ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དགོས་འདོད་འབྱུང་བ།
ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དགོས་འདོད་འབྱུང་བ་བཞུགས་སོ། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་ཡིད་ལ་ཅི་དགོས་སློང་རྣམས་ཀྱི། །རེ་བ་སྦྱིན་པས་འདོད་པ་གང་མཛད་ལ། །དཔག་བསམ་ཤིང་ལས་ཡོན་ཏན་ཆེས་ལྷག་པའི། །བཅོམ་ལྡན་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་ལ་དད་པས་འཆི་བདག་གི་བདུད་གཞོམ་པར་འདོད་པ་དག་གིས། དང་པོར་རྗེས་སུ་གནང་བ་ཐོབ་པར་བྱས་ནས། དབེན་པའི་གནས་སུ་ཡར་ངོའི་ཚེས་བརྒྱད་ནས་ཟླ་བ་དྲུག་གི་བར་གྱི་ཆ་རྐྱེན་ཚང་བར་བསགས། རྗེ་བཙུན་མའི་སྐུ་གཟུགས་ལ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་དང་། ཆུ་གསུམ་རྣམ་ལྔ་རོལ་མོ་དང་བཅས་པ་ཡིད་བཞིན་དུ་བཤམ་ནས།ཐོ་རངས་བདེ་བའི་སྟན་ལ་ཁ་ལྷོར་བལྟས་ཏེ། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཡིད་བཞིན་འཁོར་ལོར་གསལ་བའི་སྙིང་གར་པད་དཀར་ཟླ་བས་བརྒྱན་པའི་དབུས་སུ་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་ཅིང་། །འཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ཨོཾ་ཏཱ་རེ་ས་པ་རི་ཝཱ་རེ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱེ། ཤཔྟས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ལ་སོགས་པ་བདུན་རྣམ་དག་ལན་གསུམ་བྱ། བཛྭ་མུཿཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་ཡིད་དང་འདྲེ་བར་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿ སྭ་བྷཱ་ཝ་ཤུ་དྡྷོ་ཱ་ཧཾ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། པཾ་ལས་པདྨ་དཀར་པོ་དང་། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོས་སྤྲུལ་བའི་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བ་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བ། བལྟ་བས་མི་ངོམས་པར་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས། ཕྱག་ཞབས་བཞིའི་མཐིལ་དང་བཅས་པའི་སྤྱན་བདུན་མ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་དཀར་པོའི་རྩ་བ་ཐུགས་ཀར་བཟུང་བ། རྩེ་མོ་གསུམ་དུ་གྱེས་པའི་དབུས་མེ་ཏོག་ཁ་བྱེ་བ། གཡས་བུད་པ། གཡོན་མ་བྱེ་བ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། ལྷའི་དར་ཟབ་ཀྱི་སྟོད་གཡོགས་སྨད་གཡོགས། རིན་པོ་ཆེའི་སྐེ་རགས་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་ཐོན་མཐིང་ལྟག་པར་བཅིངས་པའི་ལན་བུ་ཐུར་དུ་འཕྱང་བ། བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཟླ་བའི་རྒྱབ་ཡོལ་ཅན་གྱི་པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དྲི་མ་མེད་པའི་འོད་ཟེར་དཀར་པོའི་དབུས་ན་བརྗིད་པའི་སྙིང་གར་ཟླ་བའི་འཁོར་ལོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ལྟེ་བར་ཏཱཾ་ཡིག་དང་། ཨོཾ་ཧཱ། བར་དུ་བདག་ཉིད་ཀྱི་མིང་སྤེལ་ཚིག་དང་བཅས་པས་བསྐོར་བ། རྩིབས་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་རྣམས་ཀུན་ད་ལྟར་དཀར་ཞིང་གྱེན་དུ་ལངས་པས་གང་བར་བསམས་ལ། ཇི་སྲིད་ཡིད་མི་སྐྱོ་བ་དེ་སྲིད་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའི་སྔགས་སྒྲ་ཧ་ཅང་མི་ཆེ་མི་ཆུང་རིང་ཐུང་ལྷག་ཆད་མེད་པ་མ་ཡེངས་པར་བཟླས་ཤིང་། འཁོར་ལོ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་དག འོད་ཟེར་ཕྱིར་འཐོན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐམས་ཅད་སྒྲོལ་མར་གྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་དང་། མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་འཆི་མེད་ཚེའི་དངོས་གྲུབ་ཀྱི་རང་བཞིན་འོད་ཟེར་དཀར་པོའི་རྣམ་པར་བྱོན་ནས། ཡིག་འབྲུ་རྣམས་ལ་ཐིམ་པར་བསམས་པས། ཇི་ཙམ་རྣམ་པར་རྟོག་པ་མི་འཕྲོ་བ་དེ་སྲིད་དུ་བཟླས་ནས། མཐར་མདུན་གྱི་སྐུ་གཟུགས་བཅོམ་ལྡན་འདས་མར་དམིགས་ལ། ཨོཾ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། ཏུ་ཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་བཀྲ་ཞིང་། ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོན་པའི་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་ཀུན་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱེད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་བའི་མདོག །སྒེག་ཅིང་དུལ་བའི་ཆ་བྱེད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེས་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱེད་ལ་ཆ་ཙམ་བསྟོད་པ་འདིས། བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །དུས་འདི་ནས་གཟུང་བྱང་ཆུབ་བར། །མི་མཐུན་ཕྱོགས་རྣམས་ཞི་བ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག། ཅེས་དངོས་གྲུབ་བླངས་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །དེ་ཡང་། རྨི་ལམ་དུ། དཀོན་མཆོག་མཆོད་པ་དང་། ཆོས་ཐོས་པ་དང་། དགེ་སློང་གི་དགེ་འདུན་དང་མཇལ་བ་དང་། །ཆུ་བོ་ལས་ཐར་བ་དང་། གོས་དཀར་པོ་གྱོན་པ་དང་། ཁྲུས་བྱས་པ་དང་། བུད་མེད་མཛེས་མའི་དབུས་ན་འདུག་པ་དང་། ཚ་ཚ་འདེབས་པ་དང་། མཆོད་རྟེན་བརྩིག་པ་དང་། མཆོད་རྟེན་ལ་བསྐོར་བ་དང་། ཉི་ཟླ་ཤར་བ་དང་། ཨུཏྤལ་དཀར་པོ་འཐུ་བ་དང་། སྒྲོལ་མའི་སྐུ་གཟུགས་རྙེད་པ་དང་མཇལ་བ་ལ་སོགས་པ་འབྱུང་བ་ནི་མཚན་མ་ཡིན་ལ། མཚན་མ་རྙེད་ནས་བསྙེན་པའི་ཁ་སྐོང་སྦྱིན་སྲེག་བྱས་པས་མྱུར་དུ་འགྲུབ་པར་འགྱུར་ཞིང་། གྲུབ་པའི་མཚན་མ་ནི། ཚངས་པ་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྦུའི་རྩེ་མོའང་བསྐྱོད་མི་ནུས། །འཆི་བདག་ལས་ཀྱང་གྲོལ་བས་ན། །སྐྲ་དཀར་གཉེར་མ་སྐལ་ངན་ནད། །དབུལ་བ་ལ་སོགས་སྐལ་ངན་དང་། །སེང་སོགས་འཇིགས་པ་ཆེ་བརྒྱད་ཀྱི། །དུཿཁ་རབ་ཏུ་འཇོམས་བྱེད་པ། །བསྐུལ་བ་མེད་པར་གོས་བཏུང་བ། ཁ་ཟས་རིན་ཆེན་དག་ཀྱང་འདུ། །རལ་གྲི་དང་ནི་མིག་སྨན་དང་། རྐང་མགྱོགས་བུམ་པ་བཟང་སོགས་འགྲུབ། །ཚིགས་བཅད་མཁས་དང་སྙན་དངགས་དང་། །བློ་རྣོ་ཤེས་རབ་ཆེན་པོར་འགྱུར། །གཞན་ཡང་ཅི་འདོད་དངོས་གྲུབ་ནི། །འཁོར་ལོ་དེ་ལས་འབྱུང་བར་འགྱུར། ཞེས་གསུངས་སོ། །གཞན་རྗེས་སུ་འཛིན་པར་འདོད་པས། དབེན་པའི་གནས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲིས་ལ། དབུས་སུ་ཚོམ་བུ་བཀོད། བུམ་པ་ཚད་ལྡན་བུམ་སྨན་སྦྱར་བའི་ཆུས་སུམ་གཉིས་བཀང་བ། དར་དཀར་པོས་མགུལ་བཅིངས་པ་དབུས་སུ་བཞག མཆོད་གཏོར་གྱིས་མཐའ་བསྐོར། བདག་བསྐྱེད་བྱས། དཀྱིལ་འཁོར་དང་བུམ་པ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། རྡུལ་ཚོན་གྱི་དབུས་དང་བུམ་པའི་ནང་དུ། པཾ་ལས་པདྨ་དཀར་པོ་ནས། འོད་ཟེར་དཀར་པོའི་དབུས་ན་བརྗིད་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྟོད་དུ་ཧཱུཾ། ཆ་སྨད་ཡིད་བཞིན་གྱི་འཁོར་ལོ་ཏཱཾ་ཡིག་གིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་དང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་མ་དཀར་མོའི་རྣམ་པར་བཛྭ་ས་མཱ་ཛཿ སྟེང་གི་ནམ་མཁར་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལ་ཡ་ཧྶཾ་གྱིས་གདན་ཕུལ། ཨོཾ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད། བཛྭ་ཨངྐུ་ཤ་ཛཿབཛྭ་པ་ཤ་ཧཱུཾ། བཛྭ་ཀྵྨྱ་ོཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨ། དམ་ཚིག་པ་དང་དབྱེར་མེད་དུ་བསྲེས། སླར་ཡང་ཐུགས་ཀའི་ས་བོན་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨོཾ་པཉྩྨ་སྭཱ་ཧཱ་ནས་ཤའི་བར་གྱིས་མཆོད། བཛྭ་ཨངྐུ་ཤ་ཛཿབཛྭ་པ་ཤ་ཧཱུཾ། བཛྭ་ཀྵྨྱོཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨ། དམ་ཚིག་པ་དང་དབྱེར་མེད་དུ་བསྲེས། སླར་ཡང་ཐུགས་ཀའི་ས་བོན་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨོཾ་པཉྩྨ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཱཾ་གྱིས་གསོལ་བ་བཏབ། ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ལ་སོགས་ཀྱིས་དབང་བསྐུར། ཆུ་ལྷག་མ་ལུད་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། དེ་ནས་གོང་གི་མདུན་བསྐྱེད་བཞིན་མཆོད་བསྟོད་བྱས། བསྙེན་པ་ཇི་ལྟར་རིགས་པ་བྱས་པའི་སྔགས་འཕྲེང་བུམ་པའི་ལྷའི་ཐུགས་ཀར་ཐིམ་པར་བསམ་ཞིང་། མཐར་འོད་དུ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ ཨོཾ་ཨཱཿཧཱུཾ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་ལན་བདུན་གྱིས་ཕུལ། དེ་ནས། སློབ་མས་ཁྲུས་བྱས། གྲལ་ལ་འཁོད། མཎྜྻལ་ཕུལ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། བླ་མ་སྒྲོལ་མ་དཀར་མོ་གསལ་བའི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་བླངས། དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་བསལ་ནས། རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ། སྭ་བྷཱ་ཝ་ནས་གྱེན་དུ་ལངས་པས་གང་བར་བསམས་ལ་ཞེས་པའི་བར་གྱིས་སློབ་མ་ལྷར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྗེ་བཙུན་སྒྲོལ་མའི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འཁོར་ལོ་དང་ཡིག་འབྲུའི་རྣམ་པར་བྱོན། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་ཡིག་འབྲུའི་འོད་ཀྱིས་ལུས་ཐམས་ཅད་གང་། སྡིག་སྒྲིབ་དང་དུས་མ་ཡིན་པའི་འཆི་བ་ཐམས་ཅད་དག་པར་བསམས་ལ་རོལ་མོའི་སྒྲ་བསྒྲོག་གོ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་གྱིས། ཇི་ལྟར་བལྟམས་པ་སོགས་ཀྱིས་དངོས་སུ་བུམ་པའི་ཆུས་དབང་བསྐུར། དྲི་མ་དག འཆི་མེད་ཚེའི་དངོས་གྲུབ་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། ཨོཾ་ཨཱརྻ་ཏཱ་ར་ལ་སོགས་པས་མཆོད། སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱས་མེ་ཏོག་གཏོར་བ་སྐུའི་རྗེས་གནང་ངོ་།། དེ་ནས་སློབ་དཔོན་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀའི་འཁོར་ལོ་ལས་སྔགས་ཀྱི་འཕྲེང་བ་བྱུང་བ་ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། སྙིང་གའི་ཡིག་འབྲུ་ལ་ཐིམ་པའི་མོས་པ་གྱིས། སྙིང་པོའི་སྔགས་རྗེས་ཟློས་ཀྱི་མཐར། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ། །དེ་ནས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པ་གསུང་གི་རྗེས་གནང་ངོ་།། པདྨའི་སྟེང་གི་ཚོམ་བུ་སློབ་མའི་སྤྱི་བོར་བཞག བཅོམ་ལྡན་འདས་མ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས། སྐུ་གསུང་ཐུགས་དང་དབྱེར་མི་ཕྱེད་པའི་ངང་ལ་མཉམ་པར་གཞོག་ཅིག ཐུགས་ཀྱི་རྗེས་གནང་ངོ་།། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད།། ཅེས་ཟློས་སུ་གཞུག གཏང་རག་གི་མཎྜྻལ་འབུལ་ལོ། །དེ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། ངག་གི་དབང་ཕྱུག་གྲགས་པའི་མཐུ་བོའི་རྒྱ་གཞུང་དང་། རྗེས་གནང་བླ་མའི་ཕྱག་བཞེས་སོར་བཞག་པ། དགེ་སློང་པདྨ་དཀར་པོས་དབེན་གནས་མཁར་ཆུར་སྦྱར་བའོ།། །།མངྒ་ལཾ།། །།