུན་གྱི་སྒོ་ནས་བཤད་ཚུལ་སྟོན་པ། དགོངས་པ ་ལུང་སྟོན་ལྟ་བུ་ དགོངས་པའི་དོན་གསལ་བར་སྟོན་པའོ། །ཞེས་བཤད། ༈ །།སློབ་དཔོན་ཀླུ་བྱང་གིས། གསོལ་བ། ཉོན་མོངས་པ ་ཐམས་ཅད་སྤངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བརྙེས་པ་རྣམས་འདིར་ཐ་མལ་པའི་ལུས་ལ་དགོད་པ་མི་འགལ་བ་ལགས་
སམ། བཀའ་སྩལ་པ། ཇི་སྲིད་དུ་བཀྲུ་བཤལ་གྱི་སྣོད་ཡིན་པའི་དུས་སུ་ནི་མཆིལ་མ་འདོར་ལ། གཞོང་པའི་གནས་སྐབས་སུ་ནི་འཇིག་རྟེན་པ་རྣམས་ཟས་ཟའོ། །གཟུགས་བརྙན་སྐབས་སུ་ནི་མཆོད་པ་བྱེད་དོ། །དེ་བཞིན་དུ་ཐ་མལ་པའི་ལུས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་བརླན་པའི་སྔོན་གྱི་གནས་སྐབས་སུ་འཁོར་བའི་རྒྱུ་ཡིན་ལ། ཕྱིས་རང་བཞིན་ཡོངས་སུ་ཤེས་ཤིང་ཡོངས་སུ་དག་པས་ཐམས་ཅད་མཁྱེན་པ་གྲུབ་པའི་རྒྱུར་འགྱུར་བ་ལ་སྐྱོན་མེད་དོ། །ཞེས་དང་། འདིར་བསྟན་གྱི་སྦྱོར་དྲུག་དང་། དུས་ཀྱི་འཁོར་ལོ་ནས་བཤད་པའི་སྦྱོར་དྲུག་མིང་མཐུན་པ་ཙམ་ཡིན་གྱི། དོན་མི་གཅིག་གོ་ཞེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ་འདིར་ཡང་ཐ་མལ་གྱི་སྣང་བ་སྡུད་ཅིང་ཡེ་ཤེས་ཀྱི་སྣང་བ་སྤྲོ་བ་སོར་སྡུད། དེ་སྦྱངས་པ་རབ་ཀྱི་མཐར་ཕྱིན་པའི་སེམས་རྩེ་གཅིག་པ་བསམ་གཏན། རྡོ་རྗེ་བཟླས་པ་སྲོག་རྩོལ། སྲོག་རྩོལ་གྱི་ཡོན་པོ་འགགས་ནས་དབང་བསྐུར་བཟུང་བ་ལ་འཛིན་པ། སྟོང་པ་ཉིད་ཀྱི་གཟུགས་བརྙན་རྗེས་སུ་དྲན་པར་བྱེད་པ་ལ་རྗེས་དྲན། བདེན་གཉིས་གཅིག་ཏུ་སྦྱོར་བ་ལ་ཏིང་ངེ་འཛིན་ཞེས་བཤད་ཅིང་། དུས་ཀྱི་འཁོར་ལོར་ཡང་དེ་ཉིད་ལས་དོན་ཟུར་པ་ཅི་ཡང་མ་གསུངས་སོ།། ༈ །།རྒྱན་བདུན་ལས་དང་པོ་གླེང་བསླང་བ་ཡི་གྲངས་ནི་ལྔ། ཞེས་པས། རྒྱུད་འདིའི་མཚན་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་
ཉིད་མཛད། །སུ་ཞིག་བྱེད་པ་འདིའི་ཚད་ཅི། །ཚིག་འདིའི་དགོས་པ་ཅི་ཞིག་ཡིན། ཞེས་སོ། །གཉིས་པ་ཚུལ་ནི་རྣམ་པ་བཞི་དང་ཡང་། ཞེས་པ། རྒྱུད་དང་གླེང་གཞི་ཞེས་པ་དང་། ངེས་པའི་ཚིག་དང་རྒྱུ་ཡང་ངོ་། །ཞེས་པར་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་ཀྱི་ཆོས་ཀྱི་དབྱེ་བ་གཉིས། དང་པོ་ལ་ཡང་། རྒྱུད་གླེང་གཞི། ངེས་ཚིག །རྒྱུ་བཞིའོ། །དང་པོ་ནི་མི་གདུལ་བྱ་ཡིན་པས་འདྲ་བའི་སྐྱེ་བ་བཟུང་བ་ནི་རིགས་པ་ཁོ་ནའོ་ཞེས་ དགོངས་པས་སོ། །གཉིས་པ ་ནི། ཆགས་བྲལ་ལ་མ་བརྟེན་པར་སེམས་ཅན་རྣམས་མ་འདུལ་བའི་ཕྱིར་བཙུན་མའི་འཁོར་གྱི་ནང་ནས་ངེས་པར་འབྱུང་བའོ། །གསུམ་པ་ནི། དགོན་པར་གནས་པ་ལ་ཡང་འདོད་ཆགས་འབྱུང་བའི་ཕྱིར་དེ་བཟློག་སླད་འདུལ་བའི་བསླབ་གཞི་སྣ་ཚོགས་སུ་སྤྱོད་པའོ། །བཞི་པ་ནི། འབྲས་བུའི་བཞེད་པ་ཡོད་པས་བཅོམ་ལྡན་འདས་དགའ་བ་སྤྱོད་པ་ལ་སོགས་པའི་ཆོས་སྤྱོད་པར་མཛད་པ་དེ་ནི་རྒྱུ་ཡིན་ཏེ། འབྲས་བུ་ཐོབ་པར་བྱ་བ་ལ་ཐབས་ཡིན་པའི་ཕྱིར་རོ། །གཉིས་པ་ལའང་བཞི་ལས། དང་པོ་ནི། རྣམ་ཤེས། ཕུང་པོ། རླུང་། འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་སྐུར་བཟུང་བའོ། །གཉིས་པ་ནི། རིགས་ལྔར་བསྟན་པ་ཀུན་རྫོབ་སྟེ་དེ་བཟློག་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་
གཉིས་རིགས་ཀྱི་ངོ་བོ་གཅིག་ཏུ་མཛད་པའོ། །འདི་གཉིས་རང་དོན་ཕུན་ཚོགས། གསུམ་པ་ནི། སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་པ་ཡིན་པས་དེ་དག་རྗེས་སུ་བཟུང་སླད་རྡོ་རྗེ་ལེགས་པའི་མཚོན་ཆ་བསྣམས་པ་དེ་དག་ཀྱང་ཡེ་ཤེས་རྣམ་པར་དག་པ་ཡིན་ནོ། །བཞི་པ་ནི། བཅོམ་ལྡན་འདས་ཁྲོ་ཆགས་ཀྱི་དབང་དུ་མཛད་ནས་སྒེག་པ་ལ་སོགས་པའི་གར་དགུའི་ཉམས་ཀྱི་སྤྱོད་པ་མཛད་ནས། གཞན་དག་ལ་ཡང་དེ་ལྟར་སྟོན་པར་མཛད་པའོ། །གསུམ་པ་ནི། རྒྱས་བཤད་མཐའ་ནི་རྣམ་ པ་དྲུག །ཞེས་དང་། དབྱེ་བ་དྲང་བ་ངེས་དོན་དང་།. །དགོངས ་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་སྒྲ་མིན་ཏེ། །མཐར་ནི་དྲུག་ཅེས་བྱ་བར་གྲགས། ཞེས་པས་དང་པོ་ནི། སྐལ་པ་ངན་པའི་སློབ་མ་རང་བཞིན་གྱི་དོན་ལས་གཞན་པ་ཉིད་དུ་འཁྲིད་པ་དེ་དག་ལ་ནི་དེ་ཙམ་གྱིས་དོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་ནི། མཆོག་འདོད་པའི་སྐལ་ལྡན་ལ་ཡང་དག་པའི་དོན་གྱི་བདེན་པ་དེ་ཁོ་ན་ཉིད་ཇི་ལྟ་བ་རབ་ཏུ་སྟོན་པའོ། །གསུམ་པ་ནི། མོས་པ་སྣ་ཚོགས་པའི་འཁོར་གྱི་ནང་དུ་བརྗོད་པར་མི་རུང་བའི་ཕྱིར་འཇིག་རྟེན་ལས་འགལ་བའི་ཚིག་གི་སྦྱོར་བས་གསུངས་པའོ། །བཞི་པ་ནི། དབང་པོ་དམན་པ་ནི་སྟོན་པའི་སྣོད་དུ་རུང་བ་མ་ཡིན་ནོ། །འོན་ཀྱང་བླ་མར་གུས་ཤིང་བདེན་པ་དང་། དཀོན་མཆོག་གསུམ་ལ་སོགས་པའི་
ཡུལ་ལ་གུས་པ་དང་བཅས་ཤིང་སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཅན་དེ་ཁོ་ན་ཉིད་ཀྱི་སྣོད་དུ་རུང་བ་དེ་དག་ལ། མཆོག་ཏུ་གསལ་བས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་སྟོན་པ་གང་ཡིན་པ་དེ་ནི་g དགོངས་པ ་མ་ཡིན་པ། ཞེས་སོ། །ལྔ་པ་ནི། དཀྱིལ་འཁོར་གྱི་ཆོ་ག་དང་། རྟོག་པ་དང་། སྤྱོད་པ་སྒྲས་ཇི་ལྟར་བཤད་པ་དེ་ཁར་དོན་གནས་པའོ། །དྲུག་པ་ནི། བ་ལང་ཅེས་སོགས་འཇིག་རྟེན་ན་གྲགས་པ་དང་། དེ་བཞིན་ཅེས་སོགས་བསྟན་བཅོས་ལ་གྲགས་པའི་སྒྲ། ཀོ་ཊ་ཁྱུ་ལ་སོགས་པའི་སྒྲ་ལུགས་གཉིས་དེ་གང་དུའང་མ་གྲགས་པས་བཅོམ་ལྡན་འདས་ཀྱིས་རྟོག་གེ་པ་དང་སྒྲ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་དོན་དུ་དེ་བཞིན་གཤེགས་པ་ལྔའི་མཚན་ནམ་སྲོག་ལ་སོགས་པ་རླུང་གི་མིང་དུ་མཛད་པ་ལྟ་བུའོ། །དེ་ཡང་ དགོངས་པ ་དྲང་དོན་གྱི་ཁྱད་པར་ནི་སྒྲ་དང་དོན་གྱི་ཁྱད་པར། ། དགོངས་པ ་དང་ཇི་བཞིན་མ་ཡིན་པའི་སྒྲའི་ཁྱད་པར་ནི་འགལ་བ་དང་གྲགས་པ་མ་ཡིན་པའི་ཕྱིར་དང་། དགོངས་པ ་དང་ཇི་བཞིན་ པ་ནི་འགལ་བ་དང་མི་འགལ་བ་དང་ངེས་དོན་དང་དགོངས ་མིན་གྱིས་ཁྱད་པར་ནི་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་གིས་སོ། །བཞི་པ་ནི། འཆད་ཚུལ་ཡང་ནི་རྣམ་པ་བཞིས། །ཞེས་པར། འཆད་ཚུལ་དབྱེ་བ་བརྗོད་པར་བྱ། །ཡི་གེའི་དོན་དང་སྤྱིའི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །ཞེས་པའི། དང་པོ་
ནི། རང་བཞིན་རྐྱེན་དང་རྣམ་འགྱུར་མིང་ཡི་གེའི་ངེས་པ་སྒྲ་པས་བཞག་པ་དང་མཐུན་པར་སྟོན་པ། གཉིས་པ་ནི། མདོ་སྡེ་ལ་སོགས་པར་རབ་ཏུ་ཞུགས་པར་སྔགས་ཀྱི་ལམ་ལ་འཇུག་པའི་ཚེ་དམ་ཚིག་དང་སྤྱོད་པ་སོགས་ལ་སོམ་ཉིར་གྱུར་པའི་ཚེ་དེ་བཟློག་ཕྱིར་མདོ་སྡེ་དེ་དག་གི་རྗེས་སུ་སྟོན་པ་དང་། བསྐྱེད་པའི་རིམ་པ་སྟོན་པ་གཉིས། གསུམ་པ་ནི། འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་སྦྱོང་བ་དང་། བདག་བྱིན་གྱིས་བརླབས་པ་དང་། སེམས་རྣམ་པར་བདེན་པ་ཙམ་སྟོན་པ་གསུམ། བཞི་པ་ནི། འོད་གསལ་བ་དང་ཟུང་འཇུག་སྟོན་པ་གཉིས་སོ། །དེ་ཡང་ཡིག་དོན་ལ་ དགོངས་མིན་དང་སྒྲ་ཇི་བཞིན་པ ་གཉིས་སྤྱི་དོན་ལ་དྲང་ངེས། སྦས་དོན་གྱིས་ དགོངས་བཤད། མཐར་ཐུག་པས་སྒྲ་ཇི་བཞིན་མ་ཡིན་པ ་བསྡུས་ལ། ཡང་དང་པོ་གཉིས་ཀྱིས་བསྐྱེད་རིམ། སྦས་དོན་གྱིས་རྡོར་བཟླས་དང་སེམས་དབེན་རང་བྱིན་རླབས། མཐར་ཐུག་གིས་མངོན་བྱང་དང་ཟུང་འཇུག་བསྡུས་སོ། །ལྔ་པ་ནི། ལྔ་པའི་དབྱེ་བ་རྣམ་པ་གཉིས། ཞེས་དང་། འཆད་དང་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །གཉིས་ པ་སློབ་མར་བཤད་པའོ། ཞེས་དང་། ཇི་བཞིན་སྒྲ་དང་དགོངས ་མིན་དང་། །དྲང་བའི་དོན་དུའང་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་དོན་རྣམས། །ཚོགས་པ་ལ་
ནི་བཤད་པར་འདོད། །ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་ དགོངས་ཏེ་བཤད་པ ་དང་། །སྦས་པ་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། ཞེས་སོ། །དྲུག་པ་ནི། དྲུག་པ་དབྱེ་gབ་ལྔ་དང་ལྡན། ཞེས་པས། །རྣམ་པ་ཀུན་ཏུ་སྟན་འདོད་འདིས། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ནི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཨུཏྤལ་པདྨ་དཀར་པོ་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། ཞེས་པས། ཙནྡན་ནི་བེམ་པོ། ཨུཏྤལ་ནི་ཐ་མ། པད་དཀར་འབྲིང་། པདྨ་མཆོག །རིན་པོ་ཆེ་ནི་ཡང་རབ་སྟེ། སྔ་མ་བཞི་ནི་ཚོགས་བཤད་དང་། ཕྱི་མ་གཅིག་ནི་སློབ་བཤད་ཀྱི་སྣོད་ཡིན་ནོ། །བདུན་པ་ནི། བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་པ། རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་སྒྲུབ་པའོ། །རྒྱན་དྲུག་པོ་མཐར་ཕྱིན་པས་བསྟན་བཅོས་ཀྱི་ལུས་རིམ་པ་གཉིས་སུ་ཕྱིན་པར་འགྱུར་རོ། །དེའི་ཕྱིར་རྒྱན་བདུན་ལ་རྣམ་པར་དབྱེ་བ་ཉི་ཤུ་རྩ་བརྒྱད་པ། །རྒྱན་དེས་ཇི་ལྟར་བརྒྱན་པའི་ཚུལ་ནི། ཐཱནྡྷས། གླེང་བསླངས་ལྔ་དང་མཐའ་དྲུག་རྒྱན། །བརྡ་ཡི་རྒྱུད་ལ་འཇུག་པ་ཡིན། །རིག་པ་རྣམ་བཞི་བཤད་པ་བཞི། །བདེན་གཉིས་ངེས་པའི་རྒྱན་དག་ནི། །དོན་ལ་
འཇུག་པའི་རྒྱན་ཡིན་ནོ། །ཞེས་དང་། ཀུ་མཱ་རས། མཐའ་དྲུག་ལ་ཚིག་དང་དོན་གྱི་རྒྱན་གཉིས་ཀ་དང་། རྒྱན་ཐོག་མ་དང་གཉིས་པ་ཀུན་འཇུག་པ་དང་། ཐ་མ་བསྡུས་པའི་རྒྱན་ཞེས་བཞེད་ལ། འཆད་ཚུལ་གཉིས་སྨྲ་བ་པོ་དང་། གང་ཟག་ལྔ་ཉན་པ་པོའི་རྒྱན་ནོ། །གསང་བ་འདུས་པ་ཞེས་པའི་དོན་ལ་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་དང་། རྒྱུད་ཕྱི་མར། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་སུ་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། ཞེས་པའི་དོན་སྒྲོན་གསལ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པའི་རིགས་གསུམ་ཡོངས་སུ་གྱུར་པ་སྟེ་ཡི་གེའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་སྤྱིའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་གསུམ་པོ་རང་བཞིན་གྱི་སྣང་བ་ནི་རླུང་གི་བཞོན་པ་ཅན་ཏེ་སྦས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་མཐར་ཐུག་པའོ། །ཞེས་དང་། འདུས་པ་ཞེས་པ་ནི་གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ་ཡི་གེའི་དོན་ཏོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་
འདུས་པ་སྟེ་སྤྱིའི་དོན་ཏོ། །ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་འདྲེས་པ་ནི་འདུས་པ་སྟེ་མཐར་ཐུག་པའོ། །ཞེས་བཤད་ལ། g དང་པོའི་དངོས་པོའི་གནས་ལུགས་དང་། དེ་ཁྱད་པར་དུ་བྱེད་པ་དབང་། གཉིས་པ་དང་གསུམ་པས་རིམ་བཞིན་བསྐྱེད་རྫོགས་ཏེ་ལམ། བཞི་པས་འབྲས་བུ་སྟེ། འདི་ཙམ་གྱིས་དབང་རྣོན་གྱིས་རྒྱུད་ཀྱི་དོན་གོ་བར་ནུས་པའོ། །ཞེས་བཤད།། ༈ །།ཡང་རྒྱུད་རང་གི་ངོ་བོ་གཏན་ལ་དབབ་པར་རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། ཞེས་སོགས། གཞི་ལམ་འབྲས་བུའི་རྒྱུད་དུ་བསྡུས་ནས་འཆད་པ། དང་པོ་ལའང་གཉུག་མ་དོན་གྱི་རྩ་རླུང་ཐིག་ལེ་གསུམ་དབྱེ་མི་ཕྱེད་པ་རོ་མཉམ་ཕྱག་རྒྱ་ཆེན་པོ། །དེ་གཏན་ལ་འབེབས་པར་བྱེད་པ་ལ། རྩ་བའི་རྒྱུད་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པའི་དོན། སློབ་དཔོན་ཀླུ་སྒྲུབ་སེམས་འགྲེལ་དུ། དངོས་པོ་ཐམས་ཅད་དང་བྲལ་བས་མུ་སྟེགས་དང་། ཕུང་ཁམས་སྐྱེ་མཆེད་དང་བྲལ་བས་ཉན་ཐོས་དང་། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པས་སེམས་ཙམ་གྱི་ལྟ་བ་སུན་ཕྱུང་ནས་ལྷག་མ་དབུ་མ་རང་ལུགས་བསྟན་པའི་ཚུལ་
བཤད། གཉིས་པ་ལམ་ལ། སྨིན་བྱེད་དབང་དང་གྲོལ་བྱེད་གཉིས། དང་པོ་ལའང་ངོ་བོ་དབྱེ་བ་གཉིས། ཕྱི་མ་ལ། གང་གིས་དབང་བསྐུར་བའི་སློབ་དཔོན། གང་དུ་དབང་བསྐུར་བའི་དཀྱིལ་འཁོར། གང་བསྐུར་བའི་དབང་། གང་གི་གྲོགས་དམ་ཚིག་དང་སྡོམ་པ་རྣམ་པར་བཞག་པའོ། །ཞེས་དང་། སྒྲོན་གསལ་ལས་དཀྱིལ་ནི་སྙིང་པོ་ཀུན་རྫོབ་ཀྱི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པས་དྲྭ་དཀྱིལ་འཁོར་ཏེ་དྲྭ་བའི་དོན་ནོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པའི་དཀྱིལ་འཁོར་ཏེ། ཞེས་བཤད། དེ་ཡང་ཀླུའི་བློས་ཆོ་ག་ཉི་ཤུས་འགྲུབ་པར་བཤད། །གཉིས་པ་གྲོལ་བྱེད་ལ། མཆོག་གི་བསྙེན་སྒྲུབ་ཡན་ལག་བཞི་ལས། དང་པོ་ནི། སའི་ཆ་བསྐྱེད་པ་ནས་སྟག་མོས་བསྒོམ་པ་རྫོགས་པའི་བར་བསྙེན་པར་བྱ་ཞིང་བྱང་ཆུབ་ཀྱི་སེམས་ལ་དམིགས་པར་བྱ་བས་བསྟེན་པའི་ཡན་ལག་གོ། །དེ་ནས་རྡོ་རྗེ་སེམས་དཔའ་རྫོགས་པའི་བར་ནི་ཉེ་བར་གནད་དུ་བསྒྲུབ་པར་བྱ་ཞིང་བསྐྱེད་པར་བྱ་བ་ཉེ་བར་སྒྲུབ་པའི་ཡན་ལག །སྤྱི་བོར་རྣམ་སྣང་གི་རང་བཞིན་ཨོ་བཀོད་པ་ནས་ཏིང་ངེ་འཛིན་རྒྱལ་མཆོག་རྫོགས་པའི་བར་ནི་ཉེ་བར་བཞག་པའི་དོན་དུ་གསོལ་བ་འདེབས་པ་ཡིན་པས་རང་གི་དོན་བསྒྲུབ་པས་བསྒྲུབ་པའི་ཡན་ལག །དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་ནི་
གཞན་དོན་གྱི་སྒྲུབ་པ་ཆེན་པོ་སྟེ་དེ་དག་ཀྱང་དང་པོ་སྦྱོར་བའི་ཏིང་འཛིན་ལ་རྒྱལ་མཆོག །དཀྱིལ་འཁོར་རྒྱལ་པོ་མཆོག །ལས་རྒྱལ་པོ་མཆོག་སྟེ་གསུམ་ལས། དང་པོ་ལའང་རྣལ་འབྱོར་སོགས་བཞི་སྟེ། ལྷ ཚོགས་བསགས། སྙིང་རྗེ་བསྒོམ་པ། སྲུང་འཁོར་བསྒོམ་པ། གཙོ་བོ་བསྒོམ་པ། མི་བསྐྱོད་པ་སྤྲུལ་ནས་བདག་ཉིད་ཞེ་སྡང་རྡོ་རྗེར་བསྒྱུར་བ། ཁྲོ་བོ་སྤྲོ་བ། བཀའ་བསྒོས་ཏེ་བགེགས་འཇོམས་པ། སྟོང་@པ་ཉིད་བསྒོམ་པ། གཞལ་ཡས་ཁང་བསྒོམ་པ། །དཀྱིལ་འཁོར་དགོད་པ། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ། ལྡང་བ། ཉི་མའི་དཀྱིལ་འཁོར་ལ་དམིགས་པ། ཟླ་བའི་དཀྱིལ་འཁོར་ལ་དམིགས་པ་བཅོ་ལྔས་ནི་རྣལ་འབྱོར། ཡི་གེ་དང་། ཕྱག་འཚན་དང་། རྡོ་རྗེ་འཆང་བསྐྱེད་པ་གསུམ་རྗེས་སུ་རྣལ་འབྱོར། མདུན་དུ་མི་བསྐྱོད་པ་སྤྲུལ་པ། དེར་བདག་ཉིད་ལ་ཞུགས་པ། རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུར་བསྒྱུར་བ། ཕུང་པོ་ཁམས་སྐྱེ་མཆེད། ཡན་ལག་ལ་དགོད་པ་བདུན་ཤིན་ཏུ་རྣལ་འབྱོར། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། དེ་གསུམ་དབྱེར་མི་ཕྱེད་པ། ཡེ་ཤེས་སེམས་དཔའ། རྒྱས་བཏབ། ཏིང་འཛིན་སེམས་དཔའ་བསྒོམ་པ་གསུམ་རྣལ་འབྱོར་ཆེན་པོ་ལྡན་པའི་འདུས་བྱས། རྡོ་རྗེ་པདྨ་འདུས་བྱས། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབ་པ། པདྨའི་ནང་དུ་སྔགས་ཀྱི་དཀྱིལ་འཁོར་ཕྱུང་བ།
ཕྱིར་ལྷའི་དཀྱིལ་འཁོར་བྱུང་བ་ལྔ་དཀྱིལ་འཁོར་རྒྱལ་མཆོག །ཕྲ་མོ་བཟླས་པ་ནི་དོན་ལ་ཞུགས་པ། གླུ་བསྐུལ། སླར་བཞེངས། བསྟོད་པ། ཉེར་བསྡུ། ཚིམ་པར་བྱེད་པའི་ཆོ་ག །ནང་གི་སྦྱིན་སྲེག་གཤེགས་གསོལ་གཏོར་མ། གཉིད་ལོག་པའི་ཆོ་གའི་དེ་ཉིད་བཞི་བཅུ་རྩ་དགུའོ། །རྡོ་རྗེ་ཕྲེང་བར་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཉིད་དབྱེ་བ་བཅོ་ལྔ་ཡིན། །དང་པོ་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་མན་ཆད་འབྱོར་སོགས། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ། བསྐྱེད་པའི་རིམ་པ་མདོར་བསྡུས་པའོ། །ཞེས་སོ། །གཉིས་པ་ནི། རིམ་པ་མཉམ་བཞག་བཞི་གཙོ་བོར་བསྟན་པ་སྦྱོར་བ་དྲུག་ལ་སོགས་པ་རྣམ་གྲངས་སུ་བཤད་པ་བོགས་འདོན་དུ་སྤྱོད་པ་རྣམ་པར་དབྱེ་བ་གསུམ་ལས། དང་པོ་ནི། སེམས་དབེན་ལ་སྟེང་སྒོ་རྣམ་གྲོལ་རང་ལུས་ཐབས་ལྡན། འོག་སྒོ་གཞན་ལུས་ཤེས་རབ། རིན་ཆེན་འཁོར་ལོའི་འཁྲུལ་འཁོར་ཐུན་མོང་དུ་འཇུག་པ། སྤྲོས་བྲལ་རྟོགས་མེད་དུ་འཆར་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་གདམས་ངག་བཞི། རིམ་པ་གསུམ་པ་སྒྱུ་མ་ལ། མཉམ་བཞག་དང་། རྗེས་ཐོབ་སྒྱུ་མ། ཕྱི་མ་ལ། སྣང་བ་རྨི་ལམ། བར་དོ་སྒྱུ་མ་
གསུམ། རིམ་པ་བཞིས་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་རིམ་པ་ལ། ཉིན་མོར་ལམ་དང་རང་བཞིན་བསྲེ་བ། མཚན་མོར་ལམ་དང་རང་བཞིན་བསྲེ་བ། བར་དོར་ལམཾ་དང་རང་བཞིན་བསྲ་བ་གསུམ། རིམ་པ་ལྔ་ཟུང་འཇུག་ལ་སློབ་པ་དང་མི་སློབ་པ་གཉིས་སོ། །སྤྱོད་པ་ལ་ཀུན་ཏུ་བཟང་པོའི་སྤྱོད་པའམ་རྣལ་འབྱོར་གྱི་སྤྱོད་པ། གསང་བའི་སྤྱོད་པའམ་རྨད་དུ་བྱུང་བའི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའམ་ཀུན་ཏུ་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའམ་སྔགས་ཀྱི་སྤྱོད་པ་རྣམས་སོ། །དེ་ཡང་གཉུག་མའི་ལུས་ངག་སེམས་གསུམ་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོའི་རང་བཞིན་གྱི་རྒྱུའི་རྒྱུད་དང་། ཤེས་རབ་ནི་སྨིན་པ་དང་གྲོལ་བ་རབ་ཏུ་ཤེས་པ་ཡིན་ལ། ཏིང་ངེ་འཛིན་ནི་ཤེས་རབ་ཀྱིས་རབ་ཏུ་དབྱེ་བ་ལ་དེ་སེམས་རྩེ་གཅིག་ཏུ་གྱུར་པ་སྟེ། དེས་ན་དེ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་ཕྱིར་གཞི་རྒྱུད་དང་། རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ཡིན་པས་ནས་ཐབས་རྒྱུད་དེ། མི་གནས་པའི་མྱང་འདས་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱིས་འཕྲོག་པར་མི་ནུས་པ་ནི་རིག་པའི་སྐྱེས་བུ་སྟེ། ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་ལྡན་པ་ནི་འབྲས་བུའི་རྒྱུད་དོ། །ཞེས་སོ། །དེ་ཡང་། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར་གཞི་དང་དེའི་རང་བཞིན་ཏེ། །མི་འཕྲོག་པ་ཡིས་རབ་ཕྱེ་བས། །རང་བཞིན་རྣམ་པ་རྒྱུ་
ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་དོན་བསྡུས་པའོ། །ཞེས་སོ། །རྒྱན་བདུན་གྱིས་བརྒྱན་ཚུལ་ལ། འཆད་བྱེད་རྒྱན་གྱི་རྣམ་བཞག ། རྒྱན་དེས་ཇི་ལྟར་བརྒྱན་ཚུལ། རྒྱན་གྱིས་མཛེས་པའི་རྒྱུད་དངོས་གསུམ་ལས། སྔ་མ་གཉིས་ནི་སྨོས་ཟིན་ལ། ཕྱི་མ་ནི་བསྡུས་པའི་དོན་དང་། ཡང་དག་གི་དོན་གཉིས། དེ་ལའང་ལེའུ་བཅུ་བདུན་པོ་རེ་རེ་༧ ནས་བསྡུས་དོན་དང་། ཡང་དག་གི་དོན་འཆད་པའོ། །ཟླ་བ་འདུས་པའི་ཕྱག་གི་རྩེ། །ནུས་སྟེར་རྒྱུད་ཀུན་འཕེལ་བགྱིད་ཚེ། །བསྡུས་དོན་ཀུ་མུད་སར་པའི་འཛུམ། །རྣ་རྒྱན་གྱི་ནི་བརྫུ་བས་འོང་། ཞེས་ཀྱང་སྨྲས་སོ། །ཤུབྷཾ།། མཛོད་ཀྱི་སྐོར་སྣ་ཚོགས། མངོན་པ་མཛོད་ཀྱི་འགྲེལ་པར། ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་ལ་སོགས་པ་དང་བྲལ་བ་ལས་གཞན་གང་ཡིན་པ་དེ་ནི་སོ་སོར་བརྟག་མིན་པས་འགོག་པ་སྟེ། དེ་ཡང་སོ་སོར་བརྟག་པ་ལས་ཐོབ་པ་མ་ཡིན་པ་དང་། རྐྱེན་མ་ཚང་བ་ལས་ཐོབ་པ་ཡིན་ཏེ། དཔེར་ན་མིག་དང་ཡིད་གཟུགས་གཅིག་ལ་སེམས་པའི་གཟུགས་གཞན་རྣམས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་གང་ཡིན་པ་དག་ནི་འདས་པར་འགྱུར་ལ། དེ་དག་ལ་དམིགས་པའི་རྣམ་པ་ཤེས་པ་ཚོགས་ལྔ་པོ་དག་ནི་ཡང་སྐྱེ་བར་མི་ནུས་ཏེ། དེ་དག་འདས་པའི་ཡུལ་ལ་དམིགས་པའི་མཐུ་མེད་
པའི་ཕྱིར་རོ། །ཞེས་དང་། ཆོས་ཀྱི་ཕུང་པོའི་ཚད་གང་ཞེ་ན། ཁ་ཅིག་བསྟན་བཅོས་མངོན་པའི་ཚད་ཅེས་ཟེར། དེ་ནི་ཤོ་ལོ་ཀ་དྲུག་སྟོང་ངོ་། །གཞན་དག་ཕུང་པོ་ལ་སོགས་པའི་གཏམ་རེ་ཡིན་པར་འདོད་ལ། ཡིན་ལུགས་ལ། སེམས་ཅན་ལ་སྤྱོད་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལ་སོག་པ་བརྒྱད་ཁྲི་ཡོད་དེ། དེ་རྣམས་ཀྱི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་དེ་དང་གྲངས་མཐུན་པར་གསུངས་སོ། །ཞེས་དང་། བསྟན་དུ་ཡོད་པ་ནི། འདི་འདི་ནས་སོ། ཆེ་གེ་མོ་ཞིག་ནས་སོ། །ཞེས་པའོ། །ཐོགས་པ་ནི། རང་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྒྲིབ་ཐོག །མིག་སོགས་ཀྱི་ཡུལ་ཅན་རྣམས་གཟུགས་སོགས་ལ་ཐོགས་པ་ཡུལ་ཐོགས་པ། སེམས་ལས་བྱུང་བ་རྣམས་རང་རང་གི་དམིགས་པ་དག་ལ་ཐོགས་པ་སྟེ་གསུམ་མོ། །ཞེས་བཤད།། ༈ །།དབང་པོ་ཉེར་གཅིག་ལས་མིག་སོགས་ལྔ་པོས་ནི་ཕན་ཚུན་རང་རང་གི་དོན་ཐམས་ཅད་ལ་དབང་བ་དང་། དེ་བཞིན་དུ། ཡིད་ནི་དོན་ཐམས་ཅད་ལ་དམིགས་པར་བྱ་བ་ལྷག་པར་དབང་བར་བྱེད་པ་དང་། ཕོ་ཉིད་དང་མོ་ཉིད་ལ་དབང་བར་བྱེད་པའི་ཕྱིར་ལུས་དབང་ཁོ་ན་ལ། རིས་མཐུན་པར་གནས་པར་བྱེད་པ་དབང་བའི་ཕྱིར་སྲོག་དབང་། ཚོར་བས་ཀུན་ནས་ཉོན་མོངས་པ། དད་སོགས་ཀྱིས་རྣམ་པར་བྱང་བ། མྱ་ངན་ལས་འདས་པ་སོགས་གོང་ནས་གོང་
མར་སོང་བ་འཐོབ་པ་ལ་དབང་བྱེད་པའི་ཕྱིར། ཀུན་ཤེས་སོགས་གསུམ་སྟེ། དེ་ཡང་ཀུན་ཤེས་པར་བྱེད་པའི་དབང་པོས་ནི་ཀུན་ཤེས་པའི་དབང་ཐོབ་པ་ལ་དབང་བར་བྱེད་དོ། །ཀུན་ཤེས་པའི་དབང་པོས་ནི་ཀུན་ཤེས་ལྡན་པ་ཐོབ་པ་ལ་དབང་བར་བྱེད་དོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལ་དབང་བར་བྱེད་དོ། །མདོ་ནས་དབང་ནི་དབང་ཕྱུག་དམ་པ་ཡིན་ལ། དེས་དབང་བར་བྱེད་པས་དབང་པའོ། །ཞེས་དང་། མཐོང་ལམ་ནི་མི་ཤེས་པ་ཀུན་ཤེས་པར་བྱ་བ་ལ་ཞུགས་པ་ཡིན་ནོ། །སྒོམ་ལམ་ནི་སྔོན་མ་མཐོང་བ་ཀུན་ཤེས་པར་བྱ་བ་ནི་མེད་ཀྱི། ཕྲ་རྒྱས་ལྷག་མ་སྤང་བར་བྱ་བའི་ཕྱིར་དེ་ཉིད་ཀུན་ཤེས་པར་བྱེད་དོ། །མི་སློབ་པའི་ལམ་ནི། ཀུན་ཤེས་སོ་སྙམ་དུ་རྟོགས་པ་ནི་ཀུན་ཤེས་པ་སྟེ། དེ་འདི་ལ་ཡོད་པས་སམ་འདི་ཀུན་ཤེས་པ་བསྲུངས་བའི་ངང་ཚུལ་ཅན་ཡིན་པས་ཀུན་ཤེས་པ་དང་ལྡན་པའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་ཕྱིར་བདག་གི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱར་མེད་དོ་སྙམ་པ་སྟེ། དེ་ལྟ་བུའི་དབང་པོ་ནི་ཀུན་ཤེས་པ་ལྡན་པའི་དབང་པོ་ཡིན་ནོ། །ཞེས་སོ། །འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམ་པ་ལས་བྱུང་བའི་འབྲས་བུ་གཟུགས་ཁམས་བསམ་གཏན་བཞི་པའི་ནང་ཚན་ནོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་དེའི་རྒྱུ་སྟེ།
འདི་ལ་ངེས་པར་འབྱུང་བ་འདོད་པས་ཏེ། ཐར་པ་འདོད་པས་དེ་ལ་སྙོམས་པར་འཇུག་གོ །དེ་དགེ་བ་ཡིན་ཡང་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ན་ལས་མཐོང་ཆོས་དང་ལན་གྲངས་གཞན་ལ་མྱོང་འགྱུར་མ་ཡིན་ནོ། །དེ་ཡང་སོ་སྐྱེ་ལས་འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །འགོག་པའི་སྙོམས་འཇུག་ནི་ཞི་བར་གནས་པའི་དོན་གྱིས་སྙོམས་པར་འཇུག་གི །ཐར་པར་འདོད་པས་མ་ཡིན་ཏེ། འདིས་སྲིད་རྩེར་སྐྱེ་བས་སྤྱི འདུ་ཤེས་དང་འདུ་ཤེས་མེད་མིན་ཁོ་ནའི་ས་སྟེ་གང་ཟག་ཀྱང་འཕགས་པ་ཁོ་ནས་བསྡུས་པའོ།། ༈ །།སྟོན་པས་བདེན་པ་བཞི་ཞེས་ཀྱང་བཤད། བདེན་པ་གཉིས་སུ་ཡང་གསུངས་ན་གཉིས་ཀྱི་མཚན་ཉིད་གང་ཞེ་ན། གང་ལ་ཆ་ཤས་བཅོམ་ན་དེའི་བློ་མ་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ལ་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ །གང་ལ་བློ་ཡིས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་ཆུ་ལྟ་བུ་དེ་ལ་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་བློ་མི་འཇུག་གོ །དེ་དག་ཁོ་ན་ཀུན་རྫོབ་དེའི་མིང་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་དབང་གིས་བུམ་པ་དང་ཆུ་ཡོད་དོ། །ཞེས་བརྗོད་པ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་གྱི་བརྫུན་པ་ནི་མ་ཡིན་པས་དེ་ནི་ཀུན་རྫོབ་གྱི་བདེན་པའི། །དོན་དམ་པའི་བདེན་པ་གཞན་ནོ་སྟེ། གང་ལ་བཅོམ་ཡང་དེའི་བློ་
འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །དེ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་རོ་ལ་སོགས་པའི་ཆོས་བསལ་ཀྱང་རུང་། གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དེ། དེ་ནི་དོན་དམ་པར་ཡོད་པའི་ཕྱིར་དོན་དམ་པའི་བདེན་པའོ། །ཞེས་བཤད། ལུས་ཚོར་སེམས་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ལ་བསྟན་པ་ནི་དྲན་པ་ཉེར་བཞག་གོ །དང་པོ་ནི་རང་གི་ངོ་བོ། གཉིས་པ་ནི་འདུས་བྱས་ཐམས་ཅད་ལ་ཡོད་པ་མི་རྟག་པ། ཟག་བཅས་ཐམས་ཅད་ལ་ཡོད་པ་སྡུག་བསྔལ་བ། ཆོས་ཐམས་ཅད་ལ་ཡོད་པ་སྟོང་དང་བདག་མེད་པའོ། །ངེས་པར་འབྱེད་པས་ན་ངེས་པར་འབྱེད་པ་སྟེ་འཕགས་པའི་ལམ་མོ། །དེས་ཐེ་ཚོམ་སྤང་བའི་ཕྱིར་དང་། བདེན་པ་འདི་རྣམས་ནི་སྡུག་བསྔལ་ལོ་ནས་འདི་ནི་ལམ་མོ་ཞེས་པའི་བར་རྣམ་པར་འབྱེད་པའི་ཕྱིར་རོ། །དེའི་ཆ་ནི་མཐོང་ལམ་གྱི་ཕྱོགས་གཅིག་ཡིན་ཏེ། དེ་འདྲེན་པར་བྱེད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱའོ། །ཞེས་དང་། འཇིག་རྟེན་ཆོས་མཆོག་གི་མཇུག་ཐོག་ནས་འདོད་ཁམས་ལ་དམིགས་པའི་ཆ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་སྟེ། དེ་སྐྱེས་ནས་འཕགས་པའི་གང་ཟག་ཅེས་བྱ་བ་ཉིད་དོ་དེའི་རྗེས་ལ་དེ་ཉིད་ལ་དམིགས་པའི་ཆོས་ཤེས་པ་སྐྱེ་སྟེ་ངོ་བོ་དེ་ཁོ་ན་ཉིད་ཤེས་
པའོ། །དེའི་རྗེས་སུ་ལྷག་མ་གཟུགས་དང་གཟུགས་མེད་ན་སྤྱོད་པའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པ་སྐྱེ་སྟེ། དེ་བཞིན་བདེན་པ་ལྷག་མ་གསུམ་ལའང་སྦྱར་བས་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གོ། ༈ །།ཚད་མ་སྡེ་བདུན་གྱི་སྤྱི་དོན་ལས། སྡེ་པ་གཉིས་ཀ་འདོད་པ་མཐུན་པར་བསགས་པའི་རྡུལ་ཕྲ་རབ་ཆ་དང་བཅས་པ་དེ་འདོད་པ་ན་སྒྲ་དང་དབང་པོ་མེད་པས་རྡུལ་རྫས་བརྒྱད་ལྡན་དུ་སྐྱེ། རྫས་བརྒྱད་ནི་འབྱུང་བ་བཞིའོ། །འབྱུང་འགྱུར་བཞིའོ། །སྒྲ་མེད་ལ་དབང་པོ་དང་བཅས་ན་དགུའམ་བཅུ། ལུས་དབང་པོ་གཞན་མེད་ན་དེའི་ཁ་མིག་སོགས་གང་དང་ལྡན་པས་སྒྲ་དང་ལྡན། གོ་རིམ་བཞིན་དུ། དགུ། བཅུ། བཅུ་གཅིག་དང་ལྡན་པར་སྐྱེའོ།། ༈ །།རྒྱུ་འབྲས་བུའི་རྐྱེན་གྱི་རྣམ་པར་བཞག་པ་ལ། རྒྱུ་ནི་དྲུག་སྟེ། བྱེད་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ། ཀུན་ཏུ་འགྲོ་བའི་རྒྱུ། རྣམ་སྨིན་ཀྱི་རྒྱུ་དང་བཅས་པའོ། །དང་པོ་ནི། རང་གི་ངོ་བོ་ལས་གཞན་པའི་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་བྱེད་རྒྱུ་ཡིན་ཏེ། སྐྱེ་བ་ལས་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་སྟེ། དེ་ཡང་འབྱུང་བ་བཞིའམ་སེམས་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱིས་སམ། འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་མཚན་གཞིའི་ཡིན་ལ། དེ་དག་ཀྱང་
མཚན་ཉིད་དེའི་ཡིན་པ་ལྟ་བུའོ། །གསུམ་པ་ནི་བཅོས་འདྲ་བ་རྣམས་ཏེ། རང་རིགས་ཀྱི་དགེ་བ་རྣམས་ཀྱང་ཕན་ཚུན་དུ་དགེ་བ་དང་ཉོན་མོངས་པ་དག་ཀྱང་དེ་བཞིན་ནོ། །བཞི་པ་ནི། སེམས་དང་སེམས་ལས་བྱུང་བའི་ནང་ནས་གང་དག་ལ་རྟེན་མཚུངས་པ་ཡོད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དཔེར་ན་མིག་གི་རྣམ་ཤེས་རྟེན་མིག་དབང་སྐད་ཅིག་མ་གང་ཡིན་པ་དེ་ཉིད་དེ་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་ཀྱིའང་ཡིན་པ་ལྟ་བུའོ། །ལྔ་པ་ནི། རང་གི་ས་པའི་ཉོན་མོངས་པ་ཅན་གྱི་ཆོས་སྔར་སྐྱེས་པ་རྣམས་ཉོན་མོངས་པ་ཅན་གྱི་ཆོས། ཕྱི་མའི་ནི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ནོ། །དྲུག་པ་ནི། མི་དགེ་བ་དང་། དགེ་བ་རྣམས་ཀྱི་ཆོས་ཟག་པ་དང་བཅས་པ་ཁོ་ན་སྟེ། རྣམ་པར་སྨིན་པའི་དངོས་པོ་ཡིན་པའི་ཕྱིར་རོ། །གཉིས་པ་འབྲས་བུ་ལ། རྣམ་སྨིན། ཐུན་མོང་མ་ཡིན་པ། ཐུན་མོང་པ། བདག་ལྔ་ལས་ཕྱི་མ་འབྲས་བུ་བཏགས་པ་དང་། དང་པོ་གཉིས་རྒྱ་ཐ་མའི་འབྲས་བུ། གཉིས་པ་རྒྱུ་དང་པོའི། གསུམ་པ་སྐལ་མཉམ་དང་ཀུན་འགྲོའི། བཞི་པ་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུའི་འབྲས་བུའོ། །དེ་བས་བདག་པོའི་འབྲས་བུ་དང་སྐྱེས་བུ་བྱེད་པ་གཉིས་འདུས་བྱས་དང་ཁྱབ་མཉམ་མོ། །རྐྱེན་བཞིའི་དང་པོ་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ཐམས་ཅད་ཡིན་
ལ། རྐྱེན་བཞི་ནི། རྒྱུ། དམིགས་པ། དེ་མ་ཐག་པ། བདག་པོའི་རྐྱེན་ནོ། །དང་པོ་ནི། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་སྟེ། དེ་ཡང་མིག་དང་ཡུལ་གཟུགས་ལ་བརྟེན་ནས་དེའི་རྣམ་ཤེས་སྐྱེས་པ་ལྟ་བུའི་དུས་ལ་མཚོན་ན་མིག་གི་དབང་པོར་ལ་ཡོད་པའི་འབྱུང་བ་དང་འབྱུང་འགྱུར་རྣམས་ཏེ། དེས་རྒྱུ་བྱས་ནས་མིག་གི་དབང་ཤེས་ཚང་ཞིང་རྫོགས་པར་བསྐྱེད་པས་སོ། །གཉིས་པ་ནི། ཆོས་ཐམས་ཅད་དེ་འདུས་མ་བྱས་ཀྱང་ངོ་། །དེ་ཡང་ཡུལ་ཁ་དོག་དང་དབྱིབས་སུ་སྣང་བའི་གཟུགས་ཉིད་དེ་ལ་དམིགས་པས་སོ། །གསུམ་པ་ནི། དགྲ་བཅོམ་པའི་ཐ་མའི་ཡིད་མ་གཏོགས་པའི་སེམས་དང་སེམས་བྱུང་ཐམས་ཅད་དེ། མིག་གི་རྣམ་ཤེས་སྐྱེ་བའི་སྐད་ཅིག་མའི་ཤེས་པ་སྟེ། དེའི་སྐད་ཅིག་པ་གཞན་གྱིས་བར་མ་ཆད་པར་སྐྱེ་བའི་ཕྱིར་རོ། །བཞི་པ་ནི། བྱེད་རྒྱུ་ཐམས་ཅད་དེ། དཔེར་ན་མིག་གི་དབང་པོ་ཁོ་ན་སྟེ་དེའི་བདག་རྐྱེན་གྱིས་གཟུགས་མཐོང་བའི་ཕྱིར་རོ། །ཞེས་བཤད་དོ།། ༈ །རྒྱུད་སྡེ་བཞིའི་རྣམ་བཞག་དང་། བྱང་སྡོམ་སྐབས་ཀྱི་ཟིན་བྲིས་ཐོར་བུ་བཅས་དགེ །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བྱེ་བྲག་ཏུ་འབྱེད་པའི་སྒོ་ཙམ་ཞིག་བསྟན་པར་བྱ་སྟེ། དེ་ལ་ཡང་དབྱེ་བསྡུའི་བཞེད་ཚུལ་བསམ་གྱིས་མི་ཁྱབ་ཀྱང་རེ་ཞིག་བཞིར་དབྱེ་བའི་རྗེས་སུ་འབྲངས་ཏེ་ཅུང་ཟད་ཅིག་བཤད་པར་སྤྲོ་བ་ལ། དང་པོ་
བྱ་བའི་རྒྱུད་དུ་ཇི་ལྟར་བཀྲི་བའི་ཚུལ། འཇུག་པ་དང་། སྦྱོར་བ་དང་། འགྲུབ་པ་དང་། གྲུབ་པའི་སྤྱོད་པ་བཞི་ལས། དང་པོ་ལ་གཉིས། རིག་པ་སྟེ་གསང་སྔགས་ཀྱི་ལྷ་བཟླས་ལུང་ཙམ་གྱིས་རྗེས་སུ་དྲན་པར་བྱེད་པ་རིག་པ་གཏད་པའི་ཚུལ་ཅན་དང་། རིགས་གང་ཡིན་པ་དེའི་གསང་བ་གསུམ་གྱི་རྗེས་སུ་སྒོ་གསུམ་ཉེ་བར་འགྲོ་བར་བཤད་པ་རྗེས་སུ་གནང་བ་དང་། རིགས་གང་གི་བྱ་བ་མཐའ་དག་ལ་དབང་བར་བྱེད་པ་དབང་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཇི་ལྟར་ཡང་དག་པའི་ལྟ་བ་མེད་པ་ལ་སྡོམ་བརྩོན་མེད་པ་དང་། སྐྱབས་སུ་མ་སོང་བ་ལ་ཆོས་འདི་པར་གཏོགས་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་མེད་པ་ལྟར། མངོན་པར་དབང་བསྐུར་བ་མ་བྱས་པ་དག་ལ་གསང་སྔགས་ཀྱི་ཐ་སྙད་མེད་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་སྔོན་དུ་ངེས་པར་འགྲོ་དགོས་ལ། སྡོམ་པ་བཟུང་བའི་ཚུལ་ཀྱང་། དམ་ཚིག་གསུམ་བཀོད་ལས། དེ་ལ་དམ་ཚིག་དང་སྡོམ་པ་བླང་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ལ། གཙང་སྦྲ་བྱས་ནས་གཡས་སུ་མེ་ཏོག་ཐོགས་ཏེ། གདོང་གཡོགས་པ་གཞུག་པར་བྱའོ། །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གཅིག་གཉིས་གསུམ་བཞིའམ་ལྔ་ཡང་གཞུག་པར་བྱ་ཞིང་། སྡོམ་པ་འདི་ལྟར་
བཟུང་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་ཆེ་གེ་མོ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་གྱིས། །ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་བདག་རབ་ཏུ་བཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་རྣམས་ཀྱིས་བདག་ལ་ཡོངས་སུ་བསྐྱབ་ཏུ་གསོལ། ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་བདག་ལ་སྩལ་དུ་གསོལ། ཞེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ཞེས་སོ། །དེ་ཡང་། སྤྱི་རྒྱུད་ལས། དེའི་ནུབ་མོ་ཅི་རིགས་པར། སློབ་མ་སྡོམ་པ་འཛིན་དུ་གཞུག །ཅེས་གསུངས་པས་སྟ་གོན་ལ་སོགས་པའི་གནས་སྐབས་ཅི་རིགས་པར་ནོད་པས་ཐོབ་བོ། །དབང་དངོས་ནི། གསང་བ་སྤྱི་རྒྱུད་མས། མདོར་ན་དེ་ལ་སོགས་པ་ཡི། །ཆོ་ག་རྒྱས་པར་བྱས་ནས་སུ། །ཡིད་ཀྱི་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱར་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཅིང་། །བློ་དང་ལྡན་པས་དབང་བསྐུར་བྱ། །དེ་ནས་
ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་བློས་ནི་སྤྱི་བོར་གཏུགས། །གསང་སྔགས་རྒྱུད་ནི་འཛིན་འགྱུར་བ། །བློ་དང་ལྡན་པས་དབང་བསྐུར་རོ། །ཞེས་ཆུའི་དབང་བསྐུར་གསལ་བར་གསུངས་ཤིང་། འཇམ་དཔལ་རྩ་རྒྱུད་ལས། དང་པོ་རེ་ཞིག་དབང་བསྐུར་བ་བྱིན་ཏེ། ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་འཆིང་དུ་གཞུག་པར་བྱའོ། །ཞེས་ཕྱག་རྒྱའི་དབང་གསུངས་པ་དེའི་ཤུགས་ཀྱིས་དབུ་བརྒྱན་གྱི་དབང་བསྐུར་བ་ཡང་བསྟན་པར་འདོད་དེ་བྱ་རྒྱུད་རང་རྐང་གི་དབང་ནི་དེ་ཙམ་དུ་ཟད་ལ། དཀྱིལ་ཆོག་འགའ་ཞིག་ལས་རྣལ་འབྱོར་གྱི་རྒྱུད་བཞིན་ཕྱིར་མི་ལྡོག་པའི་དབང་ཡན་ཆད་ཙམ་ཅི་རིགས་བསྐུར་བར་སློབ་དཔོན་པདྨ་ལྕགས་ཀྱུ་སོགས་ཀྱིས་བཤད་དོ། །དེ་ནི་དབང་ལ་སོགས་པ་ནོད་པ་སྟེ་འཇུག་པ་དང་པོའོ། །གཉིས་པ་ནི་བརྟུལ་ཞུགས་བསྟེན་པ་སྟེ། དེ་ལ་རྣམ་པར་དབྱེ་བ་དང་། བསླབ་གཞི་ཡོངས་སུ་བཟུང་བའི་ཚུལ་གཉིས་ལས། དང་པོ་ནི། གང་གི་ཚེ་སྡོམ་པ་དོན་གཉེར་གྱི་ཀུན་སློང་རྩེ་གཅིག་པ་ནི་སྨོན་པའི་སེམས་དང་། ཇི་ལྟར་བསྒོམ་པའི་དམིགས་པ་རྣམས་ལས་མི་གཡོ་བ་ནི་འཇུག་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་ནས་རིག་སྔགས་འཆང་གི་ཁྲིམས་དང་ལྡན་པ་ཡིན་ནོ། །དེའི་ཆེད་དུ་ལུང་ལས་ཇི་སྐད་བསྟན་པ་དང་མཐུན་པར་སྤྱོད་ལམ་ཐམས་ཅད་དུ་ལྷའི་མཛད་པ་མཛད་པ་དང་། སྐུའི་རྣམ་པ་བརྟན་པའི་ང་རྒྱལ་དང་མི་
འབྲལ་བ་ལ་སློབ་པར་བརྩོན་པ་ནི་གནས་པའི་བྱང་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་པའི་ཚེ་བརྟུལ་ཞུགས་ལ་གནས་པ་ཡིན་ནོ། །དེའི་ངང་ནས་སྦྱིན་སྲེག་དང་། མཆོད་པ་དང་། གཏོར་མ་ལ་སོགས་པའི་ལས་། སྤྱོད་པ་ལྡང་པའི་བྱང་ཆུབ་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་པ་དེའི་ཚེ་སྤྱད་པ་སྤྱོད་པ་ཡིན་ནོ། །དེའི་ཕྱིར་བྱ་རྒྱུད་ཀྱི་རིགས་སྔགས་འཆང་བའི་རྒྱའི་གནས་སྐབས་ཀྱི་དམ་ཚིག་གསུམ་ནི་དེ་དག་ཏུ་ངེས་པ་ཡིན་ནོ། །འབྲས་བུའི་གནས་སྐབས་ནི་འོག་ནས་འཆད་འགྱུར་ལས་ཤེས་སོ། །གཉིས་པ་ལ་གསུམ། བསླབ་བྱའི་དམ་ཚིག །བསྲུང་བྱའི་རྩ་ལྟུང་༡༦། ཉམས་ན་ཕྱིར་བཅོས་ཚུལ་བཤད་པ་གསུམ་ལས། དང་པོ་ནི། སྒྲུབ་ཚིག་གིས་གསུངས་པ་དང་༡༢། དགག་ཚིག་གིས་གསུངས་པ་ལས༡༨། དང་པོ་ནི། །དཀོན་མཆོག་གསུམ་ལ་དད་པ་བསྐྱེད་པ། ༡ །གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ཚོགས་ལ་དད་པ་སྟེ། དེའི་དབྱེ་བའང་། སློབ་དཔོན་ཛྙཱ་ན་ཤཱིས། དེ་ཡང་ལྷ་ཕོ་ནི་གསང་སྔགས། མོ་ནི་རིག་སྔགས། སྔགས་གཅིག་ཉིད་ལ་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུགས་སྔགས་སོ། །ཡང་སྔགས་གཅིག་ཉིད་ལ་དེ་གསུམ་ཚང་བ་དང་། ལྷ་གཅིག་ལ་སྔགས་དེ་གསུམ་ཆར་ཚང་བ་ཡང་ཡོད་ལ། རིག་སྔགས་གཟུངས་སྔགས་གཉིས་ཀ་ལྷ་ཕོ་མོར་བཞག་པ་ཡང་ཡོད་པས། མཐའ་གཅིག་ཏུ་མ་ངེས་སོ། །ཞེས་
གསུངས། དེ་དག་ཀྱང་དོན་དམ་པར་ཐབས་ཤེས་གཉིས་སུ་མེད་པའི་ཡིན་པའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དེ་ཉིད་དེ་ཁོ་ན་ཉིད་ཤེས་པས་དང་འགྲོ་བ་སྐྱོང་བར་བྱེད་པས་སམ་ཡིད་སྐྱོབ་པར་བྱེད་པས་སྔགས་སོ། ༢ །ཆེན་པོ་བདུན་དང་ལྡན་པའི་ཐེག་པ་ལ་ཁྱད་པར་དུ་མོས་པ་སྟེ། དེ་ཡང་དཔུང་བཟང་ལས། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཞེས་སོ། ༣ །བླ་མ་དང་། དམ་ཚིག་ཅན་ཏེ་འདི་བའི་སྔགས་པ་དང་། མཛའ་བོ་སྟེ་སྒྲུབ་པ་པོའི་གྲོགས་རྣམས་ལ་གུས་པར་བྱ་བ་དང་། ༤ ཉ་སྟོང་ལྟ་བུའི་ཐུན་མཚམས་ཀྱི་ཁྱད་པར་ལ་འཇིག་རྟེན་པའི་ལྷ་ལ་མཆོད་པར་བྱ་སྟེ། མ་མཆོད་ན་གེགས་སུ་འགྱུར་བའི་ཕྱིར་དང་། ༥ རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞིར། ཕྱོགས་མི་འབྱེད་པར་སྦྱིན་པས་མགྲོན་པོ་གློ་བུར་བ་མཆོད་པར་བྱ་བ་དང་། ༦ མདོ་སྡེ་བཀླག་པ་དང་། མཆོད་རྟེན་གདབ་པ་དང་། དེ་ལ་བཀུར་སྟི་བྱ་བ་སོགས་བསོད་ནམས་ཀྱི་ཚོགས་སྒྲུབ་པ་དང་། ༧ འཕགས་པ་དགྱེས་པའི་སྤྱོད་པ་བཟླས་བརྗོད་ལ་སོགས་པ་གསང་སྔགས་སྤྱོད་པ་ལ་བརྩོན་པ་སྟེ། དེ་ཡང་དཔུང་བཟང་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་འབྱུང་ཧ་ཅང་ཆུང་བ་མིན། །སྨྲ་བཞིན་
མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚིག་དྲག་ཉམས་པར་མིན། ཞེས་པའི་དོན་རིམ་པར། ༡ ཟུར་མ་ཕྱིན་པ་དང་། སེམས་གཞན་དུ་གཡེང་བ་༢དང་། རྒོད་པ་༣དང་། བྱིང་པ་༤དང་། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་ཚིག་ལ་ཕལ་པ་འདྲེས་པས་དངོས་གྲུབ་མི་འབྱུང་བ་༥དང་། ལྷའི་སྐུ་དང་། ཡི་གེ་དང་། སྒྲ་མ་གཏོགས་པར་གཞན་དུ་འགྲོ་བ་༦དང་། དམིགས་པ་དང་འདོན་པ་གཉིས་ཀར་གུག་སྐྱེད་སོགས་༧ཉམས་པ་རྣམས་སྤང་དགོས་པའོ། ༨ །རིགས་གསུམ་སོ་སོ་དང་། དེའི་ནང་ཚན་ལྷ་དང་། ལས་དང་། དངོས་གྲུབ་གང་བསྒྲུབ་པ་དེའི་དང་། གང་ཟག་སོ་སོའི་ཐུན་མོང་མ་ཡིན་པའི་དམ་ཚིག་རང་རང་གི་རྒྱུད་ལས་བསྟན་པ་བཞིན་བསྲུང་བ་དང་། ༩ གསང་སྔགས་ཟབ་མོའི་རྒྱུད་རྣམས་ཐམས་ཅད་དུ་མི་བསྟན་པར་གསང་ཞིང་སྦ་བ་སྟེ་རྒྱུད་བསྲུང་བ་དང་། དེའི་དོན་ལ་ཐོས་བསམ་སྒོམ་གསུམ་གྱིས་རྟོགས་པར་བྱ་བ་དང་། ༡༠ འདོད་ཆགས་ཤས་ཆེ་བ་ལ་མི་སྡུག་པ་དང་། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་འབྲེལ་ལ་སོགས་པས་བཟློག་སྟེ་སྒོ་གསུམ་ཉེ་བར་ཞི་བར་བྱ་བ་དང་། ༡༡ དུས་གསུམ་དུ་ཁྲུས་དང་གཙང་སྦྲ་བསྒྲུབ་པ་སྟེ་བཅུ་གཉིས་སོ། ༡༢ །གཉིས་པ་དགག་ཕྱོགས་ནི། གསང་སྔགས་དང་། ལྷ་དང་། ཟློས་པ་བདག་ཉིད་ཆེན་པོ་སྟེ་ཡོན་ཏན་གྱི་ཞིང་ལ་
ཁྲོ་བ་སྤང་བ་དང་། ༡ གཞན་མུ་སྟེགས་བྱེད་ལ་སོགས་པའི་གཞུང་གཅེས་པར་བཟུང་ནས་མི་མཆོད་པ་དང་། ༢ །ཁུངས་ནས་ཇི་ལྟར་འབྱུང་བ་ལས་གསང་སྔགས་ཀྱི་ཆོ་ག་རང་བཟོའི་བརྙས་ཐབས་སུ་མི་བྱ་བ་དང་། ༣ གཞན་གྱིས་རྗེས་སུ་མ་གནང་བར་སྔགས་ལ་རང་དགར་འཇུག་པ་དང་། ༤ གདོན་སོགས་ལ་བསད་བསྐྲད་བཅད་པ་སོགས་དྲག་པོའི་ལས་སྦྱོར་མི་བྱ་བ་དང་། ༥ ཞི་བའི་ལས་བྱེད་པ་རྣམས་ལ་མི་འགྲུབ་པའི་དོན་དུ་དྲག་པོ་ལ་སོགས་པའི་ཚུལ་དུ་མི་བསྒྱུར་བ་སྟེ། མདོར་ན་དངོས་གྲུབ་སྒྲུབ་པ་ལ་ཕན་པའི་ལས་སྦྱོར་མ་གཏོགས་ནུས་པ་འགྲན་པ་དང་། གཞན་ལ་ཉམས་སད་པའི་ཕྱིར་བདག་གི་གསང་སྔགས་ལས་མ་མི་སྦྱོར། ༦ །དམ་ཚིག་མི་ཤེས་ཤིང་བསྲུང་བར་མི་ནུས་པ་ལ་དབང་བསྐུར་མི་སྦྱིན་པ་དང་། ༧ །ཕྱག་རྒྱ་དང་། བཞོན་པ་ཤིང་རྟ་སོགས་དང་། མཚན་མ་དག་མི་འགོང་ཞིང་། ° དེ་ལྟ་བུའི་དབྱིབས་ཅན་མི་ཟ་བ་དང་། ༨ ཟས་དང་སྤྱོད་པ་ལ་སྒོ་གསུམ་མ་བསྡམ་པར་མི་བྱ་བ་དང་། ༩ ཕྱག་རྒྱ་ལ་སོགས་པའི་མཚན་མ་ཅན་གྱི་ཟས་དང་། །ཤ་ཆང་ཀེའུ་སྒོག་བཙོང་འབྲུ་མར་དང་། །ཏིལ་དང་ལ་ཕུག་འབྱུང་པོའི་ཁ་ཟས་དང་། །ལྷ་བཤོས་གཏོར་མ་ལ་སོགས་མ་གནང་ཟས། ཞེས་པ་རྣམས་མི་ཟ་བ་དང་། ༡༠ སེམས་ཅན་སྡུག་བསྔལ་བ་སོགས་ལ་བྱམས་པ་བཏང་བར་མི་བྱ་བ་དང་། ༡༡ །
གསང་སྔགས་ཟློས་ནས་མི་ཟིན་བར་དུ་མི་སྨྲ་བ་དང་། ༡༢ ཉེས་པ་ཆུང་ངུ་དག་ལ་ཁྲོས་ནས་དྲག་ཤུལ་གྱི་ལས་མི་བྱ་བ་དང་། ༡༣ བདག་གི་ལུས་ལ་སོགས་པ་བརྙས་པར་མི་བྱ་བ་དང་། ༡༤ སེམས་ཅན་གཞན་ལ་སླད་པར་མི་བྱ་བ་དང་། ༡༥ །དཔུང་བཟང་ལས། ཚིག་རྩུབ་ཕྲ་མ་ཀྱལ་པ་སྨྲ་བ་དང་། །གཞན་གྱི་བུད་མེད་བསྒྲོད་དང་བརྫུན་སྨྲ་དང་། །བརྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང་། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། ཞེས་སོགས་གནས་ངན་ལེན་རྣམས་སྤོང་བ་དང་། ༡༦ ལྟད་མོ་བལྟ་བ་དང་། སེར་སྣ་དང་། རྒྱགས་པ་དང་། །ཁེངས་པ་རྣམས་བསྐྱུང་བར་བྱ་བ་དང་། ༡༧ བཤང་གཅི་ཆུའམ་དེའི་ཉེ་ཕྱོགས་སུ་མི་འཐོར་བ་སྟེ་བཅོ་བརྒྱད་དོ། ༡༨ །གཉིས་པ་རྩ་ལྟུང་བཅུ་དྲུག་ནི། ཆད་པར་ལྟ་བས་ཡང་དག་པའི་ལྟ་བ་མེད་པར་བྱེད་པ། ༡ །དཀོན་མཆོག་གསུམ་སྤངས་པས་ཆོས་འདི་པ་དང་། ༢ ཀུན་རྫོབ་བྱང་སེམས་སྤངས་པས་ཐེག་པ་ཆེན་པོ། ༣ དབང་བསྐུར་སྤངས་པས་རྡོ་རྗེ་ཐེག་པ་སྤངས་པ་དང་། ༤ བླ་མར་འཁུ་བས་དངོས་གྲུབ་ཐམས་ཅད་མེད་པར་བྱེད་པའི་ཕྱིར་རྩ་བའི་ལྟུང་བ་ཞེས་འཇམ་དཔལ་རྩ་རྒྱུད་ལས་བཤད་དོ། །དཔུང་བཟང་ལས། ཕ་མ་དགྲ་བཅོམ་བསད་པ། དགེ་འདུན་གྱི་དབྱེན་བྱེད་པ། ༩ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ། ༡༠ །སྟེ་མཚམས་མེད་
ལྔ། མཆོད་རྟེན་འཇིག་པ༡༡། བྱང་སེམས་གསོད་པ༢༣། དགྲ་བཅོམ་༡༤པ་སུན་འབྱིན་པ། སློབ་པ་གསོད་པ། དགེ་འདུན་གྱི་དཀོར་འཕྲོག་པ་༡༤སྟེ་ཉེ་བའི་མཚམས་མེད་ལྔ། སྙིང་ནས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་སྟེ་༡༠བཅུ་གཅིག་གསུངས་ཏེ། དེ་དག་སྤྱད་ན་ཕུང་པོ་འདི་ལ་དངོས་གྲུབ་མི་ཐོབ་པ་དང་། སྡུག་བསྔལ་མཐའ་ཀླས་པ་ཉམས་སུ་མྱང་བས་སོ། དེ་དག་ཀྱང་བསྡུ་ན་གཞི་དང་ཡན་ལག་གི་དམ་ཚིག་གཉིས་སུ་འདུ་བ་ལས། གཞི་ནི་རྩ་ལྟུང་བཅུ་དྲུག་དང་། ཡན་ལག་ལ་ཐམས་ཅད་དུ་ཐུན་མོང་དུ་བྱ་བ་དང་། ཁྱིམ་པ་དང་རབ་བྱུང་སོགས་བྱེ་བྲག་སོ་སོར་བྱ་བ་དང་། གནས་སྐབས་འགའ་ཞིག་ཏུ་ལྷག་པར་བྱ་བ་གསུམ་དུ་གསུང་སྟེ། འཇམ་དཔལ་རྩ་རྒྱུད་ལས། དམ་ཚིག་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཞི་དང་། ཡན་ལག་གོ །ཞེས་དང་། ཡན་ལག་ཏུ་བརྗོད་པའི་དམ་ཚིག་གང་ཞེ་ན། གཞི་རྣམ་པ་བཞི་ལ་བསྟེན་པའི་དབང་ལས་ཐོབ་པའི་དམ་ཚིག་ཇི་སྙེད་པ་སྟེ། དེ་ཡང་ཐུན་མོང་དང་། བྱེ་བྲག་དང་། ལྷག་པ་གསུམ་མོ། །ཞེས་སོ། །དེ་དག་ཀྱང་བསྡུ་ན་རིགས་ལྔའི་དམ་ཚིག་ཏུ་འདུ་ཞིང་། དེ་ཡང་བྱ་རྒྱུད་ལ་རིགས་གསུམ་ལས་མི་འདོད་པ་ནི། གཙུག་ཏོར་དྲི་མེད་ཀྱི་འགྲེལ་པར། ལྷ་རིགས་ལྔ་དང་། རིགས་ལྔའི་ཤིས་བརྗོད་འབྱུང་བ་སོགས་ཀྱིས་གནོད་ལ། དོན་དུ་དངོས་གྲུབ་ཁྱད་
པར་ཅན་བསྒྲུབ་པའི་གཙོ་བོ་ནི་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་དུ་འདུ་བའི་དོན་ཡིན་གྱིས་དེའི་གྲངས་དང་རྒྱལ་བའི་རིགས་ཀྱི་གྲངས་མཚུངས་པར་ དགོངས་པ ་མ་ཡིན་པས་རིགས་ལྔའི་སྡོམ་བཟུང་མི་ཐོབ་པར་སྨྲ་བའང་གྱི་ན་ཙམ་མོ། །གསང་བ་སྤྱི་རྒྱུད་དང་། དཔུང་བཟང་དང་། ལེགས་གྲུབ་སྟེ་བྱ་བ་སྤྱིའི་རྒྱུད་གསུམ་ལས་གསུངས་པའི་བརྟུལ་ཞུགས་ཀྱི་རྣམ་པར་དབྱེ་བ་ཐམས་ཅད་ཀྱང་སྨོས་མ་ཐག་པར་དོན་གྱིས་འདུ་ཞིང་། རྒྱུད་གཞན་བྱེ་བྲག་པ་དག་གི་ཡང་ངོ་། །གསུམ་པ་ཉམས་ན་ཕྱིར་བཅོས་པ་ནི། སྤྱི་རྒྱུད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེ་ནི་རང་རང་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་རྡོ་རྗེ་མི་ཕམ་པར་མེ་ལྟར་རབ་ཏུ་རྨོངས་པར་བྱེད་པའི་གཟུངས་ཡིན་པར་གནའ་མཆན་ལས་བཤད། གཟུངས་སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་བླ་མ་བརྟེན་པའམ། བདག་འཇུག་གམ། ལེགས་གྲུབ་ལས་དཀྱིལ་འཁོར་སྒྲུབ་མཆོད་ཚུན་རང་གིས་བྱས་ནས། དབང་བསྐུར་དངོས་བླ་མའམ་སྒྲུབ་གྲོགས་ཀྱིས་བྱེད་པར་གསུངས་སོ། །དཀྱིལ་འཁོར་དུ་ཡང་འཇུག །ཞེས་སོ། །གཉིས་པ་སྦྱོར་བ་ལ་གཉིས། ཀུན་རྫོབ་ཏིང་ངེ་འཛིན་རྣམ་བཅས་དང་། དོན་དམ་ཏིང་ངེ་འཛིན་གཉིས་སུ་མེད་པའི་སྦྱོར་བའོ། །དང་པོ་ལ་ལྷའི་རྣལ་འབྱོར་གྱི་ཆོ་ག་དང་།
གསང་སྔགས་ཀྱི་བསམ་གཏན་གཉིས། དང་པོ་ནི་གཙང་སྦྲ་བྱ་བ་དང་། གནས་དང་བདག་བསྲུང་བ་དང་། མདུན་གྱི་བྲིས་སྐུ་ལ་ལྷ་སྤྱན་དྲངས་ནས་མཆོད་དེ། དེའི་སྤྱན་སྔར་རང་གི་རིགས་དང་མཐུན་པའི་སྐྱིལ་ཀྲུང་གིས་གནས་ནས། བདག་གི་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུའི་ཕུང་པོ་ལྔ་པོ་འདི་དག །གང་ཟག་དང་ཆོས་ཀྱི་བདག་གཉིས་དང་བྲལ་བ་གཟུང་འཛིན་གྱིས་སྟོང་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་འོད་གསལ་བའི་བྱང་ཆུབ་ཀྱི་སེམས་བསྒོམས་ཤིང་། དེ་ནས་བདག་གི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པའི་སྣང་བ་ལས་འདས་ནས། བདག་གི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་མཚུངས་པའི་ལྷའི་དེ་ཁོ་ན་ཉིད་སྣང་བ་མེད་པར་རང་གི་རིག་པ་མངོན་སུམ་དུ་གྱུར་ཀྱི་བར་དུ་བསྒོམ། དེ་ལས་ལངས་ནས་གསང་སྔགས་ཀྱི་སྒྲར་བརྟག །དེ་ལ་སྔགས་ཀྱི་ཡི་གེའི་རྣམ་པ་ནམ་མཁའ་གནས་པར་བསམ། དེ་ཡང་ཟླ་བའི་དཀྱིལ་འཁོར་དང་གཅིག་ཏུ་གྱུར་པ་ལས་འོད་ཟེར་སྤྲོ་བསྡུས་རང་གི་ལྷག་པའི་ལྷའི་གཟུགས་སུ་བསྐྱེད། དེ་ནས་གཙུག་ཏོར་ལ་སོགས་པ་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཡན་ལག་དང་བཅས་པར་བྱས་ལ་རྣམ་པར་རྟོག་པ་དང་བཅས་པའི་ལྷར་བསྒོམ་མོ། །དེ་ལྟ་བུ་ལ་སེམས་གཞན་དུ་མི་འཕྲོ་བར་བསྡམས་ནས་བཟླས་བརྗོད་མ་རྫོགས་ཀྱི་བར་རམ་ཅི་ནུས་པར་སྲོག་རྩོལ་བཟུང་སྟེ། སྲོག་དང་རྩོལ་བ་རབ་
ཏུ་བསྡམ། ཞེས་སོ། །གཉིས་པ་ནི། མདུན་གྱི་ཐུགས་ཀའི་ཡི་གེ་ལ་དམིགས་པ་དང་། རང་གི་སྙིང་གའི་ཡི་གེ་ལ་དམིགས་པ་དང་། སྒྲ་ལ་དམིགས་པའོ། །དེ་ལ་དང་པོ་ནི། སྒྲ་སྔགས་ཀྱི་ཕྲེང་བ་དང་། སེམས་ཟླ་བའི་དཀྱིལ་འཁོར། གཞི་སངས་རྒྱས་ཀྱི་སྐུ་རྣམ་རིམ་པ་འདིས་གཅིག་ཅར་དམིགས་ཤིང་ཡིད་བཟླས་སམ་ཤུབ་བུས་བཟླ། བར་སྐབས་སུ་རླུང་བག་ཡངས་སུ་བྱ་ཞིང་དབུགས་འབྱུང་བ་ན་གསང་སྔགས་མི་འགྱུར་བར་གཞི་རང་གི་བསྒོམ་པའི་ལྷ་ལ་བལྟས། ཡང་སྔར་བཞིན་མདུན་གྱི་སྐུ་ལ་སོགས་པ་གསུམ་ལ་དམིགས་ཤིང་དབུགས་དབྱུང་བའི་མཐའི་བར་སྲོག་རྩོལ་བསྡོམས་ལ་བཟླས་བརྗོད་བྱའོ། །ངལ་ན་སྒྲ་ལ་སོགས་པ་རིམ་པས་བསྡུས་ཏེ་ཐ་མལ་གྱི་ངང་ནས་ལྡང་ངོ་། །གཉིས་པ་ནི། རླུང་ནང་དུ་འཇུག་པ་ན་ལྷན་ཅིག་ཏུ་ཟླ་བ་སྔགས་དང་བཅས་པ་རང་གི་སྙིང་གར་བསྡུས་ནས་དང་། ཕྱིར་འབྱུང་བ་དང་བསྟུན་མདུན་གྱི་སངས་རྒྱས་ཀྱི་ཐུགས་ཀར་བཀོད་ལ་བཟླས་བརྗོད་གཏོང་གི་བར་དུ་བཟླས་ཤིང་། གཏོང་བའི་ཚེ་ཡན་ལག་བཞི་ཆར་ཐེངས་གཅིག་ཏུ་དམིགས་པར་བྱའོ། །གསུམ་པ་ནི། དེ་ལྟར་བཟླས་བརྗོད་ཡན་ལག་བཞི་བསྒོམས་པས་རླུང་ནང་དུ་བསྡུས་ནས་དབང་པོའི་གྲོང་དུ་སྡུད་པའི་ཚུལ་གྱིས་བཟླས་བརྗོད་བྱ་བ་ནི། དྲན་པ་དང་རླུང་འབྱུང་པའི་ལམ་བཀག་སྟེ་བརྗོད་བྱའི་སྒྲ་ལ་དམིགས་ཤིང་སེམས་བཟུང་ནས། །
དབུགས་དབྱུང་བའི་མཐའ་མ་སྔགས་ཀྱི་མཐའི་བར་དུ་སྔགས་བཏོན་ལ། ཡང་རླུང་ཕྱིར་འགྲོ་བ་དང་བསྟུན་དེ་བཞིན་གཤེགས་པ་ལ་སོགས་པ་གསུམ་ལ་དམིགས་ཤིང་བཟླས་བརྗོད་བྱ་སྟེ། དེ་ལྟར་རླུང་འབྱུང་འཇུག་དང་སྤྲོ་བསྡུའི་སྒོ་ནས་སྒྲ་ལ་དམིགས་པའི་བཟླས་བརྗོད་བྱའོ། །གཉིས་པ་གཉིས་སུ་མེད་པའི་སྦྱོར་བ་ནི། དེ་ཉིད་གསུམ་སྟེ། དང་པོ་གསང་སྔགས་མེར་གནས་དངོས་གྲུབ་སྟེར་བ་ནི། ཐོག་མར་བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། དེའི་རྗེས་ཐོབ་སྒྲའི་བདག་ཉིད་ཀྱི་ལྷའི་དེ་ཁོ་ན་ཉིད་དུ་བསྒོམས་ལ། སྒྲ་དེ་སྙིང་གའི་ཕྱོགས་ན་གནས་པའི་མེ་འབར་བའི་ནང་ན་འདུག་ཅིང་། དེའི་ཡི་གེའི་ཕྲེང་བར་གནས་པ་སྲོག་རྩོལ་བཀག་ནས་བྱིངས་རྒོད་སྤངས་ཏེ། ཉིན་རེ་བཞིན་དུ་བསམ་གཏན་དུ་བྱ་བ་ནི་ཇི་སྲིད་བཀྲེས་པ་མེད་པ་ལ་སོགས་པའི་ཕྱི་ནང་གི་མཚན་མ་བྱུང་ནས་བདག་ཉིད་ཇི་ལྟར་བསམ་པ་སྒྲུབ་ནུས་ཀྱི་བར་དུ་བསྒོམ་སྟེ། འདི་ནི་སྔར་གྱི་བཟླས་བརྗོད་ཀྱི་འཇུག་དང་། གཞན་དུའང་བསྒོམ་མོ། །གཉིས་པ་སྒྲ་གནས་རྣལ་འབྱོར་སྟེར་བ་ནི། རིགས་སྔགས་ཀྱི་ཚིག་ཡི་གེ་སྒྱུར་ཡིད་ཀྱིས་བརྟགས་པའི་བསམ་གཏན་གྱི་རང་བཞིན་ཏེ། བདག་གི་དེ་ཁོ་ན་ཉིད་ལ་གནས་པའི་སྙིང་གར་ཟླ་བའི་ནང་གི་མེ་ལྕེའི་ནང་ན་ལྷའི་གཞིའམ་ཟླ་བ་འབའ་ཞིག་ལ་ཡིག་འབྲུའི་ཕྲེང་བ་བསྒོམས་ལ་ཅུང་ཟད་ཏིང་ངེ་འཛིན་གྱིས་གསལ་བཏབ་སྟེ།
དེ་ནས་དེའི་རྣམ་པ་སྤངས་ལ་སྒྲའི་དབྱངས་ཙམ་འབའ་ཞིག་བསམ་གཏན་དུ་བྱའོ། །གསུམ་པ་སྒྲ་མཐས་ཐར་པ་སྟེར་བ་ནི། ཡོངས་སུ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཆོས་དབྱིངས་བསམ་གཏན་གྱི་རང་བཞིན་ཡིན་ལ། དེ་ཡང་སླར་སྡུད་པ་དང་། དཀའ་ཐུབ་དང་། བསམ་གཏན་བཞག་ནས། སྲོག་རྩོལ་སོགས་བྱས་ནས་རང་གི་ལྷའི་གཟུགས་བསྒོམ་པ་རབ་ཏུ་བསྒོམ་པའི་ཏིང་འཛིན་བརྟན་ནས། དེ་ཤུབ་བུའི་བཟླས་པའི་སྒྲར་དམིགས་པ་རགས་པའི་ཏིང་ངེ་འཛིན་གྱིས་སྤངས་ཤིང་དེ་ཉིད་བརྟན་པ། ཕྲ་བ་ཡིད་ཀྱིས་བཟླས་པའི་ཏིང་ངེ་འཛིན་གྱིས་སྤངས་ཏེ། དེ་བརྟན་པ་ཡང་རབ་ཏུ་ཕྲ་བ་གསང་སྔགས་ཀྱི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གྱིས་སྤངས་ཏེ། དེ་ཉིད་ཀྱང་ཡོངས་སུ་སྤངས་ནས། འོད་གསལ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྒོམ་པའོ། །གསུམ་པ་འགྲུབ་པ་ནི། ལུས་སམ། རྫས་སམ། ལོངས་སྤྱོད་དག་བསྒྲུབ་པའོ། །བཞི་པ་གྲུབ་པའི་སྤྱོད་པ་ནི། དངོས་གྲུབ་གསུམ་གང་རུང་གཅིག་གྲུབ་ནས་རང་གཞན་གྱི་དོན་དུ་ཇི་ལྟར་སྤྱོད་པ་གནས་སྐབས་དང་། མཐར་ཐུག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་གང་བསྒོམས་པའི་ལྷ་དེའི་གནས་ལུས་ལོངས་སྤྱོད་ཅན་དུ་སྣང་བ་སྐུ་དང་། གཟུངས་སྔགས་གསུང་དང་། ཕྱག་རྒྱ་ཐུགས་ཏེ་འབྲས་བུའི་དམ་ཚིག་གསུམ་ཞེས་བྱ་ལ། དེ་ཉིད་རང་སའི་སྐུ་གསུམ་དུ་ཡང་འགྱུར་ཞིང་།
དེའི་རྒྱུད་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་ཞེས་གཙོ་བོ་རིགས་གསུམ་དང་། དེ་དག་གི་འཁོར་དུ་ནོར་བུའི་རིགས་དང་། བ་གླང་ངམ། རྒྱས་པའམ། ལྔས་རྩེན་གྱི་རིགས་དང་། འཇིག་རྟེན་པའི་རིགས་ཏེ་དྲུག་ཏུ་ཕྱེ་བས་རྒྱུད་སྡེ་འདི་ལ་སྒོ་དྲུག་ཅེས་རྣམ་པར་བཞག་གོ །དེ་ལྟ་བུའི་བྱ་བའི་རྒྱུད་དེ་ཡང་། ཚུལ་སྒྲོན་ལས། གང་ཡང་རེ་ཞིག་སྐྱེ་བ་གཞན་དུ་བསྒོམ་པའི་བག་ཆགས་༡༥ ཀྱིས་སྐྱེ་བོ་མེད་པའི་ནགས་ཚལ་གྱི་གནས་དང་། ཁྲུས་དང་། དཀྱིལ་འཁོར་བྲི་བ་དང་། མཆོད་པ་དང་། སྦྱིན་སྲེག་དང་། དཀའ་ཐུབ་དང་། བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་མི་ཐུབ་པས་དེའི་ཕྱིར་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །ཞེས་སོ།། ༈ །།གཉིས་པ་སྤྱོད་པའི་རྒྱུད་དུ་བཀྲི་བའི་ཚུལ་ལ་ཚུལ་སྒྲོན་ལས། །གང་ཡང་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག་ཀྱང་དད་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐོབ་པར་འགྱུར་བས་བྱ་བ་ལ་ལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བའི་ཡན་ལག་ཤིན་ཏུ་མང་པོ་མ་ཡིན་པ་རྩ་བའི་རྒྱུད་གསུངས་སོ། །ཞེས་སློབ་དཔོན་འདིས་སྤྱོད་རྒྱུད་ལ་རྩ་བའི་རྒྱུད་དུ་བཞེད་དོ། །དེ་ལ་ཡང་། གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་དང་། གསང་སྔགས་
མཉེས་པར་བྱ་བའི་ཕྱིར་སྤྱོད་པའི་སྤྱོད་པ། གསང་སྔགས་མཉེས་པར་གྲུབ་པའི་སྤྱོད་པ་གསུམ་ལས། དང་པོ། ཕྱིའི་འཇུག་སྤྱོད་དང་། ནང་གི་འཇུག་སྤྱོད་གཉིས། དང་པོ་ལ་ཡང་། དཀྱིལ་འཁོར་དུ་འཇུག་མིང་དབང་ནོད་པ་དང་། དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྡོམ་པ་ལ་གནས་པ་གཉིས་ལས། དང་པོ་ལ་ནོད་པའི་ཡུལ་རྒྱུད་ལས། གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཤེས་བྱ། །ཞེས་པ་ལྟར་ཟབ་མོ་སྟོང་པ་ཉིད་བསྒོམ་པས་སེམས་ལས་སུ་རུང་བ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུར་སྤྱོད་པ་སྤྱད་པས་བསོད་ནམས་རྒྱ་ཆེ་བ་སྟེ་མཆོག་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཟློབར་རྗེས་སུ་གནང་བའོ། །གཉིས་པ་ནི་ཟབ་ཅིང་རྒྱ་ཆེ་བའི་སེམས་མ་ཐོབ་པ་སྟེ་རྡུལ་ཚོན་སོགས་ཕྱི་ཡི་དཀྱིལ་འཁོར་བྲི་བར་རྗེས་སུ་གནང་ངོ་། །གང་གིས་ནོད་པའི་སློབ་མ་དད་ཅིང་རིགས་བཙུན་པ་དང་ཟབ་མོ་ལ་མོས་པ་སོགས་ཁྱད་པར་གྱི་མཚན་ཉིད་ཅན་སྨིན་པར་བྱ་བའི་སློབ་མ་དང་། སྤྱི་ཙམ་དུ་དེ་ལས་གཞན་པ་དག་ཀྱང་སྙིང་རྗེ་བསྐྱེད་ནས་དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་ཀྱི་རྒྱུའི་མངོན་དུ་འགྱུར་བའོ། །རབ་ཏུ་དབྱེ་བའི་མཚན་ཉིད་ཅན་ནི། བཞི་དང་། ལྔ་དང་། དྲུག་ལས། དང་པོ། གཅིག་ནི་དེ་ཡི་མོད་ལ་བསྒྲུབ། གཉིས་སུ་བསྒྲུབ་དང་གཉིས་ཀར་མིན། །མཚན་ཉིད་ཐམས་ཅད་རྫོགས་པའོ། །ཞེས་
པ་སྟེ། དེ་ཡང་དང་པོ་ལ་མཁས་ཤིང་བྱང་ཆུབ་ཀྱི་སེམས་གོམས་པ་འཇིག་རྟེན། ནང་ཡོད། འདས་མ་འདས་ཀྱི། རྡུལ་ཚོན། དཀྱིལ་འཁོར་གཉིས་ཀར་དང་། མཁས་ཀྱང་བྱང་སེམས་མ་གོམས་པ་འཇིག་རྟེན་པ་དང་། མཁས་པ་མིན་ཡང་བྱང་སེམས་མ་གོམས་པ་དག་དཀྱིལ་འཁོར་དུ་བཅུག་མ་ཐག་དབང་བསྐུར་བའི་དཀྱིལ་འཁོར་དུ་དབང་བསྐུར་ནས་སྒྲུབ་པ་པོ་བྱེད་པ་སྟེ་གསུམ་མོ། །གཉིས་པ་ནི། བྱང་ཆུབ་སེམས་མ་གོམས་ཀྱང་གོམས་སུ་རུང་བ་དག་དང་པོར་དཀྱིལ་འཁོར་དུ་བཅུག །དེའི་མོད་ལ་མི་བསྒྲུབ་པར་རེ་ཞིག་བར་བྱང་སེམས་བསྒོམ་དུ་བཅུག་ལ། ཕྱི་ནས་བསྒྲུབ་པ་དང་། མཁས་སུ་རུང་བ་དག་ཀྱང་དེ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ནས་རྒྱུད་ལ་རྣམ་པར་སྦྱངས་ནས་མཁས་པར་གྱུར་པ་ན། ཕྱིས་སློབ་དཔོན་དུ་བྱ་བའི་དབང་བསྐུར་བའོ། །གསུམ་པ་ནི། བྱང་ཆུབ་སེམས་དང་། མཁས་པ་གཉིས་ཀ་སྔོན་དུ་ཡང་མ་གྱུར་ལ་ཕྱིས་སུ་ཡང་མི་རུང་བ་ནི་འཇུག་པ་དང་། གཉིས་སུ་བསྒྲུབ་པ་གཉིས་ཀ་མ་ཡིན་ནོ། བཞི་པ་ནི། ཁྱད་པར་གྱི་མཚན་ཉིད་དང་ལྡན་པ་དེ་ནི་མཚན་ཐམས་ཅད་རྫོགས་པས་དཀྱིལ་འཁོར་གསུམ་ཆར་དུ་རིམ་བཞིན་དབང་བསྐུར་བར་བཤད་པ་དེ་ནི་རྒྱལ་བའི་མཆོག་ཅེས་བྱའོ། །ཡང་ལྔར་བཤད་པ་ནི། བྱང་ཆུབ་སེམས་མ་གོམས་པ་དག་དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་མཐོང་བ་ཙམ་ལས་སྒྲུབ་པ་པོར་
དབང་བསྐུར་དུ་མི་རུང་བ་དང་། ༡ དཀྱིལ་འཁོར་དུ་བཅུག་ཅིང་མཐོང་བའི་རྗེས་བྱང་ཆུབ་སེམས་བསྒོམ་དུ་བཅུག་པ་ལས་དུས་གཞན་ན་སྒྲུབ་པ་པོར་བྱ་བའི་སྔགས་དང་ཕྱག་རྒྱ་བྱིན་ནས་ཡོངས་སུ་བཟུང་བ་དང་། ༢ སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་མཐོང་བ་དང་། དེའི་མོད་ལ་སྔགས་རྒྱ་བསྟན་ཅིང་དེ་མཐུན་གྱི་ལས་དང་བྱ་བ་ལ་ཡང་སྦྱར་བ་སྟེ་བྱང་ཆུབ་སེམས་གོམས་པ་དག་གོ །འོན་ཀྱང་མི་མཁས་པ་སློབ་དཔོན་དུ་དབང་བསྐུར་བའི་ལུང་ནི་མ་བྱིན་པའོ། ༣ །སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་ཀའམ། གང་རུང་དུ་དབང་བསྐུར་ཆོ་ག་བཞིན་ཐོབ་ཅིང་གསར་པའི་དཀྱིལ་འཁོར་དུ་མ་ཐོབ་པ་དང་། ༤ སྐུ་གསུང་དུ་མ་ཟད་གསང་དཀྱིལ་དུ་ཡང་དབང་བསྐུར་བ་སྟེ། སྔར་བཤད་པའི་མཚན་ཉིད་ཀུན་རྫོགས་པ་དེ་ཉིད་དོ། ༥ །དྲུག་པ་ནི། སྔོན་དཀྱིལ་འཁོར་མ་མཐོང་བས་རིག་སྔགས་མ་ནོས་པ་དང་དམ་ཚིག་ནོད་པ་ཁོ་ནའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་དང་། ༡ དངོས་གྲུབ་མཆོག་འབྲིང་ཐ་མ་དོན་དུ་གཉེར་བས། དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་སེམས་གོམས་པར་མ་བྱས་པ་གོམས་པར་བྱས་ཏེ་རིག་སྔགས་ནོད་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ལ་བརྩོན་པར་བྱེད་པ་དང་། ༢ སྔོན་དུ་བྱང་སེམས་གོམས་མ་གོམས་ཇི་ལྟར་ཡང་རུང་། རིག་སྔགས་དང་གསང་སྔགས་མ་ནོས་པ། རིག་སྔགས་དང་གསང་སྔགས་ཀྱི་
རྟོག་པ་དག་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སེམས་ཤིན་ཏུ་གཏན་ལ་ཕབ་སྟེ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རམ། ཡི་གེའི་འཁོར་ལོས་སྐོར་བའི་དཀྱིལ་འཁོར་དུ་བཅུག་ནས། དེ་ནས་བྱུང་བའི་སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བའོ། ༣ །སྔར་བཤད་པའི་རིམ་པ་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཀྱང་། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བ་སྟེ། གསང་བའི་དཀྱིལ་འཁོར་དུ་འཇུག་པར་བྱས་ནས་དེ་ལས་བྱུང་བའི་དབང་བསྐུར་ནོད་པ་ཡིན་ནོ། ༤ །དང་པོ་ནས་དམ་ཚིག་ཅན་དག་རིག་སྔགས་མནོས་ཀྱང་རུང་མ་མནོས་ཀྱང་རུང་། སློབ་དཔོན་གྱི་ཐབས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་རང་གི་བསོད་ནམས་འཕེལ་བར་བྱ་བ་ཁོ་ནའི་ཕྱིར། དཀྱིལ་འཁོར་གང་རུང་ལ་བལྟ་བའོ། །གཞན་དག་བགེགས་ཀྱིས་འཚེ་བ་ཞི་བ་དང་འབྱོར་བ་འདོད་པ་ལ་སོགས་པས་དཀྱིལ་འཁོར་ལ་བལྟ་བ་སྟེ། དེ་དག་ནི་དང་པོ་ནས་ཅི་རིགས་པར་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་དམ་ཚིག་ཅན་ཁོ་ན་ཡིན་ལ། དེ་ལས་གཞན་པ་ནི་དཀྱིལ་འཁོར་གཅིག་ཀྱང་མ་མཐོང་བའི་ཕྱིར་དམ་ཚིག་ཅན་མ་ཡིན་ནོ། །ཞེས་སློབ་དཔོན་སངས་རྒྱས་གསང་བས་བསྡུས་དོན་ལས་བཤད་དོ། །དེས་ན་སློབ་མའི་མཚན་ཉིད་ལ་ཁྱད་པར་གྱི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་
མཚན་ཉིད་གསུམ་དུ་བཤད་པའོ། །ཇི་ལྟར་ནོད་པའི་ཆོ་ག་ལ་གསུམ་ལས། དང་པོ་སྟ་གོན་གྱི་སྐབས་སུ། སྟ་གོན་ལ་ཆིངས་དགུར་བཤད་པའི་གསུམ་པ་དུས་གསུམ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་ པ་སྟེ། དགོངས ་གསོལ་སོགས་སྔོན་དུ་འགྲོ་བས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ལྕེ། ཏན་ང་་བ ས་པ་ག་ག་ན་ཏ། བ ན་པ་ས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ། ཞེས་ལན་གསུམ་བརྗོད་པས་སྡོམ་པ་བཟུང་ངོ་། །ཞེས་འབྱུང་། གཉིས་པ་འཇུག་པའི་དུས་སུ། སློབ་མ་ཇི་ལྟར་བཟུང་བའི་ཚུལ་ལ། གདོང་དག་པ་ནས་སྒོམ་ཁྱུད་ཀྱི་ནང་དུ་བཞག་པ་དང་། སྐྱབས་འགྲོ་སྔོན་དུ་འགྲོ་བས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ཆོས་དབྱིངས་སྔགས་རྒྱས་སྟོང་པར་བྱིན་གྱིས་བརླབ་པ་དང་། ཆོས་འཁོར་གྱི་སྔགས་རྒྱས་རྡོར་སེམས་ཀྱི་སྐུར་སྒྲུབ་པ་དང་། དམ་ཚིག་གི་སྔགས་རྒྱས་དམ་ཚིག་ལ་གནས་སུ་གཞུག་པ་དང་། ཆོས་དབྱིངས་ཀྱི་ཡི་གེས་རྒྱུད་བྱིན་གྱིས་བརླབ་པ་དང་། དམ་ཚིག་གི་སྔགས་རྒྱས་མེ་ཏོག་སྦྱིན་དོར་བྱ་བ་སྟེ་ཆོ་གའི་ཡན་ལག་བདུན་དུ་བསྡུས་དོན་ལས་བཤད་དོ། །གསུམ་པ་དབང་རྫོགས་ནས་དམ་ཚིག་ནོད་
པའི་རྣམ་བཞག་ནི། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བ་བུམ་པ་ལ་སོགས་པའི་ལས་དང་བྱ་བ་ཐམས་ཅད་སྤང་བ་ནི་དང་པོ། །ཡང་དཀྱིལ་འཁོར་དེ་གཉིས་བྲིས་ནས་བུམ་པ་ལ་སོགས་པས་དབང་བསྐུར་བ་གཉིས་པ། གསང་བའི་དཀྱིལ་འཁོར་དུ་ཡིད་ཙམ་གྱིས་དབང་བསྐུར་བ་ནི་གསུམ་པ་སྟེ། དེའི་ཕྱིར་རྒྱུད་འདིའི་སྡོམ་པ་རྫོགས་པར་ཐོབ་པ་ལ་དབང་རིམ་པ་འདི་གསུམ་ཆར་ཚང་པ་དགོས་སོ། །དེ་ཡང་། རྣམ་པར་སྣང་མཛད་ཀྱི་སྐུའི་མཚན་ཉིད་ཀྱི་དམ་ཚིག་འདི་ཡང་གསང་བའི་དཀྱིལ་འཁོར་གྱི་ནང་ཁོ་ནར་བྱིན་གྱིས་བརླབས་པའི་དམ་ཚིག་ཅེས་བྱའི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །དབང་དངོས་ནི། རྒྱུད་ལས། དེ་ནས་རིན་པོ་ཆེའི་བུམ་པ་རིན་པོ་ཆེ་དང་སྨན་ཐམས་ཅད་བླུགས་ལ། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྦྱོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །ཞེས་དང་། དེ་ནས་གསེར་གྱི་ཐུར་མ་ནི། །ཐོགས་ཏེ་མདུན་ཏུ་འདུག་པར་བྱ། ཞེས་དང་། དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་བཤད་པར་བྱ། ཞེས་དང་། དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་
བཞག་པར་བྱ། ཞེས་སོགས་ཀྱིས་བསྟན་པ་ལྟར། ཆུ་དབང་མིག་ཐུར། མེ་ལོང་། ཆོས་བཤད་ཀྱི་རྗེས་སུ་གནང་བ་བཞི་དང་། དེ་མཐར་སློབ་དཔོན་དུ་བྱེད་པ་དག་གི་དབང་དུ་བྱས་ནས་དམ་ཚིག་བཞི་ནོད་པ་འབྱུང་ཞིང་། གལ་ཏེ་སྒྲུབ་པ་པོར་བྱེད་ན་ཆུ་དབང་གི་རྗེས་སུ་ནོད་པ་ཙམ་ལས་མི་འབྱུང་ཞིང་། ཡེ་ཤེས་ཐིག་ལེ་ལས་དབང་ལྔ་བཤད་དོ། །འདིའི་སྐབས་སུ་ནོད་པ་ཞེས་བྱ་བ་ནི་དབང་དུས་སུ་ཐོབ་པ་བརྟན་པར་བྱ་བའི་ཕྱིར་བསླབ་པ་བརྗོད་པ་ཡིན་ནོ། གནས་པ་དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྡོམ་པ་ལ་གནས་པ་བཤད་པ་ལ། བསླབ་པར་བྱ་བའི་དམ་ཚིག་གསུམ་དང་། བསྲུང་བར་བྱ་བའི་རྩ་ལྟུང་གི་རྣམ་པར་དབྱེ་བ་བཤད་པ་གཉིས་ལས། དང་པོ་ནི། དམ་ཚིག་ཆེན་པོ་ལ་འཇུག་པའི་ཕྱིར་འཇུག་པའི་སེམས་དང་། དམ་ཚིག་ཆེན་པོ་ལ་ཞུགས་པ་གནས་པའི་སེམས་དང་། དམ་ཚིག་ཆེན་པོར་ཆུད་ནས་དེ་ལ་སེམས་ཅན་རབ་ཏུ་འགོད་པ་ལྡང་བའི་སེམས་ཀྱི་སྡོམ་པ་གསུམ་ནི་རྒྱུའི་གནས་སྐབས་འདིའི་དམ་ཚིག་གསུམ་ཞེས་བྱའོ། །དེ་ལ་དང་པོ་ནི། སྒོ་གསུམ་ཟག་བཅས་ཀྱི་ཕུང་སོགས་བསྐྱེད་པའི་རྒྱུར་གྱུར་པའི་ལས་ཟག་པ་དང་བཅས་པ་དག་མངོན་པར་འདུ་མི་བྱེད་པར་བསྡམས་པས་ན། འཁོར་བར་སྐྱེ་བའི་རྒྱུ་འདུ་བྱེད་པ་འགོག་པའི་ཕྱིར་སྡོམ་པ་ཞེས་བྱ་སྟེ། རྒྱུད་ལས། དེ་ལ་སྡོམ་པ་གང་ཞེ་ན། བསྡམ་པ་ནི་སྡོམ་པ་སྟེ།
ལུས་དང་ངག་དང་ཡིད་རྣམས་བསྡུས་ཤིང་ཡོངས་སུ་བསྡུས་ལ་ཕྱི་དང་ནང་གི་སྡུག་བསྔལ་སེལ་བར་གྱུར་པ་དེ་ནི་སྡོམ་པ་ཡིན་ནོ། །ཞེས་དང་། གཉིས་པ་ནི། རང་གི་སེམས་ཇི་ལྟ་བ་བཞིན་ཤེས་པའི་ལམ་དེ་ཉིད་དུ་དངོས་སུ་ཞུགས་ནས་གནས་པ་ནི་བྱང་ཆུབ་དང་མཐུན་པར་སེམས་བསྐྱེད་པ་སྟེ་གནས་པ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དེ་ཡང་། དེ་ལས་མི་སྐྱེ་བའི་ཚུལ་དང་མི་དམིགས་པའི་ཚུལ་གྱི་སེམས་སྐྱེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། དེ་ལྟར་ཁོང་དུ་ཆུད་ཀྱང་། རྣམ་པར་མི་རྟོག་པ་ཁོ་ནར་མི་གནས་པར། སེམས་ཅན་གྱི་ཁམས་མ་ལུས་པ་ལ་བལྟས་ནས་དམིགས་པ་མེད་པ་ཉིད་དུ་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པའི་བྱང་ཆུབ་རང་གིས་ཐོབ་པའི་གོ་འཕང་དེ་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་ལྡང་བའི་སེམས་སྟེ། དེ་ཡང་། འདུས་མ་བྱས་པའི་ཚུལ་ཁྲིམས་གྱི་ཕུང་པོ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། ཞེས་གསུངས། དེ་གསུམ་མཚན་ཉིད་པ་ནི་ས་དང་པོ་ཡན་ཆད་ལ་བཞག་སྟེ། སོ་སྐྱེའི་གནས་སྐབས་སུ་རྗེས་མཐུན་ཙམ་སྟེ། འོན་ཀྱང་རང་སའི་དོན་དམ་པའི་སྡོམ་པར་བཞག་ཏུ་རུང་ངོ་། །
གཉིས་པ་ལ་གཉིས་ཏེ། དང་པོ་རབ་བྱུང་གི་ཕྱོགས་ལ་རྩ་ལྟུང་བཅུ་བཞི་སྟེ། རྒྱུད་ལས། དེ་ནས་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམས་པ་ལས་སླར་ལྡོག་པར་བྱའོ། །བརྫུན་དུ་སྨྲ་བ་དང་། ངག་རྩུབ་པོ་དང་། ཕྲ་མ་ཟེར་བ་དང་། ཚིག་ཀྱལ་པ་སྨྲ་བ་ལས་སླར་ལྡོག་པར་བྱའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལས་སླར་ལྡོག་པར་བྱའོ། །ཞེས་པས་དང་པོ་དགུའི་དངོས་གཞི་ནི། གནས་ངན་ལེན་གྱིས་ཀུན་ནས་བླངས་ཏེ་སྤྱོད་ན་དགེ་བའི་ལམ་ལས་ཉམས་པར་འགྱུར་བ་དང་། བཅུ་པས་ནི་དགེ་བའི་རྩ་བ་གཅོད་པའི་ཕྱིར་རྩ་ལྟུང་ཞེས་བྱའོ། །ཡང་བསྟན་པའི་ཆོས་དང་བསྒྲུབ་པའི་ཆོས་གཉིས། ཆོས་སྨྲ་བ་གསུམ་ལ་མ་གུས་པས་འདོར་བ་༡༠དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣས་འཇུངས་པ་༡༣དང་། སེམས་ཅན་གྱི་ཡུལ་ལ་གནོད་པ་འགྱུར་བའི་བྱ་བ་བྱེད་པ་སྟེ། བཞི་པོ་འདི་དག་ནི་ལྟུང་བའི་རྩ་བ་ཞེས་བྱའོ། །ཅེས་བཤད་དོ། །གཉིས་པ་ཁྱིམ་པ་ལ། རྒྱུད་ལས། དེ་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམས་པ་དང་། བརྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བ་རབ་ཏུ་སྤང་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་བཞི་ལྔ་དེ་བཟུང་ནས་བསླབ་པ་ཇི་སྐད་བསྟན་པ་རྣམས་ལ་སློབ་
ཅིང་དད་པས། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཞེས་སོ། །ལྟུང་བའི་རྩ་བ་བཞི་ནི་ཐུན་མོང་ཉིད་ཀྱི་ཕྱིར་དེས་ན་འདིར་དགུའོ། །ཕྱིར་བཅོས་སྔར་བྱ་རྒྱུད་ལྟར་དང་། ཁྱད་པར་རྒྱུད་ལས། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ལ་སྔགས་ལན་གསུམ་བཟླས་ན་དམ་ཚིག་ཉམས་པ་ལ་སོགས་པ་སླར་འཚོ་བར་འགྱུར་རོ། །ཞེས་སོ། །གཉིས་པ་ནང་གི་འཇུག་པའི་སྤྱོད་པ་ནི། སྔ་མ་ནི་སྒྲུབ་པ་པོ་མཉམ་པར་མ་བཞག་པའི་སྐབས་ན་ཡང་འཇུག་པས་ཕྱི་ཞེས་དང་། འདིར་དེ་ལྟར་མ་ཡིན་པས་ནང་སྟེ། དེ་ལ་གཉིས། མཚན་བཅས་དང་མཚན་མེད་དོ། །དང་པོ་ལའང་། ཐོག་མར་བདག་དང་གནས་བསྲུང་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བསྒོམ། ཡི་གེ་གཉིས་པ་སྔགས་ཀྱི་སྒྲར་ལྡང་། གཞི་དང་པོ་རང་ལུས་སངས་རྒྱས་ཀྱི་སྐུར་བསྐྱེད་པ་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས། གཞི་གཉིས་པ་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་ནས་ཐུགས་ཀར་ཟླ་དཀྱིལ་སྟེང་དུ་སྔགས་ཕྲེང་བཀོད་ནས་དེ་ལ་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །དེ་ཡང་རྒྱུད་ལ། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་
ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པ་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། ཅེས་སོ། །གཉིས་པ་ནི་ལུས་དང་། སེམས་ཚོགས་དྲུག་དང་། ཡིད་གཟུང་འཛིན་གྱི་རྣམ་ཤེས་ཏེ། གསུམ་པོ་རིམ་པ་བཞིན་དུ་སྒྱུ་མ་ལྟ་བུ་དོན་དམ་པར་སྐྱེ་བ་མེད་པར་ཐོས་བསམ་སྒོམ་གསུམ་གྱི་གོམས་པའི་སྒོ་ནས་མཚན་མེད་ཀྱི་ཏིང་འཛིན་མངོན་དུ་བྱ་སྟེ། དེ་བས་རྣམ་པ་ཐམས་ཅད་དུ། སྟོང་ཉིད་རྟག་ཏུ་དྲན་པར་བྱ། ཞེས་སོ། །འདི་དག་ནི་མཉམ་པར་བཞག་པའི་སྐབས་ན་ཡང་འཇུག་པའི་ཕྱིར་ནང་འཇུག་ཏུ་བཞག་གོ །གཉིས་པ་གསང་སྔགས་མཉེས་པར་བྱ་བའི་སྦྱོར་བའི་སྤྱོད་པ་ལ། མཚན་བཅས་དང་། མཚན་མེད་ཀྱི་བཟླས་བརྗོད་བསྒྲུབས་པ་གཉིས་ལས། དང་པོ་ལའང་། སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྒོམས་པར་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། ཞེས་པས་མཚན་བཅས་སུ་བཤད་མ་ཐག་ལྟར་ཡན་ལག་བཞི་དང་ལྡན་པའི་སྒོ་ནས་སྲོག་རྩོལ་བསྡམས་ནས་གྲངས་བསྙེན་འབུམ་ཕྲག་གཅིག་བྱ་བ་ནི་ཕྱིའི་འོ། །རང་སངས་རྒྱས་ཤཱཀ་ཐུབ་ཀྱི་སྐུར་བསྐྱེད། རང་དང་སངས་རྒྱས་གཉིས་སུ་མེད་པའི་ཐུགས་ཀར་སངས་རྒྱས་རྣམ་སྣང་བསྐྱེད། དེའི་ཐུགས་ཀར་ཟླ་བར་སྔགས་བཀོད་ནས་བཟླས་བརྗོད་བྱེད་པ་
ནང་ངོ་། །གཉིས་པ་ནི། སྔར་བཤད་རྣམས་མངོན་དུ་བྱས་ནས་ལྷའི་སྐུ་དང་བདག་གཉིས་སུ་མེད་པའི་ཁ་དོག་ལ་སོགས་པའི་ངོ་བོ་ཀུན་བརྟགས་པར་སྣང་བ་ལ་ལེགས་པར་བརྟགས་པས། ཇི་ལྟར་རྟོག་པ་བཞིན་སེམས་རང་རིགས་ཙམ་ལྷའི་གཟུགས་སྐུ་དངོས་པོ་དང་བྲལ་བ་སྣང་བ་མེད་པ་མངོན་སུམ་དུ་བྱས་ནས་ཅི་རིགས་པར་ཡིད་ཀྱི་བཟླས་པ་བྱ་བ་སྟེ། ཡིད་ཀྱིས་འཇིག་རྟེན་འདས་ཤེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་དང་སྦྱོར་བ་དང་། །ཐ་དད་མ་ཡིན་འཛིན་པ་ཡི། །ཡིད་ཀྱི་རང་བཞིན་དབྱེར་མེད་བྱ། གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་སོ། །གསུམ་པ་གསང་སྔགས་མཉེས་པ་གྲུབ་པའི་སྤྱོད་པ་ནི། ཕྱི་དང་ནང་གི་གཉིས་ལས། དང་པོ་ནི་རལ་གྲི་ཞགས་པ་འཁོར་ལོ་དང་། །ལྕགས་མདའ་དེ་བཞིན་ཐོ་བ་སྟེ། །རྫས་དེ་ཉིད་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། ཅེས་པས་རྫས་དེ་འབར་བ་དང་། ལག་ཏུ་བླངས་པས་རིག་པ་འཛིན་ལ་སོགས་པ་གྲུབ་པའོ། །གཉིས་པ་ནི། དཀར་པོ་སེར་པོ་དམར་པོ་གང་། །ཡིད་ཀྱི་སེམས་པར་བྱེད་པ་སྟེ། ཞེས་ནང་གི་རླུང་འབྱུང་བ་བཞིའི་དཀྱིལ་འཁོར་གོམས་པས། ནང་གི་དངོས་གྲུབ་སེམས་ཀྱི་དབང་ཙམ་ལ་རགས་ལས་པས་འཇིག་རྟེན་པའི་མངོན་ཤེས་རྫུ་འཕྲུལ་སོགས་གྲུབ་པ་དང་། ཞར་ལ་མཚན་བཅས་ཀྱི་དངོས་གྲུབ་ཐམས་ཅད་གྲུབ་པ་
དང་། ཁྱད་པར། གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན་ཤེས་ན། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལ་ཡང་དག་འབྱུང་བ་ཐོབ། ཅེས་པས་མཐར་ཐུག་པ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ཡང་རྟོག་པ་འཇུག་པའི། རྟོག་པ་ཉེ་བར་ལེན་པའི། རྟོག་པ་ལྷན་ཅིག་བྱེད་པའི་རྒྱུ་གསུམ་ལས་བྱུང་བ་ཡིན་ཏེ། དང་པོ་ནི་བླ་མེད་བྱང་ཆུབ་དོན་དུ་གཉེར་བའི་རྒྱུ་སྙིང་རྗེ་ཆེན་པོའོ། །གཉིས་པ་ནི་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཏེ། འདི་ཉིད་ས་གོང་ནས་གོང་དུ་མི་མཐུན་པ་གཉེན་པོའི་ཚུལ་གྱིས་ཡོངས་སུ་སྦྱང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དུ་ཡང་འགྱུར་རོ། །གསུམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་བསྒྲུབ་པ་ཡིན་པར་ཉེ་བར་བསྟན་ཏོ། །དེ་ལྟར་བྱ་སྤྱོད་ཀྱི་རྣམ་བཞག་འདི་དག་ཞིབ་ཏུ་ཤེས་པར་འདོད་ན་བསམ་གཏན་ཕྱི་མ་དང་། རྣམ་སྣང་མངོན་བྱང་ལས་གཙོ་བོར་རྟོགས་པར་བྱའོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲི་ཚུལ་ལ། འཇུག་ཏུ་རུང་བའི་གང་ཟག །ཐབས་ལ་འཇུག་པའི་སྒོ། འབྲས་བུ་ཐོབ་པར་བྱེད་པའི་ཐབས། འབྲས་བུ་རྣམ་པར་བཞག་པ་དང་བཞི་ལས། དང་པོ་ནི། ཚུལ་སྒྲོན་ལས། གཞན་དག་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བསྒོམ་པར་གཅིག་ཏུ་མོས་ལ། བྱ་བ་མང་པོའི་ཚོགས་
རྣམས་གཡེང་བར་འདུ་ཤེས་པ་དེའི་དོན་དུ་རྣལ་འབྱོར་རྒྱུད་གཙོ་བོར་མཛད་དེ། བྱ་བའི་ཡན་ལག་ཅུང་ཟད་ཅིག་ཞར་ལ་སྟོན་པར་མཛད་པའི་སྤྱོད་པའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་སོ། །དེ་ལའང་ཉོན་མོངས་པ་མཉམ་ཞིང་རང་བཞིན་བཟང་བ་དེ་བཞིན་གཤེགས་པ། འདོད་ཆགས་ཤས་ཆེ་བ་དེ་བཞིན་གཤེགས་པ། །ཞེ་སྡང་ཤས་ཆེ་བ་རྡོ་རྗེའི། གཏི་མུག་ཤས་ཆེ་བ་པདྨ། ལེ་ལོ་ཤས་ཆེ་བ་དེ་བཞིན་གཤེགས་པའི་རིགས་སུ་གསུངས་ཤིང་། དེའི་གཉེན་པོར་གྱུར་པ་ཡང་སངས་རྒྱས་བྱང་སེམས་མཆོག་གི་རིགས་རྣམ་པ་ལྔའོ། །དེ་ཡང་རིགས་ཞེས་པའི་ངེས་ཚིག །ཀུ་ལ་ཀུཏྲེ་ངན་པ། ལ་ཡ་ཐིམ་པ་སྟེ། །ཉོན་མོངས་པའི་དབང་གིས་ལམ་ངན་པར་ཐིམ་པས་ན་དམན་པ་དང་། ཀོ་ས་ལའི་རྒྱན་ལས། དེ་ཡང་འགྲོ་བ་ངན་པ་རྣམས་ཐུགས་རྗེའི་དབང་གིས་ཐིམ་པས་ན་རིགས་སོ། །ཞེས་པ་ལྟར་རོ། །དབྱེ་ན་སྔ་མ་ལ་དྲུག་དང་། ཕྱི་མ་ལ་ལྔའོ། །རྩ་བའི་རྒྱུད་པས་ལས་ཀྱི་རིགས་གུད་དུ་མ་བསྟན་པར་བཞིར་མཛད་དེ། ཉོན་མོངས་པ་འདོད་ཆགས་ཀྱི་གཉེན་པོར་གྱུར་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་གཙོ་བོར་གྱུར་པའི་དུམ་བུ་དང་པོ་ནས་བསྟན་པའི་ལམ་རྣམས་ནི་ཕྱག་ཆེན། ཞེ་སྡང་གི་གཉེན་པོར་གྱུར་པ་མཚན་མ་མེད་པ་དང་། དེ་བཞིན་གཤེགས་པའི་བཀའི་རྗེས་སུ་འཇུག་
པའི་ཐབས་དུམ་བུ་གཉིས་པ་ནས་བསྟན་པའི་ལམ་རྣམས་ནི་དམ་རྒྱ། གཏི་མུག་གི་གཉེན་པོར་གྱུར་པ་སྨོན་པ་མེད་པ་དང་། ཤེས་རབ་ཀྱི་རང་བཞིན་དུམ་བུ་གསུམ་པ་ནས་བསྟན་པའི་ལམ་རྣམས་ནི་ཆོས་རྒྱ། སེར་སྣ་དང་ལེ་ལོའི་གཉེན་པོར་གྱུར་པ་མངོན་པར་འདུ་མི་བྱེད་པ་དང་། སྦྱིན་པ་དང་བརྩོན་འགྲུས་ཀྱི་རང་བཞིན། སེམས་ཅན་ཀྱི་བསམ་པ་རྫོགས་པར་བྱེད་པ་རིན་པོ་ཆེ་ཡིན་ཞིང་། དེའི་བྱེད་པ་ལས་ཡིན་པར་བྱེད་པ་དང་བྱེད་པ་པོ་ཐ་མི་དད་ པ་ལ་དགོངས ་ནས། དེ་གཉིས་གཅིག་ཏུ་བསྡུས་པའོ། །མཆན། དུམ་བུ་བཞི་པ་ནས་བསྟན་པ་རྣམས་ལས་རྒྱའོ། །དེ་ལྟར་དུམ་བུ་བཞི་ཀའམ་རྒྱུད་ཐམས་ཅད་ཀྱི་ལྷ་རིགས་ལྔར་འདུ་བ་ཡིན་ལ། དེ་ལ་རིགས་ཐམས་ཅད་ཀྱི་ལྷ་ཐམས་ཅད་ལ་ཡང་སྐུ་གསུང་ཐུགས་ཕྲིན་ལས་བཞི་ཡོད་པ་ལས་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་སྙིང་པོ་སྟེ། ཕྱག་རྒྱ་ཆེན་པོ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན། དམ་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར་རྣམས་ཀྱི་དཀྱིལ་འཁོར་རྣམས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྲིམས་སུ་བཅས་པའི་ཕྱག་རྒྱ་ལས་འདའ་བར་མི་ནུས་པ་བཞིན་དུ་བདག་ཉིད་ཆེན་པོ་རྣམས་ཀྱི་སྤྱོད་ལམ་མཚོན་པར་བྱེད་པའི་གཟུགས་བརྙན་གྱི་ཕྱག་རྒྱ་སྟེ། ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར་རྣམས་ནི་སྔགས་ཀྱི་ཚུལ་གྱིས་གསང་བའི་དངོས་གྲུབ་སྒྲུབ་པ་ཅན་གསང་སྔགས་ཏེ། རྒྱུད་ཕྱི་མའི་ཕྱི་མར། འདའ་བར་
བྱ་བ་མ་ཡིན་ཞིང་། །དབྱེ་བར་དཀའ་བ་གསང་བ་ཉིད། །གསང་བ་འགྲུབ་ཕྱིར་བརྗོད་པས་ན། །དེ་ནི་གསང་སྔགས་ཞེས་བརྗོད་དོ། ཞེས་སོ། །དེའི་མཚན་ཉིད་ནི་སངས་རྒྱས་ཀྱི་ཐུགས་གསང་བ་ཆོས་ཀྱི་སྙིང་པོ་སྒྲུབ་པ་ཡིན་ལ། ངེས་ཚིག་ནི་མན་ཏྲ་ལ་ཡི་གེ་ཕྱིས་བསྣན་གྱིས། ཨཱ་མནྟ་བོད་པ་དང་། ཨུཙྪ་ཊ་མ་སྐྱོད་པ་སྟེ། སྔགས་ཀྱི་ལྷ་འབོད་ཅིང་། གདུག་པ་ཅན་རྣམས་སྐྲོད་པ་སྟེ། རྩེ་མོར། སྔགས་རྣམས་ཀྱི་ནི་མཚན་ཉིད་ཀྱང་། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང་། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །གསང་སྔགས་རྣམས་ནི་འབོད་བྱེད་ཅིང་། །གདུག་པ་ཅན་རྣམས་སྐྲོད་པར་བྱེད། །ཉོན་མོངས་སྔགས་རྣམས་འཇོམས་བྱེད་ཅིང་། །སངས་རྒྱས་ཆོས་ནི་སྤྱན་འདྲེན་ཡིན། ཞེས་སོ། །རིག་སྔགས་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ལས་ཀྱི་དཀྱིལ་འཁོར་རྣམས་ནི་མ་རིག་པ་འཇོམས་ཤིང་། ངག་གི་རིག་པའི་མཆོག་སོ་སོ་ཡང་དག་པར་རིག་པ་བཞི་གྲུབ་པའི་ཕྱིར་རིག་སྔགས་ཏེ། སྡུག་བསྔལ་རྒྱུ་དང་བཅས་ཞི་བར་བྱེད་པའི་མཚན་ཉིད་ཅན་ཡིན་ལ། ངེས་ཚིག་ནི་བིད་ལ་བི་ན་ཡ་འདུལ་བ། ཨཱ་བིདྨ་མ་རིག་པ་ཆགས་སྡང་འདུལ་བ་མ་རིག་པ་ཟློག་པར་བྱེད་པས་རིག་སྔགས་ཏེ། རྒྱུད་
ཕྱི་མའི་ཕྱི་མར། མ་རིག་པ་ནི་འཇོམས་པ་དང་། ངག་གི་རིག་མཆོག་གྲུབ་པའི་ཕྱིར། །རྟོགས་ཤིང་རིག་པའི་དངོས་གྲུབ་སྟེ། །དེ་ཕྱིར་རིག་པ་ཞེས་བརྗོད་དོ། །ཞེས་དང་། རྩེ་མོར། རིག་སྔགས་ཀྱི་ནི་མཚན་ཉིད་གསུངས། །འཁོར་བར་མྱང་བའི་སྡུག་བསྔལ་དང་། འདོད་ཆགས་ལ་སོགས་ཉེས་པའི་ཚོགས། །རིག་དང་བཅས་པ་ཞི་བྱེད་པའི། །རིག་སྔགས་ཀྱི་ནི་མཚན་ཉིད་བརྗོད། །ཅི་ཡི་ཕྱིར་ནི་རིག་སྔགས་བརྗོད། འདོད་ཆགས་མུན་པ་རྣམས་འདུལ་ཞིང་། ཉོན་མོངས་རྣམ་ཀྱང་རྣམ་པར་འདུལ། མ་རིག་པ་ནི་ཟློག་བྱེད་པ། དེ་ནི་རིག་སྔགས་ངེས་པར་བརྗོད། ཅེས་སོ། །དེ་བས་ན་རྒྱུའི་རིགས་ཅན་དེ་དག་རང་རང་གི་རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ལས། འབྲས་བུའི་རིགས་དེ་དག་ཏུ་འགྲུབ་པ་ཡིན་ནོ། །གཉིས་པ་ཐབས་འཇུག་པའི་སྒོ་ལ། དབང་བསྐུར་ནོད་པ་དང་། རང་གི་སྡོམ་པ་ལ་གནས་པར་བྱ་བ་གཉིས་ལས། དང་པོ་ནི། གང་དུ་དབང་བསྐུར་བའི་ཡུལ་ནི་དཀྱིལ་འཁོར་ཏེ། དེ་ལའང་བཞི་ལམ་འབྲས་གསུམ་ལས། དང་པོ་ནི། སེམས་ཅན་རྣམས་ཀྱི་ཐ་མལ་པའི་གནས་སྐབས་ཀྱི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བཅས་པ་དང་། བདག་མེད་གཉིས་ལ་གཞོལ་བའི་ཤེས་རབ་དང་ཏིང་ངེ་འཛིན་ནི་དཀྱིལ་འཁོར་རོ། །དེ་ཡང་སྙིང་པོའི་ཕྱིར་འཛིན་པའམ། སྙིང་པོ་ལ་འཛིན་
པས་དཀྱིལ་འཁོར་ཞེས་བྱའོ། །གཉིས་པ་ནི། སྔོན་བྱུང་རྣམ་འཕྲུལ་གྱི་དབང་དུ་བྱས་ནས། སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ནི། ནང་གཟུགས་མེད་པའི་དཀྱིལ་འཁོར་ཡིན་ལ། ཡེ་ཤེས་དེ་ཉིད་ལས་གདུལ་བྱའི་དོན་དུ་རི་རབ་ཀྱི་རྩེ་མོ་དང་གཞན་འཕྲུལ་དབང་བྱེད་ལ་སོགས་པར་སྤྲུལ་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནི་གཟུགས་ཅན་གྱི་དཀྱིལ་འཁོར་ཡིན་ཏེ། སྤྱོད་རྒྱུད་ལས། སངས་རྒྱས་ཀུན་ཀྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། ཞེས་གསུངས་པའི་ཕྱིར་དང་། དཔལ་མཆོག་སྟོད་འགྲེལ་དུ། ཁ་དོག་དབྱིབས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དུ་གསུངས་པ་ཡིན་ཏེ། ཞེས་སོ། །རྗེས་འཇུག་གི་དབང་དུ་བྱས་ནས་རྣལ་འབྱོར་པའི་སེམས་ཐ་མལ་གྱི་རྣམ་རྟོག་ལས་གྲོལ་བས་སངས་རྒྱས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བར་བསྒོམས་པའི་ཏིང་ངེ་འཛིན་རྗེས་སུ་དྲན་པའི་རྟེན་དུ་གྱུར་པ་གཟུགས་མེད་དང་གཟུགས་ཅན། དེ་དང་རྣམ་པ་འདྲ་བ་རྡུལ་ཚོན་དང་བྲིས་སྐུ་ལ་སོགས་པར་བྲིས་པ་གཉིས་ནི། ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱའོ། །དེ་ཡང་དམ་པའི་ཆོས་ཀྱི་བཅུད་ཀྱི་སྙིང་པོ་འབྱུང་བས་དཀྱིལ་འཁོར་ཏེ། རྩེ་མོར། ཅིའི་ཕྱིར་ན་དཀྱིལ་འཁོར་ཡིན། །དམ་པའི་ཆོས་ཀྱི་བཅུད་སྙིང་པོ། །
འབྱུང་བ་དེ་ནི་དཀྱིལ་འཁོར་བརྗོད། །དཀྱིལ་འཁོར་ཆེན་པོ་གསང་བ་ཆེ། །ཆོས་ཆེན་ཤིན་ཏུ་བརྟན་པ་པོ། །ཞེས་སོ། །འབྲས་བུ་ནི་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ནི་དཀྱིལ་འཁོར་ཏེ། སྙིང་པོའི་རང་བཞིན་དུ་འཛིན་པའམ། སྙིང་པོ་འཛིན་པས་དཀྱིལ་འཁོར་རོ། །དེ་ཡང་ལམ་དུས་ཀྱི་དབང་དུ་བྱས་ནས་རྒྱས་པ་ལ་མོས་པ་རྣམས་ལ་དཀྱིལ་འཁོར་རྒྱས་པ་དང་། འབྲིང་པོ་ལ་མོས་པས་ཕྱག་རྒྱ་བཞི་པ་དང་། བསྡུས་པ་ལ་མོས་པས་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐོབ་པར་བྱའོ། །དེའི་ཚུལ་ཡང་སྔོན་དུ་བསྙེན་པ་ནས་གནང་བ་ནོད་པའི་བར་སློབ་དཔོན་དང་། འཇུག་པར་གསོལ་བ་བཏབ་པ་ནས་ཞུགས་པ་སླར་བཏང་བའི་བར་སློབ་མའི་རྒྱུད་སྨིན་པར་བྱེད་པའི་ཆོ་ག་གཉིས་སུ་གསུངས་ལ། འདིར་དབང་ནི། དེ་ནི་དྲུག་པའི་བྱེ་བྲག་དབང་། །ཞེས་པས་རིག་དབང་ལྔ་དང་། སློབ་དཔོན་གྱི་དབང་ལ། ཕྱིར་མི་ལྡོག་པའི་དབང་། གསང་བའི་དབང་། རྗེས་གནང་། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་དྲུག་ནི་སློབ་དཔོན་གྱི་དབང་སྟེ་བསྡོམས་པས་བཅུ་གཅིག་གོ །ཡང་ན་ཡེ་ཐིག་ལས། ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་དང་། །ལུང་བསྟན་པ་དང་སྐྱབས་སྦྱིན་དང་། །སྔགས་དང་ཕྱག་རྒྱའི་ཡེ་ཤེས་སོ། །རྣལ་འབྱོར་རྒྱུད་ལ་མོས་པ་དང་། །དབང་བརྒྱད་ཕྱེ་ལ་སྦྱིན་པར་
བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། ཞེས་པའི་དོན་ལ་འབྲེལ་བར་སྔགས་དང་ཕྱག་རྒྱ་ཡེ་ཤེས་རྣམས་ཞར་བྱུང་དུ་བྱས་ནས་བརྒྱད་དང་། དེའི་སྟེང་དུ་དམ་ཚིག་གསུམ་བསྣན་ནས་བཅུ་གཅིག་ཏུ་བྱེད་དོ། །སྡོམ་པ་ནི། སྟ་གོན་གྱི་ཆིངས་བཅུ་གཉིས་ཀྱི་བཞི་པར། རྣལ་འབྱོར་དུ་སེམས་བསྐྱེད་པ་ནི་བརྡར་བཏགས་པའི་རྡོ་རྗེ་སེམས་དཔའ་ལ་སྨོན་ལམ་གྱི་བསྐྱེད་པའི་ཕྱིར་སྨོན་པའི་སེམས་ཞེས་བྱའོ། །འཇུག་པའི་གནས་སྐབས་ཀྱི་སྡོམ་བཟུང་ལས་ནི་དཀྱིལ་འཁོར་དུ་འཇུག་པ་ཞེས་པའི་རིག་པས་འཇུག་པའི་སེམས་ཀྱིས་སྡོམ་པ་ཐོབ་པ་ཡིན་ཏེ། དམ་ཚིག་ལ་འཇུག་པའི་སྐབས་ཡིན་པས་སོ། །གསང་བའི་འཇུག་པ་ཡེ་ཤེས་བབས་པ་ལ་ཐོབ་པ་ནི་དམ་ཚིག་ཆེན་པོ་དངོས་ཡིན་ཏེ། རྩེ་མོར། དེ་ནས་བབས་པར་གྱུར་པ་ཉིད། །མངོན་པར་ཤེས་པ་དྲུག་ཐོབ་ཅིང་། །ཡེ་ཤེས་དམ་པ་ཐེབས་གཅིག་གིས། །སྔོན་བྱུང་མིན་པའི་དགའ་བདེ་དང་། །དགའ་དང་མགུ་དང་མཆོག་དག་དང་། །རིག་པ་ཐམས་ཅད་མངོན་དུ་འགྱུར། །རྫུ་འཕྲུལ་དག་ནི་རྫོགས་པར་འགྱུར། ཞེས་དང་། ཀོ་ས་ལའི་རྒྱན་ལས། འདིར་སེམས་བརྟན་པར་འགྱུར་བ་ནི་རྟོགས་པ་མ་ཐོབ་ཅིང་། ཚེ་གཞན་དུ་བརྗེས་སུ་ཟིན་ཀྱང་ཐེག་པ་ཆེན་པོ་ལས་སེམས་ལྡོག་པར་མི་འགྱུར་ཏེ། རྡོ་རྗེ་སེམས་དཔའ་ཡོངས་སུ་བཟུང་བ་ཡིན་པའི་ཕྱིར་རོ། །
ཞེས་གསུངས་སོ། །དེ་བས་ན་རིག་པ་འཛིན་པའི་སྡོམ་པ་དེ་ཉིད་འདིར་ཕྱིར་མི་ལྡོག་པའི་ས་བོན་གྱི་ངོ་བོར་སྐྱེས། དེ་ཉིད་རིག་པའི་དབང་གི་ཆོ་གས་འབྲས་བུའི་རིགས་ཀྱི་ངོ་བོར་བསྡོམས་པས་སྨིན། སློབ་དཔོན་གྱི་དབང་དུ་རྫོགས་པ་ཡིན་ནོ། །སྤྱིར་ཆོ་ག་ནི། ཨུ་པཱ་ཡི་ཀཱ། ཞེས་པ། ཨུ་པཱ་ཡ་ཐབས། ཨི་ཀཱ་ལྡན་པ་སྟེ། ངེས་པའི་ཚིག་ཏུ་ན། ཨུ་པ་ཉེ་བ། ནཱ་ཡ་ཀ་འཁྲིད་པའམ་འདྲེན་པ་སྟེ། ཉེ་བར་འཁྲིད་པས་ན་ཐབས། ཐབས་འདི་ལ་ཡོད་པས་ཐབས་ཅན་ཏེ། དཀྱིལ་འཁོར་མཐའ་དག་ཁོང་དུ་ཆུད་པར་བྱེད་པ་ལ་བློ་འཁྲིད་པའི་ཐབས་ཟབ་མོ་དང་བཅས་པས་ན་ཆོ་གའོ། །དེ་ལ་དབྱེ་ན། རྩེ་མོར། དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། ཞེས་གཉིས་སོ། །སྟོད་འགྲེལ་ལས་དེ་ཁོ་ན་ཉིད་ནི་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། བདག་དང་གནས་ལ་སོགས་པ་བསྲུང་བ་དང་། ལྷ་རྣམས་སྤྱན་དྲང་པའི་ཆོ་ག་དང་། བཟླས་བརྗོད་དང་། བསྒོམ་པ་དང་། ཕྱི་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང་། ཉེ་བར་བསྡུ་བ་དང་། མཆོད་ནས་གཤེགས་སུ་གསོལ་བའོ། །ཞེས་སོ། །དེ་ལ་དང་པོ་ནི། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་སོ། །གཉིས་པ་ནི། དུས་དང་། བཟླས་པའི་གྲངས་དང་། རས་རིས་དང་། སྐྱིལ་མོ་ཀྲུང་ལ་
སོགས་པའི་ངེས་པ་དང་། སྔགས་བཟླས་པའི་ཚུལ། རྡོ་རྗེ་བཟླས་པའི་ཆོ་ག་དང་། བཟླས་བརྗོད་ཀྱི་འབྲས་བུ་གྲུབ་ཚུལ་ལ་སོགས་པའོ། །གསུམ་པ་ནི། ཏིང་འཛིན་གསུམ་སྒོམ་པར་བྱེད་པ་ན། ལྷ་རྣམས་ངེས་པར་ཕྱག་རྒྱ་བཞིས་རྒྱས་གདབ་པས་ཕྱག་རྒྱ་བཞིའོ། །བཞི་པ་ནི། སྲུང་འཁོར་ཏེ། སོགས་ཁོང་ནས། ཁྲུས་དང་། གོས་བརྗེ་བ་དང་། ལྕེ་ལག་བྱིན་གྱིས་བརླབ་པ་བསྡུས་སོ། །ཡང་ན་རྣལ་འབྱོར་སྲུང་བའོ། །ལྔ་པ་ནི། ཡེ་ཤེས་པ་རྣམས་བསྡུས་ཏེ། །བསྟོད་ན་དགུག་གཞུག་བྱ་བའོ། །དྲུག་པ་ནི། ཚིག་དང་། རྡོ་རྗེའི་བཟླས་པ་ལ་སོགས་པའོ། །བདུན་པ་ནི། སྔོན་དུ་བསྙེན་པའི་དུས་སུ་ཏིང་འཛིན་རྣམ་གསུམ་རྫོགས་པ་དང་། སྙིང་གའི་དཀྱིལ་འཁོར་དང་། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་དང་། རྣལ་འབྱོར་ལ་སོགས་པ་བསྒོམ་པའོ། །བརྒྱད་པ་ནི། དཀྱིལ་འཁོར་ལ་སོགས་པ་མཆོད་པའི་སྐབས་ཀྱི་སྦྱིན་སྲེག་བྱ་བའོ། །དགུ་པ་ནི། ཕྱག་རྒྱ་དགྲོལ་པའི་ཆོ་གའོ། །བཅུ་པ་ནི། རྡོ་རྗེའི་གླུ་དང་སྒེག་སོགས་བརྒྱད་ཀྱིས་མཆོད་ཅིང་། གསོལ་བ་བཏབ་ནས་གཤེགས་སུ་གསོལ་བའོ། །དེ་དག་ཀྱང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་དེ་རྟོགས་པའི་ཡེ་ཤེས་གཉིས་སུ་དབྱེར་མེད་པ་ནི། དེ་ཁོ་ན་ཉིད་ཡུལ་དུ་མི་བསླུ་བའི་ཕྱིར་དོན་དམ་པའི་དེ་ཁོ་ན་ཉིད་ཤེས་རབ་ཀྱི་རང་བཞིན་ནོ། །ཡེ་
ཤེས་དེའི་མཐུ་ལས་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷའི་སྐུ་དང་། སྔགས་དང་། ཕྱག་རྒྱ་ལ་སོགས་པར་སྣང་བ་ནི། འགྲོ་བའི་དོན་བྱེད་པའི་ཡུལ་དུ་མི་བསླུ་བའི་ཕྱིར། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཐབས་ཀྱི་རང་བཞིན་ནོ། །དེ་ཉིད་གཉིས་པོ་དེ་ཡང་དག་པར་བཟུང་བའི་བརྟལ་ཞགས་ནི་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་སྡོམ་པར་གསུངས་སོ། །དེ་ཡང་དེ་ཉིད་བཅུའི་ནང་ཚན་ཕྱག་རྒྱ་བསྡུ་ཞེས་པ་འདི་གལ་ཆེ་བས་ཅུང་ཟད་བཤད་ན། ངོ་བོ་ནི། དོན་དམ་པ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་རྣམ་སྣང་ཆེན་པོའི་ངོ་བོ་ཉིད་ཡིན་ལ། དེའི་མཚན་མ་ནི་ཕྱག་རྒྱ་སྟེ། དོན་དམ་པའི་ལྷ་དང་དེ་དང་འབྲེལ་བའི་སེམས་དཔའ་དང་། འཇིག་རྟེན་པའི་ལྷར་སྣང་བ་རྣམས་ཀྱང་དེའི་འཁོར་དུ་བསྡུ་བའོ། །ཞེས་སོ། །སྒྲ་དོན་ནི། མུ་ཏྲ་ལ་ངེས་ཚིག་གིས། མོ་དཱ་ནཱ་ཏཱ་མགུ་བའི་ཕྱིར་ཕྱག་རྒྱ་སྟེ། ལྷ་རྣམས་ཀྱི་ཡིད་མགུ་བར་བྱེད་པའི་ཕྱིར་རོ། །མུ་དཱ་ན་རྒྱས་འདེབས་པའི་སྟེ། སེམས་ཅན་རྣམས་སྲུང་བའི་ཕྱིར་ཕན་གདགས་པ་དང་། འདོད་པའི་དངོས་པོ་མྱུར་དུ་འགྲུབ་པའི་ཕྱིར་རྒྱས་འདེབས་པ་སྟེ། རྒྱུད་ཕྱི་མར། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་གདབ་པ་ལྟར། །བདག་ཆེན་ཉིད་ཀྱི་ཕྱག་རྒྱས་ཡང་། །སྐྱེ་བོ་རྣམས་ལ་དེ་བཞིན་བཏབ། །ཅེས་སོ། ཡང་། ས་མ་ཡ་མཱུ་ལ་དམ་ཚིག་གི་རྩ་བར་གྱུར་པའི་ཕྱིར་
དང་། མུ་ཀུཊ་དབུ་རྒྱན། ད་ཧ་རུ་བསྒྱུར་བས། ཧེ་ཏུ་རྒྱུ། པ་ར་མ་མཆོག་སྟེ་དབུ་རྒྱན་བཅིང་བ་ནི་དབང་བསྐུར་བ་ཡིན་ལ། དེའི་རྒྱུ་མཆོག་ཏུ་གྱུར་པའི་ཕྱིར་དང་། མུ་ཏྟི་ལུས། ཌིཌྷ་བརྟན་པར་བྱེད་པས་ན་ཕྱག་རྒྱ་སྟེ། །འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པར། །འདི་ནི་དམ་ཚིག་རྩ་བ་སྟེ། །དབུ་རྒྱན་བཅིང་བ་རྒྱུ་ཡི་མཆོག །གང་གི་ལུས་ཀུན་བརྟན་པས་ན། །དེ་བས་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་སོ། །ཕྱག་རྒྱ་དང་། མཚན་མ་དང་། རྟགས་དང་། ཉེ་བའི་མཚན་ཉིད་ཅེས་བྱ་བ་རྣམས་རྣམ་གྲངས་ཡིན་ནོ། །བྱེ་བྲག་ཏུ་སེམས་ཅན་གྱི་རྒྱུ་ལ་རྒྱས་འདེབས་པས་ན་ཕྱག་རྒྱ། དེ་ཉིད་གཞན་པས་མཆོག་ཏུ་གྱུར་པས་ན་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཀུན་རྫོབ་ཏུ་སྟོན་པར་བྱེད་པས་ན་དམ་ཚིག་གི་ཕྱག་རྒྱ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །ཞེས་རྟོགས་པ་ནི་ཆོས། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱས་འདེབས་པས་ན་ཕྱག་རྒྱ། བརྩོན་འགྲུས་ཀྱི་རང་བཞིན་གྱི་བྱ་བ་ནི་ལས། དེ་སྟོན་པར་བྱེད་པའི་ཚུལ་འདྲ་བ་ནི་ཕྱག་རྒྱའོ། །དབྱེ་ན་ལྷར་བཏགས་པ་དང་། དམ་ཚིག་ཅན་གྱི་སྐྱེ་བོས་བཏགས་པ་གཉིས། དང་པོ་ནི། ལྷའི་ངོ་བོ་ཉིད་དང་། དེས་སྒྲུབ་པའི་མཚན་མ་དང་། དེའི་ཆ་ཤས་སུ་བྱེ་བྲག་མེད་པར་བྱས་ཏེ་བཏགས་པའོ། །གཉིས་པ་ནི། ལྷའི་ལུང་ལས་དེའང་
རྗེས་མཐུན་དམ་ཚིག་ཅན་གྱིས་བསྐྱེད་པའི་ལྷའི་ངོ་བོ་ཉིད་དམ། དེའི་ཆ་ཤས་སུ་བྱེ་བྲག་མེད་པར་མོས་ པ་ནི། དེ་ལ་ལྷ་རྣམས་སྔོན་གྱི་དམ་ཚིག་གི་མཛད་པའི་རྗེས་སུ་དགོངས ་ནས་བྱིན་གྱིས་རློབ་པར་མཛད་དོ། །དེ་ལ་ཡང་ཕྱི་ནང་གི་བྱེ་བྲག་གཉིས་གཉིས་ཏེ། ཕྱག་ཆེན་ལ། ཕྱི་རོལ་དུ་བྲིས་པའམ་ལུས་ཀྱི་འདུ་བྱེད་དང་། ལྷའི་གཟུགས་བརྙན་ཡིད་ཀྱིས་བསྒོམ་པ་ནི་ནང་། དམ་རྒྱ་ལ་རྡོ་རྗེའམ། ལག་པའི་གཟུགས་བརྙན་བྲིས་པ་ལ་སོགས་པ་ནི་ཕྱི། ཏིང་ངེ་འཛིན་གྱིས་བསྒོམ་པ་ནི་ནང་། ཆོས་རྒྱལ། ཡི་གེ་ཕྱི་རོལ་དུ་བྲིས་པ་དང་། ངག་ཏུ་བརྗོད་པ་སོགས་ནི་ཕྱི། ཡིད་ཀྱིས་ལྕེ་ལ་བཀོད་ནས་བསྒོམ་པ་ནི་ནང་ངོ་། །ལས་རྒྱ་ལ་ཕྱི་རུ་ཕྱག་ལ་སོགས་པའི་གཟུགས་བརྙན་བྲིས་པ་དང་། ཏིང་ངེ་འཛིན་གྱིས་བརྟགས་པ་ནི་ནང་ངོ་། །རྒྱས་གདབ་དགོས་པའི་རྒྱུ་མཚན་ནི། རང་དོན་མི་གནས་པའི་མྱང་འདས་བརྙེས་ནས། སྤྲུལ་སྐུས་སེམས་ཅན་གྱི་དོན་མཛད་པའི་སྤྱོད་པ་ནི་གཟུགས་བརྙན་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་མོས་ནས། ཕྱག་རྒྱ་བཞིས་བཅིང་བས་འགྲུབ་པའི་ཕྱིར་དེ་ལ་རག་ལས་ལ། ཕྱག་རྒྱ་བཞི་ཡི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་འབྲས་བུའི་ཚུལ་དུ་གནས་པའི་ཕྱིར་རྣལ་འབྱོར་ལ་རགས་ལས་སོ། །གང་ལ་རྒྱས་གདབ་པའི་ཡུལ་ནི།