Nitartha Digital Library
Tibetan
 
previousསོ་སོར་བཤགས་ཀྱི་སྡེ། next

སོ་སོར་བཤགས་ཀྱི་སྡེ།


K8Z003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟའི་དོན་ལ་འཁྲུལ་བ་མེད་པ་དང་། །ཇི་སྙེད་དོན་ལ་ལེགས་པར་འཆད་ཤེས་པ། །ཟུང་འཇུག་བརྙེས་པ་གྲུབ་ཆེན་བླ་མའི་ཞབས། །སྤྱི་བོའི་གཙུག་ན་ཀརྨ་ཕྲིན་ལས་རྒྱལ། །ཅེས་སྐྱབས་མཆོག་ཡིད་ལ་གསལ་བཏབ་ནས། །ཡང་བརྗོད་པ་བཞི་པ་སོ་སོར་བཤགས་པའི་སྡེ་ལ་བཞི་ལས། སོ་སོར་བཤགས་པ་དང་པོ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་བ་མེད་པ་བསྟན། །ལྟུང་བའི་ན་སྨད་བརྗོད་པ་དང་། །ལྟུང་མེད་གཞན་ཡང་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེར་དགས་དགེ་སློང་མ་ཨུཏྤ་ལའི་མདོག་ལས་ཟས་བླངས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གྲོང་ངམ། གྲོང་གི་ཉེ་འཁོར་རམ། ལམ་པོ་ཆེ་ན་འདུག་པས་དགེ་སློང་མ་གནས་དེ་གསུམ་གང་ཡང་རུང་བ་ན་འདུག་པ་ལས་ཟས་བླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བླང་བའི་ཡུལ། གང་བླང་བའི་དངོས་པོ། གང་དུ་བླང་བའི་གནས་སོ། །དང་པོ་ནི། དགེ་སློང་མ་ཆོས་བདུན་ལྡན་ཏེ་འཁྲུར་འཇུག་གི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་ལ་ལྔ་ལས། དུས་སུ་རུང་བ་ཡིན་པ་སྟེ། བཅའ་བ་དང་བཟའ་བ་ཞེས་གསུངས་པས་སོ། །མོ་ཉིད་བཟའ་བའི་ཆེད་དུ་བསྒྲུབས་པ་ཡིན་པ་སྟེ། རང་གིས་མི་འབྲིམ་པར་བསྒྲུབས་པ་ཞེས་གསུངས་པས་སོ། །དགེ་སློང་མ་དེ་དང་འབྲེལ་བར་གནས་པ་སྟེ། འཇོག་པར་བྱེད་པ་ཉེ་བར་མི་གནས་ན་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །གསུམ་པ་གང་དུ་བླང་བའི་གནས་ནི། དགེ་སློང་གིས་(༡༩༣བ)


K8Z003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྲོང་དང་། གྲོང་གི་ཉེ་འཁོར་དང་། ལམ་པོ་ཆེ་གསུམ་པོ་གང་རུང་ཡིན་པ་སྟེ། བདག་ཉིད་གྲོང་ན་འདུག་པས་བླངས་ཏེ་ཞེས་གསུངས་པ་དང་། དེས་གྲོང་གི་ཉེ་འཁོར་ཡང་མཚོན་པ་དང་། ཊཱི་ཀ་ལས། དགེ་སློང་ལམ་པོ་ཆེ་ན་འདུག་པས་དགེ་སློང་་མ་གང་ཡང་རུང་བ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བར་བྱེད་ན་དངོས་གཞིར་འགྱུར་རོ། །ཞེས་གསུངས་སོ། །དགེ་སློང་མའི་གནས་ཀྱང་གྲོང་དང་གྲོང་གི་ཉེ་འཁོར་དང་ལམ་པོ་ཆེ་དང་གསུམ་པོ་གང་རུང་ཡིན་པ་སྟེ། སོ་སོར་ཐར་པ་ལས། དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ། ཞེས་གསུངས་པས། གྲོང་དང་གྲོང་གི་ཉེ་འཁོར་ཡང་དེ་དང་རྒྱུ་མཚན་མཚུངས་ཤིང་། དགེ་སློང་གྲོང་ན་འདུག་པའི་གནད་ཀྱིས་སྦྱར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་དགེ་སློང་མ་ལས་ཟས་ལེན་ཅིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དགེ་སློང་མ་ལ་ལུང་ཞུ་བ་ལས་ངག་གི་རིག་བྱེད་ཀྱིས་ཟས་བླངས་ཏེ་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པས་སོ། །གཉིས་པ་ནི། འདི་ལ་ནི་འདུ་ཤེས་གཙོ་བའོ། །ཡུལ་གང་ལ་ན་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ། །ཅི་ཞིག་བྱས་ན་འདིར་འགྱུར་ཞེ་ན། རང་འགྲེལ་དང་ཊཱི་ཀ་ལས། ཉེ་དུ་མ་ཡིན་པའི་དགེ་སློང་མ་གྲོང་ངམ། གཞན་གང་ཡང་རུང་བ་ན་འདུག་པས་རང་གི་ལག་གིས་དགེ་འདུན་ལ་མི་འབྲིམ་པར་དགེ་སློང་མ་རང་ཉིད་བཟའ་བའི་ཆེད་ལྟ་བུར་བསྒྲུབས་པའི་བཅའ་བ་དང་བཟའ་བ་དེ་དགེ་སློང་བདག་ཉིད་གྲོང་ན་འདུག་པས་དགེ་སློང་རང་གི་ལག་གིས་བླངས་ཏེ་ཟོས་ན་སོ་སོར་བཤགས་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། དགེ་སློང་དབྱར་ཁང་དུ་འདུག་པས་དགེ་སློང་མ་གནས་གང་ཡང་རུང་བ་ན་(༡༩༤ན)


K8Z003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་ལས་ཟས་བླངས་ཏེ་ཟ་ན་ཅིར་འགྱུར་ཞེ་ན། དབྱར་ཁང་ནི་གྲོང་དང་འདྲ་བ་ཉིད་མ་ཡིན་ནོ་ཞེས་བཤད་དེ། དབྱར་ཁང་ནི་དགེ་སློང་མའི་གཙུག་ལག་ཁང་སྟེ་དགེ་སློང་དབྱར་ཁང་ན་འདུག་པས་ནི་དགེ་སློང་མ་གནས་གང་ན་འདུག་ཀྱང་རུང་སྟེ། དེ་ཡང་དགེ་སློང་མ་གཙུག་ལག་ཁང་དང་། དབྱར་ཁང་དང་། གྲོང་དང་དེ་གསུམ་གྱི་ཉེ་འཁོར་དང་། ནམ་མཁའ་དང་། ལམ་པོ་ཆེ་དང་། གྲུ་དང་ལྗོན་ཤིང་ལ་སོགས་པ་གང་ན་འདུག་པ་ལས་ཟས་བླངས་ཏེ་ཟོས་པ་ལས་ལྟུང་བ་འདི་མི་བསྐྱེད་པ་སྟེ། ལྟུང་བ་འདི་མི་བསྐྱེད་པ་ཉིད་དུ་བཅས་པའི་དབང་གིས་སོ། །དབྱར་ཁང་གིས་ནི་དེའི་ཉེ་འཁོར་ཡང་མཚོན་ཏེ། དགེ་སློང་དབྱར་ཁང་གི་ཉེ་འཁོར་ན་འདུག་པས་ནི་དགེ་སློང་མ་གནས་གང་ན་འདུག་ཀྱང་རུང་སྟེ། དེ་ལ་ཟས་བླངས་ཏེ་ཟོས་པ་ལས་ལྟུང་བ་འདི་མི་འབྱུང་ངོ་། །འོ་ན་དགེ་སློང་གཙུག་ལག་ཁང་ན་འདུག་པས་དགེ་སློང་མ་གནས་གང་ཡུང་རུང་བ་ན་འདུག་པ་ལས་ཟས་བླངས་ཏེ་ཟན་ཅིར་འགྱུར་ཞེ་ན། དགེ་སློང་གི་གནས་གཙུག་ལག་ཁང་དག་ཀྱང་གྲོང་དང་འདྲ་བ་ཉིད་མ་ཡིན་ནོ་ཞེས་བཤད་དེ། དགེ་སློང་གཙུག་ལག་ཁང་ན་འདུག་པས་ནི་དགེ་སློང་མ་གནས་གང་ན་འདུག་ཀྱང་རུང་སྟེ། དགེ་སློང་མ་གཙུག་ལག་ཁང་དང་། དབྱར་ཁང་དང་། གྲོང་དང་དེ་གསུམ་གྱི་ཉེ་འཁོར་དང་། ནམ་མཁའ་དང་ལམ་པོ་ཆེ་ལ་སོགས་པ་གང་ན་འདུག་པ་ལ་ཟས་བླངས་ཏེ་ཟོས་པ་ལས་ལྟུང་བ་འདི་མི་བསྐྱེད་པ་སྟེ། ལྟུང་བ་འདི་མི་བསྐྱེད་པ་ཉིད་དུ་བཅས་པའི་དབང་གིས་སོ། །གཙུག་ལག་ཁང་གིས་ནི་དེའི་ཉེ་འཁོར་ཡང་མཚོན་ཏེ། མདོ་སྔ་མས་ལྟུང་མེད་བཅུ་དྲུག་ཕྱི་མས་བཅུ་དྲུག་སྟེ་སོ་གཉིས་སོ། །གསུམ་པ་ནི། ནམ་མཁའ་ནི་ཕྱེད་ཉིད་དོ་ཞེས་པ་ནི་ནམ་མཁའ་ལ་འདུག་པས་དགེ་སློང་མ་གྲོང་ལ་སོགས་པ་གནས་གང་(༡༩༤བ)


K8Z003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་བ་ན་འདུག་པ་ལ་ཟས་བླངས་ཏེ་ཟོས་ན་ལྟུང་བའི་དངོས་གཞིའི་ཕྱེད་ཉིད་དེ་ཉེས་བྱས་བསྐྱེད་པས་ཉེས་བྱས་བརྒྱད་དང་། དེ་བཞིན་དུ་དགེ་སློང་གྲོང་དང་གྲོང་གི་ཉེ་འཁོར་དང་། ལམ་པོ་ཆེ་གསུམ་པོ་གང་ཡང་རུང་བ་ན་འདུག་པས་དགེ་སློང་མ་གནས་དེ་གསུམ་ལས་གཞན་པའི་གནས་དྲུག་སྟེ། གྲོང་གི་ཉེ་འཁོར་བཞག་ཀྱང་གཙུག་ལག་ཁང་དང་དབྱར་ཁང་གི་ཉེ་འཁོར་ན་འདུག་པ་ལས་ཟས་བླངས་ཏེ་ཟོས་ན་ཉེས་བྱས་བསྐྱེད་པས་ཀུན་དྲིལ་ཉེས་བྱས་བཅུ་བཞིའོ། །བཞི་པ་ནི། ཟས་གྲོང་དུ་འཇོག་པར་བྱེད་པའི་དགེ་སློང་མ་དེ་གུད་དུ་སོང་སྟེ། ཟས་བཞག་པའི་གནས་དེ་ན་ཉེ་བར་མི་གནས་ན་གྲོང་དུ་བཞག་པའི་ཟས་དགེ་སློང་གིས་ལེན་པ་ནི་འཇོག་པར་བྱེད་པའི་དགེ་སློང་དེ་ལས་བླངས་པ་མ་ཡིན་ནོ་སྟེ་ལྟུང་བ་མེད་དོ་ཞེས་རང་གིས་རྣམ་བཤད་དང་ཊཱི་ཀ་དང་འགྲེལ་ཆུང་གསུམ་ཆར་ལས་བཤད་དོ། །འདི་ལ་བླ་མ་རྣམས་ནི་ཉེས་བྱས་སུ་འགྱུར་ཞེས་གསུངས་ཏེ། འགྲེལ་པ་དེ་གསུམ་ལས་ལྟུང་མེད་དུ་བཤད་པ་དང་འགལ་ལོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའོ། །། །སོ་སོར་བཤགས་པ་གཉིས་པ་གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བ་ལ། དངོས་གཞི་དམིགས་བསལ་དང་བཅས་བསྟན། །དངོས་དང་ན་སྨད་བསམ་པ་བརྗོད། །བསླབ་པ་རྟེན་དང་བཅས་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཁྱིམ་པས་དགེ་འདུན་ལ་མཆོད་སྟོན་འདྲེན་པ་ན། དགེ་སློང་མས་བསྐོ་ཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་དྲུག་སྡེ་རྣམས་ཀྱིས་ཟོས་པ་ལས་སོ་སོར་བཤགས་པར་བྱ་བ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པ་དང་། གྲོགས་ཀྱི་འཚོ་བ་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་གསུམ་(༡༩༥ན)


K8Z003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་ཁྱིམ་པས་མགྲོན་དུ་བོས་པ་ན་དགེ་སློང་མས་བསྐོ་ཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་བཅས་ལྡན་དགེ་སློང་གིས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་གི་ཟ་བའི་སྦྱིན་བདག་དང་། གང་དག་དང་ཟ་བའི་གྲོགས་དང་། གང་བཟའ་བའི་དངོས་པོ་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཁྱིམ་པ་ཡིན་པ་དང་། དགེ་སློང་མ་དེའི་ཉེ་དུ་མ་ཡིན་པ་དང་། མགྲོན་དུ་འབོད་པ་པོ་ཡིན་པ་སྟེ། ཁྱིམ་དུའོ་ཞེས་པའི། ཊཱི་ཀ་ལས། སྦྱིན་བདག་ཁྱིམ་གྱི་མི་ཞེས་པ་དང་། དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པའོ། །ཞེས་པ་དང་། མགྲོན་དུ་བོས་པས་ཟོས་ནའོ་ཞེས་གསུངས་པའི་ཤུགས་ཀྱི་གྲུབ་བོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གཉིས་ནི་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་དག་དང་ཟ་བའི་གྲོགས་ནི། དགེ་སློང་ཆོས་དྲུག་ལྡན་གྱི་དང་པོ་ལྔའི་སྟེང་དུ་རང་མ་གཏོགས་པ་གཉིས་ཡན་ཆད་ཡིན་པ་སྟེ། དགེ་སློང་གསུམ་ལ་སོགས་པ་ཞེས་གསུངས་པས་སོ། །གསུམ་པ་གང་བཟའ་བའི་དངོས་པོ་ནི་བཞི་ལས། དུས་སུ་རུང་བ་ཡིན། ཚད་དང་ལྡན་པ་ཡིན། དགེ་སློང་མ་ཆོས་བརྒྱད་ལྡན་གྱི་སྟེང་དུ་བསྐོ་ཤམ་བྱས་པ་ཡིན་པ་སྟེ། ཆོས་བརྒྱད་ལྡན་ནི་འཁྲུར་འཇུག་གི་སྐབས་སུ་སྔར་བཤད་པའི་དགེ་སློང་མ་ཆོས་བདུན་ལྡན་གྱི་སྐབས་སུ་ཉེ་དུ་མ་ཡིན་པ་ནི་དགེ་སློང་མ་དེ་སྦྱིན་བདག་དེའི་ཉེ་དུ་མ་ཡིན་པའོ། །དེ་ལྟར་ཆོས་བདུན་ལྡན་གྱི་སྟེང་དུ་ཚིག་དེ་ཉེ་བར་གདགས་སུ་རུང་བ་ན་གནས་པ་སྟེ། གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་ནའོ་ཞེས་གསུངས་སོ། །བཞི་པ་གང་གིས་ཟ་བའི་རྟེན་ནི། བསྐོ་ཤམ་བྱེད་པ་དེ་མ་བཟློག་པ་ལ་དེ་ལྟར་ཤེས་པ་སྟེ། མ་བསྒོ་བར་ཞེས་པ་དང་། ཤེས་གཙོའོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་(༡༩༥བ)


K8Z003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བསྐོ་ཤམ་ཕྱིན་ཅི་ལོག་ཏུ་བྱས་པ་དེ་རང་གི་དོན་དུ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། ལྟུང་བ་འབྱིན་པའི་དགེ་སློང་དེའམ་དགེ་སློང་མང་པོ་གཞན་གང་ཡང་རུང་བ་ལ་དགེ་སློང་འདི་ལ་བཅའ་བ་བྱིན་ཅིག་ཅེས་པའམ། བཏུང་བའམ་ཞེས་པ་ནི་བཟའ་བའི་ཟླ་དང་བཅས་པ་ལ་ཡིན་གྱི། བཏུང་བ་རྐྱང་པ་ལ་ནི་སྐབས་འདིའི་ལྟུང་བའི་ཉེས་བྱས་སུ་འགྱུར་གྱི། ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། དངོས་པོ་དུས་སུ་རུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །སྲན་ཚོད་དམ། བཟའ་བའམ། ཡང་བསྐྱར་ཏེ་ལྷག་པར་བྱིན་ཅིག་ཅེས་བྱ་བ་ལ་སོགས་པའི་སྒྲས་ནི་ཟས་ལྷག་མ་དག་སྟོབ་པ་ཡང་བསྡུ་བའི་ཕྱིར་རོ། །དེས་ན་ཟས་འདྲེན་པའི་བསྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་པ་ནི་ལྟུང་བྱེད་འདི་སྐྱེད་པའི་བྱེད་པ་པོ་ཉིད་ཡིན་ནོ། །འདིའི་ལྟུང་བ་བསྐྱེད་པ་དེ་མགྲོན་དུ་བོས་པ་ཐམས་ཅད་དུའམ་ཞེ་ན། གལ་ཏེ་བསྐོ་ཤམ་བྱེད་པའི་དགེ་སློང་མ་དེའི་ཚིག་གིས་སམ། བསྐོ་བའམ་བྱེད་པོའི་དགེ་སློང་མ་དེའི་ཉེ་དུས་མགྲོན་དུས་བོས་པ་ཡིན་ན་ལྟུང་བ་འདི་སྐྱེད་པའི་བྱེད་པ་པོ་ཉིད་ཡིན་པའོ། །ལུང་རྣམ་འབྱེད་ལས། དགེ་སློང་མ་དེའི་ངོར་མགྲོན་དུ་བོས་པ་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །དགེ་སློང་མ་དེའི་ཚིག་གིས་ཆོས་བཤད་པ་ལ་སོགས་པའི་རྒྱུ་མཚན་གྱིས་དགེ་སློང་མ་དེའི་ངོར་དགེ་སློང་རྣམས་མགྲོན་དུ་བོས་པ་ན་ཁྱིམ་པས་དགེ་སློང་མ་ཞལ་ཏ་བྱེད་དུ་བཅུག་པར་གྱུར་ཏམ། དགེ་སློང་མ་དེའི་ཉེ་དུས་མགྲོན་དུ་བོས་པ་ཡིན་ན་ནི་དགེ་སློང་མ་བསྐོ་ཤམ་བྱེད་པ་དེ་ལ་མ་བསྒོ་བར་དགེ་སློང་གིས་ཟོས་ཀྱང་ལྟུང་བ་མེད་དོ། །དམིགས་བསལ་བསྟན་པའི་ཕྱིར་དགེ་སློང་མས་(༡༩༦ན)


K8Z003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་རིས་སྟོན་པ་ནི་འདིར་ཟས་བྲིམས་ཤིག །དེའི་འོག་ཏུ་འདིར་བྲིམས་ཤིག་ཅེས་བྱ་བ་ལ་སོགས་པས་གྲལ་རིམ་བཞིན་དུ་དགེ་སློང་གི་མདུན་གྱི་བྱུག་རིས་སྟོན་པར་བྱེད་པ་དང་། ཟས་བྲིམས་པ་པོས་བརྗེད་པ་ལ་སོགས་པས་གྲལ་མཐོ་ཤོས་སུ་སྐལ་བ་མ་བྱིན་པར་ཐོད་རྒལ་དུ་འདས་ཏེ། གྲལ་འོག་མར་སྐལ་བ་བྱིན་པར་གྱུར་ན་དེའི་ཚེ་གྲལ་གོང་མ་ཤོས་ཀྱི་དགེ་སློང་ལ་སྐལ་བ་མ་སྦྱིན་པ་ལ་དགེ་སློང་མས་བྱིན་དུ་འཇུག་པ་ནི་དགེ་སློང་གིས་ཟོས་ཀྱང་ལྟུང་བ་བསྐྱེད་པ་ལ་མ་གཏོགས་སོ། །དགེ་སློང་མས་བསྐོ་ཤམ་བྱས་པ་ཡོད་ཀྱང་ཕྱིན་ཅི་ལོག་བྱས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། དགེ་སློང་མ་དེ་ལ་སུས་མ་བསྐོ་བར་ཞེ་ན། དགེ་སློང་ཟ་བ་པོའམ་དེ་མ་ཡིན་པ་གང་ཡང་རུང་བ་དགེ་སློང་སྟོན་མོ་དེའི་ནང་དུ་ཟས་ཟོས་ཟིན་ནས་སྔར་ལངས་པ་དེས་བསྒོ་བ་བྱས་ན་བསྒོ་བ་ཉིད་ཡིན་པས་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་དགེ་སློང་དེ་དག་གིས་ཇི་སྐད་བསྒོ་བར་བྱ་ཞེ་ན། སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཟིན་གྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་པ་སྟེ། ཊཱི་ཀར། དེ་ཡང་བཟློག་པའི་ཚིག་གི་དཔེ་ཙམ་དུ་ཟད་དེ། ཞེས་སོ། །དེ་སྐད་མ་བསྒོ་བར་དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ན་ལྟུང་བ་དངོས་གཞིའོ། །བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་ཟོས་ན་དངོས་གཞིའོ། །ཁྱིམ་དུ་ཟོས་པ་ནི་མཚོན་པ་སྟེ་སྦྱིན་བདག་ཁྱིམ་པ་ཡིན་ནའོ། ཊཱི་ཀ་ལས། སྦྱིན་བདག་ཁྱིམ་གྱི་མི་ཐམས་ཅད་འདུས་པའམ། དེ་བསྐོས་པ་ལ་སོགས་པས་ཟན་སྦྱར་བ་ཉིད་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་མགྲོན་དུ། ཞེས་སྨོས་སོ། །ཁྱིམ་གྱི་ཟན་ལས་གཞན་པ་གཙུག་ལག་ཁང་ལ་སོགས་པའི་ཟན་དང་། དགེ་སློང་གཅིག་གམ་གཉིས་མགྲོན་དུ་བོས་པ་ལ་ནི་འདིར་རྗེས་སུ་འབྲང་བས་ཉེས་བྱས་སུ་ཤེས་པར་བྱའོ། །(༡༩༦བ)


K8Z003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་ན་སྟེ། གཏམ་ཐ་མལ་པ་ཐོས་སུ་རུང་བ་ན་གནས་པ་ལ་མ་བསྒོས་པར་ཟོས་ན་དངོས་གཞིའོ། །གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་མི་རུང་ན་སྟེ་གཏམ་ཐ་མལ་པ་མི་ཐོས་པ་ཙམ་གྱི་ས་ཐག་གིས་བར་དུ་ཆོད་ན་དེ་ལ་མར་སྒོ་བར་ཟོས་ན་ཉེས་བྱས་ཀྱི་བྱེད་པ་པོའོ། །བསླབ་པའི་གཞི་འདི་ལ་དགེ་སློང་གིས་དགེ་སློང་མ་དེ་ལ་བསྒོ་བ་ཉིད་དུ་རྣམ་པར་གནས་པ་ནི་ཤེས་གཙོའོ། །དེས་ན་བསྒོ་བ་ལ་བསྒོ་བ་ཉིད་དུ་འདུ་ཤེས་ན་ལྟུང་བ་མེད་པ་བཞིན་དུ་མ་བསྒོ་བ་ལ་བསྒོ་བ་ཉིད་དུ་འདུ་ཤེས་ན་ཡང་ལྟུང་བ་མེད་དོ། །དགེ་སློང་གཞན་གྱིས་བསྒོས་ཀྱང་རང་གི་ཚིག་དེ་མ་ཐོས་པས་མ་བསྒོ་བ་ཉིད་དུ་འདུ་ཤེས་ཏེ་ཟོས་ན་ལྟུང་བ་ན་སྨད་བསྐྱེད་ཅིང་། མ་བསྒོ་བ་ལ་མ་བསྒོ་བ་ཉིད་དུ་འདུ་ཤེས་ཏེ་ཟོས་ན་ལྟུང་བ་དངོས་གཞིའོ། །གསུམ་པ་ནི། བསྒོ་བ་ཉིད་ལ་རྣམ་པར་གནས་པ་འདི་ནི་འདུ་ཤེས་གཙོ་ཆེ་བ་དེའི་ཕྱིར་དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བ་ལ་བརྩོན་པར་བྱའོ། །བསྒོ་བ་བྱས་སམ་ཞེས་དགེ་སློང་རྣམས་ལ་དྲི་བ་འདི་ལ་རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱའོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་བཤད་ཅིང་། དགེ་སློང་མ་ལ་བསྒོ་བ་འདི་ལ་རྒན་པ་མི་འཇུག་ན་གསར་བུས་འཇུག་པ་ཞེས་འགྲེལ་ཆུང་ལས་བཤད་པ་ནི་མི་རིགས་ཏེ། དེ་ལ་དགེ་སློང་གང་ཡང་རུང་བ་ཞེས་གསུངས་པས་བསྒོ་བ་འདི་ལ་བསླབ་པ་རྒན་གཞོན་ལ་གོ་རིམ་ངེས་པ་མེད་དོ། །གྲལ་གོང་མ་རྣམས་སུ་མ་བྲིམས་པར་གྲལ་འོག་མར་འབྲིམ་དུ་འཇུག་པ་ལྟ་བུ་གྲལ་གྱི་གོ་རིམ་དུ་མ་ཕེབས་པར་དགེ་སློང་མས་འབྲིམ་དུ་འཇུག་པ་དེ་དགེ་སློང་གིས་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པའོ། །། །སོ་སོར་བཤགས་པ་གསུམ་པ་ལ། བསླབ་པར་བྱ་བ་བརྗོད་(༡༩༧ན)


K8Z003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ལྟུང་བའི་རྣམ་པར་བཞག་པ་དང་། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། དངོས་སུ་ཁྱིམ་བདག་དེ་འཕོངས་པར་འགྱུར་པ་དགག་དགོས་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཁྱིམ་གྱི་བསླབ་པའི་སྡོམ་པ་གང་ལ་སྦྱིན་པ་ནི། ཁྱིམ་པ་ཆོས་བརྒྱད་དང་ལྡན་པ་སྟེ་ལྷུང་བཟེད་ཁ་དབུབ་པའི་སྐབས་སུ་ཞར་བྱུང་དུ་འཆད་པར་འགྱུར་རོ། །གཉིས་པ་རྟེན་གང་གིས་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་ཟངས་ཁ་སྐོང་འོས་པ་མི་མཐུན་པ་གཉིས་བྲལ་གྱིས་སོ། །གསུམ་པ་ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་དངོས་གཉིས་ལས། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་དང་། ཁྱིམ་པ་དེས་ཕྱག་བཙལ་ཞིང་གསོལ་བ་ལན་གསུམ་གདབ་པའོ། །དངོས་གཞི་ནི་གསོལ་བ་འབའ་ཞིག་པའི་ལས་བྱ་བའོ། །འདི་ལ་མཇུག་གི་ཆོ་ག་ནི་ལུང་དང་བསྟན་བཅོས་ལས་མ་གསུངས་སོ། །བཞི་པ་བསླབ་བྱ་ནི། ཟས་བླང་བའི་དོན་དུ་དེའི་ཁྱིམ་དུ་མི་འགྲོ་བ་ལ་སོགས་པའོ། །གཉིས་པ་ནི། ཁྱིམ་བདག་དད་པ་ཅན་གྱིས་གལ་ཏེ་སྦྱིན་པ་བྱིན་ནས་དད་པ་ཅན་དེ་ཡོ་བྱད་ཀྱིས་ཕོངས་པར་གྱུར་པ་ལྟ་ན་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །གང་གིས་སྦྱིན་ན། གསོལ་བ་འབའ་ཞིག་པའི་ལས་ཀྱིས་སོ། །ཁྱིམ་གྱིས་བསླབ་པའི་སྡོམ་པ་དེ་བག་ཡངས་སུ་བྱ་བ་སྟེ། ཁྲིམས་སུ་བཅའ་བ་དེ་གཞིག་པ་ཡང་གསོལ་བས་སོ་ཞེས་སྔ་མར་སྦྱར་ཏེ། གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱའོ། །དགེ་སློང་རྣམས་ཁྱིམ་དེར་མ་འོངས་པས་ཁྱིམ་བདག་དེ་སེམས་མི་དགའ་བ་ཉིད་དུ་གྱུར་ན་ནི། །ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་བདག་དེའི་སེམས་མི་དགའ་བར་གྱུར་པ་དེ་དགེ་སློང་རྣམས་ཀྱིས་རྟོགས་ན་དེའི་(༡༩༧བ)


K8Z003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་དུ་འགྲོ་བ་དང་། དེའི་སྟན་པ་འདུག་པ་དང་ཆོས་བསྟན་པ་དག་བྱའོ། །ལུང་ལས། བསོད་སྙོམས་བླང་བར་ནི་མི་བྱའོ། །ཞེས་སོ། །དམག་དཔོན་སེང་གེའི་ཆུང་མས་སྨྲས་པ། འོ་སྐོལ་གྱི་ཁྱིམ་དུ་དགེ་སློང་འགའ་ཡང་མི་འོངས་ཏེ། ཁྱིམ་འདིར་དགེ་སློང་རྣམས་ཀྱི་བཤོས་ཤིན་ཏུ་བཀག་ཀྱང་གདན་ལ་ལོངས་སྤྱོད་པ་དང་ཆོས་སྟོན་པ་ལ་ནོངས་པ་ཅི་མཆིས་ཟེར་བ་ལ་འདི་གསུངས་སོ། །དམག་དཔོན་སེང་གེའི་ཆུང་མས་སྨྲས་པ། སྔོན་ནི་དགེ་སློང་རྣམས་ལྷུང་བཟེད་སྟོང་པར་བདག་གི་ཁྱིམ་དུ་ཞུགས་ནས་ལྷུང་བཟེད་གང་བ་དག་གིས་ཕྱིར་འབྱུང་ན། ད་ནི་ལྷུང་བཟེད་སྟོང་པ་དག་གིས་དབྱུང་ངོ་ཞེས་ངུ་བར་བརྩམས་པ་ལས་དགེ་སློང་གིས་ཁྱིམ་དེར་ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ། །དེར་ལྷུང་བཟེད་བསྐུར་དགོས་ནའང་གཞན་ནས་ཟས་བླངས་ཏེ་བཀང་ལ་བསྐུར་རོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་དེའི་བྱིས་པ་སློང་བ་དག་ལ་དགེ་སློང་གིས་བསོད་སྙོམས་ལས་སྣུམ་ཁུར་སྦྱིན་པར་བྱ་ཞིང་རིལ་གྱིས་ནི་མ་ཡིན་ནོ། །ཁྱིམ་བདག་དབུལ་པོར་གྱུར་པ་དེས་སླར་ཕྱུག་པོར་གྱུར་ནས་དགེ་འདུན་སྤྱན་འདྲེན་ཅིང་། ཁྱིམ་བདག་དེ་བག་ཡངས་སུ་བྱ་བ་དེ་འདོད་ན་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་དགེ་འདུན་གྱིས་གཞིག་ཅིང་བག་ཡངས་སུ་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཡངས་པ་ཅན་དུ་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་ལས་དྲུག་སྡེས་ཟས་བླངས་ཏེ་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་དངོས་སུ་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་དང་། དགེ་འདུན་གྱི་ནང་ཁྲིམས་དྲལ་བས་རང་རིས་ཀྱི་དགེ་འདུན་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་(༡༩༨ན)


K8Z003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་ལས་ངག་གི་རིག་བྱེད་ཀྱིས་ཟས་བསླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལས་བླང་བའི་ཡུལ་དང་། གང་ལེན་ཅིང་ཟ་བའི་དངོས་པོ་དང་། གང་གིས་ལེན་ཅིང་ཟ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཁྱིམ་པ་ཡིན་པ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་པ་སྟེ། བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་ཞེས་གསུངས་སོ། །རྫས་ཀྱི་སྒོ་ནས་བདག་ལས་ཐ་དད་པ་སྟེ་དགག་བྱའི་གནད་ཀྱིས་སོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་གང་ལེན་ཅིང་ཟ་བའི་དངོས་པོ་ལ་ལྔ་ལས། དུས་སུ་རུང་བ་ཡིན་པ་དང་། ལྡམ་ལྡུམ་ལ་སོགས་པ་མོད་པ་མ་ཡིན་པ་སྟེ། བཟའ་བ་དང་བཅའ་བ་བླང་ཞིང་ཟོས་པ་ལ་སྟེ་ཞེས་དང་། ག་གོན་དང་། ལ་ཕུག་དང་། ལྡམ་ལྡུམ་མོད་པ་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་དང་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ། སྔར་སྐབས་གཞན་དུ་བཤད་པ་བཞིན་ནོ། །གསུམ་པ་གང་གིས་ལེན་ཅིང་ཟ་བའི་རྟེན་ནི། དགེ་འདུན་གྱིས་ཁྲིམས་སུ་བཅས་པ་དེའི་ཁོངས་སུ་གཏོགས་པ་སྟེ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་དེ་ལས་རང་དོན་དུ་ཟས་བླངས་ཏེ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་ངག་གི་རིག་བྱེད་ཀྱིས་ཟས་ལེན་ཅིང་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །གཉིས་པ་ནི། ཊཱི་ཀ་ལས། ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་མདུན་རོལ་དུ་དགེ་སློང་མགྲོན་དུ་(༡༩༨བ)


K8Z003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བོས་མཆོད་ཟུང་གཅིག་ལྟ་བུ་ན་ནི་དེས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་ཟོས་ཀྱང་ལྟུང་བ་མེད་དོ། །ཞེས་བཤད་ཅིང་། ལུང་ལས་ཀྱང་དེ་ལྟར་གསུངས་སོ། །དེས་ན་ལྟུང་བ་འདི་བསྐྱེད་པ་ལ་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པར་གྱུར་པའི་དགེ་སློང་གིས་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་ལ་སྟེ་སོ་སོར་བཤགས་པའི་ལྟུང་བ་འདི་འབྱུང་ངོ་། །འདིའི་ཁྱིམ་ནི། ཊཱི་ཀར། གཡོས་མལ་གཅིག་པ་ཉིད་དང་ནོར་བགོས་པ་འདི་ཡིན་པ་དེ་ཚུན་ཆད་ནི་འདིར་ཁྱིམ་གཅིག་པ་ཉིད་ཡིན་པས། ཞེས་སོ། །གསུམ་པ་ནི། ཐམས་ཅད་དུའམ་ཞེ་ན། ག་གོན་དང་ཞེས་པ་ནི་ཚིག་གི་བརྗེད་བྱང་དུ་རྒྱལ་མོ་ག་གོན་ནོ་ཞེས་ཏེ་ཤིང་ཏོག་ཞིག་ལ་འཆད་ཀྱང་། འདིར་ནི་ལ་སྟོད་པ་དག་ཉུང་མའི་མིང་ལ་ག་གོན་དུ་འཆད་པ་ཡིན་པས་ཉུང་མ་དང་། ལ་ཕུག་དང་། ལྡམ་ལྡུམ་མོད་པ་དག་ནི་བསླངས་ཏེ་ཟོས་ཀྱང་ལྟུང་བྱེད་འདི་བསྐྱེད་པ་ལ་མ་གཏོགས་སོ། །ཊཱི་ཀར། དེ་ལ་གནོད་པ་འགར་ཡང་མི་འགྱུར་བ་ནི་མ་གཏོགས་ཏེ། དེ་དག་ནི་མོད་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་སོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པའོ། །། །སོ་སོར་བཤགས་པ་བཞི་པ་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། ལོངས་སྤྱོད་ཀྱི་བར་ཆད་སྤང་བ་དང་། མ་བསྐོས་པའི་ལྟུང་བ་མི་འབྱུང་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་བསྐོ་བ་ནི། ཆོས་བཅུ་བཞི་དང་ལྡན་པས་བསྐོ་སྟེ། སྤོང་བ་པའི་ཞལ་ཏའི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་(༡༩༩ན)


K8Z003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་སྤྲོ་བ་དྲི་བའོ། །དངོས་གཞི་ནི་གསོལ་གཉིས་ཀྱིས་བསྐོ་བ་སྟེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོས་པའི་བསླབ་བྱ་ནི། དཔག་ཚད་ཕྱེད་ཚུན་ཆད་བརྟག་པ་ལ་སོགས་པའོ། །གཉིས་པ་ནི། ནགས་ན་ཆོམ་རྐུན་པ་ཡོད་མེད་ཉུལ་བའི་དགེ་སློང་གསོལ་གཉིས་ཀྱིས་བསྐོ་བར་བྱའོ། །བརྐོས་པའི་དགེ་སློང་དེས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །བརྟགས་ནས་ཆོམ་རྐུན་ཡོད་ཅིང་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོགས་པོ་དག་ལ་གོ་བར་བྱ་བའི་ཕྱིར་དུད་བརྡ་བཏུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདབ་མའི་ཆང་བུ་དག་ལམ་ཀར་བཞག་པར་བྱའོ། །འདིའི་དགོས་པ་གྲོགས་ཕྱི་མ་འོང་བས་ལམ་མི་ཤེས་པའི་ཕྱིར་རྩའི་ལོ་མ་ལམ་དུ་བོར་ལ་ལམ་མཚོན་གྱི་བརྡ་བྱའོ། །འཇིགས་པ་དང་བཅས་པ་ལས་གཞན་འཇིགས་པ་མེད་པ་ཉིད་དུ་ན་བ་དན་དཀར་པོ་དག་བསྒྲེང་བར་བྱའོ། །ནགས་ཉུལ་བའི་དགེ་སློང་དེ་ཁྱེའུ་སུས་ལ་སོགས་པ་འདོད་པ་ཉིད་ཡིན་ན། དེ་ལ་ཁྱེའུ་སུས་དང་ནགས་ཉུལ་བའི་ཟླ་གྲོགས་དག་ཀྱང་སྦྱིན་པར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་ནགས་མ་ཉུལ་བར་ཆོམ་རྐུན་གྱི་འཇིགས་པ་དང་བཅས་པ་དེར་དྲུག་སྡེས་ཟས་བླངས་ཏེ་ཟོས་པ་ལས་སོ་སོར་བཤགས་པར་བྱ་བ་བཅས་སོ། །དགག་བྱ་ནི་ཡིད་བརྟན་པ་ལ་བསླུས་པའི་སྒོ་ནས་ལོངས་སྦྱོད་ཀྱི་བར་ཆད་དུ་འགྱུར་བ་དང་། ཟས་ལ་ཧ་ཅང་གདུང་བ་ཆེས་པས་གཞན་མ་དད་པར་གྱུར་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིགས་པ་དང་བཅས་པའི་ནགས་(༡༩༩བ)


K8Z003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉུལ་བར་འཇིགས་པ་དང་བཅས་པ་དེར་སྦྱིན་བདག་ཁྱིམ་པ་ལས་ཟས་བླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ལ་བླང་བའི་ཡུལ་དང་། གང་ལེན་ཅིང་ཟ་བའི་དངོས་པོ་དང་། གང་དུ་ལེན་ཅིང་ཟ་བའི་གནས་དང་། གང་གིས་ལེན་ཅིང་ཟ་བའི་རྟེན་ནོ། །དང་པོ་ལ་བཞི་ལས། ཁྱིམ་པ་ཡིན་པ་དང་། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གསུམ་སྔར་གོས་སློང་བའི་སྐབས་སུ་བཤད་པ་བཞིན་ནོ། །དགེ་འདུན་ལ་བསྔོས་པ་ཡིན་པ་སྟེ་ལུང་གི་གླེང་གཞི་ལས་ཤེས་སོ། །གཉིས་པ་གང་ལེན་ཅིང་ཟ་བའི་དངོས་པོ་ལ་བཞི་ལས། དུས་སུ་རུང་བ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་ནི་སྔར་སྐབས་གཞན་དུ་བཤད་པ་དང་འདྲའོ། །སྦྱིན་བདག་དེས་དགེ་འདུན་ལ་བསྔོས་པ་ཡིན་པ་སྟེ་སྐབས་དོན་གྱིས་ཤེས་སོ། །གསུམ་པ་གང་དུ་ལེན་ཅིང་ཟ་བའི་གནས་ནི། གྲོང་ལས་རྒྱང་གྲགས་ཡན་ཆད་ཀྱི་མཐའ་ཡིན་པ་དང་། འཇིགས་པ་དང་བཅས་པའི་གནས་ཡིན་པ་སྟེ། ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པ་ཞེས་པ་དང་། འཇིགས་པ་དང་བཅས་པའི་གནས་ཞེས་གསུངས་པས་སོ། །བཞི་པ་གང་གིས་ལེན་ཅིང་ཟ་བའི་རྟེན་ནི། ནགས་ཉུལ་བར་བསྐོས་པ་ཡིན་པ་སྟེ། ནགས་ཉུལ་བའི་དགེ་སློང་བསྐོ་ཞེས་གསུངས་པ་དང་། འགྲེལ་ཆུང་ལས། ནགས་ཉུལ་བར་བསྐོས་པའི་དགེ་སློང་གིས་འཇིགས་པར་ཤེས་བཞིན་དུ་མ་ཉུལ་བར་ཟོས་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་སྔར་བཞིན། ཀུན་སློང་ནགས་མ་ཉུལ་བར་འཇིགས་པ་དང་བཅས་པ་དེར་ཟས་དེ་རང་དོན་དུ་ལེན་ཅིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གནས་དེར་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །
གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བརྗོད་པའོ། །དང་པོ་ནི། འདི་ལ་འདུ་ཤེས་གཙོའོ། །ཡུལ་གང་ལ་ན་ནགས་མ་ཉུལ་བ་ཉིད་ལའོ། །ཊཱི་ཀ་ལས། འདིར་ནགས་ཞེས་བྱ་བ་ནི་དགོན་པར་གྱུར་པ་ཙམ་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་གྱི། ཤིང་ལྗོན་པའི་ཚོགས་ཐིབས་པོ་འབའ་ཞིག་ལ་ནི་མི་བྱའོ། །ཞེས་སོ། །ཅི་ཞིག་བྱས་ན་འདིར་འགྱུར་ན། ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་དང་བཟའ་བ་བླངས་ཏེ་ཟོས་ན་ལྟུང་བྱེད་འདི་འབྱུང་ངོ་། །གཉིས་པ་ནི། དགེ་སློང་གིས་ནགས་དེ་འཇིགས་པ་མེད་པ་ཉིད་དུ་ཉུལ་བས་སྦྱིན་པ་པོ་དག་ལ་ཆོམ་རྐུན་གྱི་གནོད་པ་བསྲུང་བ་བསྒྲུབས་ན་ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པ་ནགས་ཁྲོད་ལ་སོགས་པ་དེར་བཅའ་བ་དང་བཟའ་བ་བླངས་ཏེ་ཟོས་ན་ཉེས་པ་ཕྱེད་ཉིད་དོ་སྟེ་ཉེས་བྱས་སོ། །ནགས་མ་ཉུལ་བ་སྟེ་སྲུང་བ་མ་བསྒྲུབས་ཀྱང་འཇིགས་པ་དང་བཅས་པའི་གནས་ལས་གཞན་དུ་གྱུར་པ་འཇིགས་པ་མེད་པའི་གནས་ཉིད་ལྐོག་དབེན་པ་རུ་ཟོས་ན་ཡང་ཕྱེད་ཉིད་དེ་ཉེས་བྱས་སོ། །ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞི་པའོ། །། །འདིར་སྨྲས་པ། བློ་ཆུང་མང་པོའི་བློ་ཡིས་མི་འཆུན་ཀྱང་། །སྔོན་མེད་ཆོས་སྒོའི་ཁ་དོག་སྣ་ཚོགས་པ། །རྨ་བྱའི་མཇུག་རྩེ་རླུང་གིས་བསྐྱོད་པ་ལྟར། །ཕྲིན་ལས་འོད་ཟེར་འཁྲུགས་པ་འདི་ལྟོས་ཤིག །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། སོ་སོར་བཤགས་པའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousསོ་སོར་བཤགས་ཀྱི་སྡེ། next