Nitartha Digital Library
Tibetan
 
previousདེའི་བཀའ་ཇི་ལྟར་བསྡུས་པ། next

དེའི་བཀའ་ཇི་ལྟར་བསྡུས་པ།

དེའི་བཀའ་ཇི་ལྟར་བསྡུས་པ་ལ་གཉིས། ཐེག་པ་ཐུང་མོང་བ་དང་། ཐེག་ཆེན་ཐུང་མོང་མ་ཡིན་པའི་བསྡུས་ཚུལ་ལོ། །དང་པོ་ལ་བཀའ་བསྡུ་རིམ་པ་གསུམ་ལས། དང་པོ་ནི། དུས་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་དེ། གནས་རྒྱལ་པོའི་ཁབ་ནྱ་གྲོ་ཏའི་ཕུག་ཏུ་སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲས་མཛད་ནས། ཚོགས་པ་དགྲ་བཅོམ་པ་ལྔ་བརྒྱ་དབྱར་གནས་མཛད་དེ། ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་རྣམས་བསྡུས་ཤིང་། དགོས་པ་ལྷ་རྣམས་ཀྱི་འཕྱ་བ་བསལ་བ་དང་། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་དུ་བཀའ་བསྡུ་དང་པོ་མཛད་དོ། །གཉིས་པ་ནི། དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན། གནས་ཡངས་པ་ཅན་དུ། སྦྱིན་བདག་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཛད་དེ། ཚོགས་པ་དགྲ་བཅོམ་པ་བདུན་བརྒྱ་འདུས་ཏེ། དགྲ་བཅོམ་གྲགས་པ་དང་། ཐམས་ཅད་ལ་སོགས་པས་སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་དེ། དགོས་པ་རུང་བ་མ་ཡིན་པའི་གཞི་བཅུ་བསལ་བ་དང་། །བསྟན་པ་ཡུན་རིང་རུ་གནས་པའི་ཕྱིར་བཀའ་བསྡུ་གཉིས་པ་མཛད་དོ། །བསྡུ་བ་གསུམ་པ་ལུང་ན་མེད་པས་མི་མཐུན་པ་མང་ཡང་ཡོངས་སུ་གྲགས་པ་ནི། དུས་སྟོན་པ་གཤེགས་ནས་ལོ་སུམ་བརྒྱ་ན། གནས་ཁ་ཆེའི་ཡུལ་གྱི་དགོན་པ་ཀུ་པ་ན་ཞེས་པར། སྦྱིན་བདག་ཛ་ལནྡྷ་རའི་རྒྱལ་པོ་ཀ་ནི་ཀས་བྱས་ཏེ། ཚོགས་པ་དགྲ་བཅོམ་པ་ལྔ་བརྒྱ། ཝ་པུ་མི་ཊ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་འདུས་ནས། བསྡུ་པ་པོ་པུརྞི་ཀ་ལ་སོགས་པས་སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་དེ། དགོས་བ་སྡེ་བ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གྲུབ་མཐའ་ལ་རྟེན་ནས་རྣམ་གྲོལ་ཀྱི་འབྲས་བུ་ཐོབ་པར། རྒྱལ་པོ་ཀྲི་ཀྲིའི་རྨིས་ལྟས་ལུང་བསྟན་པའི་མདོ་ལ་བརྟེན་ནས་སྒྲུབ་པ་དང་། བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་བཀའ་བསྡུ་གསུམ་པ་མཛད་དོ། །དེ་ཡང་སངས་རྒྱས་འོད་སྲུང་འཛམ་བུའི་གླིང་ན་བཞུགས་པའི་ཚེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ་རས་ཡུག་གཅིག་སྐྱེས་བུ་སྟོབས་དང་ལྡན་པས་བཅོ་བརྒྱད་དུ་བྱས་ཏེ། ཐམས་ཅད་ཁ་ཚར་མ་ཉམས་པ་རེ་རེར་གྱུར་པ་རྨིས་པས། འོད་སྲུང་གིས་མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་འགྱུར་བ་ནི། རས་ཡུག་གཅིག་དུམ་བུ་བཅོ་བརྒྱད་དུ་གྱུར་པའོ། །ཐམས་ཅད་ཀྱང་ཁ་ཚར་མ་ཉམས་པ་ནི་སྡེ་པ་དེ་དག་རེ་རེའི་གྲུབ་མཐའ་ལ་རྟེན་ནས་ཀྱང་རྣམ་གྲོལ་གྱི་འབྲས་བུ་ཐོབ་པར་ནུས་སོ། །ཞེས་མདོ་ལས་བཤད་དོ། །

འདི་དག་གི་ཁྱད་པར་ལ། རྩ་བའི་སྡེ་པ་བཞི་ནི། ཕལ་ཆེན་པ། ཐམས་ཅད་ཡོད་པར་སྨྲ་བ། གནས་བརྟན་པ། མང་པོས་བཀུར་བ་པ་རྣམས། ལེགས་སྦྱར་གྱི་སྐད་དང་། རང་བཞིན་གྱི་སྐད་དང་། ཟུར་ཆག་གི་སྐད་དང་། པི་ཤ་ཙིའི་སྐད་དུ་སོ་སོར་གནས་པ་ཡིན་ནོ། །དེ་ལས་གྱེས་པ་བཅོ་བརྒྱད་ནི། །དུལ་བའི་ལྷས། ཤར་དང་ནུབ་དང་གངས་རི་དང་། །ཞེས་སོགས་གསུངས་པའི་དོན། ཕལ་ཆེན་པ་ལ། ཤར་དུ་གནས་པ། ནུབ་དུ་གནས་པ། གངས་རིར་གནས་པ་གསུམ་ནི་ཡུལ་གྱི་ཕྱེ་བ་ཡིན་ལ། འཇིག་རྟེན་ལས་འདས་པར་སྨྲ་བ། རྟོག་པར་སྨྲ་བ་གཉིས་ནི་དོན་གྱི་ཕྱེ་བའི་སྡེ་པ་སྟེ་ལྔའོ། །ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ། །གཞི་ཀུན་ཡོད་པར་སྨྲ་བའི་སྡེ་དང་། འོད་སྲུང་གི་སྡེ་དང་། ས་སྟོན་གྱི་སྡེ་དང་། ཆོས་སྲུང་གི་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། རྣམ་པར་བརླག་པའི་སྡེ། གོས་དམར་ཅན་གྱི་སྡེ་སྟེ་ལྔ་ནི་སློབ་དཔོན་གྱིས་ཕྱེ་ཞིང་། འཕགས་པ་གནས་བརྟན་པ་ལ། རྒྱལ་བྱེད་ཚལ་དུ་གནས་པ། འཇིགས་མེད་དུ་གནས་པ། གཙུག་ལག་ཁང་དུ་གནས་པ་གསུམ་སྟེ། གནས་ཀྱི་སྒོ་ནས་ཕྱེ་བ་གསུམ་མོ། །མང་པོས་བསྐུར་བ་ལ་ས་སྒྲོག་རིགས་དང་། སྲུང་བ་པ་དང་། གནས་མ་བུ་པའི་སྡེ་པ་སྟེ་དོན་གྱི་སྒོ་ནས་ཕྱེ་བ་གསུམ་མོ། །གཉིས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྡུས་ཚུལ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བྷི་མ་ལ་སམ་བྷ་བ་ཞེས་པའི་རི་ལ། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་སྟེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་ཞེས་གྲགས་སོ། །རྟོག་གེ་འབར་བ་ལས་ཀྱང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་བསྡུས་པར་བྱེད་པ་པོ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུངས་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར། །ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྡུད་པ་པོ་ནི། རྒྱུད་རང་རང་གི་ཞུ་བ་པོས་བསྡུས་པ་ཡང་ཡོད་ལ། ཕལ་ཆེར་ཕྱག་ན་རྡོ་རྗེས་བསྡུས་པ་ཉིད་དོ། །དེ་ཐམས་ཅད་ཀྱང་དུས་དབྱེ་ན་འཁོར་ལོ་རིམ་པ་གསུམ་མམ་བཞི། རྗོད་བྱེད་ཀྱིས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་སམ། སྡེ་སྣོད་གསུམ། བརྗོད་བྱ་བསླབ་པ་རིན་པོ་ཆེ་གསུམ་དུ་བསྟན་པའི་ཆོས་ཐམས་ཅད་འདུས་པར་གསུངས་ལ། གསང་སྔགས་ནི། ཤནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པའི་ཕྱིར་མདོ་སྡེའོ། །ཞེས་དང་། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱི་ཉོན། །ཅེས་མདོ་སྡེའི་སྡེ་སྣོད་དུ་གསུངས་ལ། ཨ་བྷྱས། སྡེ་སྣོད་གསུམ་ཀའི་དོན་ཆ་ལྡན་དུ་སྟོན་པས་གསུམ་ཀའི་ཆར་གཏོགས་པར་བཞེད་དོ། །དེ་ལྟ་བུའི་ལུང་སྡེ་སྣོད་གསུམ་འཆད་ཉན་ཀྱིས་གཏན་ལ་འབེབས་ཤིང་། བསླབ་པ་རིན་པོ་ཆེ་གསུམ་སྒྲུབ་པ་ཉམས་ལེན་གྱིས་རྒྱུད་སྨིན་པར་མཛད་པ་དེ་ལ་བསྟན་པ་འཛིན་པའི་གང་ཟག་ཞེས་བྱ་ཞིང་། དེ་ཇི་སྲིད་གནས་ཀྱི་བར་བསྟན་པ་གནས་པ་ཞེས་བྱའོ། །བསྟན་པའི་གཏད་ལུགས་ཀྱང་། ཐུབ་དབང་ཉེ་བ་འཁོར་དང་ཀུན་དགའ་བོ། །ཤ་ནའི་གོས་ཅན་ཉེར་སྦས་དྷི་དྷི་ཀ ནག་པོ་ལེགས་མཐོང་བློས་མི་འབེབས་ལ་སོགས། །ཞེས་སོགས་གསུངས་པ་ལྟར་བྱོན་ནོ། །འདི་ལུང་ཕྲན་ཚེགས་ལས་གསུངས་པ། ཉན་ཐོས་པའི་ལུགས་ཡིན་ཀྱང་དོན་ལ་མི་འགལ་ཏེ། བསྟན་པའི་རྩ་བ་སོ་སོ་ཐར་པ་ཡིན་པས་སོ། །


previousདེའི་བཀའ་ཇི་ལྟར་བསྡུས་པ། next