སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་རྒྱ་ཆེར་འགྲེལ་ལས་ལེའུ་གསུམ་པ།
སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་རྒྱ་ཆེར་འགྲེལ་ལས་ལེའུ་གསུམ་པ་བཞུགས་སོ། །དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དྲན་པའི་ཕྱེ་མས་ཉེས་པའི་རྙོག་བསལ་བའི། །དང་བའི་སྙིང་ཆུར་གང་གཟུགས་ཐུན་མོང་དང་། །མཆོག་གི་དངོས་གྲུབ་མ་ལུས་སྣང་བྱེད་པའི། །དམ་ཚིག་རྡོ་རྗེའི་མཛད་པས་སྲུང་གྱུར་ཅིག །ཕུན་ཚོགས་དངོས་པོ་ཀུན་གྱི་རལ་པའི་ནགས་ཀྱི་མཐར་ཡང་འགྱུར་མེད་བདེ་བའི་ཆ་གང་གདོད་ནས་རྙོག་པའི་མུན་པས་མ་བརྫིས་ངོ་བོ་ཉིད་ཀྱི་ནི། །སྲིད་ཞི་མཉམ་པའི་ཟླ་བའི་རྒྱ་མཚོར་མ་ལུས་ཡིད་ཅན་དགའ་བ་ཀུན་སྣང་རི་སྐྱེས་ནོར་བུ་གཉིས་མེད་ཆོས་སྐུའི་ཕྱོགས་ཀྱི་བུ་མོར་རྣམ་འཁྱམ་པ། །བརྗོད་བྲལ་ཁྲག་གིས་རབ་དམར་དང་པོའི་དབྱངས་མཐའི་ཐུན་མཚམས་ཞགས་པས་དམ་བཅིངས་སྒྲ་སྐད་ཀུན་གྱི་ནམ་མཁའི་དོ་རར་ཆོས་ལ་རྫོགས་པར་ལོངས་སྤྱོད་ཅིང་། །སྒྱུ་འཕྲུལ་འོད་བརྒྱའི་རོལ་རྩེད་ལྷུར་ལེན་སྲིད་པའི་བར་དུ་འགོག་པ་མེད་པས་ཕན་བདེའི་ཀུ་མུད་ཅི་དགར་རྒོད་ལ་གཉིས་པ་མེད་དེར་ཕྱག་འཚལ་ལོ། །འཁྲུལ་པའི་སྨྱོ་ཆུས་ཡིད་དྲངས་ཐ་སྙད་པ། །མུན་སྤྲུལ་གཞུང་ལུགས་ནང་དུ་འཆོལ་རྣམས་ཀྱང་། །དཔེ་གྲལ་གསུང་གི་བདུད་རྩི་ལ་འཐུངས་པས། །དྲན་རྙེད་མཛད་པ་ཏིལླི་ནཱ་རོའི་ཞབས། །གང་གི་ཞལ་སྐྱིན་རྫིངས་ལ་ཐོས་པའི་འཕན། །བཀོད་ནས་བསམ་པའི་རླུང་སྦྱར་རྒྱུད་དོན་གྱི། །རྒྱ་མཚོར་ཞུགས་ནས་ཟབ་རྒྱས་རིན་པོ་ཆེས། །བང་མཛོད་འགེངས་པ་མར་པའི་དཀར་བརྒྱུད་པ། །དེ་དག་གིས་བསྒྲུབས་ནམ་མཁའི་མཛོད་ཕྱེ་ནས། །སྦྱང་འདོད་སློང་བས་གང་བའི་ཁྱམས་ནང་དུ། །བསམ་པ་མ་ལུས་སྟེར་བའི་མཆོད་སྦྱིན་མཁན། །དཔལ་ལྡན་འབྲུག་པ་རྣམས་ལ་ཕྱག་འཚལ་ལོ། །མོས་དགའི་འཛིན་མ་ལ་བཀོད་པའི། །ཤཱཀྱའི་བསྟན་པ་ཡོད་དགུའི་གཟུགས། །བདག་བློའི་མེ་ལོང་དྲི་མེད་དུ། །ལེགས་བཤད་བརྙན་པོའི་སྣང་བ་འཛིན། །འདིར་རྡོ་རྗེའི་ཐེག་པ་པ་རྣམས་ཀྱི་ཆེད་དུ་བྱ་བ་ནི། རིག་པ་འཛིན་པའི་སྡོམ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་ཚུལ་ཁྲིམས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལས་རབ་ཏུ་རྨད་དུ་བྱུང་བའི་གསང་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་བརཏལ་ཞུགས་ཀྱི་སྤྱད་པ་ཆེན་པོ། རྡོ་རྗེ་འཆང་གི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་རྣམས་ལ་ཞུགས་ཏེ། བླ་མ་དམ་པའི་གསུང་གི་རྡོ་རྗེ་ལ་ནོར་བུ་རིན་པོ་ཆེའི་རྒྱལ་པོར་གྲུབ་པ་གང་། ཆོས་ཀྱི་ཚུལ་ཐམས་ཅད་ལ་རྣམ་པར་རྟོག་ཅིང་དཔྱོད་པའི་བློ་གྲོས་ཀྱི་དེད་དཔོན་ཆེན་པོས་ཡོངས་སུ་བཟུང་ནས། ཐེག་པ་བླ་ན་མེད་པའི་སྐལ་བ་དང་ལྡན་པའི་གང་ཟག་དག་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཡིད་ལ་བརྣགས་པ་ལྟར་དུ་སྦྱིན་པའི་སླད་དུ། ལེའུ་གསུམ་པ་དེ་བཞིན་གཤེགས་པའི་འདུལ་བ་ཕྱོགས་གཅིག་ཏུ་བསྡོམས་པའི་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེ་མོ་འདིར་མཆོད་པའི་ཚུལ་རྒྱས་པ་ཞིག་སྤྲོ་བར་བྱའོ། །འདི་ལ་ངོ་བོ་དང་རྣམ་པར་དབྱེ་བ་ཙམ་གྱི་སྒོ་ནས་མདོར་བསྟན། གང་ལ་མོས་པ་དེ་ཉིད་ལ་བཀྲི་བའི་རིམ་པས་རྒྱས་པར་བཤད། སྡོམ་པ་གསུམ་རྒྱུད་གཅིག་ལ་ལྡན་ཚུལ་གྱི་རྣམ་པར་གཞག་པས་དོན་བསྡུ་བ་གསུམ་ལས། དང་པོ་ནི། ལུས་ངག་ཡིད་གསུམ་ཐབས་ཤེས་ཀྱིས་ཟིན་པར། །བསྡམ་པའི་ཚུལ་ཁྲིམས་སྔགས་སྡོམ། ཞེས་པ། ལུས་ངག་ཡིད་གསུམ་ཐབས་དང་ཤེས་རབ་ཟབ་མོའི་བདག་ཉིད་ཅན་དུ་བསྡམ་པའི་ཚུལ་ཁྲིམས་སྔགས་སྡོམ་གྱི་མཚན་ཉིད་ཡིན་ཏེ། བྱ་བའི་རྒྱུད་དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས། གང་གི་ཚེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པས་བདག་ཉིད་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། རྟག་ཏུ་དུས་ཐམས་ཅད་དུ་བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་སྤྱད་པ་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཞེས་དང་། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང་གསུངས་པ། དེ་ལ་སྡོམ་པ་གང་ཞེ་ན། བསྡམ་པ་ནི་སྡོམ་པ་སྟེ། ལུས་དང་། ངག་དང་། ཡིད་རྣམས་བསྡུས་ཤིང་ཡོངས་སུ་བསྡུས་པ་ཕྱི་དང་ནང་གི་སྡུག་བསྔལ་སེལ་བར་འགྱུར་བ་དེ་ནི་སྡོམ་པ་ཡིན་ནོ། །ཞེས་དང་། ཡང་འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །ཞེས་དང་། ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེ་འཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོ་ཉན་ཐོས་རྣམས། །དེ་ལ་བཟུང་བའི་ཕྱིར་བཤད་དོ། །ཞེས་དང་། རྣལ་འབྱོར་གྱི་རྒྱུད་ལས། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག །ཅེས་དང་། ཀོ་ས་ལར་ནི། ཇི་ལྟར་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་པ་ཡིན་ཞེ་ན། ཕྱིར་མི་ལྡོག་པའི་འཁོར་ལོར་ཞུགས་པའི་ཕྱིར་ཏེ། དེའི་ས་བོན་དུ་གྱུར་པའོ། །དེ་ལྟ་བུའི་ཞེས་པ་ནི་དམ་ཚིག་ཐོབ་པའི་ཕྱིར་རོ། །རྡོ་རྗེ་ཡེ་ཤེས་ནི་རྡོ་རྗེ་དབབ་པ་སྟེ། གང་གིས་འདས་པ་དང་མ་འོངས་པ་ལ་སོགས་པ་ཐམས་ཅད་ཤེས་པའི་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་བའོ། །ཞེས་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཞེས་གསུངས་པས་སོ། །དབྱེ་བ་ནི། བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་གསུངས་བཞི། དེ་ཡང་། རྒྱུད་སྡེ་ལ་གྲངས་ངེས་ཀྱི་རྣམ་པར་བཞག་འཇོག་མང་པོ་ཞིག་ཡོད་མོད་ཀྱང་། བཞིར་བཤད་པ་ཉིད་གྲགས་ཚོད་ཆེ་བས་དེའི་རྗེས་སུ་འབྲངས་ནས། བྱ་བའི་རྒྱུད་ལས་དང་། སྤྱོད་པའི་རྒྱུད་ལས་དང་། རྣལ་འབྱོར་རྒྱུད་ལས་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་གསུངས་པའི་སྔགས་སྡོམ་བཞིའི་དབྱེ་བ་བཤད་ཅིང་། ལུས་ངག་ཡིད་གསུམ་བྱ་བའི་རྒྱུད་ལས་གསུངས་པའི་ཐབས་དང་ཤེས་རབ་ཟབ་མོའི་བདག་ཉིད་ཅན་དུ་བསྡམ་པའི་ཚུལ་ཁྲིམས་ནི། བྱ་བའི་རྒྱུད་ལས་གསུངས་པའི་སྔགས་སྡོམ་གྱི་འཇོག་བྱེད་ཡིན་ལ། དེའི་རིགས་བསྒྲེས་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །བྱ་བའི་རྒྱུད་ལས་གསུངས་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་ཅན་དེ་ཡང་གང་ཡིན་སྙམ་དུ་སོམ་ཉི་ཟ་བ་དག་ལ། འཇམ་དཔལ་རྩ་བའི་རྒྱུད་ལས། ཀྱེ་རྒྱལ་བའི་སྲས། དེ་ལྟར་ན་འདིར་བདག་བདག་ཅེས་བརྟགས་ཤིང་གདགས་པ་བྱས་པ་འདི་ཙམ་ཞིག་ཐབས་དང་ཤེས་རབ་ཀྱི་དོན་དུ་བརྟགས་པར་འདོད་ལ། དེ་རྣམ་པ་གང་ཡང་རུང་བ་ཞིག་གིས་ལྷའི་རྣམ་པར་བྱས་པ་ནི་ཐབས་མཁས་པ་ཕུལ་དུ་བྱུང་བའོ། །གང་གིས་ཕྱིས་ལྷའི་རྣམ་པ་བདག་དང་བཅས་པ་དེ་དག་ངོ་བོ་ཉིད་མེད་ཅིང་མ་སྐྱེས་ལ། སྨོན་པ་མེད་པར་ལྷག་པར་ཁོང་དུ་ཆུད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་ན་འདི་ནི་ཐབས་དང་ཤེས་རབ་ཀྱི་ལམ་ཟུང་དུ་འབྲེལ་བ། སྲིད་པ་དང་ཞི་བའི་དབྱིངས་གཉིས་ཀ་རུ་མི་ལྟུང་བ་འགྲོ་བས་ན་ཐེག་པ་མཆོག་གི་ལམ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་རྒྱུད་དང་། ལུས་དང་། མིང་དང་། འགྲོ་བ་དང་། སྐྱེ་གནས་ཐ་མལ་པ་ལ་མངོན་པར་ཞེན་པ་འགོག་པའི་འབྲས་བུ་ཅན་གྱི་གསང་སྔགས་ཀྱི་ལམ་དུས་གསུམ་དུ་འབྱུང་བའི་རྒྱལ་བ་རྣམས་དགྱེས་པའོ། །ཞེས་གསུངས་པ་ཉིད་དོ། །འགའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བ་བསྒྱུར་བའི་ལྷའི་རྣམ་པར་ལྡང་བའི་ཟབ་གསལ་བླ་མེད་ཀྱི་ཉམས་ལེན་མཐར་ཐུག་ཏུ་འདོད་པ་དག་ལ་གཞུང་འདི་ནི་རྡོ་རྗེ་མགོ་བོར་ལྷུང་བ་ཉིད་དོ། །ཕྱི་མ་དབང་བསྐུར་དབྱེ་བས་རྣམ་བཞིར་བཤད། །ཅེས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་དབང་བསྐུར་རྣམ་པ་བཞིར་བཤད་པ་གཙོ་ཆེ་བའི་འགྲོས་ལ་བརྟེན་ནས་བུམ་དབང་གི་ངོ་བོར་གྱུར་པ་དང་། གསང་དབང་གི་ངོ་བོར་གྱུར་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོར་གྱུར་པ་དང་། ཤེས་རབ་ཡེ་ཤེས་ཆེན་པོའི་དབང་གི་ངོ་བོར་གྱུར་པའི་སྔགས་སྡོམ་བཞིར་དབྱེའོ། །དེ་དག་གི་འཇོག་བྱེད་ཀྱང་རིམ་པ་བཞིན། ལུས་ངག་ཡིད་གསུམ་བསྐྱེད་རིམ་གྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་དང་། ལུས་ངག་ཡིད་གསུམ་རྫོགས་རིམ་མཚན་མ་དང་བཅས་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་དང་། ལུས་ངག་ཡིད་གསུམ་མཚོན་བྱེད་དཔེའི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་དང་། ལུས་ངག་ཡིད་གསུམ་མཚོན་བྱ་དོན་གྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་རྣམས་སོ། །དེ་ཡང་འདིར་དབང་མདོར་བསྟན་པ་ལས། འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་གསུངས་པའི་གནས་སྐབས་ཉིད་ལ་དགའ་བ་བཞིར་བཞག་པས་ཡས་བརྟན་གྱི་མཐའི་ལྷན་སྐྱེས་འཛག་པའི་མཐའ་ཡིན་པས་གསུམ་པ་ཉིད་དུ་འདུ་ལ། བཞི་པ་ནི་མས་བརྟན་གྱི་དགའ་བ་ཁོ་ན་ལ་བཞག་གོ །མདོར་ན་དབང་ཇི་སྙེད་པ་དེ་སྙེད་པའི་སྡོམ་པ་ཡང་ཤེས་པར་བྱའོ།། །། གཉིས་པ་གང་ལ་མོས་པ་དེ་ཉིད་ལ་བཀྲི་བའི་རིམ་པ་རྒྱས་པར་བཤད་པ་ལ། བྱ་བའི་རྒྱུད་དུ་བཀྲི་བའི་ཚུལ། སྤྱོད་པའི་རྒྱུད་དུ། རྣལ་འབྱོར་གྱི་རྒྱུད་དུ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་བཀྲི་བའི་ཚུལ་བཞི་ལས། དང་པོ་ལ། འཇུག་པ་དང་། །སྦྱོར་བ་དང་། འགྲུབ་པ་དང་། གྲུབ་པའི་སྤྱོད་པ་བཞི་ལས། དང་པོ་ལ། དབང་ལ་སོགས་པ་ནོད་པ་དང་། བརཏལ་ཞུགས་བརྟེན་པ་གཉིས་ལས། དང་པོ་ནི། སྔགས་ཀྱི་སྒོར་འཇུག་པར་འོས་ཀྱང་ཕྱིའི་བྱ་བ་མང་པོ་ལ་མོས་ནས། བྱ་བ་མེད་པར་མཉམ་པར་འཇོག་མི་ནུས་པའི་གང་ཟག་ནི་བྱ་བའི་རྒྱུད་ཀྱིས་འདུལ་བར་བྱ་བ་ཡིན་ཏེ། ཚུལ་གསུམ་གྱི་སྒྲོན་མ་ལས། གང་ཡང་རེ་ཞིག་སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་ཀྱིས་སྐྱེ་བོ་མེད་པའི་ནགས་ཚལ་གྱི་གནས་དང་། ཁྲུས་དང་། དཀྱིལ་འཁོར་བྲི་བ་དང་། མཆོད་པ་དང་སྦྱིན་སྲེག་དང་། དཀའ་ཐུབ་དང་། བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་མི་ཐུབ་པས་དེའི་ཕྱིར་ན་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱ་བ་མེད་པར་མཉམ་བཞག་མི་ནུས་པ། །ཞེས་སྨོས་སོ། །ཇི་ལྟར་འཇུག་པ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ཇི་ལྟར་ཡང་དག་པའི་ལྟ་བ་མེད་པ་ལ་སྡོམ་བརྩོན་མེད་པ་དང་། སྐྱབས་སུ་མ་སོང་བ་ལ་ཆོས་འདི་པར་གཏོགས་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་མེད་པ་ལྟར། མངོན་པར་དབང་བསྐུར་བ་མ་བྱས་པ་དག་ལ་ཡང་སྔགས་པའི་ཐ་སྙད་མེད་པར་རིག་པར་བྱའོ། །ཞེས་དང་། ལེགས་པར་གྲུབ་པ་ལས། གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་བཟུང་བར་མི་བྱ་སྟེ། །ཞེས་བཤད་པས། རིག་གཏད་རྗེས་སུ་གནང་དང་དབང་བསྐུར་བ། གང་རུང་ལས་ནོད། ཅེས་སྨྲས་ཏེ། འདིར་རིག་པ་ནི་གསང་སྔགས་ཀྱི་ལྷ་སྟེ། དཔུང་བཟང་གིས་ཞུས་པ་ལས། གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་སོ། །གཏད་པ་ནི། བཟླས་པའི་ལུང་ཙམ་གྱི་རྗེས་སུ་དྲན་པར་བྱེད་པ་སྟེ། དེའི་ཕྱིར་རིག་གཏད་དོ། །རིགས་གང་ཡིན་པ་དེའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་ལུས་ངག་ཡིད་གསུམ་ཉེ་བར་འགྲོ་བར་བཤད་པ་ནི་རྗེས་སུ་གནང་བའོ། །རིགས་གང་གི་བྱ་བ་མཐའ་དག་ལ་དབང་བར་བྱེད་པས་ན་དབང་སྟེ། དེ་ལ་དཔེར་ན་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་རྒྱལ་པོ་ཉིད་དུ་དབང་བསྐུར་བ་བཞིན་དུ། སློབ་དཔོན་དུ་མི་འགྱུར་བ་དང་འགྱུར་བའི་དབང་རྣམ་པ་གཉིས་སུ་ཤེས་པར་བྱའོ། །སློབ་དཔོན་དེ་ཡང་དེ་བཞིན་གཤེགས་རིགས་ཀྱི་སློབ་དཔོན་དུ་དབང་བསྐུར་བས་རིག་གསུམ་ཆར་དང་། པདྨ་རིགས་ཀྱིས་པདྨ་སོགས་གཉིས་དང་། རྡོ་རྗེ་རིགས་ཀྱིས་རང་རིགས་ཁོ་ནའི་རྒྱུད་བཤད་པའི་སློབ་དཔོན་དུ་འགྱུར་བ་ཡིན་ནོ། །སྤྱི་རྒྱུད་ལས། དེ་བཞིན་གཤེགས་རིགས་དཀྱིལ་འཁོར་དུ། །གང་ཞིག་ལེགས་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་གསུམ་ཆར་གྱི། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རིགས་གཉིས་དཀྱིལ་འཁོར་གྱི། །སློབ་དཔོན་དུ་ནི་དབང་བསྐུར་འགྱུར། །ཕྱག་ན་རྡོ་རྗེ་གཟི་ཆེན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེའི་རིགས་གཅིག་གི །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །ཞེས་སོ། །བོད་ཡུལ་འདིར་བྱ་སྤྱོད་ལ་རིགས་གསུམ་ཞེས་པ་མ་གཏོགས་རིགས་ལྔའི་བཤད་པ་མེད་པས་རིགས་ལྔའི་སྡོམ་བཟུང་མི་ཐོབ་ལ། སྡོམ་པ་དེ་ཡང་སློབ་དཔོན་དུ་དབང་བསྐུར་བའི་སྡོམ་པ་ཡིན་པས། དེ་མེད་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མཚན་ཉིད་པ་འོང་དོན་མེད་དེ། དེའི་ཕྱིར་བྱ་སྤྱོད་ཀྱི་ཚུལ་ལ་དབང་དང་དམ་ཚིག་དེ་ཉིད་རིགས་པ་མ་ཡིན་ནོ། །ཞེས་མགྲིན་གཅིག་ཏུ་ཟེར་རོ། །དེ་ནི་བྱ་རྒྱུད་རིགས་གསུམ་ཞེས་པ་ཙམ་གྱི་ཚིག་ཙམ་ལ་འཆེལ་བས། རིགས་ལྔར་ཕྱེ་ན་རིགས་གསུམ་གྱི་རྣམ་གཞག་འཇིག་གོ་སྙམ་དུ་བསམས་པ་ཁོ་ནར་ཟད་དེ། ཕྱག་རྡོར་དབང་བསྐུར་ལས། སྙིང་པོའི་དཀྱིལ་འཁོར་ལ་རྣམ་སྣང་། རིན་ཆེན་ཏོག མེ་ཏོག་ཀུན་རྒྱས། འོད་དཔག་མེད། མི་འཁྲུགས་པ་སྟེ། ཡོངས་སུ་གྲགས་པའི་རྒྱལ་བ་ལྔ་གཙོ་བོར་བྱས་པ་དང་། འཇམ་དཔལ་རྩ་རྒྱུད་དུ། རིན་ཆེན་ཏོག་རིན་ཆེན་རིགས་སུ་གསལ་བར་གསུངས་ནས། རྔ་སྒྲ་ལས་རིགས་སུ་ཤུགས་ལས་འཕངས་པ་དང་འོད་ཟེར་ཅན་གྱི་རྟོག་པ་ལས་སྒོ་མ་བཞི་ཕྱོགས་མ་བཞིའི་སངས་རྒྱས་ཀྱི་མདོག་ཏུ་གསུངས་པ་དང་། རྣམ་པར་རྒྱལ་མའི་རྟོག་པར། ཨོཾ་ཧཱུྃ་ཏྲཾ་སྲཱིཿཨཱཿཡིས་གནས་ལྔ་བྱིན་གྱིས་བརླབ་པར་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་དཔལ་མོའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་དང་། དོན་ཡོད་ཞགས་པ་ཕྱག་བརྒྱད་པའི་སྒྲུབ་ཐབས་སོགས་མང་པོ་ཞིག་ཏུ་སྐུའི་འོད་ཟེར་ལས་རྒྱལ་བ་ལྔ་འཕྲོ་བར་བཤད་པ་དང་། གཙུག་ཏོར་དྲི་མེད་ཀྱི་འགྲེལ་པར། ལྷ་རིགས་ལྔ་དང་། རིགས་ལྔའི་ཤིས་བརྗོད་ཀྱི་ཚིགས་བཅད་བྱུང་བ་དང་། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་བྱ་བའི་རྒྱུད་ཀྱི་རབ་གནས་ལས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་རྒྱལ་བ་ལྔའི་བསྟོད་པ་ལྔ་སྨོས་པ་དང་། ཇོ་བོའི་མི་འཁྲུགས་པ་དང་། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བའི་ཚེ་དཔག་ཏུ་མེད་པར་ཡང་བཤད་པའི་ཕྱིར་རོ། །འོ་ན་བྱ་རྒྱུད་རིགས་གསུམ་ཞེས་པ་ཇི་ལྟར་བཞག་སྙམ་ན། དངོས་གྲུབ་ཁྱད་པར་ཅན་བསྒྲུབ་པའི་ཆོ་གའི་གཙོ་བོ་ནི་རིགས་གསུམ་དུ་འདུ་བའི་དོན་ཡིན་ལ། དེའི་གྲངས་དང་། རྒྱལ་བའི་རིགས་ཀྱི་གྲངས་མཚུངས་དགོས་པ་ཡང་མ་ཡིན་ཏེ། དཔེར་ན་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དུ་ཆོ་གའི་གཙོ་བོའི་གྲངས་ནི་དུམ་བུ་བཞིའི་དབྱེ་བས་བཞི་ཡིན་ཀྱང་རྒྱལ་བ་རིགས་ལྔ་ཡོད་པ་ལྟ་བུ་དང་། དེ་བཞིན་དུ་སྤྱོད་པའི་རྒྱུད་ལ་ཡང་། རྣམ་སྣང་མངོན་བྱང་ལ་ཆོ་གའི་གཙོ་བོ་ནི་དཀྱིལ་འཁོར་གསུམ་གྱི་དབྱེ་བས་གསུམ་དུ་འདུ་ཡང་། ས་ཆོག་གི་སྐབས་སུ་རྒྱལ་བ་ལྔ་ནམ་མཁའ་ལ་བསམ་པ་ལྟ་བུའོ། །དེས་ན་དེ་ལྟ་བུའི་རིགས་ལྔ་ནི་བྱ་སྤྱོད་ཀྱི་ཚུལ་ལ་འདོད་དགོས་ལ། དགོས་པ་མཐོང་བཞིན་དུ་རིགས་ལྔའི་སྡོམ་བཟུང་མི་འབྲེལ་བ་ཡང་ཅི་ལས་ཡིན། གལ་ཏེ་རིགས་ལྔའི་སྡོམ་བཟུང་འདི་རྡོ་རྗེ་སློབ་དཔོན་དུ་བྱེད་པའི་དོན་ཡིན་ལ། བྱ་སྤྱོད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མེད་པའི་ཕྱིར་ཞེ་ན། སློབ་དཔོན་གྱི་དབང་ཞེས་པ་ཅི། རྡོ་རྗེ་སློབ་དཔོན་དུ་བྱེད་པའི་དབང་ཙམ་མམ། རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཞེས་པ་དྲུག་པ་ཕྱིར་མི་ལྡོག་གི་དབང་ལ་འདོད། ཕྱི་མ་ལྟར་ན་ནི་འདིའི་མཚན་ཉིད་རྫོགས་པ་བླ་མེད་མིན་པ་ལ་མེད་ཅིང་། བླ་མེད་ལའང་དུས་ཀྱི་འཁོར་ལོའི་རྣམ་གཞག་ལྟར་ན་བླ་མེད་སྤྱིའི་སློབ་དཔོན་གྱི་དབང་ཙམ་གྱིས་ཀྱང་མཚན་ཉིད་རྫོགས་པ་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་རྒྱུད་དུ་ཡང་རིགས་ལྔའི་སྡོམ་བཟུང་མི་རུང་བར་འགྱུར་བས། རང་གིས་ཁས་བླངས་ཀྱང་འཇིག་གོ །དང་པོ་ལྟར་ན། རྡོ་རྗེ་སློབ་དཔོན་གྱི་དབང་བྱ་སྤྱོད་ལ་ཡང་ཡོད་དེ། གསང་བ་སྤྱི་རྒྱུད་ལས། ལྷ་ཡི་རིགས་རྣམས་མཐོང་བ་ལ། །དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་མཉམ་པར་བཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ཐོབ་པའི་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་བྱའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་བ་ཐོབ་པའི་ཕྱིར། །ཆོ་ག་རྒྱས་པ་ངེས་བཤད་དོ། །ཞེས་པ་དང་། ཕྱག་རྡོར་དབང་བསྐུར་བ་ལས་ཀྱང་། སྔགས་པ་པདྨ་དམ་པ་དེར། །རབ་ཏུ་བཞག་ནས་བདག་ཉིད་ཀྱི། །མེ་ཏོག་སྤོས་ཀྱིས་མཆོད་བྱས་ལ། །མར་མེ་མཆོད་ཡོན་དབུལ་བར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །སིལ་སྙན་སྒྲ་རྣམས་ཕྱུང་བ་དང་། །རོལ་མོ་སྒྲ་སིལ་རྣམ་མང་གིས། །ཡང་དག་མངོན་དུ་དགའ་བྱས་ལ། །སྐྱོབ་པ་ཀུན་གྱི་མངོན་སུམ་དུ། །བསྒྲིམས་ཏེ་དེ་ནི་དབང་བསྐུར་རོ། །ཇི་ལྟར་གླིང་བཞིའི་དབང་ཕྱུག་གི །འཁོར་ལོ་བསྒྱུར་བ་དབང་བསྐུར་བ། །དེ་བཞིན་སྔགས་པས་ངོ་མཚར་དང་། །བཀྲ་ཤིས་ཀུན་གྱིས་དབང་བསྐུར་རོ། །མེ་ཏོག་རྣམས་དང་བདུག་པ་དང་། །སྤོས་མཆོག་རྣམས་ཀྱིས་ཡང་མཆོད་ལ། །ལག་པ་གཡས་སུ་རྡོ་རྗེ་དང་། །གཡོན་དུ་འཁོར་ལོ་བཞག་ནས་སུ། །སློབ་མ་དེ་ལ་འདི་སྐད་དུ། །རྡོ་རྗེ་སློབ་དཔོན་ཁྱོད་གྱུར་ཏེ། །ཞེས་པ་ནས། ཇི་ལྟར་འཁོར་ལོ་བསྒྱུར་བའི་རྒྱལ། །བདག་པོ་བྱ་ཕྱིར་དབང་བསྐུར་བ། །དེ་བཞིན་ཆོས་རྒྱལ་དབང་བསྐུར་ཕྱིར། །རྡོ་རྗེ་བློ་ལྡན་དབང་བསྐུར་བརྗོད། །ཅེས་སོགས་གསུངས་སོ། །སྤྱོད་རྒྱུད་དུ་ཡང་། ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་རྒྱས་པར་བུས་ནས་སུ། །ཞེས་པ་ལ་སོགས་པ་གསུངས་སོ། །འཕྲོས་པས་ཆོག་གོ །འདི་ཡི་དབང་བསྐུར་ནི། ཆུ་དབང་ཕྱག་རྒྱ་སྤྱི་བོར་གཏུག་པ་དང་། །རྒྱུད་འཛིན་རྗེས་གནང་ཙམ་སྟེ། །ཞེས་པ། གསང་བ་སྤྱི་རྒྱུད་ལས། མདོར་ན་དེ་ལ་སོགས་པ་ཡི། །ཆོ་ག་རྒྱས་པ་བྱས་ནས་སུ། །ཡིད་ཀྱི་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱར་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཅིང་། །བློ་དང་ལྡན་པས་དབང་བསྐུར་བྱ། །དེ་ནས་ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་བློས་ནི་སྤྱི་བོར་གཏུག །གསང་སྔགས་རྒྱུད་ནི་འཛིན་འགྱུར་བ། །བློ་དང་ལྡན་པས་དབང་བསྐུར་རོ། །ཞེས་ཆུའི་དབང་བསྐུར་གསལ་བར་གསུངས་ཤིང་། དེ་བཞིན་དུ། འཇམ་དཔལ་རྩ་རྒྱུད་དང་། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་དང་། ཕྱག་རྡོར་རིག་པ་མཆོག་ལ་སོགས་པ་རིགས་སོ་སོའི་རྒྱུད་རྣམས་སུ་ཡང་ཆུའི་དབང་གསལ་བར་གསུངས་ཤིང་དབུ་རྒྱན་གྱི་དབང་གཞན་གསལ་བ་མ་གསུངས་ཀྱང་། དེ་ཉིད་བསྡུས་པ། དེ་ནས་ཕྱག་རྒྱ་དང་འཕྲེང་བ་གང་རུང་གིས་བཅིངས་ལ་ཞེས་པའི་ཚིག་རིགས་ཐམས་ཅད་ཀྱིས་དབུ་རྒྱན་གྱི་དབང་བསྟན་པར་འགྲོལ་བར་བཤད་པའི་རིགས་པས། ཕྱག་རྒྱ་དབང་བསྐུར་བ་སྤྱི་རྒྱུད་ལས་ཀྱང་བཤད་ལ། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། དང་པོར་རེ་ཞིག་པའི་དབང་བསྐུར་བ་བྱིན་ཏེ། ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་འཆིང་དུ་གཞུག་པར་བྱའོ་ཞེས་དང་། དོན་ཞགས་ཆོ་ག་ཞིབ་མོ་ལས་ཀྱང་། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ་མཁས་པས་པདྨའི་ཚུལ་དུ་བགྱིས་ལ་མཛུབ་མོ་ནོར་བུར་བགྱིས་ཏེ་གུང་མོ་ཡིད་ཙམ་ཞིག་བཀུག་པ་ནི། ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་སྟེ། ལག་པ་སྤྱི་བོར་བརྐྱང་ནས་སྤྱི་བོར་དབང་བསྐུར་བ་སྩལ་བའི་སྔགས་འདི་བརྗོད་དོ་ཞེས་དང་འདིས་དབང་བསྐུར་བ་ཙམ་གྱིས་རིག་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ་ཞེས་དང་། རིག་མཆོག་ལས། རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཞེས་གསུངས་པས། དེ་དག་གིས་དབུ་རྒྱན་གྱི་དབང་བསྐུར་བ་བསྟན་པ་ཡིན་ནོ། །རྒྱུད་འཛིན་པའི་རྗེས་སུ་གནང་བ་ནི་གོང་དུ་བཤད་མ་ཐག་པའི་སློབ་དཔོན་གྱི་དབང་ངོ་། །ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་ཤིང་། དེའི་འགྲེལ་པ་རྡོ་རྗེ་གསང་བས་མཛད་པ། ཆུ་མི་བསྐྱོད་པ། དབུ་རྒྱན་རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་བྱ་བའི་རྒྱུད་ཀྱི་ཁྱད་པར་དུ་བྱས་པ་དང་མཐུན་ལ། འོན་ཀྱང་ཆུ་མི་བསྐྱོད་པ་ཞེས་པའི་ཐ་སྙད་བླ་མེད་ཀྱི་ཡིན་གྱི། རྣལ་འབྱོར་རྒྱུད་མན་ཆད་ལ་དེའི་ངེས་པ་མེད་དོ། །རྩ་རྒྱུད་ལས། དབང་ལྔ་གསུངས་པ་ཆུ་དབང་ལན་ལྔ་རུ། །བསྐུར་ལ་དགོངས་པས། ཞེས་པས། འོ་ན་དབང་བསྐུར་དེ་ཙམ་ལས་མེད་ན། འཇམ་དཔལ་རྩ་རྒྱུད་ལས། རེ་རེ་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་དབང་བསྐུར་ལྔ་སྦྱིན་པར་བྱའོ། །ཞེས་བཤད་པ་དང་འགལ་ཞེ་ན་སྐྱོན་མེད་དེ། དཀྱིལ་འཁོར་གྱི་ཕྱིའི་འཇུག་སྒོའི་བུམ་པ་དང་། དཀྱིལ་འཁོར་གཉིས་པར་ལྷ་ཐམས་ཅད་ཀྱི་བུམ་པ་དང་། གསུམ་པར་ཉན་རང་གི་བུམ་པ་དང་། བྱང་སེམས་ཀྱི་བུམ་པ་དང་། སངས་རྒྱས་ཀྱི་བུམ་པ་རྒྱལ་རྣམ་རྒྱལ་ཏེ། ཆུ་དབང་ལན་ལྔ་བསྐུར་བ་ལ་དགོངས་པ་ཡིན་པས་སོ། །རྒྱུད་བསྟན་དེར་ཟད་ཅིང་། །ཞེས་པ། བོད་དུ་འགྱུར་བའི་བྱ་བའི་རྒྱུད་ཀྱི་དངོས་བསྟན་གྱི་ཚིག་ཟིན་ལས་ཐོན་པའི་དབང་ནི་དེར་ཟད་དོ། །དཀྱིལ་ཆོག་འགའ་ལས་རྣལ་འབྱོར་རྒྱུད་བཞིན་བསྒྲགས། །དེ་ཚེ་དམ་ཚིག་དག་ཀྱང་དེ་དང་མཚུངས། །ཞེས་པ། རྣལ་འབྱོར་གྱི་རྒྱུད་བཞིན་ཕྱིར་མི་ལྡོག་པའི་དབང་ཡན་ཆད་ཙམ་ཅི་རིགས་བསྐུར་བར། རྣམ་འཇོམས། གཙུག་ཏོར། ཕྱག་རྡོར་ལ་སོགས་པའི་དཀྱིལ་ཆོག་མང་པོར། སློབ་དཔོན་པདྨ་ལྕགས་ཀྱུ་དང་། རྡོ་རྗེའི་གོ་ཆ་ལ་སོགས་པ་མང་པོས་བཤད་པའི་ཕྱིར་དང་། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱི་གསང་འདུས་དཀྱིལ་ཆོག་ནས། འདིར་འཕྲེང་བ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་བྱ་བའི་རྒྱུད་རྣམས་སུ་ཡང་མི་འགལ་ཏེ། འཇམ་དཔལ་གྱི་རྒྱུད་ལ་སོགས་པ་རྣམས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་ཞེས་དང་། བྱ་བའི་རྒྱུད་ཀྱི་བྱེ་བྲག་པདྨ་དྲ་བའི་རྒྱུད་ཆེན་པོ་ལས་རིགས་ལྔའི་སྡོམ་གཟུང་གསལ་བར་བཤད་པ་དང་ཡང་འབྲེལ་ཏེ། དེ་ཉིད་ཀྱི་ཕྱིར། གཞི་དེ་ལས་རྒྱུད་དེ་ལ་ཡང་དག་པ་མ་ཡིན་པར་རྟོག་པ་བྱུང་བའང་བྱ་བའི་རྒྱུད་ལ་རིགས་ལྔ་བཞག་ཏུ་མེད་པའི་ལུགས་ངན་རྣ་བར་ཞེན་པས་བསླུས་པར་ཟད་དོ། །དེའི་ཚེ་སྡོམ་པ་ཡང་རྣལ་འབྱོར་གྱི་རྒྱུད་དང་བྱེ་བྲག་མེད་དེ། དེ་བཞིན་གཤེགས་པའི་བསྟན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། པཎ་གྲུབ་དེ་དག་གིས་སྦྱར་བ་ཡང་མི་རིགས་པ་ག་ལ་ཡིན། དེ་ལྟར་ནོད་པའི་ཚུལ་གསུམ་ལས། དང་པོས་འཇུག་པའི་སེམས་ཀྱི་སྡོམ་པ་དང་། །གཉིས་པས་ནི་དེ་དང་གནས་པའི་སེམས་ཀྱི་སྡོམ་པ་གཉིས་ཀ་དང་། གསུམ་པས་ནི་དེ་གཉིས་དང་ལྡང་བའི་སེམས་ཀྱི་སྡོམ་པ་གསུམ་ཆར་ཐོབ་པར་འགྱུར་རོ། །དང་པོ་ལེན་པའི་ཆོ་ག་ཡང་། དམ་ཚིག་གསུམ་བཀོད་པའི་རྒྱུད་ལས། དེ་ལ་དམ་ཚིག་དང་སྡོམ་པ་བླང་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ལ། གཙང་སྦྲ་བྱས་ནས་གཡས་སུ་མེ་ཏོག་ཐོགས་ཏེ། གདོང་གཡོགས་པ་གཞུག་པར་བྱའོ། །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གཅིག་གཉིས་གསུམ་བཞིའམ་ལྔ་ཡང་གཞུག་པར་བྱ་ཞིང་། སྡོམ་པ་འདི་ལྟར་གཟུང་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བགྱི་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་གྱིས། ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་བདག་རབ་ཏུ་གཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་རྣམས་ཀྱིས་བདག་ལ་ཡོངས་སུ་བསྐྱབ་ཏུ་གསོལ། ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་བདག་ལ་སྩལ་དུ་གསོལ། ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་འདི་ལན་གཅིག་བརྗོད་པར་བྱ་སྟེ། ནམ་མཁའ་མཐའ་ཡས་དང་མཉམ་རྒྱལ་དབང་པོ། །མ་ལུས་སྲས་བཅས་ཀུན་གྱིས་དམ་ཚིག་གསོལ། །འཆི་མེད་བསད་མེད་སེམས་ཅན་སྐྱོབ་པ་མེད། །ཤིན་ཏུ་བརྟན་པས་འདི་ལྟར་བྱ་བ་ཉིད། །ཅེས་སོ། །བདག་ཕུལ་བས། ཉེས་སྤྱོད་ལ་འཇུག་པའི་རང་དབང་མེད་དེ། སངས་རྒྱས་བྱང་སེམས་དབང་བ་དེའི་ཕྱིར། དེ་དག་གི་ཁྲིམས་ལུགས་དགེ་བ་བཅུ་ལས་མི་འདའ་བར་བྱ་དགོས་པས་སོ། །དེ་ལྟར་ལུས་འབུལ་ཚིག་ཟིན་ལ་ཐོན་པ་ཁོ་ནས་རྣམ་པ་ཀུན་ཏུ་ལེན་དགོས་པ་ཡང་མ་ཡིན་ཏེ། ཀུན་དགའ་སྙིང་པོས་རྣམ་སྣང་སྒྱུ་དྲའི་འགྲེལ་པར། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བསྟན་པ་འདིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། དེས་ན་བདག་འབུལ་བ་བྱས་པ་ཡིན་པས་ལོགས་ཤིག་ཏུ་མ་གསུངས་པར་ཤེས་པར་བྱའོ། །གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་ཐམས་ཅད་ཡོངས་སུ་བཏང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རིགས་པ་འདི་ལས། རིག་གཏད་ལ་སོགས་པའི་སྐབས་སུ་ལེན་པའི་ཆོ་ག་གཞན་སྔོན་དུ་མ་བཏང་ཀྱང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བསྟན་པ་ཉིད་ཀྱིས་སྡོམ་པ་འདི་ཐོབ་པར་འགྱུར་བ་ཡིན་ཏེ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །ཞེས་དང་། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པའི་དོན་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དེ་བས་ན་གསང་བ་སྤྱི་རྒྱུད་ལས། དང་པོར་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ན་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་པར་བྱ། །ཞེས་པའི་བསྐྱེད་རྒྱུའི་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་ལ། སྐྱེས་ཟིན་དྲན་པར་བྱ་བའི་བྱང་ཆུབ་ཀྱི་སེམས་ནི་རྒྱུའི་ཐེག་པ་ལས་བཤད་པའི་འཇུག་པའི་སྡོམ་པའོ། །དེ་གང་ལས་ཤེས་སྙམ་ན། འཇམ་དཔལ་རྩ་རྒྱུད་ལས། ཆོས་གསུམ་དང་ལྡན་ན་སྔགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྲུང་བ་དང་། རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཞེས་གསུངས་པས། དང་པོ་རྒྱུའི་ཐེག་པ་ལས་གསུངས་པ་སྨོན་པ་དང་། གཉིས་པ་དེའི་འཇུག་སྡོམ་དང་། གསུམ་པ་དེ་ལས་ལོགས་སུ་བཀར་ཏེ་བཤད་པའི་ཕྱིར། ལེགས་གྲུབ་ལས་ཀྱང་། རིག་སྔགས་མཆོག་དང་རང་སྡོམ་དང་། །རིག་སྔགས་འདུལ་བ་དག་ལ་ཡང་། །སྒྲུབ་པ་པོས་ནི་ནན་ཏན་གནས། །ཞེས་གསུངས་སོ། །འགའ་ཞིག་དེ་ལྟར་ན་བྱ་སྤྱོད་ཀྱི་དབང་བསྐུར་བ་ལ་ཐུན་མོང་མ་ཡིན་པའི་དམ་ཚིག་མང་པོ་སྣང་ནའང་། བཅས་པ་དང་འགལ་ན་རྩ་ལྟུང་བསྐྱེད་པའི་ཐེག་ཆེན་གྱི་སྡོམ་པ་ནི། བྱང་སེམས་ཀྱི་སྡོམ་པ་ཁོ་ན་ཡིན་པས། དེའི་རྩ་ལྟུང་རྣམས་ཤེས་པར་བྱས་ལ་བསྲུང་ངོ་། །ཞེས་དང་། སླར་ཡང་བྱ་སྤྱོད་ཀྱི་རྒྱུད་རྣམས་ཀྱི་ཐེག་པ་མཆོག་གི་སྡོམ་པ་འཛིན་པའི་ཆོ་ག་རྣམས་ནི་འཇུག་སྡོམ་འཛིན་པ་ཁོ་ནར་སྣང་བས་རིགས་ལྔའི་སྡོམ་པ་མ་ཡིན་གྱི། བྱང་སེམས་ཀྱི་སྡོམ་པ་འཛིན་པ་ལ་གདོན་མི་ཟ་བར་གོ་བར་བྱའོ། །ཞེས་བསྐྱར་གྱིན་བཤད་པ་དག་ནི་ཉེས་པར་བཤད་པའི་ཕུང་པོར་རིག་པར་འགྱུར་རོ། །དེ་ལ་བདག་འབུལ་གྱི་དོན། ཨཱཏྨ་བྷ་ཝ་ཞེས་པ། ལུས་དང་། བདག་དང་། བདག་གི་དངོས་པོ་ཞེས་གང་དུ་ཡང་བསྒྱུར་དུ་རུང་བ་ལས། བདག་ཏུ་གཟུང་བའི་གཞི་རགས་པ་ནི་ལུས་ཡིན་པར་བཤད་ལ། དེའི་དོན་འཇིག་ཚོགས་ལ་བལྟ་བའི་གཞི། འཇིག་ཚོགས་ཞེས་པ། སཏྐྲཱ་ཡ་ཞེས། འཇིག་པའི་ལུས་ལ་ཡང་བཤད་དུ་ཡོད་པ་དང་། བདག་དེའི་དངོས་པོ་ཞེས་པ་ནི་བདག་གིར་བཟུང་བའི་གཞི་སྟེ། དེས་བདག་གིར་བཟུང་བའི་ཡོ་བྱད་ལ་དེའི་དངོས་པོ་ཞེས་པ་བཞིན་ནོ། །དེ་བས་ན་བདག་གི་བས་གཟུང་བྱའི་གཞི་རགས་པ་ཡང་ལུས་ངག་ཡིད་ཡིན་པས་དེ་གསུམ་ལ་བདག་གི་དངོས་པོ་ཞེས་པའོ། །དེ་ལྟར་ན་རགས་པའི་བདག་འཛིན་གྱི་གཞི་བཏང་བས་རགས་པའི་བདག་གི་བའི་གཞི་ཡང་བཏང་བར་འགྱུར་ཏེ། དེ་ལས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་སྐྱེ་བར་བྱེད་པའི་རྒྱུ་ལུས་ངག་ཡིད་གསུམ་འདུ་མི་བྱེད་ལ་དེ་ལྟར་དེ་དག་སྐྱེ་བའི་རྒྱུ་མ་བྱས་པ་ནི་སྡོམ་པ་སྟེ། འདིས་ནི་དོན་དམ་པའི་སྡོམ་པར་ཡང་བསྟན་པ་ཡིན་ནོ། །གསང་བ་སྤྱི་རྒྱུད་ལས། དེ་ཡི་ནུབ་མོ་ཅི་རིགས་པར། །སློབ་མ་སྡོམ་པ་འཛིན་དུ་གཞུག །ཅེས་གསུངས་པས། སྟ་གོན་འཇུག་པ་ལ་སོགས་པའི་གནས་སྐབས་ཅི་རིགས་པར་ནོད་པས་ཐོབ་བོ། །ཕྱག་རྡོར་དབང་བསྐུར་བ་ལས། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་། གང་གི་ཚེ་དེ་དག་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་དུ་གཞུག་པར་བྱའི། བྱང་ཆུབ་ཀྱི་སེམས་མ་རྫོགས་པར་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དཀྱིལ་འཁོར་ལྟར་ཡང་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་པའི་བྱང་ཆུབ་ཀྱི་སེམས་རྫོགས་པ་ཞེས་བྱ་བ་ཡང་སྡོམ་པ་འདི་ཡིན་ནོ། །གཉིས་པ་བརཏལ་ཞུགས་བརྟེན་པ་ལ་རྣམ་པར་དབྱེ་བ་དང་། བསླབ་པའི་གཞི་ཡོངས་སུ་གཟུང་བའི་ཚུལ་གཉིས་ལས། དང་པོ་ནི་ཕྱག་རྡོར་དབང་བསྐུར་བ་ལས། དེ་ནས་བྱང་ཆུབ་སེམས་དཔའི་ཞི་བའི་བློ་གྲོས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན། ཇི་ལྟར་བརཏལ་ཞུགས་ལ་གནས་པ་ཡིན། ཇི་ལྟར་སྤྱད་པ་སྤྱོད་པ་ཡིན། འཇམ་དཔལ་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་དུ་གནས་པ་དེ་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་བ་དང་། གསང་སྔགས་རྣམས་ལ་དངོས་གྲུབ་ཐོབ་པ་དང་། ཐེག་པ་ཆེན་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར། ཞེས་དྲིས་པ་ལ། འཇམ་དཔལ་གྱིས་སྨྲས་པ། ཞི་བའི་བློ་གྲོས་གང་གི་ཚེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་། འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། རྟག་ཏུ་དུས་ཐམས་ཅད་དུ་བསྐྱེད་ཀྱང་། མི་གཡོ་བ་དེའི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །གང་གི་ཚེ་དེ་ལྟས་བསྟན་པ་དེའི་ཚེ་ཚུལ་དང་མཐུན་པར་བྱ་བ་བྱེད་པ་དང་། དེའི་རྣམ་པར་བརྟེན་པ་དང་རྣལ་འབྱོར་ལ་བརྩོན་པ་དེའི་ཚེ་བརཏལ་ཞུགས་ལ་གནས་པ་ཡིན་ནོ། །གང་གི་ཚེ་བརཏལ་ཞུགས་དེ་ལ་བཟླས་བརྗོད་དང་སྦྱིན་སྲེག་ལ་སོགས་པའི་ལས་སྤྱོད་པ་དེའི་ཚེ་སྤྱད་པ་སྤྱོད་པ་ཡིན་ནོ། །ལྷའི་གཟུགས་དེ་དང་ཐ་མི་དད་པའི་རྣལ་འབྱོར་ལ་བརྩོན་ཞིང་བསླབ་པའི་གཞི་རྣམས་ཀྱང་ཡོངས་སུ་གཟུང་སྟེ། ཐེག་པ་ཆེན་པོ་ལ་སྤྱོད་པ་དེའི་ཚེ་གསང་སྔགས་རྣམས་ལ་དངོས་གྲུབ་འཐོབ་བོ། །ཞེས་པའི་དོན་ལེན་པའི་ཚེ་སྡོམ་པ་དོན་གཉེར་གྱི་ཀུན་སློང་མངོན་པར་འདུ་བྱེད་པའི་སེམས་པ་དང་། འདུན་པ་དྲག་པོ་དགོས་ལ། ཚིག་ཙམ་རྗེས་སུ་ཟློས་པས་ནི་ཐོབ་པར་མི་འགྱུར་རོ། །དེ་ལྟ་བུའི་སེམས་པ་འདུན་པ་དང་བཅས་པ་ནི་རིག་པ་འཛིན་པ་འདིའི་སྔོན་དུ་འགྲོ་བའི་སྨོན་པའི་སེམས་ཞེས་བྱའོ། །ཇི་ལྟར་བསྒོམ་པའི་དམིགས་རྣམ་ལས་མི་གཡོ་བ་ནི་འཇུག་པའི་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་པ་ན་རིག་སྔགས་འཆང་གི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །དེའི་ཆེད་དུ་ལུང་ལས་ཇི་སྐད་བསྟན་པ་དང་མཐུན་པར་སྤྱོད་ལམ་ཐམས་ཅད་དུ་ལྷའི་མཛད་པ་མཛད་པ་དང་། སྐུའི་རྣམ་པ་བརྟན་པའི་ང་རྒྱལ་དང་མི་འབྲལ་བར་བསླབ་པ་ལ་བརྩོན་པ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་པ་དེའི་ཚེ་བརཏལ་ཞུགས་ལ་གནས་པ་ཡིན་ནོ། །དེ་ཉིད་ཀྱི་ངང་ནས་སྦྱིན་སྲེག་དང་། མཆོད་པ་དང་། གཏོར་མ་སོགས་པའི་ལས་སྤྱོད་པ་ལྡང་བའི་བྱང་ཆུབ་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་པ་དེའི་ཚེ་སྤྱད་པ་སྤྱོད་པ་ཡིན་ནོ། །དེའི་ཕྱིར་བྱ་བའི་རྒྱུད་ཀྱི་རིག་སྔགས་འཆང་གི་རྒྱུའི་གནས་སྐབས་ཀྱི་དམ་ཚིག་གསུམ་ནི་དེ་དག་ཏུ་ངེས་པ་ཡིན་ནོ། །འབྲས་བུའི་གནས་སྐབས་ནི་འོག་ཏུ་འཆད་པ་ལས་ཤེས་པར་འགྱུར་རོ། །གཉིས་པ་བསླབ་པའི་གཞི་ཡོངས་སུ་གཟུང་བའི་ཚུལ་ལ། བསླབ་པར་བྱ་བའི་དམ་ཚིག་སུམ་ཅུ་དང་། བསྲུང་བར་བྱ་བའི་རྩ་ལྟུང་བཅུ་དྲུག ཉམས་ན་ཕྱིར་བཅོས་པའི་ཚུལ་བཤད་པ་གསུམ་ལས། དང་པོ་ནི། བསྒྲུབ་ཚིག་གིས་གསུངས་པའི་བཅུ་གཉིས། དགག་ཚིག་གིས་གསུངས་པའི་བཅོ་བརྒྱད་རིམ་པ་བཞིན་བཤད་པར་བྱ་སྟེ། ༡ །དཀོན་མཆོག་གསུམ་ལ་དད་པ་རབ་བསྐྱེད་དང་། །ཞེས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད་ལས། དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །འོག་ཏུ། དད་པ་རབ་ཏུ་བརྟན་པར་བྱ། །ཞེས་པའི་དོན་ཏེ། སངས་རྒྱས་ནི། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་ནི་ལུང་དང་རྟོགས་པ། དགེ་འདུན་ནི། གང་ཟག་ཆེན་པོ་བརྒྱད་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ཏེ། དེ་དག་ལ་དད་པ་རབ་ཏུ་བསྐྱེད་པ་སྟེ། དཔུང་བཟང་གིས་ཞུས་པ་ལས་ཀྱང་། དེ་ཡིས་བདེ་བར་གཤེགས་ལ་དད་བསྐྱེད་ནས། །ཞེས་པ་དང་། དཀོན་མཆོག་གསུམ་ལ་དད་པས་བསྟེན་པར་བྱ། །ཞེས་དང་། ཡང་། བདེ་བར་གཤེགས་པ་རྣམས་ཀྱིས་བསྟན་པ་ཡི། །གནས་དང་དེ་སྲས་རྣམས་ལ་ཕྱག་བགྱིའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ཀྱིས། །ཕྱག་འཚལ་ཉ་ལ་ལུས་ཅན་ཕྱག་མི་འཚལ། །དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། །ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། །འཇིག་རྟེན་ཀུན་གྱི་མངོན་མཐོ་བསླབ་པ་ཅན། །སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི། །སྐྱེ་བ་ལེན་པ་དེ་ལ་ཅི་ཡི་ཕྱིར། །ཡབ་ཅིག་བདག་ཉིད་ཀུན་གྱིས་ཕྱག་མི་བྱ། །སྐྱེས་བུ་བསམ་ཡས་རྨད་བྱུང་རྫུ་འཕྲུལ་ཅན། །དེ་ལ་མི་ངན་གང་ཞིག་མི་འདུད་པ། །དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུར་ནས། །དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ལོ། །དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི། །ཡིད་འོང་ཕྱི་ནས་འབྲས་བུ་འགྱུར་བ་ལྟར། །སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས། །འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས། །གང་ཞིག་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །བརྩེ་ལ་སྙིང་བརྩེ་ཁྲོ་ལ་ཁྲོ་བོ་དང་། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་ཚུལ་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། དམ་ཚིག་གསུམ་བཀོད་པ་ལས། འདི་ལ་རས་རིས་མེད་ཀྱང་རུང་། མ་བསྒྲུབས་ཀྱང་རུང་། མཆོད་པ་མེད་ཀྱང་རུང་། ཤ་ལ་སོགས་པ་མ་སྤངས་ཀྱང་རུང་སྟེ། རིག་པ་འཛིན་པའི་རིམ་པར་ཕྱེ་བའི་སྒྲུབ་པ་འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རབ་ཏུ་དད་པ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཡོངས་སུ་གཟུང་བ་དེས་ངེས་པར་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། ༢ །གསང་སྔགས་རིག་སྔགས་གཟུངས་སྔགས་ཚོགས་ལ་དད། །ཅེས་པ་རྒྱུད་སྡེ་སྒོ་དྲུག་གམ་གསུམ་པོ་ཡང་བསྡུས་ན་གསང་སྔགས་དང་རིག་སྔགས་གཉིས་སུ་འདུ་ལ། གསང་སྔགས་ནི་ཐབས་ཕོ་གཙོ་ཆེ་བའི་རྒྱུད། རིག་སྔགས་ནི་ཤེས་རབ་ལྷ་མོ་གཙོ་ཆེ་བའི་རྒྱུད་ཡིན་ལ། གཟུངས་སྔགས་ནི་དེ་གཉིས་ཀྱི་དོན་དྲན་པ་དང་། ཤེས་རབ་ཀྱིས་རྟོགས་ནས་མི་བརྗེད་པར་འཛིན་པ་ཡིན་པས་གཉིས་གར་དུ་འདུས་པའམ། ཡང་ན་སྔགས་གཅིག་ལ་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་ཡིན་ནོ། །དེ་དག་ཀྱང་དོན་དམ་པར་ཐབས་ཤེས་གཉིས་སུ་མེད་པ་ཡིན་པའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དེ་ཉིད་དེ་ཁོ་ན་ཉིད་ཤེས་པ་དང་འགྲོ་བ་སྐྱོང་བར་བྱེད་པས་སམ། ཡིད་སྐྱོབ་པར་བྱེད་པས་གསང་སྔགས། མ་རིག་པ་སྤོང་ཞིང་རིག་པ་སྐྱེད་པར་བྱེད་པས་རིག་སྔགས་ཡིན་པའི་ཕྱིར་ལྷ་ཕོ་མོ་ཐམས་ཅད་ལ་གསང་སྔགས་རིག་སྔགས་ཀྱི་སྒྲར་གསུངས་པས་ཐམས་ཅད་ཀྱང་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དུ་མཚོན་པར་བྱེད་དེ། ཛྙྱཱ་ན་ཤྲཱིས་མཐའ་གཉིས་སེལ་བ་ལས། དེ་ཡང་ལྷ་ཕོ་ནི་གསང་སྔགས། མོ་ནི་རིག་སྔགས། སྔགས་གཅིག་ཉིད་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་སོ། །ཡང་སྔགས་གཅིག་ཉིད་ལ་དེ་གསུམ་ཚང་བ་དང་། ལྷ་གཅིག་ཉིད་ལ་སྔགས་དེ་གསུམ་ཆར་ཚང་བ་ཡང་ཡོད་ལ། རིག་སྔགས་དང་གཟུངས་སྔགས་གཉིས་ཀ་ལྷ་ཕོ་མོར་བཞག་པ་ཡང་ཡོད་པས། ཐམས་ཅད་དུ་ནི་གཅིག་ཏུ་མ་ངེས་སོ་ཞེས་གསུངས་ཤིང་། བསམ་གཏན་ཕྱི་མའི་འགྲེལ་པ་ལས་ཀྱང་། དེ་ལ་རིགས་སྔགས་ནི་བུད་མེད་ཀྱི་གཟུགས་དང་དབྱིབས་ཀྱི་ལྷ་དང་། དེ་སྟོན་པའི་སྒྲ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །རིག་སྔགས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་གནས་པའི་བྱེ་བྲག་གིས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་དང་། ཕྱག་རྒྱ་དང་། ཚིག་དང་། ཡི་གེ་དང་། སྒྲ་དང་། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེ་ལ་དེ་དག་གི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་སོ་སོ་རང་གི་རིག་པ་སྟེ། བྱིན་གྱིས་བརླབས་ཀྱིས་ཀྱང་འདུལ་བའི་སྤྱོད་ཡུལ་དུ་ཉེ་བར་བསྟན་དུ་མི་རུང་ངོ་། །ཞེས་གསུངས་སོ། །དཔུང་བཟང་ལས། རྡོ་རྗེའི་རིགས་ཞེས་བརྗོད་པ་རྒྱ་ཆེན་དང་། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཞེས་སོ། ༣ །ཐེག་པ་ཆེ་ལ་ཁྱད་པར་མོས་པར་བྱ། །ཞེས་པ། ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །སྤྱི་རྒྱུད་ལས། རྟག་པར་ཐེག་པ་ཆེན་པོ་ལ། ཁྱད་པར་དུ་ནི་མོས་པར་བྱ། །ཞེས་སོ། །ཆེན་པོ་བདུན་ནི། རྒྱུའི་ཐེག་པ་ལས་འབྱུང་བ་ལྟར་རམ། དཔུང་བཟང་གིས་ཞུས་པ་ལས། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཇི་ལྟར་མི་དབང་ཡན་ལག་བདུན་ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡན་ལག་འདི་བདུན་དང་། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཅེས་ཡན་ལག་བདུན་པོ་འདི་དག་ལྡན་ན། འདུལ་བའི་གསང་སྔགས་སུ་འགྱུར་གྱི། གཞན་དུ་མ་ཡིན་ནོ་ཞེས་བཤད་པ་ལྟར་རོ། ༤ །བླ་མ་དམ་ཚིག་ཅན་དང་མཛའ་བོར་གུས། །ཞེས་པ། ཞིང་མཆོག་ལ་གུས་པར་བྱ་བའི་དམ་ཚིག་སྟེ། སྤྱི་རྒྱུད་ལས། དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །བླ་མ་ནི་གསང་སྔགས་ནོད་པའི་སློབ་དཔོན་ནོ། །ཕྱག་རྡོར་དབང་བསྐུར་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་བཞིན་དུའོ། །དེ་ཡི་སེམས་ནི་དེ་ལྟ་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་གསུངས་པའི་གུས་པ་བརྟེན་ནོ། །དམ་ཚིག་ཅན་ནི་ཆོས་འདི་པའི་སྔགས་པ་དག་གོ །མཛའ་བོ་ནི་སྒྲུབ་གྲོགས་སོ། ༥ །ལྷ་ལ་དུས་མཚམས་དག་ཏུ་མཆོད་པ་དང་། །ཞེས་དང་། སྤྱི་རྒྱུད་དུ། དུས་མཚམས་དག་ཏུ་མཆོད་པར་བྱ། །ཞེས་དང་། དཔུང་བཟང་ལས། སྒྲུབ་པ་ཀུན་ལས་དང་པོ་ཁོ་ནར་ནི། །ལྷ་བཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ། །སྔགས་པའི་ལས་གྲུབ་ནས་ཀྱང་དུས་ཀུན་ཏུ། །རང་གི་ཉམས་ཀྱིས་ཇི་སྙེད་དབུལ་བར་བྱ། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ཞེས་པ་ནས། དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ། །གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི། །དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད། །ཡིད་དུ་འོང་བའི་འདོད་པ་ཐོབ་པར་འགྱུར། །ཞེས་པས། ཉ་སྟོང་ལྟ་བུའི་ཐུན་མཚམས་ཀྱི་ཁྱད་པར་ལ་འཇིག་རྟེན་པའི་ལྷ་རྣམས་མཆོད་པར་བྱ་སྟེ། མ་མཆོད་ན་བགེགས་སུ་འགྱུར་བའི་ཕྱིར་རོ། ༦ །གློ་བུར་བ་མཆོད། ཅེས་པ། སྤྱི་རྒྱུད་ལས། རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །ཞེས་དང་། དཔུང་བཟང་ལས། སྦྱིན་པ་སྦྱིན་ཚེ་སྙིང་རྗེ་བསྐྱེད་ནས་སྦྱིན། །ཞེས་པ་སྟེ། རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞིར། ཕྱོགས་མི་འབྱེད་པར་སྦྱིན་པས་མགྲོན་པོ་གློ་བུར་བ་མཆོད་པར་བྱའོ། ༧ །བསོད་ནམས་བསག་ལ་འབད། ཅེས་པ། སྤྱི་རྒྱུད་ལས། ཐེག་ཆེན་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་ལ་ནི་ནན་ཏན་བསྐྱེད། །ཅེས་དང་། དཔུང་བཟང་ལས། ཟློས་པས་སྐྱོ་ན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཡི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་འཕྲེང་བ་དྲི་དང་མར་མེ་དབུལ། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང་། །མཆོག་ཏུ་དད་པ་ཡིས་ནི་མཆོད་པར་བྱ། །ཞེས་པས། ཇི་ལྟར་གསུངས་པའི་ཐབས་ཀྱི་རིམ་པ་ཇི་སྙེད་པ་དེ་ལྟ་བུས་བསོད་ནམས་ཀྱི་ཚོགས་བསྒྲུབ་པར་བྱའོ། ༨ །བཟླས་བརྗོད་ལ་སོགས་གསང་སྔགས་སྤྱོད་ལ་བརྩོན། །ཞེས་པ། སྤྱི་རྒྱུད་ལས། བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །ཞེས་དང་། དཔུང་བཟང་ལས། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པའི། །དེའི་བརཏལ་ཞུགས་དང་པོར་ངས་བཤད་དོ། །ཞེས་དང་། ཡང་། ཕན་ཡོན་དེ་ཡིས་གསང་སྔགས་དེས་བསྙེན་ནས། །རང་གི་ལུས་ལ་ཉེ་བར་རིག་པར་དང་། །ཡར་གྱི་ཚེས་བརྒྱད་དང་ནི་བཅུ་བཞིའམ། །ཡང་ན་བཅོ་ལྔ་ལ་ནི་བཟླས་བརྗོད་བྱ། །ཞེས་དང་། བཟླས་བརྗོད་བྱེད་པའི་ཚུལ་ཡང་། །འདུག་ནས་དབང་པོ་ཡང་དག་བསྡམ་པར་བྱ། །ལུས་ཀྱང་དྲང་ཞིང་བརྟན་པར་བཞག་ནས་སུ། །ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པར་ཡང་། །བསྐུལ་ཞིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ། །ཞེས་གསུངས་ཤིང་། །བཟླས་བརྗོད་དམ་ཚིག་གི་གཙོ་བོར་མཐོང་ནས། དཔུང་བཟང་གི་ལུང་གཞུང་དུ་ཡང་བཀོད་པ། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་འབྱུང་ཧ་ཅང་ཆུང་བ་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་ཀྱེད་ཀླད་ཀོར་ཚེག་དྲག་ཉམས་པར་མིན། །ཞེས་དང་། ཡང་། གང་དང་གང་དུ་གཡེངས་བཞིན་རྒྱུ་བ་དག །དེ་དང་དེ་ནས་མྱུར་དུ་བཟློག་ནས་སུ། །གསང་སྔགས་ཡི་གེ་མཆོད་ལ་ལེགས་པར་སྦྱར། །ཞེས་སོ། །རྩེ་གཅིག་སེམས་ལས་བཟླས་བརྗོད་ཐོགས་མེད་འགྲུབ། །ཅེས་པ། མི་མྱུར་བ་ནི། བཟླས་བརྗོད་ཟུར་མ་ཕྱིན་པ་དགག་པའོ། །མི་དལ་པ་ནི་སེམས་གཞན་དུ་གཡེངས་པའི་སྐྱོན་སྤངས་པའོ། །སྒྲ་ཆེར་མི་འབྱུང་བ་ནི་རྒོད་པའི་སྐྱོན་བཟློག་པའོ། །ཧ་ཅང་ཆུང་མིན་ནི་བྱིང་བའི་སྐྱོན་དགག་པའོ། །སྨྲ་བཞིན་མིན་ནི་སྔགས་ཀྱི་ཚིག་བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་འདོན་པ་ན། ཚིག་ཕལ་པ་གཞན་དང་འདྲེས་ན་དངོས་གྲུབ་ཏུ་མི་འགྱུར་བས་དེ་དགག་པར་བསྟན་ཏོ། །གཞན་དུ་གཡེངས་མིན་ནི་ལྷའི་སྐུ་དང་ཡི་གེའི་འཕྲེང་བ་བཀོད་པ་དང་། ཡི་གེའི་སྒྲ་ལས་མ་གཏོགས་པར་འཕྲོ་བ་དགག་པའོ། །གུག་སོགས་མ་ཉམས་པ་ནི་དམིགས་པ་དང་འདོན་པ་གཉིས་ཀ་ལའོ། །གསང་སྔགས་ཀྱི་ལྷ་རྗེས་སུ་དྲན་པའི་རྒྱུན་ལ་མི་གནས་པར་གཡོ་བ་ན། གནས་དེ་ལས་དྲན་པ་བརྟེན་པས་བཟློག་ནས་ནན་ཏན་གྱིས་གུས་པར་བཟླས་བརྗོད་བྱེད་པ་ཉིད་འཕགས་པ་དགྱེས་པའི་མཆོད་པ་ཞེས་གདགས་སོ། །དཔུང་བཟང་ལས། ཇི་ལྟར་རལ་གྲིའི་སོ་ལ་འཛིན་པའི་མིས། །ལེགས་པར་མ་གཟུང་ལག་པ་བཅད་པ་ལྟར། །དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། །འབྲས་བུ་མེད་པའམ་ཡང་ན་ཕུང་བར་འགྱུར། །ཞེས་སོ། །དེ་ལྟར་དྲན་པའི་རྒྱུན་ལ་རྩེ་གཅིག་ཏུ་གནས་པ་དེའི་ཚེ་སེམས་ལས་སུ་རུང་བར་འགྱུར་ལ། དེ་ལས་བཟླས་བརྗོད་ཀྱི་དངོས་གྲུབ་ཐོགས་པ་མེད་པར་འགྲུབ་པར་འགྱུར་ཏེ། དཔུང་བཟང་ལས། སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང་། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་བར་འགྱུར་བར་ངེས། །རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་བསྐྱེད། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ལུས་སྦྱངས་པས་ན་བདེ་བའི་སྐལ་ལྡན་འགྱུར། །བདེ་བ་རྩེ་གཅིག་སེམས་དང་བསམ་གཏན་གྱིས། །དེ་ཚེ་བཟླས་བརྗོད་ཐོགས་པ་མེད་པར་འགྱུར། །ཞེས་སོ། ༩ །རང་རིགས་དམ་ཚིག་དག་ནི་ལྷག་པར་བསྟེན། །ཞེས་པ། སྤྱི་རྒྱུད་ལས། གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །ཞེས་པ། རིགས་གསུམ་སོ་སོ་དང་། དེའི་ནང་ཚན་ལྷ་དང་། ལས་དང་། དངོས་གྲུབ་གང་བསྒྲུབ་པ་དེའི་དང་། གང་ཟག་སོ་སོའི་ཐུན་མོང་མ་ཡིན་པའི་དམ་ཚིག་རང་རང་གི་རྒྱུད་ལས་བསྟན་པ་བཞིན་དུ་བསྲུང་བར་བྱ་སྟེ། དཔེར་ན། དཔུང་བཟང་ལས། ང་ཡི་གསང་སྔགས་རིག་སྔགས་སྒྲུབ་པ་པོས། །རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་ལ་སོགས་པའོ། ༡༠ །རྒྱུད་བསྲུང་རྟོགས་བྱ། ཞེས་པ། སྤྱི་རྒྱུད་ལས། གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་པ། གསང་སྔགས་ཟབ་མོའི་རྒྱུད་རྣམས་ཐམས་ཅད་དུ་མི་བསྟན་པར་གསང་ཞིང་སྦ་བར་བྱ་བ་ནི། བསྲུང་ཞིང་ཞེས་པའི་དོན་ཏེ། རྟོགས་པར་བྱ་བ་ཞེས་ཐོས་བསམ་སྒོམ་གསུམ་གྱིས་སོ། ༡༡ །སྒོ་གསུམ་ཉེར་ཞིར་བྱ། ཞེས་པ། དཔུང་བཟང་ལས། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད། །ཉོན་མོངས་རྣམ་རོལ་ཤེལ་དང་ཟླ་བ་འདྲ། །སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། །ཞེས་དང་། ཡང་། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་། །པགས་པ་ཀེང་རུས་ལྟ་བ་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །རེ་ཞིག་ཅིག་ནི་དགྲ་ཡང་འཛའ་བོར་འགྱུར། །མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་ལྟར་མཛའ་བཤེས་འགྱུར་བ་རིག་བྱ་སྟེ། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །བཟློག་ནས་དགེ་ལ་ཅི་བདེར་བཞག་པར་བྱ། །ཞེས་དང་། ཡང་། ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང་། །སྨན་དང་མལ་སྟན་ངན་ངོན་ཙམ་གྱིས་ཀྱང་། །ཆོག་པའི་སེམས་དང་ལྡན་ན་བསོད་ནམས་འཐོབ། །ཅེས་དང་། ཡང་། འདོད་རྒྱལ་ལས་ཀྱང་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་མ་ཡིན། །རྒྱུ་མེད་ཅན་མིན་སྐྱེས་བུས་མ་བྱས་ཀྱང་། །ལས་དང་ཉོན་མོངས་པ་ལས་སེམས་ཅན་འབྱུང་། །གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས། །གཟུགས་ནི་ལྦུ་བ་དག་དང་འདྲ་བ་སྟེ། །ཚོར་བ་ཆུ་སྦུར་བཞིན་དུ་རྟག་པ་མེད། །དེ་ལྟར་མཐོང་ན་ལྟ་བ་བཟང་པོ་ཡིན། །གང་ཞིག་གཞན་འགྱུར་དེ་ནི་ལྟ་ངན་གསུངས། །ཞེས་སོ། ༡༢ །ཁྲུས་དང་གཙང་སྦྲ་བཅུ་གཉིས་བསྒྲུབ་པའོ། །ཞེས་པ་དང་། དཔུང་བཟང་ལས། དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱས་ཏེ། །འཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲིས་ལ་བདུག་ནས་བཟླས་བརྗོད་བྱ། །བདུག་པ་བྱུག་སྤོས་ལ་སོགས་མ་རྙེད་ན། །དྲི་ཞིམ་མེ་ཏོག་ལ་སོགས་དབུལ་བར་བྱ། །སྤྲ་བ་ཨརྐ་བིལ་བི་གྲྀ་ཧ་ཏ། །ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྤང་། །ཞེས་དང་། ཡང་། ལུས་ནི་དྲི་མེད་དག་པར་རིག་པ་དང་། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །ཉིན་ཞག་གཅིག་གམ་གཉིས་སམ་གསུམ་དུ་ནི། །ཁ་ཟས་སྤངས་ཤིང་བསྙུང་བར་གནས་པ་ཡིས། །ཉིན་ཞག་དེ་དག་བཟླས་པར་བྱས་ནས་སུ། །རང་གི་འབྱོར་ཕྱིར་བསྒྲུབ་ལ་འཇུག་པར་བྱ། །ཞེས་གསུངས་སོ། །ཡང་། མི་ནི་ཚུལ་ཁྲིམས་གཙང་སྦྲར་མི་ལྡན་ཡང་། །གསང་སྔགས་ལྷ་ནི་ནམ་ཡང་གནོད་མི་མཛད། །ལྷ་དེའི་འཁོར་དུ་གྱུར་པ་གང་ཡིན་རྣམས། །མི་ལ་གླགས་མཐོང་ནས་ནི་ཕུང་བར་བྱེད། །ཅེས་གསུངས་པས་སོ། །དེ་ལྟར་དམ་ཚིག་བཅུ་གཉིས་པོ་དེ་དག་ཐམས་ཅད་དུ་དགག་པའི་སྒྲ་མ་སྦྱར་བར་བསྒྲུབ་པའི་ཕྱོགས་ནས་བསྟན་ཏོ། ༡ །གསང་སྔགས་ལྷ་དང་ཟློས་ལ་སྡང་མི་བྱ། །ཞེས་པ། སྤྱི་རྒྱུད་ལས། ལྷ་རྣམས་ཀུན་ལ་སྡང་མི་བྱ། །ཞེས་དང་། ལེགས་གྲུབ་ལས། སྒྲུབ་པོས་གསང་སྔགས་ཐམས་ཅད་དང་། །ལྷ་རྣམས་དག་ནི་ཐམས་ཅད་དང་། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །ཞེས་པས། ཡོན་ཏན་གྱི་ཞིང་ལ་ཁྲོ་བ་སྤང་བའོ། ༢ །གཞན་གཞུང་མི་མཆོད་ཅེས་པ། །སྤྱི་རྒྱུད་ལས། སྟོན་པ་གཞན་གྱི་གཞུང་མི་མཆོད། །ཅེས་དང་། དཔུང་བཟང་ལས། འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། །དྲག་པོ་རླུང་ལྷ་སོགས་ལ་ཕྱག་མི་བྱ། །དེ་ཡིས་བཤད་པའི་ཆོས་ལ་མི་བསྟེན་ཅིང་། །དེ་དག་དཀའ་ཐུབ་མི་སྤྱད་རྟག་མི་མཆོད། །དེ་རྣམས་ཆོས་ལ་ངན་སེམས་མི་བྱ་ཞིང་། །དེ་ཡིས་སྤྱོད་ལ་ནམ་ཡང་དགའ་མི་བྱ། །དེ་དག་བསྟོད་པ་མི་གདོན་སྔགས་མི་བཟླ། །ཞེས་པས། གཞན་མུ་སྟེགས་བྱེད་ལ་སོགས་པའི་གཞུང་ལུགས་གཅེས་སུ་བཟུང་ནས་མི་བཀུར་བའོ། ༣ །གསང་སྔགས་རང་བཟོར་མིན། །ཞེས་པ། ལེགས་གྲུབ་ལས། །མཁས་པས་གསང་སྔགས་ཆོ་ག་དང་། །གསང་སྔགས་རང་བཟོར་མི་བྱ་ཞིང་། །རང་བཞིན་ངན་པའི་མི་དག་ལ། །བརྙས་པར་ཡང་ནི་མི་བྱའོ། །ཞེས་པས། ཁུངས་ནས་ཇི་སྐད་འབྱུང་བ་ལས་ཆེད་ཀྱིས་མི་འདའ་བའི་དོན་ཏེ། རང་བཞིན་ངན་པའི་མིའི་ཆེད་དུ་ཡང་བརྙས་ཐབས་ཀྱི་ཁུངས་ལས་འདའ་བའི་ཆོ་ག་བྱེད་པ་ལ་སོགས་བཀག་གོ ༤ །མ་གནང་མི་ལེན། །ཞེས་པ། རྗེས་སུ་མ་གནང་བར་མི་ལེན་པའི་དམ་ཚིག་སྟེ། ལེགས་གྲུབ་ལས། གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །ཞེས་པ། གནང་བ་མ་ཐོབ་པར་སྔགས་ལ་རང་གར་འཇུག་པ་དགག་པའོ། ༥ །གདོན་སོགས་ལས་མི་བྱ། །ཞེས་པ། ཀུན་སློང་ལོག་པས་ལས་སྦྱོར་སྤང་བའི་དམ་ཚིག་སྟེ། ལེགས་གྲུབ་ལས། མཁས་པས་རིགས་སྔགས་དག་ལ་ནི། ཁྲོས་ནས་མནན་ནམ་བཅིང་བ་དང་། །བཅད་པ་དང་ནི་ཚར་བཅད་དང་། །དྲག་གཅོད་དེ་དང་དེ་མི་བྱ། །ཞེས་དང་། ཡང་། གདོན་གྱི་ལས་རྣམས་མི་བྱ་ཞིང་། །བསྲུང་དང་སླར་ལྡོག་མི་བྱའོ། །རང་གི་སྔགས་སམ་གཞན་གྱིས་ཀྱང་། །ཟློས་པས་དུག་གི་ལས་མི་བྱ། །དུག་གི་ལས་མི་བྱ་ཞེས་པ། དུག་གིས་ཟིན་པའི་དུག་སྤོ་བ་དང་འབྱིན་པ་སོགས་སོ། །དཔུང་བཟང་ལས། །གསང་སྔགས་བཅད་དང་བཅིང་བ་མི་བྱ་ཞིང་། །ཞེས་དང་། གནས་རྣམས་གཟིར་བར་ནམ་ཡང་མི་བྱའོ། །དབབ་དང་བཅིང་དང་རྡེག་དང་རྨོངས་བྱ་དང་། །ཡན་ལག་མི་གཞིག་རིམས་ཀྱང་མི་བརླག་ཅིང་། །སྔགས་པས་ཀླུ་དང་གདོན་ལ་སོགས་པ་རྣམས། །གཞན་དུ་བསྐྲད་པར་ནམ་ཡང་མི་བྱའོ། །དགར་དང་བསྐྲད་པ་དང་ནི་བསད་པ་དང་། །བྱིས་པ་གདོན་གྱིས་ཟིན་པ་མི་གསོ་ཞིང་། །རྒྱ་མོ་ས་མདའ་རྙིང་དང་མཛོལ་བུ་ཡིས། །སེམས་ཅན་གནོད་པ་ནམ་ཡང་མི་བྱའོ། །ཞེས་ཏེ། དེ་ལ་རྐང་པ་དང་པོ་ནི་གཞན་གྱི་དངོས་གྲུབ་འཐོབ་པ་དགག་པའི་དོན་དུ་གཞན་གྱི་ལྷའི་གཟུགས་བརྙན་ནམ་རྩྭ་ཀུ་ཤ་ལ་མཚོན་རྣོན་པོས་གཅོད་པ་དང་། དེའི་གཟུགས་བརྙན་ཚོན་སྣ་ལྔའི་སྐུད་པས་འཆིང་བ་ལྟ་བུའི་ལས་དྲག་པོ་བྱེད་དུ་མི་གནང་བའི་དོན་ཏེ། དེའི་གོང་གི་ཚིག་ལས། དེ་བཞིན་སྔགས་པས་གང་ཡང་རུང་བའི་སྔགས། །བཟླས་ནས་གཞན་གྱི་གསང་སྔགས་མནན་མི་བྱ། །ཞེས་གསང་སྔགས་མཐུ་ཆེ་བར་བསྟན་པའི་སྐབས་སུ། དེ་ལྟར་ལས་སྣ་ཚོགས་འགྲུབ་ནུས་པར་བརྡ་སྤྲད་ཀྱིས་ཀྱང་། དེ་དག་གཅིག་ལ་ཅིག་གནོད་པ་མི་བྱེད་དཔེ་དང་བཅས་པ་དང་། ཕྲག་དོག་དབང་གིས་བསྒྲུབ་པ་པོ་གཞན་དངོས་གྲུབ་ཐོབ་ཏུ་དོགས་ནས་དེའི་ལྷ་ལ་ཕུར་བུས་འདེབས་པ་དགག་པར་བསྟན་པ་ལྟ་བུའོ། །འོན་ཀྱང་གཞན་གྱི་གསང་སྔགས་ཀྱིས་རང་གི་གསང་སྔགས་བཅད་དམ། བཅིངས་སམ། མནན་པར་གྱུར་པ་ན་ཇི་ལྟར་བྱ་བ་ལ། དེའི་གོང་དུ། གཞན་གྱི་གསང་སྔགས་ཀྱིས་ནི་གསང་སྔགས་གང་། །བཅད་དམ་བཅིངས་སམ་མནན་པར་གྱུར་ཀྱང་རུང་། །དེ་ཡི་གཟུགས་བརྙན་ས་ལ་བྱས་ནས་སུ། །ང་ཡི་ཞབས་དྲུང་མངོན་དུ་ཕྱོགས་བཞག་སྟེ། །སྔགས་པ་ཀི་ལི་ཀི་ལི་སོགས་སྙིང་པོས། །མར་དང་འོ་མས་དེ་ཡི་གཟུགས་བཞིན་བཀྲུ། །དེ་ལྟར་ཞག་བདུན་བྱས་པས་གསང་སྔགས་དག །བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར། །ཞེས་སོགས་གསུངས་སོ། །གནས་རྣམས་གཟིར་བར་མི་བྱ་བ་ནི། ཀླུ་ལ་སོགས་པ་གནས་པའི་ས་གཞི་ལ་དེ་དག་གཙོ་བའི་སྔགས་དྲག་པོས་ཕུར་བུས་གདབ་པ་སོགས་མི་བྱ་བའོ། ༦ །གཞན་དུ་མི་སྤྱོད། ཅེས་པ། ལས་སྤྱད་པ་གཞན་དུ་མི་བསྒྱུར་བའི་དམ་ཚིག་སྟེ། ཞི་བའི་ལས་བྱེད་པ་རྣམས་ལ་མི་འགྲུབ་པའི་དོན་དུ། དྲག་པོ་ལ་སོགས་པའི་ཚུལ་དུ་མི་བསྒྱུར་བ་སྟེ། དཔུང་བཟང་ལས། ལས་རྣམས་སྤྱད་པ་གཞན་དུ་བསྒྱུར་མི་བྱ། །ཞེས་པས་སོ། །ལེགས་གྲུབ་ལས། སྒྲུབ་པ་དགོས་པ་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སང་ཕྱིར་ཡང་། །བདག་གིས་གསང་སྔགས་མི་སྦྱར་རོ། །ཞེས་པ་དངོས་གྲུབ་བསྒྲུབ་པ་ལ་ཕན་པའི་ལས་སྦྱོར་མ་གཏོགས་གྲོང་པའི་ཆེད་ལྟ་བུ་དང་། ནུས་པ་འགྲན་པ་དང་། གཞན་ལ་ཉམས་སད་པའི་ཕྱིར་བདག་གི་གསང་སྔགས་ལས་ལ་མི་སྦྱར་རོ། ༧ །དམ་ཚིག་མེད་མི་སྦྱིན། ཞེས་པ། སྤྱི་རྒྱུད་ལས། དབང་བསྐུར་བ་ཡི་ཆོ་ག་དང་། །བསྒྲུབ་པའི་ཆོ་གའང་དེ་བཞིན་སྦྱར། །སློབ་མ་དམ་ཚིག་ཤེས་པ་ནི། །གཞན་རྣམས་ལ་ནི་རང་གི་སྔགས། །ཆོ་གར་བཅས་ཤིང་ཕྱག་རྒྱར་བཅས། །ཆོ་ག་རྒྱས་དང་བཅས་པ་སྦྱིན། །དཀྱིལ་འཁོར་ལེགས་པར་མ་མཐོང་བར། །གང་ཞིག་ཅི་སྟེ་སྔགས་ཟློས་ན། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །ཤི་ནའང་ངན་འགྲོར་ལྟུང་བར་འགྱུར། །སྔགས་དང་ཕྱག་རྒྱ་ཆོ་ག་དག །གང་ཞིག་དེ་ལ་སྟོན་པ་ཡང་། །དེ་ནི་དམ་ཚིག་ཉམས་གྱུར་ནས། །ངུ་འབོད་སེམས་ཅན་དམྱལ་བར་འགྲོ། །ཞེས་ཏེ། དཔུང་བཟང་ལས། ཡི་གེ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། །ཞེས་པས་སྦྱིན་པར་འོས་པ་ལ་ལྷག་ཆད་དུ་གྱུར་པ་ཡང་ཤེས་པར་བྱའོ། །འདིར་དགོངས་པ་ནི། སློབ་མ་གང་ཞིག་ཇི་སྐད་བཤད་པའི་དམ་ཚིག་ཤེས་ཤིང་བསྲུང་བར་ནུས་པ་དེ་ལ་དཀྱིལ་འཁོར་སྟོན་པ་དང་། དབང་བསྐུར་བ་དང་སྔགས་རྒྱ་སྟོན་པར་རིགས་ཀྱི། དེ་ལས་བཟློག་སྟེ། དམ་ཚིག་མི་ཤེས་པས་དཀྱིལ་འཁོར་བལྟར་མི་དབང་བས་དབང་བསྐུར་མི་ཐོབ་ལ། དེས་ན་དེ་ལ་སྔགས་རྒྱའི་མན་ངག་བྱིན་ནས་བསྒྲུབས་ཀྱང་དཔོན་སློབ་གཉིས་ཀའི་ངན་འགྲོའི་རྒྱུ་བྱེད་ཅིང་། སློབ་དཔོན་ནི། དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །ཞེས་བཤད་པའི་དམ་ཚིག་ཉམས་ན་ངུ་འབོད་དུ་འགྲོ་བས། དེའི་ཕྱིར་དེ་ལྟར་མི་འགྱུར་བར་བསླབ་ཅེས་པ་བསླབ་བྱའི་ཆོས་ལ་ནན་ཏན་བྱ་བར་གསུངས་པའོ། །ལེགས་གྲུབ་ལས་ཀྱང་། བསྙེན་བཀུར་མ་བྱས་པ་ལ་ཡང་། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང་། །ཕྱག་རྒྱ་ཆོ་ག་ཞིབ་མོ་དང་། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །ཞེས་གསུངས་སོ། ༨ །ཕྱག་རྒྱ་བཞོན་པ་མཚན་མ་མི་འགོང་ཞིང་། །ཞེས་པ་མི་འགོང་པའི་དམ་ཚིག་སྟེ། ལེགས་གྲུབ་ལས། མཚོན་ཆ་འདྲ་བ་ཐམས་ཅད་དང་། །དེ་བཞིན་སེམས་ཅན་འདྲ་བ་དང་། །ཕྱག་རྒྱ་སྣ་ཚོགས་འདྲ་བ་དག །བཟའ་བར་མི་བྱ་འགོང་མི་བྱ། །སྒྲུབ་པ་པོ་ནི་བློ་ལྡན་གྱིས། །སྨན་རྣམས་སྨད་པར་མི་བྱ་སྟེ། །མི་གཙང་བས་ཀྱང་རེག་མི་བྱ། །རྐང་པས་ཀྱང་ནི་མི་འགོང་ངོ་། །ཞེས་དང་། ཤིང་རྟ་ལ་སོགས་བཞོན་པ་དང་། །པདྨ་ལ་སོགས་བརྫི་མི་བྱ། །ཁ་ཟས་ལྷག་མ་བོར་བ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །ཞེས་སོ། ༩ །ཟས་དང་སྤྱོད་ལ་སྒོ་གསུམ་མ་བསྡམས་མིན། །ཞེས་པ། ལེགས་གྲུབ་ལས། སྔགས་ཟླས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་ཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ །དེ་བཞིན་བརྙིངས་དང་དྲི་མ་ཅན། །གོས་གཅིག་པར་ཡང་ཡོང་མི་བྱ། །ཞེས་དང་། ཡང་། སྙིམ་པ་ཁོ་ནར་མི་བཟའ་སྟེ། །མཁར་བའི་སྣོད་དུ་བཟའ་མི་བྱ། །ལོ་མའི་རྒྱབ་ཏུ་མི་བཟའ་ཞིང་། །མཁས་པས་ཆགས་པའི་ཟས་མི་བཟའ། །ཁྲི་རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པོ་བློ་ལྡན་མི་གཙང་བ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་ཏུ་ཡང་མིན། །ཡང་དང་ཡང་དུ་མི་བཟའ་སྟེ། །ཧ་ཅང་ཆུང་དང་ཆེར་མི་བཟའ། །མི་བཟའ་བར་ཡང་མི་བྱ་ལ། །གང་དག་དོགས་པའང་མི་བཟའ་འོ། །ཞེས་དང་། དཔུང་བཟང་ལས། འགྲེང་དང་འདུག་དང་མ་ལོག་ཉལ་བ་དང་། །འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་ན། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དང་། །རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ། །ཞེས་སོ། ༡༠ །མ་གནང་མི་ཟ། ཞེས་པ། མི་འགོང་བའི་སྐབས་སུ་བཤད་པའི་བཟའ་བས་དབྱིབས་ལོག་པར་བསྒྲུབ་པ་དང་། ཤ་ཆང་ཀེའུ་སྒོག་བཙོང་འབྲུ་མར་དང་། །ཏིལ་དང་ལ་ཕུག་འབྱུང་པོའི་ཁ་ཟས་དང་། །ལྷ་བཤོས་གཏོར་མ་ལ་སོགས་མ་གནང་ཟས། །ཞེས་པ་མ་གནང་བ་མི་བཟའ་བའི་དམ་ཚིག་སྟེ། ལེགས་གྲུབ་ལས། འབྲུ་མར་གྱིས་ནི་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང་། །བཅའ་སྐྱུར་རྣམ་པ་ཐམས་ཅད་དང་། །ཅུང་པེད་དང་ནི་སྲན་སྲིལ་དང་། །དེ་བཞིན་མ་ཤའི་སྲན་ཆན་དང་། །ཏིལ་གྱི་ཅུང་པེད་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང་། །ལོག་འདྲེན་གྱི་ནི་ཟས་ཀུན་དང་། །གཏོར་མའི་ཁ་ཟས་ཐམས་ཅད་དང་། །ཀྲྀ་ས་ར་དང་འོ་ཐུག་ཀྱང་། །གསང་སྔགས་ཟློས་པས་རྣམ་པར་སྤང་། །ཞེས་དང་། ཀྲྀ་ས་ར་ཞེས་པ། ཏིལ་ནག་དང་། མ་ཤ་དང་། འབྲས་བསྲེས་པའི་འོ་ཐུག་གོ །དཔུང་བཟང་ལས། འབྱུང་པོར་བྱིན་ནས་ལྷ་ཡི་གཏོར་མའམ། །ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། །ཞེས་དང་། ཡང་། ཤ་ཆང་ཀེའུ་དང་བཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཁ་ཟས་ལྷ་བཤོས་གཏོར་མ་དང་། །བུ་ལང་མཆོད་བྱས་གཏོར་མ་མི་ཟའོ། །ངས་ནི་སྔགས་པ་ཁ་ཟས་མངར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་འོ་མ་མར་དག་དང་། །འབྲུ་མར་ཚིགས་མ་དར་བ་འོ་སྐོལ་དང་། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཤ་ཟ་སྲིན་པོ་དག་དང་གནོན་པོ་དང་། །རོ་ལངས་དང་ནི་འཇིགས་པ་བསྒྲུབ་པ་དང་། །ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ། །འབྲུ་མར་ཚིགས་མ་ཟ་བ་མཆོག་ཏུ་བསྔགས། །ཞེས་གསུངས་སོ། ༡༡ །བྱམས་པ་བཏང་མི་བྱ། །ཞེས་པ། བྱམས་པ་མི་བཏང་བའི་དམ་ཚིག་སྟེ། འདི་ལ་དཔུང་བཟང་ལས། སེམས་ཅན་ནང་ཀྱིས་གདུངས་དང་སྡུག་བསྔལ་ལ། །རྟག་ཏུ་བྱམས་པའི་སེམས་ནི་བཏང་མི་བྱ། །ཞེས་གསུངས་པའི་རྗེས་སུ་འབྲངས་ལ། སྤྱི་རྒྱུད་ལས། སྲོག་ཆགས་ཀུན་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཅེས་བསྒྲུབ་ཚིག་གིས་གསུངས་ཀྱང་། དགག་ཚིག་སྨོས་པ་མང་བའི་ཕྱིར་དེའི་རྗེས་སུ་འབྲངས་ཏེ། ཕྱག་རྡོར་དབང་བསྐུར་ལས་ཀྱང་། ཁྱོད་ཀྱིས་བྱམས་དང་སྙིང་རྗེ་དང་། །ལག་ན་འཁོར་ལོ་ཞར་མི་བཏང་། །ཞེས་གསུངས་པས་སོ། ༡༢ །ཟློས་ནས་མ་ཟིན་བར་དུ་སྨྲ་བ་མིན། །ཞེས་པ། སྦྱོར་བ་དང་འབྲེལ་བའི་དམ་ཚིག་སྟེ། ལེགས་གྲུབ་ལས། གདོལ་པ་ལ་སོགས་རིགས་ངན་དང་། །གསང་སྔགས་ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །ཞེས་དང་། ཡང་། བཀའ་ལན་བསྩལ་བ་མ་གཏོགས་པར། །བདག་གིས་གསང་སྔགས་བཏང་མི་བྱ། །ཞེས་དང་། དཔུང་བཟང་ལས། དང་པོར་ཟློས་ནས་བཟླས་བརྗོད་ཟིན་བར་དུ། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་ཞིང་པ་དང་། །བུད་མེད་མ་ནིང་དང་ནི་ཁྱེའུ་བུ་མོ་དང་། །སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ། །ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང་། །བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲས་ནས་ལུད་པ་བཤང་གཅི་བོར་ནས་སུ། །ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །ཞེས་སོ། ༡༣ །ཁྲོས་ནས་དྲག་ཤུལ་མི་སྤྱོད། །ཅེས་པ། ལེགས་གྲུབ་ལས། ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ། །ཞེས་པ། ཆེད་དུ་བྱ་བ་ཆུང་ངུ་ལ་ལོག་པར་འབད་པ་སྤང་བའི་དམ་ཚིག་སྟེ། འོ་ན་དཔུང་བཟང་ལས། བགེགས་དང་ལོག་འདྲེན་རྣམ་པར་གཞིག་པའི་ཕྱིར། །བདུད་རྩི་ཐལ་སྦྱོར་དྲག་ཤུལ་ཅན་ལ་སྦྱར། །སྔགས་པ་དེ་ཡི་གསང་སྔགས་ལམ་ཞུགས་པ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོང་མི་ཚུགས། །ཞེས་པ་དང་ཇི་ལྟར་མི་འགལ་ཞེ་ན། །སྐྱོན་མེད་དེ་ལུང་དེའི་དོན་ཡང་། ལོག་འདྲེན་དེ་དག་ནི་བསོད་ནམས་ཀྱང་ཟད་པར་བྱེད་དེ། ལོག་འདྲེན་རྣམས་ཀྱིས་རེག་པ་ཙམ་གྱིས་ལྷའི་ལོ་སྟོང་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཐལ་བར་རློག་པར་བྱེད་ཅིང་། རིག་སྔགས་བསྒྲུབ་པའི་བསོད་ནམས་ཀྱང་ཟད་པར་བྱེད་དེ། དེས་ན་རིགས་སྔགས་འགྲུབ་པར་མི་འགྱུར་རོ། །ཞེས་དང་། ངེས་པར་གནས་པ་ལ་ཡང་། གནས་ནས་གནས་སུ་འགྲོ་བ་ལ་ཡང་གོམ་པ་རེ་རེ་ལ་ལོག་འདྲེན་རྣམས་གླགས་འཚོལ་བའི་ཕྱིར་འཁོད་པ་ཡང་ཡོད་དོ། །ཞེས་སོགས་རྒྱས་པར་འབྱུང་ངོ་། །དེ་ལྟ་བས་ན་དེ་ལྟ་བུ་དང་པོ་ནས་མི་འབྱུང་བའི་རྒྱུ་གསུངས་པ་ལ་ནན་ཏན་དུ་བསླབ་སྟེ། བདུད་རྩི་ཐལ་སྦྱོར་གྱི་ལས་ཀྱི་སྦྱོར་བས་སོ། །སྦྱོར་བ་ཡང་རྒྱུད་དེ་ཉིད་ལས་གསུངས་པ། དེ་བས་ན་རིག་སྔགས་འཆང་གིས་ཉི་མ་ལོགས་སུ་ཁ་བལྟས་ལ། ལག་གིས་ཆུ་ཁྱོར་བ་གང་གཏོར་ནས་ཁྲོ་བོའི་གསང་སྔགས་ཀྱང་ལན་བདུན་བརྗོད་པར་བྱ་སྟེ། འདི་སྐད་དུ། བདག་མིང་འདི་ཞེས་བྱ་བ་རིག་སྔགས་ཆེ་གེ་མོ་ཞིག་བསྒྲུབ་ཀྱི་ཁྱེད་ཡིད་དགའ་བར་གྱིས་ཤིག ཅེས་སྨྲ་བར་བྱའོ། །དེ་ལྟར་ན་བདུད་རྩི་ཐལ་སྦྱོར་གྱི་གསང་སྔགས་ཀྱི་ལམ་དུ་ཞུགས་པ་ཡིན་ལ། དེའི་ཕན་ཡོན་ནི། སྔགས་པ་དེའི་ཞེས་སོགས་རྐང་པ་གཉིས་ཏེ། རིག་པ་མཆོག་ལས་ཀྱང་དེའི་ཕན་ཡོན་གསུངས་པ། དེས་ལོག་འདྲེན་རྣམས་དགའ་ཞིང་མགུ་ལ་ཡིད་དགའ་བར་གྱུར་ཏེ་དངོས་གྲུབ་སྦྱིན་པར་བྱེད་ཅིང་སེམས་ཀྱང་དང་བར་འགྱུར་རོ། །ཞེས་སོ། ༡༤ །བདག་མི་བརྙས། ཞེས་པ། ལེགས་གྲུབ་ལས། བདག་ལ་སྨད་པར་མི་བྱ་ཞིང་། །རང་ལ་མི་དགར་མི་བྱ་སྟེ། །སྐྱོ་བར་ཡང་ནི་མ་གྱུར་དང་། །ནད་ཀྱིས་བསྒོ་བར་མི་བྱའོ། །ཞེས་དང་། དཔུང་བཟང་ལས། དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་ནི་སྦྱིན་པ་ལྟར། །དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ཞེས་པ་ནས། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བ་སོགས་ལ་ཆགས་མི་བྱ། །ཞེས་སོ། ༡༥ །གཞན་སུན་མི་འབྱིན། ཞེས་པ། དཔུང་བཟང་ལས། སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །ཞེས་དང་། ལེགས་གྲུབ་ལས། ཐེག་པ་ཆེན་པོ་པ་དག་དང་། །ཤེས་རབ་ཅན་གྱིས་རྩོད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཡང་མི་དབྱུང་ངོ་། །སྔགས་ཀྱི་སྒྲུབ་པ་པོ་དག་དང་། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཞེས་དང་། ཡང་། མུ་སྟེགས་ཅན་དང་གནས་པ་དང་། །རྩོད་པ་དག་ཀྱང་མི་བྱ་ཞིང་། །ཞེས་སོ། ༡༦ །གནས་ངན་ལེན་རྣམས་སྤོང་། །ཞེས་པ། དཔུང་བཟང་ལས། ཚིག་རྩུབ་ཕྲ་མ་ཀྱལ་བ་སྨྲ་བ་དང་། །གཞན་གྱི་བུད་མེད་བགྲོད་དང་བརྫུན་སྨྲ་དང་། །བརྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང་། །ཆད་དང་བྱེད་པ་རྟག་ཏུ་སྤང་བར་བྱ། །ཞེས་དང་། ཡང་། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དག །སེམས་ཀྱི་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །ཞེས་དང་། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླངས་བར་བྱ། །ཞེས་པས། རབ་ཏུ་བྱུང་བའི་ཐ་སྙད་འབའ་ཞིག་ལ་བལྟོས་ཏེ་བཅས་པ་མ་གཏོགས་སོ་ཐར་གྱི་བཅས་པ་རྣམས་ཁྱིམ་པས་བསྲུང་བྱར་བཤད་ཅིང་། ལེགས་གྲུབ་ལས། འགོང་བ་དང་ནི་མཆོང་བ་དང་། །རྒྱུག་པ་དང་ནི་རྩབ་སྲལ་དང་། །ལུས་ལས་བྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤང་བར་བྱ། །བདེན་པའི་ཆོས་ལ་གནས་པ་ཡི། །ལོག་པར་སྨྲ་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བར་བྱ། །དོན་མེད་གཏམ་ཡང་མི་བྱའོ། །ཞེས་དང་། ཡང་། གཏི་མུག་བློ་ནི་མི་སྨད་ཅིང་། །བསྒོམ་པ་ལྷོད་པར་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང་། །བསམ་པ་མང་པོ་མ་ཡིན་དང་། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །ཞེས་སོ། ༡༧ །ལྟད་མོ་མི་བལྟ་སེར་སྣ་རྒྱགས་ཁེངས་བསྐྱུང་། །སེར་སྣ་དང་གཡེང་བག་གི་སྤྱོད་ལམ་སྤང་བའི་དམ་ཚིག་སྟེ། དམ་ཚིག་གསུམ་བཀོད་ལས། བཟའ་བར་མི་བྱ་སེར་སྣ་མིན། །ཞེས་དང་། དཔུང་བཟང་ལས། བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང་། །ཞེས་དང་། ཡང་། གང་ན་བ་བཞོན་བེའུ་ཕྲུག་ཆུང་བ་དང་། །གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་། །གང་ན་བུ་མོ་གཞོན་བསྟེན་བརྩེ་བ་དང་། །གང་ན་དགའ་སྟོན་ཁྱི་ཟ་བྱེད་པ་དང་། །གང་ན་སྐྱེ་བོ་མང་པོ་འདུས་པ་དང་། །གང་ན་དེ་བཞིན་རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །ཞེས་དང་། ལེགས་གྲུབ་ལས། སྒེག་པའི་ཆོ་ག་ཐམས་ཅད་དང་། །ལྷམ་དང་གདུགས་དག་འཆང་བ་དང་། །ལུས་ཀྱི་བྱ་བྱེད་ཐམས་ཅད་དག །གསང་སྔགས་ཟློས་པས་རྣམ་པར་སྤང་། །རྐང་པས་རྐང་པ་མཉེད་པ་དང་། །ལག་པས་ལག་པ་མཉེ་མི་བྱ། །ཞེས་དང་། ཡང་། ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལའང་མི་བལྟ་ཞིང་། །བུད་མེད་ཡུལ་ལ་འཇོལ་ཉོག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །ཞེས་སོ། ༡༨ །བཤང་གཅི་ཆུའམ་དེ་དང་ཉེར་མི་དོར། །བཅོ་བརྒྱད་འདི་དག་དགག་པའི་དམ་ཚིག་གོ །ཞེས་པ་བག་མ་བསྡམས་པའི་སྤྱོད་ལམ་སྤང་པའི་དམ་ཚིག་སྟེ། ལེགས་གྲུབ་ལས། བཤང་གཅི་དག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །ཞེས་པའོ། །དེ་ལྟར་བཅོ་བརྒྱད་ནི་དགག་ཚིག་གིས་གསུངས་སོ། །དེ་དག་ལས་ཉམས་ན་ཡན་ལག་གིས་ལྟུང་བར་འགྱུར་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་དཔེར་ན་རབ་ཏུ་བྱུང་བས་ཇི་སྲིད་རབ་ཏུ་བྱུང་བ་ཉིད་མ་བཏང་གི་བར་དུ་འགལ་ཚབས་ཅན་དུ་མ་ཞིག་བྱས་ཀྱང་དེ་རབ་ཏུ་བྱུང་བ་སྟེ། རབ་ཏུ་བྱུང་བའི་ཐ་སྙད་རུང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ཡང་ཇི་སྲིད་དུ་གཞིའི་དམ་ཚིག་གསུམ་རྣམ་པར་མ་བཏང་བ་དེ་སྲིད་དུ་བྱང་ཆུབ་སེམས་དཔར་ཐ་སྙད་རུང་བ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །གཉིས་པ་བསྲུང་བར་བྱ་བའི་རྩ་ལྟུང་བཅུ་དྲུག་བཤད་པ་ནི། ཆད་ལྟ་དཀོན་མཆོག་གསུམ་སྤོང་བྱང་སེམས་སྤོང་། །དབང་བསྐུར་སྤོང་དང་བླ་མར་འཁུ་བ་ལྔ། །འཇམ་དཔལ་རྩ་རྒྱུད་ལས་གསུངས། ཞེས་པ། ཆད་པར་ལྟ་བས་ཡང་དག་པའི་ལྟ་བ་མེད་པར་བྱེད་ལ། དཀོན་མཆོག་གསུམ་སྤོང་བས་ཆོས་འདི་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྤངས་པས་ཐེག་པ་ཆེན་པོ་དང་། དབང་བསྐུར་བ་སྤངས་པས་རྡོ་རྗེ་ཐེག་པ་དང་། བླ་མ་ལ་འཁུ་བས་དངོས་གྲུབ་ཐམས་ཅད་མེད་པར་བྱེད་པའི་ཕྱིར་རྩ་བའི་ལྟུང་བ་ཞེས་བཤད་དོ། །འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་དེའི་ཕྱིར་ངས་འདིར་ཆད་པར་ལྟ་བ་དང་། དཀོན་མཆོག་གསུམ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་སྤོང་བ་དང་། དབང་བསྐུར་བ་སྤོང་བ་དང་། བླ་མ་ལ་འཁུ་བ་ཞེས་བྱ་བ་ལྔ་པོ་འདི་ནི་རྩ་བའི་ལྟུང་བ་ཡིན་པར་བསྟན་ཏེ། ཆོས་དེ་དག་ལས་གང་ཡང་རུང་བ་ཞིག་སྤྱོད་ན། དེ་སླར་སྦྱང་བ་མ་བྱས་ན་སྔགས་པའི་ཐ་སྙད་མེད་ཅིང་། དངོས་གྲུབ་ཀྱི་ས་བོན་ཉམས་པ་དང་། ཚིག་པ་དང་། རུལ་བར་བརྗོད་དོ། །ཅིའི་ཕྱིར་རྩ་བའི་ལྟུང་བ་ཞེས་བྱ་ཞེ་ན། ཇི་ལྟར་ཤིང་ལྗོན་པ་རྩ་བ་ཆད་ཅིང་བསྐམས་པ་ན་ཡན་ལག་ཉིང་ལག་ཐམས་ཅད་བསྐམས་པར་བརྗོད་པ་དེ་བཞིན་དུ། ཆོས་ལྔ་པོ་འདི་དག་སྤྱད་ན་ཡང་། བཟླས་པ་དང་། བསྡམ་པ་དང་། གཙང་སྦྲ་ལ་སོགས་པའི་ཆོས་རྣམས་འབྲས་བུ་ཁྱད་པར་ཅན་མི་སྐྱེད་ཅིང་། བསྐམས་པས་ན་རྩ་བའི་ལྟུང་བར་བརྗོད་དོ། །ཞེས་དང་། ལེགས་གྲུབ་ལས། བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན་ཡང་། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །ཞེས་སོ། །ཕྱག་རྡོར་དབང་བསྐུར་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིས་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟར་ལགས། ཞེས་པ་ནས། མཚམས་མེད་ལ་སོགས་མི་ཟད་པའི། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེ་ཡང་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་སོ། །དཔུང་བཟང་གིས། ཞུས་ལས་མཚམས་མེད་ལྔ་དང་ཉེ་བ་ལྔ། །སྙིང་ནས་དཀོན་མཆོག་གནོད་བྱེད་བཅུ་གཅིག་གོ །མཚམས་མེད་ཅེས་པ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཉིང་མཚམས་སྦྱོར་བ་ན་སྐྱེ་གནས་གང་གིས་ཀྱང་བར་དུ་མི་ཆོད་པར་མནར་མེད་པའི་དམྱལ་བར་ངེས་པར་སྦྱོར་བའི་དོན་ཏོ། །ལྔ་ཞེས་པ། དཔུང་བཟང་ལས། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་། །མཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་། །དེ་བཞིན་གཤེགས་ལ་ཞེ་སྡང་སེམས་ཀྱིས་སུ། །ནམ་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད། །གཏི་མུག་ཅན་གྱིས་སྡིག་པ་གཅིག་བྱས་ན། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །ཞེས་སོ། །ཉེ་བ་ཞེས་པ། མཚམས་མེད་ལྔ་དང་མི་བཟད་པར་འདྲ་བ་ལས། དགེ་བའི་ལས་དྲག་པོས་དེ་ལས་བཟློག་པའང་སྲིད་པས་སོ། །ལྔ་ནི་ཡང་དེ་ཉིད་ལས། མཆོད་རྟེན་འཇིགས་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པའི་མ་ནི་སུན་འབྱིན་དང་། །སློབ་པ་གསོད་ཅིང་དགེ་འདུན་མང་བ་ལ། །གང་ཞིག་འདོད་པས་མང་ཉུང་བརྐུ་འཕྲོག་པ། །མཚམས་མེད་ཉེར་ལྔར་དེ་བཞིན་གཤེགས་པས་གསུངས། །ཚུལ་ཉམས་མི་རྣམས་གང་ཞིག་འདི་བྱེད་པ། །བསྐལ་པའི་བར་དུ་མནར་མེད་སྡུག་བསྔལ་མྱོང་། །གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོངས་མི་ཐོབ། །ཅེས་སོ། །སྙིང་ནས་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ཞེས་པ་ནི། ཡང་དེ་ཉིད་ལས། གང་ཞིག་བདེ་གཤེགས་གསུངས་པའི་གླེགས་བམ་དག །ཆུད་གཟོན་པ་དང་མེས་ནི་བསྲེག་པ་དང་། །བསམ་པ་ངན་པས་ཆུར་ནི་འདོར་བ་དང་། །ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བ་དང་། །བསླབ་ཚིགས་མ་ལུས་པས་ནི་བརྒྱན་པ་ཡི། །དགེ་སློང་དག་གམ་དགེ་སློང་མ་གསོད་དམ། །དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དམ། །ངན་པའི་སེམས་ཀྱིས་ལྷ་ཁང་བསྲེགས་ཀྱང་རུང་། །མི་ཡི་ཡུལ་ན་སྡིག་པ་འདི་བྱས་པ། །དཀའ་བ་སྤྱད་པར་ལྡན་ཡང་གྲུབ་མི་ཐོབ། །གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི། །བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང་། །བདག་ཉིད་མནར་མེད་དམྱལ་བར་འཚེད་པར་གྱུར། །དེ་ནས་ཐར་ནས་ལས་ཀྱི་དབང་གིས་ཀྱང་། །རིགས་ངན་མི་དང་དུད་འགྲོར་སྐྱེ་བ་འཐོབ། །འདི་དག་ངས་ནི་ཁྱོད་ལ་མདོར་བཤད་པའོ། །ཞེས་སོ། །དམ་ཚིག་དེ་དག་ཐམས་ཅད་ཀྱང་མདོར་སྡུ་ན། གཞིའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་གཉིས་ལས། བསྲུང་བྱའི་དམ་ཚིག་བཅུ་དྲུག་པོ་དེ་དག་ལ་གཞིའི་དམ་ཚིག་ཅེས་བྱ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་ངའི་སྔགས་ཀྱི་ཡུལ་རྨད་དུ་བྱུང་བ་ལ་འཇུག་པའི་དམ་ཚིག་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཞི་དང་ཡན་ལག་གོ །དེ་ལ་གཞི་ཇི་ལྟ་བུ་ཞེ་ན། མངོན་པར་དབང་བསྐུར་བ་མི་གཏོང་བ་ནི་གཞི་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་གི་དམ་ཚིག་ལ་ཐུན་མོང་གི་དང་། བྱེ་བྲག་གི་དང་། ལྷག་པའི་དམ་ཚིག་གསུམ། དེ་ལ་གང་ཟག ཡུལ་དུས་ཀྱི་བྱེ་བྲག་མེད་པར་ཐམས་ཅད་དུ་ཐམས་ཅད་ཀྱིས་བསྲུང་བར་གསུངས་པ་ཐུན་མོང་གི་དམ་ཚིག སྡོམ་པའི་ཡུལ་སོ་སོར་བཅས་པ། རབ་བྱུང་དང་། ཁྱིམ་པ་དང་། རང་གི་ཡུལ་གྱིས་འཇུག་པ་ཐ་དད་པ་སྐྱེས་པ་དང་། བུད་མེད་ལྟ་བུ་གང་ཟག་གི་བྱེ་བྲག་ཏུ་ཕྱེ་བ་དང་། རིགས་དང་། ལྷ་དང་། ལས་དང་། དངོས་གྲུབ་ཀྱིས་བྱེ་བྲག་ཅན་དུ་བྱ་བ་བྱེ་བྲག་གི་དམ་ཚིག ཐམས་ཅད་ལ་ཐམས་ཅད་དུ་མ་ཡིན་པར་ཡུལ་དང་དུས་ལ་ལར་གང་ཟག་ལ་ལ་ལ་བསྟན་པའི་འདུལ་བ་ཁྱད་པར་ལྷག་པའི་དམ་ཚིག་སྟེ། དེ་ཉིད་ལས། ཀྱེ་རྒྱལ་བའི་སྲས། དེ་ལ་ཡན་ལག་ཏུ་བརྗོད་པའི་དམ་ཚིག་གང་ཞེ་ན། གཞི་རྣམ་པ་བཞི་ལ་བསྟེན་པའི་དབང་ལས་ཐོབ་པའི་དམ་ཚིག་ཇི་སྙེད་པ་སྟེ། དེ་ཡང་ཐུན་མོང་དང་། བྱེ་བྲག་དང་། ལྷག་པ་ཞེས་བྱ་བ་གསུམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་རིགས་ལྔའི་དམ་ཚིག་ཏུ་འགྱུར་པའི་ཚུལ་ཡང་དཀོན་མཆོག་གསུམ་མི་སྤང་ཞིང་དད་པར་བྱ་བ་གསུངས་པ་དང་། བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་། གཞན་ལ་འཚེ་བ་སྤོང་བར་གསུངས་པ་རྣམས་རྣམ་པར་སྣང་མཛད་ཀྱི་དང་། བླ་མ་བསྟེན་ཚུལ་དང་། ལྷའི་རྣལ་འབྱོར་གསུངས་པ་རྣམས་དང་། ཕྱག་རྒྱ་དང་རྡོར་དྲིལ་གྱི་དེ་ཉིད་གསུངས་པ་སོགས་ནི་རྡོ་རྗེ་རིགས་ཀྱི་དང་། དཀོན་མཆོག་གསུམ་གྱི་དཀོར་གྱི་ཡོ་བྱད་དང་། གཞན་གྱི་ནོར་འཕྲོག་པ་སྤོང་བ་སོགས་སེར་སྣ་དང་མཐུན་པའི་ལས་སྤང་བར་གསུངས་པ་རྣམས་རིན་ཆེན་འབྱུང་གནས་ཀྱི་དང་། དམ་པའི་ཆོས་སྤོང་བ་སོགས་ཆོས་ལ་མ་གུས་པ་སྤང་བར་གསུངས་པ་རྣམས་འོད་དཔག་མེད་ཀྱི་དང་། ལུས་འབུལ་བ་གཙོ་བོར་བྱས་པའི་མཆོད་པ་བཞི་ལ་སོགས་པ་མཆོད་པའི་ལས་ལ་བརྩོན་པར་བྱ་བ་དང་། བདག་འབུལ་བའི་དགོངས་པ་བཤད་པར་གྱུར་པ་ལྟར་མི་དགེ་བ་བཅུ་སྤོང་གི་སྡོམ་པ་བསྲུང་བར་གསུངས་པ་དང་། སེམས་ཅན་གྱི་དོན་གྱི་ལས་ལ་བརྩོན་པར་གདམས་པ་རྣམས་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ །སྤྱི་རྒྱུད་གསུམ་ལས་གསུངས་པའི་བརཏལ་ཞུགས་ཀྱི། །རྣམ་པར་དབྱེ་བ་ཐམས་ཅན་དེར་འདུས་སོ། །དེ་ཡང་གསང་བ་སྤྱི་རྒྱུད་དང་། འཕགས་པ་དཔུང་བཟང་གིས་ཞུས་པ་དང་། ལེགས་པར་གྲུབ་པ་སྟེ། བྱ་བ་སྤྱིའི་རྒྱུད་དུ་བཞག་པ་དེ་དག་ལས་གསུངས་པའི་བརཏལ་ཞུགས་ཀྱི་རྣམ་པར་དབྱེ་བ་ཐམས་ཅད་འདིར་འདུས་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་། དམ་ཚིག་གསུམ་བཀོད་པ་དང་། འཇམ་དཔལ་རྩ་རྒྱུད་དང་། དེས་མཚོན་ནས་བྱ་བའི་རྒྱུད་སྟོང་ཕྲག་བཞིའི་དམ་ཚིག་གི་རྣམ་གཞག་ཐམས་ཅད་ཀྱང་དོན་ལ་སྟོན་པའི་ཤེས་རབ་ཀྱི་མིག་གིས་ཞིབ་མོར་བརྟགས་ན་འདིར་མ་འདུས་པ་མེད་དོ། །གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་ནི། གལ་ཏེ་ཉམས་ན་རང་རིགས་སྙིང་པོའི་སྔགས། །འབུམ་དུ་བཟླས་བརྗོད་མེས་རྨོངས་བྱེད་པའི་གཟུངས། །སྟོང་ངམ་ཡང་ན་ཞི་བའི་སྦྱིན་སྲེག་གམ། །ཡང་ན་དཀྱིལ་འཁོར་འཇུག་པས་དག་པར་བྱ། །དེ་དག་བྱ་བའི་རྒྱུད་ཀྱི་འཇུག་པ་སྟེ། །ཞེས་པ་ལེགས་པར་གྲུབ་པ་ནས། །བག་མེད་དམ་ཚིག་ཉམས་པ་ཡིས། །ལྷུང་ངམ་ལྷུང་བར་གྱུར་ཀྱང་རུང་། །རིགས་རྒྱལ་ཡིད་ཀྱིས་བཟླས་ན་ནི། །དེ་ནས་མོད་ལ་ལྡང་བར་གྱུར། །ཞེས་ཕྱིར་གསོ་བ་ལ་རིགས་ཀྱི་སྙིང་པོ་བཟླས་པས་དང་། ཡང་ན་མེས་རྨོངས་པར་བྱེད་པའི་སྙིང་པོ་སྟོང་བཟླས་པ་སྟེ། གཟུངས་དེ་ཡང་གང་ཞེ་ན། རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་པར་བྱེད་པའི་གཟུངས་ཞེས་བྱ་བར་ཡོངས་སུ་གྲགས་པ་འདི་ཉིད་ཡིན་པར་གནའ་མཆན་ལས་བཤད་པ་བཞིན་ཡིན་ཏེ། དེ་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས། འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འཁོར་འདི་ལ་དམ་ཚིག་ལ་འཇུག་པའི་སྒོ་ཅུང་ཟད་ཅིག་སྩོལ་དང་། དེས་བསྟན་པ་འདི་ལ་སྲོག་གི་རེ་བ་ཐོབ་ཅིང་དད་པ་ཐོབ་ནས་རང་རང་གི་སྔགས་ཀྱི་སྙིང་པོ་འཐོབ་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། ལག་ན་རྡོ་རྗེས་གཟུངས་འདི་སྦྱིན་ནོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་ལ་སྨྲས་པ། རིགས་ཀྱི་བུ་དག་རིག་པའི་རྒྱལ་མོ་རྡོ་རྗེ་མི་ཕམ་པ་མེས་རབ་ཏུ་རྨོངས་བྱེད་འདི་དྲན་པར་གྱིས་ཤིག་དང་། འདིས་ཁྱེད་ལ་ཕན་པ་དང་། བདེ་བ་དང་། སྲོག་ཐོབ་པར་བྱེད་པར་འགྱུར་རོ། །ཞེས་སོགས་གསུངས་པ་ལྟར་ཡིན་ལ། འཇམ་དཔལ་རྩ་རྒྱུད་ལས་ཀྱང་ཟུར་ཙམ་གསུངས་སོ། །ཡང་ན་སྡིག་པ་ཞི་བའི་སྦྱིན་སྲེག་གིས་སོ། །ཡང་ན་དཀྱིལ་འཁོར་དུ་འཇུག་ཅེས་པ་བདག་འཇུག་གི་ཚུལ་ལམ། བླ་མ་ལ་བསྟེན་ནས། ཡང་ན་ལེགས་གྲུབ་ཀྱི་དབང་བསྐུར་བ་རིམ་པར་ཕྱེ་བ་ལས་གསུངས་པ་ལྟར་དཀྱིལ་འཁོར་བསྒྲུབ་མཆོད་ཚུན་བདག་ཉིད་ཀྱིས་བྱས་ནས། །དབང་བསྐུར་བའི་ལས་རྣམས་བླ་མའམ་བསྒྲུབ་གྲོགས་གང་རུང་གིས་བྱེད་པར་གསུངས་པ་ལྟར་བྱའོ། །ཕྱི་མ་འདི་བདག་འཇུག་མིན་ཏེ་གཞན་ལ་འཆོལ་བས་སོ། །བླ་མ་ལ་བསྟེན་པ་དང་མི་གཅིག་སྟེ། བླ་མའི་དཀྱིལ་འཁོར་མ་ཡིན་པས་སོ། །སྤྱི་རྒྱུད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེ་ནི་རང་གི་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྦྱོར་བ་ལ། ཀུན་རྫོབ་ཀྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པ་ལ་སྦྱོར་བ་དང་། དོན་དམ་གྱི་ཏིང་ངེ་འཛིན་གཉིས་སུ་མེད་པ་ལ་སྦྱོར་བ་གཉིས་ལས། དང་པོ་ལ། ལྷའི་རྣལ་འབྱོར་གྱི་ཆོ་ག་དང་། གསང་སྔགས་ཀྱི་བསམ་གཏན་གཉིས་ལས། དང་པོ་ནི། དེ་ཡི་སྦྱོར་བ་ཁྲུས་བྱས་སྟན་གནས་པས། སྤྱན་དྲངས་མཆོད་ནས་མདུན་དུ་རང་རིགས་དང་། །བསྟུན་པའི་སྐྱིལ་ཀྲུང་གིས་འདུག་བྱང་སེམས་དང་། །སྒྲ་དང་ཡི་གེ་གཟུགས་དང་ཕྱག་རྒྱ་དང་། །མཚན་མའི་ལྷ་ཞེས་དྲུག་ནི་རིམ་བཞིན་བསྒོམ། །ཞེས་པ། སློབ་དཔོན་གཞོན་ནུའི་སྡེས། དེ་ནས་དུས་ནི་ཐམས་ཅད་དུ། །དེ་དང་མི་འབྲལ་ཀུན་བྱེད་པ། །མཚན་མའམ་རྣམ་རྟོག་ལྷ་ཞེས་བྱ། །ཞེས་གསུངས་པས། །མཚན་མའི་ལྷའམ་རྣམ་པར་རྟོག་པ་དང་བཅས་པའི་ལྷ་ཞེས་པ་རྣམ་གྲངས་པར་མཛད་དོ། །གཙང་སྦྲ་བྱ་བ་དང་། གནས་དང་བདག་བསྲུང་བ་དང་། མདུན་གྱི་བྲིས་སྐུ་ལ་ལྷ་སྤྱན་དྲངས་ནས་མཆོད་དེ། དེའི་སྤྱན་སྔར་རང་གི་རིགས་དང་མཐུན་པའི་སྐྱིལ་ཀྲུང་གིས་གནས་ནས། བདག་གི་དེ་ཁོ་ན་སྒྱུ་མ་ལྟ་བུའི་ཕུང་པོ་ལྔ་པོ་འདི་དག་གང་ཟག་དང་ཆོས་ཀྱི་བདག་ཉིད་དང་བྲལ་བ་གཟུང་འཛིན་གྱིས་སྟོང་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་འོད་གསལ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་སྟེ། བསམ་གཏན་ཕྱི་མ་ལས། ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམས་ནས་ནི། །ཕྱི་ནས་ཡན་ལག་རྣམ་གྲོལ་བའི། །མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་ཡུལ་མདུན་ན་གནས། །བདག་ཉིད་དེ་འདྲ་བཞག་ནས་ནི། །ཞེས་སོ། །དེ་ནས་བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་སྣང་བ་ལས་ལངས་ནས། བདག་ཉིད་དེ་ཁོ་ན་ཉིད་དང་རྣམ་པ་ཐམས་ཅད་དུ་མཚུངས་པའི་ལྷའི་དེ་ཁོ་ན་ཉིད་སྣང་བ་མེད་པར་རང་གི་རིག་པ་མངོན་སུམ་དུ་གྱུར་གྱི་བར་དུ་བསྒོམ། དེ་ལས་ལངས་ནས་གསང་སྔགས་ཀྱི་སྒྲར་བརྟག དེ་ལས་སྔགས་ཀྱི་ཡི་གེའི་རྣམ་པ་ནམ་མཁར་གནས་པར་བསམ། དེ་ཡང་ཟླ་བའི་དཀྱིལ་འཁོར་དང་གཅིག་ཏུ་གྱུར་པ་ལས་འོད་ཟེར་སྤྲོ་བསྡུས་རང་གི་ལྷག་པའི་ལྷའི་གཟུགས་སུ་བསྐྱེད། དེ་ལས་གཙུག་ཏོར་ལ་སོགས་པ་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཡན་ལག་དང་བཅས་པར་བྱས་ལ་རྣམ་པར་རྟོག་པ་དང་བཅས་པའི་ལྷར་བསྒོམ་མོ། །དེ་ཡང་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་འཇོམས་ཀྱི་འགྲེལ་པར་རྒྱུད་ཀྱི་ལུང་དྲངས་པ། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེའི་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་གསུངས་པས་སོ། །དེ་ལྟ་བུ་ལ་སེམས་གཞན་དུ་མི་འཕྲོ་བར་བསྡམས་ནས་བཟླས་བརྗོད་མ་རྫོགས་ཀྱི་བར་རམ་ཅི་ནུས་པར་སྲོག་རྩོལ་བཟུང་སྟེ། སྔགས་ཀྱི་རྣམ་པར་ཤེས་པས་བསྒོམ། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམས། །ཞེས་དང་། དེའི་འགྲེལ་པར་རིག་སྔགས་དང་གསང་སྔགས་ནི་རྣམ་པ་དྲུག་གི་བདག་ཉིད་དེ། བྱང་ཆུབ་སེམས་ཀྱི་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། སྒྲ་དང་། ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་དང་། ཀུན་རྫོབ་གྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པའི་བྱེ་བྲག་གོ་ཞེས་སོ། །འདི་བྱ་བ་སྤྱིའི་ཆོ་ག་ཡིན་པས། གང་དུ་བསྐྱེད་ཆོག་མ་བསྟན་པ་ཐམས་ཅད་ལ་སྦྱར་ཞིང་སོ་སོར་མི་འདྲ་བའི་ཁྱད་པར་བཤད་པ་རྣམས་རང་གཞུང་བཞིན་དུ་བྱ་སྟེ། འགྲེལ་པ་དེ་ཉིད་ལས། འདི་ནི་རེ་ཞིག་སྤྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ་པའི་རིམ་པའོ། །གང་ཁ་གཅིག་ཏུ་རྣམ་པ་གཞན་དུ་གསུངས་པ་དེ་དག་ཏུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཞེས་སོ། །སྔགས་ཀྱི་བསམ་གཏན་ནི་རྣམ་པ་གསུམ་སྟེ། མདུན་དང་རང་སྙིང་ཡི་གེ་སྒྲར་དམིགས་བཟླས། །འདི་ནི་ཏིང་འཛིན་རྣམ་བཅས་སྦྱོར་བ་སྟེ། །ཞེས་པ། མདུན་གྱི་ཐུགས་ཀའི་ཡི་གེ་ལ་དམིགས་པ། རང་གི་སྙིང་ཀའི་ཡི་གེ་ལ་དམིགས་པ། སྒྲ་ལ་དམིགས་པའོ། །དེ་ལས་དང་པོ། ལྷར་བསྒོམ་པའི་ཟློས་པ་པོས་རུས་སྦལ་གྱི་ཡན་ལག་སྐུམ་པ་དང་ལྕེ་ཡིས་ཆུ་བཏུང་པ་ལྟར། ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང་། དབང་པོའི་གྲོང་ནང་དུ་བསྡུས་ཀྱང་། ནང་གི་མིག་ཕྱིར་བལྟ་བའི་ཚུལ་གྱིས་མིག་ཟིམ་བྱས། གདོང་ཅུང་ཟད་གཏོད་ཏེ་སྒྲ་སྔགས་ཀྱི་འཕྲེང་བ་དང་། སེམས་ཟླ་བའི་དཀྱིལ་འཁོར་དང་། གཞི་སངས་རྒྱས་ཀྱི་སྐུ་རྣམས་རིམ་པ་འདིས་ཅིག་ཅར་དམིགས་ཤིང་ཡིད་ལ་བཟླས་སམ་ཤུབ་བུའི་བཟླས་པ་བྱའོ། །བར་སྐབས་སུ་རླུང་བག་ཡེངས་སུ་བྱ་ཞིང་དབུགས་འབྱུང་བ་ན་གསང་སྔགས་མི་འགྱུར་གཞི། རང་གི་བསྒོམ་པའི་ལྷ་ལ་བལྟས་ནས། ཡང་སྔར་བཞིན་མདུན་གྱི་སྐུ་ལ་སོགས་པ་གསུམ་ལ་དམིགས་ཤིང་དབུགས་དེ་བྱུང་བའི་མཐའི་བར་སྲོག་རྩོལ་བསྡམས་ལ་བཟླས་བརྗོད་བྱའོ། །ངལ་ན་སྒྲ་ལ་སོགས་པ་རིམ་པས་བསྡུས་ཏེ་ཐ་མལ་གྱི་ངང་ནས་ལྡང་ངོ་། །སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་བཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོ་ཞིག །གཉིས་པ་ལྷའི་དེ་ཁོ་ན་ཉིད་ཀྱི་སྐུ་རང་གི་གཟུགས་སུ་གྱུར་བར་བསྒོམ་སྟེ། རླུང་གཟུང་ལ་ཏིང་ངེ་འཛིན་གསལ་བཏབ་སྟེ། མིག་ཅུང་ཟད་བཙུམ་ཀྱང་ཡིད་སྣང་བ་དང་བཅས་པར་མདུན་དུ་གཏད་ལ། ཧ་ཅང་མི་རིང་བར་རང་བས་ཅུང་ཟད་མཐོ་བར་སངས་རྒྱས་ཀྱི་སྐུའི་ཐུགས་ཀར་སྔགས་འཕྲེང་དང་བཅས་པའི་ཟླ་བ་བསམ་ལ། དེ་ནས་རླུང་ནང་དུ་སྡུད་པ་དང་ལྷན་ཅིག་ཏུ་ཟླ་བ་སྔགས་དང་བཅས་པ་རང་གི་སྙིང་གར་བསྡུས་ལ་སྔགས་བཟླ་ཞིང་། ཡང་རླུང་ཕྱིར་འབྱུང་བ་དང་བསྟུན་ནས་ཟླ་བ་སྔགས་དང་བཅས་པ་མདུན་གྱི་སངས་རྒྱས་ཀྱི་ཐུགས་ཀར་བཀོད་ལ། ཟླ་བའི་སྟེང་གི་སྔགས་འཕྲེང་ལ་དམིགས་ཤིང་། ཡང་སྔར་བཞིན་དུ་རང་གི་སྙིང་གར་བསྡུ་ཞིང་བཟླས་ཏེ། བཟླས་བརྗོད་བཏང་གི་བར་དུ་བྱ་ཞིང་། གཏོང་བའི་དུས་ན་ཡན་ལག་བཞི་ཆར་ཐེངས་གཅིག་དམིགས་པར་བྱའོ། །མི་འགྱུར་བ་ནི་ཡི་གེར་ལྡན། །གཞི་ལས་གཞི་འགྱུར་དེ་བཞིན་ཏེ། །རང་སྔགས་ཕྱིར་ནི་གང་བཏགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །གསུམ་པ་དེ་ལྟར་བཟླས་བརྗོད་ཡན་ལག་བཞི་བསྒོམས་པས་རླུང་བསྡུས་ནས་དབང་པོའི་གྲོང་སྡུད་པའི་ཚུལ་གྱིས་བཟླས་བརྗོད་བྱ་བ་ནི། དེ་བཞིན་གཤེགས་པའི་གཞི་ལ་བལྟས་ནས་ལུས་ཐམས་ཅད་ཀྱི་རླུང་གི་ལམ་གྱི་རྗེས་སུ་འབྲང་བའི་སེམས་ཀྱི་རྟ་མངོན་དུ་ཕྱོགས་པར་བྱས་ལ། རུས་སྦལ་གྱི་ལུས་བསྐུམ་པ་དང་ལྕེས་ཆུ་བཏུང་པའི་ཚུལ་དུ་རླུང་ནང་དུ་སྡུད་པའི་ཚུལ་གྱིས་ཡིད་ནང་དུ་ཕྱོགས་པར་བྱ། རང་གི་ལྷ་དང་གཉིས་སུ་མེད་པར་སྒོམ་པའི་གཟུགས་ཀྱིས་བདག་ཁྱབ་པར་བྱས་ལ་དྲན་པ་དང་རླུང་འབྱུང་བའི་ལམ་བཀག་སྟེ་བརྗོད་བྱའི་སྒྲ་ལ་དམིགས་ཤིང་། སེམས་གཟུང་ནས། དབུགས་དབྱུང་བའི་མཐའ་འམ་སྔགས་ཀྱི་མཐའི་བར་དུ་སྔགས་བཏོན་ལ། ཡང་རླུང་ཕྱིར་འགྲོ་བ་དང་བསྟུན་ནས། མདུན་གྱི་དེ་བཞིན་གཤེགས་པ་ལ་སོགས་པ་གསུམ་ལ་དམིགས་ཤིང་བཟླས་བརྗོད་བྱ་སྟེ། དེ་ལྟར་རླུང་འབྱུང་འཇུག་དང་སྤྲོ་སྡུའི་སྒོ་ནས་སྒྲ་ལ་དམིགས་པའི་བཟླས་བརྗོད་བྱའོ། །སླར་སྡུད་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིག་པའི་སྔགས་ལ་སྦྱར། །ཡིད་ཀྱིས་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །ཡང་ན་ཤུབ་བུར་བྱ་ཡང་རུང་། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །རིག་སྔགས་དེ་ཉིད་མ་ལུས་དང་། །བདག་གི་ཆོ་ག་དེ་ཉིད་དང་། །བཟླས་བརྗོད་དེ་ཉིད་ཆོག་ཤེས་དང་། །མིས་ནི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་སོ། །གཉིས་པ་དོན་དམ་གྱི་ཏིང་ངེ་འཛིན་གཉིས་སུ་མེད་པ་ལ་སྦྱོར་བ་ནི། དེ་ཉིད་གསུམ་ཏེ། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་པ་སྟེར་བ་ནི། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་སོ། །དེ་ལ། གསང་སྔགས་མེར་གནས་དངོས་གྲུབ་སྟེར་དང་། ཞེས་པ། འདི་ནི་སྒྲ་ཞེས་བྱ་བ་ལྷའི་བྱེ་བྲག་གི་བདག་ཉིད་སྔགས་ཀྱི་ཡན་ལག་གི་ཡི་གེ་རྣམས་སོ་སོར་ཡིད་ཀྱིས་བརྟགས་པའི་བསམ་གཏན་གྱི་རང་བཞིན་ཡིན་ལ། དེ་ཡང་བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། དེའི་རྗེས་ཐོབ་སྒྲའི་བདག་ཉིད་ཀྱི་ལྷའི་དེ་ཁོ་ན་ཉིད་དུ་བསྒོམས་ལ། སྒྲ་དེ་སྙིང་ཀའི་ཕྱོགས་ན་གནས་པའི་མེ་འབར་བའི་ནང་ན་འདུག་ཅིང་། དེའི་ཡི་གེའི་འཕྲེང་བར་གནས་པ་སྲོག་རྩོལ་བཀག་ནས་བྱིང་རྒོད་སྤངས་ཏེ། ཉིན་རེ་བཞིན་བསམ་གཏན་དུ་བྱ་བ་ནི་ཇི་སྲིད་བཀྲེས་པ་མེད་པ་ལ་སོགས་པ་ཕྱི་ནང་གི་མཚན་མ་བྱུང་ནས། བདག་ཉིད་ཇི་ལྟར་བསམ་པ་བསྒྲུབ་ནུས་ཀྱི་བར་དུ་བསྒོམ་སྟེ། འདི་ནི་སྔར་གྱི་བཟླས་བརྗོད་ཀྱི་འཇུག་དང་གཞན་དུའང་བསྒོམ་མོ། །དེ་ཉིད་ལས། མི་འབྱེད་ལས་བྱུང་དངོས་པོ་རྣམས། །བློ་ཅན་གྱི་ནི་བདག་ལ་བསྡམས། །སྔགས་པ་ཡན་ལག་འདས་ལ་གནས། །ཞེན་པ་མེད་པར་བསམ་པར་བྱའོ། །སྒྲ་ཞེས་བྱ་བ་འཕྲེང་བར་སྦྱར། །ཡི་གེ་བརྒྱུས་ལ་མི་འགྱུར་རྣམས། དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་ནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡང་དག་ལྡན། །སྲོག་དང་རྩོལ་བའང་བཀག་པའི་བདག །གཉིས་སྤངས་ནས་ནི་རྣམ་པར་བསམས། །ཞེས་སོ། །གཞན། སྒྲ་གནས་རྣལ་འབྱོར་སྟེར་བར་དྲན་དང་། ཞེས་པ། རིག་སྔགས་ཀྱི་ཚིག་ཡི་གེ་སྒྲར་ཡིད་ཀྱིས་བརྟགས་པའི་བསམ་གཏན་གྱི་རང་བཞིན་ཡིན་ལ། དེ་ཡང་། བདག་གི་དེ་ཁོ་ན་ཉིད་ལ་གནས་པའི་སྙིང་ག་ན། ཟླ་བའི་ནང་གི་མེ་ལྕེའི་ནང་ན་ལྷའི་གཞིའམ་ཟླ་བ་འབའ་ཞིག་ལ་ཡིག་འབྲུའི་འཕྲེང་བ་སྒོམས་ལ་ཅུང་ཟད་ཏིང་ངེ་འཛིན་གྱིས་གསལ་བཏབ་སྟེ། དེ་ནས་དེའི་རྣམ་པ་སྤངས་ལ་སྒྲའི་དབྱངས་ཙམ་འབའ་ཞིག་བསམ་གཏན་དུ་བྱས་ཏེ། དེ་ཉིད་ལས། སྙིང་ཀར་གནས་པའི་ཕྲ་བ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ཡི། །མེ་ལྕེ་རབ་ཏུ་འོད་བཟང་བ། །མི་འགྱུར་གཞི་ནི་དེར་བཞག་ནས། །བདེར་འདུག་ནས་ནི་སྒྲ་བསམ་མམ། །མི་འགྱུར་བ་ལ་ཡི་གེ་བཞག །སྒྲ་ཉིད་འབའ་ཞིག་བསམ་པར་བྱ། །ཞེས་སོ། །ནི། སྒྲ་མཐར་ཐར་པ་སྟེར་བ་རྣམ་གསུམ་པོ། །དོན་དམ་རང་བཞིན་གཉིས་སུ་མེད་སྦྱོར་ཤེས། །ཞེས་པ། ཡོངས་སུ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཆོས་དབྱིངས་ཀྱི་བསམ་གཏན་གྱི་རང་བཞིན་ཡིན་ལ། དེ་ཡང་། སླར་སྡུད་པ་དང་། དཀའ་ཐུབ་དང་། བསམ་གཏན་བཞག་ནས། སྲོག་རྩོལ་སོགས་བྱས་ནས་རང་གི་ལྷའི་གཟུགས་བསྒོམ་པ་རབ་ཏུ་སྒོམ་པའི་ཏིང་ངེ་འཛིན་བརྟེན་ནས། དེ་ཤུབ་བུའི་བཟླས་པའི་སྒྲ་ལ་དམིགས་པར་རགས་པའི་ཏིང་ངེ་འཛིན་གྱིས་སྤངས་ཤིང་དེ་ཉིད་བརྟན་པ། ཕྲ་བའི་ཡིད་ཀྱིས་བཟླས་པའི་ཏིང་ངེ་འཛིན་གྱིས་སྤངས་ཏེ། དེ་བརྟན་པ་ཡང་རབ་ཏུ་ཕྲ་བ་གསང་སྔགས་ཀྱི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གྱིས་སྤངས་ཏེ། དེ་ཉིད་ཀྱང་ཡོངས་སུ་སྤངས་ནས། འོད་གསལ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྒོམས་ན་ཐར་པ་སྟེར་ཏེ། དེ་ཉིད་ལས། སྒྲ་ལ་དམིགས་པའི་བསམ་གཏན་ནི། །འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང་། །དངོས་པོ་ཀུན་རྣམས་དམ་པའི་དཔལ། །བསྒྲུབ་པའི་སྐྱེས་བུ་འཐོབ་པར་འགྱུར། །བལྟོས་བཅས་ཡན་ལག་གྱུར་པར་སྣང་། །སྒྲ་ཞེས་བྱ་དང་ཡིད་ཀྱི་དང་། །ཚིག་རྣམས་དག་པ་རིག་སྔགས་དབང་། །ཡན་ལག་སྤངས་པ་རྒྱལ་བས་མཁྱེན། །ཅེས་སོ། །གསུམ་པ་འགྲུབ་པ་ནི། ལུས་རྫས་ལོངས་སྤྱོད་འགྲུབ་དང་། ཞེས་པ། ལུས་སམ། རྫས་སམ། ལོངས་སྤྱོད་དག་བསྒྲུབ་པའོ། །བཞི་པ་གྲུབ་པའི་སྤྱོད་པ་ནི། དེ་གསུམ་གྱིས། གཞན་དོན་བྱེད་པ་གྲུབ་པའི་སྤྱོད་པར་བཤད། །དངོས་གྲུབ་གསུམ་གང་རུང་གཅིག་གྲུབ་ནས་རང་གཞན་གྱི་དོན་དུ་ཇི་ལྟར་སྤྱད་པ་གནས་སྐབས་དང་། མཐར་ཐུག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་གང་བསྒོམས་པའི་ལྷ་དེའི་གནས་ལུས་ལོངས་སྤྱོད་ཅན་དུ་སྣང་བ་སྐུ་དང་། གཟུངས་སྔགས་གསུང་དང་། ཕྱག་རྒྱ་ཐུགས་ཏེ་འབྲས་བུའི་དམ་ཚིག་གསུམ་ཞེས་བྱ་ལ། དེ་ཉིད་རང་སའི་སྐུ་གསུམ་དུ་ཡང་འགྱུར་ལ། དེའི་རྒྱུད་དེ་བཞིན་གཤེགས་པའི་རིགས་དང་། པདྨ་དང་། རྡོ་རྗེའི་རིགས་ཞེས་གཙོ་བོ་རིགས་གསུམ་དང་། དེ་དག་གི་འཁོར་དུ་ནོར་བུའི་རིགས་དང་། བ་གླང་ངམ། རྒྱས་པའམ། ལྔས་རྩེན་གྱི་རིགས་དང་། འཇིག་རྟེན་པའི་རིགས་ཏེ་དྲུག་ཏུ་ཕྱེ་བས་རྒྱུད་སྡེ་འདི་ལ་སྒོ་དྲུག་ཅེས་པའི་རྣམ་གཞག་མཛད་དོ། །འདིའི་སྦྱོར་བ་མན་ཆད་ཀྱི་ལུང་མིང་གསལ་མེད་པ་ཐམས་ཅད་ནི་བསམ་གཏན་ཕྱི་མ་ལས་ཡིན་པར་ཤེས་པར་བྱའོ།། །། གཉིས་པ་སྤྱོད་པའི་རྒྱུད་དུ་བཀྲི་བའི་ཚུལ་ལ། གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྦྱོར་བའི་སྤྱོད་པ། གསང་སྔགས་མཉེས་པ་གྲུབ་པའི་སྤྱོད་པ་གསུམ་ལས། དང་པོ་ལ། ཕྱིའི་འཇུག་སྤྱོད་དང་། ནང་གི་འཇུག་པའི་སྤྱོད་པ་གཉིས་ལས། དང་པོ་ལ་ཡང་། དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པ་དང་། དམ་ཚིག་གི་ཁྱད་པར་དུ་བྱས་པའི་སྡོམ་པ་ལ་གནས་པ་གཉིས་ལས། དང་པོ་ནི། བྱ་བ་མང་མིན་ཁོ་ན་ཉིད་མོས་པ། །ཞེས་པ། བྱ་བ་མང་པོ་མ་ཡིན་པ་དང་། དེ་ཁོ་ན་ཉིད་ལ་མོས་པ་ནི་སྤྱོད་པའི་རྒྱུད་ཀྱིས་འདུལ་བར་བྱ་བ་སྟེ། ཚུལ་གསུམ་གྱི་སྒྲོན་མ་ལས། གང་ཡང་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག་ཀྱང་དད་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐོབ་པར་འགྱུར་བས། བྱ་བ་ལ་བལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བའི་ཡན་ལག་ཤིན་ཏུ་མང་པོ་མ་ཡིན་པ་རྩ་བའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་སྤྱོད་པའི་རྒྱུད་ལ་སློབ་དཔོན་དེ་རྩ་བའི་རྒྱུད་དུ་བཞེད་དོ། །སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་། །ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ། །ལས་དང་བྱ་སྤངས་ཕྱག་རྒྱའི་དབང་བསྐུར་དང་། །དེ་གཉིས་བྲིས་པར་ལས་དང་བྱ་བས་དང་། །གསང་བའི་དཀྱིལ་འཁོར་ཡིད་ཀྱིས་བསྐུར་བ་གསུམ། །རིམ་པར་ནོད་ལ། ཞེས་པ་ལ། ནོད་པའི་ཡུལ་ནི་རྒྱུད་ལས། གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཤེས་བྱ། །ཟབ་དང་མི་ཟབ་བྱེ་བྲག་ལས། །དེ་ཡི་མཚན་ཉིད་ཤེས་པར་བྱ། །ཟབ་མོ་རྒྱ་ཆེར་ཤེས་པར་བྱ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། །སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ། །མཐོང་བའི་ཆོས་ནི་རྣམ་པར་སྤངས། །གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས། །མོས་པར་གྱུར་པ་དམིགས་པ་ཅན། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །རྗེས་སུ་གནང་ཞིང་དབང་ཡང་བསྐུར། །ཞེས་ཏེ། འདིར་སློབ་དཔོན་ནི། ཟབ་ཅིང་རྒྱ་ཆེ་བ་དང་། མི་ཟབ་པ་དམིགས་པ་ཅན་ཞེས་བྱ་བའི་བྱེ་བྲག་གིས་རྣམ་པ་གཉིས་ལས། དང་པོའི་མཚན་ཉིད་ནི། ཟབ་མོ་སྟོང་པ་ཉིད་བསྒོམས་པས་སེམས་ལས་སུ་རུང་བ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུར་སྤྱོད་པ་སྤྱད་པས་བསོད་ནམས་རྒྱ་ཆེ་བ་སྟེ། དེ་ཉིད་ཀྱི་ཕྱིར་འཁོར་བ་པའི་ལུས་ཅན་རྣམས་ལ་ཡིད་བརྟན་མི་འཆའ་བས། དེ་དག་དང་འདྲེ་ཞིང་མི་གནས་པ་དང་། རྒྱལ་བའི་སྲས་མཆོག་ཏུ་གྱུར་པ་དང་། མཐོང་བའི་ཆོས་ཀྱིས་ཚེ་འདི་ཉིད་ལ་མངོན་པར་ཞེན་པ་སྤངས་པ་དག་གོ །གཉིས་པའི་མཚན་ཉིད་ནི་སྔ་མ་ལས་བཟློག་སྟེ། ཟབ་ཅིང་རྒྱ་ཆེ་བའི་སེམས་མ་ཐོབ་པས་མཐོང་བའི་ཆོས་ཀྱི་ཚེ་འདི་ཉིད་ལ་ལྷག་པར་མོས་པའི་དམིགས་ཞེན་ཅན་ཏེ། འཇིག་རྟེན་དང་འདྲེ་ཞིང་གནས་པའོ། །དེ་ནས་དེ་དག་ལས་དང་པོ་ནི། སངས་རྒྱས་རྣམས་ཀྱི་ཡིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་རྗེས་སུ་གནང་བའི་སློབ་དཔོན་ཡིན་ལ། ཕྱིའི་དཀྱིལ་འཁོར་དོན་དུ་གཉེར་ན་དེར་ཡང་རུང་བའོ། །གཉིས་པ་ནི་ཕྱིའི་འཇིག་རྟེན་པའི་དཀྱིལ་འཁོར་བྲི་བའི་སློབ་དཔོན་དུ་རྗེས་སུ་གནང་བ་ཙམ་མོ། །འདིར་འཇིག་རྟེན་པ་ཞེས་པ། འཇིག་རྟེན་པས་བལྟས་ན་མོས་པར་འགྱུར་བ་ཚོན་གྱི་དཀྱིལ་འཁོར་ལ་བྱ་ཡི། །འཇིག་རྟེན་པའི་ལྷ་ཆེན་པོའི་དཀྱིལ་འཁོར་ལ་མི་བསམ་མོ། །ཇི་ལྟར་ནོད་པའི་སློབ་མ་ཁྱད་པར་གྱི་མཚན་ཉིད་ཅན་ནི། རྒྱུད་ལས། དེ་ནས་དེ་ཡི་ཕྱི་དེ་ཉིན། །སློབ་མ་དད་ཅིང་རིགས་བཙུན་པ། དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་བློ་དང་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡི་དམ་བརྟན་པ་ནི། །བཅུའམ་བརྒྱད་དམ་བདུན་ནམ་ལྔ། །དཔྱད་མི་དགོས་པ་གཟུང་བར་བྱ། །ཞེས་དང་། གསང་བའི་བདག་པོ་གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་སྤྱོད་པའི་ཚུལ་སྒོ་མཐའ་ཡས་པས་བསྒྲུབས་པ་ལ་གོམས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ། །ཞེས་ཀྱང་གསུངས་སོ། །སྤྱིའི་མཚན་ཉིད་ཅན་ནི། ཡང་དེ་ཉིད་ལས་འོན་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ། །ཞེས་གསལ་བར་གསུངས་པས་བསྟན་ཏེ། དེ་ཡང་འགྲེལ་པའི་དགོངས་པས། སྔར་གྲངས་སུ་བཅད་པ་ནི་སྒྲུབ་པ་པོའི་སློབ་དཔོན་དུ་སྨིན་པར་བྱ་བའི་སློབ་མ་སྟེ། དེ་ལས་གཞན་པའི་སེམས་ཅན་རྣམས་ལའང་སྙིང་རྗེ་ཆེན་པོ་བསྐྱེད་དེ་དཀྱིལ་འཁོར་དུ་བཙུད་ན་སློབ་དཔོན་ནམ་གྲུབ་པ་པོར་མི་འགྱུར་ཡང་། དཀྱིལ་འཁོར་དུ་བཅུག་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ན་བྱང་ཆུབ་ཀྱི་རྒྱུའི་ས་བོན་དུ་འགྱུར་བའི་ཕྱིར། ཚད་དང་གྲངས་མེད་པར་གཟུངས་ཞེས་འཆད་ཅིང་། སློབ་མ་དམ་པ་རྣམས་ལ་གྲངས་ངེས་མཛད་པ་ནི། དེ་འདྲ་དེ་དཀོན་ཞིང་མང་དུ་མི་འབྱུང་བའི་ཕྱིར་ཞེས་བཤད་དོ། །རབ་ཏུ་དབྱེ་བའི་མཚན་ཉིད་ཅན་ནི་བཞི་དང་། ལྔ་དང་། དྲུག་ལས། དང་པོ་ནི། ཡང་གསུངས་པ། དུས་དང་དུས་མིན་བྱེ་བྲག་ལས། །སློབ་མ་རྣམ་བཞིར་ཤེས་བྱ་སྟེ། །གཅིག་ནི་དེ་ཡི་མོད་ལ་བསྒྲུབ། །གཉིས་སུ་བསྒྲུབ་དང་གཉིས་ཀར་མིན། །མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །སློབ་མ་དེ་ནི་རྒྱལ་བའི་མཆོག །ཅེས་བྱ་བ་ལ་རྣམ་པ་བཞི་ནི། མོད་ལ་བསྒྲུབ་པ་དང་། གཉིས་སུ་བསྒྲུབ་པ་དང་། གཉིས་ཀར་མིན་པ་དང་། མཚན་ཉིད་ཀུན་རྫོགས་སོ། །མོད་ལ་བསྒྲུབ་པའང་མཁས་པ་གང་ཞིག་བྱང་ཆུབ་ཀྱི་སེམས་གོམས་པ་འཇིག་རྟེན་འདས་མ་འདས་གཉིས་ཀའི་སློབ་དཔོན་དུ་དང་། མཁས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་སེམས་མ་གོམས་པ་འཇིག་རྟེན་པའི་དཀྱིལ་འཁོར་བྱེད་པ་པོའི་སློབ་དཔོན་དུ་དབང་བསྐུར་བ་དང་། མཁས་པ་མིན་ཡང་བྱང་ཆུབ་ཀྱི་སེམས་གོམས་པ་དག་དཀྱིལ་འཁོར་དུ་བཅུག་མ་ཐག་དབང་བསྐུར་བའི་དཀྱིལ་འཁོར་དུ་དབང་བསྐུར་ནས་སྒྲུབ་པ་པོར་བྱེད་པ་སྟེ། རྣམ་པ་གསུམ་མོ། །གཉིས་སུ་བསྒྲུབ་པ། བྱང་ཆུབ་ཀྱི་སེམས་མ་གོམས་ཀྱང་གོམས་སུ་རུང་བ་བསྒྲུབ་པ་པོར་བྱེད་ན། དང་པོར་དཀྱིལ་འཁོར་དུ་བཅུག །དེའི་མོད་ལ་མི་བསྒྲུབ་པར་རེ་ཞིག་པར་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་ལ། ཕྱི་ནས་དབང་བསྐུར་ཏེ་སྔགས་རྒྱ་བྱིན། བཟླས་བརྗོད་བྱ་བ་ཉིད་དུ་བསྒྲུབ་པར་བྱ་བ་དང་། བྱང་སེམས་མ་གོམས་པ་ད་ལྟ་མི་མཁས་ཀྱང་། མཁས་པར་བྱར་རུང་ལ། དང་པོར་དཀྱིལ་འཁོར་དུ་བཅུག དེའི་མོད་ལ་དབང་མི་བསྐུར་བར། རེ་ཞིག་པའི་བར་རྒྱུད་ལ་རྣམ་པར་སྦྱངས། སྔགས་སྤྱད་པའི་བྱ་བའི་ཆོ་ག་ལ་མཁས་པར་བྱས་ལ། དུས་ཕྱིས་སློབ་དཔོན་དུ་བྱ་བའི་དབང་བསྐུར་ཏེ། སློབ་དཔོན་གྱི་ཐབས་སུ་བསྒྲུབ་པའི་སྒོ་ནས་བསྒྲུབ་པར་བྱ་བ་སྟེ། དེ་གཉིས་ནི། དང་པོར་དཀྱིལ་འཁོར་དུ་བཅུག་པའི་དུས་ནི་གཅིག་ཡིན་ལ། ཕྱིས་དབང་བསྐུར་བའི་དུས་གཉིས་པ་ཡིན་པས། དེ་ལྟར་ན་དུས་གཉིས་སུ་བསྒྲུབ་པར་བྱ་བར་ཞེས་སོ། །གཉིས་ཀར་མ་ཡིན་པ་ནི། བྱང་ཆུབ་ཀྱི་སེམས་སྔོན་ཡང་མ་བསྒོམས། ཕྱིས་གོམས་སུ་གཞུག་པར་ཡང་མི་ནུས་པ་དང་། རྒྱུད་སོགས་ཐོས་པ་སྔར་ཡང་མེད། ཕྱིས་ཀྱང་གཟུང་བར་མི་ནུས་པ་ཉིད་ནི། མོད་ཀྱི་དུས་དང་། གཉིས་སུ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ཁྱད་པར་གྱི་མཚན་ཉིད་དང་ལྡན་པ་དེ་ནི་མཚན་ཉིད་ཐམས་ཅད་རྫོགས་པས་དཀྱིལ་འཁོར་གསུམ་ཆར་དུ་རིམ་པ་བཞིན་དབང་བསྐུར་བར་བཤད་པ་དེ་ནི་རྒྱལ་བའི་མཆོག་ཅེས་བྱའོ། །ཡང་རྒྱུད་ལས། སངས་རྒྱས་རྣམས་ཀྱིས་མདོར་ན་ནི། །དམ་ཚིག་ཅན་རྣམས་སྔར་བཤད་དེ། །དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང་སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་གཟུང་། །དཀྱིལ་འཁོར་མཐོང་ཞེས་བྱ་བ་ནི། །དམ་ཚིག་ཅན་ཉིད་ཤེས་བྱ་སྟེ། །དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པ། །དེ་ཡང་དམ་ཚིག་ཤེས་པར་བཤད། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་དུ་བསྟན། །གསང་བའི་ཡེ་ཤེས་འབྱུང་བ་ཡི། །དབང་བསྐུར་མེད་པའི་སྔགས་པའང་ཡིན། །གསང་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཆོ་གས་དབང་བསྐུར་བ། །དམ་ཚིག་ཤེས་པ་ལྔར་ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་རྣམ་པ་ལྔར་གསུངས་པ་ལས། དང་པོ་ནི། དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་མཐོང་བ་ཙམ་ལས་མ་གཏོགས་སྒྲུབ་པ་པོར་དབང་བསྐུར་དུ་མི་རུང་བ་སྟེ། བྱང་ཆུབ་ཀྱི་སེམས་མ་གོམས་པ་དག་གོ །དེ་ལ་ནི་ཕྱག་རྒྱ་མི་བསྟན་ཅིང་སྔགས་ཀྱང་མི་སྦྱིན་ཏེ། དེ་ནི་དམ་ཚིག་ཅན་གཅིག་གོ །གཉིས་པ་ནི། དཀྱིལ་འཁོར་དུ་བཅུག་ཅིང་མཐོང་བའི་རྗེས་སུ་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་པ་ལས། དུས་གཞན་ན་སྒྲུབ་པ་པོར་བྱ་བའི་སྔགས་དང་ཕྱག་རྒྱ་བྱིན་ནས་ཡོངས་སུ་གཟུང་བ་སྟེ། དམ་ཚིག་ཅན་གཉིས་པའོ། །གསུམ་པ་ནི། སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་མཐོང་བ་དང་། དེའི་མོད་ལ་སྔགས་རྒྱ་བསྟན་ཅིང་དེ་མཐུན་གྱི་ལས་དང་བྱ་བ་ལ་ཡང་སྦྱར་བ་སྟེ་བྱང་ཆུབ་ཀྱི་སེམས་གོམས་པ་དག་གོ །འོན་ཀྱང་མི་མཁས་པས་སློབ་དཔོན་དུ་དབང་བསྐུར་བའི་ལུང་ནི་མ་བྱིན་པ་སྟེ། དམ་ཚིག་ཅན་གསུམ་པའོ། །བཞི་པ་ནི། སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་ཀའམ། གང་རུང་དུ་དབང་བསྐུར་ཆོ་ག་བཞིན་ཐོབ་ཅིང་གསང་བའི་དཀྱིལ་འཁོར་དུ་མ་ཐོབ་པའོ། །ལྔ་པ་ནི། སྐུ་གསུང་གཉིས་སུ་མ་ཟད་གསང་བའི་དཀྱིལ་འཁོར་དུ་ཡང་དབང་བསྐུར་བ་སྟེ། སྔར་བཤད་པ་མཚན་ཉིད་ཀུན་རྫོགས་དེ་ཉིད་དོ། །དེ་ལྟར་ན་སློབ་མའི་དམ་ཚིག་ཤེས་པའི་དབྱེ་བ་དང་། དབང་བསྐུར་བའི་རིམ་པ་རྣམ་པར་ངེས་པ་ནི་དེ་ལྟར་བལྟའོ། །ཅི་སྟེ་ལྔ་པའི་སྐབས་འདིར་བྱང་ཆུབ་སེམས་མ་གོམས་པའི་དམིགས་པ་ཅན་དེ་ལ་སྔགས་རྒྱ་ཡང་མི་སྦྱིན་པར་གསུང་ན། སྔར་བཞི་པའི་སྐབས་སུ་དཀྱིལ་འཁོར་བྲི་བའི་དབང་རྗེས་གནང་སྦྱིན་ཞེས་སློབ་དཔོན་དུ་དབང་བསྐུར་བར་གསུངས་པ་དང་ཇི་ལྟར་མི་འགལ་ཞེ་ན། འདི་ནི་སེམས་མ་གོམས་པ་དངོས་གྲུབ་ཀྱི་སྒྲུབ་པ་པོར་དབང་བསྐུར་དུ་མི་རུང་བའི་དོན་ཡིན་ལ། དེར་མི་རུང་ཡང་། རྒྱུད་ཤེས་སུ་རུང་ན་སློབ་དཔོན་དུ་དབང་བསྐུར་ཆོག་པས། སྔར་གྱི་དེ་གསུངས་པ་ཡིན་ནོ། །ཞེས་བྱ་བའི་དོགས་གཅོད་བསྡུས་དོན་ལས་འབྱུང་བ་ཤེས་པར་བྱའོ། །དྲུག་པ་ནི་སངས་རྒྱས་གསང་བས་བསྡུས་དོན་ལས་འདི་སྐད་དུ། དེ་ལ་སློབ་མའི་མཚན་ཉིད་ནི་གོང་དུ་འདི་ལྟ་སྟེ། ཁྱད་པར་གྱི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། རབ་ཏུ་དབྱེ་བ་ཞེས་བྱ་བའི་མཚན་ཉིད་རྣམ་པ་གསུམ་དུ་བཤད་དོ། །སློབ་མ་དེ་དག་ཀྱང་སྔོན་རིག་སྔགས་མནོས་ཀྱང་རུང་། མ་མནོས་ཀྱང་རུང་། དཀྱིལ་འཁོར་དུ་གཟུང་སྟེ། དེ་དག་གི་ནང་ནས་སྔོན་གྱི་དཀྱིལ་འཁོར་མ་མཐོང་བ་ཉིད་ཀྱིས་རིག་སྔགས་མནོས་པ་དམ་ཚིག་ནོད་པ་ཁོ་ནའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ནི་གཅིག་ཡིན་ནོ། །གཞན་ནི་དངོས་གྲུབ་མཆོག་དང་། འབྲིང་དང་། ཐ་མ་ལ་སོགས་པ་དོན་དུ་གཉེར་བ་སྟེ། དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་སེམས་གོམས་པར་མ་བྱས་པ་སྟེ། གོམས་པར་བྱས་ཏེ་རིག་སྔགས་ནོད་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ལ་བརྩོན་པར་བྱེད་པའོ། །གཞན་དག་ནི་སྔོན་བྱང་ཆུབ་ཀྱི་སེམས་གོམས་པར་བྱས་ཀྱང་རུང་། མ་བྱས་ཀྱང་རུང་། རིག་སྔགས་དང་གསང་སྔགས་མནོས་པ། རིག་སྔགས་དང་གསང་སྔགས་ཀྱི་རྟོག་པ་དག་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་སེམས་ཤིན་ཏུ་གཏན་ལ་ཕབ་སྟེ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རམ། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བཅུག་ནས། དེ་ལས་བྱུང་བའི་སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བ་ཡིན་ནོ། །དེ་བཞིན་དུ་གཞན་དག་ནི་སྔར་བཤད་པའི་རིམ་པས་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཀྱང་། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བ་སྟེ། གསང་བའི་དཀྱིལ་འཁོར་དུ་འཇུག་པ་བྱས་ནས་དེ་ལས་བྱུང་བའི་དབང་བསྐུར་བ་ནོད་པ་ཡིན་ནོ། །དེ་ལས་གཞན་པ་དག་ནི་དང་པོ་ཉིད་ནས་དམ་ཚིག་ཅན་ཡིན་ལ། རིག་སྔགས་མནོས་ཀྱང་རུང་། མ་མནོས་ཀྱང་རུང་། སློབ་དཔོན་གྱི་ཐབས་ཐོབ་ཀྱང་རུང་། མ་ཐོབ་ཀྱང་རུང་། རང་གི་བསོད་ནམས་འཕེལ་བར་བྱ་བ་ཁོ་ནའི་ཕྱིར། དཀྱིལ་འཁོར་གང་ཡང་རུང་བ་ལྟ་བར་བྱེད་པ་ཡིན་ནོ། །གཞན་དག་ནི་བགེགས་ཀྱིས་འཚེ་བ་ལ་སོགས་པ་ཞི་བ་དོན་དུ་གཉེར་བའམ། འབྱོར་པ་འདོད་པས་དཀྱིལ་འཁོར་བལྟ་བར་ཡིད་དགའ་བར་ཡིན་ནོ། །དེ་ལྟ་བས་ན་འདི་དག་ནི་དང་པོ་ནས་ཅི་རིགས་པར་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་དམ་ཚིག་ཅན་ཁོ་ན་ཡིན་ནོ། །དེ་ལས་གཞན་པ་ནི་དཀྱིལ་འཁོར་གཅིག་ཀྱང་མ་མཐོང་བའི་ཕྱིར་དམ་ཚིག་ཅན་མ་ཡིན་ནོ། །ཞེས་སོ། །སློབ་དཔོན་གྱི་གསུང་འདི་དག་གིས་ནི། ཁ་ཅིག་དེ་ཉིད་བསྡུས་པ་དང་། རྩེ་མོར་དཀྱིལ་འཁོར་དུ་འཇུག་པ་ཙམ་ལ་སྣོད་བརྟག་མི་དགོས་པར་གསུངས་པ་དེ་ཉིད། བྱ་སྤྱོད་ལའང་མཚུངས་པར་སློབ་དཔོན་སངས་རྒྱས་གསང་བ་བཞེད་ཅེས་ཟེར་བ་ཡང་ཁེགས་སོ། །ཇི་ལྟར་ནོད་པའི་ཆོ་ག་ལ་གསུམ་ལས། སྟ་གོན་གྱི་སྐབས་ནི། སྟ་གོན་ལ་ཆིངས་དགུར་བཤད་པའི་གསུམ་པ་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་པ་ཞེས་པ་སྟེ། དེ་ཡང་། དེ་ནས་སློབ་དཔོན་གྱིས། བུ་དུས་གསུམ་དུ་སྒྲིབ་པ་མེད་པར་གནས་པས་དམ་ཚིག་ཆེན་པོ་ལ་འཇུག་པའི་སྡོམ་པ་མནོས་ཤིག་ཅེས་བསྒོའོ། །དེ་ནས་སློབ་མས་ཐལ་མོ་སྦྱར་པུས་མོ་བཙུག་ནས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སློབ་དཔོན་གྱི་དམ་ཚིག་ཆེན་པོར་འཇུག་པའི་སྡོམ་པ་བདག་ལ་སྩལ་དུ་གསོལ། སྟོན་པའི་བཀའ་སྤྱི་བོས་ནོད་པར་འཚལ་ལོ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས། རིགས་ཀྱི་བུ་དགོངས་ཤིག བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཁྱོད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ལྷག་པའི་བསམ་པས་བདག་གི་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་བགྱིའོ། །ཞེས་བརྗོད་དོ། །དེ་ནས་སློབ་མས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་བཞེས་སུ་གསོལ། ཞེས་ལན་གསུམ་བརྗོད་ལ་སྡོམ་པ་གཟུང་ངོ་། །གཉིས་པ་འཇུག་པའི་དུས་ཀྱི་ཆོ་ག་ནི། རྒྱུད་ལས། སློབ་མ་ཇི་ལྟར་གཟུང་བ་དང་། །ཞེས་ཞུས་པའི་ལན་གསུངས་པ། སློབ་མ་དཀྱིལ་འཁོར་དྲུང་བཀུག་སྟེ། །སྔགས་པས་ཆུ་ཡིས་བསང་གཏོར་བྱ། །དྲི་དང་མེ་ཏོག་སྦྱིན་པར་བྱ། །དེ་བཞིན་གཤེགས་པ་དྲན་བྱས་ནས། །བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག །དེས་ན་རྒྱལ་བའི་རིགས་དགེ་ལ། །ཐམས་ཅད་རབ་ཏུ་སྐྱེས་པར་གྱུར། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིས། །ཕྱག་རྒྱ་དེ་དག་རྣམས་ལ་བཅིང་། །ཆོས་ཀྱི་འཁོར་ལོའང་བཅིངས་ནས་ནི། །རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ། །དེ་ནས་སངས་རྒྱས་ཀུན་གྱིས་ནི། །དམ་ཚིག་སྡོམ་བརྩོན་ཅན་གྱིས་བཅིང་། །དེ་ཚེ་སྔགས་ཀྱི་ཆོ་ག་བཞིན། །རས་ལ་ལན་གསུམ་གདབ་པར་བྱ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ། །དེ་དག་གི་ནི་གདོང་ཡང་དགབ། །དམ་ཚིག་ལན་གསུམ་བཟླས་ནས་ནི། །སྤྱི་བོར་ཡི་གེ་ར་ཞེས་པ། །ཀླད་ཀྱི་སྐོར་བཅས་བརྗིད་དང་ལྡན། །འབར་བའི་འཕྲེང་བ་རྣམ་པར་འཕྲོ། །ཟླ་བ་འཆར་བ་ལྟ་བུ་ཡི། །ཁ་དོག་དཀར་པོ་བཞག་པར་བྱ། །སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི། །དེ་ནས་མེ་ཏོག་འདོར་དུ་གཞུག །མེ་ཏོག་གང་ལ་བབས་པ་དེ། །སྔགས་པས་དེ་ལ་སྦྱིན་པར་བྱ། །དཀྱིལ་འཁོར་དང་པོའི་སྒོ་དྲུང་དུ། །སྒོ་རྒྱུད་ཀྱིས་ནི་དབུས་ཀྱི་ཆ། །དཀྱིལ་འཁོར་གྱི་ནི་སྒོ་གཉིས་ཀྱི། །བར་དུ་སློབ་མ་གཟུང་བར་བྱ། །ཞེས་གསུངས་པས། དཀྱིལ་འཁོར་དུ་གཟུད་པ་འདི་ལ་བསྡུས་དོན་གྱི་དགོངས་པས། ཆོ་གའི་ཡན་ལག་བདུན་དུ་འགྱུར་ཏེ། སློབ་མའི་གདོང་དགབ་ནས་སྒོ་འཁྱུད་ཀྱི་ནང་དུ་བཞག་པ་དང་། སྐྱབས་འགྲོ་སྔོན་དུ་བཏང་བས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ཆོས་དབྱིངས་ཀྱི་སྔགས་རྒྱས་སྟོང་པར་བྱིན་གྱིས་བརླབ་པ་དང་། ཆོས་འཁོར་གྱི་སྔགས་རྒྱས་རྡོར་སེམས་ཀྱི་སྐུར་བསྒྲུབ་པ་དང་། དམ་ཚིག་གི་སྔགས་རྒྱས་དམ་ཚིག་ལ་གནས་སུ་གཞུག་པ་དང་། ཆོས་དབྱིངས་ཀྱི་ཡི་གེས་རྒྱུད་བྱིན་གྱིས་བརླབ་པ་དང་། དམ་ཚིག་གི་སྔགས་རྒྱས་མེ་ཏོག་སྦྱིན་དོར་བྱ་བའོ། །ཚིག་འགྲེལ་ལས། ཡན་ལག་སོ་སོར་བཤད་པ་ནི། །བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག །ཅེས་པ། སྨོན་ལམ་གྱིས་བྱང་ཆུབ་ཀྱི་སེམས་འཛིན་དུ་གཞུག་ཅེས་པའོ། །དེ་བཞིན་གཤེགས་པ་དྲན་པར་བྱ། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས། ཞེས་སྨྲ་བར་བྱ་བ་སྟེ། སྨོན་ལམ་གྱིས་བྱང་ཆུབ་སེམས་བསྐྱེད་པ་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་ཞུགས་ནས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས། རང་གི་སེམས་ཐོག་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་བདག་གིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་པའོ། དེ་ནས་ཐམས་ཅད་སྐྱེ་བར་འགྱུར་པ་ནི། རྒྱལ་བའི་རིགས་དགེ་བའོ། །ཞེས་པ། དེ་ལྟར་སྨོན་ལམ་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ས་བོན་བཏབ་པའི་སྒོ་ནས་རྒྱལ་བའི་རིགས་དགེ་བ་ལ་སྐྱེ་བར་གྱུར་ཏོ། །རྒྱལ་བའི་རིགས་ཞེས་པ་ནི། ཐབས་དང་ཤེས་རབ་ཏུ་ལྡན་པ་སྟེ། དེ་ལ་ཤེས་རབ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་དེ་ལས་བྱུང་བས་ན། དེ་ནི་རྒྱལ་བའི་རིགས་ཞེས་བྱའོ། །ཞེས་གསུངས་སོ། །འདི་སྙམ་དུ། བྱང་ཆུབ་ཀྱི་སེམས་འདི་བསྐྱེད་པ་ཙམ་གྱིས་དམ་ཚིག་ཏུ་གྲུབ་པ་ཞིག་གམ། དམ་ཚིག་གི་ངོ་བོར་འགྱུར་བ་ཆོ་གའི་ཁྱད་པར་ལ་ལྟོས་པ་ཞིག་ཅེ་ན། ཕྱི་མ་ལྟར་ཡིན་ཏེ། བཤད་ཟིན་པ་དང་སྦྱར་ན་དང་པོར་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས་སེམས་བསྐྱེད་དུ་བཅུག་པ་ནི། ཐབས་ཤེས་དབྱེར་མེད་ཀྱི་ཤེས་ཕྱིན་རྣལ་འབྱོར་དུ་བྱ་བའི་ཡི་དམ་ནོད་དུ་བཅུག་པ་ཡིན་ལ། དེ་ཙམ་ཞིག་ནི་ཐེག་ཆེན་ཐུན་མོང་གི་ཚུལ་ལ་ཡང་ཡོད་པས། དེའི་སྒྲུབ་པ་པོར་བྱིན་གྱིས་བརླབ་པའམ། རྡོར་སེམས་སུ་བྱ་བའི་སྔོན་འགྲོར་ཆོས་དབྱིངས་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། དེ་ནས་རྡོར་སེམས་སུ་བསྒྱུར་ནས་དམ་ཚིག་གི་སྔགས་རྒྱས་དམ་ཚིག་ལ་བཞག་སྟེ། སླར་ཡང་ཆོས་དབྱིངས་ཀྱི་ཡི་གེས་བྱིན་གྱིས་བསླབ་བོ། །དེ་ལྟར་རྡོར་སེམས་སུ་བསྒྱུར་ནས་སྔགས་རྒྱས་དམ་ལ་བཞག་པ་འདི་ནི། སེམས་བསྐྱེད་དེ་ཉིད་རྡོ་རྗེ་སེམས་དཔའི་དམ་ཚིག་ཏུ་སྒྱུར་བྱེད་དངོས་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་དམ་ཚིག་ཆེན་པོའི་སེམས་དཔའ་ཞེས་བྱ་བའི་མཚན་ཉིད་ཅན་ཡིན་པའི་དོན་གྱིས་སོ། །དེའི་ཕྱིར། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་བསྒྲགས། །ཞེས་ཀྱང་འབྱུང་ངོ་། །དེ་ལྟར་སྔགས་ལས། མ་ཧཱ་ས་མ་ཡ། ཞེས་པ་ནི། རྡོ་རྗེ་སེམས་དཔའི་དམ་ཚིག་གི་དོན་ཏེ། དེ་བཞིན་དུ། ཨ་ས་མ། ཞེས་པ་ཉན་རང་བྱང་སེམས་སོགས་ཀྱི་སྡོམ་པ་དང་མ་མཉམ་པ་སྟེ། ཏྲི་ས་མ། དམ་ཚིག་གསུམ་སྟེ། སྒོ་གསུམ་བསྲུང་བའི་དམ་ཚིག་གོ །འདིས་ཕར་ཕྱིན་ཐེག་པའི་བྱང་སེམས་དང་ཡང་མི་མཉམ་པར་བསྟན་ནོ། །དེ་བས་ན། འདིའི་སྐབས་ན་ཐོབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་དེ་ལ་གནས་པའི་སེམས་ཀྱི་སྡོམ་པ་ཞེས་བྱ་སྟེ། ལམ་དངོས་ལ་ཞུགས་ནས་དེ་ལ་གནས་པའི་དོན་ཏེ། ཇི་ལྟར་དངོས་ཡིན་ཞེ་ན་སྟ་གོན་དུས་ཀྱི་ལ་དམ་ཚིག་ཆེན་པོ་ལ་འཇུག་པའི་སྡོམ་པ། ཞེས་གསུངས་ཤིང་། དེའི་ཤུགས་ཀྱིས་དེ་དང་སྦྲེལ་ནས་དེའི་རྗེས་ཐོགས་སུ་གསུངས་པའི་བྱང་ཆུབ་ཀྱི་སེམས་དོན་དམ་པའི་མཚན་ཉིད་ཅན་དེ་ནི་དམ་ཚིག་ཆེན་པོ་དངོས་ཉིད་དུ་ཤེས་སོ། །ལམ་དངོས་ལ་ཞུགས་པ་ཡིན་པར་ཡང་ཚིག་འགྲེལ་ལས། དམ་ཚིག་གིས་བཏབ་པའི་རས་དེས་སློབ་མ་དེ་དག་གི་གདོང་དགབ་པར་བྱ་བ་སྟེ་གདོང་དགབ་པ་དེ་ཡང་། དེ་དག་སྔར་ཐ་མལ་གྱི་མིག་ཏུ་འདུག་པ་ལས། དམ་ཚིག་གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པས་བཀག་ནས་ཡེ་ཤེས་ཀྱི་མིག་ཏུ་བསྒྱུར་བར་འགྱུར་ཏེ། ཡེ་ཤེས་ཀྱི་མིག་དེ་ཕྱེ་ནས། བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་དཀྱིལ་འཁོར་དེ་བསྟན་པའི་ཕྱིར་རོ། །སྙིང་རྗེར་སོང་བའི་ཡིད་ཀྱི་ཞེས་པ་ནི། སྙིང་རྗེ་དང་ལྡན་པར་བྱ་བའི་ཕྱིར་ཏེ། ཁེ་དང་བཀུར་སྟིའི་ཕྱིར་ནི་མ་ཡིན་ནོ་ཞེས་པའོ། །དམ་ཚིག་ལན་གསུམ་ཟློས་སུ་གཞུག །ཅེས་པ་ནི། མེ་ཏོག་འདོར་དུ་གཞུག་ཅེས་པ་དང་སྦྱར་ཏེ་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ལ། སྔགས་ཀྱང་ལན་གསུམ་བཟླས་ཏེ། མེ་ཏོག་འདོར་དུ་གཞུག་གོ །དམ་ཚིག་གསུམ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་དང་། གསུང་མི་ཟད་པ་དང་། ཐུགས་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་དཀྱིལ་འཁོར་ཏེ། དེའི་བྱིན་གྱིས་བརླབས་སུ་གྱུར་པ་ནི་དམ་ཚིག་སྔགས་དང་ཕྱག་རྒྱ་སྟེ། ཕྱག་རྒྱ་བཅིངས་ཤིང་དེའི་སྔགས་ལན་གསུམ་བཟླས་ན་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་དེ་མཐོང་བར་འགྱུར་རོ། །ཞེས་གསུངས་པས་སོ། །གཞན་ཡང་རྒྱུད་ལས། བྱང་ཆུབ་སེམས་དཔའ་གནས་ཀྱི་གཞི་ལྔས་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། ཞེས་སོགས་རྒྱས་པར་གསུངས་པའི་དོན། གནས་ཀྱི་གཞི་ལྔ་ནི། བསྒོམ་པའི་གནས་སྐབས་ཀྱི་རིམ་པ་ལྔ་སྟེ། སུན་འབྱིན་པའི་གཉེན་པོའི་ཚུལ་གྱིས་བསྒོམ་པའི་རིམ་པ་གསུམ་དང་། དབུ་མར་གནས་པའི་ཚུལ་གྱིས་བསྒོམ་པ་དང་། དེ་ལྟར་དམ་བཅས་པའི་ཚུལ་གྱིས་སེམས་བསྐྱེད་པའོ། །དམ་ཚིག་གི་ཁྱད་པར་དུ་མ་བྱས་པའི་དོན་དམ་པའི་སེམས་བསྐྱེད་པ་ཆོ་གས་ལེན་པ་ཐེག་ཆེན་ཐུན་མོང་གི་ཚུལ་ལ་ཡང་ཡོད་དེ། བྱང་ཆུབ་སེམས་འགྲེལ་གྱི་བཤད་པ་ལས། དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་ལ་བཞི་སྟེ། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་པས། མུ་སྟེགས་ཀྱི་ལྟ་བ་སུན་དབྱུང་བར་བསྟན་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཞེས་པས། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་བའི་ལྟ་བ་སུན་དབྱུང་བ་དང་། ཆོས་བདག་མེད་པ་མཉམ་ཉིད་ཅེས་པས་སེམས་ཙམ་པའི་ལྟ་བ་སུན་དབྱུང་བ་དང་། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པས་དབུ་མ་པའི་ལྟ་བ་གྲུབ་ནས་རྣམ་པར་གཞག་པ་དང་། ཇི་ལྟར་སངས་རྒྱས་འདས་རྣམས་དང་། །ཞེས་སོགས་ཀྱིས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པར་དམ་བཅའ་བ་བསྟན་ཏོ། །ཞེས་དང་། ཀླུ་སྒྲུབ་ཞབས་ཀྱི་སེམས་བསྐྱེད་ཆོ་གར། ཀུན་རྫོབ་དོན་དམ་ཐུན་མོང་དུ་དགོངས་གསོལ་གཅིག་བྱས་ནས། གཉིས་ཀ་དཀྱུས་གཅིག་ཏུ་བླང་བའི་ཕྱག་ལེན་དང་མཐུན་ནོ། །དེ་ལྟ་ན་ཁ་ཅིག །དོན་དམ་སེམས་བསྐྱེད་ཅེས་བྱ་བ། །བསྒོམ་པའི་སྟོབས་ཀྱིས་སྐྱེ་མོད་ཀྱི། །ཆོ་གའི་སྒོ་ནས་འདི་མི་སྐྱེ། །གལ་ཏེ་ཆོ་གས་སྐྱེས་ན་ནི། །བརྡ་ལས་བྱུང་བའི་སེམས་བསྐྱེད་འགྱུར། །ཞེས་གཟེངས་བསྟོད་ནས་སྨྲ་བ་ནི། སྔགས་ཀྱི་ཐེག་པ་ལྟ་ཞོག ཕར་ཕྱིན་གྱི་ཐེག་པ་ལའང་མཐོང་བ་ཕྱོགས་ཅིག་པའི་གཏམ་དུ་ཟད་དོ། །གོང་དུ་བྱང་ཆུབ་ཀྱི་སེམས་གོམས་མ་གོམས་སུ་བཤད་པའི་སེམས་དེ་ཡང་སྐབས་འདིར་བསྟན་པ་འདི་ཡིན་ནོ། །གསུམ་པ་དབང་རྫོགས་ནས་དམ་ཚིག་ནོད་པའི་རྣམ་པར་གཞག་པ་ནི། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བ། བུམ་པ་ལ་སོགས་པའི་ལས་དང་བྱ་བ་སྤངས་པ་ནི་དང་པོ། ཡང་དཀྱིལ་འཁོར་དེ་གཉིས་བྲིས་ནས་བུམ་པ་ལ་སོགས་པས་དབང་བསྐུར་བ་གཉིས་པ། གསང་བའི་དཀྱིལ་འཁོར་དུ་ཡིད་ཙམ་གྱིས་དབང་བསྐུར་བ་གསུམ་པ་སྟེ། རྒྱུད་ལས། དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །དེ་བས་ནན་ཏན་མཉན་པར་བགྱིས། །ཕྱག་རྒྱས་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་སྤངས་པ་སྟེ། །སྐྱོབ་པ་རྣམས་ཀྱི་དབང་བསྐུར་བ། །དེ་ནི་མཆོག་སྟེ་དང་པོ་ཡིན། །གཉིས་པ་ལས་དང་བྱ་བ་ཡིས། །ཀུན་ནས་བླང་བར་ཡང་དག་བཤད། །གསུམ་པ་ཡིད་ཀྱིས་ཤེས་བྱ་སྟེ། །ཡུལ་དང་དུས་ནི་སྤངས་པའོ། །ཞེས་བཤད་པས་སོ། །དེའི་ཕྱིར། རྒྱུད་འདིའི་སྡོམ་པ་རྫོགས་པ་ལ་དབང་རིམ་པ་འདི་གསུམ་ཆར་ནོད་དགོས་སོ། །བསྡུས་པའི་དོན་ལས། དེ་ལྟ་བས་ན་རིམ་པ་འདིས་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྲུབ་པ་གང་ཡིན་པ་དེ་ཉིད་འདར་མི་རུང་བའི་དོན་ནམ། རྟོགས་པར་བྱ་བའི་དོན་གྱིས་དམ་ཚིག་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་སྐུར་མོས་པར་བྱ་བའི་དམ་ཚིག་ཡིན་པ་འདི་ནི་དམ་ཚིག་ཅན་གྱིས་བཀུར་ཞིང་མངོན་པར་འདོད་པ་ལས་འདའ་བར་བྱ་བ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའི་སྐྱོབས་རྣམས་དང་། །སངས་རྒྱས་རྣམས་ཀྱི་དམ་ཚིག་འདི། །སངས་རྒྱས་རྣམས་དང་ཉན་ཐོས་དང་། །འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ཀྱི་སྐུའི་མཚན་ཉིད་ཀྱི་དམ་ཚིག་འདི་ཡང་། གསང་བའི་དཀྱིལ་འཁོར་གྱི་ནང་ཁོ་ནར་བྱིན་གྱིས་བརླབ་པའི་དམ་ཚིག་ཅེས་བྱའི། གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །ཞེས་སོ། །གསང་བའི་དཀྱིལ་འཁོར་གྱི་ནང་དུ་བྱས་པའི་དམ་ཚིག་འདིའི་ཕན་ཡོན་བསྟན་པའི་ཕྱིར། རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང་། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །ཞེས་ཏེ། དེ་ལ། རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང་། །ཞེས་བྱ་བ་འདི་ནི། རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་དག་ཏུ་དམ་ཚིག་ཅན་དུ་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཞེས་གསུངས་པ་འདི་ལས་ནི། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོར་དབང་བ་དེ་ལ་རག་ལས་པ་ཡིན་ནོ། །རྒྱུད་འདིར་དངོས་བསྟན་དབང་། ཆུ་དབང་ཐུར་མ་མེ་ལོང་ཆོས་བཤད་བཞི། །ཞེས་པ། སྤྱོད་པའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་འདིར་དབང་བསྐུར་བའི་རྣམ་པར་གཞག་པ་ནི། རྣམ་པ་བཞི་པོ་འདིར་ངེས་ཏེ། རྒྱུད་དུ་དེ་ནས་རིན་པོ་ཆེའི་བུམ་པ་རིན་པོ་ཆེ་དང་སྨན་ཐམས་ཅད་བླུགས་པ། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྤོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །པདྨ་དམ་པ་དེ་ལ་ནི། །བསྔགས་པས་བདག་གིས་དེ་བཞག་ནས། །སྤོས་དང་མེ་ཏོག་གིས་མཆོད་དེ། །མར་མེ་མཆོད་ཡོན་སྦྱིན་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །རྔ་སྒྲ་ཡིད་དུ་འོང་བ་དང་། །བཀྲ་ཤིས་རྒྱ་ཆེན་སྙན་པ་ཡི། །ཚིག་གིས་ལེགས་པར་མངོན་དགའ་བྱ། །སྐྱོབ་པ་རྣམས་ཀྱི་སྤྱན་སྔ་རུ། །དེ་ནི་བསྒྲིམས་ཏེ་དབང་བསྐུར་རོ། །སྤོས་དང་མེ་ཏོག་བཟང་པོ་ཡིས། །དེ་ལས་ཡང་ནི་མཆོད་པར་བྱ། །དེ་ནས་གསེར་གྱི་ཐུར་མ་ནི། །ཐོགས་ཏེ་མདུན་དུ་འདུག་ནས་སུ། །སློབ་མའི་སྙིང་ལ་འབབ་པའི་ཚིག །འདི་སྐད་དུ་ནི་སྨྲ་བར་བྱ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་བཤད་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དྭངས་ཤིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་པ་མེད། །དེ་ལྟར་ཆོས་རྣམས་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཏང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་བཞག་པར་བྱ། །དེ་ནས་ལག་པ་གཡས་པར་ཡང་། །ཤིན་ཏུ་བཟང་པོའི་དུང་བྱིན་ཏེ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་རྒྱས་པ་བུས་ནས་སུ། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོག་པ་མེད་པའི་སེམས་ཀྱིས་ཁྱོད། གསང་སྔགས་སྤྱོད་པ་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲན་དུ་གཟོ་ཞེས་བྱའོ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྣམ་པ་ཀུན་ཏུ་བསྲུང་། །ཞེས་གསུངས། བསྡུས་དོན་ལས། མངོན་པར་དགའ་བ་མངོན་དུ་འགྲོ་བ་བརྗོད་པའི་བུམ་པས་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་བའི་སློབ་མ་ཡང་རྩ་བའི་དཀྱིལ་འཁོར་གྱི་ནང་དུ་བཅུག་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མདུན་དུ། གང་དང་མཐུན་པར་བྱས་པས་སྔགས་རྣམས་མཉེས་པར་བྱས་པ་དང་། དཀྱིལ་འཁོར་རྣམས་དྲི་བར་བྱ་བ་ལ་དབང་བསྐུར་བར་འགྱུར་བ་ལུས་དང་ངག་ལ་ཡིད་ཀྱི་བསླབ་པ་དགེ་བ་དང་མི་དགེ་བ་ལ་འཇུག་ཅིང་ལྡོག་པའི་ངོ་བོ་དམ་ཚིག་ཅེས་བྱ་བ་ནོད་དུ་གཞུག་གོ །བསླབ་པ་འདི་ནི་འདིས་དངོས་གྲུབ་ལ་སོགས་པ་ཀུན་ཐོབ་པར་འགྱུར། རྟོགས་པར་འགྱུར་བས་རྒྱུད་འདི་ལས་དམ་ཚིག་ཅེས་བཤད་དོ། །དེ་ཉིད་འདའ་བར་མི་རུང་བའི་དོན་གྱིས་ཀྱང་དམ་ཚིག་ཅེས་བྱ་བར་བསྟན་ནོ། །དམ་ཚིག་དེ་ནོད་པའི་ཆོ་ག་ནི། དེ་ནས་སློབ་མ་དེས་བསླང་ལ། །སྔགས་པ་སྙིང་རྗེར་གྱུར་པ་ཡིས། །ཡིད་ཀྱི་ནང་དུ་བཅུག་ནས་ནི། །དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཆད་ཁྱེད་ཀྱིས་ནི། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱི་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པར་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརཏལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་བདག་གིས་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་བསྲུང་། །ཞེས་འདིར་ཆུ་དབང་བསྐུར་བའི་རྗེས་ཐོགས་ཁོ་ནར་དམ་ཚིག་འདི་བཞི་ནོད་པར་གསུངས་པ་ལ་དགོངས་པ་གང་ཞིག་ཡིན་ཏེ། །རྒྱུད་ཚིག་གི་རིམ་པ་ལྟར་ན་ནི་ཆུ་དབང་གི་རྗེས་སུ་མིག་ཐུར་ནས་ཆོས་བཤད་ཀྱི་རྗེས་གནང་གི་བར་བྱས། དེའི་རྗེས་སུ། དེ་ནས་སློབ་མ་དེ་བླང་ལ། །ཞེས་སོགས་དམ་ཚིག་བཞི་ནོད་པ་འབྱུང་ཞིང་། བསྡུས་དོན་ཉིད་དུ་དེའི་རིམ་པའི་ཆོ་ག་ཡང་རྒྱས་པར་མཛད་པས་སོ། །ཞེ་ན། དེའི་ཁྱད་པར་ནི་འདི་ལྟར། ཆུ་དབང་བསྐུར་མ་ཐག་ནོད་པ་ནི་སྒྲུབ་པ་པོར་བྱེད་པ་ཁོ་ནའི་དོན་ཅན་ལ་དགོངས་ཞེས་བྱ་སྟེ། དེ་ལ་ནི་ཆོས་བཤད་ཀྱི་མཐར་ཐུག་པ་དེ་དག་བྱེད་པ་ཆུང་བས་སོ། །རིམ་པ་རྒྱས་པ་འདི་དག་ནི་སློབ་དཔོན་དུ་བྱ་བའི་དབང་གི་ཁྱད་པར་ཏེ། དེ་ལ་ནི་ཆོས་བཤད་པའི་བར་སྔོན་དུ་བཏང་བའི་མཐར་དམ་ཚིག་བཞི་སྦྱིན་པའོ། །དེས་ན་དམ་ཚིག་བཞིའི་ནན་ཏན་ནི་དབང་གཉིས་ཀའི་ཐུན་མོང་གི་ཆོས་སོ། །ཞེས་སོ། །འདི་སྐབས་ཀྱི་ནོད་པ་ཞེས་དབང་དུས་སུ་ཐོབ་པ་བརྟན་པར་བྱ་བའི་ཕྱིར་བསླབ་པ་བརྗོད་པ་ཡིན་ནོ། །ཡེ་ཐིག་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཞེས་པ་རྒྱུད་གཞན་དུ་གསུངས་པར་སྣང་སྟེ། འདི་ལས་ཀྱང་དབང་ལྔ་བསྐུར་བ་མ་བཀག་པའི་ཕྱིར་མི་འཐད་པར་ག་ལ་འགྱུར་རོ།། །། གཉིས་པ་དམ་ཚིག་གི་ཁྱད་པར་དུ་བྱས་པའི་སྡོམ་པ་ལ་གནས་པ་བཤད་པ་ལ། བསླབ་པར་བྱ་བའི་དམ་ཚིག་གསུམ། བསྲུང་བར་བྱ་བའི་རྩ་ལྟུང་གི་རྣམ་པར་དབྱེ་བ་བཤད་པ་ལ་གཉིས་ལས། དང་པོ་ནི། དམ་ཚིག་གསུམ་གནས། ཞེས་པ། དམ་ཚིག་ཆེན་པོ་ལ་འཇུག་པའི་ཕྱིར་འཇུག་པའི་སེམས་དང་། དམ་ཚིག་ཆེན་པོ་ཉིད་ལ་ཞུགས་པ་གནས་པའི་སེམས་དང་། དམ་ཚིག་ཆེན་པོར་ཆུད་ནས་དེ་ལ་སེམས་ཅན་རབ་ཏུ་འགོད་པ་ལྡང་བའི་སེམས་ཀྱི་སྡོམ་པ་གསུམ་ནི་རྒྱུའི་གནས་སྐབས་འདིའི་དམ་ཚིག་གསུམ་ཞེས་བྱའོ། །དེ་ལས་དང་པོ་ནི། ལུས་ངག་ཡིད་གསུམ་ཟག་བཅས་ཀྱི་ཕུང་པོ་སོགས་བསྐྱེད་པའི་རྒྱུར་གྱུར་པའི་ལས་ཟག་པ་དང་བཅས་པ་དག་མངོན་པར་འདུ་མི་བྱེད་པར་བསྡམས་པས་ན། འཁོར་བར་སྐྱེ་བའི་རྒྱུ་འདུ་བྱེད་འགོག་པར་བྱེད་པའི་ཕྱིར་སྡོམ་པ་ཞེས་བྱ་སྟེ། རྒྱུད་ལས། དེ་ལ་སྡོམ་པ་གང་ཞེ་ན། བསྡམ་པ་ནི་སྡོམ་པ་སྟེ། ལུས་དང་། ངག་དང་། ཡིད་རྣམས་བསྡུས་ཤིང་ཡོངས་སུ་བསྡུས་པ་ཕྱི་དང་ནང་གི་སྡུག་བསྔལ་སེལ་བར་འགྱུར་བ་དེ་ནི་སྡོམ་པ་ཡིན་ནོ་ཞེས་དང་། ཡང་གསང་བའི་བདག་པོ་འདི་ནི་དམ་ཚིག་ཆེན་པོ་འདི་ལ་འཇུག་པ་ཞེས་བྱ་བའི་སྡོམ་པ་ཡིན་ཏེ། སྡོམ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ནི་ཚུལ་ཁྲིམས་ཤིན་ཏུ་བསྡམས་ཤིང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བླ་ན་མེད་པ་ལ་གནས་པ་ཡིན་ནོ། །དེ་ལྟ་བས་ན་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྒོ་འདི་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔས་དམ་ཚིག་ཆེན་པོ་ལ་འཇུག་པ་འདི་ལ་མངོན་པར་བརྩོན་པར་བྱའོ། །ཞེས་གསུངས་སོ། །རང་གི་སེམས་ཇི་ལྟ་བ་བཞིན་ཤེས་པའི་ལམ་དེ་ཉིད་དུ་དངོས་སུ་ཞུགས་ནས་གནས་པ་ནི་བྱང་ཆུབ་དང་མཐུན་པར་སེམས་བསྐྱེད་པ་སྟེ་གནས་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཡང་རྒྱུད་ལས། གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་གང་དང་ལྡན་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ཉོན་ཅིག དེ་ལ་བྱང་ཆུབ་གང་ཞེན། བྱང་ཆུབ་ནི་ནམ་མཁའ་ངོ་བོ་ཉིད་དོ། །ནམ་མཁའ་ཡང་གཟུགས་མེད། བསྟན་དུ་མེད། གཟུང་དུ་མེད་པའོ། །བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་ནོ། །དེ་ལྟ་བས་ན་སེམས་དང་། ནམ་མཁའ་དང་། བྱང་ཆུབ་འདི་དག་ནི་གཉིས་སུ་མེད་དོ། །འདི་ལ་ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པ། ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །དེ་ལ་མི་སྐྱེ་བའི་ཚུལ་དང་མི་དམིགས་པའི་ཚུལ་གྱི་སེམས་སྐྱེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཞེས་གསུངས་པ་དང་། གནས་ཀྱི་གཞི་ལྔའི་སྐབས་ནས་ཀྱང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ནི་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱོད་པས་རང་གི་སེམས་ཐོག་མ་མེད་པ་ནས་མ་སྐྱེས་པར་མཐོང་ཞིང་། སྟོང་པ་ཉིད་ཀྱི་ངོ་བོ་ཉིད། རྫས་མེད་པ། མཚན་ཉིད་མེད་པ། གནས་མེད་པ། སྒྲིབ་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །དེ་ཡང་། ས་མ་ཡ་ཞེས་པ་ལ། ས་མ་ཞེས་པ་ཀུན་ཏུ་དང་ཡ་ཐོབ་པ་དང་། ཨ་ཡ་འགྲོ་བ་དང་། རྟོགས་པ་ལ་འཇུག་པ་ལས། ཀུན་ཏུ་འཐོབ་པ་དང་། ཀུན་ཏུ་འགྲོ་བ་དང་། ཀུན་ཏུ་ཆུབ་པ་དང་རྟོགས་པ་ལ་བྱ་ལ། དེའི་དོན། དངོས་གྲུབ་གཉིས་འཐོབ་པ་དང་། རྟོགས་པའམ། སློབ་དཔོན་གྱི་ཐབས་ཐོབ་པར་བྱེད་པའི་དོན་ཅན་ཏེ། དེ་ལས་འདས་ན་མི་ཐོབ་པས་འདར་མི་རུང་བའི་ཕྱིར་དམ་ཚིག་གོ །དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ནས་ཀྱང་། རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ལ་མི་གནས་པས་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བལྟས་ནས་དམིགས་པ་མེད་པ་ཉིད་དུ་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པའི་བྱང་ཆུབ་རང་གིས་ཐོབ་པའི་གོ་འཕང་དེ་ལ་སེམས་ཅན་ཐམས་ཅད་རབ་ཏུ་འགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་ལྡང་བའི་སེམས་སོ། །དེ་ཡང་གསུངས་པ། འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། ཞེས་སོ། །རྣམ་པར་གཞག་པ་གསུམ་པོ་མཚན་ཉིད་པ་ནི་ས་དང་པོ་ཡན་ཆད་དུ་བཞག་དགོས་པར་ཡང་གསུངས་པ། དམ་ཚིག་གསུམ་པོ་དེ་གང་ཞེ་ན། ཆོས་ཀྱི་ཁྱད་པར་གསུམ་སྟེ། ཆོས་ཀྱི་ཁྱད་པར་གང་ལ་དུས་གསུམ་དུ་རྟོགས་པའི་དུས་ན་སྒྲིབ་པ་མེད་པའི་ཚུལ་གྱིས་འཇུག་པ་དེ་ནི་དམ་ཚིག་གསུམ་ཞེས་བྱའོ། །ཆོས་ཀྱི་ཁྱད་པར་དེ་ཡང་གང་ཞེ་ན། །གསང་བ་པའི་བདག་པོ་སེམས་ནི་ཆོས་ཀྱི་ཁྱད་པར་ཏེ། དེ་ལ་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མེད་པ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་རྫོགས་པའི་སངས་རྒྱས་མཐོང་བའོ། །འདི་ལ་ཆོས་ཀྱི་དབྱིངས་རྟོགས་པའི་རང་རིག་པའི་རྣམ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཡིན་ནོ། །གང་ལུས་དང་། ངག་དང་། ཡིད་འཇུག་པ་དེ་ནི་སྤྲུལ་པའི་མཚན་ཉིད་ཡིན་ནོ། །གསང་བ་པའི་བདག་པོ་དེ་ནི་དམ་ཚིག་གསུམ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་རྟོགས་ན་མུ་སྟེགས་ཅན་གཞན་དག་གིས་ལྟ་ཅི་སྨོས། དེ་ནས་ཚིགས་སུ་བཅད་དེ་ཡང་གསུངས་པ། བྱིས་པ་མི་ཤེས་པས་བསྒྲིབས་པ། །ཚུལ་འདི་ཤེས་པར་མ་གྱུར་རྣམས། །སངས་རྒྱས་གཞན་དུ་ཚོལ་བར་བྱེད། །འདི་ལ་གནས་པར་ཡོངས་མ་རྟོགས། །འཇིག་རྟེན་ཁམས་གཞན་གང་ནས་ཀྱང་། །སངས་རྒྱས་རྙེད་པར་ཡོངས་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་བསྟན་ནོ། །དེ་ལྟ་བས་ན་རྣལ་འབྱོར་པས། །རྟག་ཏུ་ཡིད་གཉིས་སྤངས་ནས་ནི། །སེམས་ཀྱི་ཁྱད་པར་རྣམ་གསུམ་བརྟག །དེ་ནས་དམ་ཚིག་གསུམ་ཤེས་འགྱུར། །ཞེས་དང་། ཡང་། དང་པོའི་སེམས་ནི་སངས་རྒྱས་ཏེ། །གཉིས་པ་ཡང་ནི་ཆོས་ཤེས་བྱ། །དེ་དང་ལྷན་ཅིག་འབྱུང་བའི་སེམས། །དགེ་འདུན་ཞེས་ནི་བཤད་པ་ཡིན། །དཔའ་བོ་དམ་ཚིག་དེ་གསུམ་ནི། །འདྲེན་པ་རྣམས་ཀྱི་ཁྱེད་ལ་བཤད། །དེ་ཚེ་སྣ་ཚོགས་ཚུལ་གྱི་སྒོས། །དཔའ་བོ་སེམས་ཅན་ཕན་འདོད་པ། །དམ་ཚིག་གསུམ་པོ་འདི་དག་ལ། །གནས་ནས་བྱང་ཆུབ་སྤྱད་པ་སྤྱོད། །ཅེས་སོ། ལས་དང་པོ་པས་སེམས་དེ་བསྐྱེད་པར་བྱ་བ་ནི། བསྡུས་པའི་དོན་ལས། ས་བཅུ་ལ་འཇུག་པར་བྱེད་པ་རྣམས་དང་། དེ་དག་གི་རྒྱུ་མཐུན་པའི་ལུས་དང་། ངག་དང་། ཡིད་ཀྱི་ཡོན་ཏན་རྣམས་མ་ཐོབ་ཀྱང་། ཐོས་པ་དང་བསམ་པས་རྟོགས་པའི་ཤེས་རབ་ཀྱིས་དེ་དག་ལ་འཇུག་པའི་ཆོས་ཀྱི་ཚིག་དེ་དག་གི་བསྟན་པ་རྣམས་ལ་དེ་ཁོ་ན་ལྟར་ཡིན་ནོ་ཞེས་མོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་མོས་པ་སྔོན་དུ་འགྲོ་བ་ཅི་རིགས་པར་རང་དང་གཞན་གྱི་དོན་བསྒྲུབ་པའི་ངོ་བོ་གང་ཡིན་པ་ནི་མོས་པས་སྤྱོད་པ་ཡིན་ཏེ། མོས་པས་སྤྱོད་པ་ཉིད་གཞིའི་དོན་གྱི་ས་ཡིན་ནོ། །ཞེས་དང་། རྒྱུད་འདི་ཉིད་ཀྱི་རྒྱུད་ཕྱི་མ་དང་འབྲེལ་བ་གསང་བའི་རིམ་པ་ལས་གསུངས་པ། དེ་ལ་གསང་བ་པའི་བདག་པོ་མོས་པས་སྤྱོད་པའི་སེམས་གསུམ་ཡོངས་སུ་ཤེས་པ་གང་ཞེ་ན། སེམས་ཀྱི་སྐད་ཅིག་དང་པོ་རྟོགས་པའི་ཕྱིར་སེམས་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་ནི་རྟོགས་པ་དང་པོ་ཡིན་ནོ། །གཉིས་པ་ནི་རྟོག་པའི་དྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམ་པར་མི་རྟོག་པ་ཡིན་ནོ། །སྒྲིབ་པ་མེད་པར་རྟོགས་ནས། སེམས་ཅན་རྣམས་ཡང་དག་པའི་ལམ་ལ་འགོད་པར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ། འདི་ནི་འདིའི་སེམས་གསུམ་པ་ཡིན་ནོ། །ཞེས་པས། འདི་ཉིད་ཀྱང་ཐོབ་བྱ་འདུས་མ་བྱས་པའི་མཚན་ཉིད་ཅན་ཡིན་ལ། དེ་དང་མཐུན་པ་ཉིད་ཀྱི་སྤྱོད་པ་ཡང་འདུས་མ་བྱས་པ་སྤྲོས་པ་ཐམས་ཅད་རྣམ་པར་གཅོད་པའི་ཚུལ་གྱིས་བསླབ་པ་དེའི་ཕྱིར་རང་སའི་དོན་དམ་པའི་སྡོམ་པ་ཡིན་ལ། ས་ཐོབ་པའི་ལ་བལྟོས་ན་ཀུན་རྫོབ་ཀྱི་སྡོམ་པར་ཡང་འགྱུར་ཏེ། དཔེར་ན། བུད་མེད་གཅིག་རང་ལ་བལྟོས་ཏེ་མ་དང་། དེ་ཉིད་ཀྱི་ཕ་ལ་བལྟོས་ཏེ་བུ་མོར་འགྱུར་བ་བཞིན་ནོ། །གཉིས་པ་བསྲུང་བྱའི་རྩ་ལྟུང་གི་རྣམ་པར་དབྱེ་བ་ནི་གཉིས་ཏེ། རབ་ཏུ་བྱུང་བ་ལ་འབྱུང་བ་དང་། ཁྱིམ་པ་ལ་འབྱུང་བའོ། །དང་པོ་ནི། བསྲུང་བྱའི་རྩ་ལྟུང་ནི། གནས་ངན་ལེན་བཅུ་དམ་ཆོས་སྤོང་བ་དང་། །བྱང་སེམས་གཏོང་དང་སེར་སྣ་གནོད་པ་བྱེད། །བཅུ་བཞི་རབ་བྱུང་ལ་འབྱུང་། ཞེས་པ། རྒྱུད་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཐེ་ཚོམ་དང་ཡིད་གཉིས་མ་མཆིས་པར་འཁོར་བ་ན་འཁོར་བའི་ཚེ་ཉམས་པར་མི་འགྱུར་བ་བཤད་དུ་གསོལ། བཀའ་སྩལ་པ། གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའི་སྤྱད་པའི་ཚུལ་ལ་མཁས་པའི་བསྟན་པ་གང་ལ་གནས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་རྟོགས་པ་ཁོང་དུ་ཆུད་པར་འགྱུར་བ་དེ་ཉོན་ཅིག དེ་ལ་བྱང་ཆུབ་སེམས་དཔས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་བྱའོ། །བརྫུན་དུ་སྨྲ་བ་དང་། ངག་རྩུབ་པོ་དང་་། ཕྲ་མ་ཟེར་བ་དང་། ཚིག་བཀྱལ་བ་སྨྲ་བ་ལས་སླར་ལྡོག་པར་བྱའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལས་སླར་ལྡོག་པར་བྱའོ། །གང་ལ་བསླབས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་སྤྱོད་པ་མཚུངས་པར་བསླབ་པར་འགྱུར་བ་བྱང་ཆུབ་སེམས་དཔའི་བསླབ་པ་འདི་དག་ཡིན་ནོ། །ཞེས་པས། དང་པོ་དགུའི་དངོས་གཞི་ནི། གནས་ངན་ལེན་གྱིས་ཀུན་ནས་བླངས་ཏེ་སྤྱད་ན་དགེ་བའི་ལས་ཀྱི་ལམ་ལས་ཉམས་པར་འགྱུར་བ་དང་། བཅུ་པས་དགེ་བའི་རྩ་བ་གཅོད་པའི་ཕྱིར་རྩ་བའི་ལྟུང་བ་ཞེས་བྱའོ། །བསྟན་པའི་ཆོས་དང་བསྒྲུབ་པའི་ཆོས་གཉིས། ཆོས་སྨྲ་བ་གསུམ་ལ་མ་གུས་པས་འདོར་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣས་འཇུངས་པ་དང་། སེམས་ཅན་གྱི་ཡུལ་ལ་གནོད་པར་འགྱུར་བའི་བྱ་བ་བྱེད་པ་སྟེ། བཞི་པོ་འདི་དག་ནི་ལྟུང་བའི་རྩ་བ་ཞེས་བྱའོ། །ཅིའི་ཕྱིར་ན་འདི་དག་ནི་བསླབ་པའི་གཞི་ཐབས་དང་ཤེས་རབ་དང་བཅས་པ་བཤད་པ་དེ་དང་དངོས་སུ་མི་མཐུན་པ་ཆེན་པོ་སྟེ། བཞི་པོ་འདི་དག་ལ་གནང་བའི་སྐབས་མེད་པས་རང་བཞིན་གྱིས་ཉོན་མོངས་པ་ཅན་ཞེས་བྱ་ལ། བཞི་པོ་འདི་དག་ལས་གང་རུང་ལ་སྤྱད་ན། དེ་མ་སྤངས་ཀྱི་བར་དུ་སྔགས་ཀྱི་སྡོམ་པ་ཕྱིར་བཅོས་མེད་པས་སམ། ལྟུང་བ་འདི་དག་གིས་གོས་ན་ལྟུང་བ་གཞན་ལས་ལྡང་བར་དཀའ་བས་སླར་གསོར་མི་རུང་བ་ཞེས་བྱའོ། །དེ་ལྟར་ཡང་རྒྱུད་ལས། ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་གི་ཐབས་དང་ཤེས་རབ་ཏུ་མི་ལྡན། རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ། སླར་གསོར་མི་རུང་བའོ། །ཞེས་སོ། ཁྱིམ་པ་ལ། སྲོག་གཅོད་མ་བྱིན་ལེན་དང་འདོད་གཡེམ་དང་། །བརྫུན་སྨྲ་ལོག་ལྟ་རྩ་བའི་ལྟུང་བ་བཞི། །དགུར་གསུངས། ཞེས་པ་རྒྱུད་ལས་གསུངས་པ། དེ་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བ་རབ་ཏུ་སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་གཞི་དེ་ལྔ་གཟུང་ནས་བསླབ་པ་ཇི་སྐད་བསྟན་པ་རྣམས་ལ་སློབ་ཅིང་དད་པས། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཞེས་པས་སོ། །ལྟུང་བའི་རྩ་བ་བཞི་ནི། རབ་ཏུ་བྱུང་བ་དང་ཁྱིམ་པ་གཉིས་ཀ་ལ་ཐུན་མོང་བ་སྟེ། ཁྱིམ་པ་རྣམས་ནི་དགེ་བའི་ལམ་རགས་པ་ལ་སློབ་ཅིང་ཁད་ཀྱིས་ཕྲ་བ་ལ་ཡང་ཐབས་ཀྱིས་འཇུག་པ་ཡིན་པས། དེའི་ཕྱིར་རྩ་བའི་ལྟུང་བར་འགྱུར་པ་ནི་དགུར་གསུངས་སོ། །སྤོང་དང་བསྒྱུར་བ་བྱང་སྡོམ་དང་། །འདིར་གསུངས་ཁྱད་པར། ཞེས་པ། དགེ་བཅུའི་སྤྱོད་པ་ཙམ་མཚུངས་ཀྱང་། འཇིག་རྟེན་པ་དང་མུ་སྟེགས་བྱེད་རྣམས་བདག་གི་དངོས་པོ་ལ་ཞེན་པ་དང་། ཉན་ཐོས་ནི་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཆོས་ཀྱི་བདག་མེད་པ་ལ་མ་བསླབས་པའི་ཕྱིར་ཏེ། དེས་ན་ཐབས་དང་ཤེས་རབ་ཏུ་མི་ལྡན་པ་ཞེས་བྱ་ལ། ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཐབས་ཤེས་ཀྱིས་ཟིན་པ་ཡང་། ཤེས་རབ་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་རྟོགས་པའི་མཚན་ཉིད་དོ། །ཐབས་ནི་ད་ལྟར་རྟོགས་ཀྱང་སྒྱུ་མ་ལྟ་བུའི་ཚུལ་དུ་འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་སོགས་ཀུན་ཏུ་སྤྱོད་པ་ཙམ་དུ་ཟད་ལ། འདིར་གསུངས་པའི་ཐབས་ནི། གཟུགས་དང་། ཡི་གེ་དང་། ཕྱག་རྒྱའི་ལྷར་ལྡང་བ་སྟེ། རྒྱུད་ལས། གསང་བའི་བདག་པོ་དེ་ལ་ལྷའི་གཟུགས་ནི་རྣམ་པ་གསུམ་སྟེ། ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་སོ། །དེ་ལ་ཡི་གེ་ལ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་བྱང་ཆུབ་ཀྱི་སེམས་སོ། །ཕྱག་རྒྱའི་གཟུགས་ལའང་རྣམ་པ་གཉིས་ཏེ། གཟུགས་དང་བཅས་པ་དང་། གཟུགས་དང་བཅས་པ་མ་ཡིན་པའོ། །གསང་བ་པའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི། རྟོགས་པའི་ངོ་བོ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི། མཚན་མ་དང་བཅས་པའི་གཟུགས་ཏེ། ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །ཞེས་པས། སྔ་མ་ནི་གཉིས་སུ་སྣང་བ་སྤོང་བ་ཙམ་གྱི་ཕྱིར་སྤོང་བའི་ལམ་པ་ཞེས་བྱ་ལ། ཕྱི་མ་ནི་སྟོང་ཉིད་ཀྱི་སྣང་བ་ལྷ་ལ་སོགས་པ་དེ་དག་ཏུ་བསྒྱུར་བ་སློབ་པའི་ཕྱིར་བསྒྱུར་བའི་ལམ་པ་སྟེ། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡོངས་སུ་བསྒྱུར། །དེ་དེའི་རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། །ཞེས་སོ། བྱ་བའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་ཀྱི་ཐུན་མོང་པའི་དམ་ཚིག་རྣམས་ཀྱང་འདིར་བསྲུང་བྱར་ཤེས་པར་བྱ་སྟེ། རྒྱུད་སྡེ་འདི་ལ་གཉིས་ཀའི་རྒྱུད་ཅེས་གསུངས་པའི་རིགས་པས་སོ། །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་ཀྱི་དམ་ཚིག་གི་རྣམ་པར་གཞག་པ་དེ་དག་ཏུ་ཤེས་པར་བྱའོ། །ཕྱིར་བཅོས་གོང་དང་འདྲ། ཉམས་ན་ཕྱིར་བཅོས་པའི་རྣམ་པར་གཞག་པ་ནི། སྔར་བྱ་བའི་རྒྱུད་དུ་བཤད་པ་དང་འདྲ་ལ། འདི་ཉིད་ཀྱི་རྒྱུད་ལས། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ལ་སྔགས་ལན་གསུམ་བཟླས་ན་དམ་ཚིག་ཉམས་པ་ལ་སོགས་པ་སླར་འཚོ་བར་འགྱུར་རོ། །ཞེས་གསུངས། འདི་དག་ནི་སྒྲུབ་པ་པོ་རྣམས་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་འཇུག་པས། སྒྲུབ་པ་པོའི་ཕྱིའི་འཇུག་པའི་སྤྱོད་པ་ཞེས་བྱ་སྟེ། སློབ་དཔོན་དཔལ་བརྩེགས་ཀྱིས་ཀྱང་། དེ་ལ་ཕྱི་ནི་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་འཇུག་པར་བྱ་སྟེ། དེ་ཡང་དཀྱིལ་འཁོར་དུ་འཇུག་པར་བྱ་བ་ངག་དབང་བསྐུར་བ་དང་། དམ་ཚིག་གི་མཚན་ཉིད་གོང་དུ་བསྟན་པ་རྣམས་དང་། འོག་ནས་བསླབ་པ་བཟུང་བ་རྣམས་སུ་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་དག་ཡིན་ནོ། །ཞེས་བཤད་དོ།། །། གཉིས་པ་ནང་གི་འཇུག་པའི་སྤྱོད་པ་ལ། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉིས་ལས། དང་པོ་ནི། ཡི་གེ་དང་པོ་བྱང་སེམས་སྟོང་ཉིད་བསྒོམ། །ཡི་གེ་གཉིས་པ་སྔགས་དང་སྒྲར་ལྡང་ཞིང་། །གཞི་དང་རང་ལུས་སངས་རྒྱས་སྐུར་བསྐྱེད་པ། །སྔགས་དང་ཕྱག་རྒྱ་སོགས་ཀྱིས་བྱིན་གྱིས་བརླབ། །གཞི་གཉིས་མདུན་དུ་སངས་རྒྱས་སྐུ་བསྐྱེད་ནས། །ཐུགས་ཀར་ཟླ་བ་སྔགས་འཕྲེང་བཀོད་ཏིང་འཛིན། །བརྟན་བྱེད་མཚན་བཅས། ཞེས་པ། ཐོག་མར་བདག་དང་གནས་བསྲུང་བ་ལ་སོགས་པ་སྔོན་དུ་སོང་བའི་སྒོ་ནས། ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བསྒོམ། ཡི་གེ་གཉིས་པ་སྔགས་ཀྱི་སྒྲར་ལྡང་། གཞི་དང་པོ་རང་གི་ལུས་སངས་རྒྱས་ཀྱི་སྐུར་བསྐྱེད་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས། གཞི་གཉིས་པ་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་ནས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་འཕྲེང་བ་བཀོད་ནས་དེ་ལ་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །དེ་ཡང་རྒྱུད་ལས། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །ཅེས་སོ། །གཉིས་པ་མཚན་མེད་ནི། མཚན་མ་མེད་པ་ནི། ལུས་སེམས་རྣམ་ཤེས་སྒྱུ་མ་ལྟར་དྲན་པས། །བྱང་ཆུབ་སེམས་བསྒོམ་ཆོས་སྐུ་ངོ་བོ་ཉིད། །མེད་པར་རྟོགས་པའི་ཏིང་འཛིན་བརྟན་བྱེད་པའོ། །འདི་དག་སྤྱོད་པའི་རྒྱུད་ཀྱི་འཇུག་པ་ཡིན། །ཞེས་པས། རྒྱུད་ལས། དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་ཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང་། །ཞེས་སྤྱི་དང་། ཁྱད་པར་དེ་བཞིན་གཤེགས་པའི་སྙིང་པོ་བསྒྲུབ་པའི་སྐབས་ནས་སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ངམ། ཕུག་གམ། ཡིད་གང་དུ་དབེན་པ་དེར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། ནམ་མཚན་མ་མ་བྱུང་གི་བར་དེ་སྲིད་དུ་འདུག་པར་བྱའོ། །ཞེས་གསུངས་ལ། མཚན་མ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་ངེ་འཛིན་ལ་སེམས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གནས་པ་ལ་བྱ་སྟེ། དེ་ཉིད་ལས། སློབ་མས་བསྒྲིམས་ཏེ་བྱང་ཆུབ་ཀྱི། །སེམས་ཀྱིས་ཀུན་ཏུ་དག་པར་བྱ། །གང་ཚེ་དམིགས་པ་རྣམས་ཀྱི་ནི། །སློབ་མ་ནམ་ཡང་མི་གཡོ་བ། །དེ་ཚེ་ནམ་མཁའ་ལྟ་བུར་ནི། །དྲི་མེད་ཀུན་ཏུ་དག་པ་ཡིན། །ཞེས་པའི་མཚན་མ་མ་བྱུང་གི་བར་དུ་བསྒོམ་མོ། །སྒོམ་ཚུལ་ནི། ལུས་དང་སེམས་ཚོགས་དྲུག་དང་། ཡིད་གཟུང་འཛིན་གྱི་རྣམ་པ་ཅན་གྱི་རྣམ་ཤེས་ཏེ། གསུམ་པོ་རིམ་པ་བཞིན་དུ་སྒྱུ་མ་ལྟ་བུ་དོན་དམ་པར་སྐྱེ་བ་མེད་པར་ཐོས་བསམ་སྒོམ་གསུམ་གྱི་གོམས་པའི་སྒོ་ནས་མཚན་མེད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱ་སྟེ། དེ་ཉིད་ལས། དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྟག་ཏུ་དྲན་པར་བྱ། །ཞེས་གསུངས་ཤིང་། ཡང་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ། །ཅི་མཚན་མ་རྣམས་གང་ནས་འབྱུང་ཞེས་པ་ནས། ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ་དེ་ལ་དེ་བཞིན་གཤེགས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ། །ཞེས་པའི་བར་གྱིས་རྒྱས་པར་གསུངས་སོ། །དེ་བཞིན་དུ་མཚན་བཅས་མཚན་མེད་ཐུན་མོང་བའི་འཇུག་པ་ཡང་གསུངས་སོ། །དེ་དག་ནི་མཉམ་པར་བཞག་པའི་གནས་སྐབས་ན་ཡང་འཇུག་པའི་ཕྱིར་ནང་གི་འཇུག་པའི་སྤྱོད་པ་ཞེས་བྱའོ།། །། གཉིས་པ་གསང་སྔགས་མཉེས་པར་བྱ་བའི་སྦྱོར་བའི་སྤྱོད་པ་ལ། མཚན་མ་དང་བཅས་པའི་དང་། མཚན་མ་མེད་པའི་བཟླས་བརྗོད་བསྒྲུབ་པ་གཉིས་ལས། དང་པོ་ནི། ཕྱི་ནང་། ཞེས་པ། རྒྱུད་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་དང་། སླར་སྡུད་པ་ཡི་ཚིག་གིས་ཉོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྡམས་པར་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། །ཞེས་གསུངས་པ་མཚན་བཅས་སུ་བཤད་མ་ཐག་པ་ལྟར། ཡན་ལག་བཞི་དང་ལྡན་པའི་སྒོ་ནས་སྲོག་རྩོལ་བསྡམས་ནས་གྲངས་ཀྱི་བསྙེན་པ་འབུམ་ཕྲག་གཅིག་བྱེད་པ་ནི་ཕྱིའི་བཟླས་བརྗོད་དོ། །ནང་གི་ནི་རང་སངས་རྒྱས་ཤཱཀ་ཐུབ་ཀྱི་སྐུར་བསྐྱེད། རང་དང་སངས་རྒྱས་གཉིས་མེད་དུ་བྱས་པའི་ཐུགས་ཀར་ཟླ་བ་ལ་སངས་རྒྱས་རྣམ་སྣང་བསྐྱེད། དེའི་ཐུགས་ཀར་ཟླ་བ་ལ་སྔགས་བཀོད་ནས་བཟླས་བརྗོད་བྱེད་པ་སྟེ། དེ་ཉིད་ལས། དེ་ནས་སྙིང་པོ་དེ་དག་ལས་གང་ཡང་རུང་བ་གཅིག་བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་ཀྱི་བར་དུ་གཞི་བསྒྲུབ་པར་བྱའོ། །དེ་ནས་སྙིང་པོ་སྙིང་གར་བཞག་ནས་ཡིད་བསྒྲུབ་པར་བྱ་སྟེ། ཤིན་ཏུ་རྣམ་པར་དག་པ། དྲི་མ་མེད་པ། བརྟན་པ། རབ་ཏུ་མི་གཡོ་བ། རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུའི་རབ་ཏུ་ཕྲ་བ་ལ་མངོན་དུ་ལྟ་ཞིང་། རྟག་ཏུ་གོམས་པའི་སྦྱོར་བས། རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་གི་བར་དུ་བྱའོ། །དེ་ནས་གཞི་གཉིས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་ན་པདྨའི་སྙིང་པོ་ཆེན་པོ་ལ་བཞུགས་པ། ཕུག་ན་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་ཐོར་ཚུགས་དང་དབུ་རྒྱན་ཅན། འོད་ཟེར་མཐའ་ཡས་པས་བསྐོར་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང་མཉམ་པར་བཞག་པས་བཟླས་བརྗོད་བྱ། ཞེས་སོ། །གཉིས་པ་མཚན་མེད་ཀྱི་བཟླས་བརྗོད་བསྒྲུབ་པ་ནི། མཚན་མེད་བཟླས་བརྗོད་སྦྱོར་བ་སྟེ། །ཞེས་པ། སྔར་བཤད་པ་རྣམས་མངོན་དུ་བྱས་ལ་ལྷའི་སྐུ་དང་བདག་གཉིས་སུ་མེད་པའི་ཁ་དོག་ལ་སོགས་པའི་ངོ་བོ་ཀུན་བརྟགས་པར་སྣང་བ་ལ་ལེགས་པར་བརྟགས་པས། ཇི་ལྟར་རྟོགས་པ་བཞིན་སེམས་རང་རིག་པ་ཙམ་རང་གི་ལྷའི་གཟུགས་ཀྱི་སྐུའི་དངོས་པོ་དང་བྲལ་བ་སྣང་བ་མེད་པ་མངོན་དུ་བྱས་ནས་ཅི་རིགས་པར་ཡིད་ཀྱིས་བཟླས་པ་བྱེད་པ་སྟེ། དེ་ཉིད་ལས། ཡིད་ཀྱིས་འཇིག་རྟེན་འདས་ཤེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་ཏུ་སྦྱོར་བ་དང་། །ཐ་དད་མ་ཡིན་འཛིན་པ་ཡི། །ཡིད་ཀྱི་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་སོ། །གསུམ་པ་གསང་སྔགས་མཉེས་པ་གྲུབ་པའི་སྤྱོད་པ་ནི། ཕྱིའི་དང་ནང་གི་གྲུབ་པའི་སྤྱོད་པ་གཉིས་ཏེ། ཕྱིའི་གྲུབ་པའི་སྤྱོད་པ་ནི། འབར་བའི་རྫས་བླང་ཕྱི་དང་། ཞེས་པ། རལ་གྲི་ཞགས་པ་འཁོར་ལོ་དང་། ལྕགས་མདའ་དེ་བཞིན་ཐོ་བ་སྟེ། །རྫས་དེ་རྣམས་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། །ཅེས་པས་རྫས་དེ་འབར་བ་དང་། ལག་ཏུ་བླངས་པས་རིག་འཛིན་ལ་སོགས་པ་གྲུབ་པའོ། །ས་ཐོབ་ནང་། གཉིས་པོ་གྲུབ་པའི་སྤྱོད་པ་ཡིན་པར་གསུངས། །ཞེས་པ། དཀར་པོ་སེར་པོ་དམར་པོ་གང་། །ཡིད་ཀྱིས་སེམས་པར་བྱེད་པ་སྟེ། །ཞེས་པ་ནང་གི་རླུང་འབྱུང་བ་བཞིའི་དཀྱིལ་འཁོར་གོམས་པས། ནང་གི་དངོས་གྲུབ་སེམས་ཀྱི་དབང་ཙམ་ལ་རག་ལས་པ་འཇིག་རྟེན་པའི་མངོན་ཤེས་རྫུ་འཕྲུལ་སོགས་གྲུབ་པ་དང་། ཞར་ལ་མཚན་བཅས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་། ཁྱད་པར། ཅི་ལྟར་སངས་རྒྱས་བདེན་གཟིགས་པ། །དེ་བཞིན་སྔོན་ནི་ངས་མཐོང་པའི། །བྱང་ཆུབ་སེམས་ཐོབ་གང་ཡིན་པ། །དངོས་གྲུབ་དེ་ལས་གཞན་ཅི་དགོས། །དེ་ལས་གཞན་དུ་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དེ། །སྤྱོད་པའི་རྗེས་སུ་འཇུག་པ་དང་། །དེ་བཞིན་ས་ནི་གནོན་པ་དང་། །འཇིག་རྟེན་མངོན་ཤེས་ལྔ་འདོད་དང་། །སངས་རྒྱས་ཉིད་དང་གང་གཞན་ནོ། །ཞེས་དང་། གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན་ཤེས་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལ་ཡང་དག་འབྱུང་བ་ཐོབ། །ཅེས་པས་མཐར་ཐུག་པ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ཡང་རྒྱུ་གསུམ་ལས་འབྱུང་བ་ཡིན་ཏེ། རྟོག་པ་འཇུག་པའི་རྒྱུ་དང་། རྟོག་པ་ཉེ་བར་ལེན་པའི་རྒྱུ་དང་། རྟོག་པ་ལྷན་ཅིག་བྱེད་པའི་རྒྱུའོ། །དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་པའི་འཇུག་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ། དེ་ལྟར་དེའི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པ་ཡིན་ནོ། །ཉེ་བར་ལེན་པའི་རྒྱུ་ནི་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། འདི་ལྟར་འདི་ཉིད་ས་གོང་ནས་གོང་དུ་མི་མཐུན་པ་དང་གཉེན་པོའི་ཚུལ་གྱིས་ཡོངས་སུ་སྦྱངས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་འགྱུར་རོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་བསྒྲུབ་པ་ཡིན་པར་ཉེ་བར་བསྟན་ཏོ། །དེ་ཡང་རྒྱུད་ལས། དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། ཞེས་གསུངས་ལ། དེ་དག་ཀྱང་བསྡུས་པའི་དོན་ལས། དེ་ལ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ནི། སངས་རྒྱས་ཀྱི་སའི་མདོ་ལས་གསུངས་ཏེ། འདི་ལྟ་སྟེ། བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། འདི་ལྟར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས། ཡུན་རིང་པོ་ནས་འགྲོ་བ་སྣ་ཚོགས་སྒྱུ་མ་ལྟ་བུར་གོམས་པ་དང་། ཡང་དག་པར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོམས་པ་གཉིས་ཀར་ཡང་མཛད་དེ། དེ་བས་ན་རྒྱུ་རྣམ་པ་འདི་གཉིས་ཀྱི་འབྲས་བུ་ནི་སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རྣམ་པ་གཉིས་ཁོ་ན་ཡིན་ནོ། །མངོན་པར་རྟོགས་པའི་དུས་ན་སྐད་ཅིག་དང་པོ་ལ་མཉམ་པ་ཉིད་དང་། སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་རྣམ་པ་མེད་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་འབྱུང་བ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེའི་འོག་ཏུ་ནི་ཆོས་ཀྱི་སྐུ་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་འདི་ལས། སྙིང་རྗེ་ཆེན་པོ་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར་དུ་ཆོས་ཀྱི་སྐུ་བྱིན་གྱིས་རློབ་པར་འགྱུར་བ། གྲུ་གསུམ་པའི་དཀྱིལ་འཁོར་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཡོད་པར་ཡིན་པར་བཤད་དོ། །འདི་ལས་ཐམས་ཅད་མཁྱེན་པ་ཉིད་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ལྔ་པོ་འདི་ཡང་། དེ་བཞིན་ཉིད་ལ་དམིགས་པའམ་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པ་མི་གཟོད་པ་ཉིད་ཀྱི་ཕྱིར་དོན་དམ་པར་ངོ་བོ་གཅིག་པར་བཤད་དོ། །བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་འདི་གཉིས་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཞེས་གསུངས་པ་ཡིན་ནོ། །སྐབས་འདིའི་ལུང་རྒྱུད་ལས་ཞེས་མིང་གསལ་མ་སྨོས་པ་ཐམས་ཅད་ནི་རྣམ་སྣང་མངོན་བྱང་གིའོ།། །། གསུམ་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲི་བའི་ཚུལ་ལ། འཇུག་ཏུ་རུང་བའི་གང་ཟག ཐབས་ལ་འཇུག་པའི་སྒོ། འབྲས་བུ་ཐོབ་པར་བྱེད་པའི་ཐབས། འབྲས་བུ་རྣམ་པར་བཞག་པ་དང་བཞི་ལས། དང་པོ་ནི། བྱ་བ་གཡེང་ཤེས་ཁོ་ན་ཉིད་མོས་པ། ཞེས་པ་བྱ་བ་མང་པོ་གཡེང་བར་ཤེས་ནས། དེ་ཁོ་ན་ཉིད་སྒོམ་པ་ལ་གཅིག་ཏུ་མོས་པ་རྣལ་འབྱོར་གྱི་རྒྱུད་ཀྱིས་འདུལ་བར་བྱ་བ་སྟེ། ཚུལ་གསུམ་གྱི་སྒྲོན་མ་ལས། གཞན་དག་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བསྒོམ་པར་གཅིག་ཏུ་མོས་པ། བྱ་བ་མང་པོའི་ཚོགས་རྣམས་ལ་གཡེང་བར་འདུ་ཤེས་པ་དེའི་དོན་དུ་ནི་རྣལ་འབྱོར་གཙོ་བོར་མཛད་དེ། བྱ་བའི་ཡན་ལག་ཅུང་ཟད་ཅིག་ཞར་ལ་སྟོན་པར་མཛད་པའི་སྤྱོད་པའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་སོ། །འདིར་སྤྱོད་པའི་རྒྱུད་ཅེས་སྨོས་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ནོ། །ཉོན་མོངས་ཆ་མཉམ་ཤས་ཆེར་སྤྱོད་པ་ཡང་། །རིགས་མཐུན་ཞེས་པ། རྩེ་མོར། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུས་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་པ་ལྔ། །ཞེས་ཏེ་ངེས་པའི་ཚིག་ཏུ་ན། །ཀུ་ལ་ཀུ་ཏེ་ས་ངན་པ། །ལ་ཡ་ཐིམ་པ་སྟེ། ངན་ཐིམ་མོ། །རིགས་ཀྱི་དོན་ནི་རྒྱུད་དོན་དང་དེ་ལས་སྐྱེས་པའི་འབྲས་བུ་ལ་ཡང་དེར་བཏགས་ནས་བརྗོད་དོ། །རྒྱུ་ནི་ཉོན་མོངས་པ་རྣམས་ཏེ། འགྲེལ་པར། རིགས་བརྒྱ་ཡུད་ཀྱིས་བརླག་པར་འགྱུར། ཞེས་བྱ་བ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྐྱེས་པ་རྣམས་ཞེས་པས་སོ། །དེའི་རྒྱུའམ་འབྲས་བུར་གྱུར་པའི་རིགས་ལ་དབྱེ་ན་དམན་པ་དང་མཆོག་གཉིས་ཏེ། རྩེ་མོར། ཅི་ཡི་ཕྱིར་ན་རིགས་སུ་བརྗོད། །མཆོག་དང་དམན་པའི་བྱེ་བྲག་གིས། །རིགས་ཞེས་བྱ་བ་དེ་རྣམ་གཉིས། །སེམས་ཅན་ལམ་ངན་ཞུགས་པ་ཡི། །རིགས་ནི་དམན་པ་ཡིན་པར་བརྗོད། །ལམ་ངན་འགྲོ་བ་སྤངས་ནས་ནི། །བྱང་ཆུབ་སེམས་ལ་འཇུག་པ་མཆོག །དེ་བས་རྡོ་རྗེའི་རིགས་བརྗོད་པ། །རིགས་དེ་ཡང་ནི་ལྔ་པ་ཡིན། །ཞེས་པས། ཉོན་མོངས་པའི་དབང་གིས་ལམ་ངན་པར་ཐིམ་པ་དམན་པའི་རིགས་ཏེ། དེ་ལའང་ཉོན་མོངས་པ་ཆ་མཉམ་ཞིང་རང་བཞིན་བཟང་བ་དེ་བཞིན་གཤེགས་པ་འདོད་ཆགས་ཤས་ཆེ་བ་དེ་བཞིན་གཤེགས་པའི་རིགས། ཞེ་སྡང་ཤས་ཆེ་བ་རྡོ་རྗེའི་རིགས། སེར་སྣ་ཤས་ཆེ་བ་ནོར་བུའི་རིགས། གཏི་མུག་ཤས་ཆེ་བ་པདྨའི་རིགས། ལེ་ལོ་ཤས་ཆེ་བ་ལས་ཀྱི་རིགས། དེ་དག་ཉོན་མོངས་གང་ཤས་ཆེ་བ་དེ་ཤས་ཆེར་བསྐྱེད་པས་དེའི་རིགས་སོ། །དེའི་གཉེན་པོར་གྱུར་པའི་དེའི་སྒྲིབ་པ་དང་བྲལ་བར་གྱུར་པ་སངས་རྒྱས་བྱང་སེམས་ནི་མཆོག་གི་རིགས་ཏེ། ངེས་ཚིག་ནི་ཀོ་ས་ལའི་རྒྱན་ལས། དེ་ཡང་འགྲོ་བ་ངན་པ་རྣམས་ཐུགས་རྗེའི་དབང་གིས་ཐིམ་པས་ནི་རིགས་སོ། །ཞེས་པ་ལྟར་རོ། །དེ་ལ་དབྱེ་ན་རྣམ་སྣང་སོགས་དེ་བཞིན་གཤེགས་པ་ལྔ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཉིད་རྡོར་སེམས་ལ་སོགས་པའི་རང་བཞིན་དུ་བཞུགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལྔའི་ཐུགས་ཀའི་ཟླ་བ་རྡོ་རྗེ་ལས་སྐྱེས་པའི་དུམ་བུ་དང་པོའི་ལྷ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རིགས་ཏེ། སྟོད་འགྲེལ་ལས། དེ་བཞིན་གཤེགས་པ་རྣམས་ལས་བྱུང་བས་ན་འདི་ནི་དེ་བཞིན་གཤེགས་པའི་རིགས་ཏེ། སྐྱེས་པས་རིགས་ཞེས་བཤད་པ་ཡིན། ཞེས་གསུངས་པ་དང་། སྒེག་པས་རྡོ་རྗེ་སེམས་དཔའ་འོ། །ཞེས་བཤད་པས། འདི་ནི་འདོད་ཆགས་ཀྱི་འདོད་ཆགས་སྤང་བའི་ཕྱིར་གསུངས་སོ། །ཞེས་སོ། །གདུག་པ་ཅན་འདུལ་བའི་རྡོ་རྗེ་ཧཱུྃ་མཛད་ནི། རྡོ་རྗེ་རིགས་ཀྱི་བདག་པོ་ཡིན་ལ་དེའི་ཐུགས་ཀའི་རྡོ་རྗེ་ལས་སྐྱེས་པའི་དུམ་བུ་གཉིས་པའི་ལྷ་ཐམས་ཅད་རྡོ་རྗེའི་རིགས་ཏེ། སྨད་འགྲེལ་དུ། གདུག་ཅིང་མ་རུངས་པ་རྣམས་འདུལ་བའི་དངོས་གྲུབ་བསྒྲུབ་པ་ཉིད་ཀྱིས་རྡོ་རྗེའོ། །འབྱུང་བ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལས་སྐྱེས་པ་སྟེ། དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་རིགས་སུ་བརྗོད་དོ་ཞེས་སོ། །དེ་བཞིན་དུ་ནམ་མཁའ་ཐམས་ཅད་ཁྱབ་ཅིང་ཐམས་ཅད་སྟེར་བའི་ནམ་མཁའི་སྙིང་པོ་ནི་རིན་པོ་ཆེའི་རིགས་ཀྱི་བདག་པོ་ཡིན་ལ། དེའི་རིན་པོ་ཆེ་ལས་སྐྱེས་པའི་དུམ་བུ་བཞི་པའི་ལྷ་ཐམས་ཅད་རིན་པོ་ཆེའི་རིགས་སོ། །འགྲོ་བ་འདུལ་བ་ནི་པདྨ་དམར་པོ་བཞིན་དུ་ཉོན་མོངས་པའི་དྲི་མ་ཐམས་ཅད་ཀྱིས་མ་གོས་པ། རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་དང་། ཐུགས་རྗེ་ཆེན་པོ་སྟེ་པདྨའི་རིགས་ཀྱི་བདག་པོའོ། །དེའི་རྡོ་རྗེ་པདྨ་ལས་སྐྱེས་པའི་དུམ་བུ་གསུམ་པའི་ལྷ་ཐམས་ཅད་པདྨའི་རིགས་སོ། །དེས་མཚོན་ནས་བརྩོན་འགྲུས་མཐར་ཐུག་རྡོ་རྗེ་ལས་རིགས་ཀྱི་བདག་པོ་ཡིན་ལ། དེའི་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པའི་རྩེ་མོའི་ལས་དུམ་ཀྱི་ལྷ་རྣམས་ལས་རིགས་སོ། །རྩ་བའི་རྒྱུད་དུ་ལས་རིགས་གུད་དུ་མ་བསྟན་པ་ནི། སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་པ་པོ་རིན་པོ་ཆེ་ཡིན་ཞིང་། དེའི་བྱེད་པ་ལས་ཡིན་པས་བྱེད་པ་དང་བྱེད་པ་པོ་ཐ་མི་དད་པ་ལ་དགོངས་ནས། དེ་གཉིས་གཅིག་ཏུ་བསྡུས་ནས་བསྟན་ནོ། །དེའི་ཕྱིར་དུམ་བུ་བཞིར་བཤད་དེ། ཉོན་མོངས་པ་འདོད་ཆགས་ཀྱི་གཉེན་པོར་གྱུར་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་གཙོ་བོར་གྱུར་པའི་དུམ་བུ་དང་པོ་ནས་བསྟན་པའི་ལམ་རྣམས་ནི་ཕྱག་ཆེན། ཞེ་སྡང་གི་གཉེན་པོར་གྱུར་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། དེ་བཞིན་གཤེགས་པའི་བཀའི་རྗེས་སུ་འཇུག་པའི་ཐབས་དུམ་བུ་གཉིས་པ་ནས་བསྟན་པའི་ལམ་རྣམས་ནི་དམ་རྒྱ། གཏི་མུག་གི་གཉེན་པོར་གྱུར་པ་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་དང་། ཤེས་རབ་ཀྱི་རང་བཞིན་དུམ་བུ་གསུམ་ནས་བསྟན་པའི་ལམ་རྣམས་ནི་ཆོས་རྒྱ། སེར་སྣ་དང་ལེ་ལོའི་གཉེན་པོར་གྱུར་པ། རྣམ་པར་ཐར་པའི་སྒོ་མངོན་པར་འདུ་མི་བྱེད་པ་དང་། སྦྱིན་པ་དང་བརྩོན་འགྲུས་ཀྱི་རང་བཞིན་དུམ་བུ་བཞི་པ་ནས་བསྟན་པའི་ལམ་རྣམས་ནི་ལས་རྒྱའོ། །དེ་ལྟར་དུམ་བུ་བཞི་ཀའམ་རྒྱུད་ཐམས་ཅད་ཀྱི་ལྷའི་རིགས་ལྔར་འདུ་བ་ཡིན་ལ། དེ་ལ་རིགས་ཐམས་ཅད་ཀྱི་ལྷ་ཐམས་ཅད་ལ་ཡང་སྐུ་གསུང་ཐུགས་འཕྲིན་ལས་བཞི་ཡོད་པ་ལས། སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ནི་སྙིང་པོ་སྟེ་ཕྱག་རྒྱ་ཆེན་པོ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན། སྙིང་སྟེ་བློ་ལ་གནས་པས་ན་སྙིང་པོ་སྟེ། རྒྱུད་ཕྱི་མའི་ཕྱི་མར། ཡིད་ཀྱིས་འདོད་པའི་ཆོ་ག་ཡིས། །ཡིད་ཀྱིས་འདོད་པ་འགྲུབ་འགྱུར་ཏེ། །ཏིང་འཛིན་བསྒྲུབ་པ་སྙིང་ལ་གནས། །དེ་ཕྱིར་སྙིང་པོ་ཞེས་བརྗོད་དོ། །ཞེས་སོ། །དམ་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར་རྣམས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྲིམས་སུ་བཅས་པའི་ཕྱག་རྒྱ་ལས་འདའ་བར་མི་ནུས་པ་བཞིན་དུ། བདག་ཉིད་ཆེན་པོ་རྣམས་ཀྱི་སྤྱོད་ལམ་མཚོན་པར་བྱེད་པའི་གཟུགས་བརྙན་ནི་ཕྱག་རྒྱ་སྟེ། མུ་དྲ་ཕྱག་རྒྱ་ལ་མུ་དྲི་ཏ་རྒྱས་བཏབ་པ་སྟེ། གདུལ་བྱའི་རྒྱུད་ལ་དེས་རྒྱས་བཏབ་པས་འདའ་བར་དཀའ་ཞིང་མི་ཕྱེད་པའི་ཕྱིར་ཏེ། རྒྱུད་ཕྱི་མར། རྒྱལ་པོའི་ཕྱག་རྒྱ་མཆོག་གི་ཁྲིམས། །འདའ་ཀ་མི་བྱེད་དེ་བཞིན་དུ། །ཉིད་ཆེའི་གཟུགས་བརྙན་མཚན་མ་ལ། །ཕྱག་རྒྱ་ཆེན་པོ་ཞེས་གྲགས་སོ། །ཞེས་དང་། རྩེ་མོར། ཕྱག་རྒྱ་ཡི་ནི་མཚན་ཉིད་བརྗོད། །སངས་རྒྱས་ཀུན་དང་བརཏལ་ཞུགས་ལྡན། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རྡོ་རྗེ་འཆང་བ་ཐམས་ཅད་དག །སྤྱོད་ལམ་ཕྱག་རྒྱས་མཚོན་པར་བྱེད། །ཅི་ཡི་ཕྱིར་ན་ཕྱག་རྒྱར་བརྗོད། །གང་གིས་ཕྱག་རྒྱ་བཅིངས་གྱུར་པ། །དེས་ནི་སྲོག་ཆགས་སྡུག་ཀུན་དང་། །འགྲོ་བ་སྡིག་ཅན་ཐམས་ཅད་དང་། །རྟག་ཏུ་རྒྱས་ནི་བཏབ་པར་འགྱུར། །ཞེས་སོ། །ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར་རྣམས་ནི་སྔགས་ཀྱི་ཚུལ་གྱིས་གསང་བའི་དངོས་གྲུབ་བསྒྲུབས་པས་ན་གསང་སྔགས་ཏེ། རྒྱུད་ཕྱི་མའི་ཕྱི་མར། འདའ་བར་བྱ་བ་མ་ཡིན་ཞིང་། །དབྱེ་བར་དཀའ་བ་གསང་བ་ཉིད། །གསང་བ་འགྲུབ་ཕྱིར་བརྗོད་པས་ན། །དེ་ཕྱིར་གསང་སྔགས་ཞེས་རྗོད་དོ། །ཞེས་སོ། །དེའི་མཚན་ཉིད་སངས་རྒྱས་ཀྱི་ཐུགས་གསང་བ་ཆོས་ཀྱི་སྙིང་པོ་བསྒྲུབ་པ་ཡིན་ལ། ངེས་པའི་ཚིག་མནྟྲ་ལ་ཡི་གེ་ཕྱིས་བསྣན་གྱིས་ཨཱ་མནྟྲ་འབོད་པར་བྱེད་པ་སྟེ། སྔགས་ཀྱི་ལྷ་འབོད་པར་བྱེད་ཅིང་ཨུཙྪ་ཊ་ཡ་སྐྲོད་པར་བྱེད་པ་སྟེ་གདུག་པ་ཅན་སྐྲོད་པར་བྱེད་པས་སྔགས་ཏེ། རྩེ་མོར། སྔགས་རྣམས་ཀྱི་ནི་མཚན་ཉིད་ཀྱང་། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་བསྒྲུབ་བྱེད་ཅིང་། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །གསང་སྔགས་རྣམས་ནི་འབོད་བྱེད་ཅིང་། །གདུག་པ་ཐམས་ཅད་སྐྲོད་པར་བྱེད། །ཉོན་མོངས་སྔགས་རྣམས་འཇོམས་བྱེད་ཅིང་། །སངས་རྒྱས་ཆོས་ནི་སྤྱན་འདྲེན་ཡིན། །ཞེས་སོ། །རིགས་སྔགས་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ལས་ཀྱི་དཀྱིལ་འཁོར་རྣམས་ནི་མ་རིག་པ་འཇོམས་ཤིང་། ངག་གི་རིག་པའི་མཆོག་སོ་སོ་ཡང་དག་པ་རིག་པ་བཞི་གྲུབ་པའི་ཕྱིར་རིག་སྔགས་ཏེ། སྡུག་ཀུན་རྒྱུ་དང་བཅས་པ་ཞི་བར་བྱེད་པ་མཚན་ཉིད་ཡིན་ལ། ངེས་ཚིག་ནི་བིདྱཱ་ལ་ངེས་པའི་ཚིག་གིས་བི་ན་ཡ་འདུལ་བ། ཨ་བིདྱཱ་མ་རིག་པ་ཆགས་སྡང་འདུལ་བ། མ་རིག་པ་ཟློག་པར་བྱེད་པས་རིག་སྔགས་ཏེ། རྒྱུད་ཕྱི་མའི་ཕྱི་མར། མ་རིག་པ་ནི་འཇོམས་པ་དང་། །ངག་གི་རིག་མཆོག་གྲུབ་པའི་ཕྱིར། །རྟོགས་ཤིང་རིག་པའི་དངོས་གྲུབ་སྟེ། །དེ་ཕྱིར་རིག་པ་ཞེས་བརྗོད་དོ། །ཞེས་དང་། རྩེ་མོར། རིག་སྔགས་ཀྱི་ནི་མཚན་ཉིད་གསུངས། །འཁོར་བ་མྱོང་བའི་སྡུག་བསྔལ་དང་། །འདོད་ཆགས་ལ་སོགས་ཉེས་པའི་ཚོགས། །རིགས་དང་བཅས་པ་ཞི་བྱེད་པའི། །རིག་སྔགས་ཀྱི་ནི་མཚན་ཉིད་བརྗོད། །ཅི་ཡི་ཕྱིར་ན་རིག་སྔགས་བརྗོད། །འདོད་ཆགས་མུན་པ་རྣམས་འདུལ་ཞིང་། །ཉོན་མོངས་རྣམས་ཀྱང་རྣམ་པར་འདུལ། །མ་རིག་པ་ནི་ཟློག་བྱེད་པ། །དེ་ནི་རིག་སྔགས་ངེས་པར་བརྗོད། །ཅེས་སོ། །དེ་བས་ན། རྒྱུའི་རིགས་ཅན་དེ་དག་རང་རང་གི་རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ལས། འབྲས་བུའི་རིགས་དེ་དག་ཏུ་འགྲུབ་པ་ཡིན་ནོ། །གཉིས་པ་ཐབས་ལ་འཇུག་པའི་སྒོ་ལ། དབང་བསྐུར་ནོད་པ་དང་། རང་གི་སྡོམ་པ་ལ་གནས་པར་བྱ་བ་གཉིས་ལས། དང་པོ་ནི། དཀྱིལ་འཁོར་རྒྱས་དང་ཕྱག་རྒྱ་བཞི། ཕྱག་རྒྱ་གཅིག་པ་གང་རུང་སྒོར་ཞུགས་ནས། །སློབ་མའི་དབང་ལྔ་སློབ་དཔོན་དབང་ནོད་བྱ། །ཞེས་པ། སྤྱིར་དཀྱིལ་འཁོར་ལ་གཞི་ལམ་འབྲས་བུའི་གསུམ་ལས། གཞི་ནི་སེམས་ཅན་རྣམས་ཀྱི་ཐ་མལ་པའི་གནས་སྐབས་ཀྱི་ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་བློ་བུར་གྱི་དྲི་མ་དང་བཅས་པ་དང་། བདག་མེད་གཉིས་ལ་གཞོལ་བའི་ཤེས་རབ་དང་ཏིང་ངེ་འཛིན་ནི་དཀྱིལ་འཁོར་རོ། །དེ་ཡང་སྙིང་པོའི་ཕྱིར་འཛིན་པའམ། སྙིང་པོ་ལ་འཛིན་པས་དཀྱིལ་འཁོར་ཞེས་བྱའོ། །ལམ་ནི། སྔོན་བྱུང་རྣམ་འཕྲུལ་གྱི་དབང་དུ་བྱས་ནས། སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ནི། ནང་གཟུགས་མེད་པའི་དཀྱིལ་འཁོར་ཡིན་ལ། ཡེ་ཤེས་དེ་ཉིད་ལས་གདུལ་བྱའི་དོན་དུ་རི་རབ་ཀྱི་རྩེ་མོ་དང་གཞན་འཕྲུལ་དབང་བྱེད་ལ་སོགས་པར་སྤྲུལ་པའི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནི་གཟུགས་ཅན་གྱི་དཀྱིལ་འཁོར་ཡིན་ཏེ། སྤྱོད་རྒྱུད་ལས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་གསུངས་པའི་ཕྱིར་དང་། །དཔལ་མཆོག་སྟོད་འགྲེལ་དུ། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དུ་གསུངས་པ་ཡིན་ཏེ། ཞེས་གསུངས་སོ། །རྗེས་འཇུག་གི་དབང་དུ་བྱས་ནས་རྣལ་འབྱོར་པའི་སེམས་ཐ་མལ་པའི་རྣམ་རྟོག་ལས་གྲོལ་བ་སངས་རྒྱས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བར་བསྒོམས་པའི་ཏིང་ངེ་འཛིན་དེ་རྗེས་སུ་དྲན་པའི་རྟེན་དུ་གྱུར་པ་གཟུགས་མེད་དང་གཟུགས་ཅན། དེ་དང་རྣམ་པ་འདྲ་བར་རྡུལ་ཚོན་དང་བྲིས་སྐུ་ལ་སོགས་པར་བྲིས་པ་གཉིས་ནི། ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱའོ། །དེ་ཡང་། དམ་པའི་ཆོས་ཀྱི་བཅུད་ཀྱི་སྙིང་པོ་འབྱུང་བས་དཀྱིལ་འཁོར་ཏེ། རྩེ་མོར། ཅི་ཡི་ཕྱིར་ན་དཀྱིལ་འཁོར་ཡིན། །དམ་པའི་ཆོས་ཀྱི་བཅུད་སྙིང་པོ། །འབྱུང་བ་དེ་ནི་དཀྱིལ་འཁོར་བརྗོད། །དཀྱིལ་འཁོར་ཆེན་པོ་གསང་བ་ཆེ། །ཆོས་ཆེན་ཤིན་ཏུ་བརྟན་པ་པོ། །ཞེས་སོ། །འབྲས་བུའི་ནི་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ནི་དཀྱིལ་འཁོར་ཏེ་སྙིང་པོའི་རང་བཞིན་དུ་འཛིན་པའམ། སྙིང་པོ་ཉིད་འཛིན་པས་དཀྱིལ་འཁོར་རོ། །དེ་ཡང་། ལམ་དུས་ཀྱི་དབང་དུ་བྱས་ནས་རྒྱས་པ་ལ་མོས་པ་དཀྱིལ་འཁོར་རྒྱས་པ་དང་། འབྲིང་པོ་ལ་མོས་པ་ཕྱག་རྒྱ་བཞི་པ་དང་། བསྡུས་པ་ལ་མོས་པ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐོབ་པར་བྱའོ། །དེའི་ཚུལ་ཡང་སྔོན་དུ་བསྙེན་པ་ནས་གནང་བ་ནོད་པའི་བར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། འཇུག་པ་ལ་གསོལ་བ་བཏབ་པ་ནས་ཞུགས་པ་སླར་བཏང་བའི་བར་སློབ་མའི་རྒྱུད་སྨིན་པར་བྱེད་པའི་ཆོ་ག་གཉིས་སུ་གསུངས་ལ། འདིར་དབང་ནི། ཡེ་ཤེས་ཐིག་ལེའི་འགྲེལ་པར། དེ་ནི་དྲུག་གི་བྱེ་བྲག་དབང་ཞེས་པ་ཆུ་ལ་སོགས་པ་ལྔའི་སྟེང་དུ་སློབ་དཔོན་གྱི་དབང་དང་དྲུག་ལ་འདོད་པ་ནི་མི་འཐད་དེ། སློབ་དཔོན་གྱི་དབང་རང་ལ་དྲུག་ཚང་དགོས་ཏེ། ཡེ་ཤེས་ཐིག་ལེ་ཉིད་ལས། བདུན་གཉིས་བྱེ་བྲག་ཏུ་ནི་ཡོད། །ཅེས་ཆུ་ནས་དབང་བཞི་པའི་བར་ལ་དབང་བཅུ་བཞིར་བཤད་ཅིང་། ཕྱག་ཆེན་ཐིག་ལེ་ལས་ཀྱང་། སློབ་དཔོན་དབང་ལ་བཅུ་གཅིག་དབྱེ། །ཞེས་དང་། རྡོ་རྗེ་འཕྲེང་བ་ལས་ཀྱང་། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་བཤད་པས། ཕྱིར་མི་ལྡོག་པའི་དབང་། གསང་བའི་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དེ་དྲུག་ནི་སློབ་དཔོན་གྱི་དབང་ཡིན་ལ། སླར་སློབ་མའི་དབང་ལྔ་དང་བསྡོམས་པས་བཅུ་གཅིག་ཡིན་ནོ། །དེ་ལ་དེ་ཉིད་བསྡུས་པ་རྩ་བའི་རྒྱུད་དུ་སློབ་མའི་དབང་ཙམ་ལས་གསལ་བར་མ་གསུངས་ཀྱང་། བཤད་པའི་རྒྱུད་དུ་རྡོ་རྗེ་སློབ་དཔོན་གྱི་དབང་རྒྱས་པར་བཤད་པས་སློབ་མ་ལ་རང་མེ་ཏོག་གང་ཕོག་གི་ལྷར་བསྐྱེད་ལ་དེའི་བུམ་པ་དང་རྣམ་རྒྱལ་གྱི་ཆུ་དབང་། དེ་བཞིན་གཤེགས་པ་དང་ཕྱི་རོལ་རྡོ་རྗེའི་རིགས་ལ་རྡོ་རྗེ་རིན་པོ་ཆེའི་ཅོད་པན། དེ་བཞིན་གཤེགས་པའི་རིགས་ལ་སངས་རྒྱས་ལྔའི་ཅོད་པན། རྡོ་རྗེའི་རིགས་ལ་སངས་རྒྱས་ལྔ་དང་རྡོ་རྗེ་འཕྲེང་བའི་ཅོད་པན། པདྨའི་རིགས་ལ་འོད་དཔག་མེད་དང་། པདྨའི་འཕྲེང་བའི་ཅོད་པན། རིན་པོ་ཆེའི་རིགས་ལ་རིན་ཆེན་མྱུ་གུའི་ཅོད་པན། ལས་ཀྱི་རིགས་ལ་སྣ་ཚོགས་རྡོ་རྗེའི་འཕྲེང་བའི་ཅོད་པན་གྱིས་དབང་བསྐུར་རོ། །དེ་ནས་དེ་བཞིན་གཤེགས་པ་ལ་མེ་ཏོག་ཕོག་ན་དེ་བཞིན་གཤེགས་པའི་རྡོ་རྗེ་དང་། དེས་ཡུ་བ་བྱས་པའི་དྲིལ་བུ། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ལ་རིམ་པ་བཞིན་དུ་དང་པོའི་རྡོ་རྗེ་དང་། ཁྲོ་བོའི་རྡོ་རྗེ་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་རིན་ཆེན་དང་། སྣ་ཚོགས་རྡོ་རྗེ་དང་། ཕྱི་རོལ་རྡོ་རྗེའི་རིགས་ལ། འཇིག་རྟེན་པའི་དང་། དེ་རྣམས་ཀྱི་ཡུ་བ་བྱས་པའི་དྲིལ་བུའི་དབང་དང་། རང་རང་དང་མཐུན་པའི་མིང་དབང་བསྐུར་བ་ཡིན་ནོ། །སློབ་དཔོན་གྱི་དབང་ལ་མེ་ཏོག་གང་ལ་ཕོག་ཀྱང་། རང་རང་གི་འཁོར་ལོས་སྒྱུར་བར་བསྐྱེད་ནས་ལུས་ལ་ལྷ་བསྒྲུབ་ཏེ་ཐམས་ཅད་ཀྱི་བུམ་པ་དང་། རྣམ་རྒྱལ་གྱི་ཆུ་དབང་། འཁོར་ལོས་སྒྱུར་བ་དེས་རིགས་གང་ཡིན་པ་དེའི་ཅོད་པན་དང་། ཕྱག་མཚན་དང་། མིང་དབང་ཐམས་ཅད་ཚང་བར་བསྐུར་ནས། དཀྱིལ་འཁོར་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་ལ་སློབ་མའི་གསང་དབང་དང་ལུང་བསྟན་སོགས་རྒྱས་པར་བསྐུར་བའོ། །ཡང་ན་ཡེ་ཤེས་ཐིག་ལེ་ལས། ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརཏལ་ཞུགས་དང་། །ལུང་བསྟན་པ་དང་སྐྱབས་སྦྱིན་དང་། །སྔགས་དང་ཕྱག་རྒྱའི་ཡེ་ཤེས་སོ། །རྣལ་འབྱོར་རྒྱུད་ལ་མོས་པ་ལ། །དབང་བརྒྱད་ཕྱེ་ལ་སྦྱིན་པར་བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། །ཞེས་པའི་དོན་འགྲེལ་པར་སྔགས་ཕྱག་རྒྱ་ཡེ་ཤེས་རྣམས་ཞར་བྱུང་དུ་བྱས་ནས་བརྒྱད་དང་། དེའི་སྟེང་དུ་དམ་ཚིག་གསུམ་བསྣན་བཅུ་གཅིག་ཏུ་བྱེད་དོ། །སངས་རྒྱས་ཐོད་པར། གསང་བ་ཕྱི་ཡི་དབང་ལྔ་ནི། །བདུན་དང་བཅུ་བཞི་བཤད་པ་དང་། །གཉིས་ཀ་གཅིག་ཏུ་འདུས་པ་ཡི། །ཞེས་པའི་འགྲེལ་པར་ཕྱིའི་ལྔ་ནི་རིག་པའི་དབང་ལྔ། བདུན་ནི་སྔགས་རྡོ་རྗེའི་བརཏལ་ཞུགས། སྤྱོད་པའི་བརཏལ་ཞུགས། ལུང་བསྟན་ཕྱིར་མི་ལྡོག གསང་དབང་རིག་མའི་བརཏལ་ཞུགས་དང་བདུན་ནོ། །གཉིས་ཀ་ནི་གསུམ་པ་དང་བཞི་པ་སྟེ་ཐམས་ཅད་གཅིག་ཏུ་བསྡུས་ན་བཅུ་བཞིར་བཤད་དོ། །སྐབས་འདིར་རྣམ་པར་དཔྱད་པ་འདི་ལྟ་བུ་དག་ཤེས་པར་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། དེ་ནས་སློབ་མ་འཇུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཆེན་པོ་དེར་ནི། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་གཞུག་ཏུ་རུང་ངོ་། །སྣོད་དང་སྣོད་མ་ཡིན་པ་ཡོངས་སུ་བརྟག་པར་མི་བྱ་སྟེ། གཞུག་པ་ལ་མངོན་པར་ཞེན་པ་ཡོངས་སུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དད་པ་མེད་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་མེད་པ་མང་དུ་ཟིན་ཀྱང་། འོན་ཀྱང་མཐོང་བ་ཙམ་གྱིས་སོ། །གང་གི་ཕྱིར་གསང་བ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གསང་བས་འདུལ་བའི་ཐབས་དང་། འཁོར་ལོའི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་སྟོན་པ་ཡིན་ཏེ། དེའི་ཕྱིར་མཐོང་བ་ཙམ་གྱི་མོད་ལ་ངན་སོང་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཞེས་དང་། ཡང་སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཁ་ཅིག་ནི་ནོར་དང་། བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་། དམ་ཚིག་ལ་མི་དགའ་བ་དང་། སྔགས་སྤྱད་པ་ལ་སོགས་པ་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། །སེམས་ཅན་ཁ་ཅིག་ནི་གར་དང་། གླུ་དང་། གད་མོ་དང་། རྩེད་མོ་དང་། ཁ་ཟས་དང་། སྤྱོད་པ་ལ་དགའ་བའི་རྒྱུས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་གི །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ། བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པ་རྣམས་འབྱུང་བར་བྱེད་པ་དེར་ནི་བསླབ་པའི་གཞིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་མགུ་བའི་དམ་པ་ཐམས་ཅད་འགྲུབ་ཅིང་། བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱིད་པ་དང་། ངན་སོང་གི་རྒྱུ་ཐམས་ཅད་དུ་འཇུག་པར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཏུ་རུང་ངོ་། །བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དངོས་གྲུབ་དམ་པའི་ཐབས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་འཚོལ་བ་ན། བསམ་གཏན་དང་། རྣམ་པར་ཐར་པ་བརྒྱད་ལ་སོགས་པ་དང་། ས་བཅུ་རྣམས་ཀྱིས་འབད་ཅིང་ཉོན་མོངས་པར་གྱུར་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པ་ཡང་རྙེད་པར་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ། ཞེས་པས་ལས་སྒྲིབ་ཆེ་བ་དང་། འདོད་སྲེད་ཆེ་བ་དང་། ལོག་པར་མོས་པ་སྟེ་ཆོས་མི་ལྡན་གསུམ་ཞེས་བྱའོ། །ཆོས་ཅན་གྱི་སེམས་ཅན་ནི་ཆོས་ལྡན་ནོ། །དེ་བཞི་ཀའང་གཞུག་ཏུ་རུང་ངོ་ཞེས་པ་ལ་ཆོས་མི་ལྡན་གྱི་སློབ་མ་གསུམ་པོ་དེ་ལ། ཆས་སུ་གཞུག་པ་དང་། རྒྱུན་བཤགས་མ་གཏོགས་པའི་ཆོ་ག་རྣམས་དང་། དེང་ཁྱོད་ཅེས་པ་ལ་སོགས་པ། དམ་ལ་བཞག་པ་སྔོན་དུ་འགྲོ་བའི་ཡེ་ཤེས་དབབ་པ་དང་བརྟན་པ་རྣམས་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ་དང་། དབང་བསྐུར་བར་ཡང་མི་བྱའོ། །ཆས་སུ་བཅུག་པའི་རྗེས་ལ་ཕྱག་རྒྱ་བཞི་དང་། རྒྱུན་བཤགས་བཞི་བྱས་ནས། རྣལ་འབྱོར་གྱི་སེམས་བསྐྱེད་པ་ནས། སྒོ་བཞི་ནས་འཇུག་པའི་བར་དང་། དེ་ནས་མེ་ཏོག་དོར། འཕྲེང་བ་མགོ་ལ་བཅིངས། གདོང་གཡོགས་དགྲོལ། དཀྱིལ་འཁོར་གྱི་ལྷ་སྐུ་བསྟན་པ་ཙམ་ན་འཇུག་པ་སྟེ། དེ་ཙམ་ཞིག་བྱེད་དུ་གཞུག་གོ །ཙམ་སྨོས་པ་ནི་དབང་བསྐུར་དགག་པའི་དོན་ཏེ། དཔལ་མཆོག་འགྲེལ་པ་ལས། འཇུག་པ་ཙམ་ཞེས་བྱ་བ་ནི་དབང་བསྐུར་བ་དགར་བའོ། །ཞེས་བཤད་ཅིང་། རྩེ་མོར། གལ་ཏེ་དེ་ནི་སྣོད་མིན་ན། །དེ་ལ་གཞུག་པ་སྦྱིན་པར་བྱ། །ཞེས་དང་། ཡང་། ཅི་སྟེ་གང་ཞིག་འདུག་པར་འགྱུར། །མཁས་པས་གཞུག་པ་སྦྱིན་པར་བྱ། །གང་ཕྱིར་མཐོང་བ་ཙམ་གྱིས་ནི། །ཐམས་ཅད་འགྲུབ་པར་གདོན་མི་ཟ། །འོན་ཀྱང་གང་ཞིག་འདུག་པར་འགྱུར། །དེ་ལ་ལས་ནི་བྱ་བ་མིན། །འཇུག་པ་ཙམ་ཞིག་སྦྱིན་པར་བྱ། །རྣམ་པ་ཐམས་ཅད་ཉིད་མི་བྱ། །ཞེས་སོ། །ཁ་ཅིག་སྡོམ་པ་མི་འཛིན་པ་ལ། སློབ་དཔོན་གྱི་དབང་མི་སྦྱིན་པ་ཡིན་གྱི། དབང་བསྐུར་བ་གཏན་བཀག་པ་ནི་མ་ཡིན་ཏེ། འགྲེལ་པར། མེ་ཏོག་གི་འཕྲེང་བའི་དབང་བསྐུར་བ་དང་། ཕྱག་རྒྱའི་འཕྲེང་བའི་དབང་བསྐུར་བ་དང་། རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་གསུངས་པ་འདི་དག་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་ལྡོག་པ་བསྐྱེད་པའི་ཕྱིར་ཡིན་པས། སྡོམ་པ་ཐམས་ཅད་གཟུང་བ་དང་། སྡོམ་པ་མ་གཟུང་བའི་སྤྱིའི་དབང་བསྐུར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཟེར་བ་མི་འཐད་དེ། ལུང་དེ་ནི། སློབ་དཔོན་གྱི་སྡོམ་པ་མི་འཛིན་ཡང་། སློབ་མའི་དབང་ཞུས་ནས་དེའི་ལམ་ཉམས་སུ་ལེན་པའི་ཆོས་ལྡན་གྱི་སློབ་མ་དང་སློབ་དཔོན་ཐུན་མོང་གི་དབང་ལ་དགོངས་སོ། །དེ་ཡང་། སློབ་དཔོན་གྱི་སྡོམ་པ་དོན་དུ་མི་གཉེར་ཡང་། སློབ་མའི་དབང་ཙམ་བླངས་ནས་དངོས་གྲུབ་སྒྲུབ་པར་འདོད་པའི་སློབ་མ་དེ་ལ་སྡོམ་པའི་གསོལ་འདེབས་ནས་སྡོམ་གཟུང་གི་བར་མི་བྱ་ལ། དེ་མན་ཆད་ནས་སློབ་མའི་དབང་གི་བར་ཚང་བར་བྱ་དགོས་ཏེ། ཡེ་ཤེས་མ་ཕབ་པ་ལ་དབང་བསྐུར་བ་བཀག་པའི་ཕྱིར་ཡེ་ཤེས་དབབ་དགོས་ལ། དེས་སྔོན་འགྲོར་དམ་བཞག་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་རྩེ་མོར། ཡང་ན་གང་ཞིག་དོན་གཉེར་འགྱུར། །དེ་ལ་ཇི་ལྟར་བདེ་བ་ཉིད། །ཅེས་གསུངས་སོ། །སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བ་ལ་ནི། ཇི་སྐད་བཤད་པའི་ཆོ་ག་ཐམས་ཅད་ཚང་བར་བསྟན་པར་བྱ་སྟེ། ཐམས་ཅད་གསང་བའི་རྒྱུད་ལས། རྡོ་རྗེ་དབྱིངས་ནི་དགའ་ཆེན་པོར། །མཁས་པ་གང་ཞིག་དབང་བསྐུར་ཞིང་། །རྟག་ཏུ་གསང་བའི་ནོར་ལྡན་པ། །དེ་ལ་མཁས་པས་བསྟན་པར་བྱ། །ཞེས་གསུངས་པ་དང་། འཕགས་པ་རྡོ་རྗེ་དམ་ཚིག་མངོན་པར་འབྱུང་བ་ལས་ཀྱང་། འཁོར་ལོས་སྒྱུར་བ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་གང་ཡིན་པ་དེ་ཡང་རིག་པའི་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་ཡི། འདིར་དཔལ་རྡོ་རྗེ་སེམས་དཔའི་དབང་བསྐུར་བ་དང་ལྡན་པ་ཉིད་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། ཆོས་ལ་སོགས་པར་དབང་བསྐུར་བ་ཡང་། རང་གི་དཀྱིལ་འཁོར་ཙམ་གྱི་སློབ་དཔོན་ཉིད་ཡིན་ནོ། །དཀྱིལ་འཁོར་གཞན་དག་ཏུ་དབང་བསྐུར་བ་དེ་དག་ཀྱང་རིག་པའི་དབང་བསྐུར་བ་དང་ལྡན་པ་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེ་བས་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་པ་དང་དབང་བསྐུར་བ་ནི། གསང་སྔགས་ཀྱི་ཚུལ་ཐམས་ཅད་ཉེ་བར་སྟོན་པར་རུང་བ་ཡིན་ཏེ། གཞན་དག་ཏུ་ནི་རང་གི་ཚུལ་སྟོན་པ་ཙམ་ཁོ་ན་ཡིན་ནོ། །ཞེས་པས། རྡོ་རྗེ་དབྱིངས་འདིར་རྡོ་རྗེ་སེམས་དཔའ་འཁོར་ལོས་སྒྱུར་བ་ཡིན་པས་འདིའི་སློབ་དཔོན་དུ་དབང་བསྐུར་ན་གསང་སྔགས་ཀྱི་ཚུལ་སྟོན་པ་པོར་རུང་བ་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པ་ལ་དགོངས་ཏེ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་ཞེས་པའང་བཅོམ་ལྡན་འདས་རྣམ་སྣང་ཆེན་པོ་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་སེམས་དཔའ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པས་རྡོ་རྗེ་སེམས་དཔའ་སྟེ། སྟོད་འགྲེལ་ལས། ཟླ་བའི་དཀྱིལ་འཁོར་ནི་སེམས་དཔའ་འོ། །དེའི་སྟེང་གི་རྡོ་རྗེ་རྩེ་ལྔ་པ་ནི་སེམས་དཔའི་རྡོ་རྗེའོ་ཞེས་དང་། རྒྱུད་ཕྱི་མར། བཅོམ་ལྡན་དེ་ཉིད་སེམས་དཔའ་ཡི། །རྡོ་རྗེའི་ངོ་བོས་ཐུགས་ཀར་ནི། །རྡོ་རྗེ་སེམས་དཔའ་ཞེས་བཤད་པ། །རྡོ་རྗེ་དེ་ནི་རབ་ཏུ་གནས། །ཞེས་སོ། །དེ་ཉིད་རྣམ་སྣང་ཆེན་པོའི་ངོ་བོ་ཡིན་པས་ཁྱབ་བདག་ཀྱང་ཡིན་ལ། ཆེན་པོའང་ཡིན་པས་ཁྱབ་བདག་ཆེན་པོའོ། །དེ་ལྟར་དོན་དང་བརྡ་གཉིས་ཀྱིས་རྡོར་སེམས་རྣམ་སྣང་ཆེན་པོའི་ངོ་བོ་ཁྱབ་བདག་ཏུ་བསྟན་ནོ། །འོ་ན་རྣམ་སྣང་དང་རྣམ་སྣང་ཆེན་པོའི་ཁྱད་གང་ཞེ་ན། སྟོད་འགྲེལ་ལས། འདི་གཉིས་ཀྱི་ཁྱད་པར་ཅི་ཞིག་ཡིན་ཞེ་ན། འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ། དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་ཉིད་ནི་རྣམ་པར་སྣང་མཛད་ཡིན་ལ། དེ་ཉིད་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་དུ་བསྐྱེད་པའི་རྒྱུར་གྱུར་པ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་ཅན་ནི་རྣམ་པར་སྣང་མཛད་ཆེན་པོ་ཡིན་ནོ་ཞེས་དང་། ཀོ་ས་ལའི་རྒྱན་ལས། རྣམ་པར་སྣང་མཛད་ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས། ཤིན་ཏུ་རྣམ་པར་གྲོལ་བ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སོ་སོར་སྣང་བ་ཡང་དག་པར་སྟོན་པར་སྤྱོད་པའོ། །ཞེས་སོ། །རྣམ་པར་སྣང་མཛད་ནི་གཟུགས་ཀྱི་སྐུ་སྟེ། ཞེས་གསུངས་སོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་དེ་ཡང་ཁྱབ་བདག་ཏུ་གྱུར་པའི་ཚུལ་ནི། ཟླ་བ་རྡོ་རྗེ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་བསྐྱེད་པའི་རྒྱུ་བྱེད་དེ། དུམ་བུ་དང་པོའི་ལྷ་ཐམས་ཅད་རིགས་ལྔའི་ཐུགས་ཀའི་ཟླ་བ་རྡོ་རྗེ་ལས་སྤྲུལ་པ་ཡིན་ཏེ། ལྷ་སྤྲུལ་པའི་སྐབས་ནས་བྱུང་མ་ཐག་པ་འདི་ཉིད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་དེ། ཞེས་བྱ་བ་ལ་སོགས་པ་ཡང་ཡང་གསུངས་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་ཐུགས་ཀའི་ཟླ་བ་རྡོ་རྗེ་ལས་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་འཁོར་ལོ་སྒྱུར་བ་རྣམས་སྤྲུལ། ཧཱུྃ་མཛད་ཀྱི་ཐུགས་ཀའི་ཟླ་བ་རྡོ་རྗེ་ལས་དུམ་བུ་གཉིས་པའི་ལྷ་ཚོགས་རྣམས་སྤྲུལ། འགྲོ་འདུལ་གྱི་ཐུགས་ཀའི་ཟླ་བ་རྡོ་རྗེ་པདྨ་ལས་དུམ་བུ་གསུམ་པའི་དང་། དོན་གྲུབ་ཀྱི་ཐུགས་ཀའི་ཟླ་བ་རྡོ་རྗེ་རིན་ཆེན་ལས་དུམ་བུ་བཞི་པའི་ལྷ་རྣམས་སྤྲུལ་ཞིང་། དེ་བཞིན་གཤེགས་པ་ལྔ་ཡང་ཟླ་བ་རྡོ་རྗེ་ལས་བྱུང་བའི་ཕྱིར་དང་། དཔལ་མཆོག་ལ་སོགས་པའི་ལྷ་རྣམས་ཀྱང་ཟླ་བ་རྡོ་རྗེ་ལས་སྤྲུལ་པའི་ཕྱིར་རོ། །སྔོན་བྱུང་རྣམ་སྤྲུལ་གྱི་དབང་དུ་བྱས་པའོ། །རྗེས་འཇུག་མངོན་རྟོགས་ཀྱི་དབང་དུ་བྱས་ནས། མངོན་བྱང་ལྔའི་སྐབས་སུ་ཟླ་བ་རྡོ་རྗེ་ལས་བསྐྱེད་པའི་ཕྱིར་དང་། སེམས་དཔའ་ཆོ་ག་ལྔས་བསྐྱེད་པའི་སྐབས་སུ། རྡོ་རྗེ་སེམས་དཔའ་ནི་ཟླ་བ་རྡོ་རྗེ་ལས་བསྐྱེད་ལ། དེ་ནས་གཞན་ནི་རྡོ་རྗེ་ལས་རང་གི་ཕྱག་མཚན་དུ་གྱུར། དེ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར། དེ་ལས་རྡོ་རྗེ་སེམས་དཔའ་རང་རང་གི་སྐུར་གྱུར་པའི་ཚུལ་གྱིས་བསྐྱེད་པ་ཡིན་པས། རིགས་ཐམས་ཅད་ཀྱི་རྒྱུད་གསུངས་པའི་ཕྱིར་ཏེ། རྒྱུད་ཕྱི་མར། རྡོ་རྗེའི་སྐུ་ནི་དེ་རྣམས་ལས། །རྡོ་རྗེ་སེམས་དཔའ་ཡང་དག་འབྱུང་། །སེམས་དཔའ་དང་པོ་དེ་ཉིད་ལས། །མཚན་མ་ཐམས་ཅད་ཡང་དག་འབྱུང་། །མཚན་མ་ལས་ནི་སེམས་དཔའ་ཆེ། །དེ་ལས་ཚུལ་ནི་ཡང་དག་འབྱུང་། །ཞེས་སོ། །གཉིས་པ་གནས་པ་ནི། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་སོ། །གསུམ་པ་མཛད་པའི་སྒོ་ནས་ནི། སྔོན་བྱུང་རྣམ་འཕྲུལ་གྱི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་ལྔའི་ཐུགས་ཀའི་ཟླ་བ་རྡོ་རྗེ་ལས་འོད་ཟེར་བྱུང་། དེ་ལས་ཕྱག་མཚན། དེ་ལས་དེ་བཞིན་གཤེགས་པའི་སྐུ་སྤྲོས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་འཁོར་བ་པའི་སེམས་ཅན་ལ་ཕྲིན་ལས་ཀྱི་ཁྱབ་ཅིང་། དེ་ལས་སྤྲོས་པའི་སྐུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་པ་ལ་སོགས་པ་དང་། རྗེས་སུ་མཉེས་པ་ལ་སོགས་པ་བྱེད་པས་མྱ་ངན་ལས་འདས་པ་ལ་ཡང་ཁྱབ་སྟེ། རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་པ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། ཞེས་སོགས་གསུངས་པའི་ཕྱིར་རོ། །མདོར་ན་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་ཆ་ནས་རྡོ་རྗེ་སེམས་དཔར་བཞག་པས་ཁྱབ་བདག་ཡིན་ཏེ། དཔལ་མཆོག་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཁྱོད་ཡིན་ཏེ། །རྡོ་རྗེ་སྙེམས་བདག་ཁྱབ་བདག་ཡིན། །ཞེས་སོ། །དེ་བས་ན་སློབ་དཔོན་གྱི་དབང་བསྐུར་བ་ལ་རྡོ་རྗེ་སེམས་དཔའ་དང་། དེ་ཉིད་ཁྲོ་བོར་གྱུར་པ་ཧཱུྃ་མཛད་ཀྱང་ཁྱབ་བདག་ཡིན་པས་སྤྱིའི་འཁོར་ལོས་སྒྱུར་བར་རུང་བའི་ཕྱིར་དེ་ལྟ་བུ་དག་བསྐྱེད་ནས་དུམ་བུ་བཞི་ཀའི་སྤྲུལ་བཤད་ལ་དབང་བའི་རྗེས་གནང་བྱིན་པ་འདི་ལྟ་བུའི་སློབ་དཔོན་གྱི་དབང་ཐོབ་པ་ལ་རིགས་ལྔའི་སྡོམ་པ་ཐམས་ཅད་དང་ལྡན་ཞིང་མི་མཐུན་ཕྱོགས་ཀྱི་ལྟུང་བས་མ་གོས་པ་ལ་ཡང་ནན་ཏན་དུ་བྱའོ། །གང་ལ་མེ་ཏོག་ཕོག་པའི་རིགས་དེའི་འཁོར་ལོས་སྒྱུར་བ་བསྐྱེད་པའི་སློབ་དཔོན་གྱི་དབང་ནོད་པས་ནི། དམ་ཚིག་ཀྱང་རང་རིགས་ཁོ་ན་ལ་ལྷག་པར་ནན་ཏན་དུ་བྱ་བ་ཡིན་ལ། རིགས་ཆུང་དང་རྗེས་སུ་མཐུན་པས་དམ་ཚིག་གཞན་དག་ཀྱང་བསྲུང་བར་བྱ་བ་ནི་དགོས་ཏེ། སློབ་དཔོན་སངས་རྒྱས་གསང་བས་ཨ་བ་ཏཱ་ར་ལས། དེ་བས་ན་གང་ཡང་རུང་བའི་རིགས་ལ་རང་གི་ལྷ་མཉེས་པར་བྱེད་པས་ཀྱང་རིགས་ཀྱི་རྗེས་སུ་མཐུན་པར་བསྟན་པའི་དམ་ཚིག་གི་བྱེ་བྲག་འདི་དག་ཐམས་ཅད་ཀྱང་ཅི་ནུས་པར་རྗེས་སུ་འཇུག་པར་བྱའོ། །མཉེས་པར་བྱ་བ་རང་གི་ལྷའི་རྗེས་སུ་མཐུན་པའི་དམ་ཚིག་གང་ཡང་རུང་བ་ལ་ཤིན་ཏུ་ལྷག་པར་ནན་ཏན་དུ་བྱ་དགོས་ཏེ། ཁྱད་པར་ནི་དེ་ཡོད་དོ། །ཞེས་གསུངས་སོ། །སློབ་མའི་དབང་ཙམ་དོན་དུ་གཉེར་བའི་སྒྲུབ་པ་པོར་དེ་ལ་རིགས་ལྔས་ཁྱད་པར་བྱས་པའི་སྡོམ་པ་ནི་མི་འཛིན་པས། སྡོམ་པ་མི་འཛིན་པ་ཞེས་བྱ་ལ། འོན་ཀྱང་རང་རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་མཐོང་དབང་བསྐུར་བ་ནོད་པའི་ཕྱིར། དེ་ཁོ་ནའི་དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྡོམ་པ་ནི་ཡོད་དེ། འདིའི་དབང་དུ་མཛད་ནས་སློབ་དཔོན་སངས་རྒྱས་གསང་བས། སྔར་དཀྱིལ་འཁོར་འདིར་བཞུགས་པ་ཡིན་ན། གདོང་གཡོགས་ཕྱེ་སྟེ་རང་གི་སྔར་གྱི་ལྷ་གང་ཡིན་ལ་མེ་ཏོག་བཞག་གི་ལྷ་གཞན་གཟུང་བ་ནི་དམ་ཚིག་ཉམས་པར་འགྱུར་རོ། །ཞེས་དང་། དེ་ཉིད་བསྡུས་པ་ཆེན་པོ་ལས་ཀྱང་། བཅོམ་ལྡན་རྣལ་འབྱོར་དེ་ཉིད་ནི། །རྡོ་རྗེ་སེམས་དཔའ་དོན་ཆེན་རྩོལ། །རིགས་ལྔ་ཡི་ནི་ཁྱད་པར་གྱིས། །སྤྱོད་དང་མི་སྤྱོད་བཅས་པར་རོལ། །ཞེས་གསུངས་སོ། །དེ་བས་ན་སྟ་གོན་གྱི་ཆིངས་བཅུ་གཉིས་ཀྱི་བཞི་པར། རྣལ་འབྱོར་དུ་སེམས་བསྐྱེད་པ་ནི་བརྡར་བཏགས་པའི་རྡོ་རྗེ་སེམས་དཔའ་ལ་སྨོན་ལམ་གྱིས་བསྐྱེད་པའི་ཕྱིར་སྨོན་པའི་སེམས་ཞེས་བྱའོ། །འཇུག་པའི་གནས་སྐབས་ཀྱི་སྡོམ་གཟུང་ལས་ནི་དཀྱིལ་འཁོར་དུ་འཇུག་པ་ཞེས་པའི་རིགས་པས་འཇུག་པའི་སེམས་ཀྱིས་སྡོམ་པ་ཐོབ་པ་ཡིན་ཏེ། དམ་ཚིག་ལ་འཇུག་པའི་སྐབས་ཡིན་པས་སོ། །གསང་བའི་འཇུག་པ་ཡེ་ཤེས་བབས་ལས་ཐོབ་པའི་ཡེ་ཤེས་ནི་དམ་ཚིག་ཆེན་པོ་དངོས་ཡིན་ཏེ། རྩེ་མོ་ལས། དེ་ནས་བབས་པར་གྱུར་པ་ཉིད། །མངོན་པར་ཤེས་པ་དྲུག་འཐོབ་ཅིང་། །ཡེ་ཤེས་དམ་པ་ཐང་གཅིག་གིས། །སྔོན་བྱུང་མིན་པའི་དགའ་བདེ་དང་། །དགའ་དང་མགུ་བ་མཆོག་དག་དང་། །རིགས་པ་ཐམས་ཅད་མངོན་དུ་འགྱུར། །རྫུ་འཕྲུལ་དག་ནི་རྫོགས་པར་འགྱུར། །ཞེས་དང་། ཡང་། གསང་བ་ཡི་ནི་ཚོགས་ཆེན་པོ། །འདི་ལ་ཞུགས་པ་གང་ཡིན་པ། །ས་ཐོབ་པར་ནི་ཤེས་བྱ་སྟེ། །མི་ལྡོག་རྒྱལ་བའི་བདག་ཉིད་སྲས། །རྒྱལ་བའི་གནས་ཀྱི་ས་ཐོབ་ཀྱང་། །ཡིད་ཆེས་པར་ནི་མི་འགྱུར་ཏེ། །དེ་ཡི་ས་བརྒྱད་ཀྱི་བར་དུ། །ཐེག་པ་དམན་པ་སྤོང་མི་འགྱུར། །གསང་ཆེན་རྟོག་པ་འདི་རུ་ནི། །ཞུགས་པ་བདག་ཉིད་རྒྱལ་བའི་སྲས། །ཐེག་ཆེན་ལ་ནི་གཞོལ་བ་རྣམས། །ཡིད་ཆེས་པར་ནི་འགྱུར་བ་སྟེ། །ཞེས་དང་། ཡང་། གོ་རིམས་ཇི་བཞིན་དཀྱིལ་འཁོར་གྱི། །གསང་བ་ཆེན་པོ་བསྟན་པར་བྱ། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་། །སངས་རྒྱས་ས་ནི་ཐེ་ཚོམ་མེད། །ཅེས་དང་། དེ་ཉིད་བསྡུས་པའི་རྒྱུད་ལས། ལྷའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། ཡེ་ཤེས་དེས་ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་དགོངས་པ་ཐམས་ཅད་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་བསྟན་པ་འདི་སེམས་ཀྱང་བརྟན་པར་འགྱུར་རོ། །འདིའི་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་རོ། །འཇིགས་པ་ཐམས་ཅད་དང་བྲལ་ནས་གནོད་པ་མེད་པར་འགྱུར་རོ། །སེམས་དཔའ་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རླབས་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་འདིའི་མངོན་སུམ་དུ་འགྱུར་རོ། །རྒྱུ་མེད་པར་སྔོན་མ་བྱུང་བའི་དགའ་བ་དང་། མགུ་བ་དང་། རངས་པར་བྱེད་པའི་བདེ་བ་ཐམས་ཅད་དང་། ཏིང་ངེ་འཛིན་དང་། གཟུངས་དང་། དྲན་པ་ཐམས་ཅད་འདི་ལས་སྐྱེ་བར་འགྱུར་རོ། །ཞེས་པའི་འགྲེལ་ཆེན་དུ། ལྷའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། ཞེས་པ། རྡོ་རྗེ་སེམས་དཔའ་དེ་ཞུགས་པས་བབས་པ་དེ་ལ་མངོན་པར་ཤེས་པ་ལྔ་ལ་སོགས་པ་ཡེ་ཤེས་ཁྱད་པར་ཅན་ཉེ་བར་སྐྱེ་བར་འགྱུར་རོ། །ཞེས་དང་། ཀོ་ས་ལ་ལས། འདིར་སེམས་བརྟན་པར་འགྱུར་བ་ནི། རྟོགས་པ་མ་ཐོབ་ཅིང་། ཚེ་གཞན་དུ་བརྗེས་སུ་ཟིན་ཀྱང་ཐེག་པ་ཆེན་པོ་ལས་སེམས་ལྡོག་པར་མི་འགྱུར་བ་སྟེ། རྡོ་རྗེ་སེམས་དཔའ་ཡོངས་སུ་གཟུང་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་བས་ན། རིག་པ་འཛིན་པའི་སྡོམ་པ་དེ་ཉིད་འདིར་ཕྱིར་མི་ལྡོག་པའི་ས་བོན་གྱི་ངོ་བོར་སྐྱེས། དེ་ཉིད་རིག་པའི་དབང་གི་ཆོ་གས་འབྲས་བུའི་རིགས་ཀྱི་ངོ་བོར་བསྡམས་པས་སྨིན། སློབ་དཔོན་གྱི་དབང་དུ་རྫོགས་པ་ཡིན་ཏེ། དཀྱིལ་འཁོར་གྱི་ཆོ་ག་ལ་གཉིས་སུ་བཤད་པའི་ཆོས་ཞེས་པའི་དོན། རྩེ་མོར། དེ་ཉིད་གསང་བ་བསྒྲུབ་པའི་ཕྱིར། །ལས་རྣམས་དྲུག་པོ་ཉིད་དང་ནི། །གཟུགས་ཅན་ཚིག་གི་མཐུ་དག་དང་། འབྲས་ཕྱིར་སྡོམ་པའི་ངོ་མཚར་ཏེ། །དེ་ཕྱིར་འདིར་ནི་ངོ་མཚར་ཆོས། །ཞེས་གསུངས་པ་དེ་ཡང་ཆོ་ག་ནི། སཾསྐྲྀ་ཏའི་སྐད་ལ། ཨུ་པཱ་ཡ་ཀ་ཞེས་བྱ་སྟེ། ཨུ་པཱ་ཡ་ཐབས། ཨིཀཱ་ལྡན་པའི་དོན་ཏེ། ངེས་པའི་ཚིག་ཏུ་ན། ཨུ་པ་ཉེ་བ། ན་ཀཱ་ཡ་འཁྲིད་པའམ་འདྲེན་པ་སྟེ། ཉེ་བར་འཁྲིད་པས་ན་ཐབས། ཐབས་འདི་ལ་ཡོད་པས་ན་ཐབས་ཅན་ཏེ། དཀྱིལ་འཁོར་གྱི་དོན་མཐའ་དག་ཁོང་དུ་ཆུད་པར་བྱེད་པ་ལ་བློ་འཁྲིད་པའི་ཐབས་ཟབ་མོ་དང་བཅས་པས་ན་ཆོ་གའོ། །དེ་ལ་དབྱེ་ན། རྩེ་མོར། དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། །གསང་བའི་ཐར་པ་ཡང་དག་འབྱུང་། །སྐྱེ་བ་དེ་ཉིད་ཁོ་ན་ལ། །རབ་དགའ་འགྲུབ་པར་བྱེད་པའི་མཆོག །ཅེས་སོ། །རྣལ་འབྱོར་གྱི་རྒྱུད་འདིར་གསུངས་པའི་ཐབས་དང་ཤེས་རབ་ཀྱི་ཁྱད་པར་ནི་འདི་ལྟར་ཤེས་པར་བྱ་སྟེ། སྟོད་འགྲེལ་ལས། དེ་ལས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་གཉིས་སུ་མེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། བདག་དང་། གནས་ལ་སོགས་པ་བསྲུང་བ་དང་། ལྷ་རྣམས་སྤྱན་དྲངས་པའི་ཆོ་ག་དང་། བཟླས་བརྗོད་དང་། བསྒོམ་པ་དང་། ཕྱི་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང་། ཉེ་བར་བསྡུ་བ་དང་། མཆོད་ནས་གཤེགས་སུ་གསོལ་བའོ། །ཞེས་སོ། དེ་ལ་དཀྱིལ་འཁོར་ནི། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་སོ། །སྔགས་ནི། དུས་དང་། བཟླས་པའི་གྲངས་དང་། རས་རིས་དང་། སྐྱིལ་ཀྲུང་ལ་སོགས་པའི་ངེས་པ་དང་། སྔགས་བཟླས་པའི་ཚུལ་དང་། རྡོ་རྗེ་བཟླས་པའི་ཆོ་ག་དང་། བཟླས་བརྗོད་ཀྱི་འབྲས་བུ་འགྲུབ་པའི་ཚུལ་ལ་སོགས་པའོ། །ཕྱག་རྒྱ་ནི། ཏིང་ངེ་འཛིན་གསུམ་སྒོམ་པར་བྱེད་པ་ན། ལྷ་རྣམས་ངེས་པར་ཕྱག་རྒྱ་བཞིས་རྒྱས་གདབ་དགོས་པས་ཕྱག་རྒྱ་བཞིའོ། །བདག་དང་གནས་ལ་སོགས་པ་བསྲུང་བ་ནི། བསྲུང་འཁོར་ཏེ་སོགས་ཁོངས་ནས་ཁྲུས་དང་། གོས་བརྗེ་བ་དང་། ལྕེ་ལག་བྱིན་གྱིས་བརླབ་པ་བསྡུའོ། །ཡང་ན་རྣལ་འབྱོར་བསྲུང་བའོ། །ལྷ་རྣམས་སྤྱན་དྲངས་བའི་ཆོ་ག་ནི། ཡེ་ཤེས་པ་རྣམས་བསྡུས་ཏེ། བསྟོད་ནས་དགུག་གཞུག་བྱ་བའོ། །བཟླས་བརྗོད་ནི། ཚིག་གི་བཟླས་པ་དང་། རྡོ་རྗེའི་བཟླས་པ་ལ་སོགས་པའོ། །བསྒོམ་པ་ནི། སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ཏིང་ངེ་འཛིན་རྣམ་གསུམ་རྫོགས་པ་དང་། སྙིང་གའི་དཀྱིལ་འཁོར་དང་རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་དང་། རྣལ་འབྱོར་ལ་སོགས་སྒོམ་པའོ། །ཕྱི་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་ནི། དཀྱིལ་འཁོར་མཆོད་པ་ལ་སོགས་པའི་སྐབས་ཀྱི་སྦྱིན་སྲེག་བྱ་བའོ། །ཉེ་བར་བསྡུ་བ་ནི། ཕྱག་རྒྱ་དགྲོལ་བའི་ཆོ་གའོ། །མཆོད་ནས་གཤེགས་སུ་གསོལ་བ་ནི། རྡོ་རྗེའི་གླུ་དང་སྒེག་སོགས་བརྒྱད་ཀྱི་མཆོད་པས་མཆོད་ནས། གསོལ་བ་བཏབ་ནས་གཤེགས་སུ་གསོལ་བའོ། །དེ་དག་ཀྱང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་དེ་རྟོགས་པའི་ཡེ་ཤེས་གཉིས་སུ་དབྱེར་མེད་པ་ནི། དེ་ཁོ་ན་ཉིད་ཀྱི་ཡུལ་དུ་མི་བསླུ་བའི་ཕྱིར་དོན་དམ་པའི་དེ་ཁོ་ན་ཉིད་ཤེས་རབ་ཀྱི་རང་བཞིན་ནོ། །ཡེ་ཤེས་དེའི་མཐུ་ལས། རྡོ་རྗེ་དབྱིངས་ལ་སོགས་པའི་ལྷ་སྐུ་དང་། སྔགས་དང་། ཕྱག་རྒྱ་ལ་སོགས་པར་སྣང་བ་ནི། འགྲོ་བའི་དོན་བྱེད་པའི་ཡུལ་དུ་མི་བསླུ་བའི་ཕྱིར། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཐབས་ཀྱི་རང་བཞིན་ནོ། །དེ་ཉིད་གཉིས་པོ་དེ་ཡང་དག་པར་གཟུང་བའི་བརཏལ་ཞུགས་ནི་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་སྡོམ་པ་སྟེ། ཨ་བ་ཏཱ་ར་ལས། མི་གཉིས་ཡེ་ཤེས་སྤྱོད་ཡུལ་བ། །ཚིག་གི་སྤྲོས་པ་མ་ལུས་གྲོལ། །དུས་ཀུན་ཏུ་ནི་དེ་བཞིན་པས། །དེ་ཉིད་ཅེས་ནི་བཅོམ་ལྡན་གསུང་། །དེ་ཕྱིར་ཡེ་ཤེས་གང་འཇུག་པ། །དེ་ལའང་དེ་ཉིད་ཅེས་སུ་བསྒྲགས། །གང་ཕྱིར་དེ་ཉིད་སྤྱོད་ཡུལ་བར། །ནམ་ཡང་བསླུ་བར་མི་འགྱུར་ཕྱིར། །དེ་ཉིད་བསྡུས་པའི་རྒྱུད་ལས་ནི། །ཀུན་རྫོབ་བདེན་པ་ལ་གནས་ནས། །དེ་ཉིད་མཚན་ཉིད་གཞན་བསྟན་པ། །དེ་དག་གཉན་པ་ཉིད་དུ་གྱིས། །རང་གི་ཡེ་ཤེས་མཐུ་ཡི་མཚན། །རྡོ་རྗེ་དབྱིངས་ལ་སོགས་མཚན་ཉིད། །འགྲོ་བའི་དོན་ལ་མི་བསླུ་བས། །དེ་ཉིད་ཅེས་ནི་རྒྱལ་བའི་གསུངས། །ཞེས་སོ། །དེ་ཡང་དེ་ཉིད་བཅུའི་ནང་གི་ཕྱག་རྒྱ་བཞི་ཞེས་པ་གནད་ཆེ་བའི་ཕྱིར་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་ངོ་བོ་ནི། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པ་ལས། དོན་དམ་པའི་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཞེས་བྱའོ་ཞེས་འབྱུང་བ་ནི། དོན་དམ་པ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་རྣམ་སྣང་ཆེན་པོའི་ངོ་བོ་ཉིད་ཡིན་ལ། དེའི་མཚན་མ་ནི་ཕྱག་རྒྱ་སྟེ། དོན་དམ་པའི་ལྷ་དེ་དང་འབྲེལ་བའི་སེམས་དཔའ་དང་། འཇིག་རྟེན་པའི་ལྷར་སྣང་བ་རྣམས་ཀྱང་དེའི་འཁོར་དུ་བསྡུ་བའོ། །ཞེས་སོ། །སྒྲ་དོན་ནི། མུ་དྲཱ་ལ་ངེས་པའི་ཚིག་གིས་ཚུལ་གྱིས་མོ་དཱ་ནཱ་ཏ་མགུ་བའི་ཕྱིར་ཕྱག་རྒྱ་སྟེ། ལྷ་རྣམས་ཀྱི་ཡིད་མགུ་བར་བྱེད་པའི་ཕྱིར་རོ། །མུ་དྲཱ་ན་རྒྱས་འདེབས་པའི་སྟེ། སེམས་ཅན་རྣམས་བསྲུང་བའི་ཕྱིར་ཕན་གདགས་པ་དང་། འདོད་པའི་དངོས་པོ་མྱུར་དུ་འགྲུབ་པའི་ཕྱིར། རྒྱས་འདེབས་པ་སྟེ། རྒྱུད་ཕྱི་མར། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་གདབ་པ་ལྟར། །བདག་ཆེན་ཉིད་ཀྱིས་ཕྱག་རྒྱས་ཡང་། །སྐྱེ་བོ་རྣམས་ལ་དེ་བཞིན་བཏབ། །ཅེས་སོ། །ཡང་། ས་མ་ཡ་མཱུ་ལ་དམ་ཚིག་གི་རྩ་བར་གྱུར་པའི་ཕྱིར་དང་མུ་ཀུ་ཊ་དབུ་རྒྱན། ད་ཏ་རུ་བསྒྱུར་ནས་ཧེ་ཏུ་རྒྱུ། པ་ར་མཆོག་སྟེ། དབུ་རྒྱན་བཅིང་བ་ནི་དབང་བསྐུར་ཡིན་ལ། དེའི་རྒྱུ་མཆོག་ཏུ་གྱུར་པའི་ཕྱིར་དང་། མཱུཏྟི་ལུས། དྲྀ་ཌྷྜྷྀ་བརྟན་པ་སྟེ། ཏིང་ངེ་འཛིན་གྱིས་ལུས་བརྟན་པར་བྱེད་པས་ན་ཕྱག་རྒྱ་སྟེ། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པར། འདི་ནི་དམ་ཚིག་རྩ་བ་སྟེ། །དབུ་རྒྱན་བཅིང་བའི་རྒྱུ་ཡི་མཆོག །གང་གི་ལུས་ཀུན་བརྟན་པས་ན། །དེ་བས་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་སོ། །ཕྱག་རྒྱ་དང་། མཚན་མ་དང་། རྟགས་དང་། ཉེ་བའི་མཚན་ཉིད་ཅེས་བྱ་བ་རྣམས་རྣམ་གྲངས་ཡིན་ནོ། །བྱེ་བྲག་ཏུ་སེམས་ཅན་གྱི་རྒྱུ་ལ་རྒྱས་འདེབས་པས་ན་ཕྱག་རྒྱ་དེ་ཉིད་གཞན་པས་མཆོག་ཏུ་གྱུར་པས་ན་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཀུན་རྫོབ་ཏུ་སྟོན་པར་བྱེད་པས་ན་དམ་ཚིག་གི་ཕྱག་རྒྱ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །ཞེས་རྟོགས་པ་ནི་ཆོས། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱས་འདེབས་པས་ན་ཕྱག་རྒྱ། བརྩོན་འགྲུས་ཀྱི་རང་བཞིན་གྱི་བྱ་བ་ནི་ལས། དེ་སྟོན་པར་བྱེད་པའི་ཚུལ་འདྲ་བ་ནི་ཕྱག་རྒྱའོ། །དབྱེ་ན་ལྷར་བཏགས་པ་དང་། དམ་ཚིག་ཅན་གྱི་སྐྱེ་བོས་བཏགས་པ་གཉིས་སོ། །དང་པོ་ནི། ལྷའི་ངོ་བོ་ཉིད་དང་། དེས་སྤྲུལ་པའི་མཚན་མ་དང་། དེའི་ཆ་ཤས་སུ་བྱེ་བྲག་མེད་པར་བྱས་ཏེ་བཏགས་པའོ། །གཉིས་པ་ལྷའི་ལུང་ལས། དེ་དང་རྗེས་སུ་མཐུན་པར་དམ་ཚིག་ཅན་གྱིས་སྐྱེད་པའི་ལྷའི་ངོ་བོ་ཉིད་དམ། དེའི་ཆ་ཤས་སུ་བྱེ་བྲག་མེད་པར་མོས་པ་ནི། དེ་ལ་ལྷ་རྣམས་སྔོན་དམ་ཚིག་གི་མཛད་པའི་རྗེས་སུ་དགོངས་ནས་བྱིན་གྱིས་རློབ་པར་མཛད་དེ། ཇི་སྐད་དུ། གང་དག་བཅིངས་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །དམ་ཚིག་ཉམས་ཀྱི་འཇིགས་པས་ན། །བྱིན་གྱིས་རློབ་པ་ཉིད་དུ་འགྱུར། །ཞེས་སོ། །དེ་ལ་ཡང་ཕྱི་ནང་གི་བྱེ་བྲག་གིས་གཉིས་གཉིས་སུ་འགྱུར་ཏེ། ཕྱག་ཆེན་ལ་ཕྱི་རོལ་ཏུ་བྲིས་པའམ་ལུས་ཀྱི་འདུ་བྱེད་དོ། །ལྷའི་སྐུའི་གཟུགས་བརྙན་ཡིད་ཀྱིས་བསྒོམ་པ་ནི་ནང་ངོ་། །དམ་རྒྱ་ལ། རྡོ་རྗེའམ་ལག་པའི་གཟུགས་བརྙན་བྲིས་པ་སོགས་ནི་ཕྱིའི། ཏིང་ངེ་འཛིན་གྱིས་སྒོམ་པ་ནི་ནང་ངོ་། །ཆོས་རྒྱ་ལ། ཡི་གེ་ཕྱི་རོལ་ཏུ་བྲིས་པ་དང་། ངག་ཏུ་བརྗོད་པ་སོགས་ནི་ཕྱི། ཡིད་ཀྱིས་ལྕེ་ལ་བཀོད་ནས་སྒོམ་པ་ནི་ནང་ངོ་། ལས་རྒྱ་ལ། ཕྱི་རུ་ཕྱག་རྒྱ་ལ་སོགས་པའི་གཟུགས་བརྙན་བྲིས་པ་ཕྱི། ཏིང་ངེ་འཛིན་གྱིས་བརྟགས་པ་ནི་ནང་ངོ་། །རྒྱས་གདབས་དགོས་པའི་རྒྱུ་མཚན་ནི། རང་དོན་མི་གནས་པའི་མྱ་ངན་འདས་པ་བརྙེས་ནས། སྤྲུལ་སྐུས་སེམས་ཅན་གྱི་དོན་མཛད་པའི་སྤྱོད་པ་ནི་གཟུགས་བརྙན་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེར་མོས་ནས། ཕྱག་རྒྱ་བཞི་བཅིང་བས་འགྲུབ་པའི་ཕྱིར་དེ་ལ་རག་ལས་ལ། ཕྱག་རྒྱ་བཞི་ནི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་ཀྱི་འབྲས་བུའི་ཚུལ་དུ་གནས་པའི་ཕྱིར་རྣལ་འབྱོར་ལ་རག་ལས་སོ། །རྣལ་འབྱོར་ནི་ཁྱད་པར་རིགས་ཐམས་ཅད་ཀྱི་དམ་ཚིག་ཕྱག་རྒྱ་བཞིས་སྒྲུབ་པར་བྱེད་དོ། །དཔེར་ན་ལུས་ཀྱི་སེམས་སྒྲུབ། སེམས་ཀྱིས་ལུས་སྒྲུབ་པ་བཞིན། ཕྱག་རྒྱ་དང་རྣལ་འབྱོར་ཕན་ཚུན་བལྟོས་ནས་ཕན་ཚུན་གཅིག་གིས་གཅིག་བསྒྲུབས་པས་འཚང་རྒྱ་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །དཔལ་མཆོག་ལས། སྤྱོད་པ་ཕྱག་རྒྱ་ལ་རག་ལུས། །ཕྱག་རྒྱ་རྣལ་འབྱོར་ལ་གནས་པ། །རྣལ་འབྱོར་ཁྱད་པར་གྱིས་བསྒྲུབ་བྱ། །རྣལ་འབྱོར་དམ་ཚིག་གིས་སྒྲུབ་བྱེད། །སེམས་ནི་སྟོང་པར་སྒྱུ་མར་མཚུངས། །ལུས་དང་བྲལ་བར་མ་གྲུབ་སྟེ། །ལུས་དེ་ཡང་ནི་རྩིག་པ་འདྲ། །བྱ་བ་མེད་ཅིང་སེམས་དང་བྲལ། །ལུས་ཀྱང་སེམས་དང་བྲལ་བ་ནི། །སེམས་ཀྱང་ལུས་དང་བྲལ་བ་ནི། །གྲུབ་པ་མ་ཡིན་དེ་བཞིན་ཉིད། །ཕྱག་རྒྱ་རྣལ་འབྱོར་ཆོ་གར་བརྗོད། །ཇི་ལྟར་ལུས་ནི་སེམས་ཀྱིས་དང་། །སེམས་ཀྱང་ལུས་ཀྱིས་གྲུབ་འགྱུར་བ། །དེ་བཞིན་ཕྱག་རྒྱ་རྣལ་འབྱོར་གྱིས། །རྣལ་འབྱོར་དམ་ཚིག་སྒྲུབ་པས་སོ། །དེ་ལྟར་དམ་ཚིག་རྣལ་འབྱོར་དག །ཕན་ཚུན་དུ་ནི་བསྒྲུབ་པའི་ཕྱིར། །ཕན་ཚུན་དུ་ཡང་བརྟག་བདག་ཉིད། །དེ་བཞིན་གཤེགས་པས་གྲུབ་པར་འགྱུར། །ཞེས་སོ། །གང་ལ་རྒྱས་གདབ་པར་བྱ་བའི་ཡུལ། འདིར་དམ་ཚིག་ཅན་གྱི་སྐྱེ་བོས་བཏག་པའི་ལྷའི་ཕྱག་རྒྱ་བཞིས་རྒྱས་གདབ་པའི་དབང་དུ་བྱས་ནས། དམ་ཚིག་སེམས་དཔའི་ཕྱག་རྒྱ་ཆེན་པོས་བསྐྱེད། ཡེ་ཤེས་པ་བཅུག་པ་དེ་ལ་འདེབས། གང་གིས་འདེབས་ན་ཡེ་ཤེས་པའི་ཕྱག་རྒྱ་བཞི་འདེབས་ཏེ། དེས་བཏབ་པས་དམ་ཚིག་པ་ཡེ་ཤེས་པའི་རང་བཞིན་དུ་འགྱུར་ཏེ། ཇི་སྐད་དུ། གང་ལ་གང་གིས་རྒྱས་བཏབ་པ། །དེ་ནི་དེ་ཡི་རང་བཞིན་ནོ། །ཞེས་པས་སོ། །གོ་རིམས་ནི་དམ་ཚིག་གི་ཕྱག་རྒྱས་མ་བསྒྲུབ་པར། སྐུ་ཕྱག་ཆེན་པོ་མི་འགྲུབ་པའི་ཕྱིར། སྔོན་ལ་དམ་རྒྱས་སྒྲུབ་དགོས་ཏེ། དཔལ་མཆོག་དང་པོ་ལས། དམ་ཚིག་ཆེན་པོའི་སེམས་དཔའ་ལ་སོགས་པ་རྣམས་ལ་ཡང་། རྣལ་འབྱོར་གྱི་ཚུལ་ཐམས་ཅད་ལས་དམ་ཚིག་གི་ཕྱག་རྒྱས་ཡང་དག་པར་བསྒྲུབས་ནས། དེའི་རྗེས་ལ་ཕྱག་རྒྱ་གཞན་སྦྱར་བར་བྱའོ། །ཞེས་པས། དེས་ན་ཐུགས་དམ་ཚིག་གི་ཕྱག་རྒྱས་བསྒྲུབས། གསུང་ཆོས་ཀྱི་ཕྱག་རྒྱས་བཀོད། འཕྲིན་ལས་ལས་ཀྱི་ཕྱག་རྒྱས་འཕྲིན་ལས་ལ་སྦྱར་ནས། ཕྱག་རྒྱ་ཆེན་པོའི་ཚུལ་རབ་ཏུ་གནས་པར་བྱ་སྟེ། སྟོད་འགྲེལ་ལས། དེ་བས་ན་དམ་ཚིག་གི་ཕྱག་རྒྱས་ལྷ་རྣམས་བསྒྲུབ་པར་བྱས་ལ། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་ལྷ་རྣམས་བཞག་པར་བྱའོ། །སྐུའི་གསང་བའི་ཕྱག་རྒྱ་ཆེན་པོའི་ཚུལ་དུ་མཐར་ཐུག་པས། ལྷ་དང་ལྷ་མོ་རྣམས་བཞུགས་པ་ཡིན་ཏེ། རྒྱུ་དེས་ཀྱང་། ཕྱག་རྒྱ་ཆེན་པོ་ཕྱིས་བསྟན་པར་བྱའི། ལས་ཀྱི་ཕྱག་རྒྱ་ནི་མ་ཡིན་ནོ། །ཞེས་སོ། །གཞུང་ལས་ཕྱག་རྒྱ་ཆེན་པོ་བཅིང་བ་དང་པོར་གསུངས་པ་ནི། རྒྱས་གདབ་བྱའི་ཡུལ་བསྟན་པ་ཡིན་ལ། ཕྱིས་མ་བསྟན་པ་ནི། དེ་ཉིད་དང་འདྲ་བ་ལ་དགོངས་པ་ཡིན་ནོ། །གལ་ཏེ་དང་པོ་ཕྱག་ཆེན་བཅངས་ནས་ཕྱིས་ཕྱག་ཆེན་གྱིས་རྒྱས་མ་བཏབ་ན། བསྒྲུབ་པའི་ཡན་ལག་བཅུ་དྲུག་ཏུ་བསྟན་པ་ནི། ལྷ་མི་འགྲུབ་པར་འགྱུར་ཏེ། ལྷ་རེ་རེ་སྒྲུབ་པ་ལའང་ཡན་ལག་བཅུ་དྲུག་ཚང་དགོས་པའི་ཕྱིར་རོ། །སྟོད་འགྲེལ་དུ། དེ་ལ་བསྒྲུབ་པའི་ཡན་ལག་བཅུ་དྲུག་ཏུ་བསྟན་པ་ནི། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་དང་། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པའོ། །འདི་དག་ནི་རྣམ་པར་སྣང་མཛད་ལ་སོགས་པ་རེ་རེ་ཞིང་སོ་སོར་བསྒྲུབ་པར་བྱ་བའི་ཕྱིར་གསུངས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་བསྒྲུབ་པ་ནི། ཕྱག་རྒྱ་བཞིར་བསྟན་པ་ཉིད་ནི་དཀྱིལ་འཁོར་ཕྱག་རྒྱ་ཞེས་བྱའོ། །ཤཱཀྱ་བཤེས་གཉེན་གྱི་ཀོ་ས་ལའི་རྒྱན་དུ། ཕྱག་རྒྱ་ཆེན་པོ་ནི་བྲིས། ལས་དང་དམ་ཚིག་གི་ཕྱག་རྒྱ་ནི་བསྟན། ཆོས་ཀྱི་ཕྱག་རྒྱ་ཡང་བརྗོད་པ་ཡིན་ཏེ། ཕྱག་རྒྱ་བཞིས་ནི་གདོན་མི་ཟ་བར་བྱིན་གྱིས་བརླབ་པར་མཛད་པས་དེ་ལྟ་བུའི་ནི་འགྲུབ་པར་ཡང་འགྱུར་རོ། །ཞེས་བཤད་ཅིང་། དེ་ཇི་ལྟ་བ་བཞིན་སངས་རྒྱས་གསང་བའང་བཞེད་ལ། འདིར་ནི་ཀུན་དགའ་སྙིང་པོའི་རྗེས་སུ་འབྲངས་སོ། །གཉིས་པ་རང་གི་སྡོམ་པ་ལ་གནས་པར་བྱ་བ་ལ། རིགས་ཀྱི་རྗེས་སུ་མཐུན་པའི་དམ་ཚིག །དེའི་མི་མཐུན་ཕྱོགས་ཀྱི་ལྟུང་བ། ཉམས་སུ་བླང་བའི་དམ་ཚིག་གསུམ་ལས། དང་པོ་ནི། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དགའ་བའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་དང་། ལེན་ཚིག་ཏུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་དུ་གསུངས་པའི་དོན། གསུམ་ལ་སྐྱབས་འགྲོ་རྣམ་པར་སྣང་མཛད་དང་། ཞེས་པ་ལེན་ཚིག་ཏུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་འཛིན་པར་གསུངས་ཀྱང་། དེ་ནི་བསྒྲགས་ཚིག་ཏུ་རིགས་ལྔའི་སྡོམ་པར་མ་གསུངས་པས་དང་། འགྲེལ་པ་གསུམ་དུ་ཕར་ཕྱིན་དང་ཐུན་མོང་པའི་བྱང་སྡོམ་དུ་བྱས་པས་འདིར་མ་སྨོས་ལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སངས། དེ་བཞིན་ཉིད་ཀྱི་རྟོགས་པ་རྒྱས་པས་སངས་རྒྱས་དང་། ཆོས་ལུང་དང་རྟོགས་པའི་ཆོས་དང་། དགེ་འདུན་ནི་བྱང་ཆུབ་སེམས་དཔའི་ཚོགས་ཏེ། དེ་རྣམས་རཏྣ་ལ་ངེས་པའི་ཚིག་གིས་ར་ཏི་དགའ་བ། ཏ་ན་རྒྱས་པ་སྟེ། དགའ་བ་རྒྱས་པར་བྱེད་པའི་ཕྱིར་དཀོན་མཆོག །ཐུགས་དང་། གསུང་དང་། སྐུའི་རང་བཞིན་གསུམ་མོ། །རྒྱ་དཔེར་ཨ་གྲ་ཞེས་པ་དོན་བཅུ་ལ་འཇུག་པ་ལས། ཨ་བ་ཏ་ར་ལས། མཆོག་ཏུ་བྱས་ནས་དཀོན་མཆོག་གསུམ་ཞེས་འདོན་ཏེ། རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །བྷ་བ་བྷ་དྲ་དང་པོར་བྱས་ནས་དང་པོར་དཀོན་མཆོག་གསུམ་བླ་མེད། ཅེས་འདོན་ཏེ། དང་པོ་ནི་རབ་སྟེ། གྲངས་ཀྱི་དོན་གྱི་དང་པོ་ཡིན་པའི་ཕྱིར་རོ། །དེ་ལས་མཆོག་ཏུ་གྱུར་པ་གཞན་མེད་པའི་ཕྱིར་དང་། བླ་ན་མེད་པའི་འབྲས་བུ་འབྱུང་བའི་ཕྱིར། བླ་ན་མེད་པ་སྟེ་མཆོག་རབ་བོ། །དེ་ཡང་དོན་དམ་པར་སངས་རྒྱས་གཅིག་པུ་ལ་གསུམ་ཆར་ཚང་བ་དང་། ཀུན་རྫོབ་ཏུ་གསུམ་དུ་ཕྱེ་བ་ལ་འགལ་བ་མེད་པའི་ཕྱིར། དམ་ཚིག་གཅིག་ཏུ་བསྡུས་སོ། །དེ་ཡང་དང་པོར་སྐྱབས་གནས་སུ་བཟུང་སྟེ། དེ་ལ་བརྟེན་ཅིང་གནས་ནས་ཕྱིས་མངོན་དུ་བྱ་བ་སྐྱབས་སུ་འགྲོ་བའི་དོན་ཏེ། དེ་ནི་ཐབས་ཤེས་དབྱེར་མེད་དུ་སྦྱོར་བའམ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་སྤྱོད་པས་རྣལ་འབྱོར་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །འདིར་རྒྱ་དཔེར་ཛཾ་ཞེས་པ་ནི་སྐྱེས་པ་ཞེས་ཏེ། དེའི་རིགས་ལས་སྐྱེས་པའི་སྡོམ་པའོ། །ཡང་ན་ཛཱ་ན་ཞེས་པ་སྟེ། དེ་བཞིན་གཤེགས་པའི་རྣལ་འབྱོར་ཞེས་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ནི་སྒྲིབ་པ་རྣམས་ལས་ལུས་ངག་ཡིད་གསུམ་སྡོམ་པའི་ཕྱིར་སྡོམ་པ་སྟེ། དགེ་བ་འབྱུང་བ་དེའོ། །དེ་ཉིད་སངས་རྒྱས་ཀྱི་རིགས་ཅན་རྣམས་དགའ་བའི་དམ་ཚིག་མི་ཤིགས་པ་བརྟན་པོར་གྱུར་པའོ། །རྡོར་དྲིལ་ཕྱག་རྒྱ་སློབ་དཔོན་བཟུང་བ་བཞི། །རྡོ་རྗེའི་རིགས་སོ། །ཞེས་པ། ཡང་དག་ཉིད་དུ་ཞེས་པ་སྐད་དོད་དང་བསྟུན་དེ་ཁོ་ན་ཉིད་ཅེས་པ་སྟེ། རྡོ་རྗེའི་དེ་ཉིད་བྱང་ཆུབ་ཀྱི་སེམས་དང་། དྲིལ་བུའི་དེ་ཉིད་རང་བཞིན་གྱིས་རྣམ་པར་དག་པར་ཤེས་པའི་ཤེས་རབ་ཀྱི་ཆོས་སྟོན་པ་དང་། ཕྱག་རྒྱ་ཆེན་པོའི་དེ་ཉིད་ལྷའི་སྐུའི་ཏིང་ངེ་འཛིན་བསྟན་པ་སྟེ། དམ་ཚིག་གསུམ་སྦྱིན་པའི་སྐབས་སུ་འཆད་པར་འགྱུར་བ་རྣམས་དང་། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུ་སློབ་དཔོན་གཟུང་བའི་དམ་ཚིག་བཞི་ནི། རྡོ་རྗེ་རིགས་མཆོག་ནི་དུམ་བུ་གཉིས་པའི་ལྷ་རྣམས་ཧཱུྃ་མཛད་ཀྱི་རྡོ་རྗེ་ལས་སྐྱེས་པའི་ཕྱིར་རྡོ་རྗེ་རིགས་ཏེ་སྤྱི་རིགས་ནས་སོ། །བྱེ་བྲག་རིགས་ཆུང་ནང་ཚན་གྱིས་ཕྱེ་བ། རྡོ་རྗེ་དབྱིངས་ཀྱིའང་མི་བསྐྱོད་པ་ལ་སོགས་པ་རྣམས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་རྡོ་རྗེའི་རིགས་སོ། །ཆོས་དང་ཟང་ཟིང་དང་། མི་འཇིགས་བྱམས་པ་སྦྱིན་བཞི་རིན་ཆེན་དང་། །ཞེས་པས། སྦྱིན་པ་རྣམ་པ་བཞི་སྟེ། ཆོས་དང-། ཟང་ཟིང་དང་། མི་འཇིགས་པ་དང་། བྱམས་པའི་སྦྱིན་པའོ། །ཇི་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ལན་དྲུག་ཏུ་བྱས་ནས་སྦྱིན་པ། མཐར་ཐུག་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་པོ་ཆེའོ། །དེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ལ་སོགས་པ་ནི་རིན་པོ་ཆེའི་རིགས་སོ། །མཆོག་གི་སྐད་དོད་ལ་ཡོ་གྱ་ཞེས་པ་ལ་ཡོ་ག་སྦྱོར་བ། ཡ་ནི་བྱེད་པ་ལ་ནྱ་ཏའི་རྐྱེན་ཡིན་པས་སྦྱོར་བར་བྱེད་པ་སྟེ། སེམས་རྩེ་གཅིག་ཏུ་བྱེད་པ་འདིས་སྦྱོར་བར་བྱེད་པའོ། །ཡང་ཡོ་གྱ་རུང་བ་སྟེ། རིན་ཆེན་འབྱུང་ལྡན་གྱི་སྦྱིན་པས་སེམས་ཅན་ཚིམ་པར་བྱེད་པ་ལ་དབང་དུ་བྱེད་པའི་ཕྱིར་རོ། །ཕྱི་དང་གསང་བ་ཐེག་གསུམ་འཛིན་པ་གསུམ། པདྨའི་རིགས་དང་། ཞེས་པ། ཕྱི་ནི་བྱ་བ་དང་སྤྱོད་པའི་རྒྱུད་དོ། །གསང་བ་ནི་རྣལ་འབྱོར་གྱི་རྒྱུད་དོ། །འདིར་ཕྱི་ནང་ཞེས་པ་ནི་རྒྱ་དཔེ་དང་འགྲེལ་པས་མ་བཀྲལ་པའི་ཕྱིར་མ་དག་པའོ། །ཐེག་པ་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་ཐེག་པ་ཆེན་པོ་མཚན་ཉིད་ཀྱི་ཐེག་པ་གསུམ་མོ། །དེ་རྣམས་དམ་པ་སངས་རྒྱས་ཀྱི་ཆོས་ཡིན་པས་དམ་པའི་ཆོས་སོ། །ཁ་ཅིག་ཕྱི་ནི་མཚན་ཉིད་ཀྱི་ཐེག་པ་གསུམ་གསང་བའི་ཐེག་པ་གསུམ་བྱ་སྤྱོད་རྣལ་འབྱོར་རོ་ཞེས་ཟེར་བ་ལ། མཚན་ཉིད་ཀྱི་ཐེག་པ་གསུམ་ཕྱིར་མི་འཐད་དེ། ཆོས་འདི་པ་ཞེས་གསུངས་པའི་ཕྱིར་དང་། ཕྱི་ནང་གི་ཁྱད་པར་སྐྱབས་དཀོན་མཆོག་གསུམ་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིས་འབྱེད་པ་ལ་དེ་དག་མཚུངས་པའི་ཕྱིར་རོ། །དེས་ན་ཕྱི་ནི་ཕྱི་རོལ་པའི་རིག་བྱེད་ལ་སོགས་པའོ། །གསང་བའི་ཐེག་པ་གསུམ་ནི། ཉན་ཐོས་རང་རྒྱལ་ཐེག་ཆེན་གསུམ་སྟེ། གསང་སྔགས་ནི་ཐེག་ཆེན་དུ་འདུས་སོ། །ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། མུ་སྟེགས་ཀྱི་རིག་བྱེད་དམ་པའི་ཆོས་མ་ཡིན་པའི་ཕྱིར་དང་། མུ་སྟེགས་ཀྱི་ཆོས་འཛིན་པ་རྒྱུད་ལས་བཀག་པའི་ཕྱིར་ཏེ། གསང་བ་སྤྱི་རྒྱུད་ལས། སྟོན་པ་གཞན་གྱི་གཞུང་མི་མཆོད། །ཅེས་སོ། །ཆོས་ཐམས་ཅད་རང་བཞིན་མེད་པར་སོ་སོར་རྟོག་པའི་ཤེས་རབ་མཐར་ཐུག་པའི་བྱང་ཆུབ་ཆེན་པོ་ནི། པདྨ་འདམ་གྱི་མི་གོས་པ་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨ། དེ་ལས་བྱུང་བའི་ཕྱིར་རིགས་ཏེ། དུམ་བུ་གསུམ་པའི་ལྷ་རྣམས་དང་། འོད་དཔག་མེད་ལ་སོགས་པའོ། །སྡོམ་འཛིན་མཆོད་པ་གཉིས། ལས་ཀྱི་རིགས་སོ། །ཞེས་པ། ཇི་ལྟར་སོ་སོ་ཐར་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་དང་། སྨོན་པའི་སེམས་ཀྱི་སྡོམ་པ་རྣམས་འཛིན་པ་ཡིན་ལ། དེ་ལས་གཞན་རིགས་ལྔ་གའི་སྡོམ་པ་འཛིན་རྒྱུ་ཡིན་ན། དུམ་བུ་བཞི་པའི་རྡོ་རྗེ་སློབ་དཔོན་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་བར་ཐལ་བས་སོ། །མེ་ཏོག་ལ་སོགས་པ་ཕྱི་དང་། སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་ཐམས་ཅད་ཀྱི་རང་གི་ངོ་བོ་ཀུན་དང་ལྡན་པས་ཇི་ལྟར་ནུས་པར་བྱ་བ། བརྩོན་འགྲུས་མཐར་ཐུག་བྱ་གྲུབ་ཡེ་ཤེས་ནི་ལས་ཆེན་པོ་སྟེ། མཆོག་ཡིན་ལ། དེ་ལས་བྱུང་བའི་ལས་དུམ་གྱི་ལྷའམ་དོན་ཡོད་གྲུབ་པ་སོགས་ནི་ལས་ཀྱི་རིགས་ཏེ་དེ་དག་གི་དམ་ཚིག་གོ། །། གཉིས་པ་དེའི་མི་མཐུན་ཕྱོགས་ཀྱི་ལྟུང་བ་ལ། རྩ་བའི་ལྟུང་བ་དང་། དེའི་རྗེས་སུ་མཐུན་པ་ཡན་ལག་གི་ལྟུང་བ་གཉིས་ལས། དང་པོ་ནི། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་གསུངས་པས། དེ་ཟློག་ཕས་ཕམ་ཡིན། ཞེས་སྨོས་ཏེ། དེ་ལས་གཞན་པ་ཞེས་པ་ནི། དེ་ལས་ཟློག་པའི་དོན་ནམ། དངོས་སུ་བླང་བའི་དམ་ཚིག་བཅུ་བཞི་པོ་དེ་ལས་གཞན་པ་ཞེས་པའི་དོན་ཏེ། ཚུལ་ཇི་ལྟ་བུས་བཟློག་པར་བཞག་སྙམ་ན། སྤང་ཞིང་དོར་བ་ཞེས་སྨོས་ཏེ། དེ་ཡང་དཀོན་མཆོག་གསུམ་སྤངས་ཤིང་དོར་བ་དང་། རྡོར་དྲིལ་ཕྱག་རྒྱ་སློབ་དཔོན་བཞི། སྦྱིན་པ་རྣམ་པ་བཞི། ཕྱི་དང་གསང་བ་དང་ཐེག་པ་གསུམ་སྟེ་གསུམ། སྡོམ་པ་དང་མཆོད་པའི་ལས་གཉིས་ཏེ་བཅུ་བཞི་པོ་སྤངས་ཤིང་དོར་བ་སྟེ། དེ་ལྟ་བུའི་ལྟུང་བ་བཅུ་བཞིས་ནི་སྡོམ་པ་གཅོད་ཅིང་། དེ་ཡང་ཕ་རོལ་མི་མཐུན་ཕྱོགས་ནས་ཚུར་གཉེན་པོ་ཕམ་པར་བྱས་པས་ཕས་ཕམ་པ་ཞེས་བྱའོ། །དེ་རྣམས་ལ་མིང་གཉིས་པ་རྩ་བའི་ལྟུང་བ་ཞེས་ཀྱང་བྱ་སྟེ། དམ་ཚིག་རྩ་བ་ནས་ཉམས་པར་བྱེད་པའི་ཕྱིར་རོ། །སློབ་དཔོན་ཀུན་དགའ་སྙིང་པོའི་དེ་ཉིད་བསྡུས་པ་དུམ་བུ་དང་པོའི་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པར་ཕས་ཕམ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། །ཞེས་དང་། དཔལ་མཆོག་དུམ་བུ་གཉིས་པའི་འགྲེལ་ཆེན་ལས་ཀྱང་། བསམས་པ་ཙམ་གྱིས་འདི་དག་ཐམས་ཅད་འགྲུབ་པ་ཡིན་ཏེ། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ་ཞེས་བྱ་བས། འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ་ཞེས། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་སྤང་མི་བྱ། །ཞེས་པའི་འགྲེལ་པར་གསུངས་པའི་ཕྱིར་རོ། །འདས་ན་ནི་ཉེས་པ་ཆེས་ཤིན་ཏུ་ཆེ་བའི་སྒོ་ནས་ལྕི་བ་དག་ཡིན་པས་དེ་ལ་དགོངས་ནས་དབང་གི་ཆོ་ག་རྣམས་སུ་དཀྱིལ་འཁོར་དུ་འཇུག་པའི་སྔོན་དུ་དམ་བཞག་གི་ཚིག་ནན་ཆེན་པོས་ནམ་མཁའི་སྙིང་པོ་ཆུ་དང་བཅས་པ་དག་བྱ་བར་གསུངས་པའི་དམ་ཚིག་གི་རྩ་བ་ནི་འདི་དག་ཡིན་ལ། དེའི་ཕྱིར་འདི་དག་ལས་འདས་པའི་ཉེས་པ་ནི་རྩ་བའི་དམ་ཚིག་ཚུར་འཇོམས་པས་ཕས་ཕམ་པ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ཁ་ཅིག་ལུང་སྔ་མའི་དོན་ནི། ཇི་ལྟར་ཞེས་སོགས་ཀྱིས་བསྟན་པའི་རིགས་ལྔའི་སྡོམ་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་སུ་བསྟན་ནས། ཚུལ་ཁྲིམས་ནི་ཉེས་སྤྱོད་ལས་ལྡོག་པ་ཡིན་ན་གང་ལས་ལྡོག་པ་བསྟན་པའི་ཕྱིར། ཕས་ཕམ་པ་བཅུ་བཞི་ལས་ལྡོག་པ་ཞེས་བསྟན་པ་ཡིན་ལ། དེ་ཙམ་གྱིས་ནི་རིགས་ལྔའི་དམ་ཚིག་དེ་དག་གི་ལྡོག་ཕྱོགས་རྣམས་ཕམ་པ་ཡིན་པར་སྟོན་མི་ནུས་པའི་ཕྱིར་དང་། ནུས་ནའང་། སེམས་བསྐྱེད་པའི་ལྡོག་ཕྱོགས་ནི་ཕམ་པར་སྟོན་དགོས་པ་ལས་དེ་མ་བགྲངས་པའི་ཕྱིར་དང་། རྩེ་མོར་དེ་ལས་གཞན་པ་ཞེས་གསུངས་པའི་ཕྱིར་རོ། །ལུང་ཕྱི་མས་ནི་ཕྱག་རྒྱ་སྤངས་པ་ཕམ་པར་བཤད་ལ། དེས་ནི་ཁྱེད་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ་ཕྱག་རྒྱ་མི་བགྲངས་བ་ལ་གནོད་པར་བྱེད་པ་ཡིན་ནོ། །ཞེས་ཟེར་བ་ཡང་ཁེགས་སོ། །དཀོན་མཆོག་གསུམ་བཏང་བ་ལས་ནི། སྡོམ་པ་ཐམས་ཅད་བཏང་བར་འགྱུར་བར་ཉན་ཐོས་པས་ཀྱང་འདོད་ལ། ཐེག་པ་ཆེན་པོ་བཏང་བས་བྱང་ཆུབ་ཀྱི་སེམས་བསྐྱེད་བཏང་བར་མི་འགྱུར་རོ་སྙམ་པའི་ལོག་རྟོག་ཤེས་ལྡན་ལ་སྐྱེ་བའི་སྐབས་མེད་པའི་ཕྱིར་རོ། །ཛཱ་ལནྡྷ་རའི་རྡོ་རྗེ་སློབ་དཔོན་ཀ་མ་དྷེ་ནུ་པས། ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པར། དེ་ནས་དེ་བས་རྟག་ཏུ། ཞེས་བྱ་བ་ནས། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བྱ་བའི་བར་དུ་ཁྱད་པར་གྱི་སྡོམ་པ་ཐུན་མོང་བ་ཕོག་ལ། དེ་ནས་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པ་སློབ་དཔོན་དུ་འོས་པ་ལ་སྦྱིན་ཏེ། ཞེས་གསུངས་ནས། དམ་ཚིག་བསྒྲགས་པའི་སྐབས་སུ། རྡོ་རྗེ་མ་རྣམས་ཉིད་ལ་ནི། །ཞེས་པ་ནི། བཅོམ་ལྡན་འདས་མ་སྐུལ་བྱེད་མ་དང་། རལ་གཅིག་མ་དང་། མཱ་མ་ཀཱི་དང་། སྒྲོལ་མ་ལ་སོགས་པ། ཡེ་ཤེས་རྡོ་རྗེ་ལྟ་བུར་མི་ཕྱེད་པས་རྣལ་འབྱོར་མ་ཉིད་དུ་བསྟན་པ་རྣམས་ལའོ། །རྣལ་འབྱོར་ཅན་གྱིས་ཞེས་པ་ནི་སྔགས་པས་སོ། །བརྙས་མི་བྱ། ཞེས་པ་ནི། བུད་མེད་དུ་གནས་པས་སྨོད་པ་སྲིད་པས་དགག་པ་ཏེ། བུད་མེད་ཤེས་རབ་རང་བཞིན་པས། དེ་ལ་བརྙས་པ་བཅུ་བཞི་པ། །ཞེས་རྩ་བའི་ལྟུང་བ་ཡང་འདི་དག་ལ་བརྙས་པ་ཉིད་ལ་བཞག་གོ །ཞེས་བུད་མེད་ལ་སྨད་པའི་རྩ་ལྟུང་རྣལ་འབྱོར་གྱི་རྒྱུད་ཀྱི་རྩ་ལྟུང་དུ་གསུངས་པས། གཞན་བཅུ་གསུམ་ཡང་བླ་མེད་དང་འདྲ་བར་བཞེད་པར་གསལ་ལོ། །ཞེས་ཟེར་བ་ཡང་མི་འཐད་དེ། ལུང་དེས་ནི། རྩ་ལྟུང་བཅུ་བཞི་པ་དང་། འདི་ཉིད་ཡུལ་འདྲ་བར་བཞག་གི ལྟུང་བ་དེ་རྣལ་འབྱོར་གྱི་རྒྱུད་ཀྱི་རྩ་ལྟུང་དུ་མ་གསུངས་པས། ལྷག་མ་རློམ་ཚོད་ཀྱིས་བཞག་པ་དོན་མེད་པའི་ཕྱིར་རོ།། །། གཉིས་པ་དེའི་རྗེས་སུ་མཐུན་པའི་ཡན་ལག་གི་ལྟུང་བ་ནི། རྩེ་མོ་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་གྱུར། །ཁྱོད་ཀྱི་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པས་ལོག་པར་མི་སྤྱད་ཅིང་། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་དཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་རྣམས་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང་། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང་། །ཕྱག་རྒྱ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་པའི་དོན། སྲོག་གཅོད་མ་བྱིན་ལེན་དང་འདོད་ལོག་དང་། །བརྫུན་སྨྲ་ཆང་དང་བྱ་མིན་བྱ་བ་དང་། །དམ་པ་མི་བསྟེན་མི་མཆོད་སྒོ་གསུམ་དགེ །མི་བྱེད་ལྷ་བརྙེས་ཕྱག་རྒྱ་བཞོན་པ་སོགས། །འགོང་བར་མི་བྱ་རྗེས་མཐུན་བསྲུང་བྱའོ། །ཞེས་པ་སྲོག་གཅོད་ནས་ཆང་སྤོང་བའི་བར་ལྔ་དང་། བྱ་བ་མ་ཡིན་པ་མི་བྱ་བ་དང་། དམ་པ་མི་བསྟེན་པ་དང་། རྣལ་འབྱོར་པ་མི་མཆོད་པ་དང་། དགེ་བའི་ལས་ལམ་བཅུ་མི་བྱེད་པ་དང་། ལྷ་སོགས་བརྙས་པ་དང་། ཕྱག་རྒྱ་དང་བཞོན་པ་ལ་སོགས་འགོང་བར་མི་བྱ་བ་སྟེ། དེ་དག་ལས་འགལ་ན་ཡན་ལག་གི་ལྟུང་བར་འགྱུར་བས་རྩ་བའི་ལྟུང་བ་དང་རྗེས་སུ་མཐུན་པ་ཞེས་བྱའོ། །དེ་བཞིན་དུ་རིགས་ལྔའི་དམ་ཚིག་ལས་ཉམས་པ་ཙམ་ནི། ཡན་ལག་གི་ལྟུང་བར་འགྱུར་བས། སྦོམ་པོ་ཞེས་རྣམ་པར་ཕྱེ་བ་ནི་འདིར་ཟད་ལ། རྣལ་འབྱོར་གྱི་རྒྱུད་སྡེ་སྟོང་ཕྲག་དྲུག་ཏུ་དགག་བསྒྲུབ་རྩ་བ་དང་ཡན་ལག་གི་དམ་ཚིག་དང་ལྟུང་བ་མ་ཕྱེ་བར་ཅི་རིགས་པར་གསུངས་པ་དེ་དག་དང་རྗེས་སུ་མཐུན་པ་སྦྱར་ཏེ་ཤེས་པས་བསྲུང་བར་བྱའོ། །གང་ཞེ་ན། རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གཙོ་བོ་དེ་དག་ལྷར་བླང་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་སེམས་ངེས་པར་འདོར་མི་བྱ། །ལྷ་རྣམས་ལ་ནི་སྨད་མི་བྱ། །སྔགས་དང་ཕྱག་རྒྱ་ནམ་ཡང་མིན། །རྡོ་རྗེ་སློབ་དཔོན་བརྙས་མི་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །བཞོན་པ་མཚོན་ཆ་ཕྱག་མཚན་དང་། །དམན་མ་ལུས་ཀྱི་དྲི་མ་རྣམས། །གྱ་ཚོམ་སུ་ནི་བརྫི་མི་བྱ། །ནམ་ཡང་བཟའ་བར་མི་བྱའོ། །བདག་གིས་སྔོན་ནི་ཇི་ལྟར་མཐོང་། །སེམས་ཅན་གཞན་ལ་བརྗོད་མི་བྱ། །སྔགས་དང་ཕྱག་རྒྱ་བསླབ་པ་ནི། །ནམ་ཡང་དོར་བར་མི་བྱའོ། །སེམས་ཅན་གསད་པར་མི་བྱ་ཞིང་། །ཐེག་པ་གཞན་ལ་དགའ་མི་བྱ། །སེམས་ཅན་དོན་དང་འཁོར་བ་ལས། །ནམ་ཡང་སྐྱོ་བར་མི་བྱའོ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ། །བྱ་བ་མ་ཡིན་རྟག་ཏུ་སྤང་། །ཁྱེད་ཀྱི་དམ་ཚིག་སྡོམ་པ་ཡིན། །ཞེས་པ་ནས། རྒྱུད་རྣམས་ཀུན་གྱི་དམ་ཚིག་མཆོག །ཐམས་ཅད་དུ་ནི་སྦྱར་བར་བྱ། །ཞེས་སོ། །རྟོག་པ་ཐམས་ཅད་བསྡུས་པའི་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་འགྲེལ་པ་ལས། སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །ཡོངས་སུ་གཏང་བར་མི་བྱ་ཞིང་། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །ནམ་ཡང་གཏང་བར་མི་བྱའོ། །དཀོན་མཆོག་གསུམ་ནི་མི་གཏང་སྟེ། །དད་པ་ཡང་ནི་ཡོངས་མི་གཏང་། །སྡོམ་པ་ཡང་ནི་མི་སྤང་ཞིང་། །བདག་ཀྱང་གདུང་བར་མི་བྱའོ། །སློབ་དཔོན་ལ་ནི་མ་སྨོད་ཅིག །བླ་མ་སངས་རྒྱས་ཀུན་དང་མཚུངས། །སྔགས་དང་ཕྱག་རྒྱ་ཐམས་ཅད་ལ། །ནམ་ཡང་སྨོད་པར་མི་བྱའོ། །འཁོར་ལོ་རྡོ་རྗེ་པདྨ་སོགས། །ཅུང་ཟད་མཚན་མར་བྱས་པ་གང་། །དངོས་གྲུབ་འདོད་པ་སྦྱོར་ཤེས་པས། །འགོང་དང་བཟའ་བར་མི་བྱའོ། །དེ་བཞིན་སྨན་མ་ལྷ་ཡི་གྲིབ། །བླ་མའི་སྟན་ལ་སོགས་དེ་བཞིན། །བློ་ཆེན་གྱིས་ནི་རྟག་ཏུ་སྤང་། །རྐང་པས་ཀྱང་ནི་མ་འགོང་ཞིང་། །ལུས་ཀྱི་སྡིག་པ་རྣམ་གསུམ་དང་། །ངག་གི་ཡང་ནི་རྣམ་བཞི་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ཀྱང་། །དེ་བཞིན་ཀུན་ཏུ་མི་སྤྱོད་དོ། །ཞེས་སོ། །རྩེ་མོ་ལས། གཙང་ཞིང་གོས་ཀྱང་གཙང་བ་དང་། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །རྡོ་རྗེ་སེམས་དཔའ་དམ་པ་ཡི། །བསླབ་པའི་ཚིགས་ནི་ཡང་དག་བླང་། །དཀོན་མཆོག་བཞི་ཡི་སྦྱོར་བ་དང་། །ཕྱག་རྒྱ་དེ་ལ་གཞོལ་བར་བྱ། །སངས་རྒྱས་ཆོས་དང་འཕགས་དགེ་འདུན། །སློབ་དཔོན་ཡང་ནི་ཕྱི་མའོ། །ཉིན་རེ་བཞིན་ནི་ཅི་ནུས་པར། །ཁྲུས་བཞི་རབ་ཏུ་སྦྱོར་བར་བྱ། །རྣལ་འབྱོར་ཇི་ལྟར་བཀྲུ་བ་དག །གོ་རིམ་བཞིན་དུ་བཤད་པར་བྱ། །སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བརྗོད་པ་ཡིན། །གཉིས་པ་ཡི་ནི་ཁྲུས་བཤད་པ། །བཤགས་དང་གསོལ་བ་གདབ་སོགས་པའོ། །ཕྱག་རྒྱ་དགྲོལ་བ་གསུམ་པའོ། །བཞི་པ་ཆུ་སྟེ་ཕྱི་མའོ། །ཁྲུས་ཀྱི་ཆོ་ག་འདི་རྣམས་ཀྱིས། །མཁས་པ་རྣམས་ནི་དེ་བཞིན་བཀྲུ། །སྒྲུབ་པ་པོ་ཡིས་ཆོ་ག་ལ། །གོས་གསུམ་དག་ཀྱང་བརྗེ་བར་བྱ། །དང་པོའི་གོས་སུ་བཤད་པ་ནི། །སྡོམ་པ་རྣམས་ལ་གནས་པ་དང་། །སྒྲུབ་པའི་ཆོ་ག་དག་པའོ། །གཉིས་པ་ཁྲེལ་ཡོད་ངོ་ཚ་ཤེས། །གསུམ་པ་ཐུབ་པའི་གོས་རྣམས་ཏེ། །གོས་གསུམ་དུ་ནི་ཡོངས་སུ་བསྒྲགས། །ཐམས་ཅད་བཟའ་དང་འདོད་པ་ནི། །ཁ་ན་མ་ཐོ་གང་མེད་པའོ། །ཤ་ཆང་སྒོག་པ་ལ་སོགས་པ། །བཟའ་བ་མིན་རྣམས་སྤང་བར་བྱ། །དྲི་མ་ཞིམ་དང་མི་གཙང་བའི། །བཟའ་དང་བཏུང་བ་རྣམས་ཀྱང་སྤང་། །གཞན་ལ་གནོད་དང་ལྡན་པ་དག །སེམས་ཀྱིས་ཀྱང་ནི་མི་བྱའོ། །གཡེམ་པ་བདུན་གྱི་སྦྱོར་བ་རྣམས། །མི་སྡུག་བསྒོམ་པས་སྤང་བར་བྱ། །བསོད་ནམས་བྱེད་ལ་རྟག་ཏུ་བརྩོན། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་མཁས། །ཀློག་ཅིང་རྣམ་པར་སེམས་པ་དང་། །ཡང་དང་ཡང་དུ་གསོལ་བ་འདེབས། །དགྲ་དང་ཟུན་དང་ཐ་མལ་ལ། །སེམས་སྙོམས་མི་འཇིགས་རབ་ཏུ་སྦྱིན། །ཞེ་སྡང་འཇོམས་པའི་བསྒོམས་པ་ནི། །བྱམས་ཤིང་དགའ་ལ་ངེས་པ་ཅན། །ཆོས་དང་གང་ཟག་བདག་མེད་པ། །འདུས་བྱས་རྣམས་ཀྱང་འཁྲུལ་པ་ཙམ། །མངོན་སུམ་བློ་ཅན་བརྟན་པ་ནི། །འདུས་བྱས་ཀུན་གྱིས་མི་རྨོངས་སོ། །སྲོག་ལ་དམན་པར་གྱུར་ན་ཡང་། །བྱང་ཆུབ་སེམས་ནི་མི་བཏང་ཞིང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་དུ་བཏང་བར་མི་བྱའོ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་འདྲ། །སྦྱོར་བ་ལྷོད་པར་མ་གྱུར་པས། །གོ་ཆ་རབ་ཏུ་བརྟན་པར་བགོས། །ཕ་རོལ་ཕྱིན་དྲུག་སྤྱད་པ་ཡང་། །རིམ་པ་བཞིན་དུ་བསླབ་པར་བྱ། །སེམས་ཅན་ཀུན་གྱི་དོན་དང་ལྡན། །བྱང་ཆུབ་སེམས་དཔའི་ཚུལ་ལ་ནི། །ཁ་ན་མ་ཐོ་རྡུལ་ཙམ་ལའང་། །སྲོག་ལ་ཡང་ནི་མི་ལྟའོ། །རབ་ཏུ་བྱུང་དང་ཁྱིམ་པ་ཡི། །འདུ་འཛི་ཀུན་ཀྱང་རྣམ་པར་སྤང་། །བུ་དང་ཆུང་མ་དག་ལ་ཡང་། །སྲིད་པའི་འཆིང་བ་ལས་གྲོལ་བྱ། །བརྐམ་དང་ཆགས་དང་གདུག་པ་མེད། །རྨོངས་པ་དང་ནི་ལེ་ལོ་མེད། །བག་ཡོད་སྤྱོད་ཅིང་བརྩོན་འགྲུས་ཆེས། །རྣལ་འབྱོར་བསྒྲུབ་པ་བསྒྲུབ་པར་བྱ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །ཡང་དག་ཉིད་ཀྱི་ལམ་སྟོན་པ། །དགོངས་པའི་ཚིག་ལ་རབ་ཏུ་མཁས། །དོན་ཤེས་དོན་ནི་རྟོགས་པར་འགྱུར། །ཚུལ་དང་ཚུལ་མིན་ཆོ་གའང་ཤེས། །དེ་ཉིད་རྣལ་འབྱོར་རབ་ཏུ་མཁས། །སེམས་ཅན་ཀུན་ལ་རབ་ཏུ་བྱམས། །བྱང་ཆུབ་སྤྱོད་པའི་དོན་སེམས་པ། །འདི་འདྲའི་ཚུལ་ནི་བཟང་པོ་ལ། །དེ་ལྟ་བུ་ཡིས་སྒྲུབ་པ་ཡིས། །གྲོལ་བ་དང་ནི་དངོས་གྲུབ་ཐོབ། །དངོས་གྲུབ་ཐམས་ཅད་ཐོགས་པ་མེད། །ཕྱོགས་དང་གོས་དང་ཟས་རྣམས་ལ། །འབགས་པ་ཐམས་ཅད་རྣམ་པར་སྤང་། །ལྷ་རྣམས་སྨད་པར་མི་བྱ་ཞིང་། །གནོད་པ་ཡང་ནི་སྤང་བར་བྱ། །ཉི་མ་རེ་རེ་རབ་བསྡམ་ཞིང་། །བསྲུང་བའི་ཆོ་ག་བྱས་པ་ལ། །བགེགས་ནི་མེད་ཀྱི་འཇིགས་མི་བྱ། །སེམས་ནི་རབ་ཏུ་གདུལ་དཀའ་འདིས། །བགེགས་ནི་ཅུང་ཟད་མེད་སྙམ་པས། །སེམས་ནི་དག་པ་ཉིད་དུ་འགྱུར། །རང་གི་སེམས་ནི་བདུད་ཅེས་གསུངས། །རང་གི་སེམས་ཉིད་བགེགས་ཡིན་ཏེ། །རྣམ་པར་རྟོག་པ་ཐམས་ཅད་སྤང་། །རྣམ་པར་རྟོག་ལས་བགེགས་ཀུན་འབྱུང་། །གདུལ་དཀའི་སེམས་ནི་རབ་གཟུང་ནས། །འདོད་པ་ལྔ་ནི་སྤང་བར་བྱ། །སྔོན་གྱི་རྗེས་དྲན་ནས་བརྩམས་ཏེ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །འཇིག་རྟེན་ན་ནི་གང་ཟག་བཞི། །བསྐལ་པ་བརྒྱར་ནི་བརྩོན་བྱས་ཤིང་། །ཆོ་ག་བཞིན་དུ་ཀུན་སྤྱད་ཀྱང་། །དེ་དག་འགྲུབ་པར་ཡོངས་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །གང་ཞིག་བཀའ་སྩལ་མི་བྱེད་དང་། །མ་དད་པས་ནི་མི་འགྲུབ་བོ། །ཕ་དང་མར་ནི་འཛིན་པ་དང་། །ཚངས་དང་དགེ་སྤྱོད་ལ་འབད་པ། །གཙང་ཞིང་ཞི་ལ་དུལ་བ་དང་། །བསྡམས་ཤིང་ཐར་པ་ལ་སེམས་པ། །རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སོགས་ཕྱིར་མིན། །གཞན་དུ་སེམས་ཅན་ཐམས་ཅད་ཕྱིར། །རྫོགས་པའི་བྱང་ཆུབ་ངེས་པར་བྱ། །དེ་བཞིན་ཁ་ཟས་ཚོད་ཤེས་ཤིང་། །མཚན་མོ་མི་ཉལ་བ་ལ་དགའ། །འདོད་ཆགས་ཞེ་སྡང་ལ་སོགས་བྱུང་། །སེམས་ཀྱིས་རྣམ་པར་མི་བརྟག་གོ །སེམས་ནི་ཤིན་ཏུ་དང་བཅས་ནས། །མི་གཡོ་བར་ནི་ངེས་བྱས་ལ། །ལེགས་བཤད་ཤིན་ཏུ་རྣམ་ཕྱེ་བའི། །ཆོས་ཀྱི་དོན་ལ་མངོན་པར་དགའ། །སེམས་ཅན་གནོད་ལ་སོགས་པའི་རྒྱུ། །དྲག་ཤུལ་སྤྱོད་པའི་ལས་མི་བྱེད། སེམས་ཅན་གདུག་པ་ལ་སོགས་པའི། །ཉེས་པ་དག་ཀྱང་རབ་ཏུ་བཟོད། །རིག་སྔགས་མཚོན་དང་དེ་བཞིན་མཚན། །ལྷ་ཡི་བཅིབས་པ་རྣམས་དང་ནི། །དམན་པ་དག་དང་ལྷ་ཡི་གྲིབ། །ལྷ་ཡི་མཚན་མ་ལ་སོགས་ཀུན། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མའི་གཟུགས་སུ་བྱས་པ་རྣམས། །མི་འགོང་ཞིང་ནི་མི་བཟའ་སྟེ། །ནམ་ཡང་བརྫི་བར་མི་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་དག་ནི། །ནམ་ཡང་སྤྱད་པར་མི་བྱའོ། །ཐ་ན་རྡུལ་གྱི་ལྷག་མ་དང་། །བདུག་སྤོས་དག་ཀྱང་མི་མནམ་མོ། །ཞེས་དང་། དཔལ་མཆོག་ལས་ཀྱང་། དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱེད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །གང་ཞིག་སྐྱེད་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་དོགས་མེད་པའོ། །དམ་པའི་ཆོས་ནི་མི་སྨད་ཅིང་། །ནམ་ཡང་བཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །བཀའ་ཐུབ་ཀྱིས་ཀྱང་མ་གདུང་ཞིག །ཅི་རིགས་པར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེས་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་དམྱལ་ལྟུང་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་ཕྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་མཆོག་དག་གིས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་པས་ལྟུང་བ་འབྱུང་བའི་རྒྱུ་ཡང་མི་ཤེས་པ་གཏི་མུག་ཅན་དང་། ཤེས་བཞིན་དུ་ལེ་ལོ་བྱས་པ་དང་། བག་མེད་པར་གྱུར་པས་མི་དྲན་པ་གསུམ་མོ། །རྩ་བ་དང་ཡན་ལག་གི་བརྩི་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ་བཞིན་ཀུན་དཀྲིས་ཀྱི་དབང་ལས་ཡིན་ལ། ཡན་ལག་གི་ལྟུང་བ་ཕལ་མོ་ཆེ་ལ་གནས་པའི་སྐབས་ཡོད་པར་ཡང་། མི་ཤེས་པའམ་གཏི་མུག་དང་། །དེ་བཞིན་ལེ་ལོའམ་མི་དྲན་པས། །རྡོ་རྗེ་རི་མོ་ལ་སོགས་བརྫིས། །ངེས་པར་དམ་ཚིག་ཉམས་པར་འགྱུར། །ཞེས་དང་། དམན་མ་རི་མོ་རྡོ་རྗེ་མཚན། །སངས་རྒྱས་ཕྱག་རྒྱ་ལ་སོགས་ཚོགས། །མནན་ནམ་བརྫིས་པར་གྱུར་པ་ཡང་། །རྡོ་རྗེ་ཤུགས་ལྡན་ཉེས་མི་འགྱུར། །ཞེས་དང་། རྡོ་རྗེ་སེམས་དཔའི་གནས་འདུག་སྟེ། །ཐམས་ཅད་ཟོས་ཤིང་ཀུན་བྱས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་རོ། །ཞེས་སོ།། །། གསུམ་པ་ཉམས་སུ་བླང་བའི་དམ་ཚིག་ནི། སྐུ་གསུང་ཐུགས་ཀྱི་གསང་བ་རྡོར་སེམས་དང་། །འདོད་ཆགས་སྙོམས་ཞུགས་དེ་བཞིན་གཤེགས་པའི་རིགས། །དེ་བཞིན་ཁྲོ་བོ་ཆེར་སྟོན་རྡོ་རྗེ་དང་། །རང་བཞིན་དག་ཤེས་དགོས་པ་དེ་དང་དེ། །བྱེད་པ་པདྨ་རིན་ཆེན་ལ་འདོད་སྦྱིན། །ཉམས་ལེན་དམ་ཚིག །ཅེས་པ། རྩ་བའི་རྒྱུད་ཆེན་པོ་ལས། སྐུ་དང་གསུང་དང་ཐུགས་གསང་བ། །མཁས་པ་ཡིས་ནི་བསྲུང་བར་བྱའི། །བསྲུང་ན་བསོད་ནམས་ཆེན་པོ་ནི། །ཐམས་ཅད་ཀུན་ཏུ་སྐྱེ་བར་འགྱུར། །གང་དག་དུ་མ་རྒྱ་ཆེན་པོ། །ཁ་དོག་དང་ནི་དབྱིབས་དང་གདན། །ཕྱག་བསྐྱོད་ལ་སོགས་གཟུགས་འདི་ནི། །སྐུ་ཡི་གསང་བར་རིག་པར་བྱ། །རྡོ་རྗེ་ཚིག་གིས་སྦྱོར་བ་ཡིས། །སྨྲ་བ་ཆོས་ཀྱི་ཕྱག་རྒྱ་ཆེ། །འདི་ནི་གསལ་བར་གསུངས་གསང་བ། །རྡོ་རྗེ་ཚིག་ནི་སྨྲ་མེད་པའོ། །རང་གི་སེམས་ནི་རབ་རྟོགས་པས། །ཟླ་བ་ལ་ནི་རྡོ་རྗེ་བསྒོམ། །རྣམ་གསུམ་གཅིག་ཏུ་སྒོམ་པ་ནི། །ཐུགས་ཀྱི་གསང་བ་འདི་ཞེས་བྱ། །དེ་དག་དེ་ཉིད་མཆོག་ཆེན་པོ། །རྟག་ཏུ་ཡང་དང་ཡང་བསྒོམས་ན། །གསུམ་གྱིས་སྦྱོར་བས་འགྲུབ་འགྱུར་ཏེ། །གཞན་དུ་མིན་ཞེས་ཀུན་མཁྱེན་གསུངས། །གསང་བ་གསུམ་གྱི་ཆོ་ག་ཡིས། །ཕྱག་རྒྱ་ཐམས་ཅད་ཤིན་ཏུ་བསྡུས། དེ་བས་རྣམ་པ་ཐམས་ཅད་དུ། །གསང་བ་རྣམ་གསུམ་རྣམ་པར་སྦ། །སྐུ་དང་གསུང་དང་ཐུགས་གསང་བ། །མཁས་པས་དམ་ཚིག་བསྲུང་བར་བྱ། །ཞེས་དང་། རྩ་རྒྱུད་དེ་ཉིད་བསྡུས་པ་ལས། གང་དག་འདོད་ཆགས་སྙོམས་འཇུག་པ། །དེ་ནི་འདོད་ཆགས་ཉིད་ཀྱིས་སྤྱད། །འདི་ནི་སངས་རྒྱས་ཕྱག་རྒྱ་ཆེ། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །ཅེས་དང་། འདོད་ལ་སྐྱོ་བར་མི་བྱ་བ། །དམ་ཚིག་ཤིན་ཏུ་ཚུལ་ཆེན་ཏེ། །དེ་བཞིན་གཤེགས་པའི་རིགས་དག་ལ། །རྒྱལ་བ་རྣམས་ཀྱང་འདའ་མི་མཛད། །ཅེས་དང་། སེམས་ཅན་དོན་ཕྱིར་མི་ཁྲོ་བའང་། །ཁྲོ་བོ་ཆེན་པོ་རབ་སྟོན་པ། །འདི་ནི་རྡོ་རྗེ་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་དང་། རང་བཞིན་དག་པར་ཤེས་ནས་ནི། །དགོས་པ་དེ་དང་དེ་དག་བྱེད། །འདི་ནི་པདྨའི་རིགས་ཅན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་དང་། ཉུང་ངམ་ཡང་ན་མང་ཡང་རུང་། །ཇི་ལྟར་འདོད་པ་བཞིན་དུ་ནི། །སྦྱིན་པ་ཉིན་གཅིག་བཞིན་དུ་ཡང་། །བྱ་བ་འདི་ནི་དམ་ཚིག་གོ །ཞེས་དང་། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་པའི་དོན་ལ། གསང་བ་གསུམ་ནི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ། གསུང་ཆོས་ཀྱི་བཟླས་པ། ཐུགས་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་དམ་ཚིག་ཟླ་བ་རྡོ་རྗེ་བསྐྱེད་པའོ། །གཞན་རྣམས་ནི། ཨ་བ་ཏཱ་ར་ལས། དེ་བས་ན་རྣལ་འབྱོར་པ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་། སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམ་པར་སྦྱོང་བའི་ཐབས་དཔལ་རྡོ་རྗེ་ལ་སོགས་པའི་མཚན་ཉིད། འདོད་པའི་ཡོན་ཏན་རྣམས་ལ་བརྟེན་པར་རྗེས་སུ་ཆགས་པར་བྱའི། ཉན་ཐོས་ལྟ་བུར་ཕུང་པོའི་ལྷག་མ་མ་ལུས་པའི་དབྱིངས་ལ་གཞོལ་བས། རྣམ་པ་ཐམས་ཅད་དུ་གཟུགས་ལ་སོགས་པའི་ཕུང་པོ་ལ་སྐྱོ་བ་སྐྱེད་པར་མི་བྱའོ། །དེ་བཞིན་དུ་གདུག་པའི་སྐྱེ་བོ་བདག་དང་གཞན་ལ་གནོད་པར་སྦྱོར་ཞིང་ངན་པར་སྤྱོད་པ་རྣམས་ལ་བསྡིགས་པར་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས་སུ་བྱའོ། །ལས་ཐམས་ཅད་ལ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པར་བལྟས་ནས་མ་ཆགས་པར་བྱའོ། །ཐབས་ཀྱིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་མོས་པས་འགྲོ་བ་མ་ལུས་པའི་དོན་བྱ་བ་དང་། དེ་སྒྲུབ་པ་ལ་ཆགས་པར་བྱའོ། །བདག་ལ་སྦྱིན་པར་བྱ་བའི་དངོས་པོ་མང་དུ་མི་བདོག་གོ་ཞེས་ཉིན་རེ་བཞིན་སྦྱིན་པའི་བར་ཆད་མི་བྱའི། ཅི་ནུས་པར་ཆུང་ངམ་ངན་ཀྱང་སླ། སྦྱིན་པ་སྦྱིན་པར་བྱ་སྟེ། ཡོངས་ཡེ་དེས་འདི་ལས་འདའ་བར་མི་བྱའོ། །ཞེས་གསུངས་པ་ཉིད་དེ། རྒྱས་པར་དུམ་བུ་རང་རང་གི་རྣལ་འབྱོར་གྱི་ཚུལ་ལས་སོ། །ཉམས་ན་བཟླས་པ་དང་། ཞི་བའི་སྦྱིན་སྲེག་དབང་ནོད་སོགས་ཀྱིས་འཆོས། འཇུག་པའི་སྒོ་ཡིན། ཞེས་པས་ཕྱིར་བཅོས་པའི་ཚུལ་ནི་འདིར་བཤད་པ་དག་དང་། འཆད་པར་འགྱུར་བར་ཉི་ཤུ་ལྔ་པའི་སྐབས་ལས་སོ།། །། གསུམ་པ་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ལ། ཐུན་མོང་གི་ཐབས་དང་། འདས་པའི་དངོས་གྲུབ་སྒྲུབ་བྱེད་སེམས་ཅན་དབང་པོ་རབ་རྗེས་སུ་འཛིན་པའི་ཐབས་དང་། བསྒོམ་པས་སྐྲག་ཅིང་བྱ་བ་ལ་ཞེན་པ་ཅན་གྱི་དབང་པོ་དམན་པ་རྗེས་སུ་གཟུང་བའི་ཐབས་དང་གསུམ་ལས་དང་པོ་ནི། དང་པོར་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་རྣམ་པ་གསུམ། །མི་ནུས་རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཐམས་ཅད་རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་ལྔ། །སློབ་དཔོན་དབང་བྱས་རྣལ་འབྱོར་ཆེ་ཡང་སྟེ། །ཞེས་པ། ཐབས་ཀྱི་གཙོ་བོ་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་ཡིན་ཏེ། དེ་ཉིད་སྣང་བར། དེ་ལ་ཐམས་ཅད་ཀྱི་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་ཡང་ཏིང་ངེ་འཛིན་ཉིད་ནི་དངོས་སུ་ཐབས་ཡིན་ལ། ཞེས་པས་སོ། །ཏིང་ངེ་འཛིན་གསུམ་བསྒོམ་མི་ནུས་པའི་སློབ་མའི་དབང་དུ་བྱས་ནས། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་རྣམས་བསྒོམ་སྟེ། དཔལ་མཆོག་འགྲེལ་པར། དེ་ལ་དེ་ཁོ་ན་ཉིད་རྣམ་པ་ལྔ་བསྒོམས་པས་བདག་ཉིད་རང་གི་ལྷའི་ངོ་བོ་ཉིད་དུ་བསྐྱེད་པ་བསྒོམ་པ་ནི། རྣལ་འབྱོར་ཞེས་བྱའོ། །ཡེ་ཤེས་སེམས་དཔའ་བཅུག་ནས་དེ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་བསྒོམ་པ་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་ཀྱི་རྣལ་འབྱོར་རྣམས་བསྒོམས་པས་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །ཞེས་སོ། །སློབ་དཔོན་གྱི་དབང་དུ་བྱས་ནས་རྣལ་འབྱོར་ཆེན་པོའི་ཐུགས་ཀར་དཀྱིལ་འཁོར་བསྒོམ་པ་སྟེ། དེ་ཉིད་སྣང་བར། སློབ་མ་རྣམས་ཀྱི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་བཤད་ནས། སློབ་དཔོན་རྣམས་ཀྱི་དཀྱིལ་འཁོར་བསྒྲུབ་པ་དང་། རང་གི་ལྷ་བསྒྲུབ་པའི་རྣལ་འབྱོར་ཆེན་པོའི་ཆོ་ག་བརྗོད་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་སྒོ་ནས་དངོས་གྲུབ་རབ་འབྲིང་ཐ་གསུམ་སྒྲུབ་པའོ། །གཉིས་པ་ནི། ལྷ་སད་ཆོ་ག་རབ་དང་། ཞེས་པ། རང་གི་དམ་ཚིག་ལ་གནས་པས་གཟུགས་བརྙན་དང་འདྲ་བ་ཉིད་དུ་རྟོགས་ནས། མཆོད་པ་དང་། ཕྱག་རྒྱ་བསྒྲུབ་པ་དང་། ངེས་པ་བསྐྱེད་ནས་བསྒྲུབས་པས་མཚན་མ་ཐོབ་པ་དང་མངོན་ཤེས་བསྒྲུབས་ཏེ། སངས་རྒྱས་ལ་སོགས་པའི་ཆ་ལུགས་འཛིན་པའི་བརཏལ་ཞུགས་ཀྱི་རིགས་ཐམས་ཅད་མཉེས་ཤིང་དབང་དུ་བྱས་ནས་བསྒྲུབ་ལ། ལན་བདུན་བསྒྲུབས་ཀྱང་མ་གྲུབ་ན་ལྷ་སད་པའི་ཆོ་ག་བྱས་ནས་བསྒྲུབ་བོ། །གསུམ་པ་ནི། དམན་པ་ལ། ཚིག་དང་རྡོར་བཟླས་བསྣན་པ་ཐབས་སུ་གསུངས། ཞེས་པ། དཀྱིལ་འཁོར་མཐོང་བའི་དུས་ཀྱི་ངེས་པ་དང་། སྔགས་བཟླས་པའི་གྲངས་དང་། རས་རིས་དང་། ཉེར་སྤྱོད་ལྔ་ལ་སོགས་པའི་མཆོད་པ་དང་། ཕྱག་རྒྱའི་མཆོད་པ་དང་། སྐྱིལ་ཀྲུང་ལ་སོགས་པའི་ངེས་པ་དང་ལྡན་པས་བཟླས་པ་བྱ་བ་ལ། ཚིག་དང་རྡོ་རྗེའི་བཟླས་པ་གཉིས་ལས་ཕྱི་མ་ལ་སློབ་དཔོན་སངས་རྒྱས་གསང་བས། ཀུན་རྫོབ་དམིགས་པ་དང་བཅས་པ་དང་། དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གཉིས་སུ་གསུངས་ཤིང་། དེ་བཞིན་དུ་རྡོ་རྗེ་རྩེ་མོ་ལ་སོགས་པ་རྣམས་སུ་གསུངས་པ་ཡང་ཤེས་པར་བྱའོ། །ཐབས་གསུམ་པོ་དེ་རྣམས་ཀྱིས་གནས་སྐབས་ཀྱི་འབྲས་བུ་ནོར་གྱི་དངོས་གྲུབ་དང་རིག་པ་འཛིན་པ་ལ་སོགས་པ་འགྲུབ་ལ། དེ་ལྟར་གྲུབ་པའི་འབྲས་བུ་དེ་དག་ཀྱང་ཐབས་རྒྱུད་དུ་བསྡུའོ། །བཞི་པ་འབྲས་བུ་རྣམ་པར་བཞག་པ་ནི། རྫོགས་པའི་བྱང་ཆུབ་དེ་ཡི་འབྲས་ཡིན་ལ། །ཞེས་པ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རིགས་བཞིར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། སྤྱོད་པ་མཐའ་ཡས་པ་མི་ཟད་པའི་བཀོད་པ་སྟོན་པའི་རྒྱུད་ཕྱི་མར་གྲུབ་པ་ཡིན་ནོ། །དེ་ཡང་རྒྱུ་རྒྱུད་དེ་ཉིད་བག་ཆགས་དང་བཅས་པའི་དྲི་མ་མ་ལུས་པ་དང་བྲལ་བས་འཁོར་བའི་ཕ་རོལ་ཏུ་སོང་བ་ནི་རྒྱུད་ཕྱི་མའམ། འབྲས་རྒྱུད་དེ། ས་རྣམས་ཀྱི་མཐར་ཕྱིན་པའི་རྒྱལ་བའི་སྐུ་བཞི་འཕྲིན་ལས་དང་བཅས་པ་རྒྱུན་ཆགས་པས་ན་རྒྱུད། ངེས་པའི་ཚིག་ཏུ་ན། སྲིད་པའི་བཙོན་ར་ལས་བརྒལ་བར་གྱུར་པའི་དོན་གྱིས་ན་རྒྱུད་ཕྱི་མ་སྟེ་འབྲས་རྒྱུད་དོ། །རྩེ་མོར། ཅི་ཕྱིར་རྒྱུད་དང་ཕྱི་མ་ཡིན། །ས་མཐར་ཕྱིན་པའི་རྒྱལ་བ་མཆོག །སྲིད་པའི་བཙོན་ར་ལས་བརྒལ་ཡིན། །ཞེས་སོ། ཡང་ན། ཨུཏྟ་ར་ཞེས་པ་བླ་མ་སྟེ། སྔར་ནས་གནས་པའི་རྒྱུན་ཡན་ལག་ཕུལ་དུ་བྱུང་བའི་དོན་གྱིས་ན་རྒྱུད་བླ་མའོ།། །། བཞི་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་བཀྲི་བ་ལ་སྨིན་པར་བྱེད་པའི་དབང་། གྲོལ་བར་བྱེད་པའི་ལམ། བོགས་འདོན་པའི་སྤྱོད་པ། མཐར་ཐུག་པའི་འབྲས་བུ་བཞི་ལས། དང་པོ་ལ། གང་ལ་ནོད་པའི་སློབ་དཔོན། གང་གིས་ནོད་པའི་སློབ་མ། གང་དུ་ནོད་པའི་དཀྱིལ་འཁོར། ཇི་ལྟར་ནོད་པའི་ཆོ་ག གང་ནོད་པའི་དབང་གི་བསླབ་པར་བྱ་བ་བཤད་པ་ལྔ་ལས། དང་པོ་ནི། བླ་མ་ལེགས་བཏགས་ནས། །ཞེས་པ། དཔལ་ལྡན་རྒྱུད་ལས། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེ་དབྱུག་པ་དེ་ཡང་འཛིན་པའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། །ཞེས་པའི་དྲང་བའི་དོན་གྱི་དམ་ཚིག་དང་། བསྐྱེད་རིམ་གྱི་དེ་ཁོ་ན་ཉིད་བསྒོམ་པར་བྱེད་པ་དབང་བདུན་གྱི་སློབ་དཔོན་དང་། ངེས་དོན་གྱི་དམ་ཚིག་དང་། རྫོགས་རིམ་གྱི་དེ་ཁོ་ན་ཉིད་ཤེས་པ་མཆོག་དབང་གོང་མས་ཁྲིད་པར་ནུས་པའི་ཡོན་ཏན་ཅན་ཏེ། གཞན་རྣམས་ནི་ཐུན་མོང་ངོ་། །གཞན་ཡང་། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། དང་བའི་བདག་ཉིད་དབང་པོ་ཐུལ། །ཞེས་གསུངས་ལ། དེ་ལྟ་བུའི་བླ་མ་ཡང་། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་ལ། བརཏལ་ཞུགས་ཀྱི་དབང་གི་དྲི་མེད་འོད་ལས། འདིར་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་ཀྱིས་དུས་གསུམ་དུ་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་བར་བྱ་སྟེ། ཁྱིམ་པ་དང་གསར་བུ་རྣམས་ལ་ནི་དམ་པའི་ཆོས་འཆད་པ་མ་གཏོགས་པར་མ་ཡིན་ནོ། །འདི་ལྟ་སྟེ། འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། །ཁྱིམ་པ་འམ་ནི་གསར་བུ་ལ། །བརཏལ་ཞུགས་འཛིན་པས་བློས་ཕྱག་བྱ། །ཞེས་གསུངས་སོ། །ཞེས་སོ། མཚན་ཉིད་རྣམ་པར་དབྱེ་བ་དེ་དག་གམ་མདོར་བསྡུ་ན། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དགྱེས་པའི་རྡོ་རྗེར་གསུངས་པ་གསུམ་དང་ལྡན་པའོ། །སྤང་བར་བྱ་བ་ནི། ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་དམ་ཚིག་རྣམ་བྲལ་རྫས་ལ་བརྐམ་ཤིང་ཐོས་པ་དག་ཀྱང་མེད། །སློབ་མ་རྣམས་ནི་བསླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ཤིང་དབང་པོའི་དོན་དུ་འདོད་ལྡན་པ། དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། །ཞེས་པས། །གདུག་པའི་བླ་མ་བསྟེན་པས་སློབ་མ་རྣམས་ཀྱིས་ཐར་པའི་ཆེད་ཀྱི་ཆོས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ལམ་རྣམ་དག་མི་ཤེས་པའམ་ཤེས་ཀྱང་རྫས་ལ་ཆགས་པས་མི་སྟེར་བ་ལ་སོགས་པའི་དབང་ལས་སོ། །དེའི་ཕྱིར་རྣམ་པ་ཀུན་ཏུ་ཡོངས་སུ་བརྟགས་ནས་སྐྱོན་དང་བྲལ་བའི་བླ་མ་བསྟེན་ཞིང་སྐྱོན་དང་ལྡན་པ་སྤང་བར་བྱ་སྟེ། དོན་དམ་པའི་བསྙེན་པར། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མས་འདོད་པའི་བླ་མ་གསེར་བཞིན་དུ། །ལེགས་པར་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་སོ།། །། གཉིས་པ་གང་གིས་ནོད་པའི་སློབ་མ་ནི། ཚུལ་གསུམ་གྱི་སྒྲོན་མ་ལས། གང་ཞིག་དེའི་རིགས་སུ་གཏོགས་པ་དང་གཞན་དུ་གོམས་པའི་སྟབས་ཀྱིས་བྱ་བ་ཐམས་ཅད་དངོས་པོ་ཐམས་ཅད་ལ་གཉིས་ཀྱི་འདུ་ཤེས་འཇུག་པར་མི་བྱེད་པའི་བདག་ཉིད་ཆེན་པོ་དེ་རྣམས་ལ་བྱ་བའི་ངེས་པ་མ་གསུངས་ཏེ། ཐམས་ཅད་བྱེད་པ་དང་ཐམས་ཅད་སྤྱོད་པ་ལ་ཡང་དག་པ་མེད་པའི་རྒྱུད་ཐམས་ཅད་ཀྱི་གོང་མར་གྱུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལ། དེའི་དབང་དུ་བྱས་ནས། ཨུཏྤལ་པད་གཉིས་ཙན་དན་རིན་ཆེན་ནམ། །དོན་ཉེར་གཉིས་སམ་ལས་དང་སྦྱངས་པ་ཅན། །གང་རུང་སློབ་མས། ཞེས་སྨོས་ཏེ། དེ་ཡང་དཔལ་ལྡན་རྒྱུད་དུ། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་པ་ལ། དྲི་མེད་འོད་དུ། དེ་ནི་ཟབ་ཅིང་ཞེས་པ་ལ་སོགས་པས་ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་གི་དོན་དུ་སློབ་མ་དམ་པའི་མཚན་ཉིད་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་ལ་སློབ་མ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བ་དང་། གཉིས་པ་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བའོ། །གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྟོང་པ་ཉིད་ཀྱི་ལམ་སྒོམ་པའི་དོན་དུ་བུམ་པ་དང་གསང་བ་ལ་སོགས་པའི་དབང་གིས་ཡང་དག་པར་བསྡུ་བར་བྱའོ། །གང་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྔགས་དང་ཕྱག་རྒྱ་དང་། དཀྱིལ་འཁོར་སྒོམ་པའི་དོན་དུ་དབང་བདུན་གྱིས་ཡང་དག་པར་བསྡུ་བར་བྱ་སྟེ། འབྲིང་པོ་བསོད་ནམས་དག་གི་རྒྱུར་ཞེས་སོ། །ཐ་མ་ནི་དབང་གིས་ཡང་དག་པར་བསྡུ་བར་བྱ་བ་མིན་ཏེ། དགེ་བསྙེན་གྱི་བསླབ་པས་ཡང་དག་པར་བསྡུ་བར་བྱའོ་ཞེས་པ་ནི་ངེས་པའོ། །ཞེས་གསུངས་ལ། ཐ་མ་ཐེག་དམན་གྱི་རིགས་ཅན་དེའི་དབང་དུ་མཛད་ནས། བརྟག་པ་གཉིས་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། མི་དགེ་བཅུ་པོ་ཡོངས་སྤོང་བར། །བྱེད་པ་དེ་ནི་དགེ་བསྙེན་ཏེ། །བསླབ་པའི་གནས་བཅུ་རབ་སྦྱིན་པ། །སྲུང་བྱེད་དེ་ནི་དགེ་ཚུལ་ཡིན། །བསླབ་པ་བྱེ་བའི་གནས་བྱིན་པས། །བརཏལ་ཞུགས་བྱེད་པ་དགེ་སློང་ངོ་། །ཞེས་གསུངས་པས། དེ་ཡང་སྦྱང་བའི་རིམ་པ་དེ་ལྟ་བུས་ཚེ་འདིར་སྔགས་ཀྱི་ཐེག་པའི་དངོས་གྲུབ་མཆོག་གི་སྣོད་དུ་འགྱུར་བའི་ཕྱིར། བླ་ན་མེད་པའི་རྒྱུད་འདིའི་སྒོར་རིམ་གྱིས་འཇུག་པ་དང་། དང་པོ་ནས་འཇུག་པ་གཉིས་བཤད་ལ། དང་པོ་ནས་འཇུག་པའི་སྐལ་བ་དང་ལྡན་པ་དེ་ལ་ཡང་། གསང་བ་འདུས་པ་ལས་གང་ཟག་ལྔར་གསུངས་ལ། དེ་དག་གི་མཚན་ཉིད་ཀྱང་གཞལ་བར་བྱ་བའི་དངོས་པོ་མ་ལུས་པ་བླ་མ་ལ་ཐོས་པའི་མོད། ཚིག་དོན་འཛིན་པ་ལ་མཁས་ལ། དེ་མ་ཐག་བརྗེད་པར་འགྱུར་བའི་གང་ཟག་དེ་ནི་ཨུཏྤལ་ཆུ་ན་གནས་པའི་ཚེ་དྲི་ཞིམ་པོ་འཛིན་ཅིང་རྙིད་པ་མེད་ལ། ཆུ་ནས་བཏོན་མ་ཐག་རྙིད་ཅིང་དྲི་ཡལ་བ་དང་འདྲ་བས་ཨུཏྤལ་ལྟ་བུ་སྟེ། ཟླ་བ་གྲགས་པས། དངོས་པོ་མ་ལུས་ལེགས་ཐོས་ནས། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗེད་འགྱུར་བ། །ཨུཏྤལ་ཞེས་བྱའི་གང་ཟག་གོ །ཞེས་གསུངས་སོ། །མང་དུ་ཐོས་ཤིང་བསམ་པའི་ཤེས་རབ་ཀྱིས་ལེགས་པར་རྟོགས་ན་ཡང་བུམ་པའི་ནང་རས་བལ་གྱི་ས་བོན་གྱིས་བཀང་བ་གས་ན་འཕེལ་བས་སླར་མི་ཐོན་པ་ལྟར། གཞན་ལ་སྟོན་པའི་ནུས་པ་མེད་པའི་གང་ཟག་ནི། པདྨ་དཀར་པོའི་དྲི་གཞན་དུ་མི་འཕྲོ་བར་རང་གི་ལྟེ་བའི་སྦུབས་སུ་འཁོར་བ་དང་འདྲ་བས་པད་དཀར་ལྟ་བུ་སྟེ། དེ་ཉིད་ཀྱིས། ཐོས་ཤིང་གཟུང་ལ་རྟོགས་ན་ཡང་། །ཕལ་ཆེར་སྟོན་པའི་ནུས་མེད་པ། །བུམ་པའི་རས་བལ་ས་བོན་བཞིན། །པད་དཀར་ཞེས་བྱའི་གང་ཟག་གོ །ཞེས་སོ། དང་དང་ལྡན། སྙིང་རྗེ་དང་ཤེས་རབ་ཡོད་ཆོས་ཐོས་པས་གཞན་གྱིས་བློའི་ཁ་འབྱེད་པར་ནུས་ཀྱང་ཚིགས་མེད་པའི་འོད་མའི་ཕྱོགས་གཅིག་ནས་ཆུ་བླུགས་ཀྱང་ཕྱོགས་གཅིག་ནས་ཐོན་པ་བཞིན་དུ། སྣོད་དང་སྣོད་མ་ཡིན་པ་མི་ཤེས་པར་འཆོལ་བར་སྟོན་པ་སྟེ། པདྨ་དྲི་ཞིམ་པའི་ཡོན་ཏན་ལྡན་ཀྱང་ལྟེ་བར་ཡོད་པའི་ཟིལ་པ་ཉི་མ་ཤར་མ་ཐག་འཛིན་མི་ནུས་པས་མེད་པར་འགྱུར་བ་དང་འདྲ་བས་པདྨ་ལྟ་བུ་སྟེ། དད་ལྡན་ཤེས་དང་སྙིང་རྗེར་ལྡན། །ཐོས་ནས་སྙིང་གི་ཁ་འབྱེད་ལ། །ཚིགས་མེད་འོད་མ་བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ །ཞེས་སོ། །ཐོས་པ་ཉུང་ཞིང་ཐམས་ཅད་ཤེས་སོ་སྙམ་པའི་ང་རྒྱལ་དང་ལྡན་ཞིང་ལུང་རིགས་ཀྱིས་རྩ་བ་མེད་པར་མང་དུ་སྨྲ་བ་སྐྱོན་དེ་རྣམས་བསལ་ནས་ཡོན་ཏན་དང་ལྡན་པར་རྗེས་སུ་འཛིན་ནུས་པའི་བྱེད་པ་པོར་མི་འགྱུར་བའི་གང་ཟག་ནི། ཙན་དན་འབྲས་བུ་མེད་ཅིང་ཚེར་མ་མང་བ་སྦྲུལ་གདུག་པས་དཀྲིས་པའི་དྲུང་དུ་ཉེར་མི་རུང་དང་འདྲ་བས་ཙན་དན་ལྟ་བུ་སྟེ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་འཛིན་ནུས་པའི་བྱེད་པོ་མིན། །ཙན་དན་ཞེས་བྱའི་གང་ཟག་གོ །ཞེས་སོ། །ཚུལ་ཁྲིམས་དག་པ་བརཏལ་ཞུགས་མ་ཉམས་པ་དང་། མཁས་པ་ཐོས་བསམ་གྱི་ཤེས་པའི་ཕུལ་དུ་ཕྱིན་པ་དང་། སྒྲིན་པ་དགེ་བ་ལ་སྤྲོ་བ་དང་། ཤེས་རབ་དང་ལྡན་པ་རང་བཞིན་གྱི་བློ་རྣོ་བ་དང་། རྒྱུད་གཅིག་པ་བགྲོད་པ་གཅིག་པའི་ལམ་འདི་ཁོ་ནར་ལྷག་པར་མོས་པ་སྟེ། ཐམས་ཅད་དུ་ཡང་ཆོས་ཐོས་པ་བདེན་པ་གཉིས་གཉིས་སུ་མེད་པ་ལ་སྦྱོར་བར་བྱེད་པ་དང་། ཐོས་པ་རྣམས་རང་གི་འདོད་པ་གཞན་གྱི་གྲུབ་མཐའ་དང་མ་འདྲེས་པར་ལུང་བཞིན་དུ་ལེགས་པར་སྟོན་པའི་གང་ཟག་ནི། རིན་པོ་ཆེ་རྙེད་དཀའ་ཞིང་འདོད་པའི་འབྲས་བུ་འབྱིན་པ་དང་འདྲ་བས་རིན་པོ་ཆེ་ལྟ་བུ་སྟེ། ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ །ཞེས་གསུངས་ལ། ཙན་དན་ནི་བེམ་པོའི་རིགས། ཨུཏྤལ་དབང་པོ་ཐ་མ། པད་དཀར་འབྲིང་། པདྨ་ནི་རབ་སྟེ། གང་ཟག་བཞི་པོ་འདི་དག་ནི་ཚོགས་པ་ལ་བཤད་པའི་སྣོད་དོ། །ཙན་དན་ལྟ་བུ་ཡང་ཉན་འདོད་པའི་བྱེ་བྲག་ཡིན་པས་དེའི་སྣོད་དུ་རུང་ལ། རིམ་གྱིས་སྦྱངས་ན་དེའང་བློ་མཆོག་ཏུ་འགྱུར་རོ། །དེ་ལྟར་ཡང་། ཨུཏྤལ་དེ་བཞིན་པད་དཀར་དང་། །པདྨ་ཙན་དན་ཉིད་དག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །ཞེས་སོ། །ཡང་། རབ་རིན་པོ་ཆེ་ལྟ་བུའི་གང་ཟག་ནི་སློབ་མར་བཤད་པའི་སྣོད་ཡིན་ཏེ། རྫོགས་པའི་རིམ་པའི་སྐལ་ལྡན་ཞིང་། །དམ་པའི་སྤྱོད་པས་རྣམ་རྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །ཞེས་གསུངས་ལ། འདི་ལ་ཡང་ལས་དང་པོ་པ་རྫོགས་པའི་རིམ་པར་རིམ་གྱིས་འཁྲིད་པར་བྱ་དགོས་པ་ཞིག་དང་། སྦྱངས་པ་ཅན་ཅིག་ཅར་དུ་ཁྲིད་ཆོག་པ་གཉིས་སུ་ཇོ་བོ་ནཱ་རོ་པ་བཞེད་དེ། ཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །རིམ་སྐྱེས་པ་ཡི་སྨན་ཆེན་འདི། །ཅིག་ཅར་བ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་འདི་བསྟན་པར་བྱ། །ཞེས་དང་། གང་ཟག་དང་པོའི་ལས་ཅན་ལ། །རིམ་སྐྱེས་པ་འདི་བསྟན་པར་བྱ། །ཞེས་གསུངས་ལ། ཐོད་བརྒལ་བ་ཞིག་ཀྱང་གསུངས་ཏེ་དེ་ནི་ལས་དང་པོ་པ་ཉིད་ལས་ཕྱེ་བ་ཡིན་ནོ།། །། གསུམ་པ་གང་དུ་ནོད་པའི་དཀྱིལ་འཁོར་ནི། དྲི་མ་མེད་པའི་འོད་ལས། རྒྱུ་དེས་ན་ཟླ་བ་བཟང་པོས་གསོལ་བ་བཏབ་པ་འདི་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་དོན་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ནི་མིན་ནོ། །འདིར་ཡེ་ཤེས་བསྒྲུབ་པའི་སླད་དུ་མཆོག་གི་དཀྱིལ་འཁོར་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་པ་སྟེ། དེའི་ཕྱིར་བདེ་བ་ཆེན་པོའི་བསྒྲུབ་པ་དང་མཆོག་གི་དབང་བསྐུར་བ་སྦྱིན་པའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མི་འགྱུར་རོ་ཞེས་པའི་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །ཞེས་གསུངས་པས། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གསུངས་ལ། མཆོག་བསྒྲུབ་པའི་དོན་དུ་ནི་དཀྱིལ་འཁོར་རྣམ་པ་གསུམ་དུ་གསུངས་སོ། །ངེས་བརྗོད་བླ་མ་ལས། འདི་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །རྟག་ཏུ་བསྒོམ་ཞིང་བརྗོད་པར་བྱ། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ནས། དཀྱིལ་འཁོར་ལུས་སུ་བཤད་པ་སྟེ། །དཀྱིལ་འཁོར་བྷ་ག་ཡིན་པར་བཤད། །དཀྱིལ་འཁོར་བྱང་ཆུབ་སེམས་ཡིན་ཏེ། །དཀྱིལ་འཁོར་གསུམ་དུ་གསུངས་པའོ། །ས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟའི་དཀྱིལ་འཁོར་ཐམས་ཅད་མཁྱེན། །ཞེས་གསུངས་སོ། །དེ་ཡང་འཇིག་རྟེན་པའི་དངོས་གྲུབ་ནི་རྣམ་པར་རྟོག་པ་ལ་གསལ་སྣང་མཐོན་པས་ཐོབ་པ་ཡིན་པ་དེའི་ཕྱིར། རྒྱུ་དུས་སུ་ཞལ་ཕྱག་གི་རྣམ་པ་ཅན་གྱི་བསྒྱུར་བའི་ལྷ་སྒོམ་པ་ཡིན་ལ། དེ་ཉིད་རྡུལ་ཚོན་དང་། རས་བྲིས་དང་། བློས་བསླང་བའི་དཀྱིལ་འཁོར་གྱིས་མཚོན་པར་བྱེད་ནུས་པས་དབང་བདུན་རྡུལ་ཚོན་གྱིས་དཀྱིལ་འཁོར་དུ་བསྐུར་བར་གསུངས་པ་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་དུ་བསྟན་པའི་བཅུ་གཅིག་པོ་དེ་དག་དང་ཆ་འདྲ་བའི་བུམ་དབང་ཙམ་ནི་དེར་ཡང་མི་རུང་བ་མ་ཡིན་ཏེ། རང་སྣང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒྱུར་བའི་རྣམ་པ་ཅན་ལ་སློབ་པའི་ཆེད་དུ་ཡིན་པས་སོ། །དེ་ནི་དོན་དམ་པའི་དཀྱིལ་འཁོར་བརྡ་ཙམ་གྱིས་བསྟན་པའི་ཕྱིར་བརྡར་བཏགས་པའི་དཀྱིལ་འཁོར་ཞེས་བྱ་སྟེ། རྡོ་རྗེ་མཁའ་འགྲོ་ལས། དཀྱིལ་འཁོར་ཇི་བཞིན་དེ་ཉིད་བཏགས། །ནུས་པ་ཉིད་དུ་རབ་རྟོགས་པ། །རང་གི་ལྷག་པའི་ལྷ་སྦྱོར་བས། །དཀྱིལ་འཁོར་ཆོ་གའི་དངོས་གྲུབ་བོ། །ཞེས་གསུངས་སོ། །ནཱ་རོ་འགྲེལ་ཆེན་དུ། དཔལ་བདེ་བ་རྟོགས་པའི་ལུང་དྲངས་པར་ཡང་། ཐབས་ཀྱི་བདེ་བ་སྡོམ་པ་སྟེ། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་བཤད། །སངས་རྒྱས་ཧཾ་ཡིག་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་ཡུན་མི་རིང་། །གང་ཚེ་སེམས་ཉིད་ཤིན་ཏུ་གནས། །དེ་བཞིན་ཉིད་རྣམས་སྤྱོད་ཡུལ་ལོ། །ཆོས་རྣམས་རང་བཞིན་འོད་གསལ་བས། །དང་པོར་རྣམ་དག་དྲི་མ་མེད། །དཀྱིལ་འཁོར་དེ་བཞིན་ཉིད་གྱུར་ལ། །ཕན་འདོད་རྣམས་ཀྱིས་ཤེས་པར་བྱེད། །ཕུང་པོ་ཁམས་སོགས་ཚོགས་པ་རྣམས། །གང་གིས་ཁྱད་པར་བསྒྱུར་བའི་ཕྱིར། །ལུས་ངག་ཡིད་རྣམས་རན་ཛའི་ཕྱིར། །རཱ་ཛོའི་དཀྱིལ་འཁོར་ཞེས་བྱར་གསུངས། །ཕུང་པོ་ཁམས་སོགས་སྟོན་པའི་ཕྱིར། །ཚོགས་ཀྱི་འཁོར་ལོ་ཞེས་བྱར་བཤད། །ཅེས་པ་ལ་སོགས་པ་གསུངས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ། ཤེས་རབ་མའི་ལུས་ཀྱི་དབང་པོ་སྐུ་རྡོ་རྗེའི་དཀྱིལ་འཁོར་དུ་བུམ་པའི་དབང་དང་། བྷ་ག་གསུང་རྡོ་རྗེའི་དཀྱིལ་འཁོར་དུ་གསང་བའི་དབང་དང་། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་སམ། དབང་གསུམ་པ་དང་བཞི་པ་བསྐུར་བའི་ཕྱིར་མཆོག་བསྒྲུབ་པའི་དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར་གྱི། དང་པོར་ལུས་ཀྱི་དཀྱིལ་འཁོར་ནི། སཾ་པུ་ཊ་ལས། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་འབྱུང་། །ལུས་ཀྱིས་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞི་ཇི་སྐད་གསུངས་པའོ། །ཞེས་པ་ནས། དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །དེ་ནི་ལེན་ཅིང་གཅོད་པའི་ཕྱིར། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་སོ། །འོ་ན་རྩ་རྣམས་ཁོ་ན་སྙིང་པོ་ལེན་གྱི་ལུས་ནི་མ་ཡིན་པས་དཀྱིལ་འཁོར་དུ་མི་འགྱུར་རོ་ཞེ་ན། རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི། །འཁོར་ལོ་ཡང་ནི་དཀྱིལ་འཁོར་བརྗོད། །ཅེས་ཏེ་གང་གིས་ཕྱིར་རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་ཡང་ནི་དཀྱིལ་འཁོར་དུ་བརྗོད་དེ། པགས་པ་དང་རུས་པ་སོགས་ཀྱིས་ཡོངས་སུ་བསྐོར་བའི་ལུས་སུ་བརྗོད་པའི་ཕྱིར་ལུས་ཀྱི་དཀྱིལ་འཁོར་རོ་ཞེས་མན་སྙེར་བཞེད་ལ། འོན་ཀྱང་རྒྱུད་འདིའི་ལུགས་ཀྱི་ལུས་རྟེན་གྱི་དཀྱིལ་འཁོར་རྩ་རྣམས་བརྟེན་པ་ལྷའི་དཀྱིལ་འཁོར་དུ་བསྟན་ནོ། །བྷ་གའི་དཀྱིལ་འཁོར་ནི། རྒྱུད་དེ་ཉིད་ལས། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་རཱ་ལི་རྣམ་པར་བྱུང་། །བཙུན་མོའི་བྷ་ག་ཞེས་ཀྱང་བྱ། །ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད། །དེ་ཡི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །ཞེས་གསུངས་པས། བྷ་ག་གྲུ་གསུམ་ཉིད་རྩ་དང་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོ་ལེན་པས་རྟེན་གྱི་དཀྱིལ་འཁོར་ཡིན་ལ། དེའི་དབུས་ན་གནས་པའི་རྩ་མིའི་སྣ་ལྟ་བུ་པགས་པས་གཡོགས་པ་ལིངྒ་དང་མཚུངས་པ་དེ་རྩ་དབུ་མ་ཆོས་དབྱིངས་དབང་ཕྱུག་མའམ་ཀུན་ཏུ་བཟང་མོ་ཞེས་བྱ་སྟེ། རྩ་སོ་གཉིས་ཀྱི་གཙོ་མོ་ཁུ་ཁྲག་སྡུད་པར་བྱེད་པ་སེམས་ཅན་ཐམས་ཅད་ཀྱིས་སྐྱེད་སྡུད་བྱེད་པ་སྟེ་རྡོ་རྗེ་ཕག་མོའམ་མི་བསྐྱོད་པའི་ངོ་བོ། གཡོན་ན་ཟླ་བ་ཞེས་པ་བྱང་ཆུབ་ཀྱི་སེམས་འབབ་ཅིང་མཐུར་དུ་སེལ་བའི་རླུང་གི་རང་བཞིན་སེམས་ཅན་བསྐྱེད་པར་བྱེད་པ་དེ་འོད་དཔག་མེད། གཡས་ན་རུས་སྦལ་ཞེས་པ་ཐབས་ཀྱི་རང་བཞིན་དེ་རིན་འབྱུང་། མདུན་ན་བརྩོ་བྱེད་འབྱུང་བ་ནི་རྣམ་སྣང་དང་། རྒྱབ་ན་གཞུ་ལས་རྒྱལ་ཤ་འབྱུང་བ་ནི་དོན་གྲུབ་སྟེ། ཤེས་རབ་གཙོ་བོར་བྱས་ནས་སྙིང་པོའི་རྣལ་འབྱོར་མ་ལ་སོགས་པ་བཞིའོ། །དེའི་ཕྱི་ན་རྣམ་ཤེས་བརྒྱད་དག་པའི་རྩ་འདབ་མ་བརྒྱད་སེམས་དཔའ་བརྒྱད་དམ། རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་བསྡུས་པའི་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཡིན་ལ། དེ་ལས་གྱེས་པའི་རྩ་ཉེར་བཞི་ནི་ཐུགས་གསུང་སྐུའི་འཁོར་ལོའི་ལྷ་མོའོ། །རྡོ་རྗེ་བདུད་རྩིའི་རྒྱུད་ལས། བྷ་གའི་པདྨར་ནམ་མཁའ་གང་། །ནམ་མཁའ་ལྔ་ཡི་བརྒྱན་པ་སྟེ། །ལྟེ་བ་གེ་སར་རྣམས་དང་ལྡན། །འདབ་མ་བརྒྱད་ཀྱིས་རྣམ་པར་ཀླུབས། །དེ་དབུས་རྡོ་རྗེ་ཅན་བཞུགས་ཏེ། །བྱང་སེམས་བདུད་རྩི་དང་ལྡན་པ། །ཞེས་པ་དང་། བྷ་གའི་དབུས་སུ་གནས་པ་སྟེ། །རྩ་གཞན་སུམ་ཅུ་རྩ་གཉིས་ལས། །དེ་ཡི་དབུས་སུ་དེ་གཙོ་སྟེ། །ཞེས་གསུངས་ཤིང་། སྡོམ་འབྱུང་ལས་ཀྱང་། གངྒཱ་སིནྡྷུ་གཞན་འཇུག་ཤིང་། །དེ་ཉིད་སྐྱེ་གནས་གཞན་མ་ཡིན། །མཁའ་འགྲོ་གདོང་ཅན་དུ་གཅིག་འགྱུར། །ལོངས་སྤྱོད་རྫོགས་སྐུའི་རང་བཞིན་གྱིས། །ལུས་ལ་བརྟེན་པར་ཤེས་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཧཾ་ཡིག་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ཕྱིར་ཆེན་པོ་ཡང་ཡིན་དགའ་བ་རྒྱས་པར་བྱེད་པའི་ཕྱིར་རིན་པོ་ཆེའང་ཡིན་པས་རིན་པོ་ཆེ་ཆེན་པོ་སྟེ། བདེ་བ་ཆེན་པོ་ཡིན་ལ། དེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཡིན་པས་དཀྱིལ་ཏེ་སྙིང་པོ་ཡིན་ལ། དེ་རང་གི་བདག་ཉིད་ཀྱིས་ལེན་པའི་ཕྱིར་དཀྱིལ་འཁོར་དེ་ཕྱི་རོལ་གཟུགས་སོགས་ཡུལ་དྲུག་ལ་མིག་སོགས་དབང་པོ་རྣམས་ཀྱིས་རང་རང་གི་རྣམ་ཤེས་བསྐྱེད་པའི་ཚུལ་གྱིས་འཇུག་ཅིང་། ནང་གི་ཁུ་རྡུལ་གྱིས་དབང་པོ་དང་སེམས་སེམས་བྱུང་རྣམས་གྲུབ་པའི་རྫས་སུ་གནས་པའི་ཕྱིར། ཕྱི་གཟུགས་སོགས་དང་ནང་རིག་པའི་རང་བཞིན་བྱང་ཆུབ་སེམས་ཁོ་ན་སྟེ་སྦོམ་པོ་གཟུགས་ཕུང་ཕྲ་བ་མིང་བཞི་རྣམས་ངོ་བོ་ཉིད་མེད་པའི་རང་བཞིན་གྱིས་འགྲོ་བ་ལ་ཕན་བསྐྱེད་པར་བྱེད་ལ། དེས་འབྲས་བུ་སངས་རྒྱས་དང་རྒྱུ་བྱང་སེམས་ཀྱི་དམ་ཚིག་དེ་རྟོགས་པའི་དོན་དུ་བྱུང་ཞིང་། དེ་ལྟ་བུའི་དཀྱིལ་འཁོར་དེ་བསྒོམས་པ་ལས་སངས་རྒྱས་ཚེ་འདིར་ཐོབ་ཅིང་། ཉན་རང་ཚངས་སོགས་ཀྱིས་ཀྱང་དཀྱིལ་འཁོར་འདི་གོམས་པས་སངས་རྒྱས་ཐོབ་པར་བྱེད་དོ། །ཞེས། སཾ་པུ་ཊ་ལས། བྱང་ཆུབ་སེམས་ཉིད་རིན་པོ་ཆེ། །དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་ཉིད། །ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཕྱི་རོལ་གཟུགས་དང་དགྲ་ལ་སོགས། །དབང་པོ་ཐམས་ཅད་འཇུག་པའོ། །ནང་གི་ཁུ་བ་ལ་སོགས་པ། །གྲུབ་པའི་རྫས་ནི་རྣམ་པར་གནས། །ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས། །རྡོ་རྗེ་ཅན་གྱི་བྱང་ཆུབ་སེམས། །སྦོམ་དང་ཕྲ་བའི་རང་བཞིན་གྱིས། །འགྲོ་བའི་གཉེན་གྱིས་རང་བཞིན་ཅན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དམ་ཚིག་དོན་དུ་གསུངས་པས་ན། །དཀྱིལ་འཁོར་གོམས་པས་སྐྱེ་བ་འདིར། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཉན་ཐོས་རྣམས་ཀྱི་སངས་རྒྱས་དང་། །དེ་བཞིན་རང་རྒྱལ་རྣམས་ཀྱི་དང་། །ཚངས་པ་ལ་སོགས་ལྷ་རྣམས་ཀྱིས། །དཀྱིལ་འཁོར་གོམས་པས་རྫོགས་པ་ཉིད། །ཅེས་གསུངས་སོ། །དེའི་ཕྱིར། བུམ་དབང་དཀྱིལ་འཁོར་རྡུལ་ཚོན་ལས་གཞན་པ། དཔལ་ལྡན་དུས་ཀྱི་འཁོར་ལོར་གསུངས་བཞིན་དུ། །སྨིན་བྱེད་རྡུལ་ཚོན་ཉིད་དུ་བསྐུར་དགོས་པའི། སྒྲུབ་བྱེད་གླེང་བ་རི་བོང་ཅལ་དང་མཚུངས། །ཞེས་སྨྲས་ཏེ། ཇི་ལྟར་མཆོག་སྒྲུབ་པའི་དཀྱིལ་འཁོར་རྡུལ་ཚོན་ཡིན་པ་དེར་ཇི་ལྟར་བཀག་ཅེ་ན། དྲི་མ་མེད་པའི་འོད་ལས། དོན་དམ་པའི་བདེན་པས་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་བ་མེད་དེ། བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྡོ་རྗེའི་ཐིག་རྣམས་གདབ་པ་དང་། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །མི་བྱ་སྔགས་ཀྱི་དེ་ཉིད་ཀྱིས། །བྱེད་ན་བྱང་ཆུབ་ཐོབ་པར་དཀའ། །ཞེས་པ་སྟེ། འདིར་གལ་ཏེ་སྔགས་ཀྱི་དེ་ཉིད་ནི་སྔགས་ཞེས་པ་ཡེ་ཤེས་ཏེ། ཡིད་སྐྱོབ་པར་གྱུར་པའི་ཕྱིར་རོ། །སྔགས་ཀྱི་དེ་ཉིད་དེ་ཡིས་གལ་ཏེ་རྡོ་རྗེ་སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཐིག་གདབ་པ་ལ་སོགས་པ་བྱེད་ན། དེའི་ཚེ་བྱེད་པ་དེའི་བྱང་ཆུབ་ཐོབ་པར་དཀའ་བར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་གསུངས་པས་སོ། །ཡང་འགའ་ཞིག་དུས་ཀྱི་འཁོར་ལོ་ལས་དེ་ལྟར་གསུངས་སུ་ཆུག་ཀྱང་། རྣལ་འབྱོར་ཕ་མའི་ཕྱོགས་སུ་ནི་དེ་ལྟ་བུ་མིན་ནོ་སྙམ་དུ་དོགས་པ་དག་ལ། རྩ་རྒྱུད་བརྟག་པ་གཉིས་པ་ལས། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་རླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་དང་། དཔལ་གསང་བ་འདུས་པར་ཡང་། །བྷ་ག་དཀྱིལ་འཁོར་ཞེས་ཀྱང་བཤད། །བྱང་ཆུབ་སེམས་ཀྱང་དཀྱིལ་འཁོར་ཉིད། །དེ་ཕྱིར་ལུས་ལ་དཀྱིལ་འཁོར་བརྗོད། །དཀྱིལ་འཁོར་གསུམ་དུ་བརྟག་པར་བྱ། །ཞེས་གསུམ་དུ་དགར་ཏེ་གསུངས་པ་ལས་ཀྱང་རྡུལ་ཚོན་གྱིས་དཀྱིལ་འཁོར་བསལ་བས་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་དུ་ཤེས་པར་བྱ་དགོས་པར་གྲུབ་ལ། དེའི་ཕྱིར། དིང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་ཡོད་ཀྱིས། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་བཅོམ་ལྡན་འདས་ཀྱི་རྒྱུད་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསལ་བར་བྱེད་པ་ལ་མངོན་སུམ་དུ་བསྙོན་པའི་ཚིག་ཏུ་ཟད་པས། དེ་ལ་བསྒྲུབ་བྱེད་དགོད་པར་འདོད་པ་རྣམས་ཀྱང་ཞིབ་མོར་བརྟག་ན་རི་བོང་གི་ཅལ་དང་མཚུངས་པར་ཤེས་སོ། །གཞན་ཡང་འགའ་ཞིག དུས་ཀྱི་འཁོར་ལོས་ནི་ཆོས་སྐད་ཟུར་པ་ཞིག་བསྟན་ཏེ། དེ་དང་རྣལ་འབྱོར་ཕ་མའི་རྒྱུད་སྡེ་བསྲེ་མི་རུང་ངོ་སྙམ་དུ་སེམས་མོད། དེ་ཡང་འཐད་པ་མ་ཡིན་ཏེ། དྲི་མེད་འོད་དུ། འདི་ནི་དཔལ་ལྡན་དུས་འཁོར་རོ། །རྡོ་རྗེའི་རྣལ་འབྱོར་ཐམས་ཅད་ནས། །བདེན་པ་གཉིས་ལ་གནས་པ་ནི། །མངོན་པར་བརྗོད་པའི་རྗོད་བྱེད་འགྱུར། །ཞེས་དུས་ཀྱི་འཁོར་ལོ་རྒྱུད་ཐམས་ཅད་དུ་སྦས་པ་རྗོད་བྱེད་དུ་གསུངས་པ་དང་། འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ། །ཟླ་བ་བཟང་པོས་བྲིས་པ་གང་། །ཐེག་པ་ཀུན་དོན་གསལ་བྱེད་དེ། །པདྨ་དཀར་པོ་བདག་གིས་ནི། །རྩ་བའི་རྒྱུད་ཀྱིས་རྗེས་འཇུག་ཅིང་། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཏེ། །རྡོ་རྗེའི་ཚིག་བྱེད་དང་བཅས་པ། །བསྡུས་པའི་རྒྱུད་ལ་བྲི་བར་བྱ། །ཞེས་གསུངས་པས་སོ།། །། བཞི་པ་ཇི་ལྟར་ནོད་པའི་ཆོ་ག་ནི། སློབ་དཔོན་སྨིན་པའི་ལས་ཀྱི་སློབ་མ་རྣམས། །དཀྱིལ་འཁོར་བཞི་ལ་རིམ་བཅུག་སློབ་དཔོན་བཞི། །རིམ་པར་བསྙེན་ནས་དབང་བཞི་རིམ་པས་བླང་། །ཞེས་པ་ལ། གསང་བ་འདུས་པར། སྔོན་བྱུང་རྣམ་འཕྲུལ་གྱིས་དབང་དུ་བྱས་ནས། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་སྐུ་ལུས་གཞལ་ཡས་ཁང་དང་ཕུང་པོ་དང་སྐྱེ་མཆེད་ལྷའི་ཚོགས་སུ་བྱས་པའི་སྤྲུལ་པའི་དཀྱིལ་འཁོར་དུ། རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་སོགས་པ་ཉན་པའི་སྐལ་བ་དང་ལྡན་པའི་འཁོར་རྣམས་ལ་རིགས་པའི་དབང་བསྐུར་བ་སྟེ་ཐུན་མོང་གི་དབང་དགུ །དབང་གོང་མ་དང་བཅས་པ་བསྐུར་ནས། བསྐྱེད་རྫོགས་སྟོན་པའི་རྒྱུད་གསུངས་པ་ཡིན་ལ། དེ་ཉིད་རྗེས་འཇུག་གི་དབང་དུ་བྱས་ནས་སློབ་དཔོན་རབ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་སུ་སྤྲུལ་ནས། སློབ་མ་རབ་དེ་དངོས་སུ་མཐོང་བའི་སྐལ་བ་ཡོད་པ་ལ་ཏིང་ངེ་འཛིན་གྱི་སྤྲུལ་པའི་དཀྱིལ་འཁོར་དུ་སྤྲུལ་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་རིག་པའི་དབང་བསྐུར་ལ། དེ་ལྟར་མ་ཡིན་ན་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྙེན་པ་ལས་སུ་རུང་བ་དེ་ལེའུ་བཞི་པ་དང་བཅུ་དྲུག་པ་ལྟར་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྤྲུལ་ཏེ། དེར། འཕྲེང་བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མེ་ལོང་དང་། །མིང་དང་སློབ་དཔོན་རྗེས་གནང་སྟེ། །དབང་བསྐུར་རིམ་པ་འདི་ཡིན་ནོ། །ཞེས་པ་ལྟར་བསྐྱེད་རིམ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་ཐུན་མོང་གི་དབང་དགུ་སྦྱིན་ནས། དྲང་བའི་དོན་དང་དེས་མཚོན་པའི་སྒྲ་ཇི་བཞིན་པ་ལ་སོགས་པ་ལྔས། བཏགས་པ་སྟེ་བསྐྱེད་པའི་རིམ་པའི་སྒྲུབ་ཐབས་སོ་སོར་སྟོན་ནོ། །ཡང་དཀྱིལ་འཁོར་དེ་ཉིད་དམ་ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དུ་སྤྲུལ་ཏེ་མཚན་ཉིད་དང་ལྡན་པའི་རིག་མ་ལ་བརྟེན་ཏེ་དབང་གོང་མ་རྣམས་བྱིན་ནས་རྫོགས་རིམ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ། ངེས་པའི་དོན་དང་། དེས་མཚོན་ནས་སྒྲ་ཇི་བཞིན་པ་མིན་པ་ལ་སོགས་པ་ལྔས་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་སོ་སོར་བསྟན་ཏོ། །དུས་ཀྱིས་འཁོར་ལོ་ལས། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིགས་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་པ། དྲི་མ་མེད་པའི་འོད་ལས། ནག་པོའི་མཐར་ནི་དཀར་པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ། །ཞེས་པ་ལ་འདིར་དང་པོར་དབང་བདུན་སྦྱིན་པ་ནི་བཞུགས་པའི་དོན་དང་། སྔགས་བཟླས་པ་དང་། དཀྱིལ་འཁོར་སྒོམ་པའི་དོན་དུ་སྟེ། དེ་ཡིས་བསོད་ནམས་ཀྱི་ཚོགས་སོ། །དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་དབང་བདུན་སྦྱིན་པར་བྱ་ཞིང་། མི་འཚེ་བ་ལ་སོགས་པའི་བརཏལ་ཞུགས་ཉི་ཤུ་རྩ་ལྔ་སྦྱིན་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དོན་དུ་དབང་གོང་མ་གསུམ་སྦྱིན་པ་ནི་རང་གི་ཤ་ལ་སོགས་པ་ཤིན་ཏུ་འདོད་པ་སྦྱིན་པ་ལ་སོགས་པའི་དོན་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་པའི་དོན་དང་། བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་དོན་ཏེ། དེ་ཡིས་ཡེ་ཤེས་ཀྱི་ཚོགས་སོ། །དེའི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུར་དབང་གོང་མ་རྣམས་སྦྱིན་པར་བྱའོ། །དེ་དག་ཀྱང་དབང་བཞི་པ་དང་བཅས་པ་སྟེ། བཞི་ནི་མན་ངག་གིས་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དབང་གི་ངེས་པའོ། །ཞེས་གསུངས་པས། དབང་ནོད་པ་ཡང་རིམ་པ་གཉིས་སུ་བཞག་ལ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་སླད་དུ་དབང་ནོད་པ་ཡང་རིམ་གྱིས་བསླབ་པ་གཙོ་ཆེ་བའི་དབང་གིས། སཾ་བུ་ཊར། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་པས། དང་པོ་བསྙེན་པ་བྱ་བ་ནས། དཀྱིལ་འཁོར་དུ་བདག་འཇུག་ཟིན་པའི་མཐར་སློབ་མ་གཞུག་པའི་དོན་དུ་གསོལ་བ་བཏབ་པ་ཡན་ཆད་བྱེད་པ་སློབ་དཔོན་སྨིན་པའི་ལས་ཡིན་ལ། དེ་ནས་སློབ་མ་རྣམས་དང་པོར་རྡུལ་ཚོན་གྱི་དཀྱིལ་འཁོར། དེ་ནས་ལུས་དཀྱིལ། དེ་ནས་བྷ་ག དེ་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ནས། སློབ་དཔོན་བཞི་ནི། རྡོ་རྗེ་སློབ་དཔོན་དང་། མ་དང་། ཕྱག་རྒྱ་དང་། རང་སེམས་བཞི་ལ་ཇོ་བོ་ནཱ་རོ་པ་བཞེད་པས། དེ་དག་རིམ་པར་བསྟེན་པས་དབང་བཞི་རིམ་པས་བླང་སྟེ། བཞི་གང་ཞེ་ན། བུམ་པ་གསང་བ་ཤེས་རབ་བཞི་པའི་དབང་། །རྣལ་འབྱོར་ཆེན་པོའི་རྒྱུད་འདིར་གྲགས་པ་ཡིན། །ཞེས་པ། དེ་ཡང་། བརྟག་པ་གཉིས་པ་དང་། གསང་བ་འདུས་པ་གཉིས་ཀར་སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། དབང་མདོར་བསྟན་ལས། བུམ་པ་གསང་བ་ཤེས་རབ་དང་། །སླར་ཡང་ཤེས་རབ་ཆེན་པོ་ཉིད། །ཅེས་གསུངས་དེ་ལ་ཇོ་བོས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་གསུངས་ལ། དེ་ཡང་། རབ་ཏུ་བྱུང་བ་དངོས་དབང་ལེན་པ་ལྷའི་སྣང་བ་མ་ཐོབ་པའམ་དྲོད་མ་ཐོབ་པ་ལ་བཀག་པ་ཡིན་གྱི། ཚིག་གི་སྒོ་ནས་ལེན་པ་ལ་ནི་དགག་པ་མེད་དེ། དྲི་མེད་འོད་ལས། ས་བོན་ཉམས་པའི་རྒན་པོ་ལ་ནི་ཤེས་རབ་དབང་བསྐུར་རྒྱལ་བའི་བདག་པོའི་གསུང་གིས་སྦྱིན་པར་བྱ་སྟེ། དགེ་སློང་ལ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་ཤེས་རབ་ལ་ཡང་དགེ་སློང་མ་ལ་ཇི་ལྟ་བ་བཞིན་ནོ། །ཞེས་གསུངས་ཤིང་། ཕྱག་རྡོར་སྟོད་འགྲེལ་ལས་ཀྱང་། གང་གི་ཚེ་དབང་བསྐུར་བ་ལ་སོགས་པའི་ཉིན་ཞག་ལ་བྱ་བའི་དམ་ཚིག་ནི་ཤིན་ཏུ་སྦ་བར་བྱ་ཞིང་། ཕྱི་ནས་བླ་མ་དམ་པ་རྣམས་ཀྱིས་རིགས་ཀྱི་བུ་རྣམས་ལ་དགག་པར་བྱའོ། །དགེ་སློང་རྣམས་ལ་ནི་དབང་བསྐུར་བའི་དུས་སུའང་སྦྱིན་པར་མི་བྱ་སྟེ། ཆོས་གོས་འཛིན་པ་རྣམས་ལ་བླ་མས་རང་གི་ཚིག་གིས་ཐམས་ཅད་རབ་ཏུ་བསྟན་པར་བྱའོ། །རྣམ་པ་གཞན་དུ་བླ་མ་དམ་ཚིག་ཉམས་པར་འགྱུར་རོ་ཞེས་དང་། སློབ་དཔོན་ནས་གླིང་པས། གང་ཟག་འདོད་ཆགས་དྲག་པོ་ལ་ཡང་དབང་བསྐུར་བ་དེ་དག་ཡིད་ཀྱིས་བྱས་པས་ཆོག་ན་དེ་ནི་དེ་ལྟར་བྱའོ་ཞེས་དང་། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས། །རྟག་ཏུ་ཁྱིམ་པ་སྦྱང་བའི་ཕྱིར། །དབང་བསྐུར་ལ་སོགས་རིམ་པ་ནི། །སྤྲོས་དང་བཅས་པ་དེ་ལ་གསུངས། །སེམས་སོགས་འོས་སུ་གྱུར་པ་ལ། །ཕྱི་རོལ་རིག་མའི་དབང་བསྐུར་བྱ། །སྤྲོས་པ་མེད་པའི་རབ་བྱུང་ལ། །དགེ་སློང་རྣམས་ཀྱི་དེ་སྦྱིན་ཏེ། །འདུལ་ལ་སོགས་པའི་སྡོམ་པ་ནི། །ཐམས་ཅད་ལྡན་པའི་སློབ་མ་ལ། །རྟག་ཏུ་རང་སྣང་ཤེས་རབ་ཀྱི། །བསྒོམ་པ་གསལ་བར་བྱ་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་ཚིག་ཙམ་གྱིས་དབང་བསྐུར་བ་ལ་ཡང་དགོས་པ་མེད་དེ། བུམ་དབང་ཙམ་ཐོབ་པས་ཀྱང་སྔགས་ཀྱི་ལམ་བསྒྲུབ་ཏུ་རུང་བའི་ཕྱིར་ཏེ། ལམ་སྒྲོན་ལས། རྒྱུད་ཀུན་ཉན་དང་འཆད་པ་དང་། སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང་། །ཞེས་བཤད་ཅིང་། ནས་གླིང་པས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ་ཞེ་ན། དེ་ནི་བསྐྱེད་རིམ་དང་། སྦྱིན་སྲེག་དང་། རབ་གནས་སོགས་བུམ་དབང་དང་འབྲེལ་བའི་ལས་རྣམས་བསྒྲུབ་ཏུ་རུང་བ་ལ་དགོངས་པ་ཡིན་གྱི། དབང་གོང་མ་དང་འབྲེལ་བའི་སློབ་བཤད་དང་། རྫོགས་རིམ་བསྒོམ་པ་ལ་དབང་གོང་མ་མ་ཐོབ་པར་མི་རུང་སྟེ། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝཾ་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པ། །བདག་ནི་དབང་བསྐུར་ཞེས་སྨྲ་བར། །ཇི་ལྟར་སངས་རྒྱས་བཞུགས་ཀྱིས་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་ཚིགས་བཅད་གསུམ་པོའི་དོན་དབང་གོང་མ་གསུམ་དང་རིམ་བཞིན་སྦྱར་ནས་ས་ར་ཧས་བཤད་དོ། །དེ་ལྟར་ཡང་། ཡེ་ཤེས་ཐིག་ལེར། རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། །ཞེས་རྣལ་འབྱོར་གྱི་རྒྱུད་དང་ཆ་འདྲ་བའི་སློབ་དཔོན་གྱི་དབང་སྦྱིན་པའི་ངེས་པ་ཡིན་ལ། དེ་ལྟར་སྡོམ་འབྱུང་ལས། ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་གི་དབང་བསྐུར་ཏེ། །དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །བརཏལ་ཞུགས་ལུང་བསྟན་ཉིད་དང་ནི། །རྗེས་གནང་དབུགས་དབྱུང་ཕྱིར་མི་ལྡོག །སྦྱིན་བྱ་བུམ་པར་ཡང་དག་འགྱུར། །གདུགས་དང་གནས་དང་རིགས་པ་སོགས། །རྡོ་རྗེ་དྲིལ་སོགས་ཡང་དག་ལྡན། །ཡང་དག་རྫོགས་པའི་སློབ་དཔོན་དབང་། །ཞེས་པས། ཕལ་ཆེ་བ་ལ་ཆུ་མི་སྐྱོད་པ། ཅོད་པན་རིན་ཆེན་འབྱུང་ལྡན་ལ་སོགས་པར་རྒྱས་པས་ཁྱད་པར་གྱི་ཆོས་ནི་ཅུང་ཟད་ཡོད་ལ། དེ་ཙམ་གྱི་བུམ་པའི་དབང་ཐོབ་པ་ལ་ནི་བསྐྱེད་པའི་རིམ་པའམ་མི་ཟབ་པ་བསྐྱེད་པའི་རིམ་པ་དང་འབྲེལ་བ་ཡིན་ནོ། །བླ་མེད་ཀྱི་ཆུ་དང་ཅོད་པན་མཐའ་དག་ལ་ཁྱད་ཆོས་དེ་སྦྱོར་བར་ཡང་མ་ངེས་སོ། །དྲི་མེད་འོད་ལས། འདིར་རྒྱུད་གཞན་དང་གཞན་ལས་བྱིས་པའི་སྐྱེ་བོ་གཞུག་པའི་སླད་དུ་དེ་བཞིན་གཤེགས་པ་ལྔ་དག་པས་དབང་ལྔ་སྟེ། རྣམ་པར་སྣང་མཛད་ཀྱིས་ཆུའི་དབང་དང་། རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་ནོ་ཞེས་གང་གསུངས་པ་དེ་ལ་སྔ་མ་དང་ཕྱི་མ་འགལ་ཏེ། རྒྱུད་ཐམས་ཅད་ལས་དཀྱིལ་འཁོར་དུ་མེ་ཏོག་དོར་བས་སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེའི་ཅོད་པན་དང་། དེའི་རིགས་ཀྱི་ཕྱག་རྒྱ་ཡིས་དེའི་དངོས་གྲུབ་བོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེས་ན་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་པའི་ཕྱིར་གང་དུ་མེ་ཏོག་ལྷུང་བའི་དེ་བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི། ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ནི་མ་ཡིན་ནོ། །དེ་བཞིན་དུ་བསྡུས་པའི་རྒྱུད་ལས། ཆུ་ལ་སོགས་པའི་དག་པ་མེད་དེ་ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དབང་གོང་མ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གཉིས་སུ་གསུངས་ཏེ། དྲི་མེད་འོད་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་དང་། དཔལ་ལྡན་རྒྱུད་ལས། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་དང་། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། །དེ་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གིས་སྙིང་རྗེ་ཡི་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །དེ་ཉིད་དྲི་མེད་འོད་ལས། དེ་ནས་བླ་མར་མཉེས་པའི་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་རང་གི་ཕྱག་རྒྱའི་ནུ་མ་ལ་རེག་པར་བྱེད་དུ་གཞུག་སྟེ་དེས་ན་བུམ་པའི་དབང་ནི་དེ་ཉིད་དོ། །དེ་ནས་གསང་བའི་མཆོད་པ་བྱས་ནས་སློབ་མ་ལ་བདུད་རྩི་སྦྱིན་ཞིང་ཕྱག་རྒྱའི་བྷ་ག་ཡང་གསལ་བར་བྱེད་དུ་གཞུག་གོ །དེས་ན་རི་བོང་འཛིན་པ་མྱང་བ་དང་ལྟ་བ་དག་གིས་གསང་བའི་དབང་དུ་འགྱུར་རོ། །དེ་ནས་ཤེས་རབ་ཡེ་ཤེས་དབང་ལ་ཨོཾ་ཡིག་ལ་སོགས་པའི་ས་བོན་རྣམས་ཀྱིས་རིགས་ལྔའི་ཆ་དང་ལྡན་པར་བྱས་ཏེ། དེ་ནས་བསྐལ་བ་ངན་པའི་སེམས་ཅན་འདི་ནི་སྒོམ་པ་ལ་སོགས་པ་ལ་འདི་དབང་བ་དང་རྒྱུད་ཉན་པའི་སླད་དུ་སྟེ། སེམས་ཅན་རྣམས་ལ་རྒྱུད་བསྟན་པ་དང་། དཀྱིལ་འཁོར་བྲི་བའི་སླད་དུ་ནི་མ་ཡིན་ནོ་ཞེས་བླ་མས་རྒྱལ་བ་རྡོ་རྗེ་སེམས་དཔའ་དཔང་དུ་བྱས་ནས་ལག་བཅང་དང་གཉིས་གཉིས་འཁྱུད་པ་བྱེད་པའི་སླད་དུ་ཕྱག་རྒྱ་དེ་སློབ་མ་ལ་སྦྱིན་པར་བྱའོ། །དང་པོར་སློབ་མ་གཞུག་པ་ལ་དབང་བསྐུར་བའི་ངེས་པའོ། །དེ་བཞིན་དུ་སློབ་དཔོན་ནི་རྒོད་པ་ཡོན་ཏན་གཉིས་ཀྱིས་བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་པས་སོ། །གསང་བ་ཞེས་པ་ནི་བལྟ་བ་ཡོན་ཏན་གསུམ་གྱིས་བདག་ཉིད་རྣམ་པར་དག་པས་སོ། །ལག་བཅངས་ཞེས་པ་ནི་ཡོན་ཏན་བཞིའི་བདག་ཉིད་རྣམ་པར་དག་པས་སོ། །གཉིས་གཉིས་འཁྱུད་པ་ཞེས་པ་ནི་ཡོན་ཏན་ལྔའི་བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་པས་ཞེས་པ་ལ་སོགས་པ་ནི་འཆད་པར་འགྱུར་བའི་ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ། །འཇིག་རྟེན་པའི་ཀུན་རྫོབ་ཀྱིས་སེམས་ཅན་གཞུག་པའི་སླད་དུ་དབང་རྣམ་པ་བཞིའི་ངེས་པའོ། །ཞེས་གསུངས་ལ། དེ་བཞིན་དུ། རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་ཉུང་ངུ་ལས། རྒྱུད་འདི་རུ་ནི་དབང་བསྐུར་བས། །ཐམས་ཅད་ཀྱིས་ནི་སྒྲུབ་པ་པོ། །རྒོད་དང་བལྟ་དང་ལག་འཛིན་གྱིས། །འཁྱུད་དང་གཉིས་སྤྲོད་ལ་སོགས་ལ། །དབང་བསྐུར་བར་ནི་འགྱུར་བ་ཡིན། །ཞེས་གསུངས་ལ་གོང་དུ་འཇིག་རྟེན་ལས་འདས་པའི་དབང་དང་། ཕྱི་མའི་སོགས་སྒྲས་བསྡུས་པ་ནི་དྲི་མེད་འོད་ལས། འདིར་ཤེས་རབ་ཀྱི་ནུ་མ་ལ་ཐབས་ཀྱིས་རེག་པར་བྱེད་དེ། བུམ་པའི་དབང་ལ་བླ་མ་ལས་སློབ་མ་ཆུང་མའོ། །གསང་བའི་དབང་ལ་སློབ་མ་ཆུང་མའི་ཁར་རྡོ་རྗེ་གཞུག་པར་བྱའོ། །སློབ་མའི་མིག་བཅིངས་ཏེ་བླ་མས་ཤེས་རབ་ཀྱི་ནཱ་ར་ནཱ་སི་ཀ་བཞིབ་པར་བྱའོ། །དེས་ན་ཆུང་མ་ཤེས་པས་རང་གིས་ཕྱག་རྒྱ་གཏད་པར་བྱའོ། །སློབ་དཔོན་ཞེས་པ་ནི། ཐམས་ཅད་དུ་དབང་གི་ཆོ་གའི་བདག་པོ་ཆེན་པོ་ལའོ། །གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན་དེའི་ཚེ་གང་དང་གང་ལ་འདོད་པ་སྤྱོད་པར་ནུས་པའི་སློབ་མ་ལ་དེ་དང་དེ་གཏད་པར་བྱའོ། །མཚན་མོ་ཕྱེད་ནས་ཆུ་ཚོད་གཉིས་ཀྱི་རྟིང་ལ་ཉི་མ་འཆར་བ་ཇི་སྲིད་བར་རོ། །ཞེས་གསུངས་ཤིང་། དེ་ཉིད་བརྟག་པར་གཉིས་པར་ཡང་། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཤིན་ཏུ་བཞིན་བཟང་མིག་ཡང་སམ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་ལྟུང་བར་བྱ། །སྟོན་པས་ཤེས་རབ་རབ་ཏུ་མཆོད། །བརྗོད་པར་བྱས་ནས་བཏད་པར་བྱ། །སྟོན་པས་བསྒྲུབ་པ་སེམས་དཔའ་ཆེ། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཕྲག་དོག་ཁྲོ་བ་རྣམ་སྤངས་པའི། །སློབ་མ་ཆེར་གྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་བ་སྦྱིན། །ཞེས་གསུངས་ལ། དེ་ལྟར་དགའ་བ་བཞིའི་དབྱེ་བས་དབང་བཞིར་བཞག་པ་ན་དེ་རེ་རེ་ལ་ཡང་ལུས་སོགས་བཞི་དང་། གནས་སྐབས་བཞི་དང་། ཐིག་ལེ་བཞིའི་དབྱེ་བས་དགའ་བས་དགའ་བ་སོགས་བཞིར་འགྱུར་བས། མཚན་ཡང་དག་པར་བརྗོད་པར། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་གསུངས་ལ། དེ་དག་གི་མིང་ཡང་། འདོད་པ། དགའ་བ། འདར་བ། འགྱུར་མེད་བཞི་ནི། དགའ་བའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བའོ། །གང་བ། མཆོག་གི་དགའ་བ། སྐྱེ་བ། ནུས་པ་བཞི་མཆོག་དགའི་འོ། །འབར་བ། ཁྱད་པར་དགའ་བ། བརྒྱལ་བ། ཐིག་ལེ་བཞི་ནི་ཁྱད་པར་གྱི་དགའ་བའི་འོ། །ཨོཊྚྷ། ལྷན་ཅིག་སྐྱེས་པའི་དགའ་བ། གཉིད། ནཱ་ད་བཞི་ནི་ལྷན་ཅིག་སྐྱེས་པའོ། །དེ་ལྟར་བཅུ་དྲུག་ནི། སངས་རྒྱས་ཀུན་གྱིས་སྡོམ་པ་ནི། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཞེས་པའི་ངེས་པ་བླ་ན་མེད་པའི་རྒྱུད་ལས་གསུངས་པའི་སྡོམ་པ་མཆོག་སྟེ། དཔལ་དྲི་མ་མེད་པའི་འོད་ལས། །སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །ལོངས་སྤྱོད་རྫོགས་སྐུའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །དཔལ་ལྡན་ལྷན་སྐྱེས་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །སད་དང་རྨི་ལམ་གཉིད་ལོག་དང་། །དབང་སྐྱེས་བདེ་རྣམས་ལྷན་སྐྱེས་མིན། །ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞི་རྣམས་སུ་གནས་པ་མེད། །ཅེས་གསུངས། དེ་ཉིད་ལ་སྡོམ་པའི་མིང་ཡོད་ཀྱང་སྡོམ་པ་གསུམ་གྱིས་ཟླས་དབྱེར་གྱུར་པའི་སྡོམ་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་ག་ལ་ཡིན། དུས་ཀྱི་འཁོར་ལོའི་རྡོ་རྗེའི་སློབ་དཔོན་བདག་པོ་ཆེན་པོའི་དབང་བཤད་པའི་དེ་མ་ཐག་ཏུ། དྲི་མེད་འོད་ལས། སློབ་མ་ལ་སྡོམ་པ་སྦྱིན་པར་བྱའོ། །ཀུན་རྫོབ་ཏུ་ཁྱད་པར་དགའ་བའི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་བདག་གིས་བརྗོད་པ་གང་ཡིན་པ་འདི་དང་ཐིག་ལེ་གསུམ་གྱི་མཐར་གང་ཡིན་པ་དེ་ནི་དོན་དམ་པར་མི་འགྱུར་ཏེ། དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱིས་བདེ་བ་ནི་འཕོ་བ་མེད་པའོ། །དེས་ན་བདེ་བ་ཆེན་པོའི་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལས་ཀྱི་ཕྱག་བརྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང་། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརཏལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིངྒཱ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་སྐུ་རུ་བསྒོམ་པར་བྱ། །བསྲུང་བ་འདི་ཉིད་ཁོ་ན་ཉིད། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡིས། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱིས་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་བསྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱིས་སྡོམ་པ་ནི། །གལ་ཏེ་ཁྱེད་བསྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཟག་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླང་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོ་གྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གལ་ཏེ་བྱང་ཆུབ་སེམས་ལྷུང་གྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླང་། །ཞེས་པ་སྟེ། སློབ་དཔོན་གྱིས་སློབ་མ་ལ་སྡོམ་པ་བྱིན་ནས། །སློབ་མས་ཀྱང་བླ་མ་ལ་ཡོན་ཕུལ་ཏེ་ཞེས་གསུངས་པས་སོ། །དེའི་ཕྱིར། རྣལ་འབྱོར་རྒྱུད་དང་བླ་མེད་སྡོམ་པ་ལ། །ཁྱད་པར་མེད་སྨྲ་རང་སྡོམ་རང་ཉིད་ཀྱིས། །ཉམས་ལེན་དངོས་གཞི་ཡིན་པ་མ་ཤེས་གཏམ། །ཞེས་པས། ཁ་ཅིག་དཔལ་མཆོག་གི་ཚིག་འདི་རྣམས་ཀྱང་བཞི་བརྒྱ་ལྔ་བཅུ་པ་ལ་སོགས་པ་བླ་མེད་ཀྱི་དཀྱིལ་ཆོག་དུ་མར་གསུངས་པས། བླ་མེད་དང་རྣལ་འབྱོར་རྒྱུད་གཉིས་ཀྱི་བཅས་པ་ཐུན་མོང་བ་ཡིན་ནོ། །སློབ་དཔོན་སངས་རྒྱས་གསང་བས་ཀྱང་། ལྷ་ཐམས་ཅད་ཀྱི་དམ་ཚིག་ཐུན་མོང་བ་བརྒྱུད་གཞན་ལས་བཤད་པ་རྣམས་ཀྱང་། དེ་ཉིད་བསྡུས་པ་དང་དཔལ་རྩེ་རྣམས་ཀྱི་དམ་ཚིག་རྣམས་ཀྱི་ནང་དུ་འདུས་པའི་ཤེས་བྱེད་དུ། དཔལ་མཆོག་གིས་གཞུང་དེ་རྣམས་དྲངས་ནས་ཨཱ་བ་ཏཱ་ར་ལས་བཤད་དོ། །རྡོར་དབྱིངས་དོན་བསྡུས་པའི་འགྲེལ་བར་ཡང་། དཔལ་མཆོག་གིས་གཞུང་དེ་རྣམས་ཀྱིས་བཤད་པའི་རྩ་ལྟུང་དང་། གཞན་ནས་བཤད་པའི་རྩ་ལྟུང་རྣམས་བསྲུང་དགོས་ཞེས་བཤད་དེ། འདིས་ཀྱང་རྒྱུད་སྡེ་གོང་མ་གཉིས་རྩ་ལྟུང་འདྲ་བར་བསམས་སོ། །དེ་ལ་དམ་ཚིག་དང་སྡོམ་པ་ནི་གཞི་མཐུན་པར་བཤད་ཟིན་ཏོ། །ཞེས་སྨྲ་བའི་ལོག་པར་རྟོག་པ་ཡང་ཁེགས་སོ། །བུམ་དབང་དུས་རྫོགས་སྨྲ་བ་དེ་དང་མཚུངས། །ཞེས་པ་དབང་གོང་མ་གསུམ་གྱི་ཉམས་ལེན་ཁྱད་པར་བསྟན་པའི་ཕྱིར། བུམ་དབང་གི་དུས་སུ་སྔགས་སྡོམ་རྫོགས་པར་འགྱུར་རོ་ཞེས་སྨྲ་བ་ཡང་སྔར་བཤད་པ་དང་མཚུངས་སོ། །ལ་ལ་སྡོམ་གཟུང་དུས་སུ་འདི་རྫོགས་ཟེར། །རིགས་སུ་མ་སྐྱེས་དེ་ཡི་བརཏལ་ཞུགས་ཅི། །དབང་མེད་སྔགས་འདིའི་རྩ་ལྟུང་འབྱུང་བས་གནོད། །ཅེས་པ། འགའ་ཞིག བདག་གིས་སྡོམ་པ་མ་ལུས་གཟུང་། །ཞེས་པའི་ནུས་པས་རིགས་ལྔའི་སྡོམ་གཟུང་སྟ་གོན་ནམ་འཇུག་པ་གང་གི་གནས་སྐབས་སུ་བྱེད་ཀྱང་དེའི་དུས་སུ་སྔགས་ཀྱི་སྡོམ་པ་ཐམས་ཅད་རྫོགས་པར་ཐོབ་བོ་ཞེས་འདོད་ལ་དེ་ནི་ཤིན་ཏུའང་མི་རིགས་ཏེ། རིགས་ལྔའི་རིགས་སུ་མ་སྐྱེས་པས་དེའི་བརཏལ་ཞུགས་བསྲུང་བ་དོན་མེད་པའི་ཕྱིར་རོ། །རིགས་སུ་སྐྱེས་པ་ལ་ནི། དཀྱིལ་འཁོར་མཐོང་བ་དགོས་ལ། དེ་ནི་བརྡར་བཏག་པ་དང་དོན་དམ་པའི་དཀྱིལ་འཁོར་གང་ཡང་མ་མཐོང་བའི་ཕྱིར་རོ། །དེ་ལྟར་ཡང་རྩ་རྒྱུད་ལས། སྔགས་པ་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །མིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་གསུངས་པས་སོ། །གཞན་ཡང་། དབང་ཅི་ཡང་མ་ཐོབ་པར་གསང་སྔགས་ཀྱི་རྩ་བའི་ལྟུང་བ་འབྱུང་བར་ཐལ་བས་ཀྱང་གནོད་དེ། དམ་ཚིག་གི་རྣམ་པར་གཞག་པའི་ལྡོག་པའི་ལྟུང་བ་དེ་དག་དབང་ཐོབ་པ་ལ་བཅས་པའི་ལྟུང་བ་ཡིན་པས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དེ་དག་ཀྱང་སྤྱི་འགྲོས་དང་བསྟུན་ནས། བུམ་གསང་ཤེས་རབ་གསུམ་འཇིག་རྟེན་པ་དང་། བཞི་པ་འཇིག་རྟེན་ལས་འདས་པར་བཞག་པ་ཞིག་ཀྱང་དང་པོའི་སངས་རྒྱས་སུ་གསུངས་ཏེ། དེ་ལས། གང་དུ་དང་པོའི་དབང་བདུན་ནི། །བྱིས་པ་རྣམས་ནི་བཟུང་བ་སྟེ། །འཇིག་རྟེན་ཀུན་རྫོབ་རྣམ་པ་གསུམ། །བཞི་པ་དོན་དམ་ཉིད་ཡིན་ནོ། །ཞེས་དང་། ཡང་། བྱིས་པ་དར་མ་དེ་ནས་རྒན། །བཞི་པ་ཉིད་ནི་སྐྱེ་དགུའི་བདག །ཤེས་རབ་ནུ་མའི་ཡན་ལག་ལ། །རེག་ལས་བྱང་སེམས་འཕོ་བ་དེ། །གང་ཕྱིར་བྱིས་པ་བདེ་ཐོབ་པ། །དཀར་འཛིན་གྱིས་ནི་དེ་དབང་བསྐུར། །གསང་བ་མཉེས་ལས་ཡུན་རིང་སྐྱེས། །བྱང་ཆུབ་སེམས་འཕོ་བདེ་བ་སྟེ། །གང་ཕྱིར་གསང་ལས་བདེ་ཐོབ་པ། །དར་བབ་གསང་བ་དེ་དབང་བསྐུར། །ཡུན་རིང་གསང་བ་མཉེས་ལས་སྐྱེས། །རྡོ་རྗེའི་རྩེ་མོར་བདེ་བ་མཐུན། །གང་ཕྱིར་རྒན་ལ་རྒྱུ་མཐུན་པས། །ཤེས་རབ་ཡེ་ཤེས་དེ་དབང་བསྐུར། །ཕྱག་རྒྱ་ཆེ་ལ་རྗེས་ཆགས་པས། །རྒྱུ་མཐུན་ལས་སྐྱེས་བདེ་བ་གང་། །གང་ཕྱིར་རྒྱུ་མཐུན་ཉིད་དུ་འགྲོ། །ཕྱག་རྒྱ་ཆེན་མོ་དེ་དབང་བསྐུར། །སྐྱེ་དགུའི་བདག་པོ་དེ་ཤེས་བྱ། །ཞེས་གསུངས་ཤིང་། དབང་བདུན་གྱི་གནས་སྐབས་དགེ་བསྙེན་དང་། བྱིས་པ་དགེ་ཚུལ་དང་། དར་མ་དགེ་སློང་། གོང་མ་གཉིས་གནས་བརྟན་ཞེས་གསུངས་པ། བསྡུས་རྒྱུད་དུ། དང་པོར་ཆུ་དག་ལ་ནི་དགེ་བསྙེན་ཉིད་དུ་འགྱུར་ཏེ་བུམ་པ་ལ་ཡང་དགེ་ཚུལ་ཉིད་དུ་འགྱུར། གསང་བའི་དབང་ལ་དགེ་སློང་དང་ནི་གོང་མའི་བྱེད་པ་ལ་ཡང་གནས་བརྟན་ཞེས་པར་འགྱུར་བ་སྟེ། ཞེས་སོ། །སྐབས་འདིར་རྣམ་པར་དཔྱད་ན། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བ་འདིས། དབང་བཞི་པ་བཞི་པའི་རང་མིང་གིས་བསྟན་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་ཚིག་གིས་བསྒྲིབས་པ་ཡིན་ནོ། །བཞི་པ་ལ་ཤེས་རབ་ཡེ་ཤེས་ཀྱི་མིང་གིས་བརྗོད་ཀྱང་། གསུམ་པ་དང་ཁྱད་པར་ཆེ་སྟེ། མིང་འདྲ་ཡང་དབང་གསུམ་པའི་ཤེས་རབ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ལ། དབང་བཞི་པའི་ཤེས་རབ་ནི་དུ་བ་ལ་སོགས་པའི་མཚན་མ་སྔོན་དུ་འགྲོ་བའི་རྣམ་པ་ཐམས་ཅད་པའི་གཟུགས་ཡིན་ཏེ། ཕྱག་རྒྱའི་དབྱེ་བས་ཕྱེ་བ་འདི་ཁོང་དུ་མ་ཆུད་པར་གསུམ་པ་དེ་ཉིད་སྒྲིབ་པ་དེ་དག་ཏུ་གྱུར་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་ནི་དེ་གཉིས་ཀྱིས་དབྱེ་བ་ཡང་དག་པར་ཤེས་པ་མ་ཡིན་ནོ། །སློབ་དཔོན་དེ་ཝ་ཨཱ་ཀཱ་ར་ཙནྡྲས་ནི་ཤེས་རབ་ཡེ་ཤེས་གསལ་བར་ཡེ་ཤེས་གྲགས་པས་དེ་ཁོ་ན་ཉིད་ལ་འཇུག་པར་གསུངས་པའི་ལུང་། གང་ཞིག་སྤྲོས་པ་ཀུན་གྱི་ཡུལ་མིན་པ། །དེ་ནི་ཚིག་གི་ཡུལ་ཡང་མ་ཡིན་ནོ། །རྡོ་རྗེ་འཛིན་པས་རིག་པ་དེ་ཉིད་ལ། །ཤེས་རབ་ཅེས་བྱར་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བ་དྲངས་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དབང་བཞི་པའི་ཤེས་རབ་ཡིན་པར་འཆད། དེའི་དབང་དུ་བྱས་ནས་དེ་བཞིན་དཔེའི་ཚིག་ཕྲད་དུ་ཤེས་པ་དང་། དགྱེས་རྡོར་དང་གསང་འདུས་ལས། དབང་གསུམ་པ་ཉིད་དུ། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་པས། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་རོ་གཅིག་ཏུ་གྱུར་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེ་བས། དབང་བཞི་པ་ལོགས་སུ་བསྐུར་དུ་མེད། དེ་ཉིད་ལ་ཚིག་གིས་བརྡ་སྤྲོད་པ་ཙམ་ཡིན་པས་ཚིག་དབང་དུ་བཞག་ལ། དེའི་ཚེ། དེ་བཞིན་ཞེས་པ་དོན་གྱི་ཚིག་ཕྲད་དུ་བཞག་གོ །ཡས་བརྟན་གྱི་མཐའི་སྐད་ཅིག་སོ་སོ་རང་རིག་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་འཁྱུད་པ་ཆོས་མཆོག་སྟེ། གཞན་དག་གིས་དེ་ཙམ་ཞིག་བཞི་པར་བཞག་ནས། བཞི་པ་དཔེའི་ཡེ་ཤེས་སུ་འདོད་པ་ཡིན་ལ། ཇོ་བོ་ནཱ་རོ་པ། དེ་ཉིད་རྒྱུར་བྱས་པའི་སྐད་ཅིག་ཕྱི་མར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པ་ཕན་ཆད་དབང་བཞི་པའི་ཡེ་ཤེས་སུ་བཞེད་པ་ཡིན་ནོ། །དེ་ཡང་བདེ་མཆོག་རྡོ་རྗེ་མཁའ་འགྲོ་ལས། ཇི་བཞིན་ཤེས་རབ་སྙོམས་ཞུགས་པའི། །ཡང་དག་སྦྱོར་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་དཔྱད། །མཆོག་ཏུ་དགའ་བ་སྤྲོ་བ་ཡིས། །གནས་སྐབས་སུ་ནི་མཉེས་པར་འགྱུར། །ཞེས་པའི་ཡིད་ནང་དུ་ཆུད་པ་ཞེས་བྱ་བ་ཡང་ཆོས་མཆོག་ཐ་མའི་གནས་སྐབས་དེ་ལ་དགོངས་སོ། །དེ་བས་ན། ཇོ་བོ་ནཱ་རོ་ཏ་པ་ནི། དབང་བསྐུར་དུས་སུ་མཐོང་ལམ་སྐྱེ། །དེ་ནི་སྐད་ཅིག་དེ་ལ་འགག །ཆོས་མཆོག་རྗེས་ཀྱི་ཡེ་ཤེས་ནི། །འགག་པ་མེད་ཅེས་གསུང་བར་གྲགས། །ཞེས་གསུང་བ་ཡང་། དེའི་བཞེད་པ་མ་ཡིན་ཏེ། དེ་ཉིད་ཀྱིས། དགྱེས་པའི་རྡོ་རྗེའི་འགྲེལ་ཆེན་དུ་གསུངས་པ། ཤེས་རབ་ཡེ་ཤེས་དབང་གིས་ནི། །བཞི་པ་དེ་ཡང་ཤེས་པར་བྱ། །བླ་མ་དམ་པ་བསྟེན་བྱས་ལ། །དེ་ཉིད་མཁས་པས་འདིར་ཤེས་བྱ། །དེ་ཉིད་དབུས་སུ་སྨྲ་བྱེད་དེ། །ནམ་ཡང་ཚིག་གི་མཚོན་བྱ་མིན། །དེ་བཞིན་ལུང་རིགས་དག་གིས་ཀྱང་། །དེ་ཉིད་ཐ་མར་ཐེ་ཚོམ་མེད། །ལྷན་སྐྱེས་ཐ་མར་རྟོགས་གྱུར་ན། །ཚིགས་བཅད་སྡེབས་སྦྱོར་ཇི་ལྟ་བུ། །ཚིགས་བཅད་ཤིན་ཏུ་འཐད་པ་ཡིས། །གལ་ཏེ་འདི་ནི་སྐྱོན་མེད་བྱེད། །གང་ཚེ་མཆོག་དང་དགའ་བྲལ་གྱི། །དབུས་སུ་ལྷན་ཅིག་སྐྱེས་པ་གང་། །དགའ་བ་ལྷན་ཅིག་སྐྱེས་བ་ལ་བལྟོས་པས་དབུས་སུ་མཆོག་དགའ་དང་དགའ་བྲལ་འབྱུང་བར་འགྱུར་བས། དེའི་ཚེ་མཚོན་ཆ་འདི་ནི་བཞི་པར་གསུངས་པས། བརྟན་པར་བལྟ་བར་བྱའོ། །ཞེས་གསུངས་པས་སོ། །ཡང་ལུས་དཀྱིལ་དུ་སློབ་མ་ཁ་ནས་བཅུག་ནས་གསང་གནས་སུ་བཞག་པ་ལ་དབང་བསྐུར་བས། ལུས་གྱི་དྲི་མ་འཁྲུད། གསང་དབང་གི་དུས་སུ་དེ་བྱིན་པས་ངག་གི་དྲི་མ་འཁྲུད། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་དེའི་ཡེ་ཤེས་གསུམ་གྱི་དབང་བསྐུར་བས་ཡིད་ཀྱི་དྲི་མ་འཁྲུད་པ་དང་། ཚིག་གི་དུས་སུ་ཐ་དད་དུ་འཛིན་པའི་དྲི་མ་འཁྲུད་པར་བྱེད་པའི་བུམ་དབང་ནི། ཟབ་པ་བསྐྱེད་པའི་རིམ་པ་དང་འབྲེལ་བའི་སྨིན་བྱེད་དུ་གསང་འདུས་དང་བདེ་མཆོག་ནས་དངོས་སུ་གསུངས། གཞན་དག་ལ་ཤུགས་ཀྱིས་ཐོབ་པ་ཞིག་དང་། གསང་བ་གྲུབ་པར་སློབ་དཔོན་པདྨ་བཛྭ་གྱིས། དབང་བསྐུར་བ་ནི་མཆོག་བཟང་པོ། །དཔལ་ལྡན་འདུས་པ་རྗེས་འགྲོ་བས། །ཕྱག་རྒྱ་ཆེན་པོ་དབང་བསྐུར་ནས། །བཟང་པོའི་དངོས་གྲུབ་རབ་ཏུ་བསྒྲུབ། །ཅེས་གསུངས་ནས། སློབ་མས་ཕྱག་རྒྱ་ཕུལ་གསོལ་བ་གདབ། དེ་ནས་བླ་མས་དགོངས་ཏེ་གསུངས་པའི་དམ་ཚིག་བཞི་བསྒྲགས། གསང་དབང་དང་གསུམ་པ་བསྐུར། དེ་ནས་སློབ་དཔོན་བྱེད་པའི་རྗེས་སུ་གནང་བ་སྦྱིན་པའི་སྨིན་བྱེད་གསུངས་ཏེ། ཚུལ་དེ་ཉིད་རྒྱས་པར་གསུངས་པའི་རྗེས་སུ། དེ་ལྟར་བསྟན་པས་སློབ་མ་ལ། །ཡང་དག་རབ་སྦྱིན་རབ་སྦས་དང་། །ཕྱག་རྒྱ་རིན་ཆེན་དབང་བསྐུར་དང་། །རྗེས་སུ་གནང་བར་འཁྱུད་པར་གྱི། །རྒྱུད་ཀྱི་དོན་ལ་ངེས་བྱས་ནས། །རྡོ་རྗེ་ཐེག་པའི་རིམ་འབྱུང་བའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན། །སེམས་ཅན་མཆོག་གིས་བཤད་པར་གྱིས། །དེ་ལྟ་བུ་ཡི་དབང་བསྐུར་བས། །བསྒྲུབ་པའི་ངེས་པར་བྱས་གྱུར་ཉིད། །དེ་ཉིད་སྒོམ་པས་ལྡན་གྱུར་པས། །ངེས་པར་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་དང་། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་ཡིས། །ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པའི་དབང་བསྟན་པའི་རིམ་པར་ཕྱེ་བ་གསུམ་པར། གསང་དབང་བསྐུར། དམ་ཚིག་ཕོག སློབ་དཔོན་དུ་བྱེད་པའི་རྗེས་སུ་གནང་བ་བྱིན། དེའི་མཐར་ཚིག་དབང་བསྐུར་བ་སྨིན་བྱེད་དུ་བཤད་དེ། དེ་ཉིད་སླར་མདོར་བསྡུས་ཏེ་གསུངས་པ། བྱང་ཆུབ་སེམས་ཆེན་དབང་བསྐུར་བླང་བར་བྱ། །རྗེས་སུ་གནང་བ་ཐོབ་ནས་འཇིག་རྟེན་གསུམ་པོ་ཡི། །བྱ་བྱེད་ངན་པ་དག་ལ་རྒྱལ་བའི་བློ་ལྡན་པའི། །དྲི་མ་མེད་པའི་དེ་ཉིད་གནས་དེར་ནི། །འཇུག་པའི་སེམས་ཀྱི་རྒྱས་པ་རྣལ་འབྱོར་པའོ། །ཞེས་གསུངས་སོ། །རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཡེ་ཤེས་གྲུབ་པའི་རྡོ་རྗེ་ཡེ་ཤེས་དབང་བསྐུར་བའི་ཆོ་གར་སློབ་མས་གསོལ་བ་བཏབ། འཇུག་པའི་ཡོན་ཕུལ་བའི་མཐར། དབང་གི་དངོས་གཞི་ཚིག་འདིས་གསུངས་ཏེ། དེ་ནས་སངས་རྒྱས་ཀུན་དབང་བསྐུར། །རྒྱུད་རྣམས་ཀུན་ཏུ་སྦས་པ་ནི། །སངས་རྒྱས་ཀུན་དངོས་རྣལ་འབྱོར་ནི། །ཐམས་ཅད་ཡན་ལག་བདེ་བ་བསྐྱེད། །སེམས་ཅན་ཀུན་གྱིས་མ་རྟོགས་པ། །འཇིག་རྟེན་མགོན་པོས་གསུངས་པ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །སྐུ་དང་གསུང་ནི་ཐམས་ཅད་འདུས། །དེ་ལྟར་གཉིས་ཀ་ཤེས་ནས་ཀྱང་། །བྱིན་གྱིས་བརླབ་པར་བརྗོད་པར་བྱ། །འདི་དག་ཐམས་ཅད་ཡིད་དང་ནི། །ལུས་དང་ངག་ལས་ཡང་དག་འབྱུང་། །སངས་རྒྱས་ཀུན་གྱི་བྱིན་རླབས་ཕྱིར། །རྗེས་གནང་དེ་ལ་སྦྱིན་པར་བྱ། །ཞེས་ནས། རྗེས་སུ་གནང་བའི་ཚིག་གསུངས་པའི་དེ་མ་ཐག་ཏུ། བྱིན་གྱིས་བརླབ་པ་འདི་ལྟ་བུས། སྨིན་བྱེད་ཀྱི་དབང་གི་གོ་མི་ཆོད་དོ་སྙམ་པའི་ལོག་པར་རྟོག་པ་བསལ་བའི་ཕྱིར། ད་ནི་ཁྱོད་ཀྱིས་ཆོས་རྣམས་ལ། །སོམ་ཉི་དག་ནི་མི་བྱའོ། །སླར་ནི་དབང་བསྐུར་མི་བྱ་སྟེ། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །ཡང་དག་ཆོས་མཆོག་འཛིན་པ་སྟེ། །ཁམས་གསུམ་གྱི་ནི་ཕྱག་བྱས་པ། །དབང་བསྐུར་ཁྱོད་ཀྱིས་ཐོབ་པས་ན། །འདི་ལས་མཆོག་གཞན་ཡོད་མ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་གི་དབང་བསྐུར་བའི། །རྣལ་འབྱོར་རྣམས་ཀྱི་བདག་ཉིད་ཆེ། །དཔལ་གསང་བ་འདུས་པ་ལས་གསུངས་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་གསང་བའི་མངོན་པར་རྟོགས་པའི་དབང་བསྐུར་བའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཇི་ལྟར་བལྟ་བར་བགྱི། ཞེས་སོགས་འདྲེན་པར་མཛད་པས། རྒྱུད་ཚིག་དེར་གསུངས་པའི་དབང་བསྐུར་བ་ཡང་གནས་འདིའོ་ཞེས་བཞེད་དོ། །དེ་དག་དང་། འོད་ཟེར་གྱི་སྤྲོ་བསྡུས་ཀྱང་སྨིན་བྱེད་ཀྱི་དབང་དུ་འགྱུར་བ་ཡོད་པར། ཇོ་བོ་ནཱ་རོ་པས། དགྱེས་རྡོར་འགྲེལ་ཆེན་གྱི་དབང་གི་རབ་ཏུ་དབྱེ་བར། དཔའ་བོ་ཡང་དག་མཉེས་ནས་བཞེངས། །དབང་བསྐུར་བ་ནི་རིན་པོ་ཆེ། །གཉིས་མེད་ཆུ་ཡིས་སྦྱིན་པར་བྱ། །དང་པོ་ཐུགས་ཀྱི་བཟླས་པ་ཡིས། །ཧེ་རུ་ཀ་ཡི་སྣང་བ་ཐོབ། །དབང་བསྐུར་བ་ནི་སྦྱིན་པར་བྱ། །གཞན་དུ་བཞད་གད་སྦྱིན་པར་བྱ། །རྣལ་འབྱོར་སྟོབས་དང་ལྡན་གྱུར་ན། །སྙིང་ཀའི་དཀྱིལ་འཁོར་འོད་ཟེར་གྱིས། །སློབ་མའི་ལུས་ནི་ཡང་དག་དགང་། །དབང་བསྐུར་སྦྱིན་པར་བསམ་པར་བྱ། །ཞེས་དང་། ཆོ་གས་དབང་མ་བྱིན་ཀྱང་། རང་སྟོབས་ཀྱིས་ཐོབ་པ་ཡོད་པ་ལ་དགོངས་ནས། དེ་ཉིད་དུ། དབང་བསྐུར་མཚན་ཉིད་ལས་བྱུང་བའི། །འགྲོ་བ་རྒྱུ་དང་མི་རྒྱུ་ཀུན། །དེ་ཕྱིར་དབང་ནི་སྦྱིན་མི་བྱ། །གང་ཕྱིར་འགྲོ་བ་དབང་རང་བཞིན། །སྐྱེས་པ་དེ་ཉིད་དེ་ལྡན་ཡང་། །རྨོངས་པས་དེ་ཉིད་མི་ཤེས་པས། །སྐྱེ་མེད་ཡེ་ཤེས་སླར་ཡང་ནི། །བརྗོད་པ་ཡིས་ནི་བསྐྱེད་པར་བྱ། །ཞེས་དང་། ཡེ་ཤེས་གྲུབ་པར་ཡང་། ལེའུ་བཅུ་དྲུག་པ་ལས། རྡོ་རྗེའི་ཐིག་ནི་གདབ་པ་དང་། །ཚོན་རྩི་དག་ཀྱང་དགྱེ་བ་ནི། །སྔགས་ནི་སེམས་དཔས་མི་བྱ་ཏེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་གསུངས་ཏེ། དཀྱིལ་འཁོར་གྱི་ཐིག་གདབ་པ་དང་ཚོན་རྩི་དགྱེ་བ་ལ་སོགས་པ་མི་བྱའོ། །སྔགས་ཀྱི་སེམས་དཔའ་ཞེས་བྱ་བ་ནི་ཡིད་སྐྱོབ་པར་གྱུར་པའི་ཕྱིར་སྔགས་ཀྱི་ཡེ་ཤེས་ཏེ། ཡང་དག་པའི་ཡེ་ཤེས་མཐོང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྨོངས་པས་དེ་ལྟར་བྱེད་ན་ནི། བྱང་ཆུབ་རྙེད་པར་མི་འགྱུར་ཏེ། བྱིས་པའི་སྐྱེ་བོ་ལས་དང་པོ་པའི་སེམས་ཅན་བྱ་བ་བྱེད་པས། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་རྙེད་དཀའ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་ཡེ་ཤེས་ཀྱིས་མངོན་པར་དབང་བསྐུར་བ་དང་ལྡན་པའི་རྣལ་འབྱོར་ཆེན་པོ་དེ་ལ་ནི་དཀྱིལ་འཁོར་བྲི་བ་དང་། འཇུག་པ་དང་། དབང་བསྐུར་བ་ལ་སོགས་བཀག་པ་ཡིན་ནོ། །ཞེས་གསུངས་ལ། འདི་ནི་ཡེ་ཤེས་མཐོང་ཟིན་ཁོ་ན་ལ་མ་ཡིན་པ། ཡེ་ཤེས་མཐོང་བར་བྱ་བ་ཞེས་པའི་ཚིག་གི་ནུས་པས་སོ། །དེ་བས་ན། ས་དང་པོའི་ཡེ་ཤེས་རྒྱུའི་དབང་དུ་འགྱུར་ཏེ། དེ་ཉིད་ཉེར་ལེན་དུ་བྱས་པའི་བླ་ན་མེད་པའི་བྱང་ཆུབ་འབྲས་བུའི་དབང་དུ་གསུངས་པའི་ཕྱིར་རོ། །ཇི་ལྟར་གསུངས་ཤེ་ན་དྲི་མ་མེད་པའི་འོད་ལས། འདིར་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཙམ་གྱིས་མཆོག་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྐད་ཅིག་མ་རྣམས་ཀྱི་ཐ་མ། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་མི་ཆོད་པ་སྟེ། དེ་བཅོམ་ལྡན་འདས་གང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ། །ཞེས་གསུངས་པའོ། །ཞིབ་པར་དཔྱད་ན། རྒྱུ་རྐྱེན་ཚོགས་པ་ཙམ་གྱིས་དང་། མོས་པ་དང་། ཆོས་ཉིད་ཇི་ལྟ་བ་ཤེས་པས་སྨིན་པ་གསུམ་དུ་འགྱུར་ཞིང་། དེའི་རྗེས་སུ་སྡོམ་པ་ཡང་འགྲོ་བས། རྒྱུའི་གནས་སྐབས་ཀྱི་སྡོམ་པ་ཡང་གསུམ་དུ་འགྱུར་རོ། །དེ་ལྟ་བུའི་སྡོམ་པ་ཡང་ཕས་ཕམ་པ་ལྟ་བུའི་རྩ་བའི་ལྟུང་བ་མ་བྱུང་ན་ནམ་མཁའ་ཇི་སྲིད་དུ་གནས་པར་འགྱུར་ཏེ། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །ཞེས་གསུངས་སོ། །སེམས་འགྲེལ་གྱི་དགོངས་པས། འཇིག་རྟེན་ཀུན་རྫོབ་ཏུ་བུམ་པས་དབང་བསྐུར་བ། སློབ་དཔོན་གྱི་དབང་དུ་བཞག་པ་སོགས་གསུམ་དང་། དཔེའི་ཡེ་ཤེས་ཙམ་གྱིས་བཞི་པ་ནི་དོན་དམ་པའི་དབང་བཞི་ལ་བལྟོས་ནས་ཕྱིན་ཅི་ལོག་པ་དང་དོན་མེད་པ་ཡིན་པའི་ཕྱིར་ཏེ། བུམ་པས་དབང་བསྐུར་བ་ཙམ་གྱིས་སློབ་དཔོན་དུ་འགྱུར་ན། གསང་བ་སོགས་གསུམ་ལས་འབྲས་བུ་ཅི་ཞིག་འབྱུང་བར་འགྱུར་ཏེ། སློབ་དཔོན་ནི་རྡོ་རྗེ་འཆང་གི་མིང་ཡིན་ལ། དེ་ནི་བུམ་དབང་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །ཞེས་བཞེད་དོ། དྲི་མ་བཞི་དག་ནུས་པ་བཞི་སྨིན་ལ། །ཡོངས་སུ་སྨིན་པར་བཞག་པས་གང་གི་དེ། །བྱེད་ནུས་ཐབས་ལ་རྒྱལ་བས་དབང་བསྐུར་གསུངས། །དེ་ཕྱིར་དབང་བསྐུར་དེ་མེད་དངོས་གྲུབ་མེད། །ཅེས་པས། གང་གིས་མ་སྨིན་པ་ཞེ་ན། མ་རིག་པས་ཡིན་ལ། གང་གིས་སྨིན་པ་ཞེ་ན། སོ་སོ་རང་གིས་རིག་པའོ། །དེའི་ཕྱིར། དབང་སྤྱི་འགྲོས་སུ་བུམ་དབང་གིས་སྨིན་པ་ནི་རྟེན་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་བརྟེན་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་སོ་སོ་རང་གིས་རིག་པ་ལ་བྱ་ཞིང་། གསང་དབང་གོང་བུའི་ལྷའམ་ལོངས་སྐུའི་དཀྱིལ་འཁོར། དབང་གསུམ་པར་བདེ་བ་ལྷར་དང་། དབང་བཞི་པར་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་ལྷ་སོ་སོ་རང་གིས་རིག་པ་ལ་བཞག་ལ། ནང་གསེས་ཀྱི་ཁྱད་པར་ཞིབ་མོ་ནི་རྟེན་འབྲེལ་སྙིང་པོའི་རྣམ་གཞག་ཏུ་བཤད་ཟིན་ཏོ། །དེའི་མི་མཐུན་ཕྱོགས་མ་རིག་པས་ཁ་བདག་བྱས་པའི་ལུས་ངག་ཡིད་ཟག་པ་དང་བཅས་པའི་བདེ་བ་འཁྲུད་ཅིང་། བཤད་མ་ཐག་པའི་ནུས་པ་འཇོག་པར་བྱེད་པའི་ཐབས་དེ་ལ། ཨ་བྷི་ཥེ་ཀ མངོན་པར་བླུགས་པ་དང་། ཨ་བྷི་ཥེ་ཙ་ཡ་ཏི། མངོན་པར་འཐོར་བར་བྱེད་པའམ་མངོན་པར་འཁྲུད་པའི་ངེས་ཚིག་གིས་དབང་ཞེས་བྱ་སྟེ། བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས་སོ། །དེ་ཡང་། ཆུ་ཅོད་པན་བུམ་དབང་རྣམས་ཀྱིས་ཐ་མལ་པའི་ལུས་དང་། དར་དཔྱངས་རྡོར་དྲིལ་གསང་དབང་རྣམས་ཀྱིས་ངག་དང་། བཏུལ་ཞུགས་མིང་ཤེས་རབ་ཡེ་ཤེས་རྣམས་ཀྱིས་སེམས་དང་། བཞི་པས་ཡེ་ཤེས་དང་། ཡང་ཆུས་ཁམས་དང་། ཅོད་པན་གྱིས་ཕུང་པོ་དང་། བརཏལ་ཞུགས་ཀྱིས་སྐྱེ་མཆེད་དང་མིང་གིས་ལས་དབང་དང་། ལ་སོགས་པས་དར་དཔྱངས་རྡོར་དྲིལ་རྗེས་གནང་རྣམས་ཀྱིས་རླུང་དང་། རྩ་དང་། ཡེ་ཤེས་དག་པར་བྱེད་པའོ། །འདི་ནི་དབང་མདོར་བསྟན་ལས། ལུས་ངག་སེམས་ནི་ལེགས་དག་པས། །མངོན་པར་དབང་བསྐུར་གཉིས་གཉིས་སོ། །ཞེས་དང་། ལུས་ངག་སེམས་ནི་ཡང་དག་དག །དབང་བསྐུར་གསུམ་པོ་རིམ་པ་ཡིས། །བཞི་པ་ཡེ་ཤེས་དག་པ་སྟེ། །ལུས་ངག་ཡིད་རྣམས་དག་པ་ཅན། །ཞེས་གསུངས་སོ། །དེའི་ཕྱིར། དེ་ལྟ་བུར་སྨིན་པ་མེད་ན་དངོས་གྲུབ་མེད་པར་ཤེས་སོ། །གལ་ཏེ་ཆོ་གའི་གོ་རིམ་འདི་ཁོ་ནས། །སྨིན་བྱེད་གཞན་ལ་དེ་ཡི་ནུས་མེད་ན། །རྒྱལ་བས་ཆོ་ག་མི་མཐུན་ཅི་སྟེ་གསུང་། །བསམ་པ་མཁྱེན་པས་སྨིན་བྱེད་སྣ་ཚོགས་བསྟན། །དེ་བས་མུ་བཞི་དབང་ལ་འཐད་བཞིན་དུ། །བརྩིས་པར་སྐྱོན་སྨྲ་མཁས་པའི་བསྙོན་དོར་ཡིན། །ཞེས་པ་གལ་ཏེ་རང་སྟོབས་ཀྱིས་དབང་ཐོབ་པ་དང་། ཆོ་གའི་བྱེད་པ་ཤིན་ཏུ་ཆུང་བས་སྨིན་པར་བྱེད་པའི་ནུས་པ་མེད་ན། རྒྱལ་བས་ཐམས་ཅད་དུ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་རྒྱས་པ་ཁོ་ན་གསུང་རིགས་པ་ལས་མ་གསུངས་པར་སྣ་ཚོགས་པར་གསུངས་པ་ཉིད་ཀྱིས་དེ་དག་ཀྱང་སྨིན་བྱེད་དུ་ངེས་སོ། །དེའི་ཕྱིར། ཨཱརྻ་དེ་ཝའི་སེམས་ཀྱི་སྒྲིབ་སྦྱོང་དུ། །དཀྱིལ་འཁོར་དུ་ནི་མ་ཞུགས་པའམ། །སྒྲིབ་པ་ཀུན་དང་བཅས་པའང་རུང་། །རང་གི་ལྷག་པའི་ལྷར་སྦྱོར་བས། །བསོད་ནམས་ཆུང་བས་ཀྱང་འགྲུབ་འགྱུར། །ཞེས་གསུངས་སོ། །དེ་བས་ན། དབང་བསྐུར་མུ་བཞིར་བརྩི་བ་ལ་སྐྱོན་སྨྲ་བ་སོགས་མང་པོ་ཞིག་གི་ཚིག་འདི་ལས་བསྙོན་དོར་དུ་ཤེས་པར་འགྱུར་རོ། །འགའ་ཞིག་སྔགས་ལ་སྔོན་ཆོག་ད་ཆོག་འབྱེད། །རྒྱུད་དང་འཕགས་ཡུལ་གཞུང་ལ་དེ་མ་བཤད། །ཅེས་པ། ཇི་ལྟར་འདུལ་བའི་ལུང་ལས་གསུངས་པ་བཞིན། སྔོན་ཆོག་དང་ད་ལྟར་གྱི་ཆོ་ག་ནི་རྣམ་གཞག་སྔགས་ཀྱི་ཐེག་པའི་རྒྱུད་སྡེ་གོང་འོག་གང་དུ་ཡོད་ཀྱང་འཕགས་པའི་ཡུལ་གྱི་བསྟན་བཅོས་འགའ་ཞིག་ལས་འབྱུང་རིགས་པ་ལ་ཅི་ཡང་མ་བྱུང་བའི་ཕྱིར། འཕགས་པ་རྣམས་ཀྱིས་གང་ཟག་རབ། །སྤྲུལ་པ་ཡི་ནི་དཀྱིལ་འཁོར་དུ། །དབང་བསྐུར་མཛད་ཅེས་གསུངས་པ་ནི། །སྔོན་གྱི་ཆོ་ག་འཕགས་པའི་ཡིན། །ཞེས་པ་ནི་རང་བཟོར་ཟད་དོ། །དེ་དག་གི་ཤེས་པར་བྱེད་པ་ཡང་། །བདེ་མཆོག་རྩ་བའི་རྒྱུད་དུ། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱི་གདུལ་བྱ་བ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདིར་བདག་ཡུལ་མིན་པ། །གང་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེ་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཅེས་གསུངས་པས། བདག་ཅག་ནི་རྒྱུད་སྡེའི་གཞུང་ལ་བྱང་ཆུབ་སེམས་དཔའ་དང་། ཨུ་རྒྱན་རྡོ་རྗེ་ཐེག་པའི་གན་མཛོད་ན་གནས་པ་རྣམས་ཀྱི་ཚིག་བསྙེན་ནས་དད་པས་འཇུག་པ་ཡིན་པའི་ཕྱིར་གྲུབ་པའི་མཐའ་ལ་སྨིན་པར་བྱེད་པའི་ཆོ་ག་མང་པོར་སྙད་པ་ཡིན་ནོ།། །། ལྔ་པ་གང་ནོད་པ་དབང་གི་བསླབ་པར་བྱ་བ་ལ། བསྲུང་བྱ་རྩ་ལྟུང་བཅུ་བཞི་ཡན་ལག་དང་བཅས་པ། བསྒྲུབ་བྱ་རིགས་དྲུག་གི་དམ་ཚིག་ཉམས་སུ་བླང་བ་དང་འབྲེལ་བའི་དམ་ཚིག །ཉམས་ན་ཕྱིར་བཅོས་པ་དང་བཞི་ལས། དང་པོ་ལ་རྩ་བའི་ལྟུང་བ་བཤད་པ་དང་ཡན་ལག་གི་ལྟུང་བ་བཤད་པ་གཉིས་ལས། དང་པོ་ནི། དེ་ཡང་དཔལ་ལྡན་རྒྱུད་དུ། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལས་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོ་བས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བའི་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་དང་། གཞན་ཡང་། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་དང་། གཤིན་རྗེ་གཤེད་དམར་པོའི་རིམ་པར་ཕྱེ་བ་བཅོ་བརྒྱད་པ་དང་། ནག་པོའི་བཅུ་བདུན་པ་རྣམས་ལས་རྩ་བའི་ལྟུང་བ་བཅུ་བཞི་ཚང་བར་གསུངས་ཤིང་། གཞན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་བགྲང་བ་ལས་འདས་པར་ཅི་རིགས་པར་གསུངས་པ་ཚིག་རིགས་གཅིག་ཏུ་བསྡེབས་ནས་བཟུང་བདེ་བར་མཛད་པ་གྲུབ་པའི་སློབ་དཔོན་དག་གི་རྗེས་སུ་འབྲངས་ནས། སློབ་དཔོན་བརྙས་དང་བཀའ་འདས་སྤུན་ལ་ཁྲོ། །བྱམས་བཏང་བྱང་སེམས་སྤོང་དང་ཆོས་ལ་སྨོད། །གསང་སྒྲོག་ཕུང་པོ་བརྙས་དང་སོམ་ཉི་ཟ། །གདུག་ལ་བྱམས་ལྡན་དེར་རྟོག་སེམས་སུན་འབྱིན། །མི་བརྟེན་བུད་མེད་སྨོད་རྣམས་རྩ་ལྟུང་ཡིན། །ཞེས་པ། མཱུ་ལ་གཞིར་གྱུར་པས་ན་རྩ་བ་སྟེ། ཐབས་དང་ཤེས་རབ་ཀྱི་ཉམས་ལེན་གྱི་གཞི་ཡིན་པས་རྩ་བ་ཞེས་བྱའོ། །དེ་ལས་ཉམས་ནས་མ་གསོས་ན་རྡོ་རྗེའི་དམྱལ་བར་ལྟུང་བས་ན་ལྟུང་བ་ཞེས་བྱའོ། །དེའི་ཕྱིར། འདིར་ནི་རྨང་གཞི་ལ་རྩ་བར་བྱས་པ་ཡིན་ལ། འབྱུང་ཁུངས་ལ་རྩ་བར་བྱས་ཀྱང་མི་རུང་བ་ནི་མ་ཡིན་ཏེ། སློབ་དཔོན་བརྙས་པ་ལྟ་བུ་ཉེས་པ་ཐམས་ཅད་ཀྱི་གཞིར་གྱུར་པས་རྩ་བ་ཞེས་སམ་ཡང་ན་ཕྱི་མོ་ལ་རྩ་བར་བྱས་པ་སྟེ། མ་མོ་དང་ཆ་ལག་ཏུ་གཏོགས་པའི་ཁྱད་པར་རམ། གཙོ་བོ་དང་འཁོར་དུ་གཏོགས་པའམ། ལུས་དང་ཡན་ལག་གི་ཁྱད་པར་ཏེ། འདི་ནི་ཉེས་པའི་ལུས་དང་། མ་མོ་དང་། གཙོ་བོ་ཡིན་པའི་ཕྱིར་རྩ་བའི་ལྟུང་བ་ཞེས་བྱ་ལ། གྲངས་ནི་བཅུ་བཞིར་ཡོད་པས་རྩ་བའི་ལྟུང་བ་བཅུ་བཞི་ཞེས་བྱའོ། །དེ་དག་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཁོ་ན་ལས་གསུངས་ཀྱི། གཞན་ལས་ནི་མ་ཡིན་ཏེ། དོན་དམ་བསྙེན་པ་ལས། བླ་ན་མེད་པའི་རྒྱུད་ལས་ལྟུང་བ་བཅུ་བཞི་ནི། །རྩ་བ་དང་བཅས་དངོས་གྲུབ་དག་ནི་འཕྲོག་པར་བྱེད། །ཅེས་གསུངས་པས་སོ། །འོ་ན། བསྡུས་རྒྱུད་ཀྱི་ཚིག་དེར་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལའོ་ཞེས་པས། རྒྱུད་སྡེ་འོག་མ་དག་ཏུ་ཡང་ཇི་ལྟར་རྩ་བའི་ལྟུང་བར་མི་འགྱུར་ཞེ་ན། འདིར་རྡོ་རྗེའི་ཐེག་པར་གནས་པ་ནི། དབང་བཞི་བསྐུར་བ་ལ་དགོངས་པའི་ཕྱིར་འགལ་བ་མེད་དོ། །འགྲེལ་པར། གང་དག་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལ་སྟེ་དབང་བསྐུར་བ་རྣམས་ལའོ། །ཞེས་པ་རྡོ་རྗེའི་འཛིན་པའི་ངེས་པའོ། །ཞེས་སོ། །རྩ་ལྟུང་གི་གཞུང་ལས། རྩ་བའི་ལྟུང་བ་བཅུ་བཞི་ནི། །རྒྱུད་ལས་གསུངས་པ་བཤད་པར་བྱ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོ་ཡིན། །ཞེས་གསུངས་པ། སློབ་དཔོན་བརྙས་པའི་རྩ་ལྟུང་ལ། དྲི་མེད་འོད་དུ། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་ཞེས་པ་ལ་འདིར་བླ་མ་རྣམ་པ་གཉིས་ཏེ། བླ་མ་དམ་པ་དང་། བླ་མ་དམ་པ་མ་ཡིན་པའོ། །དེ་དག་གི་ཐུགས་དཀྲུགས་པ་ཡང་རྣམ་པ་གཉིས་ཏེ། གཞན་གྱི་དོན་དང་རང་གི་དོན་ལས་སོ། །དེ་ལ་གཞན་གྱི་དོན་ལས་གང་གི་ཐུགས་འཁྲུགས་པ་དེ་ནི་དཔལ་ལྡན་བླ་མའོ། །རང་གི་དོན་ལས་གང་གི་ཐུགས་འཁྲུག་པ་དེ་ནི་བླ་མ་དམ་པ་མ་ཡིན་པའོ། །འདིར་སློབ་མ་མི་དགེ་བ་བཅུ་ལ་བཞུགས་པས་དཔལ་ལྡན་བླ་མའི་ཐུགས་དཀྲུགས་པར་འགྱུར་ཏེ། ཐུགས་དཀྲུགས་པ་དེ་ལས་རྩ་བའི་ལྟུང་བར་འགྱུར་རོ། །རང་གི་དོན་ལ་ཞུགས་པའི་བླ་མ་ནི་མི་དགེ་བ་བཅུ་ལ་ཞུགས་པ་ལས་མ་ཡིན་ནོ་ཞེས་པ་སྟེ་ངེས་པའོ། །ཞེས་གསུངས་ལ། དེའི་དོན་ཡུལ་གང་ལ་ཞེ་ན། ༡ སློབ་དཔོན་རྣམ་གསུམ། ཞེས་སྨྲས་ཏེ། དེ་ཡང་ནག་པོ་པའི་དགྲ་ནག་གི་འགྲེལ་པར། སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་པ་ལ། སློབ་དཔོན་ནི་སློབ་མ་ཐམས་ཅད་ཀྱི་དཔོན་དུ་གྱུར་པའི་གཞུང་ལུགས་དང་ལྡན་པ་སྟེ། རྒྱུད་བཤད་པ་དང་། མན་ངག་སྟོན་པ་དང་། དབང་བསྐུར་བ་གསུམ་ལས་གཅིག་དང་ལྡན་པ་དང་། གཉིས་དང་ལྡན་པ་དང་། བྱེ་བྲག་ཏུ་ལྡན་པའོ། །དེ་ཡང་། དམ་ཆོས་ཀློག་དང་སྦྱིན་པ་དང་། །འཆད་བྱེད་མན་ངག་སྟོན་པ་དང་། །དབང་བསྐུར་བ་དང་དཀྱིལ་འཁོར་ལས། །འདི་རྣམས་སློབ་དཔོན་ཡིན་པར་བཤད། །ཅེས་དང་། སློབ་དཔོན་ཡེ་ཤེས་རྡོ་རྗེས། སློབ་དཔོན་ནི་དབང་བསྐུར་བ་དང་ཆོས་སྟོན་པ་གཉིས་དང་། དབང་ལ། ལས་ཀྱི་དང་། རྡོ་རྗེ་སློབ་དཔོན་དང་། གསང་བ་དང་སོགས་པ་ལྔའོ། །ཞེས་གསུངས་ལ། དབང་། རྒྱུད། མན་ངག་གསུམ་ཆར་ཐོབ་པ་གསུམ་ནི་གསུམ་ལྡན། གང་ཡང་རུང་བ་གཉིས་ཐོབ་པ་གཉིས་ལྡན། གཅིག་ཙམ་ནོད་པ་ཆིག་ལྡན་ཏེ། དེ་ཕྱིར་སློབ་དཔོན་ནི་གསུམ་མོ། །སྙིང་ནས་སྨོད་པ་དང་། བརྙས་དང་ཐུགས་དཀྲུགས་གང་ཡང་རུང་བས་སོ། །ཞེས་པ། བླ་མ་ལྔ་བཅུ་པར། དེ་འདྲའི་མགོན་ལ་བསམ་བཞིན་དུ། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་སྡུག་བསྔལ་རྟག་ཏུ་ཐོབ། །ཅེས་དང་། མནར་མེད་ལ་སོགས་འཇིགས་རུང་བ། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་དང་། ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །ཞེས་པ། སྨོད་པ་ནི་འཁུས་པ་དང་། སྐུ་ལ་སྨད་པ་དང་། ཉེས་པ་བརྗོད་པས་འཕྱ་བ་ལ་སོགས་པའོ། །བརྙས་པ་ནི། འབྱོར་པ་ལ་གནོད་པ་བྱེད་པ་དང་། བཙུན་མོ་ལ་སྤྱོད་པ་དང་། བརྙས་སེམས་དང་། བཀུར་སྟི་མི་བྱེད་པ་དང་། མང་པོའི་གསེབ་ཏུ་མི་འཛེམ་པ་ལ་སོགས་པའོ། །ཐུགས་དཀྲུགས་པ་ནི། གཞན་གྱི་དོན་ལ་ཐུགས་དཀྲུགས་པ་སྟེ། སློབ་མ་རང་ཉིད་མི་དགེ་བ་བཅུ་ལ་ཞུགས་པ་སྟེ། འདིར་བླ་མ་བཀྲོངས་པ་དང་། མཚོན་བསྣུན་པ་ལ་སོགས་པའང་འདུའོ། །ཇི་ཙམ་གྱིས་རྩ་བའི་ལྟུང་བར་འགྱུར་ཞེ་ན། ལས་དང་པོ་པའི་ཡུལ་ཡང་། དབང་བསྐུར་བའི་བླ་མ་དམ་པ་ཡིན་པ་ཞིག་དགོས་ཏེ། དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུང་། །ཞེས་པས། སྨིན་པར་བྱེད་པ་པོ་ཁོ་ནའི་བྱིན་རླབས་ཀྱིས་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་བས་ན་སྨིན་པར་བྱེད་པའི་ནང་ནས་ཀྱང་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་པོ་རྩ་བའི་བླ་མའི་མཆོག་ཏུ་བཞག་པས། དེ་ཡང་དཀར་རྒྱུད་རིན་པོ་ཆེ་འདིའི་ལུགས་ལ་སེམས་ངོ་སྤྲོད་པའི་བླ་མ་ལ་བྱེད་པས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནས་གསུངས་པ་དང་ལེགས་པར་འབྲེལ་བ་ཡིན་ནོ། །དེ་ལས་གཞན་པའི་བླ་མ་དང་། དམ་པ་མ་ཡིན་པ་ལ་ཕས་ཕམ་པའི་མཚན་ཉིད་ཅན་གྱི་ལྟུང་བ་དངོས་མི་བསྐྱེད་ཀྱང་དེའི་རྣམ་པ་འདྲ་བ་ལྟུང་བ་འདིས་བསྡུས་པའི་ལྟུང་བ་ཞིག་བསྐྱེད་དེ། ཤཱནྟིཔའི་དགྲ་ནག་གི་འགྲེལ་པར། ཅི་དབང་བསྐུར་བ་འབའ་ཞིག་སློབ་དཔོན་ཡིན་ནམ་སྙམ་ན། སློབ་དཔོན་གང་གི་དབང་བསྐུར་བ་དང་། རྒྱུད་བསྟན་པ་དང་། གང་གིས་ཐད་ནས་ལས་ཀྱི་མན་ངག་མནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདིས་ཀྱང་ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ཏེ། ཞེས་གསུངས་པས་དམ་པ་དགོས་པར་བཤད་དོ། །སྙིང་ནས་ཞེས་པ་ལ་གསང་འདུས་ཀྱི་འགྲེལ་པར། ཤཱནྟི་པས། སློབ་དཔོན་དེ་ལ་ཡང་དང་ཡང་དུ་སྨོད་པར་བྱེད་པ་དང་། དེས་ཀྱང་དགའ་བར་བྱེད་ཀྱི་འགྱོད་པར་མི་བྱེད་པ་དང་། ཆོས་བཞིན་དུ་ཕྱིར་འཆོས་པར་མི་བྱེད་པ་གང་ཡིན་པ་དེ་ནི་སྙིང་ནས་སློབ་དཔོན་སྨོད་པ་སྟེ། ཞེས་བཤད་པས། མདོར་ན། གཞིའི་ཡན་ལག་རང་གི་རྩ་བའི་བླ་མ། བསམ་པའི་ཡན་ལག་ཀུན་དཀྲིས་ཆེན་པོ། སྦྱོར་བའི་ཡན་ལག་སྨོད་སོགས་གསུམ་པོ་གང་རུང་། མཐར་ཐུག་གི་ཡན་ལག་ཉིན་མཚན་གྱི་དྲུག་ཆ་ལས་ཡོལ་གྱི་བར་དུ། ཕྱིར་བཅོས་མ་བྱས་པ་སྟེ། རྩ་ལྟུང་དུ་འགྱུར་བ་ལ་ཡན་ལག་དེ་རྣམས་ཚང་དགོས་སོ། །རྣལ་འབྱོར་པའི་གནས་སྐབས་ལ་ནི་རྒྱུད་དང་མན་ངག་ཙམ་ཐོབ་པའི་གཉིས་ལྡན་ནམ། རེ་རེ་བའི་ཆིག་ལྡན་ཡང་གཞིར་འཇོག་སྟེ། དེ་བསྒྲུབ་པར་ནུས་པའི་ཡུལ་ནི་ཡིན་པས་སོ། །མདོར་ན། ཚིགས་བཅད་གཅིག་ཙམ་ཉན་པ་ལའང་། གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་བར་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་པ་དེ་ཙམ་ཤན་དུ་བཞག་པའི་རིགས་པས་སོ། །ཇི་ཙམ་གྱི་དམ་ཚིག་བསྲུང་བར་འགྱུར་ཞེ་ན། ལྔ་བཅུ་པར། བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤངས་པ་ནི། །དེ་དང་དེ་ལ་འབད་དེ་བྱ། །ཞེས་དེར་ཇི་ལྟར་གསུངས་པའི་ཚུལ་ལམ། ཇོ་བོ་ཏིལླི་པས། ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་བསྒྲིལ་ནས་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། །ཞེས་ལམ་ཟབ་མོ་བླ་མའི་སྒྲུབ་པ་ལ་གནས་པ་ཉིད་ཀྱིས། དམ་ཚིག་ཐམས་ཅད་བསྲུངས་པར་འགྱུར་རོ། །བཀའ་འདས་ཀྱི་རྩ་ལྟུང་ནི། ༢ དེས་གསུངས་རྒྱལ་བར་བསྟན་པ་བླང་དོར་གནས། །གོ་ཞིང་ཁྱད་གསོད་མི་མཐུན་སྤྱོད་དང་འབྲེལ། །འཆད་པ་ལ་ཡིན། ཞེས་པ། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་པའི་དོན། དྲི་མེད་འོད་དུ། དེའི་བཀའ་ལས་འགོངས་པས་གཞན་རྩ་བའི་ལྟུང་བ་གཉིས་པར་འགྱུར་ཏེ། བླ་མའི་ལྐོག་ཏུ་གྱུར་པར་མི་དགེ་བ་བཅུ་བྱེད་པའི་ཕྱིར་རོ། །ཞེས་པས་གཞི་བླ་མ་དམ་པ་དེས་རང་ལ་གདམས་པ་རྒྱལ་བས་གསུངས་པའི་བླང་དོར་གྱི་གནས་ལ། བསམ་པ་ཀུན་དཀྲིས་ཆེན་པོས། ཇི་ལྟར་གསུངས་པའི་དོན་གོ་བཞིན་དུ་ཁྱད་གསོད་ཀྱིས་བློས། སྦྱོར་བ་དེ་ལྟར་གསུངས་པ་དང་མི་མཐུན་པར་སྤྱོད་པའམ། འབྲེལ་པའམ། འཆད་པ་ལྟ་བུ་གང་རུང་། མཐར་ཐུག་ཐུན་ལས་འདས་པ་སྟེ། ཡན་ལག་འདི་ཚང་ན་རྩ་བའི་ལྟུང་བར་འགྱུར་རོ། །ཐུན་ཞེས་པ་ཉིན་མཚན་གྱི་དྲུག་ཆ་ལ་བཟུང་ངོ་། །དེ་ལྟར་ཡང་ཐེག་པ་ཆེན་པོའི་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་ཤིང་། ནག་པོ་པས། ཐེག་གསུམ་གྱི་སྤྱོད་པ་ལ་བསླབ་ཚུལ་འདི་ཙམ་ཞིག་ཐེག་པ་གསུམ་གྱི་བཀའ་ལས་མི་འདའ་བའི་དོན་དུ་བཤད་ལ། ཤཱནྟི་པས། བདེ་གཤེགས་ཀྱི་བཀའ་ཙམ་ཁྱད་དུ་གསོད་པ་ལ་བྱས་ལ། དུས་འཁོར་དང་། བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་བདེ་བར་གཤེགས་པའི་བཀའ་ནི་ཤིན་ཏུ་ཟབ་པའི་ཕྱིར། ལས་དང་པོ་པས་རང་དབང་དུ་འཇུག་པ་མ་གནང་ལ། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད་པ་ན། དེས་ཇི་ལྟར་བསྟན་པ་ཉིད་ཚད་མ་ཡིན་པས་དེ་ལས་འགོངས་ནས་ལྐོག་ཏུ་གྱུར་པར་མི་དགེ་བ་བཅུ་བྱེད་པ་ལ་དགོངས་སོ། །དེའི་ཕྱིར་ལས་དང་པོ་པ་རང་སའི་དང་། རྣལ་འབྱོར་པ་ལ་ཐེག་པ་གསུམ་གའི་བླང་དོར་གྱི་གནས་སྟོན་ལ། རང་ས་ཡང་དབང་བསྐུར་གྱི་རིམ་པའི་རྗེས་སུ་འགྲོ་བ་ཙམ་ཞིག་སྟེ། མདོ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པ་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་པའི་རིགས་པས་སོ། །ཚུལ་ཇི་ལྟར་བསྲུང་ཞེ་ན། བླ་མའི་བཀའ་ལས་མི་འགོང་བའི་བླང་དོར་ལ་གནས་པས་སོ། །སྤུན་ལ་ཁྲོ་བའི་རྩ་ལྟུང་ནི། ༣ སྤྱི་རིང་ཉེ་བ་དང་། ནང་འདྲེས་སྤུན་ལ་ཁྲོས་སམ་འཁོན་དུ་འཛིན། །ཕྲག་དོག་བརྙས་པ་བྱས་དང་སུན་འབྱིན་ཡང་། །ཞེས་པ། རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །ཞེས་པའི་དོན། དྲི་མེད་འོད་ལས། དེ་བཞིན་དུ། སྤུན་ལ་ཁྲོས་པས་གསུམ་པར་འགྱུར་ཏེ། གང་གི་ཚེ་རྡོ་རྗེའི་སྤུན་རྒན་པོའམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོ་བར་བྱེད་ནའོ། །ཞེས་པ། སྤྱིའི་མཆེད། རིང་བའི་མཆེད། ཉེ་བའི་མཆེད། ནང་འདྲེས་ཀྱི་མཆེད་ཅེས་སྦྱར་ཏེ། སྒེག་པའི་རྡོ་རྗེས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོ་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་སོ། །ཞེས་ཏེ། སེམས་ཅན་ཐམས་ཅད་རང་རིག་ཡེ་ཤེས་ཀྱི་སྣང་བ་ལས་མ་འདས་པས་བདག་ལས་གཞན་དུ་བལྟ་བར་བྱ་བ་མ་ཡིན་པ་དང་། ཡབ་བདེ་གཤེགས་སྙིང་པོ་ལས་མ་འོངས་པའི་སངས་རྒྱས་སུ་སྐྱེ་བར་འགྱུར་བའི་རིགས་གཅིག་པས་ན་ཡང་སྤུན་ཞེས་བྱ་སྟེ་སྤྱིའི་མཆེད་དོ། །སངས་རྒྱས་ཀྱི་བསྟན་པའི་ཆོས་ལ་ཞུགས་ཙམ་རྣམས་ནི་རིང་བ་དང་། ལྟ་སྤྱོད་མཐུན་པས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཉེ་བ་དང་། སློབ་དཔོན་དང་། དཀྱིལ་འཁོར་དང་། རིག་མ་སོགས་གཅིག་པ་ནི་ནང་འདྲེས་ཞེས་སོ། །འཇམ་དཔལ་གྲགས་པས། གསང་འདུས་སོགས་དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ནི་རྡོ་རྗེ་སྤུན་ནོ། །རྡོ་རྗེ་ཐེག་པར་ཞུགས་པ་ཐམས་ཅད་ཉེ་བའི་སྤུན་ནོ། །བསྟན་པ་གཅིག་ལ་ཞུགས་པ་ཐམས་ཅད་མཛེས་པའི་སྤུན་ཏེ་རྣམ་པ་གསུམ་མོ། །གཞན་ཡང་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རང་བཞིན་པས་རྡོ་རྗེ་སྤུན་ནོ། །བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་དང་། མཚོན་བྱེད་བཞི་པ་སློབ་དཔོན་གཅིག་དང་རིག་མ་གཅིག་ལས་ཐོབ་པ་ནི་ཁྱད་པར་གྱི་རྡོ་རྗེ་སྤུན་ནོ། །བྱེ་བྲག་ཏུ་ཐོབ་པ་ནི་བྱེ་བྲག་གི་རྡོ་རྗེ་སྤུན་ནོ། །དེ་རྣམས་ལས་ལྟུང་བའི་ལྕི་ཡང་ཀྱང་དེ་བཞིན་ནོ། །ཞེས་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རིམ་པ་རྣམ་པར་གཞག་པ་ལས། བསྟན་དང་རྡོ་རྗེ་ཐེག་པ་ལ། །ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་སྤུན། །དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་བྱེ་བྲག་ཁྱད་པར་རོ། །ཞེས་གསུངས་པ་དང་། ཤཱཀྱ་བཤེས་གཉེན་གྱིས། སློབ་དཔོན་གཅིག་ལ་དཀྱིལ་འཁོར་དུ་ཞུགས་པ་སྟེ། ཞེས་སློབ་དཔོན་གཅིག་པ་ཙམ་དང་། ཤནྟི་པས། སྤུན་ཞེས་བྱ་བ་ནི་སློབ་དཔོན་གཅིག་ལས་དཀྱིལ་འཁོར་གཅིག་ཏུ་དབང་ཐོབ་པ་སྟེ། ཞེས་དཀྱིལ་འཁོར་གཅིག་པ་ཡང་བཤད་དོ། །ནག་པོ་པས། སྐྱེ་གནས་གཅིག་པས་ན་སྤུན་ནོ། །དེ་ཡང་ཤེས་རབ་མཆོག་གི་མངལ་ན་གནས་པ་རྣམས་སྤུན་ཏེ། ཁྱད་པར་གྱི་རྡོ་རྗེ་སྤུན་དང་། བྱེ་བྲག་དང་། ཉེ་བའི་སྤུན་ནོ། །དེ་ལ་དཀྱིལ་འཁོར་དང་། སློབ་དཔོན་དང་། རིག་མ་གཅིག་ལས་དམ་ཚིག་ཐོབ་པ་ནི་ཁྱད་པར་གྱི་སྤུན་ནོ། །བྱེ་བྲག་ཏུ་ཐོབ་པ་ནི་བྱེ་བྲག་གི་སྤུན་ནོ། །ཐེག་པ་ཆེན་པོ་ལ་ཞུགས་པ་ཐམས་ཅད་ནི་ཉེ་བའི་སྤུན་ནོ། །དེ་ལས་གཉིས་ལ་ནི་ལྟུང་བ་བཞག་ལ། གཞན་ནི་ཆ་མཐུན་པའོ། །ཞེས་གསུངས་སོ། །དེ་ལས་ལས་དང་པོ་པའི་དང་པོའི་གནས་སྐབས་སུ་རྩ་བའི་ལྟུང་བར་འགྱུར་བའི་གཞི་ནི། ནང་འདྲེས་ཀྱི་སྤུན་ཁོ་ན་ལ་སྟེ། གཞན་རྣམས་ལ་ནི་དེའི་ནུས་པ་མཐུ་མེད་པས། བསྒྲུབ་མི་ནུས་པའི་ཡུལ་ལ་ཐེག་པ་ཆེན་པོ་ཐམས་ཅད་དུ་ལྟུང་བར་མ་བཅས་པའི་ཕྱིར་རོ། །རྣལ་འབྱོར་པའི་གནས་སྐབས་ཐ་མར་ནི་སྤྱིའི་མཆེད་ཀྱང་རྩ་ལྟུང་གི་གཞིར་བཞག་སྟེ། དུས་འཁོར་ཡེ་ཤེས་ཀྱི་ལེའུ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་དག་མཉེས་པར་བྱས་པས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །རྣལ་འབྱོར་པ་ནི་འཁུ་བར་བྱེད་ན་དམྱལ་བ་ངུ་འབོད་ཆེན་པོའི་མཐའ་རུ་འགྲོ་བར་འགྱུར། །དེའི་ཕྱིར་སེམས་ནི་དག་པ་ན་ཡང་མཁས་དང་མི་མཁས་སྐྱེ་བོ་རྣམས་ལ་འགལ་བ་མི་བྱའོ། །ཞེས་དང་། དཔལ་ཡེ་ཤེས་གྲུབ་པ་ལས་ཀྱང་། སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །དེ་ལྟར་བསམས་ནས་རྣལ་འབྱོར་གྱིས། །དབང་པོས་གང་ལའང་བརྙས་མི་བྱ། །ཞེས་སོ། །ལས་དང་པོ་པའི་ཐ་མ་དང་རྣལ་འབྱོར་པའི་དང་པོའི་གནས་སྐབས་ལ་ནི་ཉེ་བ་དང་རིང་བའི་མཆེད་ཀྱང་ཤེས་པར་བྱའོ། །བསམ་པ་ལ་ནི་དོན་དམ་བསྙེན་པའི་སྤུན་ལ་རབ་ཏུ་ཁྲོས་ནས་སྨྲ་བ་གསུམ་པ་སྟེ་ཞེས་པའི་འགྲེལ་པ་བདུད་རྩིའི་ཟླ་བ་དང་། ལིུཾ་ཀ་རས། སྤུན་ཕ་རོལ་པོས་གོ་བ་དང་། སྤུན་དུ་འདུ་ཤེས་པ་ཞེས་དང་། འཇམ་དཔལ་གྲགས་པས་མ་འཁྲུལ་པ་ཡང་དགོས་པར་བཤད་པས། སྤུན་དུ་འདུ་ཤེས་ཤིང་གང་ཟག་དེ་ཉིད་མ་འཁྲུལ་པ་ལ་ཀུན་དཀྲིས་ཆེན་པོ་ཞེས་སྦྱར་རོ། །སྦྱོར་བ་ཤཱནྟི་པས། དེ་ལ་ཕྲག་དོག་ལ་སོགས་པའི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ་ཞེས་དང་། ཤཱཀྱ་བཤེས་གཉེན་གྱིས། མི་མཛའ་བ་སྟེ་ཞེ་འགྲས་པར་མི་བྱའོ་ཞེས་དང་། ནག་པོ་པས། ཡིད་འཁྲུགས་པ་དང་མཚང་འབྲུ་བ། །ཞེས་དང་། དམར་ནག་གི་རྒྱུད་གཉིས་ལས། དེ་བཞིན་སྤུན་ལ་ཁྲོས་པ་དང་། །ཉེས་པ་བསྒྲག་པར་མི་བྱའོ། །ཞེས་དང་། གུར་ལས་སྤུན་ལ་མི་སྡང་བ་ཉིད་དང་། ཞེས་གསུངས་པས། ཁྲོ་བའམ། ཕྲག་དོག་གམ། འཁོན་དུ་འཛིན་པ་གང་རུང་གིས་ཀུན་ནས་བླངས་པའི་ལུས་གང་རུང་གི་སུན་འབྱིན་ན། མཐར་ཐུག་གཞན་གྱིས་གོ་བས་ཐུན་ཚོད་འདས་པ་སྟེ་རྩ་བའི་ལྟུང་བར་འགྱུར་རོ། །གང་གིས་དམ་ཚིག་འདི་བསྲུང་བར་འགྱུར་ཞེ་ན། ཁམས་གསུམ་འདི་དག་གཞལ་ཡས་ཁང་། །སྲོག་ཆགས་འདི་དག་དཀྱིལ་འཁོར་པ། །ཞེས་འཕགས་པ་ལྷས་གསུངས་པའམ། རྡོ་རྗེ་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དམ་ཚིག་ཐམས་ཅད་བླ་མའི་དམ་ཚིག་ཏུ་བསྡུ་བའི་ཚེ་སྣང་སྲིད་དཔལ་ལྡན་བླ་མའི་ཚོགས་ཞེས་སྨོས་པ་དང་། དག་སྣང་ཞིང་སྦྱོང་ཞེས་བྱ་བའི་མན་ངག་ལས་འབྱུང་བས་སོ། །བྱམས་པ་གཏོང་བའི་རྩ་ལྟུང་ནི། ༤ སེམས་ཅན་ཀུན་ལ་བརྩེ་བ་སྙིང་ནས་བཏང་། །དམ་བཅའ་ལས་ཉམས་སེམས་བསྐྱེད་གཏོང་བར་གོ །ཞེས་པ། སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་པའི་དོན། དྲི་མེད་འོད་ལས། བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་ཞེས་པ་ལ་འདིར་བྱམས་པ་བཏང་བ་ནི་རྣམ་པ་བཞི་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེན་པོའི་ཆེན་པོའི་དབྱེ་བས་སོ། །དེ་ལ་ཆུང་ངུ་ནི་སྐད་ཅིག་ཙམ་བྱམས་པ་བཏང་ཞིང་དེ་ནས་ལྡོག་པར་འགྱུར་བ་སྟེ་ཆུ་ལ་དབྱུག་པའི་རི་མོ་ལྟ་བུའོ། །འབྲིང་པོ་ནི། བྱེ་མའི་རི་མོ་སླར་ཡང་རླུང་གིས་མཉམ་པ་ཉིད་དུ་འགྱུར་བ་ལྟ་བུའོ། །ཆེན་པོའི་བདག་ཉིད་ནི་ས་གས་པ་སླར་ཡང་དབྱར་གྱི་ཆུ་ཡིས་མཉམ་པ་ཉིད་དུ་འགྱུར་བ་ལྟ་བུ་སྟེ། དེ་བཞིན་དུ་བྱམས་པ་མེད་པའི་སེམས་སོ། །ཆེན་པོའི་ཆེན་པོའི་བདག་ཉིད་ནི། ཡོངས་སུ་སྨིན་པ་སྟེ། དཔེར་ན་རྡོ་རྗེ་ཐ་དད་པ་སླར་ཡང་འགའ་ཞིག་ཏུ་ཡོངས་སུ་རྫོགས་པར་རོ་མཉམ་པར་མི་འགྱུར་བའམ། དཔེར་ན་འབྲས་བུ་སྨིན་པ་ཤིང་ལ་མི་གནས་པ་དེ་བཞིན་དུ། སེམས་ཅན་རྣམས་ལ་བྱམས་པ་ཡོངས་སུ་གཏོང་བ་སྟེ། དེས་རྩ་བའི་ལྟུང་བ་བཞི་པར་འགྱུར་ཞེས་པའི་ངེས་པའོ། །འདི་ལ་ཁ་ཅིག་ལྟུང་བའི་ངོ་བོ་ནི། ཡུལ་སེམས་ཅན་གཅིག་ལ་ཡང་རུང་སྟེ། བདེ་བ་དང་བདེ་བའི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་གཏོང་བ་མི་སྲིད་དེ། སྙིང་རྗེ་མེད་པ་དག་ཀྱང་རང་གི་བུ་བདེ་བར་འདོད་པ་བཞིན་ནོ། །ཞེས་དང་། ཡང་ལ་ལ་ནི་འདིར་ཡུལ་ནི། སེམས་ཅན་རྣམས་ཞེས་མང་ཚིག་ཏུ་བྱུང་ཡང་། སེམས་ཅན་གང་རུང་གཅིག་གོ །དེ་ལ་ཅི་ཞིག་བྱས་པས་འགྱུར་བ་ནི། བུ་གཅིག་པ་ལྟར་བསམ་པ་དུས་ཐམས་ཅད་དུ་བྱ་བ་དང་། བླ་ན་མེད་པའི་ཕན་བདེ་བསྒྲུབ་པར་འདོད་པ་དོར་བར་མི་བྱ་ཞེས་ནག་པོ་པ་དང་། ཤཱནྟིས་བཤད་པ་དེའི་ལྡོག་ཕྱོགས་ནི། བྱམས་པའི་སེམས་སྤོང་བའོ། །དེ་ཡང་། སེམས་ཅན་རྣམས་ལ་ཕན་བདེ་བསྒྲུབ་མི་ནུས་པར་འདུག་སྙམ་པ་སོགས་ཀྱིས་དེ་བཏང་ན་ནི། སེམས་བསྐྱེད་གཏོང་བ་ཡིན་པས་འོག་མ་དང་ཁྱད་མེད་དུ་འགྱུར་རོ། །ཞེས་པ་མི་འཐད་དེ། གཞུང་ལས། སེམས་ཅན་རྣམས་ལ་བྱམས་པ་བཏང་། །ཞེས་མང་ཚིག་སྨོས་པ་ལ་གཅིག་ཚིག་གི་འབྲུ་མནན་པས། སྒྲའི་དོན་དང་ཐ་སྙད་གཉིས་ཀ་རྨོངས་པར་སོང་། འོ་ན་ཇི་ལྟར་འགྲེལ་ཞེ་ན། རྟོག་གེ་འབར་བར། བྱམས་པ་ཆེན་པོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སྒྲོལ་བ་དང་། མངོན་པར་བྱང་ཆུབ་པར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི་སེམས་བསྐྱེད་པ་བཞི་དང་ལྡན་པའོ། །ཞེས་སེམས་བསྐྱེད་པ་བཞི་དང་ལྡན་པར་བཤད་པའི། སེམས་ཅན་ཐམས་ཅད་བསྒྲལ་བར་སེམས་བསྐྱེད་པ་ནི་བདག་ཉིད་བསྒྲལ་བའི་མཐུ་ཆེ་བ་དང་། དེའི་ཐབས་ལ་མཁས་པའི་སྒོ་ནས། ཐབས་མི་མཁས་པའི་སེམས་ཅན་འཁོར་བའི་གཡང་དུ་ལྷུང་བ་རྣམས་གདོན་པར་དམ་བཅས་པའོ། །སེམས་ཅན་ཐམས་ཅད་སྒྲོལ་བར་སེམས་བསྐྱེད་པ་ནི། བདག་ཉིད་ཤེས་རབ་ཀྱི་མཚོན་གྱི་སྲིད་པར་ཀུན་ཏུ་སྦྱོར་བའི་ཉོན་མོངས་ཀྱི་འཆིང་བ་བཅད་པའི་སྒོ་ནས། སེམས་ཅན་འཁོར་བའི་བཙོན་རར་འདོད་ཆགས་ལ་སོགས་པ་ཀུན་སྦྱོར་དགུའི་ལྕགས་སྒྲོག་གིས་བཅིངས་པ་ཉེས་པ་སྣ་ཚོགས་ལས་མ་གྲོལ་བ་རྣམས། འཆིང་བ་དེ་ལས་གྲོལ་བར་བྱ་བར་དམ་བཅས་པའོ། །སེམས་ཅན་ཐམས་ཅད་མངོན་པར་བྱང་ཆུབ་པར་བྱ་བར་སེམས་བསྐྱེད་པ་ནི། ཇི་ལྟར་འཇིག་རྟེན་ན་དཀོན་པའི་བཟའ་བ་ནི། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་ཆོས་ཀྱི་བདུད་རྩི་སྟེ། དེ་ལས་ནི་འཆི་འཕོ་མེད་ཅིང་། སྲེད་པ་ཟད་པའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རོ། །དེས་ན་བདུད་རྩི་དེ་བདག་གིས་བསྒྲུབས་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་བར་སྤྱད་དུ་ཡོད་པར་བསྔོས་པའི་ཐབས་མཁས་ཀྱི་སྒོ་ནས་བགོ་སྐལ་ལ་སྤྱོད་པས། སེམས་ཅན་ཚིམ་པར་བྱ་བར་དམ་བཅས་པའོ། །སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་སེམས་བསྐྱེད་པ་ནི། སྔོན་ཐོག་མ་མེད་པ་ནས་ཕན་བཏགས་པའི་སེམས་ཅན་རྣམས་ཀྱི་ཕན་ལན་དུ། འཁོར་བར་ཉིང་མཚམས་སྦྱོར་བའི་རྒུད་པ་ཐམས་ཅད་དང་བྲལ་བ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་བཞག་པར་བྱའོ། །ཞེས་དམ་བཅས་པའོ། །དེ་ལྟར་སེམས་བསྐྱེད་བཞི་ལྡན་གྱི་སྒོ་ནས། བྱམས་པ་ཆེན་པོར་བཞག་པ་ལས། བྱམས་པ་དེ་བཏང་ན། སེམས་ཅན་ཐམས་ཅད་ལ་བྱམས་པ་བཏང་བར་འགྱུར་ཏེ། འདི་དང་ལྡན་པ་སེམས་ཅན་ཐམས་ཅད་ལ། བྱམས་པ་ཡིན་པས་སོ། །དེ་ལྟར་ཡང་། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་ནི་དལ་གྱི་འགྲོས་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པ། །བརྩོན་འགྲུས་བརྒྱ་འགྱུར་དུ་ནི་བྱ་བར་རིགས། །ཞེས་མདོ་སྡེ་རྒྱན་ལས་གསུངས་པས་སོ། །དེའི་ཕྱིར། གཤེད་དམར་པོའི་རྒྱུད་ལས་ཀྱང་། སེམས་ཅན་ཀུན་ལ་བྱམས་པའི་སེམས། །ནམ་ཡང་བཏང་བར་མི་བྱའོ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། བྱང་སེམས་མེད་པར་སེམས་ཅན་སྤངས། །ཞེས་གསུངས། སེམས་ཅན་སྤངས་པ་ཐེག་པ་ཆེན་པོ་ཐམས་ཅད་དུ། སེམས་ཅན་གྱི་དོན་བྱེད་པ་སྤོང་བ་ལ་བཞག་པས། ཀུན་རྫོབ་སེམས་བསྐྱེད་དུ་ཅིའི་ཕྱིར་མི་འགྱུར་ཞེས་བསམ་དགོས་སོ། །འདི་ལ་གཞི་སེམས་ཅན་ཐམས་ཅད་ལ། བསམ་པ་སྒྱིད་ལུག་པའི་ཀུན་དཀྲིས་ཆེན་པོས། སྦྱོར་བ་སེམས་བསྐྱེད་བཞི་ལྡན་གྱི་བྱམས་པ་ཆེན་པོ་བཏང་བ། མཐར་ཐུག་ནི། སློབ་དཔོན་དཱ་རི་ཀ་པའི་དབང་གི་རབ་བྱེད་ཀྱི་བཤད་པ། རྡོ་རྗེ་ཚིག་འབྱེད་ཅེས་པར་ཆུ་ཚོད་དྲུག་ཅུའི་བར་གྱིས་སོ། །ཞེས་དམིགས་ཀྱིས་བསལ་ནས་གསུངས་པས་དུས་ཚོད་དེ་ཡོལ་བ་ན་རྩ་ལྟུང་དུ་འགྱུར་རོ། །དེ་ཡང་། བདུད་རྩིའི་ཟླ་བ་དང་། ལིུཾ་ཀ་རས། སྡུག་བསྔལ་བའི་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་མཐུ་ཡོད་བཞིན་དུ་ཡལ་བར་དོར་བ་ཞེས་བཤད་པ་དང་། ནག་པོ་པས། བུ་གཅིག་བུ་ལྟར་བསམ་པ་དུས་ཐམས་ཅད་དུ་བྱ་བ་དང་། བླ་ན་མེད་པའི་ཕན་བདེ་བསྒྲུབ་པར་འདོད་པ་དོར་བར་མི་བྱ་ཞེས་དང་། ཤཱནྟི་པས། དེའི་བཟློག་ཕྱོགས་ནི། བྱམས་པའི་སེམས་སྤོང་བའོ། །ཞེས་བཤད་པ་ལ། གཞན་དག་བཞིན་འཁུ་མི་དགོས་པར། བདག་ཅག་ནི་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ་ཞེས་ཐལ་མོ་སྦྱར་ནས་གསོལ་ཏོ། །དེའི་ཕྱིར་བོད་འདིར་བྱམས་པ་ཞེས་པའི་མིང་གིས་འཁྲུལ་ནས་ལྟུང་བ་བཞི་པ་འདི་ལ། ངན་རྟོག་རྣམ་པ་མང་པོ་ཞིག་བྱུང་ངོ་། །ཇི་ལྟར་བསྲུང་བའི་ཚུལ་ནི། གཞན་གྱི་དོན་ལྷུར་ལེན་པའི་སྤྱོད་པ་རྣམས་ཏེ། བྱམས་ཁྲིད་ལས་རྒྱ་ཆེར་འབྱུང་བ་བཞིན་ནོ། །བྱམས་པ་ཆེན་པོ་དེ་ཉིད་ལེན་པའི་ཚིག་ཏུ་ཡང་། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་འབྱུང་བ་དང་ལེགས་པར་འབྲེལ་བ་ཡིན་ནོ། །བྱང་སེམས་སྤོང་བའི་རྩ་ལྟུང་ནི། ༥ སྐབས་མིན་ཆགས་པས་བསམས་བཞིན་ཁུ་བ་ཕྱུང་། །ཞེས་པ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་པའི་དོན་ལ། ཁ་ཅིག་ཀུན་ད་ལྟ་བུ་སྤོང་བ་ལ་འཆད་པ་དེ་ཡང་མ་ཡིན་ཏེ། ཡིན་ན་ནི་ཁྱིམ་པའི་རྡོ་རྗེ་འཛིན་པ་མེད་པར་འགྱུར་བའི་ཕྱིར་རོ། །ཡང་ཀུནྡ་སྤངས་པ་འདི་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གི་བསྲུང་བྱའི་དམ་ཚིག་ཡིན་པའི་ཕྱིར། ཡང་འདིར་སྨོས་པ་ལ་དོན་མེད་དོ་ཞེས་ཟེར་བ། བྱང་ཆུབ་སེམས་དཔའི་འགྲེལ་པ་ལ་མ་གུས་པའི་ཚིག་སྟེ། དྲི་མེད་འོད་ལས། མདའ་ཞེས་པ་ལྔ་པར་འགྱུར་ཏེ། བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས། །ཞེས་པ་ལས་འདིར་བྱང་ཆུབ་ཀྱི་སེམས་ནི། ཁུ་བ་སྟེ། དེ་ཉམས་པ་ལས་འཕོ་བ་མེད་པའི་བདེ་བར་མི་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་མེད་པ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ། །ཞེས་གསུངས་པས། ཀུན་རྫོབ་ཀུན་ད་ལྟ་བུ་དང་། དོན་དམ་པ་དེ་ལ་བརྟེན་པའི་བདེ་བ་བྱང་ཆུབ་ཀྱི་སེམས་ཏེ། བརྟག་གཉིས་ལས། ཀུན་རྫོབ་ཀུན་ད་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་པའོ། །བསམ་པ་ནི། བསམས་བཞིན་དུ་དབང་པོ་གཉིས་སྦྱོར་གྱི་བདེ་བས་སངས་རྒྱས་བསྒྲུབ་པར་ཆགས་པ་སྦྱོར་བ་གནང་བའི་སྐབས་ལས་གཞན་དུ་ཁུ་བ་འབྱིན་པ། མཐར་ཐུག་ནོར་བུའི་ཕྱི་རོལ་ཏུ་སོན་པའི་དུས་ཏེ། ཡན་ལག་དེ་ཚང་ན་བྱང་སེམས་གཉིས་སྤངས་པའི་རྩ་ལྟུང་དུ་འགྱུར་རོ། །གནང་བའི་སྐབས་ནི་དབང་དུས་དང་། རིལ་བུ་ལ་སོགས་པའི་བསྒྲུབ་པ་ཁྱད་པར་ཅན་གྱི་དུས། ཁྱིམ་པ་རིགས་བརྒྱུད་འཇོག་པ་དང་། གེགས་སེལ་བའི་གནས་སྐབས་སོ། །འོ་ན་ཤཱནྟི་པས། སྔ་མ་ལ་ཕན་བདེ་བསྒྲུབ་འདོད་ཀྱི་བྱམས་པ་དང་། འདི་ལ་སྡུག་བསྔལ་རྒྱུ་བཅས་ཐམས་ཅད་དང་། བྲལ་འདོད་ཀྱི་སྙིང་རྗེ་ཞེས་གཞུང་སྔ་ཕྱིའི་འབྲེལ་བཀོད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྔ་མ་ལ་བལྟོས་ནས་འདི་ཉིད་དོན་དམ་པར་འགྱུར་བས་ཀུན་རྫོབ་རྒྱུར་བྱས་ནས་དོན་དམ་པའི་སེམས་སྐྱེ་བས། འགྲེལ་པ་ཡང་འཐད་ལ། འདི་ཉིད་སྙིང་རྗེ་རྣམ་པ་གསུམ་དུ། རྡོ་རྗེ་སྙིང་འགྲེལ་དང་། སྙིང་རྗེ་བཅུ་དྲུག་ཏུ་འགྲེལ་པ་གསུམ་གས་རྒྱས་པར་བཀྲལ་བའི་ཕྱིར་རོ། །ཡང་ནག་པོ་པས། བྱང་ཆུབ་ཀྱི་སེམས་བཏང་བར་མི་བྱ་བ་ནི། དང་པོ་དམ་བཅས་པ་ལས་ཉམས་པར་མི་བྱ་བའི་དོན་ཏོ། །ཞེས་པའི་དགོངས་པ་ཇི་ལྟར་འགྲེལ་ཞེ་ན། དང་པོར་རྣལ་འབྱོར་གྱི་སེམས་བསྐྱེད་པའི་ཚེ། བརྡར་བཏགས་པའི་སྒོ་ནས་སེམས་དེ་གཉིས་སྨོན་ལམ་གྱིས་བསྐྱེད་པ་ལས་ཉམས་པར་འགྱུར་ཞེས་པ་སྟེ། དེའི་ཕྱིར་དང་པོ་ཞེས་གསུངས་པ་ཡིན་ནོ། །འདི་བསྲུང་བའི་ཚུལ་ནི་འོག་ཏུ་རྒྱས་པར་འཆད་དོ། །ཆོས་ལ་སྨོད་པའི་རྩ་ལྟུང་ནི། ༦ ལམ་ཚོལ་ལམ་ཞུགས་ལམ་ཆེན་གྲུབ་མཐའ་སྨོད། །ཅེས་པ། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་པའི་དོན། དྲི་མེད་འོད་ལས། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་སྟེ། །གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུ་འོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། ཞེས་པ་ལ། ཤཱནྟི་པས། བདག་གཞན་ཆོས་ཞེས་པ་ནི། རང་དང་གཞན་གྱི་གྲུབ་པའི་མཐའི་ཆོས་ལ་བྱ་སྟེ། སྨད་མི་བྱ་ཞེས་པ་ནི། རྩོད་པས་སུན་དབྱུང་བར་མི་བྱ་བ་སྟེ། འགྲོ་བ་དག་ནི་རང་རང་གི་འདུན་པའི་ཐེག་པ་ཙམ་ལས་རིམ་གྱིས་འཇུག་ཅིང་བྱང་ཆུབ་པར་འགྱུར་གྱི། བཙན་ཐབས་སུ་འདུན་པ་བཟློག་པ་ནི། སྡང་བ་འཕེལ་བའི་རྒྱུ་ཙམ་ཡིན་པས་བཞག་སྟེ། དེ་བས་ན་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། ཆོས་བརྩད་པར་མི་བྱ་སྟེ། ཆོས་ལ་བརྩད་པར་དགའ་བར་མི་བྱའོ། །ཞེས་གསུངས་སོ། །ཞེས་བཤད་དོ། །ནག་པོ་པས། བདག་གཞན་ཆོས་ལ་སྨད་མི་བྱ། །ཞེས་པ་ལ། བདག་ནི་སངས་རྒྱས་པའོ། །གཞན་ནི་མུ་སྟེགས་ཅན་ནོ། །ཆོས་ནི་མངོན་པར་མཐོ་བའི་ལམ་དུ་མཐོང་བའོ། །སྨད་པར་མི་བྱ་བ་ཡང་ཐེག་པའི་རིམ་པས་ཉེས་པ་ཡང་དེ་བཞིན་དུ་འགྱུར་ཏེ། མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་པ་དང་། ཕྱི་རོལ་པ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ཞེས་གསུངས་པའི་ཕྱིར། གཞན་ལ་ལྟ་སྨོས་ཀྱང་ཅི་དགོས། སྨོད་པ་ནི། ང་རྒྱལ་གྱི་ཀུན་ནས་བསླངས་པ་སྟེ། གཞན་གྱི་ཡོན་ཏན་ལ་ཕྲག་དོག་པ་ཡང་རྩ་བ་ང་རྒྱལ་ཉིད་དེ། རང་ཉིད་དེ་ལས་མཆོག་ཏུ་མཐོང་བས་བག་ཆགས་ཀྱི་མཐུ་བརྟས་པར་བྱེད་ཅིང་། གཞན་ཁྱད་དུ་གསོད་པས་ཕ་རོལ་པོའི་སེམས་འཕྲོག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་མི་འགྱུར་ཞིང་། རང་གི་དོན་དུ་ཡང་ཆེར་མི་འགྱུར་ཞེས་བཤད་དོ། །རྡོ་རྗེ་སྙིང་པོ་རྒྱན་ལས་ཀྱང་། བདག་གཞན་གྲུབ་པའི་མཐའ་སྨོད་བྱེད། །ཅེས་དང་། དམར་ནག་གི་རྒྱུད་དུ། རང་གཞན་ཆོས་ནི་སུན་མི་འབྱིན། །ཞེས་གསུངས་ལ། འགྲེལ་པ་མན་ངག་གི་སྙེ་མ་དང་། སྡོམ་འབྱུང་གི་འགྲེལ་པ་དང་། བསྟན་པའི་ནོར་ཐམས་ཅད་སྒྲུབ་པའི་ཐབས་དང་། གསང་བ་འདུས་པའི་རྒྱན་རྣམས་སུ་ནི། ལྟུང་བ་འདི་ལ་ཐེག་པ་གསུམ་ལ་སྨོད་པ་ཞེས་པའི་མིང་འདོགས་མཛད་དོ། །དེའི་ཕྱིར། ལམ་ཚོལ་བར་ཞུགས་པ་མུ་སྟེགས་བྱེད། ལམ་ལ་ཞུགས་པ་ཐེག་དམན། ལམ་ཆེན་པོ་ལ་ཞུགས་པ་ཐེག་ཆེན། ཞེས་གསུམ་དུ་བཤད་ནས། གང་ལས་རྩ་ལྟུང་འབྱུང་བའི་གཞི་བྱེ་བྲག་ཏུ་བཀར་བ་ནི། གྲུབ་པའི་མཐའ་ཞེས་པའི་ཚིག་སྨོས་པ་སྟེ། འདི་ལ་རྩ་ལྟུང་དུ་འགྱུར་བའི་གཞི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་གྲུབ་པའི་མཐའ་ཡིན་ལ། བསམ་པ་དེ་དང་སྔགས་ཀྱི་ཚུལ་ཐ་དད་པར་འཛིན་པས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལ་གཞན་དོན་མ་ཡིན་པར་སྨོད་པ། མཐར་ཐུག་དེ་ལ་ལེགས་པར་འཛིན་པ་ཐུན་ཚོད་ལས་འདས་ནས་ཀྱང་འགྱོད་པ་མེད་པ་སྟེ། ཡན་ལག་དེ་ཚང་ན་ཆོས་ལ་སྨོད་པའི་རྩ་ལྟུང་དུ་འགྱུར་རོ། །དེ་ཡང་། དྷཱ་རི་ཀ་པའི་ཚིག་འབྱེད་ལས། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་ལ། སྨད་ཅེས་པ་དེ་དང་། སྔགས་ཀྱི་ཚུལ་ཐ་དད་པར་འཛིན་པ་ནི། རྩ་བའི་ལྟུང་བ་ཡིན་ཞིང་། དེ་ལས་གཞན་པའི་ཐེག་པ་ལ་སྨད་པས་ནི་རྩ་བའི་ལྟུང་བ་མ་ཡིན་ལ། དེས་ཀྱང་ཐུན་མོང་གི་དངོས་གྲུབ་འཕྲོག་པ་ཡིན་ནོ། །དེ་ཡང་སྔགས་ཀྱི་ཐེག་པ་དང་དབྱེར་མེད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་པ་དང་། དེ་ལ་ཞེ་སྡང་ལ་གནས་ནས་སྨྲ་བ་དང་། གཞན་གྱི་དོན་མ་ཡིན་པ་དང་། ལེགས་པར་འཛིན་པ་དང་། འགྱོད་པ་མེད་པ་སྟེ། ཆོས་ལྔ་དང་ལྡན་པས་དྲུག་པར་འགྱུར་རོ་ཞེས་གསུངས་པས། འགྲེལ་ཆེན་གྱི་དེ་ཁོ་ན་ཉིད་ཀྱི་ལེའུ་འོ་ཞེས་གསུངས་པས་ལེགས་པར་བཀྲོལ་ཞིང་། གུར་ལས། གཞན་གྱི་ཆོས་ནི་སུན་མི་འབྱིན། །ཞེས་ཁྱད་པར་དུ་དགར་བ་དང་། དོན་དམ་པའི་བསྙེན་པར། གྲུབ་པའི་མཐའ་ལ་སྐྱོན་བཟུང་བས་ནི་དྲུག་པ་སྟེ། ཞེས་པས་ལེགས་པར་བཤད་དོ། །ལམ་ཚོལ་ལ་སོགས་པ་ལ་སྨོད་པའང་འདིས་བསྡུས་པར་འདོད་དེ། ནང་གི་ལེའུར། འཇམ་དང་སྲ་དང་གཞན་པའི་བག་ཆགས་སྟོབས་ཀྱིས་སྐྱེས་བུ་རྣམས་ཀྱི་སེམས་ཀྱི་རྗེས་སུ་འབྲང་བ་སྟེ། སེམས་ནི་ངེས་པར་དངོས་པོའི་ཚོན་གྱིས་ཉེ་བར་བཞག་པ་དག་ལས་ཤེལ་བཞིན་ཚོན་ལྡན་ཉིད་གྱུར་པ། །གང་ཡིན་དེ་ཕྱིར་རང་གཞན་རིགས་སུ་གྱུར་པའི་ཆོས་ནི་གང་ཡང་རྣལ་འབྱོར་པ་ཡིས་སུན་མི་དབྱུང་། །ཞེས་གསུངས་པས་སོ། །ཇི་ལྟར་བསྲུང་བའི་ཚུལ་ནི། མདོ་སྔགས་དགོངས་པ་གཅིག་ཏུ་ཤེས་པར་བྱ་བ་དང་། མུ་སྟེགས་བྱེད་ལ་སོགས་པ་ལའང་ལམ་གོང་མ་ལ་བགས་ཀྱིས་བཀྲི་བའི་ཆེད་དུ་ཤེས་པར་བྱའོ། །གསང་སྒྲོག་གི་རྩ་ལྟུང་ནི། ༧ སྣོད་དང་ཆོ་ག་མ་བྱས་མ་རྫོགས་དང་། །ཉམས་དང་ཟབ་མོས་འཇིགས་ལྔར་གསང་བྱ་བསྟན། །ཞེས་པ། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་པའི་དོན། དྲི་མེད་འོད་ལས། རི་བོ་ཞེས་པ་བདུན་པར་འགྱུར་ཏེ་མ་སྨིན་པའི་མི་ཉན་ཐོས་ཀྱི་ལམ་ལ་གནས་པ་ལ་གསང་བ་བྱིན་ལས་ཞེས་པ་བདེ་བ་ཆེན་པོ་བྱིན་པ་ལས་སློབ་དཔོན་རྣམས་ལ་ལྟུང་བའོ། །ཞེས་གསུངས་པས། འདི་ལ་ཤཱནྟི་པས། མ་སྦྱངས་པ་ནི་ཤེས་རབ་མ་སྦྱངས་པ་སྟེ། དེ་ལ་གསང་ཞེས་བྱ་བ་སྟོང་པ་ཉིད་དང་ལྡན་པའི་ཚིག་རྣམས་སྨྲ་བར་མི་བྱ་བའོ་ཞེས་གསུངས་ལ། ནག་པོ་པས། གསང་བ་དག་ནི་བསྟན་མི་བྱ། །ཞེས་བྱ་བ་ལ། ཡོངས་སུ་མ་སྨིན་པའི་སེམས་ཅན་ནི་ལྔ་སྟེ། སྣོད་ཀྱིས་མ་སྨིན་པ་ནི་ལོག་སྲེད་ཅན་ནོ། །ཆོ་གས་མ་སྨིན་པ་ནི་བུམ་པའི་དབང་མ་ཐོབ་པའོ། །ཆོ་ག་རྫོགས་པས་མ་སྨིན་པ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་མ་ཐོབ་པའོ། །ཉམས་པས་མ་སྨིན་པ་ནི་རྩ་བའི་ལྟུང་བ་ལ་སོགས་བྱུང་ནས་ཕྱིར་མ་གསོས་པའོ། །ཟབ་པས་འཇིགས་པའི་མ་སྨིན་པ་ནི་བཞི་པའི་དེ་བཞིན་ཉིད་མ་ཐོབ་པའོ། །གསང་བ་ནི། དཀྱིལ་འཁོར་དང་། དམ་ཚིག་གི་ཕྱག་རྒྱ་གཅིག་ཙམ་དང་། བརྡ་དང་། གསང་བའི་དམ་ཚིག་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་འདུས་པ་གཅིག་པ་དང་། ཟུང་དུ་འཇུག་པའི་ཡེ་ཤེས་བསྟན་པར་མི་བྱ་སྟེ། བསྟན་ན་གསང་སྔགས་ཀྱང་ཉམས་པར་འགྱུར་བ་དང་། མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། བརྒྱུད་པའི་གཞུང་ལུགས་ཀྱི་བྱིན་རླབས་ཉམས་པར་འགྱུར་བ་དང་། ཟབ་མོ་ལ་སྐུར་པ་བཏབ་པས་བསྐལ་པ་སྟོང་དུ་ཆོས་ཀྱི་སྒྲ་མི་གྲགས་ཅིང་སྡུག་བསྔལ་བར་འགྱུར་བའི་ཉེས་པ་ནི་ཕལ་ཆེར་སློབ་དཔོན་ལ་འབྱུང་བ་སྟེ། འདོད་པས་ཀུན་ནས་བསླང་བའི་ཉེས་པ་འདི་ཐམས་ཅད་སྤང་བར་བྱའོ། །ཞེས་གསུངས་ལ། དོན་དམ་བསྙེན་པར། སྔགས་པ་མིན་ལ་ཕེབས་པར་སྨྲ་བས་རི་ཞེས་བྱ། །ཞེས་གསུངས་པས། འདི་ལ་ཡང་། གཞི་གསང་བའི་གནས་ཟབ་མོ་ཐོས་ན་སྐྲག་པ་སྐྱེ་བར་འགྱུར་བའི་གང་ཟག་ལ། བསམ་པ་འདུལ་བའི་དོན་མ་ཡིན་པར་རང་གར། སྦྱོར་བ་བདེ་བ་ཆེན་པོའི་གསང་བ་བསྟན་པ། མཐར་ཐུག་དེས་གོ་ཞིང་མི་མོས་པ་སྐྱེས་པ་སྟེ། ཡན་ལག་འདི་ཚང་ན་གསང་སྒྲོག་གི་རྩ་ལྟུང་དུ་འགྱུར་རོ། །མོས་པར་འགྱུར་བ་དང་། དད་པ་དང་གྲོལ་བའི་སྐལ་བ་ཡོད་པ་ལ་ཉེས་པ་མེད་ཅིང་། བདེ་བ་ཆེན་པོ་ལས་གཞན་པའི་གསང་བ་བསྟན་པས་འཇིག་རྟེན་པའི་དངོས་གྲུབ་འཕྲོག་གོ །སེམས་འགྲེལ་དུ། བསྟན་པར་མི་འོས་པའི་གང་ཟག་དེ་ནི་ཐེག་དམན་དུ་བཤད་དེ། ཐེག་པ་ཆེན་པོ་པ་ནི་མོས་པ་རྒྱ་ཆེ་བའི་ཕྱིར་རོ་སྙམ་དགོས་ཤིང་། དེ་ལྟར་རྡོ་རྗེ་གུར་དུ། དེ་ཉིད་སྐལ་མེད་ལ་མི་སྨྲ། །ཞེས་གསུངས་སོ། །ཇི་ལྟར་བསྲུང་བའི་ཚུལ་ནི། འདུལ་བར་མི་ནུས་པ་ལ་གསང་བར་བྱ་བ་མི་སྨྲ་བ་ཉིད་དོ། །ཕུང་པོ་བརྙས་པའི་རྩ་ལྟུང་ནི། ༨ ཕུང་པོ་ལྔ་ལ་སྡང་དང་བརྙས་པ་དང་། །སྨོད་དང་གདུང་བས་ཡིད་མི་བདེ་སྐྱེད་པ། །ཞེས་པ། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། ཞེས་པའི་དོན། དྲི་མེད་འོད་དུ། ཕུང་པོ་ཉོན་མོངས་པ་ལས་ཀླུ་ཞེས་པ་ནི་བརྒྱད་པ་སྟེ། ཕུང་པོ་ཉོན་མོངས་པ་ལ་སོགས་པ་ནི་སྨྱུང་བར་གནས་པ་ལ་བཀོད་པ་ལ་སོགས་པ་དང་ལུས་གཅོད་པ་ལ་སོགས་པར་བརྗོད་དེ། དེ་ལས་བརྒྱད་པར་འགྱུར་རོ། །ཞེས་གསུངས། འདི་ལ་ཤཱནྟི་པས། རང་གི་ཕུང་པོ་ལ་སོགས་པ་སྟེ། དེ་དག་ལ་བརྙས་པར་མི་བྱ་བ་ནི། འདི་ཁུར་གྱི་ཕྱིར་ཕུང་པོའོ། །ཞེས་བྱ་བ་ལ་སོགས་པས་མི་སྨད་དེ། བདག་སྨད་རོ་ཡིན་སྐྱེས་བུའི་སྐྱིད་པ་འཇིག་པར་བྱེད། །ཅེས་བཤད་པའི་ཕྱིར་དང་། གསང་སྔགས་ཀྱི་ཚུལ་འདིར་ནི་ཕུང་པོ་ལྔ་པོ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་བརྩོན་འགྲུས་ཀྱིས་ངེས་པར་གནས་པའོ། །ཞེས་གསུངས་ལ། ནག་པོ་པའི་འགྲེལ་པར། བདག་གིས་ཕུང་པོ་བརྙས་མི་བྱ། །ཞེས་པ་ལ་བདག་ནི་བདག་ཏུ་བྱས་པའོ། །ཕུང་པོ་ནི་གཟུགས་ལ་སོགས་པའོ། །དེ་ཉིད་རང་བཞིན་གནས་པ་དང་། བྱིན་གྱིས་བརླབས་པའི་མཐུས་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། ནང་གི་སྦྱིན་སྲེག་གིས་མཆོད་པར་བྱ་ཞིང་། དེ་བས་བདེ་བ་བསྒྲུབ་པར་བྱའོ། །བརྙས་པ་ནི། འགེགས་པ་དང་། གཡང་སར་མཆོང་བ་དང་། དམན་པའི་བརཏལ་ཞུགས་དང་། གནས་མིན་གྱི་བཟོད་པ་དང་། ཡན་ལག་དང་ཉིང་ལག་གཅོད་པ་དང་། སྨྱུང་བར་གནས་པ་དང་། དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་པ་སྟེ། རྒྱུ་སྡུག་བསྔལ་ལས་འབྲས་བུ་བདེ་བ་ཆེན་པོར་མི་འགྱུར་བའི་ཕྱིར་སྤངས་ཏེ་མི་བྱའོ་ཞེས་བཤད་དོ། །འདི་ལ་གཞི་རང་གིས་ཉེ་བར་ལེན་པའི་ཕུང་པོ། བསམ་པ་དེ་སངས་རྒྱས་ལ་སོགས་པར་ཤེས་པ་དང་། དེ་མནར་བས་བདེ་བ་ཉམས་པར་ཤེས་བཞིན་དུ་སྦྱོར་བ་གཞན་འདུལ་བའི་དུས་མ་ཡིན་པར་ཉོན་མོངས་པར་བྱེད་པའི་རྣམ་པ་གང་ཡང་རུང་བས་ཉོན་མོངས་པར་བྱེད་པ། མཐར་ཐུག་ཕུང་པོ་གཟིར་བའི་དུས་ཏེ། ཡན་ལག་འདི་ཚང་ན་ཕུང་པོ་བརྙས་པའི་རྩ་ལྟུང་དུ་འགྱུར་ཏེ། དེའི་རྒྱས་པར་བཤད་པ་དྷཱ་རི་ཀ་པའི་ཚིག་འབྱེད་དུ། ལུས་ཏེ་ཕུང་པོ་ལྔ་ལ་སོགས་པ་ནི་རྒྱལ་བ་རིགས་ལྔའི་བདག་ཉིད་དོ། །ཁམས་དང་སྐྱེ་མཆེད་ནི་ལྷ་མོ་དང་བྱང་ཆུབ་སེམས་དཔའ་འོ། །ཉོན་མོངས་པར་བྱེད་པ་ནི་རྣམ་པ་གཉིས་ཏེ། ལུས་ལ་ཚ་གྲང་དང་བཟའ་བཏུང་གིས་ཉོན་མོངས་པར་བྱེད་པ། གསོད་པའི་བརྩོན་པས་ཉོན་མོངས་པར་བྱེད་པའོ། །དེ་ཅིའི་ཕྱིར་རྩ་བའི་ལྟུང་བ་ཡིན་སྙམ་པ་ལ། ཕུང་པོ་གཟིར་བས་བདེ་བ་མི་སྐྱེ་ལ། བདེ་བ་མ་སྐྱེས་པས་གཉིས་སུ་མེད་པའི་ཡེ་ཤེས་ལས་ཉམས་པར་འགྱུར་རོ། །བསོད་པ་སོགས་ལ་བརྩོན་པ་ནི། སེམས་བསྐྱེད་ལས་ལྟུང་བར་འགྱུར་བར་གསུངས་ལ། དེ་བས་དེའི་ཕྱིར་རྩ་བའི་ལྟུང་བ་སྟེ། དེ་ཡང་ཕུང་པོ་ལ་སོགས་པ་རྒྱལ་བ་དང་ལྷ་མོ་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པ་དང་། དེ་མནར་བས་བདེ་བ་ལས་ཉམས་པར་ཤེས་པ་དང་། གཞན་འདུལ་བའི་དོན་མ་ཡིན་པ་སྟེ། ཆོས་གསུམ་དང་ལྡན་ན་ལྟུང་བ་བརྒྱད་པར་འགྱུར་རོ། །ཞེས་གསུངས་ཤིང་། ཇི་ལྟར་ཕུང་པོ་སངས་རྒྱས་ཡིན་ཞེ་ན། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་བཤད། །ཅེས་སོགས་དང་། ཀྱེའི་རྡོ་རྗེ་ལས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལས་ནི་དཀར་མོར་བརྗོད། །ཅེས་སོགས་གསུངས་སོ། །ཇི་ལྟར་བསྲུང་བའི་ཚུལ་ནི། ཕུང་ཁམས་ལྷ་སྐུར་ཤེས་པས་ཕྱི་དང་ནང་གི་བཟའ་བའི་དམ་ཚིག་ལེགས་པར་བསྟེན་པ་སོགས་སོ། །སོམ་ཉི་ཟ་བའི་རྩ་ལྟུང་ནི། ༩ གང་གི་རང་བཞིན་དག་པར་བཀྲི་བའི་ཆོས། །གཞི་ལམ་འབྲས་བུའི་ཚུལ་ལ་ཐེ་ཚོམ་ཟ། །ཞེས་པ། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་པའི་དོན། དྲི་མེད་འོད་ལས། སླར་ཡང་དགུ་པ་ནི་དག་པའི་ཆོས་ཏེ་སྟོང་པ་ཉིད་ཀྱི་ཆོས་ལ་མ་དད་པར་གྱུར་པ་གང་ཡིན་པའོ། །ཞེས་གསུངས་ལ། འདི་ལ་གཤེད་དམར་གྱི་རྒྱུད་དུ། བཅོམ་ལྡན་ཆོས་ནི་སུན་མི་དབྱུང་། །ཞེས་དང་། དགྲ་ནག་ཏུ། གྲོང་པའི་ཆོས་ནི་སུན་མི་འདོན། །ཞེས་པ་ལ། སྔ་མ་ནི། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྐལ་ལྡན་གྲགས་པས་མཛད་པར། ཐེག་ཆེན་ལ་ཐེ་ཚོམ་ཟ་བ་ལ་ལྟུང་བ་འདི་བཤད་པ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྤྱི་ལ་གློ་བར་མི་འཚམས་པས་སུན་མི་དབྱུང་ཞེས་བྱ་བ་སྟེ། དེ་ལྟར་གསུངས་པའི་ཚིག་དེ་དག་ཐམས་ཅད་ཀྱང་སྐྱེ་བོ་བློ་དམན་པ་དག་གིས་ཐེག་པ་ཆེན་པོའི་ལྟ་བ་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་གནས་ལ་མ་དད་པར་བལྟ་བས་ཐེ་ཚོམ་ཟ་བ་སྟེ་ཡིད་མི་ཆེས་པ་དང་། དེས་དྲངས་པའི་མ་དད་པ་བསྒོམས་པས་ཀུན་ནས་བསླངས་ཏེ། དེ་དང་རྗེས་སུ་མཐུན་པ་ཕྱིར་སྤོང་བའམ། སུན་འབྱིན་པའི། སྨད་པའི་རྣམ་པར་ཅུང་ཟད་ཀྱང་མི་བྱ་བའི་དོན་ཏོ། །ཕྱི་མ་ནི། ནག་པོ་པས། གྲོང་པའི་ཆོས་ནི་སུན་མི་འདོན། །ཞེས་པ་ནི། སོ་སོ་སྐྱེ་བོ་གྲུབ་པའི་མཐས་བློ་མ་བཅོས་པ་རྣམས་དྲང་དོན་འདོད་པ་ལས། ངེས་དོན་སྟོན་པ་དང་། དོན་མ་གོ་བ་ལ་སྤྱོད་པ་སྟོན་པ་དང་། སེམས་འཇུག་པ་ལ་ཁྱད་པར་གྱི་ལོངས་སྤྱོད་སྟོན་པ་དང་། ཆོས་འདོད་པ་ལ་འཇིག་རྟེན་པའི་བསྟན་བཅོས་ལ་སྦྱོར་བ་དང་། ཅོ་འདྲི་བ་དང་། ཁམ་ལངས་བྱས་པའི་ཉེས་པ་ནི་བྱང་ཆུབ་སེམས་དཔའ་ལ་ལྟུང་བར་འགྱུར་ཏེ། སེམས་སུན་ཕྱུང་བས་ན་ཕྱིས་མི་འཇུག་ཅིང་། ཞུགས་པ་ལ་སྐུར་བ་འདེབས་པ་དང་། གཞན་འཇུག་ཏུ་མི་སྟེར་ན་མི་བྱའོ། །ཞེས་གྲོང་པའི་དད་པ་སུན་མི་འབྱིན་པར་བཤད་ཀྱང་། གྲོང་པའི་ཆོས་ཕོ་ཉའི་ལམ་དང་། ནུས་པ་དང་ལྡན་པའི་མངོན་སྤྱོད་ལྟ་བུའི་སུན་མི་འབྱིན་ཞེས་པའི་དོན་ནོ། །དཔལ་འཛིན་གྱིས་གཤེད་དམར་གྱིས་དཀྱིལ་ཆོག་ཏུ། ངོ་བོའི་ཆོས་རྣམས་སུན་མི་དབྱུང་། །ཞེས་པ། དངོས་པོའི་གནས་ཚུལ་གྱི་ཆོས་རྣམས་ཞེས་གསུངས་པ་ལྟ་བུ་ནི། ཨ་བྷ་ཡཱས་ཆོས་རྣམས་རང་བཞིན་མེད་པར་དག་པ་ལ་ཐེ་ཚོམ་ཟ་བ་དང་། ཞེས་པའི་དགོངས་གཞི་དང་། ཡང་དེ་ཉིད་ཀྱིས་དགྲ་ནག་དཀྱིལ་ཆོག་ཏུ། འཁོར་བའི་ཆོས་ནི་ཡོངས་མི་སྤང་། །ཞེས་པ་ཆད་པའི་མྱང་འདས་སྤོང་བའི་ཚིག་སྟེ། འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ཞེས་པ་དང་། ཤཱནྟི་པས། དངོས་མེད་ཆོས་ནི་མི་སྨད་དོ། །ཞེས་པ་ལ། དངོས་མེད་ཆོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ནམ་ཡང་མི་སྨད་དེ། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་གསུངས་པས་སོ། །ཞེས་བཤད་ལ། འདི་ལ་གཞི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས། བསམ་པ་སོམ་ཉི་ཟ་བས། སྦྱོར་བ་དེ་དངོས་སུ་རྟོགས་པར་བྱེད་པའི་སྒོམ་རྣམས་སྤངས་ཏེ་འདུལ་བའི་དོན་མ་ཡིན་པར་སྤྲོས་བཅས་དང་དུ་ལེན་པ་ལ། མཐར་ཐུག་རང་ངམ་གཞན་སྦྱར་བ་ཐུན་ཚོད་འདས་པ་སྟེ། ཡན་ལག་འདི་ཚང་ན་རྩ་ལྟུང་དུ་འགྱུར་རོ། །དེའི་ཕྱིར་བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས་མཉམ་པར་འཇོག་པའི་བསྒོམ་པ་ཟབ་མོ་ལ་འཁུ་ཞིང་བསམ་པ་དང་བཅས་པའི་བསྒོམ་པ་ལ་རང་གི་སློབ་མ་ནན་གྱིས་སྦྱོར་བ་དག་ལ་ཅིའི་རྒྱུས་རྩ་བའི་ལྟུང་བ་འདི་མི་ཕོག ཇི་སྐད་བཤད་པའི་བསྒོམ་པ་ཟབ་མོ་ལ་འཇུག་པའི་ཕྱིར་ཐོས་བསམ་སྔོན་དུ་འགྲོ་བ་ལ་ནི་ཉེས་པ་མེད་དོ། །དེ་ལྟར་ཡང་། དོན་དམ་བསྙེན་པ་ལས། དག་པའི་ཆོས་ལ་མ་དད་པ་ནི་གཟའ་ཞེས་བྱ། །ཞེས་གསུངས་སོ། །ཇི་ལྟར་བསྲུང་བའི་ཚུལ་ནི། སེམས་ཀྱི་གནས་ལུགས་མ་བཅོས་པ་ལ་མ་བཅོས་པ་ཇི་ལྟ་བ་ཉིད་ཀྱིས་མཉམ་པར་འཇོག་པ་ལ་གཞོལ་བའོ། །གདུག་ལ་བྱམས་པ་ལྡན་པའི་རྩ་ལྟུང་ནི། ༡༠ མངོན་སྤྱོད་བྱ་འོས་ཡུལ་ལ་མཛའ་བའམ། །ཡན་ལག་ཚང་བ་ནུས་བཞིན་མ་བསྒྲལ་བ། །ཞེས་པ། གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་པའི་དོན། དྲི་མེད་འོད་ལས། སྒྱུའི་བྱམས་པ་ནི་ཁ་ནས་ཚིག་གཞན་འདོན་ཅིང་སྙིང་ལ་གཞན་སེམས་པ་སྟེ། སྒྱུའི་བྱམས་པ་གང་ཡིན་པ་དེ་ནི་ཕྱོགས་ཞེས་པ་བཅུ་པའོ། །ཞེས་སོ། །འདི་ལ་ཤཱནྟི་པས། སྡང་བ་ཞེས་པ་ནི་བསྟན་པ་འཇིག་པ་སྟེ། དེ་ལ་བྱམས་པ་ནི་བཟོད་ཅིང་ཕན་འདོགས་པ་དང་། དེ་སྤང་པ་ནི་གསོད་པ་ལ་སོགས་པ་སྦྱར་བས་སོ། །ཞེས་དང་། ནག་པོ་པས། གདུག་ལ་རྟག་ཏུ་བྱམས་པ་དང་། ཞེས་པ་ནི་བླ་མ་དང་དཀོན་མཆོག་ལ་སྡང་བ་གདུག་པ་ཅན་ཏེ། དེ་དག་ལ་ལུས་དང་། ངག་དང་། མཐུ་དང་། ལོངས་སྤྱོད་ཀྱིས་ཕན་འདོགས་པར་བྱེད་པ་ནི་བྱམས་པ་སྟེ། བླ་མ་དང་དཀོན་མཆོག་སྨད་པ་ཁོ་ནར་ཟད་དོ། །བླ་མ་དང་དཀོན་མཆོག་སྨད་པ་ནི་འཁོར་བའི་སྡུག་བསྔལ་མ་ལུས་པ་སྐྱེད་པས་ན་ཐར་པའི་གེགས་སུ་གསུངས་སོ། །ཞེས་དང་། མངོན་སྤྱོད་བྱ་བར་འོས་པའི་ཡུལ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་ལས། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་། བླ་མ་ལ་བརྙས་པར་བྱེད་པ་དང་། དམ་ཚིག་དང་བྲལ་བ་དང་། སྔགས་དང་རྒྱུད་ལ་འཕྱ་བར་བྱེད་པ་དང་། སེམས་ཅན་ལ་འཚེ་བ་འདི་རྣམས་ལ་ཕན་པའི་ཕྱིར་སྔགས་པས་སྙིང་རྗེས་གདུངས་པའི་ཡིད་ཀྱིས་གནོད་པ་རབ་ཏུ་སྒྱུར་བར་བྱའོ། །གལ་ཏེ་གཞན་ལ་བྱས་ན་དམ་ཚིག་ཉམས་ནས་ཚ་བ་ཆེན་པོར་འགྲོའོ། །ངས་རྒྱུད་གཞན་དུ་ཡང་བཤད་དེ། སློབ་དཔོན་ལ་ནི་སྨོད་བྱེད་དང་། །ཐེག་པ་ཆེན་པོ་སྐུར་བ་དང་། །སྔགས་རྒྱུད་རབ་སྦྱོར་ཡེ་ཤེས་ལས། །འཕྱ་བར་བྱེད་པའི་མི་གང་དག །དེ་ནི་འབད་ལ་གསད་པར་བྱ། །ཡང་ན་གནས་ནས་གཡོ་བར་བྱ། །རྣལ་འབྱོར་སྙིང་རྗེ་མེད་པ་ཡིས། །གཞན་ལ་རུང་རུང་བྱས་ན་ནི། །དེ་ལ་དེ་བཞིན་ལས་དེ་ནི། །ཕྱིར་ལྡོག་པ་ནི་འབྱུང་བར་འགྱུར། །ཅི་ཕྱིར་སེམས་ཅན་མཐོ་བརྩམ་ཕྱིར། །རྣལ་འབྱོར་པ་ནི་འདི་ལའོ། །ཞེས་གསུངས་པ་ལྟ་བུའོ། །རང་ནུས་པ་དང་ལྡན་ན་ངེས་པར་བྱ་དགོས་པ་ཡང་གདོང་དྲུག་ལས། དེ་ལྟར་མི་བྱེད་དེ་ཡིས་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་གསུངས། འདི་ལ་བྱང་ཆུབ་སེམས་དཔའི་འགྲེལ་བའི་དགོངས་པ། ལས་དང་པོ་པས་མངོན་སྤྱོད་བྱ་བར་མ་གནང་སྟེ། དུས་འཁོར་དུ། གལ་ཏེ་བསྒྲུབ་བྱ་དག་ནི་ལས་ཀྱིས་ཤི་ན་སྒྲུབ་པ་པོ་དེ་བདུད་ཀྱི་དབང་དུ་སོང་ཞེས་བྱ། །ཞེས་གསུངས་པས་སོ། །མངོན་པར་ཤེས་པ་ཐོབ་ནས་ནི་གཞན་ནས་གསུངས་པ་ལྟར་དྲག་པོའི་ལས་ལ་སྦྱར་བར་བྱ་བ་ཡང་ཡིན་པའི་ཕྱིར། གདུག་ལ་བྱམས་ལྡན་པ་ཞེས་པའི་ཚིག་གི་དོན་རྣམ་པ་གཉིས་སུ་འགྱུར་ཏེ། དང་པོའི་དབང་དུ་བྱས་ནས་གཞི་རང་ཉིད། བསམ་པ་གདུག་པ་ཅན་ལ། སྦྱོར་བ་ཚུལ་འཆོས་པ་དམ་ཚིག་ལ་སོགས་པ་རྙེད་བཀུར་ཚིགས་བཅད་ལྷུར་བླངས་པའི་ཚུལ་གྱིས་བསྲུངས་པ། མཐར་ཐུག་དེས་མགུ་བ་སྟེ། ཡན་ལག་འདི་ཚང་ན་གདུག་ལ་ཚུལ་འཆོས་པའི་བྱམས་པ་དང་ལྡན་པའི་ཕྱིར་དེའི་རྩ་ལྟུང་དུ་འགྱུར་རོ། །དེ་ལྟར་ཡང་། དོན་དམ་བསྙེན་པ་ལས། གདུག་པ་དང་བཅས་བྱམས་པ་གཟུང་བས་ཕྱོགས་ཞེས་སོ། །ཞེས་གསུངས་ཤིང་། དཱ་རི་ཀ་པའི་ཚིག་འབྱེད་དུ། སྒྱུའི་བྱམས་པ་ནི་ཚུལ་འཆོས་ཏེ། དམ་ཚིག་ལ་སོགས་པ་ལ་དད་པའི་སྒོ་ནས་བསྲུང་བར་མི་བྱེད་ཅིང་། རྙེད་པ་དང་ཚིགས་སུ་བཅད་པ་ལྷུར་བླང་བའི་ཚུལ་གྱིས་བསྲུང་བ་སྟེ་ལྐོག་ཏུ་མི་དགེ་བ་བྱེད་པའོ། །དེ་ལྟར་ན། དེ་ནི་གཡོ་ཉིད་དབང་དུ་བྱེད་པ་སྟེ། ཆོས་དང་པོ་ཉིད་ཀྱིས་ལྟུང་བ་བཅུ་པར་འགྱུར་རོ། །ཞེས་གསུངས་སོ། །ཕྱི་མའི་དབང་དུ་བྱས་ནས། གཞི་མངོན་སྤྱོད་བྱ་འོས་པའི་ཡུལ་ཡན་ལག་ཚང་བ། བསམ་པ་དེར་ཤེས་པ། སྦྱོར་བ་རང་གིས་སྒྲོལ་བའི་ནུས་པ་ཡོད་པ། མཐར་ཐུག་མ་བསྒྲལ་བ་སྟེ། ཡན་ལག་འདི་ཚང་ན་གདུག་ལ་བྱམས་པ་ལྡན་པའི་རྩ་ལྟུང་དུ་འགྱུར་རོ། །ལས་དང་པོ་པས། བསྒྲལ་བར་མི་ནུས་ཀྱང་མངོན་སྤྱོད་བྱ་འོས་པའི་གང་ཟག་དང་མཛའ་གཅུགས་བྱས་ན་འདིས་བསྡུས་པའི་རིགས་འདྲའི་ལྟུང་བར་འགྱུར་རོ། །དེ་ལྟར་མངོན་པར་ཤེས་པ་ཐོབ་ནས་ནི། ཐབས་ལ་མཁས་པ་ངེས་པར་ཡོད་ལ། དེ་ལས་ནི་སྡིག་པར་མི་འགྱུར་བ་ཡང་། ཨཱརྻ་དེ་བའི་སེམས་ཀྱི་སྒྲིབ་སྦྱོང་དུ། ལས་དྲག་གང་གིས་འགྲོ་བ་རྣམས། །གང་དང་གང་དུ་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །སེམས་ཙམ་རྣམ་པར་དག་པའི་ཕྱིར། །འབྲས་བུ་རྣམ་པར་དག་པར་འགྱུར། །འདི་དག་ཤིན་ཏུ་རྒྱས་པར་ནི། །ཐེག་པ་ཆེན་པོར་གསལ་བར་བསྟན། །ཞེས་གསུངས་ཤིང་། སྒེག་པའི་རྡོ་རྗེས་ཀྱང་། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གི་དམ་སྐོངས་ཤིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གི་བསགས་མེད་ངན་སོང་ཐར། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་གསུངས་སོ། །ཇི་ལྟར་བསྲུང་བའི་ཚུལ་ནི། གཡོ་མེད་པར་དམ་ཚིག་རྣམས་བསྟེན་པ་དང་། ནུས་པ་རྙེད་ནས་དྲག་པོའི་ལས་ཀྱིས་གཞན་རྗེས་སུ་འཛིན་པའོ། །དེར་རྟོག་པའི་རྩ་ལྟུང་ནི། ༡༡ མིང་སོགས་བྲལ་ལ་ཇི་བཞིན་མི་འཇུག་པར། །དངོས་བསམ་དངོས་མེད་དུ་རྟོག་རྒྱལ་བའི་ཆོས། །རྟོག་གེ་ངན་པས་རང་དབང་གཞལ་བ་ཡང་། །ཞེས་པ། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཞེས་པའི་དོན། དྲི་མེད་འོད་ལས། མིང་སོགས་བྲལ་བ་བདེ་བ་སྟེར་ལ་ཞེས་པ་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ལ་རྟོག་པ་གང་ཡིན་པ་དེ་ནི་དྲག་པོ་ཞེས་པ་སྟེ་བཅུ་གཅིག་པའོ། །ཞེས་པས། འདི་ལ། ཆོས་ལ་ཚད་མས་གཞལ་མི་བྱ། །ཞེས་པར་བསྒྱུར་ནས། ཤཱནྟི་པས། ཆོས་ཞེས་པ་ནི། ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་གསུངས་པའོ། །དེ་ལ་ཚད་མས་གཞལ་མི་བྱ་ཞེས་བྱ་བའི་དོན་ནི་སྔོན་དུ་དཔྱད་ཟིན་ཏོ། །ཞེས་པ་ཙམ་གསུངས་ལ། ནག་པོ་པས། ཆོས་ལ་ཚད་གཞལ་བར་མི་བྱ་ཞེས་པ་ནི། ཆོས་ནི་རྣམ་པ་གཉིས་ཏེ། ལུང་དང་རྟོགས་པའི་ཆོས་སོ། །ལུང་ནི། རིག་པ་བཞི་སྟེ། སྒྲ་དང་། བཟོ་དང་། སྨན་དང་། བསྟན་བཅོས་ཀྱི་རིག་པའོ། །རྟོགས་པ་ནི་དོན་རྟོགས་པ་སྟེ། དེ་ཡང་། དོན་སྤྱིའི་རྣམ་པར་རིག་པ་དང་། དོན་རང་གི་མཚན་ཉིད་རིག་པའོ། །དེ་ནི་མིང་དང་། ཚིག་དང་། ཡི་གེ་དང་། བརྡ་དང་། བརྗོད་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཏེ། དེ་ལ་ཡིན་མིན་རྩོད་པ་དང་། ཡོད་མེད་དུ་རྟོག་པ་ནི་ལྟུང་བའོ། །གཞན་ཡང་ལུང་གཞན་དང་རིགས་པས་བློ་བྲིད་པའི་སྟོབས་ཀྱིས་ཐེ་ཚོམ་ཟ་བར་འཇུག་པ་ནི་ལྟུང་བའོ། །དོན་དེ་ཉག་གཅིག་སྒྲུབ་པར་བྱེད་པ་ལ་སྒྲོ་འདོགས་སྣ་ཚོགས་ནས་གཅོད་ཅིང་དོན་དང་ཐབས་སྣ་ཚོགས་ཀྱིས་ཕྲད་པར་བྱེད་པའི་ཕྱིར། ཆོས་ཐམས་ཅད་ལ་ཚད་གཞལ་བར་མི་བྱ་སྟེ། ཐོས་ཤིང་། བསམ་ལ། བསྒོམ་པ་ཡང་བྱའོ། །ཞེས་བཤད་ཅིང་། མན་ངག་སྙེ་མ་ལས། ཐོག་མ་དང་། ཐ་མ་དང་། དབུས་ཀྱི་ཆོས་ཐམས་ཅད་སྟོང་པ་ལ། ཐོག་མ་དང་། ཐ་མ་དང་། དབུས་སུ་རྟོག་པ་དང་། ཞེས་བཅུ་གཅིག་པའི་ངོས་འཛིན་ལ་གསུངས་པ་ལྟར། སྡོམ་འབྱུང་གི་འགྲེལ་པར་ཡང་། ཀུན་རྟོག་ཀུན་ལས་གྲོལ་བ་ནི། །ཐོག་མ་བར་དང་ཐ་མ་སྟེ། །ཆོས་རྣམས་སྟོང་པ་ཉིད་ལ་ཐ་མ་ལ་སོགས་པའི་སྟོང་པ་ཉིད་དང་བྲལ་བའོ། །ཞེས་དང་། སྟོང་ཉིད་དེ་དང་དེར་རྟོག་པ། །ཞེས་བཅུ་གཅིག་པའི་སྐབས་སུ་གསུངས་སོ། །རྡོ་རྗེ་སྙིང་པོ་རྒྱན་ལས། སྟོང་པ་ཐལ་བྱུང་ལ་རྟོག་པ། །ཞེས་གསུངས་ཏེ། སྟོང་པ་ཐལ་བྱུང་ནི། གཡོ་བཅས་ཀྱི་སྟོང་པར་འཇམ་དཔལ་ཞལ་ལུང་ལས་བཤད་དོ། ལིུཾ་ཀ་རས། མིང་སོགས་བྲལ་བ་ནི། མིང་དང་ཚིག་ལ་སོགས་པས་བརྗོད་དུ་མི་བཏུབ་པའོ། །དེ་ལས་མཐར་རྟོག་པ་ནི་རྟག་ཆད་དུ་རྟོག་པ་སྟེ། དེ་ཡང་ཆོས་ཐམས་ཅད་མིང་དང་བྲལ་བ་ཡིན་པ་ལ། ཡིན་པར་ཤེས་པ། རང་ཐ་མལ་པར་གནས་པ། དེ་ལས་རྟག་ཆད་དུ་རྟོག་པ། ཉོན་མོངས་པས་རྟག་ཆད་དང་བྲལ་བར་རྟོགས་པའི་གང་ཟག་ལ་སྨོད་པ་སྟེ་རྩ་བའི་ལྟུང་བའོ། མ་སྨད་ན་སྦོམ་པོའོ། །ཐ་མལ་དུ་མི་གནས་ན་ལྟུང་བའོ། །ངོ་མ་ཤེས་ན་དམན་པའོ། །ཞེས་བཤད་ལ། སྙིང་པོ་ཞབས་ཀྱིས་འགྲེལ་པར། མིང་སོགས་བྲལ་བའི་ཆོས་ལ་རྟོག་པའི་དམ་ཚིག་ནི། ཆོས་རྣམས་སྤྲོས་དང་བྲལ་བ་ལ། །ལོ་གཅིག་རྟོག་པར་འཛིན་པ་དང་། །གཞན་ཡང་དེ་ལ་སྦྱོར་བྱེད་ཅིང་། །བཤགས་པར་མི་བྱེད་རབ་ཀྱི་རབ། །ལྷག་མ་གཉིས་པོ་གོང་བཞིན་ནོ། །གཞན་དག་མི་སྦྱོར་རང་ཙམ་ནི། །ལོ་ནས་ཟླ་བ་འབྲིང་གི་ནི། །རབ་འབྲིང་དུ་ནི་ཤེས་པར་བྱ། །དེ་བཞིན་ངེས་པར་མ་བཟུང་ཡང་། །ཚོལ་འདོན་ལོ་ནས་ཟླ་བའི་བར། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །ཞེས་ཏེ། གཉིས་པོ་གོང་བཞིན་ཞེས་པ། རབ་ཀྱི་འབྲིང་ལོ་ཕྱེད། རབ་ཀྱི་ཐ་མ་ཟླ་བ་གཅིག་ཅེས་པའོ། །ཞེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་ཡུལ་མིང་སོགས་ཀྱི་སྒྲས་ངག་གི་དང་བློའི་ཡུལ་དུ་མ་གྱུར་པ་ལ་འཇུག་པར་བྱེད་པའི་སོ་སོ་རང་གི་རིག་པའི་གནས་ཐེ་ཚོམ་གྱིས་དང་དུ་མི་ལེན་པའམ། རྟོག་གེ་ངན་པས་གནས་དེ་ལྟ་བུ་རང་དབང་གིས་གཞན་དུ་འགྲེལ་བ་དང་། དེ་བཞིན་དུ་ཐལ་བྱུང་གི་སྟོང་པར་རྟོག་པ་སྟེ། གྲོལ་བའི་ཐིག་ལེ་ལས། དེ་བཞིན་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །ཅེས་གསུངས་པ་དང་། རྟོག་གེ་པ་ནི་གཉིས་ཏེ། མངོན་པར་རྟོགས་པ་དང་དེའི་སྤྱོད་ཡུལ་ལས་མི་འདའ་བའོ། །དང་པོ་ནི། རང་གི་སྤོབས་བ་དང་། སོ་སྐྱེའི་མངོན་རྟོགས་ཙམ་དེ་ཁོ་ནའི་ཡུལ་ལུང་དང་མི་ལྡན་པ་ལ་བཤད་ལ། གཉིས་པ་ནི། དེ་ཡི་དང་ཕྱིར་རྟག་རྟོག་ཕྱིར། །སྔོན་གོམས་ཕྱིར་མངོན་མ་བྱས་ཕྱིར། །ལུང་ལ་མི་བསྟན་ཉིད་ཕྱིར་དང་། །བརྩོན་ཕྱིར་ཡིད་ལ་བྱེད་ཕྱིར་དང་། །སྔོན་འཕངས་ཕྱིར་དང་ཡོངས་བཟུང་ཕྱིར། །ཡོངས་སུ་བྱང་བ་བྱས་པའི་ཕྱིར། །རྟོག་གེ་ཕུན་ཚོགས་རྣམ་ལྔར་འདོད། །ཅེས་རྣམ་བཤད་རིགས་པར་གསུངས་པའི་རྟོག་གེས་གཞལ་ན་ཉེས་པར་འགྱུར་བ་ཡང་། དྲི་མེད་འོད་ལས། མ་འོངས་དུས་ན་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད་སྣ་ཚོགས་བློ། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་དང་འཕྲད་དབང་གིས་ལོག་པར་འབྱུང་འགྱུར་ཏེ། །རྟོག་གེ་ལ་གཏད་དེ་ཡི་འདོད་པའི་ཡུལ་ལ་ལམ་ནི་སྟོན་པར་བྱེད་པ་གང་། །དེ་དག་ཉིད་ཀྱི་བློ་ངན་སྐྱོན་ནི་འཇོམས་བྱེད་འགྲེལ་བཤད་བདག་གིས་བྲི་བར་བྱ། །ཞེས་གསུངས་པས་སོ། །དེ་བས་ན་འདིར་གཞི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ཉིད་ལ། བསམ་པ་དེ་དང་མཐུན་པའི་གནས་ལ་སོམ་ཉིས་མི་འཇུག་པ་སྦྱོར་བ་སོ་སོ་རང་གིས་རིག་པ་ལས་གཞན་པས་རྟོག་པ། མཐར་ཐུག་དེ་ཙམ་གྱིས་ཟབ་མོར་སེམས་པ་སྟེ། ཡན་ལག་འདི་ཚང་ན་དེར་རྟོག་པའི་རྩ་ལྟུང་དུ་འགྱུར་རོ། །དེའི་ཕྱིར་བླ་མེད་ཀྱིས་བསྒྱུར་བའི་བསྒོམ་པ་ལ་ཡང་ཆོས་ཐམས་ཅད་བདག་མེད་པ་སྒྱུ་མ་དང་འདྲ་བའི་དེ་བཞིན་ཉིད་ལ་གནས་བཞིན་པའི་གསལ་སྣང་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷར་ལངས་པ་དེ་ཡང་རང་བཞིན་མེད་པའི་སྣང་བ་ཙམ་དུ་ལྟ་བ་ཞིག་དགོས་པས། ཀྱེའི་རྡོ་རྗེར། ཆོས་ཉིད་དེ་བཞིན་ཉིད་དང་། ཆོས་ཅན་ལྷའི་དང་། སོ་སོ་རང་རིག་གི་དག་པ་གསུམ་སྐབས་འདིར་གསུངས་པ་ཡིན་ལ། དེའི་དོན་མེ་ཏྲི་ཞབས་ཀྱིས། རྟེན་ཅིང་འབྲེལ་འབྱུང་ཙམ་གྱི་ཕྱིར། །བདེན་ཉིད་མ་ཡིན་སྟོང་པ་ནི། །གསལ་བ་ལྷ་ཡི་རྣམ་པ་ཡང་། །རང་བཞིན་མེད་པའི་རང་བཞིན་ཏེ། །ཞེས་གསུངས་སོ། །སྟོང་པ་ཉིད་ཀྱི་གསལ་སྣང་ལྷར་ལྡང་བ་མེད་པའི་ལྷ་ཙམ་དུ་བསྒོམ་པ་འདི་ནི་ཕྱི་རོལ་མུ་སྟེགས་བྱེད་ལ་ཡང་ཡོད་པས་སོ། །དྷཱ་རི་ཀ་པའི་ཚིག་འབྱེད་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསང་སྔགས་ཀྱི་ཚུལ་ལ་བྱང་ཆུབ་སེམས་ཀྱི་ཟླ་བའི་བདེ་བ་འགྱུར་བ་མེད་པ་དང་། འཇིག་རྟེན་པའི་དཔེར་བྱ་བ་དང་བྲལ་བ་བྱིན་པ་ལ། ཐེ་ཚོམ་དང་ཡིད་གཉིས་ཀྱི་དབང་གིས་དང་དུ་མི་ལེན་ཅིང་རྟོག་པར་བྱེད་ན་ལྟུང་བའོ། །དེ་ཡང་འགྱུར་བའི་བདེ་བ་མ་ཡིན་པ་དང་། མི་འགྱུར་བའི་བདེ་བ་དཔེར་བྱ་ལས་འདས་པ་དང་། འདུལ་བའི་དོན་མ་ཡིན་པ་སྟེ། ཆོས་གསུམ་པོ་དེས་ལྟུང་བ་དྲག་པོ་སྟེ་བཅུ་གཅིག་པའོ། །ཞེས་གསུངས་པ་ནི། དབང་བཞི་པ་ཐོབ་པ་ཁོ་ནའི་དབང་དུ་མཛད་ལ། དེའི་ཚེ་ནི་ཞལ་ཕྱག་གི་རྣམ་པ་ཅན་ལ་ལྷ་ཡིན་པ་ཡང་དགག་པར་མཛད་པའི་ཕྱིར་རོ། །སྙིང་པོ་ཞབས་ཀྱི་དེ་ཡང་དབང་པོ་ཐ་མའང་དེ་ཙམ་ནས་ཡུལ་འདི་ལ་ནུས་པ་དང་ལྡན་པར་འགྱུར་བས་སོ་སྙམ་དགོངས་པའི་ཕྱིར་མི་ལེགས་པ་ཡང་མ་ཡིན་ནོ། །ཇི་ལྟར་བསྲུང་བའི་ཚུལ་ནི། མཚན་ཉིད་ཀྱི་ཐེག་པ་ལྟར་དུ་སྤོང་བ་དང་། རྣལ་འབྱོར་རྒྱུད་མན་ཆད་ལ་འབྱུང་བ་ལྟ་བུ་བསྒྱུར་བ་མ་ཡིན་པ་དང་། རང་བཞིན་ཡོངས་སུ་ཤེས་པའི་ལམ་ལ་གནས་པས་སོ། །སེམས་སུན་འབྱིན་པའི་རྩ་ལྟུང་ནི། ༡༢ དད་གསུམ་ལྡན་ལ་ཉམས་དང་དོན་མེད་བྱེད། །སེམས་མི་བསྲུང་དང་ཆེད་དུ་བསླུ་བ་ཡིན། །ཞེས་པ། སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་པའི་དོན། དྲི་མེད་འོད་ལས། དག་པའི་སེམས་ཅན་དག་ལ་སྟེ་རྣལ་འབྱོར་པ་ལ་སྐྱོན་བརྗོད་པ་ལས་ཉི་མ་ཞེས་པ་བཅུ་གཉིས་པར་འགྱུར་རོ། །ཞེས་གསུངས་ལ། འདི་ལ་ཤཱནྟི་པས། དད་ལྡན་སེམས་ཅན་བཟློག་པ་མིན། །ཞེས་པའི་དད་ལྡན་སེམས་ཅན་ཞེས་བྱ་བ་ནི། བདག་གི་བའི་བགོ་སྐལ་གྱི་ཡུལ་ལ་དད་པ་སྟེ། དེའི་སེམས་བཟློག་པ་མིན་ཞེས་བྱ་བ་ནི་སུན་མི་དབྱུང་བའོ། །ཞེས་བཤད་ལ། ནག་པོ་པས། སེམས་ཅན་དད་པ་ཅན་མི་བསླུ། །ཞེས་པ་ནི། ཁ་གསག་དང་། གཞོག་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པ་ཚོལ་བ་དང་། སྲང་ལ་སོགས་པ་ལ་གཡོ་བྱེད་པ་ནི་ཟོང་གིས་བསླུ་བའོ། །ལོག་པར་སྟོན་པ་ནི། འཇིག་རྟེན་པའི་བསྟན་བཅོས་འཆད་པ་དང་། བསྒྲུང་རྒྱུད་སྟོན་པ་དང་། སྒྱུ་མ་སྟོན་པ་དང་། འཁྲུལ་འཁོར་སྦྱོར་བས་སེམས་ཅན་བསླུ་བའོ། །གནས་ངན་གྱི་སྦྱོར་བས་བསླུ་བ་ནི། རྟེན་ངན་པ་ལ་སྐྱབས་སུ་འགྲོར་གཞུག་པ་དང་། དམན་པའི་དཀའ་ཐུབ་བསྲུང་དུ་གཞུག་པ་དང་། བདག་བསྒོམ་པ་ལ་སོགས་པ་ལ་སྦྱོར་བ་དང་། ཡོངས་སུ་གཅོད་པའི་བློ་ལ་སློབ་པ་ནི་དོན་བསླུ་བ་སྟེ། དེ་བས་ན་དེ་དག་མི་བྱའོ། །གལ་ཏེ་སྔར་བཤད་པ་དང་ཁྱད་པར་མེད་དོ་ཞེ་ན། མ་ཡིན་ཏེ། སྔར་ནི་འདོད་པས་ཀུན་ནས་སློང་བར་བྱེད་ལ། འདིར་ནི་ཡིད་སུན་འབྱིན་པས་བསླུ་བའོ། །ཞེས་བཤད་དེ། བཅུ་གཅིག་པའི་བཤད་པར་རིགས་པས་བློ་བྲིད་པའི་སྟོབས་ཀྱིས་བཤད་པ་ལ་དགོངས་པའོ། །གུར་ལས། སྐལ་ལྡན་སེམས་ཅན་ཞེས་འབྱུང་ལ། སྙིང་པོ་ཞབས་ཀྱིས། སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པའི་དམ་ཚིག་ནི། །དད་དང་ལྡན་པའི་གང་ཟག་རྣམས། །ཟབ་མོའི་དོན་ལས་བཟློག་ནས་ནི། །མུ་སྟེགས་ཆོས་ལ་སྦྱོར་བྱེད་པ། །ལོ་ནས་ཟླ་བའི་བར་དུ་ནི། །རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ། །ཟབ་མོའི་དོན་ལས་བཟློག་ནས་ནི། །ཉན་ཐོས་ཐེག་པར་སྦྱོར་བྱེད་པ། །འབྲིང་གི་གསུམ་ཡིན་གོང་གི་ཚད། །ཟབ་མོའི་དོན་ལས་བཟློག་ནས་ནི། །ཕ་རོལ་ཕྱིན་པར་སྦྱོར་བྱེད་པ། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །ཡང་ན་ཕར་ཕྱིན་ཐེག་བཟློག་ནས། །མུ་སྟེགས་ཐེག་པར་སྦྱོར་བྱེད་པ། །འབྲིང་ཡིན་ཉན་ཐོས་ཟློག་བྱེད་པ། །ཐ་མ་ཡིན་ཏེ་གསང་སྔགས་ནི། །རབ་ཡིན་ཡང་ན་མང་པོ་རྣམས། །ཟློག་བྱེད་པ་ནི་རབ་ཡིན་ཏེ། །ཉུང་ངུ་འབྲིང་ཡིན་ཐ་མ་གཅིག །སེམས་སུན་འབྱིན་པའི་དམ་ཚིག་གོ །ཞེས་གསུངས་ལ། འདི་ལ་ལས་དང་པོ་པ་ལ་གཞི་རྣལ་འབྱོར་གྱི་ངང་ཚུལ་དང་ལྡན་པ་ལ། བསམ་པ་ཕྲག་དོག་པའི་དབང་གིས། སྦྱོར་བ་སྐྱོན་བརྗོད་པ་ལས། མཐར་ཐུག་ཡུལ་དེས་གོ་བ་ལས་རྩ་བའི་ལྟུང་བ་འདིར་འགྱུར་ལ། རྣལ་འབྱོར་བའི་གནས་སྐབས་ན་སྔགས་ལ་དད་པ་དང་ལྡན་པའི་སྔགས་ཀྱི་སྐལ་བ་དང་ལྡན་པའི་གང་ཟག བསམ་པ་བསླུར་འདོད་པ། སྦྱོར་བ་གསང་སྔགས་ལས་བཟློག་པ་ལ་སྦྱར་བ། མཐར་ཐུག་དེའི་སྔགས་ཀྱི་སྒོར་འཇུག་པའི་བར་ཆད་དུ་གྱུར་པ་སྟེ། དེ་ལས་ཀྱང་རྩ་ལྟུང་དུ་འགྱུར་རོ། །དྷཱ་རི་ཀ་པའི་ཚིག་འབྱེད་དུ། རྣལ་འབྱོར་པ་ནི་རྣལ་འབྱོར་གྱི་ངང་ཚུལ་དང་ལྡན་པའོ། །སྐྱོན་བརྗོད་པ་ནི་ཕྲག་དོག་གིས་ཏེ། དེས་ལྟུང་བར་འགྱུར་ལ། དེ་ཡང་རྣལ་འབྱོར་གྱི་ཚུལ་དང་ལྡན་པ་དང་། བདག་ཕྲག་དོག་གིས་སྨྲས་པ་དང་། གཞན་འདུལ་དོན་མ་ཡིན་པ་སྟེ། ཆོས་གསུམ་གྱིས་ལྟུང་བར་འགྱུར་རོ། །ཞེས་གསུངས་ལ། ལས་དང་པོ་པ་ནི་གཞན་གྱི་དོན་ལ་ནུས་པ་ཞན་པས་སོ། །ཇི་ལྟར་བསྲུང་བ་ནི་རྣལ་འབྱོར་དང་ལྡན་པ་ལ་སྐྱོན་མི་བརྗོད་པ་དང་། སྐལ་བ་ཅན་ལམ་གཞན་པར་མི་བཀྲི་བའོ། །མི་བསྟེན་པའི་རྩ་ལྟུང་ནི། ༡༣ སྐབས་བབ་ཡོ་བྱད་ལོངས་སྤྱོད་དམ་ཚིག་རྫས། །བསྟེན་དུ་ཡོད་བཞིན་བསམས་ནས་མི་བསྟེན་པ། །ཞེས་པ། དམ་ཚིག་ལས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཞེས་པའི་དོན། དྲི་མེད་འོད་ལས། ཚོགས་ཀྱི་འཁོར་ལོ་དམ་ཚིག་ཐོབ་པར་གྱུར་པ་གཏོང་བ་ལས་གཞན་ཏེ་བཅུ་གསུམ་པར་འགྱུར་རོ། །ཞེས་སོ། །འདི་ལ་ཤཱནྟི་པས། དམ་རྫས་རྟག་ཏུ་བསྟེན་པར་བྱ། །ཞེས་པ་ལ། དམ་རྫས་ནི་བདུད་རྩི་ལྔའོ། །བསྟེན་པར་བྱ་བ་ནི་བྱིན་གྱིས་བརླབས་ནས་ཏེ། དེ་ཡང་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུའོ། །ཁ་ཅིག་ན་རེ། སྤྱོད་པ་བྱེད་པ་ནའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ནི། རྣམ་དག་ཆོས་ཉིད་ཤུ་ཀྲ་སྟེ། །ཞེས་བྱ་བ་ལ་སོགས་པའི་རིམ་པས་བསྟེན་པ་ཡིན་གྱི། གཞན་དུ་མ་ཡིན་ནོ། །ཞེས་ཟེར་ཏེ་ལེགས་པར་བཤད་དོ། །ཞེས་གསུངས་ལ། ནག་པོ་པས། རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཞེས་པ་ལ་རྟག་ཏུ་ནི་དོགས་པ་མེད་པའི་བར་དུའོ། །དམ་ཚིག་ནི་རྒྱུད་འདིར་བཤད་པ་དང་། རྒྱུད་གཞན་དུ་བཤད་པར་གྱུར་པའི་རྩ་བ་དང་ཡན་ལག་ལ་སོགས་པའོ། །མི་བསྟེན་པ་ནི་གཉིས་ཏེ། མཁས་པ་དང་བླུན་པའོ། །དེ་དག་གིས་ཇི་ལྟར་བསྟེན་པར་བྱ་བ་ནི། མཁས་པས་སྡིག་པ་བྱས་པ་ཡང་། །རང་བཞིན་བླུན་པོ་ཉིད་ཀྱིས་སོ། །ཞེས་གསུངས་པའི་ཕྱིར། མཁས་པ་རྣམས་ཀྱིས་དམ་ཚིག་ཁྱད་དུ་གསད་པར་མི་བྱ་སྟེ་བསྟེན་པར་བྱའོ། །བླུན་པོ་རྣམས་ཡང་བའི་ཕྱིར་བག་མེད་པར་བྱ་བའོ་ཞེ་ན། མ་ཡིན་ཏེ། མི་མཁས་སྡིག་པ་བྱས་པ་འཐུར་དུ་འགྲོ། །མཁས་པས་སྡིག་བྱས་པ་ནི་འཕྲལ་ཞིང་སྦྱང་། །ལྕགས་ཀྱི་གོང་བུ་ཆུང་ཡང་གཏིང་དུ་འགྲོ། །དེ་ཉིད་སྣོད་བཅས་ཆེ་ཡང་ཁ་ན་འཕྱོ། །ཞེས་གསུངས་པའི་ཕྱིར་བླུན་པོ་དག་གིས་ཀྱང་དམ་ཚིག་ལ་བསྟེན་པར་བྱའོ། །ཞེས་བཤད་དོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དམ་ཚིག་དང་ལྡན་རྩེ་མི་བྱེད། །ཞེས་གསུངས་ལ། དེའི་དོན་དམ་ཚིག་ལྔ་པ་ལས། ཕྱི་རོལ་དམ་པའི་ཕྱག་རྒྱས་འཁྱུད། །རང་གི་སློབ་མས་ཡོངས་སུ་བསྐོར། །དེས་ཀྱང་རང་རིག་མ་ལ་འཁྱུད། །མི་ནུས་བསམ་གཏན་དག་གིས་བྱས། །སྙིང་པོ་རྒྱན་ལས། འདོད་པའི་བསྟན་བཅོས་ལས་འབྱུང་ལྟར། །གཉིས་ཀའི་ལོངས་སྤྱོད་ལ་རབ་གནས། །ཞེས་སོགས་དང་། རྩ་ལྟུང་འགྲེལ་ཆེན་དུ་མི་བསྟེན་པའི་ལྟུང་བ་འདི་ལ་རྣམ་པ་གསུམ་སྟེ། ལྡང་བའི་ཐབས་དོན་དུ་མི་གཉེར་བ་དང་། ཐུན་བཞིའི་རྣལ་འབྱོར་མི་བསྒོམ་པ་དང་། ལོངས་སྤྱོད་ཀྱི་ཐབས་མཁས་འདོར་བའོ། །ཞེས་དང་། སྙིང་པོ་ཞབས་ཀྱིས། དམ་ཚིག་རྣམས་ལས་ཇི་བཞིན་རྙེད། །མི་བསྟེན་དམ་ཚིག་ཉམས་པའི་ཚད། །རྩ་བ་དང་ནི་ཡན་ལག་གི །དམ་ཚིག་ཉིན་མཚན་མི་སྡོ་དང་། སྤྱད་པ་ལ་སོགས་ལྔ་པོ་ལྔ། །དང་དུ་བླངས་ནས་མི་བསྟེན་པ། །ལོ་ནས་ཟླ་བའི་བར་དུ་ནི། །མི་བཤགས་རབ་ཀྱི་གསུམ་ཡིན་ནོ། །རྩ་བ་དང་དུ་མི་ལེན་པར། །འཇོག་པ་འབྲིང་གི་གསུམ་ཡིན་ནོ། །ཡན་ལག་མི་ལེན་ཐ་མ་གསུམ། །ཡང་ན་ཟླ་ཕྱེད་ཞག་བདུན་དང་། །ཞག་གཅིག་པ་ནི་འབྲིང་གི་གསུམ། །ཉིན་མཚན་གཅིག་ལ་ཐ་མའི་གསུམ། །མི་བསྟེན་པ་ཡི་དམ་ཚིག་གོ །ཞེས་དང་། ལིུཾ་ཀ་རས། སྐྱོན་དང་བྲལ་ཞིང་མཚན་ཉིད་དང་ལྡན་པའི་རིག་མའམ། བདུད་རྩི་ནི་དམ་ཚིག་གོ །དེ་ཡང་ཉེས་པ་དང་བྲལ་བ་ཡིན་པ། ཡིན་པར་ཤེས་པ། རྙེད་པའམ། རྙེད་དུ་རུང་བ། སྤྱད་དུ་ཡོད་པ། དེའི་ཕན་ཡོན་ཤེས་པ། རང་ཐ་མལ་དུ་གནས་པ། རྙེད་བཞིན་དུ་མི་བསྟེན་པའམ། དེ་ལྟ་བུས་བསྟེན་པ་ལ་ཉོན་མོངས་ཀྱིས་ཀུན་ནས་བསླང་བས་སྨོད་པ་ནི་རྩ་བའི་ལྟུང་བའོ་ཞེས་གསུངས་ལ། འདི་ལ་དམ་ཚིག་ལས་ཞེས་ལྔ་པའི་ཚིག་འདི་ནི་བསྟེན་བྱའི་དམ་ཚིག་དག་གི་ནང་ནས་ཞེས་པ་འབྱུང་ཁུངས་ཀྱི་དོན་ནོ། །ཇི་བཞིན་ཞེས་པ། སྐབས་ཇི་ལྟ་བར་མཚན་ཉིད་ཇི་ལྟ་བ་བཞིན་རྙེད་པ་ཞེས་པའི་དོན་ནོ། །དེའི་ཕྱིར་འདི་ལ་གཞི་ཚོགས་ཀྱི་འཁོར་ལོས་མཚོན་པས་གནས་སྐབས་ཇི་ལྟ་བ་ལ་བབ་པ་མཚན་ཉིད་ཇི་ལྟ་བ་ཚང་བའི་དེ་དུས་ཀྱི་དམ་ཚིག་གི་རྫས་རྙེད་པ། བསམ་པ་འདོར་བར་བསམ་པ། སྦྱོར་བ་ཆོ་ག་ཇི་ལྟ་བ་བཞིན་དུ་མི་བསྟེན་པ། མཐར་ཐུག་སྐབས་ལས་ཡོལ་བ་སྟེ། ཡན་ལག་འདི་ཚང་ན་དམ་རྫས་མི་བསྟེན་པའི་རྩ་ལྟུང་དུ་འགྱུར་རོ། །དེ་ལྟར་ཡང་དྷཱ་རི་ཀ་པའི་ཚིག་འབྱེད་དུ། དམ་ཚིག་ནི། བསྲུང་བ་དང་བཟའ་བའི་བྱེ་བྲག་གིས་ཡིན་ལ། དེ་ལ་བསྲུང་བ་ནི་སྐུ་གསུང་ཐུགས་ཡེ་ཤེས་ཐིག་ལེ་བཞི་བསྲུང་བ་སྟེ། སྔོན་དུ་བརྗོད་པ་ཡིན་ལ། འདིར་ནི་བཟའ་བ་ལ་སོགས་པའི་ཚོགས་དང་། དཔའ་བོའི་བཟའ་བའི་དུས་སུ་ཐོབ་པ་ཞེས་བྱ་བ། རྙེད་ཅིང་དུས་ལ་བབ་པའི་བཟའ་བ་དང་། བཏུང་བ་དང་། བུད་མེད་ལ་མི་ཐུ་ན་བྱ་བ་དང་དུ་མི་ལེན་ན་ལྟུང་བ་སྟེ། དེ་ཡང་དམ་ཚིག་གི་དུས་ལ་བབ་པ་དང་། གཞན་གྱི་ངོ་བསྲུང་མ་ཡིན་པ་དང་། གཞན་འདུལ་བ་མ་གཏོགས་པ་སྟེ། ཆོས་གསུམ་གྱིས་གཞན་ཏེ་བཅུ་གསུམ་པར་འགྱུར་རོ་ཞེས་སོ། །ཇི་ལྟར་བསྟེན་པ་ནི་སྐབས་ལ་བབ་པའི་དམ་ཚིག་བསྒྲུབ་པའི་ཡུལ་དུ་གྱུར་པ་མི་འདོར་བར་ཇི་ལྟར་འདོད་པ་བཞིན་དུ་བསྟེན་པར་བྱའོ། །གསང་འདུས་ཀྱི་དམ་ཚིག་ཆེན་པོའི་ལེའུ་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པ་བསྟེན་ན་ནི། །འདི་ལྟ་བུ་ཡི་སྦྱོར་བ་གྱིས། །སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བུད་མེད་ལ་སྨོད་པའི་རྩ་ལྟུང་ནི། ༡༤ སྤྱི་དང་བྱེ་བྲག་ལ་བལྟོས་ཤེས་རབ་མ། །ངོས་དང་ལྐོག་ཏུ་སྙིང་ཚིམ་སྨད་གོ་ལའོ། །ཞེས་པ། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་པའི་དོན། དྲི་མེད་འོད་ལས། བུད་མེད་ཐམས་ཅད་ལ་སྨོད་པ་གང་ཡིན་པ་དེ་ནི་ངེས་པར་ཏེ་གདོན་མི་ཟ་བར་མ་ནུ་ཞེས་པ་བཅུ་བཞི་པར་འགྱུར་རོ་ཞེས་པ་ངེས་པའོ། །ཞེས་གསུངས་ལ། འདི་ལ་ཤཱནྟི་པས། བུད་མེད་ཅེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་འཇིག་རྟེན་ལས་འདས་པའོ། །དེ་དག་ཉིད་སྲིད་པ་སྐྱེད་པས་ན་ཤེས་རབ་ཀྱི་རང་བཞིན་ཏེ། རྒྱལ་བ་སྐྱེད་མ་ལས། སྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བ་དང་ཆོས་མཐུན་ཏེ། ཇི་སྐད་དུ། གཞན་དོན་ལ་དགའ་བདག་ཉིད་ཅན། དཔའ་བོ་དག་ནི་ཀུན་གྱི་ཡང་། །གསོ་མཛད་སྐྱེད་པར་མཛད་པ་སྟེ། །བྱམས་པ་ཡི་ནི་ཡུམ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །བུད་མེད་ཤེས་རབ་རང་བཞིན་ལ། །ཞེས་བྱ་བ་ནི། རྩོད་པའི་དུས་འདིར་འགྲོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་ཅིང་འཛིན་ཏེ། བུད་མེད་འདོད་པས་འགྲོ་འོང་མེད། །ཅེས་གསུངས་པ་བཞིན་ནོ། །དེ་བས་ན་དེ་རྣམས་རབ་ཏུ་གདུལ་བའི་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་འདི་ན་གནས་པར་ག་ལ་སྨད་དེ། དགེ་སྦྱོང་གི་རབ་ཏུ་བྱེད་པ་ལས། བུད་མེད་རྣམས་ལ་སྨད་མི་བྱ། །བསྟོད་པར་ཡང་ནི་དེ་མི་བྱ། །ཞེས་བཤད་ཅིང་། འདིར་འགྱུར་བའི་ལུང་ཡང་འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལས། ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ཅེས་བྱ་བ་དེས་ལུས་བརྒྱན་ཏེ། བུད་མེད་དུ་བསྒྱུར་ནས་རྒྱལ་བ་ཚེ་དཔག་མེད་ཀྱི་སྤྱན་སྔར་འཁོད་པ་ལ། བརྒྱ་བྱིན་གཙུག་ཕུད་འཛིན་པས་བྱ་བས་སྨྲས་པ། སྲིང་མོ། དེ་བཞིན་གཤེགས་པའི་སྤྱན་སྔར་མ་འདུག་ཅིག བག་མེད་པར་མ་བྱེད་ཅིག ཅེས་སོགས་རྣམ་གྲངས་དུ་མས་སྨད་པ་དང་། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་བཀའ་སྩལ་པ། ལྷའི་དབང་པོ་རྟོག་ཅིང་ཚིག་སྨོས་ཤིག །དེས་ཁྱོད་ལ་མི་སྡུག་པའི་འབྲས་བུར་གྱུར་ཏ་རེ། འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བུད་མེད་དུ་སྤྲུལ་པ་ཡིན་གྱི། འདི་ལ་བུད་མེད་ཅེས་ཚིག་ཏུ་མ་བརྗོད་ཅིག ཅེས་བཀའ་སྩལ་པ་དང་། བརྒྱ་བྱིན་དེ་ལ་བཟོད་པར་གསོལ་ཞིང་དེ་སྐད་ཅེས་སྨྲས་པའི་འབྲས་བུ་མི་སྡུག་པ་ཐོབ་པར་མ་གྱུར་ཅིག ཅེས་སྨྲས་སོ། །དེ་ནས་འཁོར་དེའི་བྱང་སེམས་ལྟད་མོ་ཅན་ཞེས་པས་གསོལ་བ། གལ་ཏེ་བརྒྱ་བྱིན་གྱིས་ཚིག་དེ་སླར་མ་བཤགས་ན་དེའི་འབྲས་བུ་ཇི་ཙམ་ཞིག་ཏུ་འགྱུར། བཀའ་སྩལ་པ། གལ་ཏེ་སླར་མ་བཤགས་སུ་ཟིན་ན། ཚེ་རབས་བརྒྱད་ཁྲི་བཞི་སྟོང་དུ་འདོད་པའི་མངལ་སྨད་པར་བུད་མེད་ཀྱི་དངོས་པོ་བླངས་པར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ། ཅི་ནས་ཀྱང་ངག་གི་ལས་བསྲུང་བར་བྱའོ། །ཞེས་དང་། ནག་པོ་པས། བུད་མེད་ཤེས་རབ་རང་བཞིན་ལ། །སྨོད་པའི་ཉེས་པ་དེ་བཞིན་ནོ། །ཞེས་པ་ལ། བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྤྲུལ་པའི་གཟུགས་སོ། །དེ་ཉིད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་རྣལ་འབྱོར་པ་ལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བྱེད་པ་པོར་གསུངས་པ་སྟེ། དེའི་རང་བཞིན་ལའང་རིང་བ་དང་ཉེ་བའོ། །ཉེ་བ་ནི་རྗེ་བཙུན་མ་རིག་བྱེད་མ་ལ་སོགས་པ་དང་། ཕྱག་རྒྱ་མོའོ། །དེའི་ཤན་འདྲ་བ་ནི་བུད་མེད་ཐམས་ཅད་ལ་སྦྱར་བར་བྱ་སྟེ། སེམས་མངོན་པར་འཁྲུག་པ་ལ་སོགས་པས་སྨོད་པའི་ཉེས་པས་ནི་ལྟུང་བ་ལ་སོགས་པ་འབྱུང་བས་ན་སྤང་བར་བྱའོ། །བླ་མའི་བཀའ་གནང་བ་དང་། སེམས་ཅན་གྱི་དོན་དུ་འགྱུར་བ་དང་། བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དང་། ཉོན་མོངས་པའི་གཉེན་པོར་འགྱུར་བའི་དངོས་པོ་བཞི་ལ་ནི་ཡང་ངོ་། །དེ་ལས་བཟློག་པའི་དངོས་པོ་ལ་ནི་ལྕིའོ། །ལྕི་ཡང་གི་ཁྱད་པར་གྱིས་ཉེས་པའི་བྱེ་བྲག་ཀྱང་ཤེས་པར་བྱའོ། །ཞེས་གསུངས་སོ། །ལ་ིུཾ་ཀ་རས། བུད་མེད་ཤེས་རབ་རང་བཞིན་ལ། །ཞེས་པ། ཤེས་རབ་ནི་དེ་བཞིན་ཉིད་ཤེས་པའོ། །དེ་རྟོགས་ཤིང་མཚོན་པར་བྱེད་པའི་གཞིར་གྱུར་པ་ནི་ཤེས་རབ་རང་བཞིན་ཏེ། དབང་གསུམ་པའི་བུད་མེད་དོ། །ལྟུང་བའི་མཚན་ཉིད་ནི་སྔ་མ་བཞིན་ནོ། །ཞེས་ཏེ། དབང་གསུམ་པའི་བུད་མེད་ནི་རིག་མའི་མཚན་ཉིད་དང་ལྡན་པ། དེར་འདུ་ཤེས་པ་ལ་ཉོན་མོངས་པས་བསླངས་ནས་སྨོད་པ་ནི་བཅུ་བཞི་པ་ཞེས་པའོ། །ཞེས་དང་། སྙིང་པོ་ཞབས་ཀྱིས། བུད་མེད་ཤེས་རབ་རང་བཞིན་ཅན། །སྨོད་པར་བྱེད་པའི་དམ་ཚིག་ནི། །དཔེར་ན་བ་ལང་ཀོ་བ་ནས། །སྒྲས་མཚོན་བར་དུ་བསླབ་པ་བཞིན། །བུད་མེད་སྒྱུ་མ་ཤེས་རབ་ཅན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་པ། །བསྟེན་ནས་དེ་ལ་ལོབས་གྱུར་ན། །ཡིད་ཀྱི་ལྷ་མོ་ལ་བརྟེན་བྱ། །དེ་ནས་གཏུམ་མོ་ཉིད་ལ་བརྟེན། །དེ་ནས་ཤེས་རབ་དགའ་མ་ནས། །ལྷན་སྐྱེས་དགའ་མའི་བར་དུ་ནི། །བརྟེན་ལས་ཡེ་ཤེས་རིམ་པས་སྐྱེ། །དེ་ནས་ཕྱག་རྒྱའི་དངོས་གྲུབ་འཐོབ། །དེ་ལྟར་བུད་མེད་ཤེས་རབ་ལ། །སྨོད་ཅིང་སྤོང་བར་བྱེད་པ་དག །ལོ་དུས་ལོན་ན་རབ་ཀྱི་རབ། །ཕྱེད་དང་ཟླ་གཅིག་གཉིས་སུ་བསྟན། །དེ་ལྟའི་ཤེས་རབ་རང་བཞིན་ལ། །རྣལ་འབྱོར་ལམ་པས་སྨད་ན་ནི། །འབྲིང་གི་གསུམ་དུ་བསྟན་པ་ཡིན། །མཚན་དང་མི་ལྡན་ཐམས་ཅད་ལ། །རྒྱུན་དུ་སྨོད་ཅིང་མི་བཤགས་པ། །ལོ་དུས་ལོན་ན་ཐ་མའི་རབ། །ཕྱེད་དང་ཟླ་གཅིག་གཉིས་སུ་བསྟན། །ཤེས་རབ་སྨོད་པའི་བཅུ་བཞི་པའོ། །ཞེས་གསུངས་ལ། དེ་བས་ན་འདིར་སྐྱེས་པ་ལ་ཐབས་དང་། དེ་དང་འབྲེལ་བའི་ཤེས་རབ་ཡིན་པས་བུད་མེད་ཐམས་ཅད་ལ་བཤད་པ་སྤྱི་ལ་བལྟོས་པ་དང་། བྱེ་བྲག་རྣལ་འབྱོར་པ་རང་ཉིད་ཐབས་ཡིན་པའི་ཕྱིར། དེའི་འཁྱུད་བྱར་གྱུར་པའི་བུད་མེད་ལ་ཤེས་རབ་ཏུ་བཤད་པའི་བྱེ་བྲག་ལ་བལྟོས་པ་གཉིས། ཡུལ་དེ་དག་ལ་དམིགས་ནས་ཅི་ཙམ་དུ་སྨོད་པར་བཟོད་པ་དེ་ཙམ་དུ་ལེགས་པའོ་སྙམ་པས་ཀུན་ནས་བསླང་བའི་ངག་གི་ལས། རྟེན་དམན་པའི་རྒྱུ་མཚན་ཅན་དུ་སྨྲ་བའམ། བུད་མེད་ཀྱི་ཡུལ་ནི་ཐར་འདོད་ཀྱི་བསྟེན་བྱར་རུང་བ་སྐབས་ཡོད་པ་མ་ཡིན་པར་བསམས་ནས་སྨྲ་བ་གང་རུང་སྟེ། དེའི་ཕྱིར། གཞི་སྤྱི་དང་བྱེ་བྲག་ལ་བལྟོས་པའི་ཤེས་རབ་མ། བསམ་པ་སྨོད་པར་འདུན་པས། སྦྱོར་བ་བུད་མེད་ཀྱི་ཡུལ་གྱི་སྨོད་པའི་ཚིག་གི་རྣམ་པར་གང་ཡང་རུང་བས་ངོར་སྨྲ་བའམ་ཟུར་གྱིས་གཞོགས་འཕྱས་བྱེད་པ། མཐར་ཐུག་སྙིང་ཚིམ་པར་སྨད་པ་གཞན་གྱིས་གོ་བ་སྟེ། ཡན་ལག་དེ་དག་ཚང་ན་བུད་མེད་ལ་སྨོད་པའི་རྩ་ལྟུང་དུ་འགྱུར་རོ། །དེ་ལྟར་ཡང་། དྷཱ་རི་ཀ་པའི་ཚིག་འབྱེད་དུ། བུད་མེད་རྣམས་ལ་གཤུང་བ་སྟེ། ཡིད་དང་ངག་གིས་སྨོད་པ་ནི་རྩ་བའི་ལྟུང་བ་སྟེ། ཡང་དེ་རྡོ་རྗེ་ཐེག་པར་གནས་པའི་རྣལ་འབྱོར་པ་སྟེ། གང་ཞིག་འདུ་ཤེས་དང་ལྡན་པས་སྨད་ནའོ། །གང་གིས་སྨོད་པ་ཡང་གཞན་འདུལ་བའི་དོན་མ་ཡིན་པས་སོ། །ཞེས་གསུངས་སོ། །ཇི་ལྟར་བསྲུང་བའི་ཚུལ་ནི། བདེ་མཆོག་ནག་པོ་པར། བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་ནི་མ་ཁྱོད་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །ཞེས་གསུངས་པ་ལྟར་དུའོ། །ཡུལ་བསམ་སྦྱོར་བ་དུས་དང་ཉེས་པ་དང་། །ལན་གྲངས་དྲུག་གིས་དེ་བསྒྱུར་བརྒྱད་ཅུ་བཞི། ཞེས་པ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས། ཡུལ་བསམ་སྦྱོར་བའི་བྱེ་བྲག་དང་། །དུས་དང་ཉེས་པ་ལན་གྲངས་དང་། །ཞེས་པས། དེ་ལྟར་རྩ་བའི་ལྟུང་བ་བཅུ་བཞི་པོ་དེ་ལ། ཡུལ་གྱི་དང་། བསམ་པའི་དང་། སྦྱོར་བའི་དང་། དུས་ཀྱི་དང་། ཉེས་པའི་དང་། ལན་གྲངས་ཀྱི་བྱེ་བྲག་སྟེ། སྒོ་དྲུག་གིས་བསྒྱུར་བས་ལྟུང་བ་བརྒྱད་ཅུ་རྩ་བཞིར་འགྱུར་རོ། །ལྕི་འབྲིང་ཡང་བ་གསུམ་གྱིས་སླར་བསྒྱུར་བ། །ཉིས་བརྒྱ་ལྔ་བཅུ་རྩ་གཉིས་རྩ་ལྟུང་སྟེ། །ཞེས་པ་ཡང་དེ་ཉིད་ལས། དེ་ལ་རྡོ་རྗེ་སློབ་དཔོན་སོགས། །དོར་བའི་ཁ་ན་མ་ཐོ་བ། །ལྕི་དང་ཡང་དང་ཞེས་དང་། དེའི་འགྲེལ་པར་དམ་ཚིག་བཀོད་པའི་རྒྱུད་ཀྱི་རྒྱལ་པོའི་ལུང་དྲངས་པ། གལ་ཏེ་གཅིག་ལ་གསུམ་རྫོགས་པ། །དེ་ནི་ཤིན་ཏུ་ལྕི་བ་སྟེ། །གཉིས་ལ་སོགས་ཏེ་གཅིག་མཐར་ཐུག །འདི་ནི་དམ་ཚིག་སྦྱོར་བའོ། །ཞེས་གསུངས་པས། བརྒྱད་ཅུ་རྩ་བཞི་པོ་དེ་ཡང་ལྕི་བ་དང་། འབྲིང་དང་། ཡང་བ་གསུམ་གྱི་བསྒྱུར་བས་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་སུ་འགྱུར་བ་ནི་རིག་པ་འཛིན་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་ཞེས་ཀྱང་ཤེས་པར་བྱའོ། །ཡུལ་བསམ་སྦྱོར་བ་དུས་ཀྱི་ཤན་འདྲ་རྣམས། །དེ་ཆ་དེར་གཏོགས། ཞེས་པ། སྙིང་པོ་རྒྱན་ལས། ཤན་འདྲ་བ་ནི་ཤེས་པར་བྱ། །ཞེས་པས། ཤན་འདྲ་བ་ནི་རྣམ་པ་བཞི་སྟེ། ཡུལ་གྱི་ཤན་འདྲ་བ། བསམ་པའི་ཤན་འདྲ་བ། སྦྱོར་བའི་ཤན་འདྲ་བ། དུས་སམ་མཐར་ཐུག་གི་ཤན་འདྲ་བ་དེ་དང་དེ་དག ཡུལ་ལ་སོགས་པ་དེ་དང་དེ་དག་གི་ཆར་གཏོགས་པའོ། །ཕམ་ལྟུང་ལྕི་སྦོམ་དང་། ཡན་ལག་ཉེས་བྱས་ཕྲ་མོའི་བརྩི་བས་ཤེས། །ཞེས་པ། ཕམ་པ་དང་། ལྟུང་བ་དང་། ལྕི་བ་དང་། སྦོམ་པོ་དང་། ཡན་ལག་དང་། ཉེས་བྱས་དང་། ཕྲ་མོ་སྟེ་རབ་ཏུ་དབྱེ་བ་བདུན་ལས། དང་པོ་གཉིས་ནི་རྩ་ལྟུང་དང་། ལྷག་མ་རྣམས་ནི་འཆད་འགྱུར་གྱི་ཡན་ལག་གི་ལྟུང་བ་ལས་ཡིན་ཏེ། སློབ་དཔོན་མཚོ་སྐྱེས་ཀྱི་རྣམ་ཐར་བསྡུས་པ་ལས། དངོས་གྲུབ་ཐམས་ཅད་གཞིར་གྱུར་པ། །རྩ་བ་དང་ནི་ཡན་ལག་གོ །རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་གཙོ་བོ་དུས་འདས་པ། །ལྕི་བ་ཞེས་ནི་བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཕྲ་མོའི་ཕྲ་མོ་དཀྱིལ་འཁོར་གཅིག །ཅེས་གསུངས་སོ། །ན་དང་དབང་ཉམས་བྱ་བ་གཞན་གྱིས་དང་། །དོན་ཆེན་སྐྱེ་མེད་བརྟན་དང་དགོས་ལྡན་དང་། །དུས་རྙེད་གནང་དང་བཀའ་བསྒོ་བར་ཆད་ལས། །ཐམས་ཅད་ཉེས་པ་མེད་པར་གསུངས་པ་ཡིན། །ཞེས་པའི་གཉིས་པ་རང་དབང་ཉམས་པ་དང་། དབང་ཐོབ་པ་ལས་ཉམས་པའོ། །བཀའ་བསྒོ་བ་བླ་མའི་ལུང་། བར་ཆད་ནི་སྲོག་གིའོ། །དེ་ལྟར་ཡང་སྙིང་པོ་རྒྱན་ལས། ན་དང་དབང་ཉམས་བྱ་བ་དང་། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱེ་མེད་བསྟན་པ་དགོས་ལྡན་དང་། །ནུས་པ་རྙེད་དང་གནང་བ་དང་། །བཀའ་བསྒོ་བ་དང་བར་ཆད་ལས། །ཉེས་པ་མེད་པར་ཤེས་པར་བྱ། །ཞེས་སོ།། །། གཉིས་པ་ཡན་ལག་གི་ལྟུང་བ་བཤད་པ་ནི། རིག་མ་བསྟེན་དགའ་ཚོགས་རྩོད་བདུད་རྩི་ལེན། །གཞན་ལ་མི་སྟོན་དད་ལ་གཞན་གཏམ་བྱེད། །ཉན་ཐོས་ནང་འདུག་སྔགས་པ་ཡིན་ཟེར་དང་། །སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །ཅེས་པ། དྲི་མེད་འོད་ལས། ལྟུང་བ་སྦོམ་པོ་རྣམས་ནི་དུ་མ་སྟེ་དེ་རྣམས་ལ་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ་ཞེས་པ་ནི་ངེས་པའོ། །ཞེས་གསུངས། དེ་ལས་རིག་མ་བསྟེན་པར་དགའ་བའི་ལྟུང་བ་ནི། རབ་ཏུ་བདེ་བ་འཕྲོག་པར་བྱེད། །དམ་ཚིག་དད་དང་མི་ལྡན་པའི། །རིག་མ་བསྟེན་ལ་དགའ་བ་ནི། །ཡན་ལག་ཉེས་པ་དང་པོ་ཡིན། ཞེས་པའི་དོན། ༡ མ་སྦྱངས་བདག་གིར་མི་བྱེད་རིག་མ་བསྟེན། དེར་འཕྱ་བ་ཡང་། ཞེས་པ། དབང་གིས་སྨིན་པར་བྱས་ནས་དམ་ཚིག་ལ་བཀོད། སྔགས་རྒྱུད་ལེགས་པར་བསླབས་པ་ནི་ཡོངས་སུ་སྦྱངས་པ་ཡིན་ལ། དེ་ལྟ་བུ་མ་བྱས་པར་རང་གི་མཐུ་ཙམ་གྱིས་རིག་མ་བསྟེན་པ་དང་། བདག་གིར་མི་བྱེད་ཅེས་པ། སྦྱངས་ཀྱང་ན་བ་དང་། བརཏལ་ཞུགས་ལ་གནས་པ་དང་། བརཏལ་མི་ཕོད་པ་ལ་ནན་གྱིས་སྤྱོད་པ། དེར་འཕྱ་བ་སེམས་ཞུམ་པར་གྱུར་པའི་བཞད་གད་བྱེད་པ་སྟེ། སློབ་དཔོན་རྟ་དབྱངས་ཀྱིས། རྣལ་འབྱོར་གང་ཞིག་རིག་མ་ནི། དམ་ཚིག་མེད་པའང་སྟོབས་ཀྱིས་སྤྱོད། །དེ་ལ་འཕྱ་བར་བྱེད་པ་ཡང་། །དེ་ཡི་ལྟུང་བ་དང་པོར་གསུངས། །ཞེས་སོ། །ཚོགས་རྩོད་གྱི་ལྟུང་བ་ནི། ཚོགས་ཀྱི་འཁོར་ལོར་རྩོད་པ་ནི། །ཡན་ལག་ཉེས་པ་གཉིས་པ་ཡིན། །ཞེས་པའི་དོན། ༢ ཚོགས་ཀྱི་ནང་དུ་རྩོད། ཅེས་པ། ཚོགས་འཁོར་རམ་དཔའ་བོ་དང་དཔའ་མོའི་སྟོན་མོའི་དུས་ཕན་ཚུན་ངག་གིས་རྩོད་པའམ། ལུས་ཀྱི་ཐ་ན་ཐལ་མོ་རྡེག་པ་ཙམ་བྱེད་ཀྱང་ངོ་། །དེ་ལྟར་ཡང་སྙིང་པོ་རྒྱན་ལས། བྲེ་མོའི་གཏམ་གྱི་འདུ་འཛིའི་སེམས། །རྣམ་པ་ཀུན་ཏུ་མི་བྱ་སྟེ། །བྱས་ན་འབྲས་སོགས་དམྱལ་ཐོབ་འགྱུར། །མཆོད་ཚེ་བཤུབ་ན་ངུ་འབོད་དེ། །རང་གི་བསམ་གཏན་བྲལ་གྱུར་ན། །དུད་འགྲོའི་གནས་སུ་ལྟུང་ཕྱིར་དང་། །ཞེས་གསུངས་སོ། །བདུད་རྩི་ལེན་པའི་ལྟུང་བ་ནི། མ་གསུངས་པ་ཡི་རིག་མ་ལ། སྔགས་པས་བདུད་རྩི་ཐོབ་བྱེད་པ། །ཡན་ལག་ཉེས་པ་གསུམ་པ་ཡིན། །ཞེས་པའི་དོན། ༣ ཆོ་ག་མི་ལྡན་རིག་མའི་བདུད་རྩི་ལེན། །རིག་མ་དེའི་བདུད་རྩི་སི་ཆོ་ག་བཞིན་མ་ཡིན་པ་སྟོབས་ཀྱིས་ལེན་པའོ། །དེ་ལྟར་ཡང་། རྟ་དབྱངས་ཀྱིས། རྒྱུད་ལས་མ་གསུངས་རིམ་ཉིད་ཀྱིས། །གང་ཞིག་བདུད་རྩི་བསྟེན་པ་ཡང་། །ཞེས་སོ། །གཞན་ལ་མི་སྟོན་པའི་ལྟུང་བ་ནི། གསང་ཆོས་ཡན་ལག་ཤེས་གྱུར་ཀྱང་། །གཞན་ལ་མི་སྟོན་བསམ་པ་ངན། །ཡན་ལག་ཉེས་པ་བཞི་པ་ཡིན། །ཞེས་པའི་དོན། ༤ གསང་ཆོས་ཤེས་ཀྱང་བསམ་ངན་གྱིས་མི་སྟོན། །ཞེས་པ། བསམ་པ་ངན་པས་གསང་བའི་ཆོས་སྣོད་ལྡན་ལ་མི་སྟོན་པའོ། །དད་ལ་གཞན་གཏམ་བྱེད་པའི་ལྟུང་བ་ནི། དད་པས་སེམས་ཅན་ཆོས་ཀྱི་རྒྱུ། །གཞན་གྱི་གཏམ་བྱེད་བྱང་ཆུབ་སེམས། །ཡན་ལག་ཉེས་པ་ལྔ་པ་ཡིན། །ཞེས་པའི་དོན། ༥ དད་ལྡན་ཆོས་དྲི་བ་ལ་གཞན་སྟོན་ཏེ། ཞེས་པ། དད་པ་དང་ལྡན་པའི་སེམས་ཅན་གང་ཆོས་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་གཏམ་དྲི་བ་ལ་གནས་སྐབས་གཞན་སྟོན་པའོ། །དེ་ལྟར་ཡང་རྟ་དབྱངས་ཀྱིས། དད་ལྡན་ཆོས་ལ་དྲི་བ་ན། །ཆོས་ཉིད་གཞན་དུ་སྟོན་པ་ནི། །ཞེས་སོ། །ཉན་ཐོས་ནང་དུ་འདུག་པའི་ལྟུང་བ་ནི། ཉན་ཐོས་ནང་དུ་ཞག་བདུན་འདས། །ཡན་ལག་ཉེས་པ་དྲུག་པ་ཡིན། །ཞེས་པའི་དོན། ༦ ཉན་ཐོས་སོགས་ནང་ཞག་བདུན་འདས་པ་དང་། །ཞེས་པ་སྟེ། ལྟ་བ་གང་ཟག་གི་བདག་མེད་དང་། སྤྱོད་པ་ལུས་ངག་གི་བསླབ་བྱ་ཙམ་གྱིས་ཆོག་པར་འཛིན་པའི་རང་ཞི་བདེ་དོན་གཉེར་ཅན་ཉན་ཐོས་དང་སོགས་ཀྱིས་དེ་ལས་གཞན་པའི་རང་རྒྱལ་གྱི་རིགས་ཀྱང་བསྡུའོ། །དེ་དག་དང་འདྲེ་ཞིང་གནས་པས་ཞག་བདུན་འདས་པའོ། །སྔགས་པ་ཡིན་པར་སྨྲ་བའི་ལྟུང་བ་ནི། རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །ང་ནི་སྔགས་པ་ཡིན་ཟེར་བ། །ཡན་ལག་ཉེས་པ་བདུན་པ་ཡིན། །ཞེས་པའི་དོན། ༧ གསང་སྔགས་དེ་ཉིད་མི་ཤེས་སྔགས་པར་སྨྲ། །ཞེས་པ་སྟེ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པར་སྔགས་པ་ཞེས་པའི་སྒྲ་ཙམ་ལ་མངོན་པར་ཞེན་པ་ཁོ་བོ་ནི་སྔགས་པའོ་ཞེས་པས་རློམ་སེམས་པས་གནས་པའོ། །སྣོད་མིན་ལ་བཤད་པའི་ལྟུང་བ་ནི། སྣོད་མིན་སེམས་ཅན་ཐམས་ཅད་ལ། །ཕྱི་ཡི་ཆོས་བཤད་ཡིན་པ་ལ། །གསང་བའི་དོན་རྣམས་འཆད་པ་ནི། །ཡན་ལག་ཉེས་པ་བརྒྱད་པ་ཡིན། །ཞེས་པའི་དོན། ༨ བསྙེན་སོགས་དག་པར་མ་བྱས་སྟོན་པ་དང་། །ཕྱི་ཆོས་ལ་མོས་དེ་ལ་གསང་བ་སྟོན། །གསང་རྫས་ཕྱག་རྒྱ་འཆིང་བ་མི་སྦེད་པའོ། །ཞེས་པ་ལ། གཞན་ལས། སྦྱོར་བ་ལེགས་པར་མ་བྱས་པར། །སྐལ་མིན་གསང་བར་བསྟན་པ་དང་། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་བསྟན་པ་དང་། །བསྙེན་སོགས་དག་པར་མ་བྱས་པར། དཀྱིལ་འཁོར་ལས་ལ་འཇུག་པ་དང་། ཞེས། ལིུ་ཀ་རའི་འགྲེལ་བཤད་ལས་བྱུང་བ་ལྟར་རམ། ཨ་བྷ་ཡཱ་དང་། རཏྣ་ཀཱིརྟིས་གསང་བ་མི་སྦེད་པ་དང་ཞེས་གསུངས་པས། བསྙེན་སོགས་དག་པར་མ་བྱས་པ་དང་། ཕྱིའི་ཆོས་ལ་མོས་པ་ལ་གསང་བ་ཟབ་མོའི་ཆོས་བཤད་པ་སྟེ། འདི་ནི་གཞི་ཟབ་མོ་ལ་སྐྲག་པ་མེད་པའི་གང་ཟག་གི་དབང་དུ་བྱས་པ་ཡིན་ནོ། །གསང་བའི་རྫས་བྲིས་སྐུ་ལ་སོགས་པ་དང་། ཕྱག་རྒྱ་འཆིང་བ་མི་སྦེད་པའོ། །དེ་ལྟར་ཡང་། སཾ་བུ་ཊ་ལས། གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་བ་མེད་མཐོང་ན། །སྐྱེ་བ་འདིར་ནི་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །ད་ནི་དམ་ཚིག་བསྡུས་པའི་ཆོ་ག་དང་། རྩ་ལྟུང་འགྲེལ་ཆེན་དང་། སློབ་དཔོན་མཆོག་རབ་སྙིང་པོས་མཛད་པའི་ཕྱག་ན་རྡོ་རྗེའི་གཞུང་ལས་འབྱུང་བའི་ཉི་ཤུ་རྩ་བརྒྱད་པའི་སྡེ་ཚན་བཤད་པར་བྱ་སྟེ། རང་ལྷ་དོར་དང་དུས་འདས་ལྷ་གཞན་དགའ། །རིག་བྱེད་ལ་ཞེན་མ་རྫོགས་རྫོགས་བྱེད་དང་། །འཇིག་རྟེན་ཆོས་ཆེད་ཁྱད་གསོད་གོང་མིན་ཚུལ། །འཕྲིན་ལས་མ་རྟོགས་དོན་མེད་གནས་བྱམས་གཏོང་། །དམན་སྤྱོད་ཟང་ཟིང་རྟོག་པ་ཡོངས་མི་འཛིན། །རང་སྤྱོད་དོར་བ་བཅོ་ལྔའོ། །ཞེས་པ། མེ་ཏོག་ཕོག་པའི་ལྷ་དོར་ནས། གཞན་བླངས་པ་དང་། རང་ལྷའི་བསྒོམ་བཟླས་ཀྱི་ཡི་དམ་དུས་ལས་འདས་པ་དང་། ལྷ་གཞན་མུ་སྟེགས་བྱེད་ཀྱི་ལ་དགའ་བ་དང་། རིག་པར་བྱེད་པ་ལྷ་དངོས་པོར་ཞེན་པ་དང་། རང་གི་དབང་མ་རྫོགས་པར་གཞན་ལ་རྫོགས་པར་བསྐུར་བར་བྱེད་པ་དང་། འཇིག་རྟེན་འདིའི་ཆེད་དུ་ཟབ་མོ་ལ་འཇུག་པ་དང་། བསླབ་པ་འོག་མ་དམ་ཚིག་ཕྲ་མོར་བཅས་པ་ཁྱད་དུ་གསོད་པ་དང་། རང་ཉིད་གོང་མའི་ཡོན་ཏན་ཅན་མ་ཡིན་པར་ཤེས་བཞིན་དུ་རྙེད་སོགས་ཀྱི་ཆེད་ཡོན་ཏན་དེ་དང་ལྡན་པར་སྟོན་པ་དང་། ཞི་སོགས་ཀྱི་ལས་ལ་སྦྱོར་མ་རན་པར་སྦྱོར་བ་དང་། དོན་མེད་དུ་དུས་འདའ་བས་ཉམས་ལེན་བོར་བ་དང་། གཞན་གྱི་དོན་རང་ལ་ནུས་པ་ཡོད་བཞིན་དུ་བཏང་སྙོམས་སུ་འདུག་པས་བྱམས་པ་གཏོང་བ་དང་། དམན་པའི་སྤྱོད་པ་ལ་གནས་ནས་གོང་མའི་ལ་མི་འཇུག་པ་དང་། ཟང་ཟིང་གི་རྟོག་པ་ལ་ཆགས་པ་དང་། ཡོངས་སུ་མི་འཛིན་པ་རང་གི་སྡོམ་པ་བསྲུང་བ་ལ་གཡེལ་བ་དང་། སྒྲུབ་པ་པོ་རང་གི་སྤྱོད་པ་དོར་ཏེ་མི་ནུས་པའི་ཡུལ་ལ་འཇུག་པ་རྣམས་ཏེ་བཅོ་ལྔའོ། །དམ་པ་བསྟེན། སྣོད་བརྟག་འདོད་ཕྱིར་གནོད་སྤངས་དཀོན་མཆོག་ནོར། །མི་ལེན་གཞན་དོན་མི་འདོར་བྱང་ཆུབ་དང་། །མི་མཐུན་དགེ་ལ་འཇུག་མི་འཕོ་བ་ཤེས། །དེ་བཟློག་བདུན་ནོ། །ཞེས་པ། བླ་མ་དམ་པ་བསྟེན་པ་དང་། སློབ་མ་སྔགས་ཀྱི་སྣོད་དང་ལྡན་མི་ལྡན་བརྟག་པ་དང་། རང་གི་འདོད་པའི་ཆེད་དུ་གཞན་ལ་གནོད་པ་སྤང་བ་དང་། བླ་མ་དང་དཀོན་མཆོག་གི་ནོར་ལ་མི་སྤྱོད་པ་དང་། གཞན་གྱི་དོན་མི་འདོར་བ་དང་། འབྲས་བུ་བྱང་ཆུབ་ཐོབ་པ་དང་མི་མཐུན་པའི་དགེ་བ་ལ་མི་འཇུག་པ་དང་། རྣལ་འབྱོར་པ་འཆི་བའི་ཚེ་རྣམ་ཤེས་གོང་དུ་འཕོ་བ་ལ་མཁས་པར་བྱ་བ་སྟེ་འཆི་བའི་མཚན་མ་མེད་པར་ནི་མ་ཡིན་ནོ། །དེ་ལྟར་བདུན་གྱིས་བཟློག་པ་དང་། སྔགས་ལ་ཐེ་ཚོམ་ཟ། ཐེག་པ་གསུམ་སྤངས་གཅིག་ཏུ་སྦྱོར་བ་དང་། །དེ་ཉིད་བཅུ་ལ་མི་གནས་དབང་བསྐུར་དང་། །བདུད་བརྟག་མི་མཁས་སེམས་པ་དུས་ལས་འདས། །ཕྲ་མོ་མི་བཤགས་དྲུག་སྟེ་ཉེར་བརྒྱད་བསྡེབས། །ཞེས་པ། གཞན་ཡང་སྔགས་ཀྱི་ཐེག་པར་བལྟ་བར་བྱ་བ་དང་སྤྱོད་པ་ངེས་པར་གནས་པ་ལ་ཐེ་ཚོམ་སྐྱེད་པ་དང་། ཐེག་པ་གསུམ་གྱི་གདུལ་བྱའི་རིམ་པ་དང་སྦྱར་ནས་མི་འདུལ་བར་གཅིག་ཏུ་སྦྱོར་བ་དང་། དེ་ཁོ་ན་ཉིད་བཅུ་ལ་མི་གནས་པར་དཀྱིལ་འཁོར་གྱི་ལས་དང་སློབ་མ་སྨིན་པར་བྱེད་པ་དང་། བདུད་བརྟག་པའི་ཐབས་ལ་མཁས་པར་མི་བྱེད་པ་དང་། རྩ་བ་དང་ཡན་ལག་གི་སྡོམ་པ་ཞིག་གམ་མ་ཞིག་བསམ་པར་བྱ་བ་དུས་ལས་འདས་པ་དང་། ཕྲ་མོའི་ཉེས་བྱས་ཀྱང་ཁྱད་དུ་བསད་དེ་མི་བཤགས་པར་དུས་ལས་འདས་ནས་གཞི་དེ་ལས་འཕེལ་བ་ཡང་། དུག་ཆུང་ངུས་རྨ་མཆེད་པ་བཞིན་ཏེ། དེ་བས་དེ་དག་ཀྱང་ཡན་ལག་གི་ཉེས་པའོ། །སློང་མོས་རྒྱུ་དང་རྣལ་འབྱོར་སྤངས་པ་དང་། །རྒྱུན་དུ་མི་བཟླ་དམ་ཚིག་སོགས་མི་བསྟེན། །བཞི་རྣམས་ཡན་ལག་ལྟུང་བ་དག་ཏུ་གསུངས། །ཞེས་པ། འདོད་པ་དང་བཅས་པའི་ཡིད་ཀྱིས་གྲོང་དུ་སློང་མོར་རྒྱུ་བ་དང་། རྣལ་འབྱོར་བསྒོམ་པ་སྤང་བ་དང་། རྒྱུན་དུ་གསང་སྔགས་མི་བཟླ་བ་དང་། རྟག་ཏུ་དམ་ཚིག་རྣམས་ལ་མི་བསྟེན་པ་བཞིའོ། །དེ་ལྟར་ཡང་། གཤིན་རྗེ་དམར་ནག་གི་རྒྱུད་ལས། རྩ་བའི་ལྟུང་བ་བཅུ་བཞི་དེ་ལྟར་གསུངས་པའི་དེ་མ་ཐག་ཡན་ལག་གི་ལྟུང་བ་བཞི་སྤོང་བའི་དམ་ཚིག་ཀྱང་གསུངས་པ། རྣལ་འབྱོར་སློང་མོས་རྒྱུ་མི་བྱ། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླ། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །ཞེས་གསུངས་སོ། །དེ་ལྟར་བཤད་པའི་ཡན་ལག་རྣམས་ལ་ཡང་ལྕི་འབྲིང་ཡང་བ་གསུམ་གྱི་རྣམ་པར་བཞག་པ་ནི་ཤེས་པར་བྱའོ། །དེ་དག་ནི་ཡན་ལག་ཙམ་ཉམས་པར་བྱེད་པས་སམ། ཉེས་པའི་ཡན་ལག་ཙམ་བསྐྱེད་པས་ཡན་ལག འབྲས་བུ་ངན་འགྲོར་ལྟུང་བས་ལྟུང་བ་སྟེ། དེའི་ཕྱིར་ཡན་ལག་གི་ལྟུང་བའོ།། །། གཉིས་པ་བསྒྲུབ་བྱ་རིགས་དྲུག་གི་དམ་ཚིག་ལ། དྲང་ངེས་རྣམ་པར་མ་ཕྱེ་བར་གསུངས་པའི་དམ་ཚིག་དང་། དྲང་ངེས་ཕྱེ་སྟེ་གསུངས་པའི་དམ་ཚིག་གཉིས་ལས་དང་པོ་ནི། འདོད་པའི་རྡོ་རྗེར་རྡོར་དྲིལ་ཕྱག་རྒྱ་དང་། །བླ་མ་གཟུང་བགྱི་རིན་ཆེན་ལ་སྦྱིན་པ། །འཁོར་ལོར་རྒྱལ་མཆོག་དམ་ཚིག་བསྐྱང་བ་དང་། །རལ་གྲིར་མཆོད་བགྱི་ཆུ་སྐྱེས་རིགས་ལ་སྡོམ། །རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་སེམས། །ཞེས་པ། དཔལ་ལྡན་རྒྱུད་དུ། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་འདོད་པ་ཞེས་པ་འདོད་ཡོན་ནམ་འདོད་པའི་མདའ་ལྔ་ཡིན་ལ། དེའི་གྲངས་དང་རྡོ་རྗེ་རྩེ་ལྔ་པའི་གྲངས་མཐུན་པས་འདོད་པའི་རྡོ་རྗེ་ཞེས་བྱ་བ་ལ། དེ་ཉིད་ཀྱང་སྟོང་ཆེན་ཡིག་ལྔ་གཅིག་ཏུ་གྱུར་པ་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རྡོ་རྗེ་རྩེ་མོ་ལྔ་པའི་བདག་ཉིད་མི་བསྐྱོད་པའི་རིགས་སོ། །སྟོང་པ་ཆེན་པོ་ཡི་གེ་ལྔ་ནི། སྟོང་པ་དང་། ཡེ་ཤེས་དང་། ཐིག་ལེ་དང་། མཆོག་དང་པོ་དང་། མཆོག་གཉིས་པའོ། །དེ་ཉིད་ལས་ཐིག་ལེ་སྟོང་པ་ཡི་གེ་དྲུག་གཅིག་ཏུ་གྱུར་པའི་ཨེ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཆོས་འབྱུང་གི་རང་བཞིན་རྡོ་རྗེ་རྩེ་གཅིག་པའི་བདག་ཉིད་རྡོ་རྗེ་སེམས་དཔའི་རིགས་སུ་འགྱུར་ཏེ། དབང་མདོར་བསྟན་ལས། དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །སོར་མོ་རྣམས་ནི་ཕན་ཚུན་དུ། །མགོ་བོར་ལག་མཐིལ་སྦྱར་བ་ནི། །གྲི་གུག་དང་བཅས་རྩེ་གཅིག་གོ །ཞེས་གསུངས་ལ། དེའི་ཕྱིར་དེ་ནི། རྡོ་རྗེའི་རིགས་ཅན་ནམ་རྡོ་རྗེ་འཛིན་པའི་རིགས་ཞེས་བྱ་ལ། སྟོང་ཆེན་ཡི་གེ་དྲུག་ཀྱང་ཕྱག་ཆེན་ཐིག་ལེ་ལས། རླུང་དང་། མེ་དང་། ལྟེ་བ་དང་། ཆོས་དང་། ལོངས་སྤྱོད་དང་། བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་གནས་པ་གོ་རིམ་བཞིན་དུ་ཆར་ཡང་དང་། ཐིག་ལེ་དང་། ཚུལ་དང་། ཚུལ་ཙམ་དང་། མཆོག་དང་། མཆོག་གཞན་དྲུག་ཏུ་བཤད་དེ། དེ་ལྟ་བུ་ཡི་ཡེ་ཤེས་ཆེ། །རྣམ་པར་ཤེས་དྲུག་རང་བཞིན་ཅན། །འཁོར་ལོ་དྲུག་གི་དབུས་སུ་ནི། །དོན་དམ་པར་ནི་བཤད་པའོ། །ཞེས་དང་། རྡོ་རྗེ་འཕྲེང་བའི་རྒྱུད་ལས། དྲུག་པོ་དེ་ལ་རིམ་པ་བཞིན་དུ་སྲོག་དང་། སྟོང་པ་ཉིད་དང་། མི་ཤིགས་པ་དང་། སྒྲ་ཙམ་དང་། མཆོག་དང་། མཆོག་གཉིས་པ་རྣམས་བཤད་དེ། དོན་ལ་ཁམས་ལྔ་དང་རྣམ་པར་ཤེས་པ་བསྣན་པའི་ཁམས་དྲུག་གི་རང་བཞིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། ཡེ་ཤེས་ཕུང་པོ་རྣམ་པ་དྲུག །སུམ་ཅུ་བདུན་པ་སེམས་ཆེན་པོ། །ཞེས་གསུངས་སོ། ༡ །དེ་བས་རྡོ་རྗེ་རིགས་ཀྱི་དམ་ཚིག་ནི། ཀུན་ཏུ་ཁ་སྦྱོར་དང་། རྡོ་རྗེ་མཁའ་འགྲོ་དང་། གདན་བཞི་དང་། དུས་འཁོར་ལས་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྟགས་ཀྱི་རྡོ་རྗེ་དང་། དྲིལ་བུ་ལ་བསྐྱེད་པའི་རིམ་པ་ཇི་ལྟ་བར་ལྷ་བཀོད་པས་ལྷག་པར་གནས་པ་དང་། ཕྱག་རྒྱ་ནི་ཕྱག་རྒྱ་དྲུག་སྟེ། སྒྲུབ་ཐབས་ལེའུར། ཁམས་ཀྱི་ཕྱིའི་ཕྱག་རྒྱའོ། །རྡོ་རྗེ་ནང་གི་ཕྱག་རྒྱ་ཞེས་ཕྱི་ནང་གཉིས་སུ་ཕྱེ་ལ། དབང་ལེའི་འགྲེལ་པར། ཕྱི་ལ་རྣ་རྒྱན་སོགས་དྲུག་དང་། གླང་ལྤགས་སོགས་བཞིར་བཤད་པའི་དགོངས་པས་སོ། །བླ་མ་བསྟེན་པ་སྟེ། དེ་དག་ཕྱི་རོལ་གྱི་དབང་དུ་བྱས་པ་ཡིན་ལ། ནང་གི་ནི། དཔལ་གདན་བཞི་ལས། སློབ་དཔོན་ཉིད་ཀྱི་ལམ་གྱི་ནི། །མཁས་པ་ཡིས་ནི་བསྟེན་པར་བྱ། །བདག་ཉིད་ཅེས་བྱ་རྡོ་རྗེར་བརྗོད། །ཤེས་རབ་ཅེས་བྱ་དྲིལ་བུར་སྤྲུལ། །མཉམ་གནས་ཡང་དག་ལྟ་བར་བྱེད། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན། །རྡོར་རྩེར་ཡེ་ཤེས་ས་བོན་གྱིས། །རང་གི་ལྷ་རྣམས་མཉེས་པར་བྱ། །རང་ལུས་རྡོ་རྗེ་དྲིལ་བུ་ཡི། །ཕྱག་རྒྱ་ཁ་སྦྱོར་སྦྱར་བར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །དེ་ཉིད་ཅེས་བྱ་སོ་སོར་གཟུང་། །དེ་ཉིད་ཀྱི་ནི་རྡོ་རྗེ་གསོར། །རང་འདོད་དྲིལ་བུ་བསྒྲག་པར་བྱ། །ལུས་ཀྱིས་མཉེས་པར་བྱེད་པ་གཉིས། །ལྷ་རྣམས་ཐམས་ཅད་མཉེས་པར་བྱ། །རྣལ་འབྱོར་རྣམས་ཀྱི་དེ་ཉིད་བྲལ། །གླང་ཆེན་དྲིལ་བུ་སྒྲོག་དང་མཚུངས། །དེ་ཉིད་སྦྱོར་བ་དང་བྲལ་ན། །དངོས་གྲུབ་ཤིན་ཏུ་རིང་བར་མཚོན། །ཞེས་གསུངས་པ་ནི་ངེས་པའི་དོན་ནོ། །དེ་བཞིན་དུ་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། སྟོང་ཉིད་ཡེ་ཤེས་མཚུངས་མེད་པ། །སྙིང་རྗེའི་སྣོད་ཀྱི་མཆོག་ཏུ་ནི། །ཡེ་ཤེས་ཆེན་པོ་མཉམ་བཞག་ནས། །བཏུང་ཞིང་རྟག་ཏུ་བཏུང་བར་བྱ། །དེ་ལྟ་བུ་སོགས་དམ་ཚིག་གསུངས། །གཞན་ནི་གང་དུ་ཡང་མ་བཤད། །རྡོ་རྗེ་སེམས་དཔའི་གོ་འཕང་མཆོག །བླ་མའི་ཞལ་ལས་གསལ་བར་རྟོགས། །ཞེས་དང་། གསང་བ་ཐམས་ཅད་པར། བྱམས་པ་སྤྲོ་བའི་སྦྱོར་བ་ཡིས། །སྤྱད་པ་སྤྱོད་པ་བླ་ན་མེད། །དམིགས་མེད་བརྟེན་པར་གྱུར་པ་ཡི། །སེམས་ནི་མི་བསྐྱོད་པ་རུ་བཤད། །ཅེས་སོ། །ཕྱི་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱི་བླ་མ་མཉེས་པར་བྱེད་པ་ཡང་གཟུང་ངོ་། ༢ །རིན་ཆེན་རིགས་ལ་གནས་པའི་དམ་ཚིག་ནི། ཚོགས་གསུམ་ལས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སྦྱིན་པ་རྣམ་པ་བཅུ་སྦྱིན་པར་བྱའོ། །བཅུ་གང་ཞེ་ན། རིན་ཆེན་ལྕགས་ཟས་བ་གླང་རྟ། །གླང་ཆེན་བུ་མོ་ནོར་འཛིན་དང་། །འདོད་པའི་ཆུང་མ་རང་གི་ཤ །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་དྲི་མེད་འོད་ལས་གསུངས་སོ། །དེ་དག་ནི་ཕྱིའོ། །ནང་གི་ནི། འདོད་པའི་གནས་སྐབས་བཅུས་བྱང་ཆུབ་ཀྱི་སེམས་ཀྱི་རིན་ཆེན་བ་སྤུའི་མཐར་ཐུག་པའི་ལྷ་ལ་སྦྱིན་པ་སྟེ། གསང་བ་ཐམས་ཅད་པར། སྙིང་རྗེ་སྤྲོ་བའི་སྦྱོར་བ་ཡི། །སེམས་ཅན་རྗེས་སུ་འཛིན་པ་ཅན། །སེམས་ཅན་དོན་སེམས་ཡང་དག་ལྡན། །རིན་ཆེན་འབྱུང་བར་བརྗོད་པར་བྱ། །ཞེས་གསུངས་སོ། ༣ །རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དམ་ཚིག་ལ་གནས་པས་ནི་དྲི་མེད་འོད་ལས། འཁོར་ལོ་འདི་ལ་རྒྱལ་མཆོག་དམ་ཚིག་བསྐྱང་བར་བགྱི། །འཁོར་ལོའི་རིགས་ལ་གནས་པས་བདུད་རྩི་ལྔ་ལ་སོགས་པ་དང་གོ་ཀུ་ད་ཧ་ན་དང་ཕུང་པོ་དང་དབང་པོའི་ཚོགས་པ་བསྲུང་བར་བགྱིའོ་ཞེས་པ་སྟེ་སྨོན་ལམ་མོ། །ཞེས་གསུངས། དེའི་དོན། བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། ཞེས་པའི་འགྲེལ་ཆེན་ལས། འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པར་བྱ་སྟེ། བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་པ་ལ། ཕྱི་རོལ་དུ་བདུད་རྩི་ལྔ་ནི་བཤང་བ་ལ་སོགས་པ་དང་། སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ། ལྷ་མཉེས་པའི་དོན་དུ་དེ་དག་ཟོས་པས་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔའོ། །སོགས་པའི་སྒྲས་དབང་པོ་ལྔ་པོ་སྒྲོན་མ་ལྔའོ། །དེ་རྣམས་ལ་བལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་། རྫས་ལ་སྲེད་པ་ཡོངས་སུ་སྤང་པའོ། །བསྙེན་པ་དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་ཏེ། བཤང་པ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །ཞེས་སོ། ༥ །རལ་གྲི་སྟེ་དོན་གྲུབ་ཀྱི་རིགས་ལ་གནས་པས་ནི། མཆོད་པའི་དམ་ཚིག་སྟེ། དེ་ཡང་ཕྱག་རྡོར་བསྟོད་འགྲེལ་ལས། འདིར་ཤེས་རབ་དང་ཐབས་ཀྱི་རྒྱུད་ལས་མཆོད་པ་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི་མཆོད་པ་དང་། ནང་གི་མཆོད་པའོ། །དེ་ལ་ཕྱི་རོལ་གྱི་མཆོད་པ་ནི་ཉེ་བར་སྤྱད་པ་ལྔ་ལ་སོགས་པ་རྣམས་དང་། བདུད་རྩི་ལྔ་དང་སྒྲོན་མ་ལྔ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཡང་དག་པར་ཚིམ་པར་བྱེད་པའོ། །ནང་གི་མཆོད་པ་ནི་རང་རྫས་ཀྱི་ཐིག་ལེར་བརྗོད་པར་བྱ་སྟེ། གསང་བ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་སོན་པའི་ཐིག་ལེ་བཞི་པོ་རྣམས་ཀྱིས་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་། དྲི་མ་དང་བྲལ་བའི་རང་བཞིན། རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བ་ལུགས་དང་མི་མཐུན་པའི་ཆོས་དེ་རྣམས་ཀྱིས། སངས་རྒྱས་ཞེས་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོའི་ཁམས་རྣམས་སོ། །ཀྱང་ཡིག་ལས་ས་ལ་སོགས་པའི་ཁམས་རྣམས་དང་གཟུགས་ལ་སོགས་པ་ཡུལ་གྱི་ཁམས་རྣམས་མཆོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་མི་འཛག་པའི་ཐིག་ལེས་བདེ་བ་ཆེན་པོ་འགྱུར་བ་མེད་པ་རྣམས་ཀྱིས་ཡོངས་སུ་དག་པར་བྱའོ། །ཞེས་པ་ངེས་པའི་དོན་ཏོ། །ཕྱི་རོལ་ཏུ་སླར་ཡང་ཐིག་ལེ་འཛག་པས་ཉམས་སུ་མྱོང་བ་རྣམས་ཀྱིས་ཕྱི་རོལ་དུ་རྣམ་པར་དག་པའི་དོན་དུ་མཆོད་པར་བྱའོ། །ནང་དུ་ནི་ཕྱག་རྒྱ་ཆེན་པོ་རྣམ་པར་དག་པའི་ཕྱིར་དང་རྫས་ཀྱི་ཐིག་ལེ་ནོར་བུའི་ནང་དུ་སོན་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་ཐིག་ལེ་མཆོད་པའི་ངེས་པའོ། །ཞེས་གསུངས་སོ། ༤ །པདྨའི་དམ་ཚིག་ལ་གནས་པས་ནི། རིགས་དང་རིགས་མ་ཡིན་པ་ལ་མངོན་པར་བགྲོད་པར་འགྲོ་བས་གསལ་བར་ཕྱག་རྒྱའི་པདྨ་ལ་རེག་པ་ན། ཚོགས་གསུམ་ལས་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྡོམ་པ་ཞེས་བྱ་བ། འཕོ་མེད་ཀྱི་ཚངས་པར་སྤྱོད་པའི་སྡོམ་པ་སྟེ། དེ་བསྐྱང་བའི་སླད་དུ། ལས་དང་པོ་པས་ཀྱང་འཛག་པའི་འདོད་ཆགས་སྤང་བ་དང་། ཁུ་བ་མི་ཉམས་པའི་ཐབས་ལ་འབད་པའི་སྒོ་ནས། མི་ཚངས་སྤྱོད་ལས་བཟློག་པའི་ཚངས་སྤྱོད་ཀྱི་སྡོམ་པ་ལ་གནས་པར་བགྱིའོ། །དེ་ལྟར་འདུས་པ་ལས། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །ཞེས་སོ། ༦ །སེམས་ཅན་རྣམས་ནི་ཐར་པ་ལ་དགོད་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རྡོ་རྗེ་རྩེ་གཅིག་པ་སྟེ་རྡོ་རྗེ་སེམས་དཔའི་རིགས་ཀྱི་དམ་ཚིག་ལ་གནས་པར་གྱུར་པས་ནི། རྡོ་རྗེ་སེམས་དཔའི་གོ་འཕང་ཞེས་བྱ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་བྱང་ཆུབ་ལ་སེམས་དཔའི་རྣམ་པས་བདག་གིས་སེམས་བསྐྱེད་པར་བགྱིའོ། །དེ་ལྟར་ཡང་གུར་ལས། ང་ཡིས་སེམས་ཅན་དེ་དག་ཀུན། །ཕྱག་རྒྱ་ཆེན་པོའི་གོ་འཕང་ལ། །རབ་ཏུ་འགོད་པར་བྱའོ་ཞེས། །དམ་ཚིག་ཆེ་བཤད་ཅེས་པས་འདི་ལ་ཡང་ཕྱི་སེམས་ཅན་ལ་དམིགས་པ་དང་། ནང་རང་རྒྱུད་ལ་དམིགས་པའི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལྟར་རྣམ་སྣང་གི་དམ་ཚིག་ལ་རྡོ་རྗེ་མཁའ་འགྲོ་སོགས་ལས། དཀོན་མཆོག་གསུམ་འཛིན་པར་བཤད་པ་ཡང་། ནང་དུ་སྐུ་གསུམ་རྗེས་སུ་དྲན་པར་བྱེད་པ་སྟེ། དེ་གསུམ་ལ་དཀོན་མཆོག་གསུམ་དུ་གསུངས་པས་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། གསུང་རབ་ཀྱི་པདྨོ་རྣམ་པར་འབྱེད་པས་ཆོས་འཛིན་པར་གསུངས་པའམ། ཐེག་པ་གསུམ་ཕྱི་ལུས། ནང་ངག་གསང་བ་ཡིད་ཀྱི་དག་པ་ལ་སྦྱོར་བའི་རྡོ་རྗེའི་རྣལ་འབྱོར་འཛིན་པ་སྟེ། རྡོ་རྗེ་སྙིང་པོ་རྒྱན་ལས། རྒད་མོ་སྣང་བའི་རིགས་དག་ལ། །ཕྱི་དང་ནང་དང་གསང་བ་ཡི། །དམ་ཚིག་རབ་ཏུ་གཟུང་བ་ཡིས། །བླ་མེད་བྱང་ཆུབ་ཐོབ་པར་བྱེད། །ཅེས་གསུངས་པས་ཐེག་པ་ནི་འབྲས་བུ་ཡིན་པས་དེ་གསུམ་གྱིས་གྲོལ་བ་ལ་དགོངས་སོ།། །། གཉིས་པ་དྲང་ངེས་ཕྱེ་སྟེ་བཤད་པའི་དམ་ཚིག་ནི་སྲོག་གཅོད་མི་བདེན་གཞན་ནོར་བུད་མེད་འཕྲོག །ལྔ་སོགས་བསྟེན་དང་པདྨར་མི་སྨད་པ། །རིམ་བཞིན་རྡོ་རྗེ་རལ་གྲི་རིན་ཆེན་དང་། །པདྨ་འཁོར་ལོ་གྲི་གུག་རིགས་ལ་གསུངས། །ཞེས་པ། དཔལ་ལྡན་རྒྱུད་དུ། རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ནས་རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །ངེས་པར་རྡོ་རྗེ་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨ་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟན་པར་བྱ། །གདོལ་པ་མོ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་པས། དང་པོར་དྲང་དོན་གྱི་དམ་ཚིག་ནི། གང་གི་ཚེ་འཆི་བའི་མཐའི་བར་དུ་མཚམས་མེད་པ་ལྔ་ལ་སོགས་པ་མི་དགེ་བ་བྱེད་པ་ལས་མི་ལྡོག་པ་དེ་ལས་དྲག་པོའི་ལས་ཀྱིས་སྲོག་གཅོད་བྱ་བ་ནི་རྡོ་རྗེ་རིགས་ཀྱི་དང་། ལམ་མ་ཡིན་པར་ལྟུང་བ་འདོན་པའི་སླད་དུ་བརྫུན་གྱི་ཚིག་སྨྲ་བ་རལ་གྲིའི་རིགས་ཀྱི་དང་། ཡི་དྭགས་ཀྱི་འགྲོ་བ་སེར་སྣ་ཅན་ལ་དེ་ཉིད་དེ་ལས་བཟློག་པའི་དོན་དུ་མ་བྱིན་པར་ལེན་པ་རིན་ཆེན་རིགས་ཀྱི་དང་། དུད་འགྲོའི་སྐྱེ་གནས་སུ་འགྲོ་བ་ལྡོག་པའི་དོན་དུ་གཞན་གྱི་བུད་མེད་འཕྲོག་པ་པདྨའི་རིགས་ཀྱི་དང་། རིགས་སུ་འཛིན་པ་རྣམ་པར་གཞག་པའི་སླད་དུ་བདུད་རྩི་ལ་སོགས་པའི་དམ་ཚིག་རྣམས་བསྟེན་པ་འཁོར་ལོའི་རིགས་ཀྱི་དང་། ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གདོལ་པ་མོ་ལ་སོགས་པའི་བུད་མེད་རྣམས་དང་དེའི་སྐྱེ་གནས་ལ་མི་སྨད་པ་དང་། བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སྦྱིན་པ་ཆེན་པོ་སྦྱིན་པ་རྣམས་གྲི་གུག་གི་རིགས་ཀྱི་དམ་ཚིག་སྟེ། དེ་དག་ཀྱང་དྲི་མེད་འོད་ལས། དེས་ན་ཇི་སྲིད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པར་མ་གྱུར་བ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་པ་དང་དབང་དང་དགུགས་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་རྫུན་དུ་སྨྲ་བ་དང་། མ་བྱིན་པར་ལེན་པ་དང་། གཞན་གྱི་བུད་མེད་འཕྲོག་པ་དང་། དམ་ཚིག་བསྟེན་པ་དང་། རིགས་དང་རིགས་མ་ཡིན་པ་ལ་མངོན་པར་བགྲོད་པ་དང་། རང་གི་ལུས་ཀྱི་མཐར་ཐུག་པ་སྦྱིན་པ་ཡང་གཞན་ལ་ཕན་པའི་ཕྱིར་ཏེ་རང་གི་དོན་དུ་ནི་མ་ཡིན་ནོ་ཞེས་པ་ངེས་པའོ། །ཞེས་སོ། །ངེས་པའི་དོན་ནི། སྲོག་གཙུག་ཏོར་གྱི་བར་དུ་དགག་པ་སྲོག་གཅོད། སྐད་ཐམས་ཅད་པས་སྨྲ་བ་རྫུན་སྨྲ། བྱང་ཆུབ་ཀྱི་སེམས་ཀྱི་ནོར་མགྲིན་པའི་བར་དུ་འཛག་མེད་དུ་འཆིང་བ་མ་བྱིན་ལེན། གཞན་གྱི་བུད་མེད་ཕྱག་རྒྱ་ཆེན་མོ་འཕྲོག་པ། ཆང་ལྷན་ཅིག་སྐྱེས་པ། སྒྲོན་མ་གོ་ཀུ་ལ་སོགས་པའི་དབང་པོ་ལྔ་དག་པར་བྱེད་པའམ། བདུད་རྩི་ལྔ་འཛག་མེད་དུ་འཆིང་བ་ནི་དམ་ཚིག་བསྟེན་པ། སྐྱེ་གནས་བསྲུབས་པའི་ཚངས་སྤྱོད་ཀྱིས་འཕོ་བ་མེད་པའི་བདེ་བ་བསྒྲུབ་པ་རིགས་དང་རིགས་མ་ཡིན་པ་ལ་མངོན་པར་བགྲོད་པ་སྟེ་དྲི་མ་མེད་པའི་འོད་ཀྱི་དགོངས་པའོ། །དེ་བས་ན་རྣམ་སྣང་སྐུ། འོད་དཔག་མེད་གསུང་། མི་བསྐྱོད་པ་ཐུགས། རིན་འབྱུང་ཡོན་ཏན། དོན་གྲུབ་འཕྲིན་ལས་སྟེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་རིགས་ལྔའི་དམ་ཚིག་ཏུ་ཤེས་པར་བྱས་ལ། རིགས་ལྔ་པོ་དེ་ཉིད་ཀྱང་རིགས་བརྒྱ་ནས་འབུམ་སྡེ་དང་གྲངས་མེད་པའི་བར་དུ་བཞག་པའི་ཕྱིར་དམ་ཚིག་དག་ཀྱང་དེའི་རྗེས་སུ་འགྲོ་བས་དམ་ཚིག་འབུམ་སྡེ་ཡང་རིགས་ལྔའི་དམ་ཚིག་ཏུ་ཤེས་སོ། །རིགས་ལྔ་ཡང་རྡོ་རྗེ་སེམས་དཔའི་རིགས་གཅིག་ཏུ་འདུ་བའི་ཕྱིར་དམ་ཚིག་ཐམས་ཅད་ཀྱང་སྟོང་ཉིད་སྙིང་རྗེ་གཅིག་པའི་དམ་ཚིག་ཏུ་འདུས་སོ། །དེ་ལྟར་ཡང་། བཅོམ་ལྡན་འདས་ཉིད་ཀྱིས། རིགས་ནི་ལྔ་པོ་དེ་རྣམས་ལ། །སྟོང་ཕྲག་དུ་མ་སྐྱེ་བ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་གསུངས་སོ།། །། གསུམ་པ་ཉམས་སུ་བླང་བ་དང་འབྲེལ་བའི་དམ་ཚིག་ལ། ཡོ་བྱད་ཀྱི་དམ་ཚིག ལོངས་སྤྱོད་ཀྱི་དམ་ཚིག མཉམ་བཞག་གི་དམ་ཚིག རྗེས་སྤྱོད་ཀྱི་དམ་ཚིག་བཞི་ལས། དང་པོར་ཡོ་བྱད་ཀྱི་དམ་ཚིག་ནི། ཡོ་བྱད་ལོངས་སྤྱོད་མཉམ་བཞག་རྗེས་སྤྱོད་བཞིར། །བསྡུས་ནས་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དྲུག །ཁ་ཊྶཱཾ་ཅང་ཏེའུ་པདྨའི་སྣོད་བགྲང་འཕྲེང་། །བྲིས་སྐུ་གླེགས་བམ་མཆོད་ཕྱིར་ཐོགས་དང་གཞན། །གླང་ཆེན་ལྤགས་སོགས་ཡོ་བྱད་དམ་ཚིག་ཡིན། །ཞེས་པ། རྡོ་རྗེ་དང་། དྲིལ་བུ་དང་། ཧེ་རུ་ཀའི་ཕྱག་རྒྱ་དྲུག་དང་། རིགས་སོ་སོའི་ཁ་ཊྶཱཾ་ག་དང་། ཕྱི་ནང་གསང་བ་མཚོན་པའི་ཅང་ཏེའུ་གསུམ་དང་། ལས་སོ་སོའི་སྐབས་ཀྱི་བགྲང་འཕྲེང་སོ་སོ་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཚེ་གླང་པོ་ཆེ་དང་སྟག་ལ་སོགས་པའི་པགས་པ་དང་། གཞན་ཡང་སོགས་ཀྱིས་བསྡུས་པའི་སྦྱིན་སྲེག་ལ་སོགས་པའི་ཚེ་ལས་རིགས་དང་རྗེས་སུ་མཐུན་པའི་བགོ་བ་དང་། དགང་གཟར་བླུགས་དང་། སློབ་མ་རྗེས་སུ་འཛིན་པའི་དབང་གི་ཡོ་བྱད་ལ་སོགས་པ་རྣམས་སོ། །གཉིས་པ་ལོངས་སྤྱོད་ཀྱི་དམ་ཚིག་ནི། འདོད་པ་ལྔ་དང་ཤ་ལྔ་བདུད་རྩི་ལྔ། །བཏུང་བ་ལྔ་དང་ཕྱག་རྒྱ་ལྔ་ལོངས་སྤྱོད། །བདུན་ཅུ་རྩ་གཉིས་ཤ་ཡང་མཆོད་དུས་བསྟེན། །ཞེས་པ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པ་ལྔའོ། །ཤ་ལྔ་ནི། བ་ལང་དང་། ཁྱི་དང་། རྟ་དང་། གླང་པོ་ཆེ་དང་། མིའི་ཤ་རྣམས་སོ། །བདུད་རྩི་ལྔ་ནི། བྱང་སེམས་དཀར་དམར་དང་། བཤང་གཅི་དང་། རོ་ཙ་ན་ཤ་ཆེན་གྱི་དྭངས་མ་སྟེ་ལྔའོ། །བཏུང་བ་ལྔ་ནི། སྦྲང་རྩི། བུ་རམ། འབྲས་བུའི་བཅུད་དང་། ཤིང་ལས་སྐྱེས་དང་། བཅོས་མའི་ཆང་སྟེ་ལྔའོ། །ཕྱག་རྒྱ་ལྔ་ནི། རྡོ་རྗེའི་རིགས་ལ་སོགས་པས་བསྡུས་པའི་བུད་མེད་ལྔའོ། །བདུན་ཅུ་རྩ་གཉིས་ཤ་ནི། ཁྱི་རྟ་བ་ལང་གླང་པོ་ལུག་དང་ར་དང་རི་དྭགས་བོང་བུ་ཕག་དང་རྔ་མོང་འདི་དག་ཕྱོགས་ཞེས་པ་ནས། །རིགས་སུ་གྱུར་པའི་དམ་ཚིག་མཐའ་དག་རྣམས་ནི་རྣལ་འབྱོར་པ་ཡིས་བཟའ་བར་བྱ། །ཞེས་པའི་བར་དུ་དཔལ་ལྡན་རྒྱུད་དུ་གསུངས་པ་རྣམས་སོ། །ཇི་ལྟར་བསྟེན་པའི་ཚུལ་ཡང་། གསང་བ་འདུས་པ་ལས། བཟའ་བའམ་བཏུང་བ་གང་ཅུང་ཟད། །བརཏལ་ཞུགས་ཅན་གྱིས་གང་བཟའ་བ། །བཤང་གཅི་ཤ་ཡི་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཡོངས་སུ་བརྟག །ཅེས་དང་། མ་རྙེད་ན་ཡང་རྒྱུད་དེ་ཉིད་དུ། ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །རྡོ་རྗེའི་སྦྱོར་བས་ཟོས་པ་ཡིས། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཅེས་གསུངས་སོ། །དྲི་མེད་འོད་ལས། རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་རིལ་བུ་ཡུངས་ཀར་གྱི་ཚད་ཙམ་ཉི་མ་སོ་སོར་དམ་ཚིག་བསྟེན་པའི་དོན་དུའོ། །ཞེས་སོ། །འོ་ན་དུས་ཀྱི་འཁོར་ལོར། ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་བའི་རིགས་པས་ཤ་བཀག་པ་དང་ཇི་ལྟར་མི་འགལ་ཞེ་ན། དགྱེས་རྡོར་གྱི་ནཱ་རོ་འགྲེལ་ཆེན་དུ། གང་ལས་ཆེད་དུ་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་གྱུར་ན་སྲོག་གཅོད་པར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་པས་ཆེད་དུ་བྱས་པ་མ་ཡིན་པ་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པའི་བཟའ་བ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་པས་སོ། །གསུམ་པ་མཉམ་བཞག་གི་དམ་ཚིག་ནི། དགོངས་ཏེ་བཤད་པའི་དམ་ཚིག་བཞི་སྟེ། སྲོག་ཆགས་གསོད་དང་བརྫུན་གྱི་ཚིག་སྨྲ་དང་། །མ་བྱིན་པར་ལེན་གཞན་གྱི་བུད་མེད་བསྟེན། །ཞེས་པ་རྣམས་སོ། །དེ་ལས་དང་པོར་སྲོག་གཅོད་ཀྱི་སྒྲས་གསུངས་པའི་དགོངས་པའི་དམ་ཚིག་ནི། ༡ རང་གི་ལུས་ལ་སྲོག་བཀག་སྲོག་གཅོད་དེ། །ཕུང་སོགས་ཆོས་རྣམས་འོད་གསལ་གཞུག་ལ་དགོངས། །ཞེས་པ་དེ་ཡང་། དྲི་མེད་འོད་དུ། འདིར་རང་གི་ལུས་ལ་སྲོག་བཀག་པ་ནི་སྲོག་གཅོད་པ་སྟེ་རྡོ་རྗེའི་རིགས་དག་ལ་ནི་ཞེས་པ་གཙུག་ཏོར་དུ་དགག་པར་བྱའོ། །སྲོག་གཅོད་པ་དེ་ཡིས་རྣལ་འབྱོར་པའི་ཁུ་བ་སྟེང་དུ་འགྱུར་རོ། །ཞེས་པའོ། །འདིར་སྲོག་ཅེས་བྱ་བ་ནི་རླུང་ཆེན་པོ་ལྔ་དང་། བཅུ་དང་། ཉི་ཁྲི་ཆིག་སྟོང་གི་བར་དུ་འགྱུར་བ་བསྟན་པ་རྟག་ཏུ་འབྱུང་ཞིང་འཇུག་པའི་མཚན་ཉིད་ཅན། རོ་རྐྱང་གི་ཆོས་ཅན་དེ་དག་བཀག་ཅིང་བསྡམས་པ་ནི་སྲོག་གཅོད་པ་སྟེ། རྒྱུའི་དབང་དུ་བྱས་པ་ཡིན་ལ། དབུ་མའི་ཆོས་ཅན་ཉིད་ཀྱི་མཉམ་རྒྱུའི་རྒྱུ་བ་བཀག་པའི་ཟད་པ་ནི་གཙུག་ཏོར་མཆོག་ཏུ་འབྱུང་བའི་ཕྱིར་འབྲས་བུའི་དབང་དུ་བྱས་པའོ། །དེ་ཡང་དགྱེས་རྡོར་འབུམ་ལྔར། དེ་ལྟར་ལུས་ནི་འགགས་པ་ཡིས། །སྲོག་རླུང་ཡང་ནི་འགོག་པའོ། །སྲོག་རླུང་ངེས་པར་འགགས་པ་ཡིས། །བྱང་ཆུབ་སེམས་ནི་འགོག་པའོ། །བྱང་ཆུབ་སེམས་ནི་འགག་པ་ཡིས། །འཕོ་བ་ངེས་པར་འགོག་པའོ། །འཕོ་བའི་སྐད་ཅིག་འགགས་པ་ཡིན། །རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད། །ཅེས་གསུངས་པའི་རིམ་པ་ལས་ཡིན་ནོ། །དེ་ཡང་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་བརྐྱང་བས་ནི་རྡོ་རྗེ་ནོར་བུར་རྡུལ་བརྟན་པར་མཚོན་ཞིང་། ཉི་མའི་དཀྱིལ་འཁོར་ལ་བཀོད་པ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་དོན་དང་། གཡོན་དཀར་པོ་བསྐུམ་པས་ཁུ་བ་གཙུག་ཏོར་དུ་བརྟན་པ་མཚོན་ལ། རི་བོང་ཅན་ལ་བཀོད་པ་ནི་སྟོང་ཆེན་འགྱུར་མེད་ལྔའི་བདག་ཉིད་ཀྱི་དོན་ཏེ། མཉམ་པར་བཀོད་པ་ནི་རྟག་ཏུ་ཉོན་མོངས་པའི་མཚོན་གྱིས་མི་ཆོད་ཅིང་། རྣམ་ཤེས་ཀྱི་ཆོས་ཉིད་ལས་འདས་པས་གཟུང་འཛིན་གྱིས་དབྱེར་མེད་པ་སྟེ། ཟུང་འཇུག་གི་ངོ་བོར་སྡོམ་པའི་དོན། ཐིག་ལེ་འགག་པའི་རིམ་པ་དངོས་པོར་བསྟན་ནོ། །མཚན་བརྗོད་ལས། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་སོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱན་ཅེས་བྱ་བ་སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པ་ལས། སྲོག་ཅེས་བྱ་བ་ནི་རླུང་ཆེན་པོ་རྟག་ཏུ་འཇུག་པའི་མཚན་ཉིད་ཅན་ནོ། །དེ་བཀག་ཅིང་བསྡམས་པ་ལ་ནི་སྲོག་གཅོད་པ་ཞེས་བྱའི། སེམས་ཅན་གསོད་པ་ལ་ནི་མ་ཡིན་ནོ། །ཞེས་གསུངས། དེ་ལྟ་བུར་སྲོག་འགོག་པ་ཡང་། སྤྲོས་པ་མེད་པའི་དོན་ལ་མ་བཅོས་པར་མཉམ་པར་འཇོག་པས་འགོག་པར་ནུས་ལ། དེ་ལས་གཞན་པས་མི་ནུས་པར་དགོངས་ནས། དང་པོའི་སངས་རྒྱས་ལས། བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས། ཞེས་སོགས་གསུངས་སོ། །དེ་ལྟ་བུའི་རྡོ་རྗེའི་རྣལ་འབྱོར་གྱིས་ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་དེའི་ཚེ་དེ་དག་གི་བཅོས་མའི་སྲོག་ཆད་པར་བྱེད་པས་རྡོ་རྗེའི་རྣལ་འབྱོར་བསྒོམ་པ་ཉིད་སྲོག་གཅོད་པ་ཞེས་བྱ་སྟེ། ཟླ་བ་གྲགས་པས་སྒྲོན་གསལ་དུ། སེམས་ཅན་ཐམས་ཅད་བསད་ན་ནི། །ཞེས་བྱ་བ་ནི་སྟོང་པ་ཉིད་དུ་བྱས་པས་རྣམ་པར་བཤིག་པའོ། །ཞེས་དང་། གསང་བ་འདུས་པའི་ལེའུ་དགུ་པ་ལས། རྡོ་རྗེ་གསང་ཆེན་འདི་ལྟ་བུས། སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པས། ཚུལ་འདིས་ཞེ་སྡང་གི་མཚན་ཉིད་ཅན་གྱི་སྣང་བའི་གནས་སྐབས་རྣམ་པར་དག་པའི་སྣང་སྟོང་ལྷན་ཅིག་སྐྱེས་པའི་སྐུ་རྡོ་རྗེ་མངོན་དུ་བྱེད་པ་ཡིན་ནོ། །རྡོ་རྗེ་སྙིང་འགྲེལ་ལས། གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །སེམས་ནི་རླུང་དང་ཁུ་བ་ཡིན། །སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །གཞན་དུ་མ་ཡིན་གནས་དེ་རུ། །ཞེས་དང་། དགོངས་པ་ལུང་སྟོན་ལས། གང་གི་ཕུང་སོགས་དངོས་མེད་པར། །ཞི་གནས་ལས་བྱུང་སེམས་ཀྱིས་བྱས། །དེ་ནི་སྲོག་གཅོད་བྱེད་པ་སྟེ། །ཐེག་པ་མཆོག་ལ་གནས་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུ་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེར་ཡང་དགོངས་པའི་སྐད་ཉིད་ཀྱིས་བཤད་དེ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་རྣམ་གྲངས་དེས་ན། ཁྱོད་ཀྱིས་དེ་ལྟར་གང་གིས་བདག་གི་འདུ་ཤེས་དང་། སེམས་ཅན་གྱི་འདུ་ཤེས་བསད་པ་དེས་སེམས་ཅན་ཐམས་ཅད་བསད་པ་ཡིན་པར་རིག་པར་བྱའོ། །ཞེས་དང་། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་ལས། དེ་ནས་སོར་མོའི་འཕྲེང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་སྲོག་མི་གཅོད་པའི་ཚུལ་ཁྲིམས་མི་འཛིན་གྱི། ཉ་པ་ལྟར་སྲོག་གཅོད་པའི་ཚུལ་ཁྲིམས་འཛིན་ཏོ། །སྲོག་ཅེས་བྱ་བ་ནི་ཉོན་མོངས་པ་བྱེ་བ་སྟེ། དེ་དག་བཟུང་ནས་གང་གསོད་པ་དེ་ནི་འཇིག་རྟེན་ན་སྲོག་གཅོད་པ་སྤངས་པ་འཛིན་པའོ། །དེ་བསད་པའམ་ཡང་ན་རྒྱགས་པ་བཅོམ་པ་སྟེ་བདག་གི་སློབ་མར་བགྱིའོ། །ཞེས་གསུངས་སོ། །གཉིས་པ་རྫུན་སྨྲའི་སྒྲས་གསུངས་པའི་དགོངས་པ་ཅན་གྱི་དམ་ཚིག་ནི། ༣ ཅིག་ཅར་སེམས་ཅན་ཀུན་གྱི་སྐད་སོ་སོར། །ཆོས་སྟོན་གཞོམ་མེད་སྒྲ་ནི་བརྫུན་སྨྲ་ཞེས། །རྟེན་འབྱུང་བདེན་མེད་སྟོན་པའི་ཕྱིར་གྱིས་གསུངས། །ཞེས་པས་སྙིང་གའི་གཞོམ་དུ་མེད་པའི་སྒྲའམ་བརྗོད་དུ་མེད་པའི་ཚིག་གིས་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་སྣོད་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་ཐམས་ཅད་ནི་རྟག་པ་དང་བྱེད་པ་པོས་བྱས་པ་ལ་སོགས་པ་མ་ཡིན་གྱི། རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུར་སྟོན་པ་ནི་རྫུན་དུ་སྨྲ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་ཚིག་ཀྱང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རྫུན་གྱི་ཚིག་ཅེས་བྱའོ། །དེ་ཉིད་ཟབ་པ་སྲོག་གི་གཟུགས་ཆོས་ཀྱི་ཕུང་པོའི་གསལ་བར་ཤར་བས་ཟབ་གསལ་ལྷན་སྐྱེས་སམ། གསལ་སྟོང་ཟུང་འཇུག་ཏུ་གྲུབ་པ་གསུང་རྡོ་རྗེ་འདོད་ཆགས་ཀྱི་མཚན་ཉིད་ཅན་མཆེད་པའི་གནས་སྐབས་ཤིན་ཏུ་དག་པར་གྲུབ་པ་ཡིན་ནོ། །དེ་ལྟར་ཡང་དགོངས་པ་ལུང་སྟོན་ལས། ཕུང་པོ་ལ་སོགས་མེད་དོན་ཚིག །མཉམ་མིན་གང་ཡིན་རྩུབ་ངག་སོགས། །དེ་དོན་རྣལ་འབྱོར་པས་བསླབས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། ཡང་། ནང་དང་དེ་བཞིན་ཕྱི་རོལ་དག །རྟེན་འབྱུང་གཉིས་སུ་སྟོན་པ་ནི། །དེ་ནི་རྫུན་སྨྲ་དགའ་བ་སྟེ། གནས་མེད་ལ་གནས་རྣལ་འབྱོར་རོ། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། གང་གིས་སྲོག་རླུང་ཟོས་པ་ན། །ཅིག་ཅར་འགྲོ་ཀུན་སྐད་ཀྱིས་ནི། །གང་དང་གང་ལ་དེ་དང་དེ། །མཐུན་པའི་ཆོས་སྟོན་བརྫུན་པའི་ཚིག །ཅེས་གསུངས་སོ། །ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་ཆོས་ཐམས་ཅད་ནི་བརྫུན་པ་སྒྱུ་མ་ལྟ་བུའོ། །ང་ཡང་དེ་བཞིན་དུ་སྟོན་པར་བྱེད་དེ། དེས་ན་ང་ནི་རྫུན་དུ་སྨྲ་བའོ། །ཞེས་གསུངས་སོ། །མ་བྱིན་པར་ལེན་པའི་སྒྲས་གསུངས་པའི་དགོངས་ཏེ་གསུས་པའི་དམ་ཚིག་ནི། ༢ ལུས་ཀྱི་ཐིག་ལེ་བཞི་རྣམས་གསང་གནས་སུ། །བྱང་ཆུབ་སེམས་གཟུགས་གཅིག་གྱུར་དེ་ཉིད་ཀྱི། །ཤ་ཆེན་བཟའ་བ་འདུ་བྱེད་ཕུང་པོ་ནི། །སྒྲིབ་བྲལ་བྱེད་པ་སྐུ་དང་། ཞེས་པ། འདུས་པར་རྡོ་རྗེ་གསུམ་གྱི་རིགས་གསུམ་པའི་དབང་དུ་མཛད་པ་བཅུ་གཉིས་དེའི་སྟེང་དུ་དང་པོའི་སངས་རྒྱས་ཀྱི་ཡེ་ཤེས་རྡོ་རྗེའི་དམ་ཚིག་བཞི་བསྣན་ནས་བཅུ་དྲུག་ཏུ་ཕྱག་རྡོར་གྱིས་གསུངས་ཏེ། འདི་ལྟར་འདུས་པའི་བཅུ་བདུན་པ་ལས། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཤ་ཆེན་རྟག་ཏུ་བཟའ་བྱ་སྟེ། །འདི་ནི་དམ་ཚིག་འདའ་དཀའ་བའོ། །ཞེས་སྐུ་རྡོ་རྗེའི་དམ་ཚིག་གསུངས་པ་ལ། ངེས་དོན་དུ་ནང་གི་དམ་ཚིག་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྐུའི་མཚན་ཉིད་སད་པའི་གནས་སྐབས་བསྐྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་པདྨར་སོན་པའོ། །དེ་ཉིད་རྣམ་པ་བཞི་སྟེ། སྐུའི་དགའ་བ་དང་། གསུང་གི་དགའ་བ་དང་། ཐུགས་ཀྱི་དགའ་བ་དང་། ཡེ་ཤེས་ཀྱི་དགའ་བའོ་ཞེས་པ། བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་སྐུའི་ཐིག་ལེའི་དམ་ཚིག་ཅེས་བརྗོད་དོ། །དམ་ཚིག་ནི་འདུས་པ་སྟེ། སྐུ་དང་གསུང་དང་། ཐུགས་དང་། ཡེ་ཤེས་རྡོ་རྗེ་རྣམ་གསང་བར་བྱང་ཆུབ་སེམས་ཀྱི་གཟུགས་ཀྱི་གཅིག་པ་ཉིད་དོ། །དེ་བཞིན་བསྲུངས་པས་ཤ་ཆེན་བཟའ་ཞེས་པར་འགྱུར་བའང་། ཤ་ཆེན་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། བཟའ་བ་ནི་སྒྲིབ་པ་མེད་པར་བྱེད་པའོ། །ཞེས་པ་ངེས་པའི་དོན་ཏེ། ཡེ་ཤེས་རྒྱ་མཚོ་སངས་རྒྱས་ནི་རྣལ་འབྱོར་པ་རྣམས་སོ། །དམ་ཚིག་མཆོག་ཅེས་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་བགྲོད་བྱ་མ་ཡིན་པའོ། །གསུང་ལ་ནི། ངག་གི་ཐིག་བཞི་ལྟེ་བར་གཅིག་གྱུར་པས། །བཤང་གཅི་བཟའ་བ་གཟུགས་ཕུང་སྒྲིབ་བྲལ་དང་། །ཞེས་པ། དེ་ནས་གསུང་རྡོ་རྗེའི་དམ་ཚིག་ནི། འགྱུར་མེད་ཆེན་པོ་གསུང་རྡོ་རྗེ། །དམ་ཚིག་ཆེན་པོ་བསྲུང་བར་བྱ། །བཤང་གཅི་རྟག་ཏུ་བཟའ་བྱ་སྟེ། །འདི་ནི་གསང་བ་རྨད་བྱུང་ཆེ། ཞེས་ཏེ། ངེས་དོན་ནི། བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུང་གི་མཚན་ཉིད་རྨི་ལམ་གྱི་གནས་སྐབས་བསྐྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བ་ལྟེ་བའི་པདྨར་སོན་པའོ། །དེ་ཡང་རྣམ་པ་བཞི་སྟེ། སྐུའི་མཆོག་དགའ་གསུང་གི་མཆོག་དགའ། ཐུགས་ཀྱི་མཆོག་དགའ། ཡེ་ཤེས་ཀྱི་མཆོག་དགའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་ནི་གསུང་གི་ཐིག་ལེའི་དམ་ཚིག་ཅེས་བརྗོད་དོ། །དམ་ཚིག་ནི་འདུས་པ་སྟེ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་ལྟེ་བར་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཀྱིས་གཅིག་པ་ཉིད་དོ། །དེས་ན་བཞི་པོ་དེ་བསྲུང་བར་བྱ་སྟེ། འགྱུར་མེད་གསུང་རྡོ་རྗེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འཛག་མེད་ཀྱི་བདེ་བ་ནི་སྐད་ཅིག་འགྱུར་བ་མེད་པས་ན་ཆེན་པོའོ། །གསུང་རྡོ་རྗེའི་ཐིག་ལེ་བསྲུང་པས་བཤང་གཅི་བཟའ་ཞེས་པ་ནི་གཟུགས་ཕུང་དང་། རྣམ་ཤེས་ཀྱི་ཕུང་པོ་སྒྲིབ་པ་མེད་པར་བྱེད་པའི་དོན་ཏོ། །གསང་བ་རྨད་བྱུང་ཞེས་པའང་བྱིས་པའི་རྣལ་འབྱོར་པའི་དབང་པོ་གཉིས་ཀྱི་བདེ་བ་ལས་ཕུལ་དུ་བྱུང་བའོ། །ཐུགས་ཀྱི་ཐིག་བཞི་སྙིང་གར་གཅིག་གྱུར་པས། །ཁུ་ཁྲག་བཟའ་བ་ཚོར་འདུ་སྒྲིབ་བྲལ་དུ། །བྱེད་པ་ཐུགས་ཀྱི་དམ་ཚིག་འདུས་པར་གསུངས། །ཞེས་པ། དེ་ནས་ཐུགས་རྡོ་རྗེའི་དམ་ཚིག་ནི། རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེས། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཁྲག་དང་ཁུ་བ་ཡང་དག་ལྡན། །བརཏལ་ཞུགས་བརྟན་པས་རྟག་ཏུ་བཟའ། །ཞེས་ཏེ། ངེས་དོན་ནི། བྱང་ཆུབ་སེམས་ཀྱི་ཐིག་ལེ་ཐུགས་ཀྱི་མཚན་ཉིད་གཉིད་ལོག་གི་གནས་སྐབས་བསྐྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བས། སྙིང་གའི་པདྨར་སོན་པའོ། །དེ་ཡང་རྣམ་པ་བཞི་སྟེ། སྐུའི་ཁྱད་དགའ། གསུང་གི་ཁྱད་དགའ། ཐུགས་ཀྱི་ཁྱད་དགའ། ཡེ་ཤེས་ཀྱི་ཁྱད་དགའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་ནི་ཐུགས་ཀྱི་དམ་ཚིག་ཅེས་བརྗོད་དོ། །དམ་ཚིག་ནི་འདུས་པ་སྟེ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་སྙིང་གར་བྱང་ཆུབ་སེམས་ཀྱི་ཐིག་ལེའི་གཟུགས་ཀྱི་གཅིག་པ་ཉིད་དོ། །རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེས། །ཞེས་པ་ནི། རྣལ་འབྱོར་ཡན་ལག་དྲུག་གི་རྣལ་འབྱོར་དང་ལྡན་པས་ཞེས་པའོ། །ཁྲག་དང་ཁུ་བ་བཟའ་བ་ནི་ཚོར་བ་དང་འདུ་ཤེས་སྒྲིབ་བྲལ་དུ་བྱེད་པའོ། །བརཏལ་ཞུགས་བརྟན་པས་ཞེས་པ་ནི་དུས་རྟག་ཏུ་ལས་ཀྱི་ཕྱག་རྒྱ་དང་འགྲོགས་ཀྱང་ཁུ་བ་མི་འཕོ་བའི་ཐུགས་རྡོ་རྗེའི་དམ་ཚིག་དང་ལྡན་པའི་དོན་ཏོ། །དེ་ལྟར་ན་འདུས་པར་རིགས་གསུམ་གྱི་དབང་དུ་བྱས་ནས་ཐིག་ལེ་གསུམ་གྱི་དམ་ཚིག་ལ་བཅུ་གཉིས་སུ་ཕྱེ་བ་ཡིན་ནོ། །དེ་སྟེང་ཡེ་ཤེས་ཐིག་བཞི་མགྲིན་པར་གཅིག །གོ་ཀུ་ད་ཧ་ན་བཟའ་མིག་སོགས་ལྔ། །ཁམས་དང་སྐྱེ་མཆེད་ཆོས་ཀུན་སྒྲིབ་བྲལ་དུ། །དག་པ་ཡེ་ཤེས་དམ་ཚིག་འདུས་འཁོར་དུའོ། །ཞེས་སོ། །རིགས་བཞི་བདག་ཉིད་དང་པོའི་སངས་རྒྱས་ལས་གསུངས་པ། མི་ཕྱེད་ལམ་ལ་གནས་པ་ཡི། །དམ་ཚིག་བཞི་པོ་བསྲུང་བར་བྱ། །གོ་ཀུ་ལ་སོགས་རྟག་ཏུ་བཟའ། །དམ་ཚིག་འདི་ནི་འདའ་བར་དཀའ། །ཞེས་ཏེ། ངེས་དོན་ནི། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་མཚན་ཉིད་བཞི་པའི་གནས་སྐབས་བསྐྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བ་མགྲིན་པའི་པདྨར་སོན་པའོ། །དེ་ཡང་རྣམ་པ་བཞི་སྟེ། སྐུའི་ལྷན་སྐྱེས། གསུང་དང་། ཐུགས་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་ནི་ཡེ་ཤེས་ཀྱི་ཐིག་ལེའི་དམ་ཚིག་ཅེས་བརྗོད་དོ། །དམ་ཚིག་ནི་འདུས་པ་སྟེ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་མགྲིན་པར་བྱང་ཆུབ་སེམས་ཀྱི་ཐིག་ལེའི་གཟུགས་ཀྱི་གཅིག་པ་ཉིད་དོ། །དེ་ལྟར་བཞི་པོ་དེ་བསྲུང་བར་བྱའོ། །སུས་ན། མི་ཕྱེད་ལམ་ཞེས་པ་དུ་བ་ལ་སོགས་པ་སྟོང་པ་ཉིད་ཀྱི་ལམ་ལ་གནས་པའི་རྣལ་འབྱོར་པས་སོ། །གོ་ཀུ་ལ་སོགས་པ་ཞེས་པ་དགོངས་པའི་སྐད་ཀྱིས། གོ་དང་པོའི་སྒྲས་མིག་གོ །དེ་བཞིན་དུ་ཀུ་རྣ་བ། ད་སྣ། ཧ་ལྕེ། ན་ལུས། སྦྲང་བུའི་སྐྱུགས་པ་ཡིད་ཀྱི་དབང་པོ་སྟེ། དེ་རྣམས་སྔར་བཞིན་བཟའ་འོ། །རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་པས་གཟུགས་སོགས་ཡུལ་དྲུག་དང་། མིག་གི་རྣམ་ཤེས་སོགས་རྣམ་པར་ཤེས་པ་དྲུག་པོ་རྣམས་ཀྱང་རྣལ་འབྱོར་པས་བཟའ་སྟེ། ཁམས་བཅོ་བརྒྱད་པོ་རྣམས་བཟའ་བ་ནི་ཡེ་ཤེས་ཀྱི་ཐིག་ལེའི་དམ་ཚིག་བཞི་རྟག་ཏུ་བསྲུང་བའོ། །སངས་རྒྱས་ཡེ་ཤེས་རང་སྟོབས་ཀྱིས་ལེན་ཕྱིར། །དེ་དག་མ་བྱིན་ལེན་དུ་བཞག་པ་ཡིན། །ཞེས་པ། བདེ་བ་ཆེན་པོའི་ཡེ་ཤེས་སམ། །སངས་རྒྱས་ཀྱི་ཡེ་ཤེས་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱས་པས། གཞན་རྐྱེན་གྱིས་མ་ཡིན་པའི་ཕྱིར་མ་བྱིན་ལེན་ཞེས་བྱ་སྟེ། དེ་ཉིད་དགོངས་པ་ལུང་སྟོན་ལས། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། །དེ་ནི་རྫས་སུ་ཤེས་བྱ་སྟེ། །དེ་འཕྲོག་ངང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། བཙུན་མོའི་ཁུ་བ་མ་བྱིན་པ། །རང་ལ་ཡོད་པའི་བུད་མེད་མཆོག །མ་བྱིན་བླང་གི་གཞན་དུ་མིན། །ཞེས་གསུངས་ལ། དེ་ནི་སོ་སོར་རང་གིས་རིག་པས་མ་རིག་པའི་མཚན་ཉིད་ཅན་གྱི་ཉེར་ཐོབ་ཀྱི་གནས་སྐབས་ཤིན་ཏུ་རྣམ་པར་དག་པའི་ཐུགས་རྡོ་རྗེ་སྟེ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལས་ཀྱང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཡིན་པ་དེ་བསྒྲུབ་པར་བྱ་བའི་དམ་པ་ཡིན་པས་རྫས་མཆོག་ལྟ་བུ་ཡིན་ནོ། །འདི་ནི་བདག་ལས་གཞན་པ་དེ་བཞིན་གཤེགས་པ་ལ་ཡང་མངའ་བ་ཡིན་ལ། དེ་ཡང་དག་པར་བླང་བའི་ཐབས་ཀྱིས་བདག་གི་རྒྱུད་ལ་སྐྱེད་པ་ལ་གཞན་གྱི་ནོར་འཕྲོག་པ་ཞེས་བཤད་ཅིང་། སོར་མོའི་འཕྲེང་བའི་མདོ་ལས་ཀྱང་། བདག་ནི་མ་བྱིན་ལེན་སྤོང་ཁྲིམས་མི་འཛིན། །གཞན་གྱི་ནོར་བརྐུའི་ཚུལ་ནི་རབ་ཏུ་འཛིན། །མ་བྱིན་པ་ནི་བྱང་ཆུབ་ལགས་ཞེས་བགྱི། །དེས་ནི་སུས་ཀྱང་སུ་ལའང་མ་སྩལ་ཏེ། །བྱང་ཆུབ་ཤིང་དྲུང་བཅོམ་ལྡན་བཞུགས་ནས་ཀྱང་། །ཁྱོད་ཀྱིས་བརྙེས་པ་མེད་ཅིང་བཤིག་པ་མེད། །དེ་ནི་ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །དེ་ནི་བླ་ན་མེད་པའི་ཆོས་ལགས་སོ། །ཞེས་གསུངས་སོ། །དེ་ཉིད་དགྱེས་པའི་རྡོ་རྗེར། རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར། །དམ་ཚིག་སེམས་དཔར་བརྗོད་པར་བྱ། །ཞེས་པའི་འགྲེལ་པར་ནཱ་རོ་པས་གསུངས་པ། ཤེས་རབ་དང་འོ་བྱེད་པ་ནི་དགའ་བའི་སྐད་ཅིག་ཡིན་ཏེ། དེ་ནི་སྐུའི་དམ་ཚིག་གོ །དགའ་བའི་རང་བཞིན་ལས་པདྨར་རྡོ་རྗེ་རབ་ཏུ་གཞུག་པ་ནི་མཆོག་དགའི་སྐད་ཅིག་ཡིན་ཏེ། དེ་ཉིད་གསུང་གི་དམ་ཚིག་གོ །མཆོག་ཏུ་དགའ་བའི་སྐད་ཅིག་ལས་པདྨར་རྡོ་རྗེ་སད་པ་ནི་ཁྱད་པར་གྱི་དགའ་བ་ཡིན་ཏེ། དེ་ནི་ཐུགས་ཀྱི་དམ་ཚིག་གོ །ཁྱད་པར་གྱི་དགའ་བའི་སྐད་ཅིག་ལས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུར་སོན་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་སྟེ། དེ་ནི་ཡེ་ཤེས་ཀྱི་དམ་ཚིག་གོ །ཞེས་གསུངས་སོ། །དངོས་གྲུབ་རྒྱུ་དང་དམ་ཚིག་རྣམས་བསྐྱང་དང་། །རིགས་གཞན་ཕོ་ཉར་མི་འགྲོ་གཉིས་མེད་དང་། །དམ་ཚིག་རྣམས་སྤྱོད་ཐོགས་པ་མེད་པ་དང་། །མི་མོའི་སྤྱོད་བསྲུབ་ཚངས་པར་སྤྱོད་པའི་ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་རྣམ་པ་བརྒྱད། །བདེ་མཆོག་ལས་གསུངས་ངེས་དོན་དེ་དབྱེ་ཡིན། །ཞེས་པ། བདེ་མཆོག་རྩ་བའི་རྒྱུད་ལས། ངེས་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ནི་བསྐྱང་བ་དང་། །རིགས་གཞན་ལས་བྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །གཉིས་མེད་ཐོགས་པ་མེད་པ་དང་། །དམ་ཚིག་རྣམས་ཀྱིས་སྤྱོད་པ་དང་། །མི་མོའི་སྤྱོད་པ་ལེགས་པར་བསྲུབ། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་དོ། །ཞེས་གསུངས་ལ། དེ་ཉིད་ཀྱི་འགྲེལ་པ་ཕྱག་རྡོར་སྟོད་འགྲེལ་ལས། འདིར་དམ་ཚིག་ནི་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་ལ་ཕྱིའི་ནི་ཕྱི་རོལ་ལ་འཇིག་རྟེན་པ་འཇུག་པའི་དོན་ཏོ། །ནང་གི་བདག་ཉིད་ནི་ནང་དུ་ཡེ་ཤེས་འཇུག་པའི་དོན་ཏེ། འདིར་ཕྱི་རོལ་ལ་འཇིག་རྟེན་པ་འཇུག་པས་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཏེ། ཕྱི་རོལ་གྱི་དམ་ཚིག་བསྲུང་བ་ལས་སོ། །ནང་གི་བདག་ཉིད་ཡེ་ཤེས་འཇུག་པས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ནང་གི་བདག་ཉིད་ཀྱི་དམ་ཚིག་བསྲུངས་པས་སོ། །དེའི་ཕྱིར་འདིར་ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་དམ་ཚིག་རྣམས་རྒྱུད་དང་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །ཞེས་གསུངས་པ་དེའི་ངེས་པའི་དོན་བརྗོད་པར་བྱའོ། །ངེས་པར་དངོས་གྲུབ་རྣམས་ཀྱི་ཞེས་པ། འདིར་དངོས་གྲུབ་རྣམས་ནི་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། གསུམ་པོ་དེ་རྣམས་ཀྱི་རྒྱུ་ནི་ངེས་པར་བྱང་ཆུབ་ཀྱི་སེམས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའོ། །ཞེས་པ་དམ་ཚིག་དང་པོའོ། །དམ་ཚིག་རྣམས་ནི་བསྐྱང་བར་བྱ། །ཞེས་པ་དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་པོ་རྣམས་ཏེ། དེ་རྣམས་སྔར་བརྗོད་པའི་ཆོ་གས་མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བར་འོངས་པ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ། དགའ་བ་བཅུ་དྲུག་གི་བདག་ཉིད་ཅན་དེ་རྣམས་སོ། །དེ་རྣམས་བསྐྱང་བ་ནི་བསྲུང་བ་སྟེ་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་གཉིས་པའོ། །རིགས་གཞན་ལས་བྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །ཞེས་པ་འདིར། རིགས་ལྡན་མ་དོར་ནས། ཕྱི་རོལ་གྱི་དངོས་གྲུབ་ཀྱི་དོན་དུ་མཁའ་འགྲོ་མ་ལ་སོགས་པ་དེ་བཞིན་གཤེགས་པ་གཞན་གྱི་རིགས་ལས་བྱུང་བ་སྒོམ་པར་མི་བྱའོ། །ཞེས་པ་ངེས་པའི་དོན་ཏེ། དམ་ཚིག་གསུམ་པའོ། །གཉིས་མེད་ཅེས་པ་ཐིག་ལེ་བཞིའི་དམ་ཚིག་རྣམས་ཉའི་མཐར་གཉིས་སུ་མེད་པར་བྱེད་པ་སྟེ། དམ་ཚིག་བཞི་པའོ། །ཐོགས་པ་མེད་པ་དང་ཞེས་པ། དང་ཡིག་ལས། ཐིག་ལེ་བཞིའི་དམ་ཚིག་རྣམས་ཀྱི་སྤྱོད་པ་དགའ་བ་བཅུ་དྲུག་གི་རང་བཞིན་ཐོགས་པ་མེད་པ་ནག་པོའི་ཕྱོགས་ལ་མ་ཞུགས་པའོ། །ཞེས་པ་སྟེ་དམ་ཚིག་ལྔ་པའོ། །མི་མོའི་སྤྱོད་པ་ལེགས་པར་བསྲུབ། །ཅེས་པ་མི་མོ་ནི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་བཟང་མོའོ། །དེའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་བྱ་བ་རྣམ་པ་དུ་མ་སྟེ། ལེགས་པར་བསྲུབ་པ་ནི་བདེ་བའི་སེམས་ཀྱིས་རྟག་ཏུ་སྤྱོད་པའོ། །ཞེས་པ་དམ་ཚིག་དྲུག་པའོ། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །ཞེས་པ། འདིར་ཞལ་ནི་རྡོ་རྗེའི་སྒོ་སྟེ། རྟག་ཏུ་འཕོ་བ་མེད་པའི་ཚུལ་ཁྲིམས་ཞེས་པ་དམ་ཚིག་བདུན་པའོ། །འདྲེན་པ་རྩ་ཡི་ཀུན་སྤྱོད་དེ། །ཞེས་པའི་འོག་ཏུ་སོན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས། རྩའི་ཀུན་ཏུ་སྤྱོད་པ་ཨ་བ་དྷཱུ་ཏཱི་མཁའ་འགྲོ་གདོང་ཀུན་ཏུ་སྤྱོད་པར་སོན་པ་རྣམས་རྡོ་རྗེ་ནོར་བུ་ལས་འདྲེན་པ་ནི་འགུགས་པ་སྟེ། གསང་བ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་དུ་ལྟེ་བ་ནས་ལྟེ་བའི་ཀུན་ཏུ་སྤྱོད་ལ་ཁུ་བ་སྟེང་དུ་བགྲོད་པའོ། །ཞེས་པ་དམ་ཚིག་བརྒྱད་པའོ། །དེ་ལྟར་དམ་ཚིག་བརྒྱད་པོ་འདི་རྣམས་གང་ཞིག་ངེས་པར་དུས་ཐམས་ཅད་དུ་སྐྱོང་བར་བྱེད་པ་སྟེ། མྱུར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །གཞན་གྱི་བུད་མེད་བསྟེན་པའི་སྒྲས་གསུངས་པའི་དགོངས་ཏེ་བཤད་པའི་དམ་ཚིག་ནི། ༤ རྣམ་ཀུན་སྟོང་ཉིད་རྡོར་སེམས་བུད་མེད་དེ། །མི་འགྱུར་བདེ་བ་རྙེད་པ་དེ་ལ་སྦྱོར། །གཞན་གྱི་བུད་མེད་བསྟེན་གསུངས་དགོངས་པའི་དོན། །ཞེས་པ། གཞན་ནི་རྡོ་རྗེ་སེམས་དཔའ། དེའི་བུད་མེད་ཡིན་པས་སམ། གཞན་གྱི་སྒྲ་པ་ར་ཞེས་པ་མཆོག་ལ་ཡང་འཇུག་པས། བུད་མེད་ཀྱི་མཆོག་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ། མཚན་གྱི་རྣམ་པ་དམིགས་པ་དང་བཅས་པའི་ཤེས་རབ་མ་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དམ་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་ཡིན་ཏེ། དེ་ལ་ཁུ་བའི་ཐིག་ལེ་མ་ལྷུང་བ་ལས་བདེ་བར་གྱུར་པ་གང་ཡིན་པ་དེ་སྦྱོར་བ་སྟེ། དེ་དང་དེ་གཅིག་ཏུ་འདྲེས་པར་གྱུར་པ་ཟུང་དུ་འཇུག་པའི་གནས་ལ་དགོངས་ནས་གཞན་གྱི་བུད་མེད་བསྟེན་པར་གསུངས་པ་ཡིན་ནོ། །དེ་ལས་ཐམས་ཅད་སྟོང་པ་འོད་གསལ་བའི་མཚན་ཉིད་ཅན་གྱི་མངོན་པར་བྱང་ཆུབ་པ་ཐོབ་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་དང་། སྒྲུབ་ཐབས་ཀྱི་ལེའུ་ལས། ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་བ་ཆགས་བྲལ་མིན་ལས་གཞན་གྱི་བུད་མེད་བསྟེན་པའོ། །ཞེས་པའི་འགྲེལ་ཆེན་ལས། ཁུ་བའི་ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་བ་གང་ཡིན་པ་དེ་ནི་གཞན་གྱི་བུད་མེད་བསྟེན་པའོ། །གཞན་གྱི་བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། འཁོར་བའི་ཕ་རོལ་ཏུ་སོན་མའོ། །གཞན་ནི་རྡོ་རྗེ་སེམས་དཔའ་སྟེ། འཁོར་བའི་ཕ་རོལ་ཏུ་སོན་པའོ། །དེའི་བུད་མེད་ནི་གཞན་གྱི་བུད་མེད་དེ། རྣལ་འབྱོར་པ་རྣམས་ཀྱིས་ཆགས་བྲལ་མིན་པ་ལས་ཞེས་པ། མི་འགྱུར་པའི་བདེ་བ་ལས་དེ་བསྟེན་པའོ། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཕ་རོལ་བུད་མེད་བསྟེན་པ་ཡང་། །རྡོ་རྗེ་སེམས་སོགས་གཞན་བུད་མེད། །མཆོག་ཏུ་བསྟེན་གྱི་གཞན་དུ་ན། །དྲི་མ་རབ་ལྡན་མི་མོ་མིན། །ཞེས་དང་། དགོངས་པ་ལུང་སྟོན་ལས། གང་ཞིག་དེ་ཉིད་དངོས་གཅིག་པ། །དེ་བཞིན་ཉིད་ལ་རྟག་སྦྱོར་བ། །སེམས་ཅན་དེ་དེ་འདོད་ལ་དགའ། །སྒྲུབ་པ་མཆོག་ལ་དམ་པར་འགྱུར། །ཞེས་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལས། ཡང་དག་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཚུལ་གྱིས་གཉིས་སུ་མེད་ཅིང་རོ་གཅིག་པར་རྟག་ཏུ་སྦྱོར་བ་ནི། འདོད་པའི་དམ་པ་སྟེ། དེ་ལྟ་བུ་ལ་དགའ་བ་ནི་འདོད་པ་ལ་དགའ་བ་ཞེས་བྱ་བར་བཤད་དོ། །སྟོང་ཉིད་དང་ནི་འགྱུར་མེད་བདེ་བ་ཡིན། །དམ་ཚིག་གཉིས་སམ་ཟུང་འཇུག་དམ་ཚིག་ཏུ། །སྔགས་ཀྱི་དམ་ཚིག་སྡོམ་པ་ཐམས་ཅད་བསྡུས། །སངས་རྒྱས་ས་ཡང་དམ་ཚིག་ཆེན་པོར་གསུངས། །ཞེས་པར་མདོར་བསྡུ་ན་ཐབས་བདེ་བ་ཆེན་པོ་དོན་དམ་པའི་དམ་ཚིག ཤེས་རབ་རྣམ་བཅས་ཀུན་རྫོབ་པའི་དམ་ཚིག་གཉིས་སུ་འདུ་ལ། དེ་ལ་ཐབས་ནི་རྣམ་རྟོག་བསྒོམ་པ་ལས་འདས་པ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དང་། ཕྱག་རྒྱ་ཆེན་པོའི་རང་བཞིན་བཅོས་མ་མ་ཡིན་པའི་ཕྱིར་མི་འགྱུར་བའི་བདེ་བ་ཡིན་པ་དང་། གཟུང་འཛིན་གྱི་མཚན་མ་དང་དབྱིབས་ལ་སོགས་པའི་རིག་བཅས་དང་། སེལ་བའི་མཚན་ཉིད་ཅན་གྱི་རྟོག་པ་དང་། སྒྲས་བརྗོད་པ་རྣམ་པར་སྤངས་པའི་ཁྱད་པར་དང་ལྡན་པ་ཡིན་ལ། ཤེས་རབ་ནི་སེམས་ཀྱི་སྣང་བ་ཙམ་ཡིན་པས་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ། ཁམས་ཀྱི་རྐྱེན་ཅན་གྱི་སྣང་བ་ཡིན་པས་པྲ་ཕབ་པའི་རྣམ་པ་ཅན། རིག་བཅས་མ་ཡིན་པས་རྣམ་པ་ཀུན་མཆོག་མ། མི་འགྱུར་བའི་བདེ་བ་སྟེར་བས་ཕྱག་རྒྱ་ཆེན་མོ་སྟེ། དགྱེས་པའི་རྡོ་རྗེ་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་དུ་ནི་ཆུ་ཟླ་བཞིན། །འདོད་པས་རྣལ་འབྱོར་མ་ཤེས་གྱིས། །ཞེས་གསུངས་སོ། །ཐབས་ཤེས་དེ་གཉིས་གཅིག་ཏུ་གྱུར་པའི་ཟུང་འཇུག་ཨེ་ཝྃ་གི་སྡོམ་པ། འདི་ཉིད་སྔགས་ཀྱི་སྡོམ་པའི་ངོ་ཏི་ཡིན་པས་སངས་རྒྱས་རྣམས་མིང་དང་ཚིག་སྣ་ཚོགས་ཀྱིས་གདུལ་བྱ་གནས་འདི་ཁོ་ན་ལ་བཀྲི་བར་མཛད་པས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཨེ་ཝྃ་གི་སྡོམ་པ་ཡང་རྒྱུའི་གནས་སྐབས་དང་འབྲས་བུའི་གནས་སྐབས་གཉིས་ཀར་འཇུག་པའི་ཕྱིར་སངས་རྒྱས་ཀྱི་ས་ཡང་དམ་ཚིག་ཆེན་པོར་གསུངས་ཏེ། ཟླ་བ་གྲགས་པའི་སྒྲོན་གསལ་དུ། དོན་དམ་པ་ནི་འོད་གསལ་བའོ། །དེས་དག་པས་དོན་དམ་པའི་དག་པ་སྟེ། དོན་དམ་པའི་དག་པ་ཡང་ཡིན་ལ། དེ་ཁོ་ན་ཉིད་ཀྱི་དོན་ཡང་ཡིན་པས་ན་རྡོ་རྗེ་འཆང་སྟེ། དེ་ཉིད་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གོ །ཞེས་དང་། འདུས་པ་ཕྱི་མ་ལས། འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །ཞེས་དང་། མཚན་བརྗོད་ལས། འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཅེས་གསུངས་སོ། །དེ་ཡང་། དག་པ་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་གཅིག་ཏུ་བསྡོམ་པ་རྒྱལ་བ་མཆོག་གི་འདུས་པ་དག་པའི་རྣལ་འབྱོར་དང་། ཐུགས་དང་ཆོས་ཀྱི་སྐུ་གཅིག་ཏུ་བསྡོམ་པ་རྒྱལ་བ་མཆོག་གི་འདུས་པ་སྟེ་ཆོས་ཀྱི་རྣལ་འབྱོར་དང་། གསུང་དང་ལོངས་སྤྱོད་རྫོགས་པ་གཅིག་ཏུ་བསྡོམ་པ་རྒྱལ་བ་མཆོག་གི་འདུས་པ་སྔགས་ཀྱི་རྣལ་འབྱོར་དང་། སྲིད་གསུམ་གྱི་མཆེད་སྐུ་དང་སྤྲུལ་པ་གཅིག་ཏུ་བསྡོམ་པ་རྒྱལ་བ་མཆོག་གི་འདུས་པ་དབྱིབས་ཀྱི་རྣལ་འབྱོར་སྟེ། ས་མ་ཡ་འདུས་པའམ་ཚོགས་པ་ལ་འཇུག་པའི་དོན་གྱིས་སོ། །དེ་ལྟར་སྡོམ་བྱུང་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་དང་ཐུགས་གྱི་ལས། །རྣམ་ཀུན་མཆོག་ཏུ་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་གསུངས་སོ། །དམ་ཚིག་གི་སྒྲ་དོན་ལས་ཀྱང་། །ས་མ་ཡ་ཞེས་པ་ནི། ཨ་ཡ་འགྲོ་བ་ལའོ། །ཞེས་པའི་བྱིངས་ལ་ཉེར་བསྒྱུར་སམ་སྔོན་དུ་བཞག་པ་ཡིན་པ་ལས། ས་མ་ཞེས་པའང་། ཡང་དག་པ་དང་། བདེ་བ་དང་། ཀུན་ཏུ་དང་། རྫོགས་པ་ཞེས་སོགས་དུ་མ་ལ་འཇུག་པའོ། །དེའི་ཕྱིར་རྒྱ་མཚོའི་ཆུ་བཞིན་ཉེར་བསྒྱུར་དབང་བཙན་པར་བྱས་ནས་ཡང་དག་པའི་བདེ་བ་ཀུན་རྫོགས་པ་ཞེས་བྱ་སྟེ། འདིར་མི་འགྱུར་བའི་བདེ་བ་རྫོགས་པའོ། །ཡང་བྱིངས་དང་སྦྱར་ན། ས་མ་ཡ་རྟོགས་པ་ཞེས་པས་མཐོང་བའི་ལམ་གྱི་སྔར་བྱུང་བ་ཡན་ཆད་དོ། །རྒྱས་པར། ས་མ་ཡ་མཉམ་ཇི་བཞིན་སྤྱོད། །གྲུབ་པའི་མཐའ་དང་ཕུན་སུམ་ཚོགས། །ཁྲིམས་བཅའ་གཞན་ཡང་རྒྱས་པར་བསྟན། །བརྡ་དང་དུས་དང་སྐད་རྣམས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་བཤད་དོ། །སྟོང་ཉིད་དམ་ཚིག་ཀུན་རྫོབ་དབང་བྱས་དང་། །དོན་དམ་འགྱུར་མེད་ཟུང་འཇུག་དོན་གཅིག་ཏུ། །ཤེས་པས་མ་ཡེངས་ལམ་གྱིས་དེ་བསྒྲུབ་པ། །སྔགས་ཀྱི་དམ་ཚིག་ཀུན་གྱི་རྩ་བ་ཡིན། །དེ་ཕྱིར་རང་སེམས་འདུལ་བ་རྒྱལ་བས་ཀྱང་། །འདུལ་བའི་ཆོས་ཀྱི་ཉིང་ཁུ་ཡིན་པར་གསུངས། །མཉམ་པར་བཞག་པའི་དམ་ཚིག་དེར་ཤེས་བྱ། །ཞེས་པ། དེ་ལྟ་བུའི་དམ་ཚིག་བསྲུང་བའི་ཚུལ་ཡང་། རྡོ་རྗེ་འཕྲེང་བར། སྡོམ་པ་སྲུང་བར་བྱེད་པ་གང་། །དེ་ནི་བྱང་ཆུབ་སེམས་ཞེས་བརྗོད། །རྡོ་རྗེའི་རྩེ་མོར་སེམས་འཛིན་པ། །དེ་ནི་བསྲུང་བ་ཞེས་སུ་བསྒྲགས། །ཞེས་དང་། འདུས་པར། དམ་ཚིག་ཁུ་དབྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པའི་དོན་བཤད་རྒྱུད་དགོངས་པ་ལུང་སྟོན་ལས། དམ་ཚིག་རྗེས་དྲན་རྣམས་ཀྱི་ནི། །ཚངས་པའི་ཐིག་ལེ་ཤིན་ཏུ་དབྱུང་། །དངོས་མེད་གཅིག་ཏུ་སྦྱོར་བ་ཡིས། །མཁས་པས་ཆོ་ག་ཤིན་ཏུ་བཏུང་། །དེ་བཞིན་གཤེགས་ཚོགས་ཆེ་བ་ནི། །དངོས་མེད་ཅེས་བྱ་བསད་པ་སྟེ། །བློ་དང་ལྡན་པས་འདི་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། བདེ་མཆོག་རྩ་རྒྱུད་ལས་ཀྱང་། མིང་མེད་མཐེ་བོང་རྩེ་སྦྱར་བ། །རྣལ་འབྱོར་རིག་པས་རྟག་ཏུ་བཏུང་། །ཟླ་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་དང་། དཔལ་ལྡན་རྒྱུད་དུ། དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱི་བདེ་མཉམ་འབྲས་སྟེར་ཁྱབ་བདག་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱ། །ཞེས་དང་། འདུས་པ་རྩ་བའི་རྒྱུད་དུ་ཡང་། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་སོན་པ་བལྟ། །རྒྱུ་མཐུན་ལ་སོགས་བདེ་བ་རྫོགས། །དྲི་མ་མེད་པའི་བར་དུ་བསྒོམ། །ཞེས་གསུངས་ཤིང་། བྱང་ཆུབ་ཀྱི་སེམས་གང་གིས་བསྲུང་བའི་གནས་དེ་ཡང་བདེ་མཆོག་རྩ་རྒྱུད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་གསུངས་ཤིང་། ཡིད་ནང་དུ་ཆུད་པ་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལ་བྱ་སྟེ། དེ་ཉིད་རྗེ་བཙུན་ཏི་ལོ་པས། །ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏི་ལི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཅེས་སམ། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབས་བཞག །ཅེས་གསུངས་ཤིང་། རང་བབས་སམ། མ་བཅོས་པའམ། མ་ཡེངས་པ་ཞེས་མིང་གི་རྣམ་གྲངས་སུ་བྱས་པ་དེ་ཉིད་གསལ་བར། རྗེ་བཙུན་མཻ་ཏྲི་པས་དབང་བསྐུར་ངེས་བསྟན་དུ། གཉེན་པོའི་ཕྱོགས་ལ་མི་གནས་ཤིང་། །དེ་ཉིད་ལ་ཡང་ཆགས་མིན་གང་། །གང་གིས་འབྲས་བུ་མི་འདོད་པ། །དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཞེས་གསུངས། དེ་ཕྱིར་མ་བཅོས་པའི་རིམ་པ་དེ་ལ་གནས་ནས། སེམས་འདུལ་བ་ཉིད་བཅོམ་ལྡན་འདས་ཀྱི་འདུལ་བའི་བསྟན་པ་ལ་གནས་པ་ཞེས་བྱའི། ཁ་ན་མ་ཐོ་བ་ཆེན་པོ་ལ་འཛེམ་བག་མེད་པར་ཆབ་བླང་པ་ལྟ་བུའི་བསླབ་པ་ཕྲན་ཚེགས་ལ་ནན་ཏན་བྱེད་པ་ཙམ་ཞིག་གིས་འདུལ་བར་གནས་པར་སྨྲ་བ་ནི་བཞད་གད་ཀྱི་གནས་སོ། །འོ་ན། བཅོམ་ལྡན་འདས་ཀྱི་སེམས་མ་བཅོས་པ་གཅིག་པུ་བསྟན་པས་ཆོག་མོད། བསླབ་པར་བྱ་བ་མང་པོས་ཅི་ཞིག་བྱ་ཞེ་ན། ཉོན་མོངས་པ་དུ་མས་རྒྱུད་དཀྲུགས་པས་སེམས་མ་བཅོས་པ་ཤེས་པར་མི་ནུས་པ་དག་ལ་ཐབས་ལ་མཁས་པས་རགས་པ་བསྡམས་ནས། གདོད་ཀྱི་ཕྲ་བ་ལ་གཞུག་པའི་ཕྱིར་དུ་བསླབ་ཚིགས་མང་པོ་གསུངས་ཀྱི། སེམས་དང་པོ་ཉིད་ནས་གཡོ་མེད་དུ་འཆིང་ནུས་པའི་སྐལ་བ་ཅན་འབའ་ཞིག་ན་བསླབ་པར་བྱ་བ་གཅིག་པུ་འདི་གསུངས་ལ། གཞན་གསུང་མི་དགོས་ཏེ། བདེ་བ་ཅན་དང་མངོན་པར་དགའ་བའི་སྟོན་པ་བཞིན་ནོ། །ཞིང་འདིར་ཡང་ཉོན་མོངས་ཤས་ཆུང་ངུ་འབའ་ཞིག་ཚོགས་པའི་ཚེ་སོ་སོ་ཐར་པ་ཡང་བསྡུས་པ་ཙམ་ཞིག་ལས་མ་གསུངས་ལ། གདུལ་བྱ་ཉོན་མོངས་པ་ཤས་ཆེན་པོ་དག་བསྟན་པ་ལ་ཞུགས་པ་ནས་སོ་སོ་ཐར་པ་ཡང་རྒྱས་པ་བསྟན་པ་ཡིན་ནོ། །དེའི་ཕྱིར་སྔགས་ཀྱི་དམ་ཚིག་ཅེས་པ་རྩ་ལྟུང་ཡན་ལག་དང་བཅས་པ་འགའ་ཞིག་ལ་བཟུང་ནས་བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་གསུངས་པའི་ངེས་པའི་གནས་འདི་ལ་བཏགས་པ་བར་འདོད་པ་ནི་མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན་པའི་དཔེས་ལེགས་པར་བཤད་མ་བཤད་ཤེས་པར་འགྱུར་རོ། །ཡང་། རྣམ་པར་དཔྱད་པའི་སྟོང་པ་ཉིད་ཙམ་དང་རྟོག་པའི་སྒོམ་པ་ལ་ནན་གྱིས་འཁྲིད་ཅིང་ཇི་སྐད་བཤད་པའི་མ་བཅོས་པ་ལ་སྙིང་ནས་འཁུ་བ་ནི་བདུད་ཀྱི་སྒྱུ་མ་སྟེ། དེ་ཁོ་ན་ཉིད་ལ་མངོན་སུམ་དུ་བཞུགས་པ་མེད་པ་ན་སངས་རྒྱས་མེད་ལ། དེ་ཁོ་ན་ཉིད་ལ་དངོས་སུ་འཇུག་པ་ནི་སྔར་བཤད་པའི་མ་བཅོས་པ་ཉིད་ལས་གཞན་པའི་ལམ་ལ་མཐུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་འཇམ་དཔལ་གྱིས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་དང་། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་དང་ནག་པོ་སྤྱོད་པས། རྣམ་མི་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་རྟོག་བཅས་ལས་ཀྱང་། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །མཁས་པ་རྣམས་ནི་འགྱུར་བ་ཉིད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། རྒྱུ་འདྲར་དེ་ལས་སྐྱེ་བ་ཡི། །འབྲས་བུ་ཐམས་ཅད་དུ་མཐོང་གི །ཀོ་ཊ་པ་ཡི་ས་བོན་ལས། སཱ་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །ཞེས་གསུངས་སོ། །བཞི་པ་རྗེས་སྤྱོད་ཀྱི་དམ་ཚིག་ནི། །དུས་ཀྱི་འཁོར་ལོ་ལས་གསུངས་པའི་བརཏལ་ཞུགས་ཉེར་ལྔ་ནི། འཚེ་དང་མི་བདེན་གཞན་ནོར་གཞན་བུད་མེད། །མྱོས་པར་ཆང་འཐུང་ལྔ་དང་ཆོ་ལོ་རྩེ། །ཁ་ན་མ་ཐོའི་ཟས་ཟ་ཚིག་ངན་དང་། །འབྱུང་པོ་དང་ནི་ལྷ་མིན་ཆོས་ཀློག་དང་། །བ་ལང་བྱིས་པ་བུད་མེད་སྐྱེས་པ་དང་། །ལྷ་མིའི་བླ་མ་གསོད་ལྔ་གྲོགས་དང་རྗེ། །སངས་རྒྱས་དགེ་འདུན་ཡིད་བརྟན་བླ་མར་འཁུ། །ལྔ་དང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔར། །ཆགས་རྣམས་མི་བྱེད་བརཏལ་ཞུགས་ཉེར་ལྔ་ཡིན། །ཞེས་པ། གཞན་ལ་འཚེ་བ་དང་། མི་བདེན་པར་སྨྲ་བ་དང་། གཞན་གྱི་བུད་མེད་ལ་བགྲོད་པ་དང་། །གཞན་ནོར་འཕྲོག་པ་དང་། ཆང་བཏུང་བ་རྣམས་ནི་ལྷག་པའི་སྡིག་པ་ལྔ་ཞེས་བྱའོ། །ཆོ་ལོ་རྩེ་བ་དང་། ཁ་ན་མཐོ་བ་དང་བཅས་པའི་ཤ་ཟ་བ་དང་། ཚིག་ངན་པ་དམག་ལྟ་བུ་ལ་སོགས་པའི་གཏམ་བརྗོད་པ་དང་། འབྱུང་པོའི་ཆོས་མུ་སྟེགས་བྱེད་དང་། ལྷ་མིན་གྱི་ཆོས་ཀླ་ཀློ་སྟེ་དེ་དག་གི་ཆོས་ཀློག་པ་སྟེ་ལྔ་ནི་ཉེ་བའི་སྡིག་པའོ། །བ་ལང་དང་། བྱིས་པ་དང་། བུད་མེད་དང་། སྐྱེས་པ་དང་། ལྷ་མིའི་བླ་མ་ཞེས་པ་བསླབ་ཚིགས་དང་ལྡན་པའི་གང་ཟག་གསོད་པ་དང། སྐུ་གཟུགས་སོགས་བཤིག་པ་སྟེ་དེ་ལྟར་གསོད་པ་ལྔའོ། །གྲོགས་དང་། རྗེ་བོ་དང་། སངས་རྒྱས་དང་། དགེ་འདུན་དང་། ཡིད་བརྟན་པའི་གནས་བླ་མར་འཁུ་བ་ནི་འཁུ་བ་ལྔའོ། །གཟུགས་སྒྲ་དྲི་་རོརེག་བྱ་ལ་ཆགས་པ་ནི་དབང་པོ་ལྔ་ལ་མངོན་པར་ཞེན་པའི་ཆགས་པ་ལྔའོ། །དེ་དག་ངེས་པར་སྤང་བར་གསུངས་པའི་བརཏལ་ཞུགས་ཉི་ཤུ་རྩ་ལྔ་སྟེ། དཔལ་ལྡན་རྒྱུད་དུ། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ །གང་ཞིག་གང་གི་དུས་སུ་འབྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་ནི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང་། །དབང་པོ་རྣམས་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོ་དག་གི་བརཏལ་ཞུགས་ཉི་ཤུ་ལྔ། །ཞེས་གསུངས་སོ། །བདེ་མཆོག་མངོན་བརྗོད་བླ་མ་ལས་གསུངས་པ་ནི། རྒྱུན་གྱི་བྱ་དང་མཆོད་པའི་དེ་ཉིད་དང་། གསང་སྦ་རིག་པའི་ཕོ་ཉ་སྔགས་བཟླ་དང་། །ཞིང་ལ་གུས་དང་སྤྱོད་པའི་བརཏལ་ཞུགས་དང་། །ཐོས་བསམ་དང་ནི་སྒྲུབ་པོ་བྱིན་བརླབ་དགུ །མངོན་བརྗོད་བླ་མར་རྒྱས་གསུངས། ཞེས་པ། རྒྱུན་གྱི་བྱ་བའི་སྤྱོད་པ་ནི། ནང་པར་ལངས་ནས། ཞེས་སོགས་སོ། །མཆོད་པའི་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་ནི། དེ་ལྟར་རྟག་ཏུ་མཆོད་བྱས་ནས། །ཞེས་སོགས་སོ། །གསང་ཞིང་སྦ་བའི་སྤྱོད་པ་ནི། ཟླ་བའི་འདུས་པ། ཞེས་སོགས་སོ། །རིག་པའི་ཕོ་ཉའི་སྤྱོད་པ་ནི། ཕོ་ཉ་མ་གཏོགས། ཞེས་སོགས་སོ། །སྔགས་ཀྱི་བཟླས་པའི་སྤྱོད་པ་ནི། །དྲན་པ་དང་ནི་ཡང་དག་ལྡན། །ཞེས་སོགས་སོ། །ཞིང་ལ་གུས་པའི་སྤྱོད་པ་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །ཞེས་སོགས་སོ། །སྤྱོད་པའི་བརཏལ་ཞུགས་ཀྱི་སྤྱོད་ནི། ཕྱག་རྒྱ་ལྔ་ནི་རྟག་ཏུ་བཅང་། །ཞེས་སོགས་སོ། །ཀློག་པ་ཐོས་བསམ་གྱི་སྤྱོད་པ་ནི། རས་རིས་དང་ནི། ཞེས་སོགས་སོ། །སྒྲུབ་པ་བརྟན་པོར་བྱིན་གྱིས་རློབ་པའི་སྤྱོད་པ་ནི། བཟའ་དང་སྤྱོད་པ་ཐམས་ཅད་ནི། །ཞེས་སོགས་རྒྱས་པར་རྒྱུད་དེ་ཉིད་དུ་ཤེས་པར་བྱའོ། །གུར་ལས་གསུངས་པ་ནི། གུར་ལས་ཀྱང་། དཀོན་མཆོག་མི་སྤང་དམ་ཚིག་རྟག་ཏུ་སྤྱད། །རྡོར་དྲིལ་གཙུག་ཏོར་བཅང་དང་སྦྱིན་སྲེག་དང་། །དཀྱིལ་འཁོར་བཞེད་དང་རབ་གནས་གཏོར་མ་སྟེར། །སྔགས་བཟླ་བརཏལ་ཞུགས་དམ་ཚིག་སེམས་ཅན་སྐྱོང་། །སངས་རྒྱས་མཆོད་དང་ཛམ་ལར་ཆུ་སྦྱིན་དང་། །དགེ་ལས་ཚ་ཚ་འདེབས་པ་བཅུ་བཞིར་གསུངས། །ཞེས་པ། བྱང་ཆུབ་ཀྱི་བར་དཀོན་མཆོག་གསུམ་མི་སྤང་བ་དང་། དམ་ཚིག་རྣམས་རྟག་ཏུ་སྤྱད་པ་དང་། རྡོ་རྗེ་དྲིལ་བུ་བཅང་བ་དང་། གླེགས་བམ་གཙུག་ཏོར་རམ་མཆན་ཁུང་དུ་བཅང་བ་དང་། སྦྱིན་སྲེག་དང-། དཀྱིལ་འཁོར་གྱི་ལས་དང་། རབ་གནས་དང་། འབྱུང་པོ་ལ་གཏོར་མ་སྟེར་བ་དང་། གསང་སྔགས་བཟླ་ཞིང་བསམ་གཏན་དང་མི་འབྲལ་བ་དང་། རིག་པ་བརཏལ་ཞུགས་ཀྱི་དམ་ཚིག་དག་དང་། སེམས་ཅན་བསྡུ་བ་དང་། སངས་རྒྱས་མཆོད་པ་དང་། ཛམ་བྷ་ལའི་ཆུ་སྦྱིན་དང་། ཚ་ཚ་འདེབས་པ་ལ་སོགས་པ་དགེ་ལས་བྱ་བ་སྟེ། རྡོ་རྗེ་གུར་ལས། བྱང་ཆུབ་སྙིང་པོའི་བར་དུ་ནི། །དཀོན་མཆོག་གསུམ་ཉིད་མི་སྤང་ཞིང་། །དམ་ཚིག་རྣམས་ནི་རྟག་ཏུ་བསྐྱང་། །རྡོ་རྗེ་དྲིལ་བུ་བཅང་པར་བྱ། །གཙུག་ཏོར་རྟག་ཏུ་བཅང་བ་དང་། །སྦྱིན་སྲེག་གི་ནི་ལས་བྱ་ཞིང་། །དཀྱིལ་འཁོར་རྟག་ཏུ་བཞེང་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་པར་སྤང་། །མཆོད་རྟེན་ལས་ནི་མི་བྱ་ཞིང་། །རྡོ་རྗེ་གསུམ་མཆོག་ཕྱག་མི་འཚལ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །བླ་མ་སྤུན་ཟླར་ཕྱག་བྱ་ཡི། །སློབ་དཔོན་གཞན་ལ་ཕྱག་མི་འཚལ། །རྟག་པར་རྒྱུན་དུ་གསང་སྔགས་བཟླ། །བསམ་གཏན་ཉིད་དང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་ཏུ་བཤད་པ་བྱ་བ་ཡིན། །སེམས་ཅན་རྣམས་ནི་རྟག་ཏུ་བསྐྱང་། །སངས་རྒྱས་རྟག་ཏུ་མཆོད་ཆེན་བྱ། །ཛམ་བྷ་ལ་ལ་ཆུ་སྦྱིན་བྱ། །དགེ་བའི་ལས་རྣམས་རྟག་ཏུ་སྤྱད། །མཆོད་རྟེན་ལས་ནི་བྱེ་མ་ལས། །མཁས་པས་ཆོ་ག་བཞིན་བྱའོ། །ཞེས་གསུངས་སོ། །གཞན་ཡང་དམ་ཚིག་འབུམ་སྡེ་རྒྱུད་ལས་གསུངས། །དེའི་ཕྱིར་རྒྱུད་གཞུང་བལྟ་ལ་ནན་ཏན་བྱ། །ཞེས་པ། དམ་ཚིག་འབུམ་སྡེ་ནི་མཚོན་པར་བྱེད་པ་ཙམ་སྟེ། སེམས་གཡོ་བའི་རྣམ་པར་རྟོག་པ་ཇི་སྙེད་པ་བསྡམ་བྱ་ཡིན་པས་དེ་སྡོམ་པར་བྱེད་པའི། བསླབ་པར་བྱ་བའི་གནས་ཀྱང་བགྲང་དུ་མེད་པ་ཉིད་ཀྱི་ཕྱིར། རྒྱ་མཚོ་ལྟ་བུའི་རྒྱུད་སྡེའི་གཞུང་བལྟ་བ་ལ་ནན་ཏན་དུ་བྱའོ།། །། བཞི་པ་ཉམས་ན་ཕྱིར་བཅོས་ནི། དབང་བདུན་གནས་ལ་རྩ་བའི་ལྟུང་བ་བྱུང་། །དེ་ཚེ་ལྷ་གྲངས་རེ་རེར་བཟླས་པ་ནི། །སུམ་ཁྲི་དྲུག་སྟོང་བྱས་ཕྱིས་བསྡམས་པས་འདག །ཅེས་པས། ལྟུང་བ་བྱུང་ནས་ཕྱིར་བཅོས་མ་བྱས་ན། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ལས་སྔགས་པ་ཡོངས་འདས་ན། །ངེས་པར་བདུད་དང་ཕྲད་པར་འགྱུར། །ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ། །བསྟིར་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ། །སྦོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང་། །དེ་དང་འདྲ་བར་ཤེས་པར་བྱ། །ཞེས་གསུངས་པས། །ཕྱིར་བཅོས་དགོས་ལ། དེའི་ཚུལ་ཡང་། དབང་བདུན་ཙམ་ཐོབ་པས་དཀྱིལ་འཁོར་གྱི་ལྷའི་གྲངས་ཇི་སྙེད་པ་དེ་སྙེད་ལ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་བཟླས་ཤིང་ཕྱིས་མི་བྱེད་པའི་སྡོམ་སེམས་དང་ལྡན་པ་ལ་དབང་བདུན་སྦྱིན་ནོ། །བུམ་གསང་གནས་པ་སྔོན་དུ་ཆད་ལས་སྤྱད། །ཕྱིས་ནས་དཀྱིལ་འཁོར་ཞུགས་ནས་བཀའ་ནོད་བྱ། །དེ་ཚེའང་ཐུ་བོའི་མིང་ནི་ཆུང་ངུར་འགྱུར། །ཞེས་པས། བུམ་པ་དང་གསང་བའི་དབང་ཐོབ་པ་ཙམ་ལ་སླར་འདག་པར་འདོད་པ་གང་ཡིན་པ་དེ་རྣམས་ལ། སློབ་དཔོན་གྱིས་ཆད་པའི་ལས་སྦྱིན་ཞིང་། དེ་རྣམས་ཀྱིས་ཀྱང་ཆད་པ་དང་དུ་བླངས་ལ། དབང་བདུན་གྱིས་བསོད་ནམས་ཀྱིས་ཚོགས་དང་། བུམ་གསང་གི་ཚུལ་ཁྲིམས་ཀྱི་ཚོགས་ཐོབ་པས་རྣམ་པར་དག་པ་སློབ་དཔོན་གྱི་གཞན་རྐྱེན་ལས་སོ། །གོང་མ་གཉིས་ནས་བསོད་ནམས་ཚུལ་ཁྲིམས་ཀྱི། །ཚོགས་བསགས་སྡིག་བཤགས་རང་རྒྱུད་བྱིན་བརླབས་ཀྱིས། །དག་བྱ་གཞན་གྱི་རྐྱེན་གྱིས་འདག་མི་ནུས། །ཚུལ་འདི་དང་པོའི་སངས་རྒྱས་རྒྱུད་ཆེན་དུའོ། །ཞེས་པ། དབང་གོང་མ་ཐོབ་པ་ལྟུང་བ་བྱུང་བ་དེ་ལ་ནི། སློབ་དཔོན་གྱིས་ཆད་པས་སྦྱིན་པས་དག་པ་མེད་དོ། །འོ་ན་གང་གིས་ཤེ་ན། འདི་ནི་རང་གི་སེམས་རྣམ་པར་དག་པ་ཙམ་གྱིས་འདག་ལ། དེ་ཡང་། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བསྐྱེད་རིམ། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་མི་འཕོ་བའི་ཚུལ་ཁྲིམས་ཀྱིས་སྡིག་པ་སྦྱངས་ནས། བྱིན་བརླབས་ཀྱིས་སོར་ཆུད་པར་འགྱུར་ལ། དབང་ནོད་པས་དག་པར་མ་གསུངས་སོ། །གོང་མ་གཉིས་ལ་ཕྱིས་དབང་ནོད་ཀྱང་ཚོགས་ཀྱི་འདུས་པར་སྔར་ཐུ་བོ་སྟེ་རྒན་པོའི་གྲལ་དུ་ཡོད་པ། དེ་ནས་ཆུང་བ་ཉིད་དེ་གཞོན་པའི་གྲལ་དུ་བཞག་གོ །ལྟུང་བ་བྱུང་ནས་མ་དག་གི་བར་དེ་ལྟ་བུའི་འདུས་པར་འདུ་བར་མི་དབང་ངོ་ཞེས་དཔལ་དུས་ཀྱི་འཁོར་ལོར། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརཏལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། །རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་ངུ་ཉིད་དུ་འགྱུར། །ཞེས་གསུངས་སོ། །ཚོགས་ཞིང་ལ་བཤགས་དྲལ་བའི་སྔགས་རྒྱ་དང་། །བཀྲུ་བའི་རིམ་པ་གཏུམ་མོས་བསྲེག་པ་དང་། །མི་དམིགས་བསྒོམ་དང་དབང་བཞི་བླང་བ་དང་། །ཚོགས་སུ་ཞུ་དང་རྟེན་ལ་སྨྲ་བ་དང་། །མཎྜྻལ་འབུལ་དང་མཆོད་རྟེན་བྱ་བ་དང་། །མེ་ལ་སྦྱངས་དང་གཏོར་མ་བཏང་བ་དང་། །གསང་སྔགས་བཟླ་དང་ཟབ་མོའི་བསམ་གཏན་དང་། །སྲོག་བསྐྱབ་བཀའ་ཀློག་བླ་མ་བསྟེན་པ་དང་། །བདག་འཇུག་རྒྱལ་བའི་ཡིག་བརྒྱ་དུས་བཟང་བཟླས། །ཕུང་པོ་གསུམ་པ་རྡོར་སེམས་བླ་མ་དང་། །ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་སྟེ། །ཕྱིར་བཅོས་ཉེར་ལྔ་སྙིང་པོའི་རྒྱན་ལས་གསུངས། །ཞེས་པ། ཚོགས་ཞིང་ལ་བཤགས་པ། དྲལ་བའི་སྔགས་རྒྱ། བཀྲུ་བའི་རིམ་པ། གཏུམ་མོས་བསྲེག་པ། མི་དམིགས་པའི་སྒོམ་པ། དབང་བཞི་བླང་བ། ཚོགས་སུ་ཞུ་བ། རྟེན་ལ་སྨྲེ་བ། མཎྜྻལ་འབུལ་བ། མཆོད་རྟེན་བྱ་བ། མེ་ལ་སྦྱང་བ། གཏོར་མ་བཏང་བ། རང་སྔགས་བཟླ་བ། ཟབ་མོའི་བསམ་གཏན། སྲོག་བསྐྱབ་པ། བཀའི་ཀློག་པ། བླ་མ་བསྟེན་པ། བདག་འཇུག་བྱ་བ། རྒྱལ་བའི་ཡིག་བརྒྱ། དུས་བཟང་གི་བཟླས་པ། ཕུང་པོ་གསུམ་པ། རྡོར་སེམས་ཀྱི་རྣལ་འབྱོར། བླ་མའི་རྣལ་འབྱོར། ཐིག་ལེའི་རྣལ་འབྱོར། ཕྲ་མོའི་རྣལ་འབྱོར་སྟེ། དེ་དག་གི་རྒྱས་པར་བཤད་པ་ནི་སྙིང་པོའི་རྒྱན་ཉིད་དུ་ཤེས་པར་བྱའོ།། །། གཉིས་པ་གྲོལ་བར་བྱེད་པའི་ལམ་ནི། རིམ་པ་གཉིས་ནི་གྲོལ་བྱེད་ལམ་ཡིན་ལ། །ཞེས་པ། དྲང་སྲོང་ཆེན་པོ་བི་ཤྭ་མི་ཏྲ་དང་། རིག་སྔགས་འཆང་གི་སློབ་དཔོན་གཞོན་ནུའི་སྡེ་དང་། རྒྱལ་བའི་ཞབས་དང་། རིན་ཆེན་ལྡན་དང་། བྲམ་ཟེ་བཟང་པོའི་བཤེས་གཉེན་ལ་སོགས་པ་རྣམས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ལོག་པར་རྟོག་པ་དགག་པ་ལས་བླང་བར་བྱ་བ་ཡིན་ཏེ། སངས་རྒྱས་ནི་བསོད་ནམས་ཀྱིས་ཉེ་བར་བསྒྲུབས་པས་སོ། །ལམ་བསྐྱེད་པའི་རིམ་པས་ཐ་མལ་པའི་དངོས་པོ་སྤངས་ཏེ། གཟུགས་ཀྱི་སྐུས་སེམས་ཅན་རྣམས་ཀྱི་དོན་བྱེད་པས་ནི་སངས་རྒྱས་ཉིད་དུ་འགྱུར་བས་ལྷའི་རྣམ་པ་དང་སྤྱོད་པ་ཕྱིན་ཅི་མ་ལོག་པས་བསྒྲུབ་པར་བྱའོ། །ཞེས་ཟེར་བ་དང་། གཞན་ཡང་བྲམ་ཟེ་སྟོང་ཉིད་བློ་དང་། ཁ་ཆེའི་མཁན་པོ་རབ་སྣང་བྱེད་དང་། ཨ་ནན་ད་བཛྭ་དང་། དགེ་བསྙེན་སིདྡྷི་ཀཱ་ར་དང་། མཁས་པ་ཆེན་པོ་དཔལ་གྱི་སེང་གེ་དང་། སྣང་མཛད་རྡོ་རྗེ་དང་། དགེ་སློང་ཐེག་ཆེན་དཔལ་དང་། ལེགས་སྦྱིན་བཟང་པོ་དང་། དཔལ་ཤམ་ཐབས་སྔོན་པོ་ཅན་དང་། དགེ་སློང་མ་དགའ་མོ་ལ་སོགས་པ། བསྐྱེད་པའི་རིམ་པ་དང་། སྤྱོད་པའི་ཚུལ་གསུངས་པ་ནི། ཆད་པར་སྨྲ་བ་དགག་པ་དང་། རྟེན་འབྲེལ་གྱིས་རྟེན་འབྲེལ་གྱི་འབྲས་བུ་བསྒྲུབ་པ་དང་། ཟབ་མོའི་དོན་གྱིས་འཇིགས་པའི་འཇིག་རྟེན་པ་རྣམས་རེ་ཞིག་བཟུང་བའི་ཐབས་སུ་གསུངས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ། དེའི་མི་མཐུན་པའི་རྒྱུ་ལས་སྐྱེས་པ་མ་ཡིན་པས། འདིར་སྟོང་པ་ཉིད་མཚན་མ་མཐོང་བ་བསམ་གྱིས་མི་ཁྱབ་པ་སྤྲོས་པ་རྣམ་པར་ཆད་པ་ནི་རྣལ་འབྱོར་པས་བསམ་པའི་ཚུལ་གྱི་བརྟེན་ན་འབྲས་བུ་མཆོག་དང་ལྡན་ནོ། །ཞེས་བཞེད་ལ། ཇོ་བོ་ཏིལླི་ནཱ་རོའི་བཞེད་པ་ལས་ནི། ཟུང་འཇུག་ཉིད་སངས་རྒྱས་ཀྱི་ལམ་ཡིན་པས། དེའི་ཕྱིར་རྣལ་འབྱོར་ཆེན་པོའི་ཕྱོགས་འདིར་ཐབས་ཤེས་ཟུང་དུ་འཇུག་པ་ཞིག་རྣམ་པ་ཀུན་ཏུ་སྟོན་ཏོ། །འོ་ན་རྣལ་འབྱོར་ཕ་མ་ཞེས་ཇི་ལྟར་བཞག་ཅེ་ན། གནས་ཚུལ་དོན་དམ་པའི་དབང་ལས་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་དངོས་པོའི་གནས་ཚུལ་དེ་ཁོ་ན་ཉིད་ཟུང་འཇུག་བརྗོད་བྱའི་གཙོ་བོར་བྱེད་པའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཡིན་ལ། དེ་ཁོ་ན་ཉིད་ཟུང་འཇུག་གི་ཡེ་ཤེས་དེ་གནས་ཚུལ་ལ་ཐབས་ཤེས་རིས་མེད་ཡིན་ཀྱང་འཇིག་རྟེན་ཀུན་རྫོབ་སྟེ་ཐ་སྙད་དུ་ཕུང་ཁམས་ཀྱི་དག་པ་ལ་བལྟོས་ནས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་། དེ་ཡང་ཕུང་ཁམས་གཉིས་ཐབས་ཤེས་སམ་ཕ་མའི་ཕྱོགས་ཡིན་པ། དབང་པོ་རཏལ་པོའི་བསམ་པའི་དབང་ལས་ཐབས་ཤེས་ཀྱི་ཆར་འབྱེད་པ་ཡིན་ཞིང་། ཐབས་ཤེས་དེ་དག་གི་རྩ་བ་ཡང་ཟླ་ཉིའི་ངེས་པའི་དབང་གིས་མི་འགྱུར་བའི་བདེ་བ་དང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ལ་བྱ་ལ། དེ་དག་གི་ངེས་པ་མཐར་ཐུག་པ་ལུས་བསམ་གྱི་དབྱེ་བས་ཤེས་དགོས་པའི་ཕྱིར་ན། རྣལ་འབྱོར་གྱི་རྒྱུད་གང་དུ་བསམ་པ་གཙོ་ཆེ་བའི་ཚུལ་གྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ལ་སྒྱུ་མ་ལྟ་བུའི་སྐུ་སྟེ་ཐབས་དང་། མི་འགྱུར་བའི་བདེ་བ་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་འོད་གསལ་ལ་ཤེས་རབ་ཏུ་འཇོག་པ་ནི་ཐབས་རྒྱུད་དམ་ཕ་རྒྱུད་ཅེས་བྱ་ལ། རྣལ་འབྱོར་གྱི་རྒྱུད་གང་དུ་ལུས་གཙོ་ཆེ་བའི་ཚུལ་གྱིས་མི་འགྱུར་བའི་བདེ་བ་ཐབས་དང་། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཤེས་རབ་ཏུ་འཇོག་པ་ལ་ཤེས་རབ་ཀྱི་རྒྱུད་དམ་མ་རྒྱུད་ཅེས་བྱ་སྟེ། སྟོང་ཉིད་དང་བདེ་ཆེན་དངོས་པོ་ལ་གཉིས་མེད་ཡིན་ཀྱང་། ལམ་དུ་སྟོང་ཉིད་ཤེས་རབ་ལ་འཁྱུད་པས་ཐབས་བདེ་བ་ཆེན་པོ་མངོན་དུ་འགྱུར་བ་གསང་བ་བླ་ན་མེད་པའི་ལམ་གྱི་ངེས་པར་མཐར་ཐུག་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་རྒྱུད་ཀྱི་ངེས་པ་མཐར་ཐུག་པ་ཤེས་པ་རྣལ་འབྱོར་མ་རྒྱུད་ལ་བལྟོས་པར་གསུངས་པ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོར། རྣལ་འབྱོར་མ་ཡི་རྒྱུད་ཤེས་ནས། །རྣལ་འབྱོར་རྒྱུད་ལ་ཡིད་ཆེས་བྱ། །ཞེས་གསུངས། དེ་དག་ཀྱང་རྡོ་རྗེ་སྙིང་འགྲེལ་ལས། དེས་ན་ཀྱེ་རྡོར་རིས་མེད་པ། །ངེས་ན་འདི་ཡང་རྣལ་འབྱོར་རྒྱུད། །འདུས་པ་ལ་སོགས་མ་ལུས་པ། །ཤེས་རབ་ཐབས་ཀྱི་མིང་ཅན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་ཕའི་རྒྱུད་ཀྱི་ཕྱོགས་སུ་སྦྱང་གཞི་རིགས་གསུམ་དང་རིགས་ལྔའི་རྣམ་གཞག་ཡོད་པས། འདུས་པ་ལ་སོགས་པར་སྦྱོང་བྱེད་ཀྱང་རིགས་གསུམ་དང་རིགས་ལྔའི་བདག་ཉིད་བརྗོད་ཅིང་། དབང་ཡང་གསུམ་པའི་ཁོངས་སུ་བཞི་པ་སྦས་སོ། །མའི་ཕྱོགས་དང་དུས་ཀྱི་འཁོར་ལོར་སྦྱང་གཞི་རིགས་བཞི་དང་རིགས་དྲུག་གི་རྣམ་གཞག་ཡོད་པས། སྦྱོང་བྱེད་ཀྱང་རིགས་བཞི་དང་རིགས་དྲུག་ཏུ་བརྗོད་ཅིང་། དབང་བཞི་པ་ཡང་གསལ་པོར་བཤད་དོ། །དེའི་ཕྱིར་བདེན་པ་གཉིས་ཟུང་འཇུག་ཏུ་ཉམས་སུ་བླང་བར་གསུངས་ཏེ། འདུས་པ་ཕྱི་མ་དང་། དགྱེས་པའི་རྡོ་རྗེ་གཉིས་ཀར། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པས། བསྐྱེད་པའི་རིམ་པ་ལ་ཀུན་རྫོབ་ཀྱི་བདེན་པ་དང་། རྫོགས་པའི་རིམ་པ་ལ་དོན་དམ་པའི་བདེན་པ་ཞེས་གསུངས་ནས། དེ་གཉིས་རོ་གཅིག་པའི་ཚུལ་ལ་ཡང་། བསྐྱེད་རིམ་གྱི་ལུས་ལ་རྫོགས་པའི་རིམ་པའི་བསམ་པ་ཞུགས་པ་རོ་གཅིག་པས་གཅིག་དང་། རྫོགས་རིམ་གྱི་ལུས་ལ་བསྐྱེད་རིམ་གྱི་བསམ་པའི་ཞུགས་པའི་ཟུང་འཇུག་གཉིས་སུ་བཞེད་དེ། དང་པོའི་སངས་རྒྱས་ལས། ལུས་ལ་བསམ་པ་རབ་ཞུགས་ནམ་མཁའ་བཞིན་དུ་རོ་མཉམ་པ་དང་བསམ་པའི་དབུས་སུ་ལུས་ཉིད་ཀྱང་། །རང་བཞིན་ཡོན་ཏན་དབང་ལས་ཁ་དོག་རྣམས་ཀྱི་དབྱེ་བ་རྣལ་འབྱོར་ལྡན་པས་ཤེས་པར་བྱ་བ་སྟེ། །སེར་པོ་ནག་པོ་དམར་པོ་དཀར་པོའི་ཁ་དོག་རྣམས་ནི་ས་དང་རླུང་དང་མེ་དང་ཆུ་རྣམས་སོ། །ཡེ་ཤེས་ནམ་མཁའ་དག་ཀྱང་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་ལྗང་ཁུ་དང་ནི་སྔོན་པོར་འགྱུར། །ཞེས་དང་། དགྱེས་རྡོར་ལས། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་དེ་ལ་ཡང་། དཀྱིལ་འཁོར་བསྐྱེད་པའི་རྒྱུའི་སྟོང་པ་དང་། མཐར་དེ་བསྡུས་པའི་སྟོང་པ་ལ་དོན་དམ་པ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་ཀུན་རྫོབ་ཏུ་བཞག་པ་མི་ཟབ་པའི་བསྐྱེད་རིམ་ཞེས་བྱ་ལ། སྔར་བཤད་པ་ནི་ཟབ་པའི་བསྐྱེད་པའི་རིམ་པ་སྟེ། རྡོ་རྗེ་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་སོ། །རྫུས་སྐྱེས་དང་། དྲོད་གཤེར་སྐྱེས་དང་། སྒོང་སྐྱེས་དང་། མངལ་སྐྱེས་ཀྱི་སྦྱང་གཞིའི་དབང་ལས་སྐད་ཅིག་དཀྲོང་བསྐྱེད་དང་། ས་བོན་ལས་དང་། དུམ་བུ་དང་ཆ་ཤས་ལས་དང་། མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པ་བསྐྱེད་པར་བཞག་ལ། རིམ་པ་ཡང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཕྲ་མོ་དང་། ཐིག་ལེའི་རྣལ་འབྱོར་རམ་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའམ། བསྙེན་པ་དང་། ཉེར་བསྒྲུབ་དང་། བསྒྲུབ་པ་དང་། སྒྲུབ་ཆེན་ནམ། ཡན་ལག་དྲུག་ལ་སོགས་པ་རང་རང་གི་རྒྱུད་སྡེ་ལས་འབྱུང་བ་བཞིན་ནོ། །དེ་ཉིད་ཀྱང་རྣམ་པར་རྟོག་པ་ཡིན་པས་འཇིག་རྟེན་པའི་ཀུན་རྫོབ་ཡིན་ལ། དེས་བསྐྱེད་པའི་ལྷ་ནི་ཀུན་རྫོབ་པ་ཞེས་བྱ་སྟེ། དེ་གཉིས་ཀས་འཇིག་རྟེན་པའི་དངོས་གྲུབ་ལ་མི་བསླུ་བའི་ཕྱིར་བདེན་པ་ཞེས་བྱའོ། །རྫོགས་པའི་རིམ་པ་ནི་རྣལ་འབྱོར་མའི་རྒྱུད་ལས་གཙོ་ཆེར་བསྟན་པ། ལས་ཀྱི་ཕྱག་རྒྱ་དང་། ཆོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་སྟེ། ཇོ་བོ་ནཱ་རོ་པས། ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་ཉིད། །རྒྱུ་དང་སྒོམ་པ་ཐོབ་བྱ་དང་། །དེ་བཞིན་བཞི་པ་ལྷུན་གྱིས་གྲུབ། །མདོར་བསྟན་པའི་ཚིག་འདི་རྣམས་རྒྱས་པར་བཤད་པར་བྱའོ། །རྒྱུ་ཞེས་པ་ནི་དང་པོ་རེ་ཞིག་ལས་ཀྱི་ཕྱག་རྒྱ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་མ་ཉམས་པ་གང་ཡིན་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཉིད་བདེན་ཏེ། འོན་ཀྱང་ཀུན་རྫོབ་འཇིག་རྟེན་པའི་དཔེས་དོན་དམ་པ་མེ་ལོང་བཞིན་དུ་མ་ཡིན་ནོ། །དེའི་ཕྱིར་དབང་པོ་རྣོན་པོས་ལས་ཀྱི་ཕྱག་རྒྱ་གཟུང་བར་མི་བྱའོ། །བསྒོམ་བྱ་ཞེས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ལྷའི་རྣམ་པས་རྣམ་པར་སྦྱངས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ཆོ་ག་ཇི་ལྟ་བར་གསལ་བར་བྱས་ནས། བསྲུབ་ཅིང་བསྲུབ་པ་ཡང་དག་པར་སྦྱོར་བས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཏེ་ཧཾ་བསྲེགས་པ་ལས། དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་ནས་རྡོ་རྗེ་ནོར་བུའི་ཟེའུ་འབྲུར་ཇི་སྲིད་བབས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་ཡུལ་དང་དབང་པོ་མ་ལུས་པ་བདེ་བ་ཆེན་པོས་རོ་མཉམ་ཞིང་གཅིག་ཏུ་འདྲེས་པར་གྱུར་བའི་གོ་འཕང་ངོ་། དེའི་རང་བཞིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་པས་གནས་པར་བྱའོ། །ཇི་སྲིད་དཔལ་ཕྱག་རྒྱ་ཆེན་པོ་མངོན་དུ་མ་གྱུར་གྱི་བར་དུའོ། །ཞེས་སོ། །ཐོབ་བྱ་ཞེས་པ་ནི་ཕྱག་རྒྱ་ཆེན་མོའི་རྨི་ལམ་དང་། མིག་འཕྲུལ་དང་། ཡིད་ཀྱི་རང་བཞིན་མཚུངས་པ་ལ་ཡང་དག་པར་འཁྱུད་པས་ཇི་སྲིད་དམ་ཚིག་གི་ཕྱག་རྒྱ་མངོན་དུ་བྱ་བའི་བར་རོ། །ལྷུན་གྱིས་གྲུབ་པ་ནི་མཆོག་ཏུ་མི་འགྱུར་བའི་རང་བཞིན་ཅན་ནོ། །ཞེས་སོ། །ལུས་དང་། ངག་དང་། ཡིད་དང་། ཡེ་ཤེས་རྣམ་པར་དག་པ་ཕྱག་རྒྱ་བཞིའི་ཇི་ལྟ་བའི་རང་བཞིན་ནོ། །ཞེས་གསུངས་སོ། །གཙོ་ཆེར་ཕའི་རྒྱུད་ལ་གྲགས་པའི་རིམ་ལྔ་ནི། ཟླ་བ་གྲགས་པས་སྒྲོན་གསལ་དུ། བསྐྱེད་པའི་རིམ་པ་དང་པོར་འགྱུར། །སྔགས་ཀྱི་སྐུ་ནི་བསྒྲུབ་པའོ། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པར་བརྗོད་པར་བྱ། །ཀུན་རྫོབ་བདེན་པ་མཐོང་བ་ནི། ཡིད་འོང་རིམ་པ་གསུམ་པ་ཡིན། །ཀུན་རྫོབ་བདེན་པའི་དག་པ་ནི། །རིམ་པ་བཞི་པར་བརྗོད་པར་བྱ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །བདེན་པ་གཉིས་པ་སྦྱོར་བ་གང་། །འདི་ནི་སྒྲུབ་ཐབས་ཡན་ལག་མཆོག །རྒྱུད་རྣམས་ཀུན་གྱི་དོན་བསྡུས་པ། །རིམ་པ་འདི་རྣམས་རབ་རྒྱས་པའི། །ཚུལ་གྱིས་མང་དུ་ཕྱེ་བ་དང་། །དེ་རྣམས་ཡང་དག་འདྲེས་པར་ཡང་། །གང་ཤེས་དེ་ཉིད་རྒྱུད་ཤེས་པའོ། །ཞེས་གསུངས་པ་ཉིད་དོ། །དཔལ་དུས་ཀྱི་འཁོར་ལོར་གཙོ་བོར་གསུངས་པའི་རྣལ་འབྱོར་ཡན་ལག་དྲུག་ནི། དུ་བ་ལ་སོགས་པའི་མཚན་མ་བཅུས་སོ་སོར་སྡུད་པ་དང་བསམ་གཏན་གྱི་བསྙེན་པ་དང་། སྲོག་རྩོལ་དང་འཛིན་པས་སྲོག་དབུ་མར་འབབ་ཅིང་དེར་བརྟན་པར་བྱེད་པའི་ཉེར་སྒྲུབ་དང་། རིག་མའི་བརཏལ་ཞུགས་རྗེས་དྲན་གྱིས་རྡོ་རྗེ་ལྟུང་བ་མ་ཡིན་ཞིང་། རྟག་ཏུ་རེངས་པའི་བསྒྲུབ་པ་དང་། ཏིང་ངེ་འཛིན་གྱི་སྟེང་དུ་མགོ་བོའི་བར་ཁུ་བ་འབབ་པར་བྱེད་པའི་སྒྲུབ་པ་ཆེན་པོ་སྟེ། དྲི་མེད་འོད་ལས། དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་དག་གིས་དབུ་མར་འབབ་པ་དང་། །རིག་མའི་བརཏལ་ཞུགས་དག་གིས་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། ལམ་འདི་དག་གིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའི་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་འཐོབ་འགྱུར། །ཞེས་གསུངས་སོ། །དེ་དག་ཀྱང་རྣལ་འབྱོར་བླ་ན་མེད་པའི་རྫོགས་པའི་རིམ་པ་མཐའ་དག་སྟོན་པར་བྱེད་པ་མ་ཡིན་ལ། མཆོག་བསྒྲུབ་པ་ལ་ཤིན་ཏུ་མཐུ་དང་ལྡན་པ་ནི་ཡིན་ནོ། །རྒྱུད་སྡེ་ལས་གསུངས་པ་མཐའ་དག་པའི་རྫོགས་རིམ་གསལ་བར་སྟོན་པ་ནི། ཇོ་བོ་ནཱ་རོ་པའི་མན་ངག་ཁོ་ན་ལ་མཐོང་སྟེ། དེ་ཉིད་ཅུང་ཟད་བཤད་པར་བྱའོ། །རྫོགས་པ་ཞེས་པ་ལྷན་ཅིག་སྐྱེས་པ་རྣམ་པར་མི་རྟོག་པ་རྣམ་པ་ཐམས་ཅད་པ་སྟེ། ཁྱད་པར་གསུམ་ལྡན་ཏེ། དེ་ཉིད་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་དང་ལྷན་ཅིག་ཏུ་གནས་པའི་ཕྱིར་རང་བཞིན་ལྷན་ཅིག་སྐྱེས་པ་ཡིན་ལ། ནིཥྤནྣ་རྫོགས་པ་དང་། པ་རི་ནིཥྤནྣ་ཡོངས་སུ་གྲུབ་པ་སྟེ། དེའི་ཕྱིར་རྫོགས་པའི་རིམ་པ་ལ་ཡོངས་སུ་གྲུབ་པའི་རིམ་པའོ་ཞེས་མཻ་ཏྲི་པ་དཔོན་སློབ་ཀྱི་བཤད་དེ་ཤིན་ཏུ་ལེགས་སོ། །གྲ་མ་རིམ་པ་ཆོས་རྣམས་ཐམས་ཅད་དེ་དང་སྦྱོར་བར་བྱེད་པའི་ཐབས་རྣམས་ཏེ། དེའི་ཕྱིར་ལྷན་ཅིག་སྐྱེས་སྦྱོར་མདོར་བསྟན་དུ་མཛད་ནས། རིམ་པ་རྒྱས་པར་འཆད་པ་ལ་ཟུང་འཇུག་གི་ལམ་བརྒྱད་དུ་གསུངས་སོ། །དེ་ཡང་། གཏུམ་མོ་དང་། ཕོ་ཉའི་ལམ་དང་། སྒྱུ་ལུས་དང་། རྨི་ལམ་དང་། འོད་གསལ་དང་། བར་དོ་དང་། འཕོ་བ་དང་། གྲོང་འཇུག་གོ །དེ་དག་ལས་གཏུམ་མོ་ལམ་གྱི་རྨང་གཞིར་མཛད་ནས། བསྲེ་བ་སྐོར་གསུམ་པ་གསུམ་དུ་བཤད་དེ། ཇོ་བོ་ནཱ་རོ་པའི་གནས་པ་རྩའི་གཞུང་དུ། ཅིག་ཅར་བ་ཡི་བསྲེ་སྐོར་གསུམ། །ཐུགས་ཀྱི་བདག་ཉིད་ཆོས་ཀྱི་སྐུ། །ཐོད་བརྒལ་བ་ཡི་བསྲེ་སྐོར་གསུམ། །ལོངས་སྐུ་སྐུ་ཡི་བདག་ཉིད་ཅན། །རིམ་སྐྱེས་པ་ཡི་བསྲེ་སྐོར་གསུམ། །སྤྲུལ་པ་གསུང་གི་བྱེད་པར་འགྱུར། །ཞེས་གསུངས་ལ། དེ་ཡང་། གསུང་ལས་རླུང་ཉི་མའི་སྡེ་བཅིངས་པའི་བྱེད་ལས་ཀྱི་རྩ་རྣམ་པར་དག་པ་སྤྲུལ་པའི་སྐུ་མངོན་དུ་བྱེད་པ་རིམ་སྐྱེས་པའི་བསྲེ་བ་གསུམ་སྐུ་རྡོ་རྗེའི་རྣལ་འབྱོར་དང་། རྩ་རྣམ་པར་དག་པས་ལས་རླུང་དབུ་མས་ཟོས་པ་སྲོག་གི་གཟུགས་ལོངས་སྐུ་གསུང་རྡོ་རྗེར་བྱེད་པ་ཐོད་བརྒལ་བའི་བསྲེ་བ་གསུམ་གསུང་རྡོ་རྗེའི་རྣལ་འབྱོར་དང་། ཐུགས་ཐིག་ལེའི་འཕོ་བ་འཛག་མེད་དུ་འཆིངས་པས་རིག་མའི་སྐྱེས་བུ་ཆོས་ཀྱི་སྐུར་བྱེད་པ་ཅིག་ཅར་བའི་བསྲེ་བ་གསུམ་ཐུགས་ཀྱི་རྣལ་འབྱོར་ཏེ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བསྲེ་བས་ན་བསྲེ་བ་སྟེ། དེ་ཉིད་མ་དག་པའི་སྣང་བ་དག་པར་འཕོ་བར་བྱེད་པའི་ཕྱིར་འཕོ་བ་སྟེ། དེ་ལྟ་བུའི་ནད་ཀྱིས་རྒྱུ་སེམས་ཅན་འབྲས་བུ་སངས་རྒྱས་དང་མཚམས་སྦྱོར་བས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཞེས་གསུངས་སོ། །དེའི་ཕྱིར་རྫོགས་པ་དེ་ཉིད་དོན་དམ་པ་ཡིན་ལ། དེའི་རྗེས་སུ་འགྲོ་བས་རིམ་པ་དེ་ཡང་དོན་དམ་པ་ཡིན་པས་དེ་གཉིས་ཀ་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་མི་བསླུ་བའི་ཕྱིར་བདེན་པ་ཞེས་བྱའོ། །དགྱེས་པའི་རྡོ་རྗེར། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་སོ། །དེ་ཡང་རྫོགས་པའི་རིམ་པ་འདིར་བཤད་པ་ལས་གནས་སྐབས་ཀྱི་དོན་མི་མཐུན་པ་ཞིག་རྒྱུད་གང་དུ་ཡང་བཤད་དུ་མེད་པའི་ཕྱིར་འདི་ནི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོའོ་ཞེས་ཤེས་པར་བྱའོ། །གསུམ་པ་བོགས་འདོན་པའི་སྤྱོད་པ་ནི། སྤྱོད་པ་བཞི་ནི་དེ་ཡི་བོགས་འདོན་ཡིན། །ཞེས་པ། སྤྱོད་པའི་ངོ་བོ་ནི། ནཱ་རོ་འགྲེལ་ཆེན་ལས། སྤྱོད་པ་ཞེས་པ་ནི་རྡོ་རྗེའི་སྤྱོད་པ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པ་སྟེ། རྡོ་རྗེ་པདྨ་དག་གིས་མི་འཛག་པའི་བདེ་བ་ཐོབ་པའོ། །ཞེས་གསུངས་སོ། །ཚུལ་ཇི་ལྟར་སྤྱོད་པ་ནི། ཡང་དེ་ཉིད་དུ། སྤྱད་པ་སྤྱོད་ཅེས་པ་ནི་གསང་བ་ལས་ཤིན་ཏུ་གསང་བའི་མཆོག་གི་ཡེ་ཤེས་སོ། །དེའི་བདག་ཉིད་ཅན་དུ་བྱེད་པ་ནི་སྤྱོད་པ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་སོ། །རྣམ་པར་དབྱེ་བ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། གསང་བའི་སྤྱོད་པ་དང་། ཚོགས་སམ་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བཞིའོ། །གསང་བ་འདུས་པ་ལས། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་། སྤྲོས་མེད་ཀྱི་དང་། སྤྲོས་བཅས་ཀྱི་སྤྱོད་པ་གསུམ་གསུངས་པ་ཡང་། སྔར་བཤད་པའི་དང་པོ་དང་རྣམ་གྲངས་སོ། །ནཱ་རོ་འགྲེལ་ཆེན་ལས། རྡོ་རྗེ་སྤྱོད་པའི་དབང་བསྐུར་བས། །རྣལ་འབྱོར་ཐུགས་ནི་དྲི་མེད་འགྱུར། །ཁྱིམ་གནས་དགེ་ཚུལ་དགེ་སློང་ངམ། དེ་རྣམས་ཀྱིས་ནི་གསང་སྤྱོད་བྱ། །ཇི་སྲིད་དྲོད་ནི་ཐོབ་གྱུར་ནས། །དེ་ནས་འཇིག་རྟེན་འདས་པ་ཡི། །སྤྱོད་པ་མཐུ་དང་ལྡན་པས་བྱ། །གལ་ཏེ་དངོས་གྲུབ་བསྒྲུབ་འདོད་ན། །དངོས་གྲུབ་འདོད་པས་སྤྱོད་པ་བྱ། །ཞེས་གསུངས་སོ། །བཞི་པ་མཐར་ཐུག་པའི་འབྲས་བུ་ནི། དམ་ཚིག་སྐྱོན་མེད་བསྲུང་དེ་འདི་ཉིད་དམ། །བར་དོ་སྐྱེ་བ་གསུམ་པའམ་བདུན་པ་དང་། །བཅུ་དྲུག་པ་ལ་ངེས་པར་འཚང་རྒྱ་གསུངས། །ཞེས་པ། དེ་ལ་མི་ཟབ་པ་བསྐྱེད་པའི་རིམ་པ་བསྒོམས་པས་མིའི་རྟེན་ལ་ཚེ་འདིར་ཐོབ་པའི་འབྲས་བུ་ནི་འོག་མིན་གྱི་མཐར་ཐུག་པ་ཡིན་ཏེ། དེ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་བསྟེན་པའི་མཐུས་མིའི་ལུས་འོག་མིན་པའི་ལུས་སུ་འགྱུར་ལ། ལས་ཀྱི་ཕྱག་རྒྱ་ཙམ་བསྟེན་པའི་མཐུས་འདོད་པའི་ལྷར་འགྱུར་གྱི། ཕྱག་རྒྱ་གང་ཞིག་བསྟེན་པས་སྲིད་པའི་རྩེ་མོར་འགྱུར་བ་མེད་པའི་ཕྱིར་སྲིད་རྩེ་འཇིག་རྟེན་པའི་དངོས་གྲུབ་ཏུ་མ་བཤད་ལ། འོན་ཀྱང་སྔགས་ཀྱི་ལམ་ཡེ་ཤེས་གོང་དུ་འཕོ་བའི་རིམ་པས་སྲིད་པའི་རྩེ་མོར་འགྲོ་བ་ནི་ཡོད་པར་རིག་པར་བྱའོ། །དེས་ན་ཕྱག་རྒྱ་གཉིས་ཀྱིས་ལུས་སྔར་བས་བཟང་བར་བསྒྱུར་ནུས་ཀྱི། ལུས་མེད་པར་བྱེད་མི་ནུས་ལ། རགས་པའི་ལུས་དང་ལྡན་པ་དག་སྲིད་པའི་རྩེ་མོར་ཇི་ལྟར་འཇུག་སྟེ། རྡུལ་ཕྲན་ཚོགས་པའི་ལུས་མེད་པར་རྣམ་པར་ཤེས་པ་ཙམ་གྱི་ང་རྒྱལ་དང་ལྡན་པར་གསུངས་པའི་ཕྱིར་རོ། །འོ་ན་འོག་མིན་ན་འཕགས་པ་མ་ཡིན་པ་མེད་ན་བསྐྱེད་པའི་རིམ་པ་བསྒོམས་པས་ཚེ་འདི་ཉིད་ལ་ཇི་ལྟར་འཇུག་ཅེ་ན། ཉན་ཐོས་ཀྱི་འཕགས་པ་རྣམས་ཀྱི་ཏིང་ངེ་འཛིན་ལས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལྷག་པ་ཉིད་ཀྱིས་ཉན་ཐོས་ལ་བལྟོས་པའི་འཕགས་པར་འགྱུར་བའི་ཚུལ་ཞིག་ཡོད་པའང་ཤེས་པར་བྱའོ། །དེ་ལྟར་འཇིག་རྟེན་པའི་དངོས་གྲུབ་བཤད་ནས། ད་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བམ་འདོད་པའི་དངོས་གྲུབ་ཆེན་པོ་བཤད་དེ། འདིར་འདོད་པ་ནི་འདོད་ཆགས་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའ་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བའོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པའོ། །དེ་ཡང་། དུས་འཁོར་རྩ་རྒྱུད་ལས། སྲོག་ལ་སོགས་རླུང་མ་དག་པ། །ཡན་ལག་བཅུ་གཉིས་རིམ་བྱུང་བ། །དེ་རྣམས་ཁྱིམ་དུ་ཡང་དག་བཤད། །དེ་རྣམས་ལ་ནི་བཟའ་རྣམས་འབྱུང་། །རྣམ་པ་བཅུ་གཉིས་འཁོར་ལོ་ནི། །ཡན་ལག་བཅུ་གཉིས་སྲིད་པར་བཤད། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །འཇིག་རྟེན་འདྲེན་པ་རྫོགས་སངས་རྒྱས། །ཞེས་གསུངས་ཏེ། དེ་ཡང་མི་འགྱུར་བའི་བདེ་བ་ཆེན་པོས་འགྱུར་བའི་བག་ཆགས་བཅོམ་པ་ལས་འདོད་ཆགས་སོགས་གསུམ་གྱི་བདག་ཉིད་ཅན་གྱི་མ་རིག་པ་འགག དེ་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་འགག་ལ། དེ་འགགས་པས་ཕྱི་རོལ་དུ་ཁྱིམ་བཅུ་གཉིས། ཞག་གསུམ་བརྒྱ་དྲུག་ཅུ། ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སོགས་འགག་ཅིང་། ནང་དུའང་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་སོགས་འགག་གོ །དེ་འགགས་པས་ལུས་འགག་སྟེ། དེ་ལྟར་ཡན་ལག་བཅུ་གཉིས་འགགས་པས་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བའི་བདེ་ཆེན་གྱི་སྐུ་བརྙེས་པ་ལ་བཞག་པ་ཡིན་ཞིང་། དེ་ཉིད་ཀྱང་འགྱུར་བ་མེད་པ་ལྷན་ཅིག་སྐྱེས་པའི་སྐུ་དང་། གཉིས་སུ་མེད་པ་ཆོས་ཀྱི་སྐུ་དང་མི་ཟད་ཅིང་གཞོམ་དུ་མེད་པའི་སྒྲའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཞི་དྲག་ལ་སོགས་པའི་དབྱིབས་ཏེ་རྫུ་འཕྲུལ་གྱི་བགྲོད་པ་ཅན་སྤྲུལ་སྐུའོ། །དེ་དག་ཀྱང་རིམ་པ་བཞིན་ཐམས་ཅད་མཁྱེན་པ་དང་། ཡེ་ཤེས་སྐུ་དང་། ཉིན་མོར་བྱེད་པ་དང་། པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་ཀྱང་བྱ་སྟེ། དཔལ་ལྡན་རྒྱུད་དུ། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །ཞེས་གསུངས་པས་སོ། །དེ་ཉིད་ཚེ་འདི་ཉིད་ལ་འགྲུབ་པར་ཡང་། དུས་འཁོར་རྩ་རྒྱུད་ལས། །གདོལ་པ་སྨྱིག་མ་མཁན་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱོད་ན། །སྐྱེ་འདི་ཉིད་ལ་འཚང་རྒྱ་འགྱུར། །ཞེས་གསུངས། དེ་ལ་མ་ཐོབ་ཀྱང་བར་དོར་འགྲུབ་སྟེ། དཔལ་ལྡན་རྒྱུད་དུ། གཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །ཡང་ན་སྐྱེ་བ་གསུམ་པ་ལ་སྟེ། གསང་སྔགས་ལ་འཇུག་པར། རྒྱུ་དང་ལྡན་ཡང་རྐྱེན་འགའ་ཞིག །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ། །ཞེས་གསུངས་སོ། །དེ་ལྟར་མ་འགྲུབ་ཀྱང་སྐྱེ་བ་བདུན་པ་ལ་སྟེ། དྲི་མེད་འོད་ལས། ཅི་སྟེ་གང་གི་ཚེ་ལམ་དུ་རབ་ཏུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་འཆི་བར་འགྱུར་ན་དེའི་ཚེ་དེ་ཡི་འཛིན་པ་སྟེ་བག་ཆགས་ཀྱི་སྟོབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ཀྱང་ངོ་ཞེས་པའི་ངེས་པའོ། །ཞེས་གསུངས་སོ། །དུས་འཁོར་ལས་སྐྱེ་བ་བདུན་པས་མང་བ་མ་གསུངས་ལ། རྩེ་མོར། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་གསུངས་སོ།། །། གསུམ་པ་སྡོམ་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་ལྡན་ཚུལ་གྱི་སྒོ་ནས་དོན་བསྡུ་བ་ནི། མཁའ་ལ་སྐར་མ་ཟླ་ཉི་འདུག་པ་ལྟར། །བླངས་པ་རིས་གསུམ་རྒྱུད་ལ་དེ་ལྟར་གནས། །དེ་འོད་གཅིག་ཟིལ་གཅིག་གིས་གནོན་པའི་དཔེས། །དགག་སྒྲུབ་གོང་མ་གཙོ་བའི་བླང་དོར་བསྟེན། །ཞེས་པ། རྡོ་རྗེ་རྩེ་མོ་ལས། གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཞེས་གསུངས་པས། ཇི་སྐད་བཤད་པའི་བླངས་པ་གསུམ་པོ་རྒྱུད་གཅིག་ལ་ལྡན་པའི་ཚུལ་ཡང་། ཇི་ལྟར་སོ་སོ་ཐར་པ་དང་པོར་ལེན་པའི་དུས་བསམ་པ་དམན་པས་བླངས་པ་ཉན་ཐོས་གྱི་སྡོམ་པ་དེ་ཡང་། བྱང་ཆུབ་སེམས་ཀྱིས་ཟིན་ན་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་ཏེ། དམན་སེམས་བཏང་ཀྱང་ཡོངས་སུ་སྤྱོད་པའི་ཁས་ལེན་མ་བཏང་བའི་ཕྱིར་རོ། །ཡང་། དེ་གཉིས་ཀའང་དབང་ཐོབ་པ་ན་སྔགས་ཀྱི་བསླབ་བྱར་འགྱུར་ཏེ། དབང་དེ་ལ་བདག་པོར་གྱུར་པའི་ཕྱིར་རོ། །དཔེར་ན་འབངས་དང་བཅས་པའི་རྒྱལ་ཕྲན་འཁོར་ལོས་སྒྱུར་བའི་གཡོག་ཏུ་གྱུར་པ་བཞིན་ནོ། །དེའི་ཕྱིར་སྡོམ་པ་གསུམ་ཉེས་པས་མ་གོས་པར་བྱེད་པའི་སྟེང་དུ་ཐ་དད་དུ་དབྱེར་མེད་པའི་ཕྱིར་ངོ་བོ་གཅིག་པའི་ཐ་སྙད་ཀྱང་རུང་ལ། ཐུགས་རྗེ་མངའ་བས་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པའང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་གྱིས་མི་ནག་པོ་བསད་པའི་ཚེ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་སེམས་ཀྱིས་ཕ་རོལ་སྲོག་དང་བྲལ་བར་བྱས་པ་ཡིན་པས་འཕེན་རྫོགས་གཉིས་ཀའི་ཉོན་མོངས་མེད་པའི་ཕྱིར་སྲོག་གཅོད་པའི་མི་དགེ་བའི་ལས་ལམ་ཡོད་པ་མ་ཡིན་པས་གནས་ངན་ལེན་མ་ཡིན་གྱི་མི་དགེ་བའི་གཟུགས་བརྙན་ཙམ་དུ་ཟད་དོ། །དེ་བཞིན་དགེ་སློང་མ་སེར་སྐྱ་བཟང་མོ་ལ་རྒྱལ་པོ་མ་སྐྱེས་དགྲས་འདོད་པ་ལན་མང་དུ་སྤྱད་དུ་ཟིན་ཀྱང་དགེ་སློང་མ་ལ་འདོད་ཆགས་ཀྱི་སེམས་མེད་པའི་ཕྱིར་ལས་དེས་ཕམ་པ་སྐྱེད་མི་ནུས་པར་ཉན་ཐོས་ཀྱི་ཐེག་པར་ཡང་གསུངས་ཏེ། དེ་བས་ན་ལུས་ངག་གི་བདུན་པོའི་གཟུགས་བརྙན་སྣང་བ་ལ་བདུན་པོ་གནང་ངོ་ཞེས་བརྗོད་པ་ཡིན་གྱིས། མི་དགེ་བ་ཉིད་ཡིན་དེ་ཐེག་པ་གང་དུ་ཡང་གནང་མི་སྲིད་དོ། །འགའ་ཞིག་སྡོམ་པ་གཉིས་ཀྱི་བཅས་པ་ལས་དགོས་པ་མེད་པར་འདའ་བ་དང་ཞེས་པའི་དོན་ལ་སྦྱིན་སྲེག་གི་ཚེ་མེ་ལ་དུས་དྲན་དང་། འབྲུ་ལ་རུང་བ་མི་བྱེད་པ་ལྟ་བུ་ཞེས་ཟེར་མོད། དེ་ལྟ་ན་དྲག་པོ་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཚེ་གསོད་པའི་རུང་བ་དང་། ནོར་དགུག་པའི་སྦྱིན་སྲེག་འགའ་ཞིག་ལ་མ་བྱིན་ལེན་གྱི་རུང་བ་ཡང་དགོས་པར་ཡང་ཐལ་ལ། དེ་འདྲའི་རུང་བ་ནི་ངོ་མཚར་ཅན་ཞིག་གོ །ལར་སྦྱིན་སྲེག་དགོས་པ་ཅན་གྱི་ཆེད་དུ་འདའ་བ་ཡིན་པ་ལ་དགོས་མེད་དུ་འདའ་བའི་མཚན་གཞིར་འདྲེན་པ་ཡང་མི་རིགས་སོ། །སོ་སོ་ཐར་པ་ནི་དུག་སྤོང་བ་ལྟ་བུ། བྱང་ཆུབ་སེམས་དཔའ་ནི་དུག་སྨན་གྱིས་བསྒྱུར་བ་ལྟ་བུ། སྔགས་པས་ནི་དུག་ཉིད་ཟ་བ་ལྟ་བུའི་ཁྱད་པར་ཡོད་པའི་ཕྱིར་ལྡོག་པ་ཐ་དད་པར་གྲུབ་སྟེ། དཔེར་ན། ཉི་ཟླ་སྐར་མ་གསུམ་ཅིག་ཅར་དུ་མཁའ་ལ་སྣང་བས་མཚོན་ནོ། །གལ་ཏེ་གོང་མར་བཀག་པ་འོག་མར་བསྒྲུབ་པར་བྱ་དགོས་ན། གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་པ། གོང་མ་གཙོ་ཆེ་བའི་ཕྱིར་དེའི་རྗེས་སུ་འབྲང་ལ། གཞི་དེ་ལས་འོག་མའི་ལྟུང་བར་ཡང་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ཚུལ་ཉིད་ལ་ཡང་སྒྲུབ་པ་པོ་ཉིད་ཀྱི་བློ་ན་འཕར་བའི་གནས་སྐབས་སོ་སོའི་བླང་དོར་ཤེས་དགོས་ཏེ། དྲི་མ་མེད་པའི་འོད་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པའི་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་གསུངས་ལ། དེ་ཉིད་རྣམ་པར་དབྱེ་བ་ཡང་གསུངས་པ། དེའི་ཕྱིར་ལས་དང་པོ་པ་སྔགས་དང་བསམ་གཏན་བསྒྲུབ་པ་ལ་མངོན་པར་དགའ་བས་སྔགས་གྲུབ་པའམ་ཡེ་ཤེས་གྲུབ་པར་གྱུར་གྱི་བར་དུ་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་ཐ་སྙད་བྱའོ། །དེ་ནས་རང་གི་འདོད་པས་བཟའ་བྱ་དང་བཟའ་བྱ་མ་ཡིན་པ་དང་། བགྲོད་བྱ་དང་བགྲོད་བྱ་མ་ཡིན་པ་དང་། བཏུང་བྱ་དང་བཏུང་བྱ་མ་ཡིན་པ་བྱ་སྟེ། དེ་ལ་སུས་ཀྱང་གནོད་པར་བྱ་བར་མི་ནུས་སོ། །དེ་ལྟར་ལས་དང་པོ་པ་ནི་སྔགས་གྲུབ་པར་གྱུར་ན་རྣལ་འབྱོར་པར་འགྱུར་རོ། །དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་དང་། ནམ་མཁའ་ལ་འགྲོ་བའི་ཕྱིར་གྲུབ་པའོ། །བདུད་དང་། ཉོན་མོངས་དང་། སྙོམས་པར་འཇུག་པ་དང་། ཤེས་བྱའི་སྒྲིབ་པ་ཟད་པ་དང་། རྣམ་པ་ཐམས་ཅད་པ་སྤྲོ་བའི་རྫུ་འཕྲུལ་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཐམས་ཅད་མཁྱེན་པའི་གསུང་གིས་ཆོས་ཀྱི་ཕུང་པོའི་ཚོགས་མཐའ་དག་སྟོན་པར་བྱེད་པའི་དབང་གིས་ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་གསུངས་སོ། །ཡང་། རྣལ་འབྱོར་པའི་གནས་སྐབས་སུ་ཡང་གསུངས་པ། གང་དག་གི་སྔགས་ཀྱི་སྟོབས་སམ། བསམ་གཏན་གྱི་སྟོབས་ཀྱིས་སྦྱངས་པ་བྱས་པ་དང་། རྟོགས་པར་བྱས་པ་དག་རབ་ཏུ་འབར་བར་བྱས་པ་དང་། བདུད་རྩིར་བྱས་པའི་དུག་རྣམས་དུག་མེད་པར་འགྱུར་བ་དང་། ཆང་རྣམས་ནི་འོ་མར་འགྱུར་པ་དང་། དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང་། སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་ལ་སོགས་པ་རྣམས་ནི་བཅུད་ལེན་དུ་འགྱུར་བ་དང་། རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང་། སོ་རྣམས་ནི་མུ་ཏིག་གི་འབྲས་བུར་འགྱུར་བ་དང་། ཐོད་པ་ནི་པདྨར་འགྱུར་བ་དང་། ཤ་ནི་པུཏྲ་ཀེ་ཤར་འགྱུར་བ་དང་། ཁྲག་ནི་སིར་གྱུར་བ་དང་། གཅི་བ་ནི་གླ་རྩིར་འགྱུར་བ་དང་། ཁུ་བ་ན་ིག་བུར་དུ་འགྱུར་བ་དང་། བཤང་བ་ནི་བཞི་མཉམ་དུ་འགྱུར་བ་དང་། བ་སྤུ་རྣམས་ནི་གུར་ཀུམ་གྱི་གེ་སར་དུ་འགྱུར་བ་སྟེ། དེ་ལྟར་གདུག་པའི་རྫས་དུ་མ་རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར། སྦྱངས་བ་དང་། རྟོགས་པ་དང་། འབར་བ་དང་། བདུད་རྩིར་བྱས་པ་རྣམས་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསུངས་པ་དེ་ནི་བདེན་ནོ། །རང་བཞིན་དག་པ་བདུད་རྩིར་བྱས་པ་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཟོས་པ་ཡང་ལུས་ལ་སོགས་པ་སྟོབས་ཆེན་པོ་རྒྱས་པར་བྱེད་པར་འགྱུར་རོ། །བཤང་བ་ལ་སོགས་རང་བཞིན་གྱིས་དག་པ་ལུས་ལ་བྱུགས་པས་ནི་མཆོག་གི་དྲི་རབ་ཏུ་ལྡང་བར་བྱེད་དོ། །ཞེས་གསུངས་སོ། །དེ་ལ་པུ་ཏྲ་ཀེ་ཤ་བུའི་སྒྲར་བསྒྱུར། །དེ་ཉིད་ནི་སྲོག་ཆགས་ནགས་རྒྱུ་ཡིན་ནོ།། །། གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི། སྟོན་པའི་གཞུང་གི་ཆུ་གཏེར་ལ་ཞུགས་པས། །བརྗོད་ཚིག་ཀླུ་དབང་གཙུག་གི་ཡིད་བཞིན་ནོར། །ཐོབ་ནས་གཞན་ཕན་ཆེད་དུ་མཆོད་པ་འདི། །སྐལ་བཟང་དེད་དཔོན་པདྨ་དཀར་པོས་བྱས། །ཐར་ལམ་དོན་དུ་གཉེར་བས་སྐོམ་རྣམས་ལ། །ལེགས་བཤད་འདི་ཉིད་བདུད་རྩིའི་ཆུ་གཏེར་ཏེ། །མཁས་དབང་སྙིང་ལ་ཀུན་དགའི་གཟུགས་བརྙན་ནི། །ཅི་ཡང་བྲི་བའི་རི་མོ་མཁན་དུའང་མཐོང་། དགོས་དོན་རི་བོང་གཟུགས་ཀྱིས་རྣམ་མཛེས་པ། །ཚིག་དོན་འོད་དཀར་བྱེ་བས་ལེགས་བསྐོར་ནས། །བསྡུས་དོན་ཤར་རིའི་རྩེར་བཀོད་ཟླ་བ་འདི། །ཐུབ་བསྟན་ཀུ་མུད་གཉེན་དུ་གནས་གྱུར་ཅིག །འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ལས། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བསྟན་པས་དེ་བཞིན་གཤེགས་པའི་འདུལ་བ་ཞེས་བཞག་པ་གང་རྣམ་པར་བཤད་པའི་ལེའུ་གསུམ་པའི་རྒྱ་ཆེར་འགྲེལ་རྫོགས་སོ།། །། འདུ་བྱེད་རྒྱ་མཚོའི་ཟུག་རྔུའི་ཀློང་འཁྱིལ་འགྱུར་བའི་རོ་ཡི་གཏེར་གྱུར་ཅིང་། །དུག་གསུམ་འཛིན་ཁྲིས་ཀུན་ནས་བཟུང་ཞིང་ལས་ཀྱི་རྦ་རླབས་ཀྱིས་གཡོ་བ། །འཇིག་པའི་རྟ་གདོང་འབར་བའི་ནང་འཇུག་སྐྱེ་བའི་ཕ་མཐའ་མེད་དེ་ལས། །སྐྱེས་བུ་རྣམས་ནི་སྒྲོལ་བའི་གྲུ་རྫིངས་སྟོན་པས་སྦྱར་བ་འདུལ་བའི་ལུང་། །མ་རྟོགས་ལོག་རྟོག་སོམ་ཉིར་བཤད་པའི་མི་བཟད་མུན་ནང་འཁྱམས་པའི་ཚེ། །འཇམ་མགོན་ནམ་མཁའི་རྡོ་རྗེ་སད་ནས་དམ་པའི་ལམ་གྱི་ཉིན་བྱེད་ནི། །ཟབ་དང་རྒྱས་པའི་འོད་ཟེར་འཕྲོ་བས་འདོན་དྲི་འཛིན་པར་འདོད་པའི་སེམས། །གསེར་བཟང་མཛེས་པའི་གནས་ལ་སྦྱོར་མཐུ་མཉམ་པ་མེད་པ་འདི་སྤྲུལ་ལོ། །རབ་ཞིའི་བསླབ་པས་བསྡམས་འདི་ཤཱཀྱའི་བུ། །ཡིད་སྲུབ་རྩེ་དགའ་དཔལ་ལ་སྡང་བ་རྣམས། །སྐྱེ་རྒ་ན་འཆིའི་མཐའ་བཞི་ལས་རྒྱལ་བའི། །ཆོས་ཀྱི་འཁོར་ལོས་སྒྱུར་བར་དབང་བསྐུར་ཡིན། །འདུལ་མདོ་མངོན་པས་སྦྱངས་པའི་ནོར་བུ་འདི། །འཆད་པའི་རྒྱལ་མཚན་རྩེ་མོར་སུ་ཡིས་བསྒྲེང་། །འདོད་པའི་བྱང་ཆུབ་གསུམ་གྱི་ལོངས་སྤྱོད་དེའི། །མོས་པའི་ལག་རྩེར་རྙེད་ལ་ཐོགས་པ་ཅི། །ལུང་དང་དངོས་སྟོབས་རལ་གྲིའི་ཐབས་ཤེས་པས། །བསྒྲུབ་དང་སུན་འབྱིན་དུ་སྦྱར་མཚོན་བྱའི་འཕྲུལ། །རྩོད་པའི་ར་བར་བསྐོར་ཏེ་ཕས་རྒོལ་གྱི། །སྨྲ་བའི་སྲོག་གཅོད་གཤེད་མར་ཅིས་མི་འགྱུར། །རྒྱལ་དབང་བཞེད་པའི་རི་མོ་མ་ཉམས་པ། །ཡང་དག་བཤད་པའི་མེ་ལོང་འདིར་བསྟན་པས། །ཕྱིས་ནས་རྩོམ་འདོད་ཤེས་པར་ལྡན་པའི་མིག །མ་ལུས་འདི་ཡི་ཕྱོགས་སུ་ཅིས་མི་ལྷུང་། །གང་གང་རང་ཉིད་སྲེད་པ་རབ་ཞི་དྲི་མེད་རྒྱུན་གྱི་དགའ་བ་གཉེར་བ་དང་། །གང་གང་གཞན་ལ་ཕན་པའི་གཏེར་རྣམས་འཛིན་ལ་སྙིང་སྟོབས་རྒྱ་མཚོ་འཆར་བྱེད་དང་། གང་གང་སངས་རྒྱས་ཚེ་འདིར་ཕྱི་དང་ནང་གི་བདེ་བ་དཔེ་མེད་ཀྱིས་བསྒྲུབ་པ། །དེ་ལྟའི་སྙིང་རྣམས་བདུད་རྩིས་སིམ་བྱེད་སྲིད་པའི་སྨན་འདི་རྟག་ཏུ་གནས་གྱུར་ཅིག །དབྱངས་ཅན་རྒན་པོའི་ཚིག་རྫོགས་ཉམས་ལྡན་ཟླ། །རྒྱ་ཆེར་མོས་བློའི་ཆུ་གཏེར་དཔྱིད་དུ་སྤྲུལ། །ཉུང་ངུས་དོན་གསལ་དྲི་བཟང་དག་གི་རྒྱུན། །དུས་མཐར་སྦྱིན་འདི་པད་དཀར་གཞོན་ནུའི་སྐལ། །འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་རྒྱ་ཆེར་འགྲེལ་པ། རིག་པའི་གནས་ལྔ་ལ་ལེགས་པར་བྱང་བས་འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་འཇིགས་པ་མེད་པའི་སློབ་དཔོན་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། དཔལ་མི་ཕམ་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷས། ཆོས་སྨྲ་བའི་འདུན་ས་རྒྱལ་བྱེད་ཀྱི་ཚལ་དུ་སྦྱར་བའོ།། །། སླར་ངག་གི་དབང་པོས་མཚམས་གཅོད་ལྟུང་གྲངས་སོགས་དག་པར་བྱས་ཡོད་པས་ཕྱིན་ཆད་མ་བཅོས་ཤིག། །།