དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྣམ་པར་བཤད་པ་མཁའ་འགྲོ་དགའ་བ་རྒྱུད་སྡེའི་སྙིང་པོ།
དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྣམ་པར་བཤད་པ་མཁའ་འགྲོ་དགའ་བ་རྒྱུད་སྡེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་རྡོ་རྗེའི་ས་དེའི་སྒྱུ་མ་མཁན། །ཀུན་བཟང་མ་ལུས་བྱེད་པོ་རིགས་ཀྱི་མེས། །ཆོས་ཀྱི་བློ་གྲོས་ཆེར་རྒྱས་འཇིག་རྟེན་མིག །མཚུངས་མེད་བླ་མར་བྱོན་དེས་བདེ་ལེགས་མཛོད། །དྲང་སྲོང་ཁྲོས་པའི་གཟུགས་འཆང་མུན་པའི་མདོག་ལས་བསྐལ་པའི་མེ་འཕྲོ་འཇིག་རྟེན་གསུམ་གནོན་ཞིང་། །རིགས་ལྔས་བཀོད་པ་ཆེན་པོས་མདུན་བསུས་དྲག་པོའི་གཙུག་ན་གཡས་བརྐྱང་ཞབས་ཀྱིས་གར་མཛད་པ། །དབང་ཕྱུག་ཆེན་པོའི་འབྱོར་པས་ཕྱུག་པའི་བཅུ་གཉིས་ཕྱག་བརྒྱངས་ཧ་ཧ་རྒོད་པའི་གདོང་བཞིའི་སྤྱན། །དག་པའི་ཆོས་ཀྱི་བུ་མོར་ཆགས་ནས་གསང་བ་ཀུན་བཤད་ཧེ་རུ་ཀ་དེར་ཕྱག་འཚལ་ལོ། །ལེགས་བཤད་དབྱུ་གུའི་མཛའ་བ་གསར་པ་ནི། །རྒྱུད་རྒྱལ་ཉི་མའི་གཅུང་ལ་ངལ་བསོར་བཏང་། །དེས་ནི་སྐལ་བཟང་ག་ལའང་ཡིད་དགའི་སྐྱེས། །འཇིགས་བྱེད་དགའ་མས་མགྲིན་སྔོན་ལ་བཞིན་སྤྲིངས། །འདིར་དཔལ་ཧེ་རུ་ཀ་ངེས་པར་བརྗོད་པའི་རྒྱུད་འབུམ་སྡེའི་ནང་ནས་བཏུས་པ། གྲུབ་པའི་རྟོགས་པ་རྨད་དུ་བྱུང་བ། ངོ་མཚར་དང་བཅས་པར་བྱེད་པ། བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ། ཧེ་རུ་ཀ་དཔའ་བོ་ཆེན་པོ་བཀླགས་པས་གྲུབ་པ། གཞན་ཐམས་ཅད་ཀྱིས་མི་ཐུབ་པ། གདོད་ནས་གྲུབ་པའི་རྒྱུད་བླ་མ། རྣལ་འབྱོར་མ་ཆེན་མོའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འདི་བཤད་པ་ལ། རྒྱུད་ལ་འཇུག་པའི་སྒོ། རྒྱུད་དངོས་བཤད་པ། མཐར་ཕྱིན་པའི་བྱ་བ་དང་གསུམ་ལས། དང་པོ་ལ། དམ་པའི་ཆོས་གཏན་ལ་ཕབ་ནས་དེའི་ཡང་སྙིང་དུ་བསྟན། འདི་ཉིད་ཀྱི་རྩ་བཤད་རྣམ་གྲངས་བཀོད་དེ་སྐབས་ཀྱི་མཚན་བཤད། བཤད་བྱ་དེ་ཉིད་འཆད་བྱེད་ཇི་ལྟ་བུས་ལེགས་པར་སྟོན་པ་གསུམ་ལས། དང་པོ་ནི། དམ་པའི་ཆོས་ནི་གཉིས་ཏེ། ལུང་དང་རྟོགས་པའོ། །དང་པོ་ནི། ཆོས་ཀྱི་འཁོར་ལོའམ། ཚངས་པའི་འཁོར་ལོ་ཞེས་བྱ་ལ། དེ་ཉིད་རྣམ་པ་གསུམ་སྟེ། བདེན་པའི་དེ་ཉིད་ཀྱི་ཚུལ། ཕ་རོལ་ཏུ་ཕྱིན་པའི་ཚུལ། གསང་སྔགས་ཀྱི་ཚུལ་ལོ། །དེ་ཡང་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སྟེ། དང་པོ་ནི། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་ལས་དང་པོར་དང་། གཉིས་པ་ཤེར་ཕྱིན་ཉིད་ལས་གཉིས་པར་དང་། གསུམ་པ་དུས་ཀྱི་འཁོར་ལོ་ནས་མཐའ་མར་བཤད་དེ། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་དང་། བདེ་མཆོག་གི་དཀའ་འགྲེལ་པདྨ་ཅན་ལས་ཀྱང་། ཡུལ་དང་དུས་སོ་སོར་ངེས་པ་དག་ཀྱང་ཡོད་དེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་མོས་པ་དམན་པ་རྣམས་ཀྱི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཉེ་བར་བསྟན་ལ། ཟབ་མོ་ལ་མོས་པ་རྣམས་ཀྱི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་བསམ་པ་རྣམས་ཀྱི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཚུལ་རབ་ཏུ་གསལ་བར་མཛད་ནས། མཆོག་ཏུ་ཟབ་པའི་ཆོས་ཀྱི་སྣོད་རྣམས་ཀྱི་ཕྱིར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དུ་ནག་པའི་ཟླ་བའི་ཉ་ལ་དཔལ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་བཞེངས་ཏེ་སྔགས་ཀྱི་ཚུལ་གྱི་བསྟན་བཅོས་མཐའ་དག་གསལ་བར་མཛད་དོ། །ཞེས་པས་སོ། །གསུམ་པ་དེ་ཉིད་འདིར། བྱ་བ་སྤྱོད་པ་མདོ་སྡེ་རྣམས། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །སེམས་ཅན་མོས་པས་འཇུག་པ་རྣམས། །དེ་དང་དེ་ལ་དགའ་བ་སྦྱིན། །ཞེས་གསུངས་ལ། ལུང་འདིའི་དོན་ཆེས་གསལ་བ། སྡོམ་པ་འབྱུང་བར། འདུལ་བའི་གནས་ལ་སོགས་པ་ཀུན། །ཉན་ཐོས་བདག་ཉིད་བསྟན་པའོ། །སྣ་ཚོགས་མདོ་སྡེའི་རྣམ་བཤད་ཆེ། །བྱང་ཆུབ་སེམས་དཔའི་བསྟན་པའོ། །རྣལ་འབྱོར་རྣལ་འབྱོར་མ་ཡི་རྒྱུད། །གསང་བ་སངས་རྒྱས་སྤྱོད་ཡུལ་ཏེ། །ཞེས་སོ། །ལུང་འདི་ལས་སྡོམ་པ་གསུམ་ཉན་ཐོས་བྱང་སེམས་དེ་བཞིན་གཤེགས་པའི་འདུལ་བར་བསྟན་པ་ཡང་ཤེས་སོ། །དེར་བྱ་བ་ཞེས་གསུངས་པ། ཐེག་པ་དམན་པའི་འདུལ་བ་དང་མདོ་སྡེ། སྤྱོད་པ་མངོན་པ་ཡིན་ཞིང་མདོ་སྡེ་རྒྱུའི་ཐེག་ཆེན། རྣལ་འབྱོར་ཞེས་པ་གསང་བ་འདུས་པ་ལ་ཐུག་གི་བར་ཕ་རྒྱུད་དང་། དགྱེས་རྡོར་རམ་དུས་ཀྱི་འཁོར་ལོ་ལ་ཐུག་གི་བར་གྱིས་མ་རྒྱུད་དང་། གསང་བ་འདི་ཉིད་བཤད་པས་ཐམས་ཅད་ཀྱི་མཐར་ཐུག་པ་འདིའོ། །ཞེས་གསུངས་པ་གོ་བདེ་བའི་དབང་དུ་མཛད་ནས། འདིའི་གསང་བ་དེ་གསང་མཐའ་ཞེས་པར་འགྱུར་ཏེ། མཐའ་ནི་ཟད་དང་འཇུག་ཆ་དང་། །ཞེས་སོགས་ཀྱི་ངེས་པས་སོ། །དེ་དག་གི་གཞུང་རྣམ་གྲངས་ཀྱང་སྡོམ་འབྱུང་དུ། ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་འཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་འཕྱུར་ལྔ། །ཞེས་དང་། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་སོ། །བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཅེས་བཞིར་འབྱེད་པའི་དུས་ཀྱི་དང་པོ་གསུམ་ཡང་སྤྱིར་ཐབས་ཤེས་གཉིས་མེད་དུ་གནས་པས་རྣལ་འབྱོར་གྱི་སྒྲས་བསྙད་ལ། བྱེ་བྲག་ཕ་མའི་རྒྱུད་དུ་ཡང་འབྱེད་པས། ཕ་མ་འདི་གཉིས་ཀྱི་གྲངས་སུ་གཏོགས་སོ་ཞེས་བླ་མ་གསུང་ངོ་། །དེ་ཐམས་ཅད་ཤཱཀྱ་ཐུབ་པ་ཉིད་ཀྱིས་བསྟན་པའི་དབང་དུ་མཛད་དེ། དེ་ཉིད་དུ། འདི་དག་ཐམས་ཅད་ཐུབ་དབང་པོ། །སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། །བདེ་བར་གཤེགས་པས་བསྟན་པའོ། །ཞེས་འབྱུང་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ནས། ཕྱི་མ་སོ་སོར་ཕྱེ་བའི་གཞུང་ཚད་བསྟན་པ་གྲངས་རགས་པ་སྟེ། དེ་ལྟ་མིན་ན་དེ་ཉིད་དུ། རྒྱས་པར་བྱས་ན་གྲངས་མེད་དོ། །ཞེས་གསུངས་པ་སྙིང་པོ་མེད་པར་འགྱུར་བའི་ཕྱིར་རོ། །འཁོར་ལོ་དང་པོ་འདི་ལ་དབུ་མའི་གཞུང་དུ་བསོད་ནམས་མ་ཡིན་པ་བཟློག་པའི་འཁོར་ལོ་ཞེས་གསུངས་ཏེ། བསོད་ནམས་མ་ཡིན་པ་ནི་འཁོར་བ་དང་ཐར་པ་མེད་པར་ལྟ་བ་ཡིན་ལ། དེ་ལ་གོམས་པས་ནི་ངན་འགྲོ་ནས་ངན་འགྲོར་གཞོལ་བར་གྱུར་བས་དེ་བཟློག་པའི་ཕྱིར། འཁོར་བ་རྒྱུ་འབྲས་ཀུན་འབྱུང་དང་སྡུག་བསྔལ་བདེན་པ་གཉིས། ཐར་པ་རྒྱུ་འབྲས་ལམ་དང་འགོག་བདེན་གཉིས་བསྟན་པས་མདོ་སྡེ་དགོངས་འགྲེལ་དུ། འདི་ལ་བདེན་བཞིའི་ཆོས་འཁོར་ཞེས་བཞག་གོ །མདོ་འདིར་མཚན་ཉིད་མེད་པའི་ཆོས་འཁོར་དང་། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གཉིས་གསུངས་པ་ལ། རིམ་པ་བཞིན་དབུ་མའི་གཞུང་དུ། བདག་བཟློག་པ་དང་། ལྟ་བ་ཀུན་བཟློག་པའི་འཁོར་ལོ་ཞེས་བཏགས་ཏེ། བདག་ནི་གང་ཟག་དང་ཆོས་ཀྱི་བདག་གོ །བཟློག་པ་ནི་བདག་མེད་པའམ་སྟོང་ཉིད་དེ། འདིར་རང་གི་སྟོང་པར་བཤད་པས་མཚན་ཉིད་མེད་པ། དོན་སྔགས་གཞུང་ནས་བཤད་པའི་སྒྱུ་ལུས། ལྟ་བ་ནི་དམིགས་བཅས། བཟློག་པ་ནི་དམིགས་མེད་འོད་གསལ། འདི་དབུ་མའི་ལམ་ངོ་མ་ཡིན་པའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བ། དོན་འགྱུར་མེད་བདེ་བའོ། །འོན་ཀྱང་དེའི་ཐ་སྙད་ནི་འཁོར་ལོ་བར་མ་ཉིད་ཀྱི་སྐབས་སོ། །འཁོར་ལོ་མཐའ་མ་འདི་དབང་པོས་སམ་འདོད་ཆགས་ཀྱིས་དབྱེ་བས་རྒྱུད་སྡེ་བཞིར་གསུངས་ཏེ། བྱ་བ་སྤྱོད་པ་རྣལ་འབྱོར་རྣལ་འབྱོར་ཆེན་པོའོ། །ཕྱི་མ་དེ་ལ་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་གཉིས་སུ་བཤད་པའི། དང་པོ་ནི། དཔལ་གསང་བ་འདུས་པ་ལ་སོགས་པ་ཕར་གྲགས་པ་དང་། གཉིས་པ་ནི་མ་ཧཱ་མཱ་ཡཱ་ལ་སོགས་པ་མར་གྲགས་པ་རྣམས་སོ། །ཕྱི་མ་ལ་གུར་ལས་བཅུ་གསུམ་དུ་གསུངས་ཀྱང་དེར་གྲངས་ངེས་པ་ནི་མ་ཡིན་ནོ། །འདི་ལ་དགྱེས་པའི་རྡོ་རྗེར། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་རིམ་གྱིས་སྟོན་པའི་ཚེ་གཞན་དག་གི་མཐར་དེ་སྟོན་པས་དེ་རྒྱུད་རྣམས་ཀྱི་སྙིང་པོར་སོང་བ་བཞིན། དེ་ལས་ཆེས་ཕྱི་མར་སྟོན་རྒྱུ་ནི། དཔལ་བདེ་མཆོག་འདི་སྟེ། རྗེ་མར་པས། སྙིང་པོ་དགྱེས་པའི་རྡོ་རྗེ། ཡང་སྙིང་བདེ་མཆོག་འཁོར་ལོ་ཞེས་གསུངས་སོ། །དེའི་རྒྱུ་མཚན་ཡང་། རྣལ་འབྱོར་ཕའི་རྒྱུད་རྣམས་སུ་སྦས་ཏེ་བཤད་པ་མང་པོ་རྣལ་འབྱོར་མའི་རྒྱུད་ལ་བརྟེན་ནས་འགྲོལ་དགོས་པས། མཁའ་འགྲོ་རྒྱ་མཚོར། རྣལ་འབྱོར་མ་ཡི་རྒྱུད་ཤེས་ནས། །རྣལ་འབྱོར་རྒྱུད་ལ་ཡིད་ཆེས་བྱ། །ཞེས་གསུངས་ཤིང་། རྣལ་འབྱོར་མའི་རྒྱུད་ཕལ་མོ་ཆེའི་ངེས་དོན་ཀྱང་དུས་འཁོར་དང་བདེ་མཆོག་གིས་འགྲོལ་དགོས་ཏེ། རྡོ་རྗེ་སྙིང་པོས། མཆོག་གི་དང་པོའི་སངས་རྒྱས་ཚིག་དང་བདེ་མཆོག་ཆེན་པོས་ངེས་དོན་ཤེས་པར་བྱ། །ཞེས་གསུངས་པས་སོ། །རྩ་བའི་འཁོར་ལོ་གསུམ་ཡང་། འདུལ་བ་དང་མདོ་སྡེ་དང་མངོན་པ་གསུམ་གསུམ་དུ་འགྱུར་བའི་སྔགས་ཀྱི་འདུལ་བ་ནི་རིག་པ་འཛིན་པའི་ཚུལ་ཁྲིམས་སྟོན་པ་རྣམས་སོ། །མདོ་སྡེ་ནི་ལྷག་པའི་སེམས་སྤྲོས་པ་མེད་པ་སྟོན་པའི་ཕྱོགས་སོ། །མངོན་པ་ནི་ལྷག་པའི་ཤེས་རབ་ཟུང་འཇུག་སྟོན་པའོ། །གཉིས་པ་རྟོགས་པའི་དབྱེ་བ་བཤད་པར་བྱ་སྟེ། ལྟ་སྒོམ་སྤྱོད་པའི་སྒོ་ནས་སོ། །དང་པོ་ནི། ལྟ་བས་རྣམ་པར་ཕྱེ་བ་ནི། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའོ། །དང་པོ་གསུམ་ནི་ཐེག་པ་རང་རང་གི་བྱང་ཆུབ་ཉིད་མཐར་ཐུག་ཏུ་འདོད་པས། ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་མི་འཇུག་ཅེས་ཟེར་ལ། དབུ་མ་པས་དེ་འདྲ་ག་ལ་ཡིན། ཡུལ་དེ་ཁོ་ན་ཉིད་གཅིག་ཏུ་ཟད་ཅིང་ཡུལ་ཅན་ཡེ་ཤེས་ཀྱང་གཉིས་པ་མེད་པས་བྱང་ཆུབ་རྣམ་པ་གཉིས་པོ་དེ་གདུལ་བྱ་ངལ་གསོ་བའི་ལམ་གྱི་ཞག་ས་ལྟ་བུ་ཡིན། མཐར་ངེས་པར་ཐེག་ཆེན་ལ་འཇུག དེ་ཡང་ཚོགས་ལམ་ཆུང་ངུ་ནས་ཡིན་ལ། མདོ་སྡེ་པདྨ་དཀར་པོར་འཕགས་པའི་ཉན་ཐོས་ཆེན་པོ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པས་ཀྱང་ཤེས་སོ་ཞེས་གསུངས། རྡོ་རྗེ་ཐེག་པར་ཡང་དེ་ཉིད་དེ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། སཾ་བུ་ཊར། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་སོ། །བྱེ་མདོ་གཉིས་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་ཡིན་ལ། རང་རྒྱལ་ནི་ཚེ་འདི་ལ་ཉན་ཐོས་ཀྱི་ལམ་བསྒོམས་ནས་ཡང་སྲིད་པ་ཐ་མའི་རྟེན་ལ་དེ་ཉིད་ཀྱི་བྱང་ཆུབ་ཏུ་ངེས་པར་འབྱུང་བ་སྨོན་ལམ་གྱི་དབང་གིས་ཡིན་པས་གྲུབ་མཐའ་སྨྲ་བ་མེད་དོ། །ཆ་འཛིན་པ་ཙམ་སེམས་ཙམ་པ་ལ་བཤད། གཞན་གྲུབ་མཐའ་སྨྲ་བ་དེ་ཐེག་ཆེན་སོ་སྐྱེའི་རྟོགས་པ་ལ་ལྟ་བར་འཛིན་པ་ཡིན་ནོ། །དབུ་མ་པ་ནི་གསུམ་སྟེ། རྒྱ་ཆེན་སྤྱོད་པ་བ་ལ་སྒྱུ་མ་ལྟ་བུ་ཞེས་དང་། ཐལ་རང་པ་ལ་རབ་ཏུ་མི་གནས་པ་དང་། གསང་སྔགས་པ་ལ་ཟུང་འཇུག་རབ་ཏུ་མི་གནས་པའི་ཐ་སྙད་མཛད་པ་དེ་དག་གོ །འདི་ལ་མཻ་ཏྲི་པས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་གསུངས་ལ། དེའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པར། བླ་མའི་མན་ངག་ནི། ཟླ་བ་གྲགས་པའི་ལེགས་བཤད་ལ་བཤད་དེ། རྒྱུའི་ཐེག་པ་ཉིད་ཀྱི་དབང་དུ་བྱས་སོ། །སློབ་དཔོན་རང་གི་བཞེད་པ་ནི་དེ་མ་ཡིན་ཏེ། ཕར་ཕྱིན་ཐེག་པ་ནི་སྔགས་ཀྱི་སྒོར་འཇུག་པའི་སྟེགས་ཙམ་ཡིན། དེ་རང་གི་སྒོ་ནས་འཚང་རྒྱ་བ་མི་སྲིད། དེའི་སྒོར་ཞུགས་པའི་གང་ཟག་སྔགས་ཀྱི་ལམ་དུ་འཇུག་པའི་ཕྱི་མཐའ་ཚོགས་ལམ་ཆེན་པོ་ནས་ཡིན་ཏེ། དེར་སངས་རྒྱས་སྤྲུལ་པའི་སྐུ་ལ་དངོས་སུ་ཆོས་ཉན། དེ་ལས་གསང་སྔགས་ངེས་པར་རྙེད་པ་ཡིན་ལ། རྒྱུད་ལས། གསང་སྔགས་ཀྱི་ཆོ་གས་སངས་རྒྱས་ཐམས་ཅད་སངས་རྒྱས་པར་བཤད་པས་བླ་མའི་མན་ངག་ནི་རྡོ་རྗེའི་ཐེག་པའོ་ཞེས་བཞེད་དོ། །ནཱ་རོ་པ་དེ་དག་མཐར་ཐུག་གམ་ཞེ་འདོད་ཀྱི་ལྟ་བ་ལ་མཐུན། གནས་སྐབས་འཇོག་ཚུལ་ལ་ཁྱད་པར་ཅུང་ཟད་ཙམ་བྱུང་བ་ཡིན་གསུང་བ་དང་། ཚུལ་གསུམ་གྱི་སྒྲོན་མར། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ལྟ་བ་དོན་གཅིག ཐབས་ལ་ཁྱད་པར་ཞུགས་པར་བཤད་པ་འདི་གཉིས་བཞེད་པ་མཐུན། དོན་མདོ་སྔགས་དགོངས་པ་གཅིག དངོས་ཟིན་ལ་ཁྱད་ཡོད་དེ་མདོར་བསྟན་རྒྱས་བཤད་ལྟ་བུ། དེ་བས་དེའི་དངོས་ཟིན་དང་སྔགས་ཀྱི་དངོས་བསྟན་གྱི་ཁྱད་དེའང་བཞི་པོ་དེའམ་བསྡུས་ན་བདེ་བས་སྐྱོབ་པ་དང་མྱུར་བས་སྐྱོབ་པ་གཉིས་གསུངས་པ། དང་པོ་ལོ་ཙཱ་བ་ཆེན་པོས། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་ཚོར་བ་སྡུག་བསྔལ་ལམ་དུ་བྱེད་པ་དང་། སྔགས་ནི་བདེ་བ་ལམ་དུ་ཁྱེར་བ་ཞེས་དང་། ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་བསྐལ་པ་གྲངས་མེད་གསུམ་ན་འཚང་རྒྱ་བར་འདོད་ལ། འདིར་ནི་ཚེ་གཅིག་གིས་འཚང་རྒྱ་བར་འགྱུར་ཏེ་ཞེས་འབྱུང་ལ། འདིའི་བྱ་སྤྱོད་ལྟ་བུ་ཡང་ལྷ་ལ་སོགས་པའི་རིག་པ་འཛིན་པ་བསྒྲུབས་ནས་རྟེན་དེ་ལས་སངས་རྒྱ་བས་ཚེ་གཅིག་པ་ཡིན་ནོ། །རྣལ་འབྱོར་རྒྱུད་དུ་ནི་རྒྱལ་པོ་ཛ་བཞིན་སྤྱོད་པའི་མཐར་འཇའ་ལུས་སུ་ཞུགས་ནས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་བགྲོད་པར་ཡང་བཤད་པས་སོ། །དེ་ལྟར་མཻ་ཏྲི་པ་དང་། ནཱ་རོ་པའི་ལུགས་གཉིས་ལས་ཕྱི་མ་རང་ལུགས་སུ་བཞེད་པ། རྗེ་བཙུན་གྱིས། ལྟ་བའི་སྒོ་ནས་ཁྱད་མེད་ཀྱང་། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་གསུངས་པ་སོགས་ཀྱིས་སོ། །བསྒོམ་བྱ་ལམ་དང་ཐོབ་བྱ་འབྲས་བུས་ཕྱེ་ན། ལྷའི་ཐེག་པ། ཚངས་པའི། ཉན་ཐོས་ཀྱི། རང་རྒྱལ་གྱི། སངས་རྒྱས་ཀྱི་ཐེག་པ་ལྔའོ། །དང་པོ་གཉིས་མངོན་མཐོ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ། སྐྱེས་བུ་ཆུང་ངུའི་དབང་དུ་བྱས་པ་ཐེག་པ་གསུམ་བསྟན་པའི་ཚེ་ཉན་ཐོས་ཀྱི་ཞར་འབྱུང་། དེའི་ལྷ་འདོད་ལྷ། ཚངས་པས་གཟུགས་དང་གཟུགས་མེད། དོན་འཇིག་རྟེན་པའི་ཡང་དག་པའི་ལྟ་བས་ཟིན་སྙམ་གྱི་དགེ་ལས་ལ་སྙོམས་འཇུག་མི་ལྡན་པ་དང་ལྡན་པའི་ཁྱད་ཀྱིས་གཉིས་སུ་བཞག་གོ །དེའི་ལམ་ཡང་། རྗེ་བཙུན་མི་ལས། དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་ཡང་དག་མ་བསམས་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །བག་ཡོད་དྲན་པས་ཟིན་ཀྱང་འཚལ། །ཞེས་གསུངས་པ་ཉིད་དོ། །སྔ་མས་དངོས་པོ་འདི་དག་བདེན་པར་བལྟ་ལ། ཉན་ཐོས་དང་རང་རྒྱལ་དག་གིས་སྒྱུ་མ་ལྟ་བུར་ལྟ་བས་ཁྱད་ཞུགས་པས་ཀུན་འབྱུང་གི་གཉེན་པོ་རྙེད། དེས་འཁོར་བ་སྤངས་ཏེ་ཐར་པ་རྒྱུ་འབྲས་སུ་གྲུབ། དེའི་ལམ་ཡང་དེ་ཉིད་ཀྱིས། འདོད་ཡོན་སྐྱོན་དུ་མ་བལྟས་ཤིང་། །ཞེན་པ་ནང་ནས་མ་ལོག་ན། །འཁོར་བའི་བཙོན་ར་མི་སྒྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་འབྱུང་གཉེན་པོ་བརྟེན་ཡང་འཚལ། །ཞེས་འདི་གཉིས་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ཡོད་པར་གསུངས་ལ། སྤྱོད་འཇུག་ཏུ་ཡང་། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། །འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །ཅེས་དང་། ཀླུ་སྒྲུབ་ཀྱིས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །ཞེས་འབྱུང་བས་སོ། །ཉན་ཐོས་དེ་དག་གིས་རང་རྒྱུད་ཀྱི་ཕུང་པོ་ཙམ་སྒྱུ་མར་མཐོང་གཞན་མ་མཐོང་ཞེས་སྨྲ་བ་རྣམས་ལུགས་ངན་པའོ། །དེ་བས་ན་འདི་སྐྱེས་བུ་འབྲིང་དུ་བཞག་གོ །སངས་རྒྱས་ཀྱི་ཐེག་པ་ནི་ཐེག་ཆེན་ཏེ། དེ་ནི་བསམ་པ་རྒྱ་ཆེ་བ་སྨོན་པ་དང་། སྤྱོད་པ་རྒྱ་ཆེ་བ་འཇུག་པའི་སེམས་ལ་བསླབ་པས། ཐེག་པ་འདིར་སེམས་བསྐྱེད་ཀྱི་རང་སའི་ཆོས་ཐམས་ཅད་བསྡུས་པ་ཡིན་ལ། རྒྱུ་ཡི་ཐེག་པ་ནི་ཀུན་རྫོབ་སེམས་བསྐྱེད་གཙོ་བོར་བྱས། འབྲས་བུའི་ཐེག་པ་ནི་དོན་དམ་སེམས་བསྐྱེད་གཙོ་བོར་བྱེད་པ་ཙམ་ནི་ནང་གསེས་ཀྱི་ཁྱད་འདི་ནི་སྐྱེས་བུ་ཆེན་པོའི་ལམ་སྟེ་ཆེན་པོ་བདུན་གྱིས་ཁྱད་པར་འཕགས་པའོ། །དེ་ཉིད་ཀྱིས། འགྲོ་དྲུག་དྲི་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་བཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། །ཞེས་གསུངས་པ་དང་། འདི་རྒྱས་པར། ཇོ་བོ་ཆེན་པོ་ཨ་ཏི་ཤས་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་དང་། དཔལ་ཟླ་འོད་གཞོན་ནུས་རྒྱུ་འབྲས་གཉིས་ཀྱི་ཕྱི་མ་སྐྱེས་བུ་ཆེན་པོའི་ཡང་ཆེན་པོའི་ལམ་རིམ་དུ་བཞག་ནས་དྭགས་པོའི་ཆོས་བཞིས་བཤད་དོ། །སྤྱོད་པས་རྣམ་པར་ཕྱེ་བ་ནི་ཉན་རང་རྒྱུའི་ཐེག་ཆེན་གསུམ་ནི་ཆགས་བྲལ་གྱི་སྤྱོད་པ་སྟེ། འདོད་ཆགས་ལ་སོགས་པ་རང་གི་མི་མཐུན་ཕྱོགས་གཉེན་པོར་གྱུར་ནས་གཞོམ་པས་སྤང་བྱ་སྤོང་བའི་ལམ་ཞེས་བྱ། རྡོ་རྗེ་ཐེག་པ་ནི་འདོད་ཆགས་ལ་སོགས་པ་མི་སྤོང་བར་ལམ་དུ་ཁྱེར་བས་འདོད་ཆགས་ཀྱི་སྤྱོད་པ་ཞེས་བྱའོ། །རྡོ་རྗེ་མཁའ་འགྲོར། རྟག་ཏུ་འདོད་པས་མྱོས་པ་ཡིས། །ལྷ་ཡི་བུ་འདི་རྣམས་དང་ནི། །གཞན་ཡང་སྐྱེ་བོ་ཆགས་ཅན་ཕྱིར། །འདོད་ཆགས་ཐམས་ཅད་དག་པར་མཛད། །བདེ་ཆེན་ཤིན་ཏུ་གྲུབ་བྱའི་ཕྱིར། །ཞེས་པས་སོ། །འདི་ལ་ཡང་རྒྱུད་སྡེ་ཕྱི་མ་རྣམས་སུ་འདོད་ཆགས་ལ་སོགས་པ་ལམ་དུ་ཁྱེར་བའི་ཚུལ་ནི། བྱ་བའི་རྒྱུད་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ནས། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་ལོགས་སུ་ཡུམ་ན་བཟའ་དཀར་མོ་བཅོམ་ལྡན་འདས་ལ་ཅུང་ཟད་བལྟ་བ་བྲི་བར་བྱའོ། །ཞེས་པ་ལྟ་བུ། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས། མགོན་པོ་རལ་པའི་ཐོར་ཚུགས་ཅན། །ཅུང་ཟད་ཡིད་ནི་འཛུམ་པ་བྲི། །ཞེས་དང་། རྣལ་འབྱོར་རྒྱུད་རྡོ་རྗེ་རྩེ་མོར། པུས་འཁྱུད་རང་གི་ལྷ་མོ་ནི། །འཛུམ་བཅས་ཀུན་ཏུ་ལྟ་བ་སྟེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཞེས་སམ། དེ་ཉིད་དུ། བུ་མོ་སྡུག་དང་ལྷན་ཅིག་ཏུ། །དཔུང་པ་དམ་དུ་བསྡམ་བྱས་ནས། །ལེགས་པར་འཁྱུད་པས་གནས་པ་ཡིན། །ཞེས་གསུངས་པ་ལྟ་བུ། འོན་ཀྱང་ཕྱི་མ་ལ་འདོད་ཆགས་ཀྱི་སྤྱོད་པ་རྒྱ་ཆེ་བ་དཔལ་མཆོག་དང་པོ་ལ་སོགས་པ་ནས་གསུངས་ལ། དེ་ཡང་ཆགས་པ་ཕྲ་བ་ལམ་དུ་བྱེད་པ་སྟེ། གཞན་རྣལ་འབྱོར་ཆེན་པོའི་ཀུན་བཟང་དང་མཚུངས་པ་ལ་ཚོགས་དང་མི་མཐུན་ལ་སོགས་པ་སྤྱོད་པ་མེད་པའོ། །འདོད་ཆགས་ཤས་ཆེན་པོ་ནི་དེ་དག་གིས་ལམ་དུ་ཁྱེར་མ་ཐུབ་པས་རྣལ་འབྱོར་ཆེན་པོའི་སྒོར་ཞུགས་ནས་ལམ་དུ་ཁྱེར་དགོས་ཤིང་དེ་བས་ན་འདིའི་བསྐྱེད་པའི་རིམ་པར་ཡང་གཉིས་གཉིས་སྤྲོད་པ་སོགས་ཤིན་ཏུ་གསལ་ལོ། །དེ་ཡང་རྡོ་རྗེ་མཁའ་འགྲོར། གང་གིས་བླུན་པོ་འཆིང་འགྱུར་བ། །འདིར་དེས་མཁས་རྣམས་རྣམ་པར་གྲོལ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བུར་འདའ། །ཞེས་སོ། །དེ་བས་ན་མདོ་སྔགས་ལ་སངས་རྒྱ་བ་མྱུར་མི་མྱུར་འབྱུང་བ་དངོས་ཟིན་དེའི་དབང་དུ་མཛད། དངོས་བསྟན་སོ་སོ་རང་ལམ་དུ་བཞག དོན་ཕར་ཕྱིན་གྱི་ཐེག་པར་ཡང་། སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་ཀླུ་སྒྲུབ་ཀྱིས་གསུངས། དེའི་སྟོང་པ་ནི་རྣལ་འབྱོར་མའི་རྒྱུད་ལས་བཤད་པའི་བདེ་བ་ཆེན་པོ་ངོ་མ། ཕ་རྒྱུད་ནས་བཤད་པའི་རྣམ་མེད་འོད་གསལ་དེའི་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་ཀླུ་སྒྲུབ་ཀྱིས་གསུངས། དེའི་སྟོང་པ་ནི་རྣལ་འབྱོར་མའི་རྒྱུད་ལས་བཤད་པའི་བདེ་བ་ཆེན་པོ་ངོ་མ། ཕ་རྒྱུད་ནས་བཤད་པའི་རྣམ་མེད་འོད་གསལ་དེའི་སྙིང་རྗེ་མ་རྒྱུད་པའི་སྟོང་ཉིད་རྣམ་པ་ཀུན་ལྡན་ཕ་རྒྱུད་པའི་སྒྱུ་ལུས་ཡིན་ནོ། །དེ་གཉིས་སུ་མེད་པར་བཤད་པས་ཟུང་འཇུག དོན་གཅིག་ལ་དགག་ཚིག་གིས་བསྙད་པ་དང་སྒྲུབ་ཚིག་གིས་བསྙད་པ་ཙམ་དུ་ཟད་དོ། །འདི་སྔགས་སུ་བཤད་ནས། སངས་རྒྱས་ཐམས་ཅད་ཀྱི་ཆོ་ག་འདི་མཁྱེན་པས་སངས་རྒྱས་ཞེས་བསྙད། དེ་བས་ན་ཐེག་ཆེན་གྱི་མཐོང་ལམ་ཐོབ་ནས་མདོ་སྔགས་དགོངས་པ་གཅིག་པ་མངོན་སུམ་དུ་འགྱུར་བས། ཐེག་ཆེན་འཕགས་པ་ཐམས་ཅད་ཉོན་མོངས་པ་ལམ་དུ་བྱེད་པར་མཐུན་ནོ། །དེ་མ་ཡིན་ན། བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་པའི་ནང་དུ་ཐེག་ཆེན་འཕགས་པ་ཡང་ཡོད་དགོས་སོ། །གལ་ཏེ་ཡོད་དོ་སྙམ་ན། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་པ་དང་འགལ་བར་འགྱུར་རོ། །དོན་ལ་མདོ་སྔགས་བརྗོད་བྱ་ཐ་དད་དུ་འབྱེད་པ་ཆོས་ལ་སྨོད་པའི་རྩ་ལྟུང་དུ་དུས་འཁོར་ནས་བཤད་དོ། །སྤྲོས་པས་ཆོག་གོ །དེ་ཉིད་འདིར། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་པ། །སྣ་ཚོགས་ཐབས་ཀྱིས་འདུལ་བྱ་བ། །ཐབས་ནི་སྣ་ཚོགས་སྟོན་པ་ཡི། །ཞེས་པས་བསྟན་ནོ། །གཉིས་པ་འདི་ཉིད་ཀྱི་རྩ་བཤད་ཀྱི་རྣམ་གྲངས་བཀོད་དེ་སྐབས་ཀྱི་མཚན་བཤད་པ་ནི། རྩ་བའི་རྒྱུད་རྒྱས་པ་དང་། བསྡུས་པ་དང་། ཤིན་ཏུ་བསྡུས་པ། དང་པོ་ནི། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཚོགས་སམ་སྐུའོ། །གཉིས་པ་འོག་མིན་ཆེན་པོའམ་སྟུག་པོ་བཀོད་པར་སྟོན་པ་རྡོ་རྗེ་འཆང་གིས་རྒྱུན་མི་ཆད་པར་འཆད་པ་དེའོ། །དེ་ཡང་། འདི་ནི་སངས་རྒྱས་བྱེ་བ་དང་། དཔའ་བོ་བྱེ་བས་ལེགས་པར་གསུངས། །ཞེས་པའི་བྱེ་བ་ནི་གྲངས་དྲུག་ཅུར་བགྲངས་པ་དེ་མ་ཡིན་གྱི། བྱེ་བ་སྙེད་ཅེས་ཇི་སྙེད་པའི་རྣམ་གྲངས་སུ་བྱེད་པ་དེའོ། །གསུམ་པ་ནི། བཅོམ་ལྡན་འདས་ཤཱཀྱ་སེང་གེས་གསུངས་པ་རྣམས་ཏེ། མཁའ་འགྲོ་རྒྱ་མཚོར། རྩ་བའི་རྒྱུད་ནི་རྒྱུད་ཆེན་པོ། །ཞེས་དང་། བསྡུས་པ་རྣམ་པའི་གཟུགས་ཅན་ཏེ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །དུས་ཐམས་ཅད་དུ་ཞལ་དུ་གནས། །ཞེས་དང་། ཡི་གེ་ཀུན་གྱི་ཟ་མ་ཏོག །འབུམ་ཕྲག་སུམ་ཅུ་དྲུག་དང་པོ། །མཁའ་འགྲོ་རྒྱ་མཚོར་རབ་བཤད་དེ། །ཆེན་པོ་ཆུང་ངུར་གསུངས་པའོ། །ཞེས་གསུངས་པའི་རྒྱུད་ཆེན་པོ་རྒྱས་པ་དང་། བསྡུས་པ་རྣམ་པའི་སོགས་ཀྱིས་བསྡུས་པ་དང་། ཡི་གེ་ཀུན་གྱི་ཟ་མ་ཏོག །ཅེས་པ་མན་གྱིས་ཤིན་ཏུ་བསྡུས་པ་བསྟན་ནོ། །དེ་ལ་ཡང་རྒྱས་བསྡུས་ཤིན་ཏུ་བསྡུས་པ་གསུམ་གྱི་དང་པོ་ལ། ཤླཽ་ཀ་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཤད་ལ། དེ་ནི་མཁའ་འགྲོ་རྒྱ་མཚོ་ཉིད་ཀྱི་རྩ་རྒྱུད་དུ་བུ་སྟོན་ལ་སོགས་པ་བཞེད་ཀྱང་མ་ཡིན་ཏེ། བདེ་མཆོག་སྤྱིའི་རྩ་རྒྱུད་དོ། །དེའི་རྒྱུ་མཚན་དེ་ཉིད་ཀྱི་འགྲེལ་པར། རྒྱུད་ཆེན་པོ་མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་འདི་འདུས་པའི་གཟུགས་འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྩ་བའི་མདོ་སྡེ་ཞེས་དང་། དེའི་མིང་ཡང་། འོག་ཏུ་སླར་ཡང་རྩོད་པའི་དུས་སུ་རྒྱུད་ཆེན་པོ་མངོན་པར་བརྗོད་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ཤཱཀྱ་སེངྒེས་གསུངས་སོ། །ཞེས་འབྱུང་བ་དང་། མཁའ་འགྲོ་རྒྱ་མཚོ་ནི། དེར་འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྒྱུད་ཆེན་པོ་དེའི་དབུས་ནས་ཡང་ཡོངས་སུ་བསྡུས་པའི་གཟུགས་སྙིང་པོ་ལྟ་བུ་མཁའ་འགྲོ་རྒྱ་མཚོ་ཏེ་དེ་ལྟར་འདིའི་མིང་དུ་བཤད་དོ། །ཞེས་སོ། །གོང་དུ་སོགས་སྒྲས་བརྗོད་པ་ལ་འགྲེལ་པ་དེ་ཉིད་དུ། རྣལ་འབྱོར་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། སྡོམ་པ་རྒྱ་མཚོ། བྱེ་བ་རྒྱ་མཚོ། དེ་ཁོ་ན་ཉིད་རྒྱ་མཚོ་དྲུག་བཤད་ཅིང་། དེ་ལ་རྟོག་པ་ནི་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེ་འགྲེལ་པ་དེར་རྒྱ་ཆེ་བ་ནི་དུ་མར་རོ། །མདོར་བསྡུས་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་ཆོས་ཀྱི་ཕུང་པོའི་ཚད་དེ་འདི་ནི་ངེས་པའོ་ཞེས་འབྱུང་བས་སོ། །གཞན་མངོན་བརྗོད་འབུམ་པ་ལ་སོགས་རྒྱུད་ཕྱི་མ་ཀུན་ལའང་བསྙེག་གོ །འོ་ན་རྒྱུད་དེ་ཉིད་དང་ཀུན་སྤྱོད་ཧེ་རུ་ཀ་མངོན་འབྱུང་རྣམས་སུ་རྒྱས་པ་འབུམ་ཕྲག་གསུམ་པར་བཤད་པ་ཅི་ཡིན་ཞེ་ན། དེ་ནི་རྒྱུད་ཆེན་པོ་དེ་ལེའུ་འབུམ་ཕྲག་གསུམ་ཡོད་པ་དེའི་དབང་དུ་མཛད་དོ། །དེ་ཉིད་ལ་རིག་པ་རྒྱ་མཚོའི་རྒྱུད་དམ་བདེ་མཆོག་ཆེན་པོ་ཞེས་ཀྱང་བྱའོ། །དེ་ལས་བསྡུས་པ་ནི་མངོན་པར་བརྗོད་པ་ཤླཽ་ཀ་འབུམ་པ་སྟེ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱའོ། །དེ་ཡང་ཧེ་རུ་ཀ་མངོན་འབྱུང་དུ། འབུམ་ཕྲག་འབུམ་ཕྲག་གསུམ་ལས་བཤད། །ཅེས་འབྱུང་ལ། ཤིན་ཏུ་བསྡུས་པ་ཤླཽ་ཀ་བདུན་བརྒྱ་པ་བདེ་མཆོག་ཉུང་ངུ་འདི་སྟེ། འདི་གང་ལས་བསྡུས་ཞེ་ན། མཁའ་འགྲོ་རྒྱ་མཚོར། དེ་ལྟར་ངེས་བརྗོད་གསུམ་འབུམ་ལས། །ཕྱུང་བ་བདེ་མཆོག་ཉུང་ངུ་སྟེ། །ཨ་ཡིག་ལ་སོགས་ཀྵ་ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་ལྡན་པར་སྦྱར། །ཞེས་རྩ་རྒྱུད་རྒྱས་པ་དེ་ལས་ཕྱུང་ཞིང་། དེ་ཡང་ཡི་གེ་ཨཱ་ལི་ཀཱ་ལི་ལྔ་བཅུའི་བདག་ཉིད་ལེའུ་ལྔ་བཅུ་རྩ་གཅིག་ཡོད་པར་བཤད་དོ། །ཡི་གེ་དབྱངས་བཅུ་དྲུག གསལ་བྱེད་གཞན་སོ་གསུམ། ཀྵ་ལ་ཀ་དང་ཥ་གཉིས་ཡོད་པ་ཕྲལ་བས་ལྔ་བཅུ་རྩ་གཅིག་ཏུ་འགྱུར་བ་ཡིན་ནོ། །འོ་ན་ཕྱག་རྡོར་གྱི་འགྲེལ་པར། དེ་ནས་མངོན་བརྗོད་འབུམ་པ་ཡི། །རྒྱུད་ལས་སྙིང་པོ་ཕྱུང་བ་ནི། །ཞེས་འབུམ་པ་ལས་ཕྱུང་བ་བཤད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། དེ་ནི་ཀུན་སྤྱོད་ལས། ངེས་པར་བརྗོད་པ་འབུམ་སྡེ་ལས། །སྡོམ་པ་བཏུས་པར་གྱུར་པ་དང་། །ནམ་མཁའ་དང་ནི་མཉམ་པའི་རྒྱུད། །འབུམ་གཅིག་ནང་དུ་དེ་ཉིད་བཤད། །ཅེས་བསྡུ་གཞི་རྒྱས་པ་དང་འབྲིང་པོའི་ནང་དུའང་ཡོད་པས་དེ་ནས་ཀྱང་ཕྱུང་བར་སོང་བ་ལ་དགོངས་སོ་ཞེས་བཤད་པ་ཉིད་དོ། །གཞན་དུ། རིག་པ་རྒྱ་མཚོ་ལས་དཔའ་བོས། མདོར་བསྡུས་ནས་ནི་གསུངས་པ་ཡིན། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །ཉུང་ངུ་འདི་ཉིད་དུ་བསྡུ་བའི་དགོས་པའང་། ཕྱག་རྡོར་གྱིས། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སྙིགས་མ་ལྔ་ཡི་དུས་འདིར་ནི། །བསོད་ནམས་ཡེ་ཤེས་འབྲས་ཐོབ་ཕྱིར། །ཕག་མོས་གསོལ་བཏབ་རྡོ་རྗེ་ཅན། །ཉུང་ངུའི་རྒྱུད་འདི་རབ་གསལ་མཛད། །ཚེ་ཐུང་བརྩོན་འགྲུས་ཆུང་བ་ཡི། །སྒྲུབ་པོ་རྣམས་ལ་ཕན་ཕྱིར་ཏེ། །ཞེས་གསུངས་པའོ། །དེ་བས་ན་རྩ་རྒྱུད་ལ། ལེའུ་འབུམ་ཕྲག་གསུམ་པ། ཤླཽ་ཀ་འབུམ་པ། ཉུང་ངུའི་རྒྱུད་འདི་དང་གསུམ་མོ། །བཤད་པའི་རྒྱུད་ནི་མི་ཐུབ་ཟླ་བས། མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང་། །དེ་བཞིན་མཚན་མཆོག་བླ་མའི་རྒྱུད། །ཁ་སྦྱོར་རྒྱུད་དང་བཞི་པོ་ནི། །བཤད་པའི་རྒྱུད་དུ་ཤེས་པར་བྱ། །ཞེས་འབྱུང་བའི་དོན་ལ་ཁ་ཅིག་མཁའ་འགྲོ་ནི་རྡོ་རྗེ་མཁའ་འགྲོ། བླ་མ་ནི་མངོན་སྤྱོད་བླ་མ་དང་། ཁ་སྦྱོར་ནི་སམ་བུ་ཊ་དང་། འབྱུང་བ་ལ་སྤྱིར་ཧེ་རུ་ཀ་མངོན་འབྱུང་དང་། ཕག་མོ་མངོན་འབྱུང་། སྡོམ་པ་འབྱུང་བ་གསུམ་ཡོད་དོ། །དེ་ལྟར་བྱས་ན་བཤད་རྒྱུད་ལྔ་ཡོད་པས་རྒྱུད་དང་ཞེས་པའི་དང་ནི་སོ་སོར་འབྱེད་པའི་དབང་དུ་བྱའོ། །ཞེས་སྨྲའོ། །དེ་ནི་ཤིན་ཏུ་མི་འཐད་དེ། ཀུན་སྤྱོད་དངོས་ཟིན་མ་བགྲངས་པ་དང་། ལུང་གིས་བཞིར་ངེས་པར་བཤད་པའི་དོན་ལ་དྲུག་བགྲངས་ནས་ལྔ་ཡོད་ཅེས་པས་ཆང་གིས་བཟི་བའི་ཚིག་བཞིན་ནོ། །འདི་ལྔ་ཡོད་ཟེར་བའི་འཁྲུལ་གཞི་འབྱུང་བ་འདི་ཡིན། སློབ་དཔོན་དེའི་བཞེད་པ་ནི། མཁའ་འགྲོ་རྒྱ་མཚོར། མཁའ་འགྲོ་དང་ནི་སྡོམ་རྒྱུད་དང་། །ངེས་པར་བརྗོད་པ་ཕྱི་མ་དང་། །ཀུན་སྤྱོད་འབྱུང་བའི་རྒྱུད་རྣམས་སུ། །ཞེས་འབྱུང་བ་དེའོ། །མཁའ་འགྲོ་ནི་རྡོ་རྗེ་མཁའ་འགྲོ་ཡིན་ལ། འདིའི་སྡོམ་རྒྱུད་དང་ཁ་སྦྱོར་འགྱུར་ཁྱད་དོན་སམ་བུ་ཊར། འབྱུང་བ་ཀུན་སྤྱོད་ཅེས་པ་འགྱུར་མ་བདེ། །ཀུན་སྤྱོད་འབྱུང་བ་འགྱུར་བ་དེ། དོན་ཀུན་སྤྱོད་ཁོ་རང་། ངེས་བརྗོད་བླ་མ་དང་ངེས་བརྗོད་ཕྱི་མ་དང་མངོན་བརྗོད་བླ་མའང་འགྱུར་ཁྱད་དོ། །ཇོ་བོས། ངེས་སྤྱོད་མངོན་འབྱུང་མཁའ་འགྲོ་ལས། །སྙིང་པོ་བསྡུས་པ་བདག་གིས་བཤད། །ཅེས། ངེས་ཞེས་པ་ངེས་བརྗོད་བླ་མ། སྤྱོད་ཅེས་པ་ཀུན་སྤྱོད། མངོན་འབྱུང་ཧེ་རུ་ཀ་མངོན་འབྱུང་། མཁའ་འགྲོ་ནི་རྡོ་རྗེ་མཁའ་འགྲོའོ། །མི་ཐུབ་ཟླ་བས་བགྲངས་པ་བཞིའི་སྟེང་དུ་འདིའི་ཧེ་རུ་ཀ་མངོན་འབྱུང་བསྣོན་པས་ལྔ། སྡོམ་འབྱུང་ནི་རྒྱུད་རྒྱས་པའི་ལྷན་ཅིག་སྐྱེས་པ་འབྱུང་བའི་རྟོག་པ་ཞེས་པ་ཁོལ་དུ་ཕྱུང་བ་ཡིན་ཀྱང་འདི་ལ་མཁོ་བ་དང་། དེ་ཉིད་ཀྱི་འགྲེལ་པས་བཤད་རྒྱུད་དུ་བསྟན་པས་དྲུག མཁའ་འགྲོ་རྒྱ་མཚོ་ནི་དེ་ཉིད་དུ་བཤད་རྒྱུད་དུ་བསྟན་པས་བདུན། ཕག་མོ་དངོས་གྲུབ་འབྱུང་བ་ཉིད་ལས་བཤད་རྒྱུད་དུ་བཤད་པས་བརྒྱད་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་དང་དགུ །མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་དེ་བཤད་པའི་རྒྱུད་བཅུའོ། །ར་ལི་སོ་གཉིས་རྩོད་པ་ཅན། ཕག་མོ་མངོན་འབྱུང་ལེའུ་བཅུ་པ་རྒྱུད་ཕྱི་མ་ལེ་ཚན་གཉིས་པ་དང་། ཡང་ལེའུ་ལྔ་ཅུ་རྩ་གཉིས་པ་ཡེ་ཤེས་བཟང་པོས་བསྒྱུར་ཟེར་བ་བརྫུན་མར་བོད་སྟོན་ཆེན་པོ་ཕལ་ཆེར་ཞལ་འཆམ་མོད་ཀྱང་། དེ་དག་ལ། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་པས། མ་མོས་པ་མི་རིགས་པ་འདྲའོ། །དེ་ལྟ་བུའི་བཤད་པའི་རྒྱུད་དེ་དག་ཀྱང་རྩ་བའི་རྒྱུད་འབུམ་པ་དང་ཉུང་ངུ་འདི་འབྱེད་པ་ལ་ཡིན་གྱི། གཞུང་རྒྱས་པ་ལ་མི་དགོས་ཏེ། དེ་དག་ཀྱང་དེར་བསྟན་པ་འདུས་པ་ཙམ་མོ། །རྩ་བའི་རྒྱུད་ཕྱི་མ་འདི་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྟོད་འགྲེལ་དང་། སློབ་དཔོན་བྷ་བ་བྷ་དྲ། གྲུབ་ཆེན་ལ་བ་པ། དཔའ་བོ་རྡོ་རྗེ། ལངྐ་རྒྱལ་བ་བཟང་པོ། སྐལ་ལྡན་གྲགས་པ། ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་གཉི་གའི་བཤད་སྦྱར། སུ་མ་ཏི་ཀཱིརྟིས་མཛད་པའི་ཉུང་ངུའི་མཚམས་སྦྱོར། ལྷ་སྦས། མི་ཐུབ་ཟླ་བའམ་སྦྱང་དཀའ་ཟླ་བ། རྟག་པའི་རྡོ་རྗེ། སློབ་དཔོན་རྡོ་རྗེས་མཛད་པ་སྟེ་བཅུ་གཉིས། ཨིནྡྲ་བྷུ་ཏིས་མཛད་པ་དང་བོད་ཀྱིས་བྱས་པ་ཐེ་ཚོམ་གྱི་གཞི་མ་སྟེ་ཀུན་ལ་གྲགས་པའི་བཅུ་གསུམ། དཔལ་ཏིལླི་པའི་གཞུང་ཆུང་ནི་རྒྱུད་ཤིན་ཏུ་རྒྱས་པར་བཤད་པའི་ལྡེ་མིག་ཡིན་པས་བཅུ་བཞི་བོད་དུ་འགྱུར་བ་དེ་ཙམ་མོ། །བོད་ཡུལ་འདིར་མར་དོས་མཛད་པ་སོགས་འགྲེལ་པ་མང་པོ་ལས། དེའི་སློབ་མ་ལ་ཡགས་པའི་འགྲེལ་ཆེན་དང་། ཕྱིས་མཁན་ཆེན་བུ་སྟོན་པའི་འགྲེལ་བའི་སྟེང་ནས་བཤད་པ་ལེགས་པར་ཁོ་བོས་བླ་མ་ལས་ཐོས་པ་དང་། རྒྱ་འགྲེལ་གྱི་ནང་ནས་སེམས་འགྲེལ་གྱི་བཤད་པ་ནགས་ཀྱི་རིན་པོ་ཆེས་རྒྱལ་དབང་རྗེ་ལ་གནང་བ་རྣམས་གཞན་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ། ཇོ་བོ་ནཱ་རོ་པས་ལོ་ཙཱ་བ་ཆེན་པོ་ཆོས་ཀྱི་བློ་གྲོས། དེས་དཔལ་བཤད་པའི་རྡོ་རྗེ་ལ་གནང་སྟེ། དེས་ཟླ་འོད་གཞོན་ནུ། ཕག་གྲུ། དེས་གླིང་ངམ། རས་ཆུང་བ། སུམ་པ་དེས་གླིང་། འདིས་རྩ་བའི་རྒྱུད་ཀྱི་འགྲེལ་པ་གསལ་བྱེད་སྒྲོན་མ་ཞེས་པ་གོང་མའི་གསུང་ཟིན་བྲིས་མདོར་བསྡུས་ཞིག་མཛད། དེ་དང་རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་གདམས་ངག་གཉིས་ལ་བསྟེན་ནས་རྒྱུད་འདི་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པ་དང་། རྗེ་རས་ཆུང་བའི་སློབ་མ་ཁྱུང་ཚང་པ་ནས་བརྒྱུད་ནས་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་གདམས་པ་ཡིད་བཞིན་གྱི་ནོར་བུ་རྣམ་པ་གསུམ་གྱིས་རྒྱུད་ཀྱི་དོན་ཐམས་ཅད་ལེགས་པར་འཆད་དོ། །བོད་ཀྱི་བཤད་རྒྱུན་ཕལ་མོ་ཆེ་མཆོག་གཟིགས་རྣམ་པ་གཉིས་ལས་བརྒྱུད་པར་འདུག་ལ། དཔལ་ཏིལ་བརྡུང་ཞབས་ཀྱིས་སངས་རྒྱས་ཉིད་དང་། ཡུམ་ཡེ་ཤེས་མཁའ་འགྲོ་མ་དང་། ཕྱག་ན་རྡོ་རྗེ་གསུམ་ཀ་ལ་དངོས་སུ་གསན། ཐུན་མོང་མིའི་བླ་མ་ཀླུ་སྒྲུབ། སུ་མ་ཏི། རྡོ་རྗེ་དྲིལ་བུ་པ། ལ་བ་པ། ནག་པོ་སྤྱོད་པ། དེའི་སློབ་མ་རྣམ་རྒྱལ་ཞབས་སོགས་ལས་གསན་པས་ཉེ་བརྒྱུད་རིང་བརྒྱུད་གང་བྱས་ཀྱང་ཆོག་པ་ལས་བདག་ཅག་ཉེ་བརྒྱུད་འདེད། གཞན་རྣམས་རིང་བརྒྱུད་འདེད་པར་སྣང་ངོ་། །ཡང་། ཤ་བ་རི་དབང་ཕྱུག་ནས་མཻ་ཏྲི་པར་བརྒྱུད་པ་འདི་ལ་རྒྱུད་དོན་རིན་པོ་ཆེ་རྣམ་པ་ལྔས་བཤད་པ་ཞིག་ཡོད་པ་ནི། རྗེ་རས་ཆུང་པ་ལ་རྗེ་བཙུན་ཆེན་པོས། བདེ་ཆེན་གསང་བའི་ཕུག་པར་ཁྱོད་ཀྱི་ཐ་མའི་གདུལ་བྱ་ཡོད་ཅེས་ལུང་བསྟན་པ་ལྟར་རས་ཆུང་པས། རྗེ་ཆོས་ཀྱི་གྲགས་པ་ལ་ཕྱིས་གནང་སྟེ་སྙན་བརྒྱུད་ཕྱི་མར་གྲགས་པའོ། །དཔལ་ནགས་རིན་གྱིས་ཤ་བ་རི་ལས་གསན། རྣལ་འབྱོར་ཡན་ལག་དྲུག་པ་དང་། ལྕེ་རྩེ་རྐན་སྦྱར་ཞེས་པ་དེའི་བསྡུས་སྒོམ་ངོ་མཚར་བ་དང་བཅས་པ་པཎ་ཆེན་སྙན་རྒྱུད་དུ་གྲགས་པའོ། །དེ་དག་རྩ་རྒྱུད་དེ་ཉིད་ཀྱི་རྗེས་སུ་འབྲངས་ལ། གཞན་ལཱུ་ཡི་པའི་སྒྲུབ་ཐབས་ནི་ཀུན་སྤྱོད། དྲིལ་བུ་པའི་ཕྱི་དཀྱིལ་ལྷ་ལྔ། ཡིག་བདུན། ལུས་དཀྱིལ་གྱི་སྒྲུབ་ཐབས། དབང་གི་བྱ་བ་མདོར་བསྡུས། ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྫོགས་རིམ་རིམ་པ་ལྔ། འདིའི་རང་འགྲེལ་དུ་གྲགས་པ་རྣམས་ཀྱང་གཙོ་བོར་བཤད་པའི་རྒྱུད་ལ་བརྟེན་ནས་མཛད། ནག་པོ་སྤྱོད་པའི་གཞུང་དྲུག་ཅེས་འདོད་པའི་བསྐྱེད་རིམ་གྱི་གཞུང་། མངོན་སྤྱོད་དང་རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའི་དབང་ཆོག རྡོ་རྗེ་མཁའ་འགྲོ་དང་སམ་བུ་ཊ་ལ་བརྟེན་ནས་སྒྲུབ་ཐབས། སྦྱིན་སྲེག་གི་གཞུང་འདི་མར་དོས་བྱས་ཀྱང་ཟེར་དེ་ལྟ་ན་གཞུང་ལྔ། ཕ་མའི་གླེང་གཞི་གཅིག་ཏུ་སྟོན་པ་གསང་བའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ། མའི་རྫོགས་རིམ་འདིའི་གླེང་གཞི་དང་མཐུན་པར་སྟོན་ཅིང་དགྱེས་རྡོར་མངོན་བརྗོད་གཉིས་ལ་བརྟེན་པ་རིམ་པ་བཞི་པ། བདེ་མཆོག་རང་གི་རྫོགས་རིམ་ཐུན་མོང་མ་ཡིན་པར་དཔྱིད་ཐིག་གོ །དེ་ལྟ་བུའི་ལོ་དྲིལ་ནག་པོ་གསུམ་བོད་ན་གྲགས་ཆེའོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་དེ་ཁོ་ན་ཉིད་སྙིང་པོའི་སྒྲུབ་ཐབས། རིག་ལྡན་ཁྱབ་འཇུག་སྦས་པས་ཕག་མོ་བཅུ་གསུམ་མའི་སྒྲུབ་ཐབས་གཉིས་ནི་རྩ་རྒྱུད། བདག་ཅག་ལ་འདི་གཉིས་ནགས་རིན་ལས་འོངས་སོ། །ནགས་རིན་ནས་བརྒྱུད་པའི་བཤད་ཀའི་གཙོ་བོ་མཆོག་གཟིགས་གཉིས་ལ་ཐུག་པར་སྣང་ངོ་། །གཞན་ཡང་ལ་བ་པ་ལ་སོགས་པའི་ཡི་གེའི་རིགས་བཤད་པའི་རྒྱུད་ཀྱི་འགྲེལ་པ་སྒྲུབ་ཐབས་སོགས་བསྣན་ན་གསང་སྔགས་འགྱུར་བ་ཅིག་ལ་བདེ་མཆོག་མང་བར་སྣང་ངོ་། །རྒྱུད་འདི་ལ་འགྱུར་མང་ཞིང་དེ་ཙམ་མ་ཟད་རྒྱ་དཔེ་རང་ལ་ཡང་དུ་མ་སྣང་བས། མཚན་སོགས་ཀྱི་ཐད་དུ་མི་མཐུན་པ་མང་ཡང་། རང་ལུགས་ནཱ་རོ་ཞབས་དང་མར་པས་བསྒྱུར་བ་ཚད་མ་སྟེ། ཡིད་ཆེས་ཚིག་ནི་མི་བསླུ་བ། །ཞེས་འབྱུང་བས་སོ། །དེ་ལ་སྐབས་སུ་བབ་པའི་བཤད་བྱ་འདིའི་གཞུང་ཚོགས་སྒྲ་སྤྱིའི་རྣམ་པ་ལ། ཏནྟྲ་རཱ་ཛ་ཤྲཱི་ལ་གྷུ་སཾ་བ་ར་ནཱ་མ། ཏནྟྲ་ནི་རྒྱུད་དོ། །དེ་ལ་ངོ་བོ་དང་། དབྱེ་བ་དང་། ངེས་ཚིག་གོ །ངོ་བོ་ནི། མངོན་བརྗོད་འབུམ་པར། སྟོང་ཉིད་སྙིང་རྗེ་གཅིག་གྱུར་པ། །རྒྱུད་གང་ལས་ནི་རབ་བསྟན་ཅིང་། །འཇིག་རྟེན་མགོན་པོ་སྒྲུབ་བྱེད་པ། །རྒྱུད་དེ་སངས་རྒྱས་ཀྱིས་བསྟན་པའོ། །ཞེས་དང་། ཕྱག་ན་རྡོ་རྗེའི་འགྲེལ་པར། འདིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ནི་བརྗོད་པར་བྱ་བའོ། །ཞེས་གསུངས་པ་དེ་ཡིན་ལ། དེའི་དབྱེ་བ་ནི། དངོས་པོའི་གནས་ལུགས། ལམ། འབྲས་བུ་སྐྱེ་བའི་རིམ་པ་ཞེས་པའི། དངོས་པོའི་གནས་ལུགས་འཇོག་པ་འདི་ལ། སྒྱུ་མ་ལྟ་བུ་བ་རྣམས་ཀྱིས། རང་བཞིན་ཤེར་ཕྱིན་ཞེས་བཏགས་ནས། དེ་གང་ཡིན་ཞེ་ན། འབྲས་བུ་ཤེར་ཕྱིན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའོ། །ཞེས་སྨྲའོ། །འབྲས་བུ་དེ་ཉིད་དུ་བཤད་ན། དེ་ནི་གློ་བུར་གྱི་དྲི་མས་དག་ལ། ཅིག་ཤོས་དེ་དང་བཅས་པའོ། །གཞན་དུ་བརྗོད་ན་དེ་གློ་བུར་གྱི་དྲི་མས་བཏང་ན་ངོ་མ་འགྱུར་བ་ཉིད་འབྲས་བུ་ཤེར་ཕྱིན་ཡིན་ལ། དཔེར་བགྱིས་ན། ཟླ་བ་གཟས་གཟུང་བ་དང་བཏང་བ་ལྟ་བུའོ། །དེ་ལྟ་བུའི་རང་བཞིན་དེ་ཉིད་བཅོས་མའི་ཆོས་ཐམས་ཅད་དང་མི་ཕྱེད་པའི་ཆ་ནས་ཆོས་དབྱིངས། ཆོས་ཉིད་ཅེས་བཏགས་ལ། ཐ་སྙད་དུ་འབྱེད་ན་ཆོས་དང་དབྱིངས། སྣང་བ་དང་རང་བཞིན་ཞེས་བྱའོ། །དེ་ཁ་འདིར་སྟོན་པས་འདི་ལ་རྣལ་འབྱོར་མའི་རྒྱུད་ཅེས་བཞག་སྟེ། བཀའ་ཡང་དག་པའི་ཚད་མར། ལོ་ཙཱ་བ་ཆེན་པོས། འོ་ན་མའི་རྒྱུད་ཅེས་བྱ་བར་མཚན་འཇུག་པ་ཇི་ལྟ་བུ་ཞེ་ན། དོན་གྱི་མ་སྐྱེ་མེད་རང་གི་མཚན་ཉིད་མངོན་སུམ་དུ་སྟོན་པའི་ཐབས་དང་། དེ་ལ་གོམས་ཤིང་འདྲིས་པའི་ཐབས་སྟོན་པ་དང་། འབྲས་བུར་ཡང་དོན་གྱི་ཡུམ་ཆེན་མོ་དེ་འཆར་བས་མའི་རྒྱུད་དོ། །དེ་ཡང་། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དོ། །ཞེས་སོ། །ཞེས་གསུངས་པས་སོ། །དེས་ན་ཕར་ཕྱིན་དུ་ཡང་གཞི་འབྲས་དབྱེར་མེད་བཤད་པ་དང་། བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་ལམ་དག་ལ་དེ་སྒྲ་ཉིད། །ཅེས་པས་གཞི་འབྲས་དབྱེར་མེད་དེ་ལ་སྦྱོར་བས་ལམ་འབྲས་སམ། གཞི་ལམ་དབྱེར་མེད་ཀྱང་བརྗོད་དོ། །དེ་བས་ན་རྒྱལ་ཚབ་ཆེན་པོས། །དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས། རྒྱུ་མཚན་འདིས་བདེ་གཤེགས་སྙིང་པོར་ཡང་སོང་ལ། ཐ་སྙད་འདི་ལྟ་བུ་ལ་བརྟེན་ནས་རང་བཞིན་གྱི་རྒྱུད་ཅེས་བསྙད་དོ། །དེ་རྟོགས་པར་བྱེད་པའི་གཞི་ཡིན་པས་གཞི་རྒྱུད། ཡང་ཐལ་རང་དབུ་མ་པས་ཀྱང་ཐ་སྙད་འཇོག་པའི་ཚེ། གཞི་དབུ་མ་ཞིག་སྟོན་དགོས་ལ། དེ་ནི་ཆོས་གང་ཡང་རུང་བ་ཞིག་གི་སྟེང་དུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ངོ་མ་གཟིགས་བདག་ཅག་རང་གིས་རྫུན་མ་ཞིག་མཐོང་། དེས་ན་དང་པོ་དོན་ལ་བདེན་པས་དོན་དམ་བདེན་པ། གཉིས་པ་བློ་ངོར་བདེན་པས་ཀུན་རྫོབ་བདེན་པ། གཞི་སངས་རྒྱས་ཀྱི་གཟིགས་པ་ཇི་ལྟ་བ་དེ་ལ་བྱེད་པས་དག་པ། དེའི་དབང་གིས་རང་བཞིན་རྣམ་དག་བཟོ། བདག་བློ་ལ་ལྟོས་ནས་གློ་བུར་དྲི་བཅས། ཅུང་ཟད་དཔྱད་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡུལ་ཡུལ་ཅན་གཉིས་མེད། ཡོད་ན་དེ་གཉིས་སྣང་ཅན་དུ་ཐལ་བར་འགྱུར་བས་དང་། ལྟོས་པས་གཉིས་བཟོ་བ་དེ་ཡང་བདག་ཅག་རྣམས་རང་གིས་སྤོམ་ཚོད་བྱས་པ་ཡིན་ནོ། །དེ་བས་ན་དབྱེར་མེད་ཅེས་བཞག་སྟེ། འཇུག་པར། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པ་མིན། །ཞེས་པས་སོ། །དེས་ན་ཀླུ་སྒྲུབ་སངས་རྒྱས་ལ་ཡེ་ཤེས་མི་མངའ་བ་དང་། སངས་རྒྱས་ཉིད་ཡེ་ཤེས་སུ་འཇོག་པ་ཡིན་ནོ། །བདག་ཅག་གི་བློས་གཟུང་བ་དེ་བཅོས་མ་ཡིན་པས་སེལ་དུ་རུང་བས་རྒྱུ། སངས་རྒྱས་ཀྱི་གཟིགས་པ་དེ་རང་བཞིན་ཡིན་པས་བསལ་དུ་མི་རུང་བའི་ཕྱིར་མི་འཕྲོག་པ་སྟེ་འབྲས་བུ་གཞི་གཅིག་ལ་དེ་གཉིས་ཀ་འདུ་བས། སྟོང་ཉིད་གཟུང་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །ཞེས་དང་པོའི་སངས་རྒྱས་ལས་བཤད་དོ། །འདིའི་དབང་གིས་རྒྱུའི་རྒྱུད་ཅེས་པའི་ཐ་སྙད་ཀྱང་བཏགས་སོ། །གང་གིས་སེལ་བ་སྟེ་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ཐབས་ཀྱི་རྒྱུད་དེ། ལོ་ཙཱ་བ་ཆེན་པོས། ཕྱག་རྒྱ་ཆེན་པོ་རྟོགས་པའི་ཐབས་དང་། འབྲས་བུ་ཡང་བདེ་བར་འཆར་བས་ཕྱག་རྒྱ་ཆེན་པོའི་རྒྱུད་ཅེས་སོ། །དེ་ཡང་། ཕྱག་རྒྱ་ཆེན་པོ་རབ་སྦྱོར་བ། །གང་ཕྱིར་དེ་ཉིད་ལ་འཇུག་པ། །ཞེས་གསུངས་པས་སོ། །ཞེས་སོ། །གཞི་དེ་ལ་ཟུང་འཇུག་རབ་ཏུ་མི་གནས་པ་རང་གཞུང་དུ། ཀུན་རྫོབ་ཀྱི་རང་བཞིན་དང་། དོན་དམ་པའི་རང་བཞིན་གཉིས། དང་པོ་ལ་ལུས་ཀྱི་གནས་ལུགས་གཉིས་པ་ལ་སེམས་ཀྱི་གནས་ལུགས་ཞེས་བཞག ལུས་ཀྱི་གནས་ལུགས་དེ་མི་ཤིགས་པ་རྩ་རླུང་ཐིག་ལེ་གསུམ་གང་དུ་ཡང་བཞག་ཆོག་པའི་དྭངས་མ་དང་བཅས་པ་དེ་ལ་བྱེད་ཅིང་། དེ་རྒྱུའི་རྒྱུད་ངོ་ཏི་མིན། རྨོངས་པ་དང་བཅས་པའི་ཆ་ཡིན་པས་རྣམ་པར་ཤེས་པའི་ཁམས་འཁོར་བའི་རྒྱུ། དེ་ཡང་ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་དང་། རྒྱུད་ནི་རྒྱུན་ཆགས་ཞེས་བརྗོད་དེ། །འཁོར་བ་རྒྱུད་དུ་འདོད་པ་སྟེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་རྒྱུད་ལས་གསུངས་པ་བཞིན་ནོ། །དེ་ཡང་གཞན་སྟོང་མཁན་པོ་དག་གི་འདོད་པ་བཞིན་སང་རྣམ་ཤེས་ཀྱི་ཆ་གཏན་མེད་དུ་མི་འགྲོ་ལ། གནས་འགྱུར་བས་ཡིད་བཞིན་གྱི་ནོར་བུ་བྱི་དོར་བྱས་པ་ལྟ་བུ། དོན་བློ་བུར་དྲི་བཅས་ཀྱི་དེ་བཞིན་ཉིད་དོ། །རྒྱུའི་རྒྱུད་ངོ་མ་ཇོ་བོ་ནཱ་རོ་པ་ཡབ་སྲས་གཉིས་ཀྱིས་མཚན་ཉིད་གསུམ་ལྡན་དུ་བཤད་དེ། བཀའ་ཡང་དག་པའི་ཚད་མར། དེ་ཡང་སེམས་ཉིད་རྣམ་མེད་དག་པ། གསལ་བ། ཟུང་འཇུག་གཉིས་སུ་མེད་པ་སྟེ། ད་ལྟར་གྱི་སེམས་དངོས་པོའི་གཉུག་མ་ཐམས་ཅད་ལ་གསལ་བར་ཡོད་པ་འདི་གློ་བུར་མ་རིག་པས་བསྒྲིབས་ནས་གནས་ཏེ། དཔེར་ན་དུད་སོལ་བས་བྱུགས་པ་ལྟ་བུའམ། མར་མེ་རྫ་མས་བསྒྲིབས་པ་བཞིན་ནོ། །ད་ལྟར་གྱི་ཤེས་པ་ཅི་སྐྱེས་ཐམས་ཅད་འཁྲུལ་པ་དྲི་མ་ཀུན་རྫོབ་རྫུན་པ་སྟེ་དེ་ཕར་བཞག་ནས། རྣམ་པ་ཐམས་ཅད་ནུབ་པའི་ཤེས་པ་གསལ་བ་བདེ་སྟོང་གཉིས་མེད་ཀྱི་ངོ་བོར་གནས་པའོ། །བདེ་སྟོང་གཉིས་མེད་དེ་ལ་དངོས་པོ་དང་། དངོས་པོ་མེད་པ་དང་། གཟུང་འཛིན་ལ་སོགས་པས་སྟོང་ལ། གསལ་བ་དེའི་རང་བཞིན་བཙལ་ན་ཅིར་ཡང་མ་གྲུབ་པ་དེ་ཉིད་གསལ་བར་འདུག་སྟེ། དེའི་རོ་བདེ་བར་གནས་ཀྱང་བདེ་ཆེན་དུ་གཟུང་རྒྱུ་མེད་པ་སྟོང་པར་འདུག་ཀྱང་སྟོང་པ་ཞེས་བྱ་བ་རང་དུ་ཡང་མ་གྲུབ་སྟེ། བདེ་སྟོང་གཉིས་མེད་དུ་གནས་པའོ། །ཞེས་གསུངས། འདི་རྒྱལ་དབང་རྗེས། སྣང་ཙམ་དུ་མི་འགགས་པ་རྟེན་འབྲེལ་གྱི་གཞི། རང་བཞིན་གྱིས་མ་གྲུབ་པ་སྟོང་ཉིད་ཀྱི་གཞི། ཐ་དད་དུ་མི་གནས་པ་ཟུང་འཇུག་གི་གཞི། ཕྱོགས་ཆ་དང་བྲལ་བ་ཁྱབ་གདལ་གྱི་གཞི། ཞེས་གསུངས་ལ། ཟུང་འཇུག་ལ་ཆ་གཉིས་སུ་བཤད་པ་ནི་སློབ་པ་དང་མི་སློབ་པའི་དབང་དུ་མཛད་དོ། །དེ་ཡང་བོ་དོང་པ་དང་མི་ཤིགས་པ་དྭངས་མ་གསུམ་ལྡན་བཤད་ཁྱེར་མཐུན། དེ་དག་དེ་གཞི་རྒྱུད་ངོ་མར་འདོད་ཅིང་། འདིར་རྣམ་པར་ཤེས་པའི་ཁམས་གློ་བུར་དྲི་བཅས་ཀྱི་ཆ་ལ་བཞག་པས་ཁྱད་ཡོད་ཅིང་། འདིའི་གཞི་རྒྱུད་ངོ་མ་རང་བཞིན་རྣམ་དག་གི་ཆ་ལ་བྱེད། དེ་བས་ན་གཞི་འབྲས་དབྱེར་མེད་དུ་འགྲོ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པ་དེ་ཡིན་པ་དང་། གཞན་དུ་མི་འགྱུར་བ་དེ་རྣམ་ཤེས་གནས་གྱུར་པ་འབྲས་བུར་འཇོག་དགོས་པས་སོ། །ཐིག་ལེ་སྐོར་གསུམ་དུས་འཁོར་སོགས་སུའང་གློ་བུར་བས་བསྒྲིབས་པ་དེ་རྣམ་པར་ཤེས་པའི་ཁམས་སུ་བཤད་པ་ཡིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་གཞི་ལམ་འབྲས་བུ་ཞེས་ཆོས་སྤྱི་ལ་གྲགས་པའོ། །ངེས་ཚིག་ནི། འབྲེལ་པ་དང་། བྲེང་ཆགས་པ་དང་། ཚོགས་པས་ན་རྒྱུད་དོ། །ཞེས་ལོ་ཆེན་གསུང་བས་འབྲེལ་བའི་དོན། གཞི་དེ་ལྟ་བུ་ཡིན་པས་ལམ་དུ་གཏན་ལ་འབེབས་པ་གཞི་ལམ་གྱི་འབྲེལ་པ། ལམ་དུ་དེ་ལྟར་གཏན་ལ་ཕབ་པས་འབྲས་བུ་མངོན་དུ་གྱུར་པས་ལམ་དང་འབྲས་བུའི་འབྲེལ་བ། བྲེང་ཆགས་པ་ནི་མཐར་ཆགས་ཏེ། ཐོག་མ་དང་དབུས་དང་མཐའི་རིམ་པས་གཞི་ལམ་འབྲས་བུའི་གོ་རིམ་མོ། །ཚོགས་པ་ནི། རྒྱུད་དེར་གཞི་ལམ་འབྲས་བུ་ཐམས་ཅད་འདུས་པའོ། །རཱ་ཛ་ནི་དེ་ཐམས་ཅད་ཀྱི་ཡང་སྙིང་ཡིན་པས་སམ། རྣམ་རྟོག་ཐམས་ཅད་ཟིལ་གྱིས་གནོན་པས་སོ། །ཤྲཱི་ནི་གཉིས་མེད་དེ། རྒྱུ་འབྲས་ལྷུན་གྲུབ་ཏུ་ཁྱེར་བའོ། །དེ་ཡང་བདེ་བ་ལམ་བྱེད་ཀྱི་ཡིན་པས། སམ་བ་ར་ཏེ། ཁ་སྦྱོར་རྒྱུད་ཕྱིར། དེ་ནས་སྡོམ་པའི་སྒྲས་བརྗོད་པར་བྱ་སྟེ། སམ྄་ཞེས་བྱ་བ་ནི་བདེ་བའོ། །བ་ར་ཞེས་བྱ་བ་ནི་ཁྱད་པར་འཕགས་པ་ཞེས་བྱ་བའི་དོན་ནོ་ཞེས་སོ། །དེ་དོན་རྒྱས་ཀྱང་རྗོད་ཚིག་ཉུང་ངུས་ལ་གྷུའོ། །ནཱ་མ་མིང་སྟེ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་མིང་ཅན་རྗོད་བྱེད་སྒྲ་སྤྱིའི་རྣམ་པ་དེ་ཡང་རྗོད་པར་བྱེད་པ་དེ་ཉིད་དང་གཉིས་སུ་མི་ཕྱེད་ལ་གཉིས་སུ་དབྱེར་རུང་བ་ནི། དེ་ཡི་བགྲོད་པ་བསམ་ཡས་ཤིང་། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །ཅེས་པས་བསྟན་པ་སྟེ། དབང་རྣོན་མཚན་གྱིས་རྒྱུད་ཀུན་གོ་བ་གསང་ཆེན་རིགས་གཅིག་གི་དབང་དུ་བྱས་སོ། །གསུམ་པ་བཤད་བྱ་དེ་ཉིད་འཆད་བྱེད་ཅི་ལྟ་བུས་ལེགས་པར་སྟོན་པ་ནི། མདོར་བསྟན་སྤྲུལ་སྐུ། རྒྱས་བཤད་ལོངས་སྐུ། ཤིན་ཏུ་རྒྱས་བཤད་ཆོས་ཀྱི་སྐུ་ཡིན་པས་འདིའི་སྒོ་ནས་འཆད་དེ། ཀུན་སྤྱོད་ལས། མདོར་བསྟན་པ་ཡི་སྤྲུལ་པ་ཡིན། །རྒྱས་པ་ལོངས་སྤྱོད་རྫོགས་པར་བརྗོད། །སླར་རྒྱས་བསྟན་པས་མ་ལུས་ཉིད། །མྱ་ངན་འདས་པ་དེ་ཉིད་བསྟན། །ཞེས་གསུངས་པའོ། །འདི་ནི་ནཱ་རོ་ཞབས་ཀྱིས་དགྱེས་རྡོར་འགྲེལ་པར་ཡང་། ཇི་ལྟར་གྱུར་པ་མདོར་བསྟན་དང་། །རྒྱས་པར་བཤད་པ་གསལ་བར་བྱེད། །ཟབ་དོན་ཤིན་ཏུ་རྒྱས་བཤད་དང་། །རྒྱུད་ཀྱི་བཤད་པ་རྣམ་གསུམ་སྟེ། །རྡོ་རྗེ་ཐེག་པ་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་འདི་ཡབ་སྲས་ཀྱི་བཞེད་པས་ཁ་སྦྱོར་གསུམ་གྱིས་བཤད་པ་ཞེས་པའི་རྣམ་གཞག་མཛད། དེ་ལ་ཁ་སྦྱོར་གསུམ་ཟེར་བའི་རྒྱུ་མཚན། ཚོགས་བཤད་ཀྱི་དབང་དུ་བྱས་པ་དང་། སློབ་བཤད་ཀྱི་དབང་དུ་བྱས་པས་ཁ་སྦྱོར། དེ་རེ་རེའང་དབང་མདོར་བསྟན་དུ། རྒྱུད་ལ་མདོར་བསྟན་རྣམ་གསུམ་དང་། །རྒྱས་པར་བཤད་པ་གསུམ་དུ་འགྱུར། །ཞེས་པས། མདོར་བསྟན་ཆུང་ངུ་། མདོར་བསྟན། མདོར་བསྟན་ཆེན་པོ་སྟེ་མདོར་བསྟན་གསུམ། རྒྱས་བཤད་ཆུང་ངུ་། རྒྱས་བཤད། རྒྱས་བཤད་ཆེན་པོ་གསུམ་གསུམ་གྱིས་ཏེ། ཀུན་སྤྱོད་ལས། བསྟན་པ་རུ་ནི་ཇི་སྐད་གསུངས། །བཤད་པ་ཡང་ནི་དེ་བཞིན་ནོ། །སོ་སོར་བསྟན་པ་མ་ལུས་ཉིད། །བརྡ་ཡི་ཆོ་ག་རྒྱས་པ་ཡིན། །ཞེས་པས་སོ། །འདི་ལ་ཚོགས་བཤད་སློབ་བཤད་གཉིས་འདོད་པ་ཡང་། མངོན་བརྗོད་འབུམ་པར། འཇིག་རྟེན་ཀུན་རྫོབ་བདེན་པ་ཡི། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་དང་། །རྣམ་རྟོག་སྒོམ་པ་རབ་ཏུ་གསུངས། །དོན་དམ་བདེན་པས་གསུངས་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །སྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལ་འགྲེལ་པར་རྒྱུད་སོ་སོར་བཞག་པའི་ངེས་པའོ། །ཞེས་འབྱུང་བས་སོ། །སྒྲོན་གསལ་ལས། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུ་གང་འགྱུར་དང་། །ཡི་གེའི་དོན་དང་སྤྱི་དོན་གྱིས། །ཚོགས་པ་ལ་ནི་བཤད་པར་བརྗོད། །ཞེས་ཚོགས་ཆེན་པོར་དབྱུང་བར་འོས་པས་ཚོགས་བཤད། དེ་ཡང་འདི་ཉན་པའི་སྣོད་རུང་མང་བ་ལ་དགོངས་ཀྱི། འདི་ཡང་གང་ཟག་ཐམས་ཅད་ལ་སྟོན་དུ་མི་རུང་སྟེ། སྣོད་མིན་ལ་བསྟན་ན་གསང་སྒྲོག་ཏུ་འགྱུར་བས་སོ། །དེ་ཡང་གང་ཞེ་ན། མཐའ་དྲུག་ལས། སྒྲ་ཇི་བཞིན་པ། དགོངས་མིན། དྲང་དོན་དང་གསུམ་ལ། བཤད་པའི་ཚུལ་བཞི་ལས། ཡི་གེའི་དོན། སྤྱིའི་དོན་གཉིས་ཞུགས་པའི་སྒོ་ནས་རྒྱུད་བཤད་པའོ། །སྒྲ་ཇི་བཞིན་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་དང་། སྔགས་བཟླ་བ། ཕྱག་རྒྱ། རྟོག་པའམ་ལས་ཚོགས་དང་། ལས་དང་པོ་པ་ལ་སོགས་པའི་སྤྱོད་པ་སྟེ། མདོར་ན། ཚིག་དེ་ཉིད་ཀྱིས་དོན་རྗེན་པར་སྟོན་པ་དག་གོ །དེ་ཡང་སྒྲ་ཇི་བཞིན་པ་ལ་སྤྱི་དོན་ཞུགས་པ་སྟེ། གཞན་དུ་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བར་བཤད་པ་ལྟ་བུ་སྒྲ་ཇི་བཞིན་པ་རྐྱང་པའོ། །འདི་ལ་མཎྜྻལ། མཎྜྻལ་དཀྱིལ། ལཱ་ལེན་པས་སྙིང་པོ་ལེན་པས་དཀྱིལ་འཁོར་ཞེས་བརྗོད་པ་ལྟ་བུ་སྤྱི་དོན་གྱི་ཁར་ཡིག་དོན་ཞུགས་པར་སོང་། མ་ཞུགས་ན་དཀྱིལ་འཁོར་ནི་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཞེས་པ་ལྟ་བུ། དགོངས་མིན་ནི། དབང་རཏལ་ལ། བདག་མེད་སྟོང་པ་འོད་གསལ་ཞེས་སོགས་གསལ་པོར་བསྟན་པ་ལྟ་བུ། དྲང་དོན་ནི། དོན་དམ་པ་སྦས་ནས་བཅོས་མའི་སྒོམ་པ་སོགས་སྟོན་པ་སྟེ། རྡོ་རྗེ་སྙིང་འགྲེལ་དུ། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་པ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཞེས་པ་ལྟ་བུ། ཡིག་དོན་ནི་སྒྲའི་བསྟན་བཅོས་ལ་གཞོལ་བའོ། །སྤྱི་དོན་མདོ་སྡེ་དང་ཐུན་མོང་བ་དང་། བསྐྱེད་པའི་རིམ་པའི་ཕྱོགས་སོ། །སློབ་མ་དབང་པོ་རྣོན་པོ་རེ་རེ་ཙམ་ལ་བཤད་པ་ནི་སློབ་བཤད་དེ། འདི་ཡང་འདིའི་སྣོད་རུང་ཉུང་བ་ལ་དགོངས་ནས་ཡིན་གྱི། སྣོད་དུ་རུང་བ་འབའ་ཞིག་ན་བྱེ་བ་ཕྲག་མང་པོ་ལ་བཤད་ཆོག་སྟེ་རིགས་ལྡན་གྲགས་པ་བཞིན་ནོ། །དེ་ལ་ལྷག་པོར་བཤད་རྒྱུ་ཡང་། སྒྲོན་གསལ་དུ། ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་པའི་སྒྲ་ཇི་བཞིན་མ་ཡིན་པ་ནི། འཇིག་རྟེན་པ་དང་བསྟན་བཅོས་ལ་མ་གྲགས་པ་དེ་བཞིན་གཤེགས་པས་བརྡས་གསུངས་པ། སྐྱེས་པ་ལ་ཌཱ་ཞེས་པ་ལྟ་བུའོ། །དགོངས་ཏེ་བཤད་པ་ནི། བརྗོད་རྒྱུ་དེ་རྗོད་བྱེད་འགལ་བ་ཞིག་གིས་བསྟན་པ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་ལྟ་བུའོ། །ངེས་པའི་དོན་ནི་སྐལ་བ་མཆོག་ལ་ཟབ་མོའི་གནས་སྟོན་པའོ། །སྦས་དོན་ནི་འདོད་ཆགས་ཀྱི་སྤྱོད་པ་དང་། སྒྱུ་ལུས། སེམས་དབེན་སྟོན་པ། མཐར་ཐུག་ནི་འོད་གསལ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་རྣམས་སྟོན་པའོ། །དེ་བས་ན་མཐའ་དྲུག་ལ་ཚུལ་བཞི་ཞུགས་པ་རྡོ་རྗེ་ཐེག་པ་ཁོ་ན་ལ་གྲགས་པ་དང་། མ་ཞུགས་པ་མདོ་སྡེ་བཤད་པ་ལ་ཡང་དགོས་སོ། །དགོངས་བཤད་དང་དྲང་དོན་གྱི་ཁྱད། དང་པོ་སྒྲའི་སྒོ་ནས། གཉིས་པ་དོན་གྱི་སྒོ་ནས་བཞག་པའོ། །དགོངས་པ་ཅན་དང་སྒྲ་ཇི་བཞིན་པ་མ་ཡིན་པའི་ཁྱད། དང་པོ་ཚིག་དེ་འགལ་བ་དང་། གཉིས་པ་གྲགས་པ་མ་ཡིན་པ། དགོངས་པ་ཅན་དང་སྒྲ་ཇི་བཞིན་པའི་ཁྱད། སྒྲ་ཉིད་ལ་འགལ་བ་དང་འགལ་བ་མ་ཡིན་པ། ངེས་དོན་དང་དགོངས་པ་ཅན་མ་ཡིན་པའི་ཁྱད། དོན་ཉིད་དབང་པོ་རྣོན་པོ་དང་རཏལ་པོ་ལ་བཤད་པ། དགོངས་མིན་དང་སྒྲ་ཇི་བཞིན་པའི་ཁྱད། ཀུན་རྫོབ་སྟོན་པ་དང་དོན་དམ་སྟོན་པའོ། །དེ་བས་ན་ཚོགས་བཤད་ལ་དོན་དམ་པ་མེད་པའང་མ་ཡིན། སློབ་བཤད་ལ་ཀུན་རྫོབ་མེད་པའང་མ་ཡིན་ལ། འོན་ཀྱང་ཁྱད་པར། ལོ་ཙཱ་བ་ཆེན་པོས་བཀའ་ཡང་དག་པའི་ཚད་མར། རྫོགས་རིམ་ལ་ཚོགས་པ་ལ་བཤད་ན་རྩ་དང་རླུང་དང་། བྱང་ཆུབ་སེམས་དང་། བསམ་གྱིས་མི་ཁྱབ་པའོ། །སློབ་མ་ལ་བཤད་ན་དངོས་པོའི་གནས་ལུགས་དང་། ལམ་དང་། འབྲས་བུ་སྐྱེ་བའི་རིམ་པའོ་ཞེས་གསུངས་པས། རྫོགས་རིམ་ཐོ་རེ་ལོང་ངེ་བཤད་པ་དང་། མངོན་རྟོགས་སུ་བསྒྲིགས་ཏེ་སྟོན་པའི་ཁྱད་ཡིན། བསྐྱེད་རིམ་ལའང་བསྐྱེད་རྫོགས་མི་བསྲེ་བ་དང་བསྲེ་བའི་ཁྱད་ཡོད་དོ། །དེ་བས་ན་འགྲེལ་པར། དེ་ཡང་རྡོ་རྗེའི་ཚིག་མང་བ་ཉིད་ཀྱི་ཕྱིར་ཐར་པ་དོན་དུ་གཉེར་བའི་མཁས་པ་རྣམས་ཀྱིས་བླ་མ་དམ་པ་ཉེ་བར་བསྟེན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་བཤད་དང་། རྒྱུད་ཀྱི་རྒྱུད་གཞན་དུ་གསུངས་པས་ཤེས་པར་བྱའོ། །ཞེས་དང་། གང་གི་འདིར་བདག་ཡུལ་མིན་ལ། །གང་གི་ཆོས་ཉིད་མི་ཤེས་མིན། །རྫོགས་སངས་རྒྱས་དང་དེ་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཅེས་པས། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚིག་ལ་བརྟེན་ནས་བཤད་པ་ཉིད་ཚད་མའོ། །འདིར་དང་པོར་ཚོགས་བཤད་ཁོ་ན་སྟོན་ལ་ཕྱིས་སློབ་བཤད་ཀྱང་སྟེ། བློ་གསལ་དག་ལ་དེ་གཉིས་རྣམ་པར་འབྱེད་པའི་ནུས་པ་འོང་དུ་རེ་བས་སོ། །དེ་ལྟར་བཤད་པ་བྱེད་དགོས་པ་ཡང་གདུལ་བྱའི་དབྱེ་བས་ཏེ། དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །དང་པོར་སློབ་དཔོན་མཉེས་པར་བྱ། །སྒྲུབ་འདོད་ཤིན་ཏུ་མཉམ་བཞག་པས། །ཅི་མཉེས་པས་ནི་བླ་མ་མཆོད། །ཅེས་གཉིས་གསུངས་པའི་དང་པོ་སྔགས་ལ་གཞོལ་བ་དང་། གཉིས་པ་བསམ་གཏན་ལ་གཞོལ་བ། དེ་གཉིས་རིམ་པ་བཞིན་བསྐྱེད་པའི་རིམ་པས་རྒྱུད་སྦྱངས་ནས་གདོད་རྫོགས་རིམ་ལ་སློབ་པ་དང་། རྫོགས་པའི་རིམ་པ་ཉིད་ཀྱིས་རྒྱུད་སྦྱངས་ཆོག་པའི་དབང་གིས་རིམ་གྱིས་པ་དང་ཅིག་ཅར་བ་ཞེས་བྱ་བའོ། །དང་པོ་ལ་ཡང་དབང་པོ་རྣོ་རཏལ་གཉིས་སུ་ཕྱེ་བའི་ཚེ། དེའི་རྣོན་པོ་ནི་ཐོད་བརྒལ་བ་ཏེ། སྤྱིར་དབང་པོ་འབྲིང་པོ། དེ་བས་ན་གང་ཟག་གསུམ་དུ་འགྱུར་བའི་སྡོམ་འབྱུང་དུ། སྔོན་གྱི་དགེ་བ་ལ་ལྟོས་ནས། དབང་པོ་རཏལ་འབྲིང་རྣོན་པོར་འགྱུར། །ཞེས་གསུངས་ལ། དེ་དག་ལས་མཆོག་ཏུ་གྱུར་པ་འཛམ་བུ་གླིང་པ། ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་སུ་སྐྱེས་པ་སྟེ། དེ་ཉིད་དུ། གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །བླུན་རྨོངས་བྱེ་བྲག་མི་ཕྱེད་ཅིང་། །རྟོག་མེད་རྣམ་པར་དཔྱོད་བྱེད་པའོ། །འཛམ་བུའི་གླིང་དུ་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་ཉེས་པར་བྱས་པའི་ལས། །མཆོག་དང་འབྲིང་དང་ཐ་མ་རྣམས། །སྐྱེ་བ་སྔོན་གྱི་རྣམ་སྨིན་འདིར། །སྐྱེ་བོ་རྣམས་ལས་སྣང་བར་འགྱུར། །རྒྱགས་དང་སེར་སྣ་གདུག་སེམས་རྣམས། །གཡོ་སྒྱུ་མངོན་པའི་ང་རྒྱལ་དང་། །ཆགས་དང་གཏི་མུག་ལ་སོགས་ཀྱིས། །རིམས་དང་ནད་ལ་སོགས་པས་གཟིར། །འཛམ་བུའི་གླིང་པའི་གཙོ་བོ་མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། །ཞེས་གསུངས་པས་སོ། །དེས་ན་གདུལ་བྱའི་གཙོ་བོ་མིར་འཆད་པ་ནི། དེ་དག་རགས་པའི་ཁམས་ལུས་ཅན་ཡིན་ལ། དེའི་དབང་གིས་ཉོན་མོངས་པ་ཆེས་རགས་པས་ལམ་གཞན་གྱིས་གདུལ་མ་ཐུབ་པ་འདིས་འདུལ་བ་ཡིན་པས་རྩོད་དུས་ལྔ་བརྒྱ་ཐ་མར་མི་རྣམས་ལ་རྡོ་རྗེ་ཐེག་པ་འདི་དངོས་སུ་བྱོན་ཞིང་དར་བ་ཡིན་པས་ན། རྡོ་རྗེ་ཐེག་པའི་བསྟན་པ་ནི། གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་སྨྲས་པ་བབ་ཅོལ་དུ་ཟད་དོ། །གཉིས་པ་རྒྱུད་དངོས་བཤད་པ་ལ། ཚོགས་བཤད་དང་སློབ་བཤད་གཉིས་ལས། དང་པོ་ལ། ལེའུ་དང་པོས་མདོར་བསྟན། གཉིས་པ་ནས་བཞི་ཅུ་རྩ་དགུའི་བར་གྱིས་རྒྱས་པར་བཤད། ལྔ་ཅུ་རྩ་གཅིག་པས་དོན་བསྡུ་བ་གསུམ། དང་པོ་ལ། གླེང་སློང་གི་སྒོ་ནས་རྒྱུད་ཀྱི་དགོས་འབྲེལ་བསྟན། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གླེང་གཞི་བསྟན། ལམ་རྣམ་པར་ཕྱེ་བའི་སྒོ་ནས་མདོར་བསྟན་པ་གསུམ་ལས། དང་པོ་ནི། དེ་ནས་གསང་བ་བཤད་པར་བྱ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །བླ་མ་ལས་ཀྱང་བླ་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དེ་ཡང་། རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་གྱི་བར་མ་ཆད་པར་མཁའ་འགྲོ་མ་འཁོར་ལོ་བདེ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཤིན་ཏུ་ཟབ་པས་ན་གཞན་གྱིས་ནི་གླེང་སློང་བར་མི་ནུས་སོ། །ཞེས་དགོངས་ཏེ། ཉིད་ཀྱིས་རྡོ་རྗེ་ཕག་མོ་ལ་བོས་ནས་གླེང་སློང་བར་མཛད་པ་ཡིན་ཏེ། མངོན་བརྗོད་འབུམ་པ་ལས། བཅོམ་ལྡན་འདས་ཧེ་རུ་ཀས་རྡོ་རྗེ་ཕག་མོ་ལ་བོས་པར་འགྱུར་བ། ཀྱེ་རྡོ་རྗེ་ཕག་མོ། རྣལ་འབྱོར་ཉིད་དང་ཆོ་ག་ཡི། །ཡེ་ཤེས་རྒྱུད་དུ་བཤད་པ་ཉོན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གླེང་སློང་བར་མཛད་པ་ལ། དེ་ཉིད་དུ། སྲིད་གསུམ་བདག་ཉིད་ཧེ་རུ་ཀར། །རྡོ་རྗེ་ཕག་མོས་ཕྱག་བཙལ་ཏེ། །མངོན་པར་བརྗོད་པ་འབུམ་པའི་རྒྱུད། །རྡོ་རྗེ་སེམས་དཔའི་མཆོག་བདེ་ཅི། །ཞེས་གསོལ་བ་བཏབ་པར་གསུངས་པ་བཞིན། ཉུང་ངུའི་རྒྱུད་འདིའང་། མངོན་པར་བརྗོད་པ་འབུམ་པ་གསུངས་པའི་དེ་མ་ཐག་ཏུ་ཉིད་ཀྱིས་གླེང་བསླང་བ་ལ་རྡོ་རྗེ་ཕག་མོས་གསོལ་བ་བཏབ་པར་གྲུབ་བོ། །དེ་བས་ན་དེ་ནས་ཀྱི་སྐད་དོད། ཨ་ཐ་ཞེས་པ། བཀྲ་ཤིས་པ་དང་། དབང་དུ་བྱེད་པ་དང་། དེ་མ་ཐག་པ་དང་། ཚིག་ཕྲད་ཀྱི་དོན་དང་བཞི་ལ་འཇུག་པ་ལས། སྐབས་འདིར་དེ་མ་ཐག་པའི་དབང་དུ་བྱས་པའོ། །འདི་ལས་ཞེས་པའི་སྐད་དོད། ཨ་ཏཿཞེས་པ་རིམ་པ་དང་རྒྱུའི་དོན་ལས། དང་པོ་རྩ་བའི་རྒྱུད་འབྲིང་པོ་བཤད་པའི་རྗེས་ལ་ཡིན་པས་དང་། ཕྱི་མ་འདི་ལས་གསང་བ་ནི། དེ་ཉིད་བསྡུས་པའམ་མཉམ་སྦྱོར་རམ། །གསང་བའམ་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་དེ་དག་ཏུ་སྦས་པའི་དོན་ནོ། །མར་དོས། དེ་ཉིད་བསྡུས་པའམ་སྡོམ་པ་དང་། ཞེས་དང་། འོག་ཏུའང་། དེ་ཉིད་བསྡུས་ལས་གང་གསུངས་དང་། །དེ་བཞིན་མཉམ་སྦྱོར་ལས་གང་གསུངས། །གསང་བའི་རྒྱུད་ལ་ཡང་དག་བཤད། །དེ་བཞིན་དཔལ་མཆོག་དང་པོ་དང་། །རྡོ་རྗེ་འཇིགས་བྱེད་རྒྱུད་དུ་ནི། །ཞེས་གསུང་པའི་རྐང་པ་གཉིས་པའང་། དེ་བཞིན་བདེ་མཆོག་ལས་གང་གསུངས། །ཞེས་བསྒྱུར་བ་འགྱུར་མི་ལེགས་ལ། བརྗོད་དོན་ནི། དེའི་འགྲེལ་པར་ཡང་མཉམ་སྦྱོར་ལ་བཤད་པས་མཐུན་ནོ། །ས་མ་མཉམ་པ་ཡིན་པས། མཉམ་སྦྱོར་དུ་བསྒྱུར་བར་འགྱུར་ལེགས་སོ། །མདོར་བསྡུས་པ་དེ་རྒྱས་པར་མིན། ཚིག་ཉུང་ངུས་ཡིན་གྱི་དོན་རྒྱ་ཆུང་བས་ནི་མ་ཡིན་ནོ། །དེ་ནས་འདིར་གང་ལ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ཡོད་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་རྒྱུད་ཡིན་ལ། གང་ལ་མེད་པ་དེ་ནི་མ་ཡིན་ནོ། །ཞེས་ཚིག་འབྲུ་ལ་རྟོན་པ་འགའ་ཞིག་བསམ་པ་འབྱུང་བས། དེ་དག་གི་ཞེན་པ་བཟློག་པ་དང་། སངས་རྒྱས་ཀྱི་བསྟན་པ་ནི་རྟོན་པ་བཞི་ལས་དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པར་བྱ་ཡི་རྣམ་ཤེས་ལ་མ་ཡིན་པ་དང་། ངེས་པའི་དོན་ལ་རྟོན་པར་བྱ་ཡི་དྲང་བའི་དོན་ལ་མ་ཡིན་པ་དང་། ཆོས་ལ་རྟོན་པར་བྱ་ཡི་གང་ཟག་ལ་མ་ཡིན་པར་རྟོན་པ་དང་། ཆོས་གཅིག་ལ་མིང་དུ་མ་ཡོད་པ་ལ་དགོངས་ཏེ་ཨ་ཐ་ཞེས་གསུངས། དེ་དང་ཨེ་ཝཾ་བྱས་པ་དོན་ཁྱད་པར་མེད་དེ། བུད་མེད་ཀྱི་དངོས་པོ་གཅིག་ལ། བུ་མོ་ཞེས་བརྗོད་པ་དང་ན་ཆུང་མ་ཞེས་པའི་ཚིག་བཞིན་ནོ། །ཨེ་ཝཾ་ཞེས་པ་འདི་སྐད། དེ་ཡང་བཤད་བྱ་རིལ་པོ་ལ་སྙེག་པའི་ཚིག་ཡིན། ཨ་ཐ་ཞེས་པ་དབང་དུ་བྱ་བ་ལ་འཆད་པའི་ཚེ། མངོན་པར་བརྗོད་པ་འབུམ་སྡེར་བརྗོད་པ་ཀུན་ལ་སྙེག་པས་ཀྱང་ཤེས་སོ། །དེ་ཉིད་ཨེ་ཝཾ་དུ་ཡང་འགྱུར་ཏེ། འགྲེལ་པར། ཨ་ཡིག་སྟོང་པ་ཉིད་རྟོགས་པར་བྱེད་པ་བདུན་པའི་མཐའ་ཅན་ཨེ་ཡིག་ཏུ་འགྱུར་རོ་ཞེས་ཨེ་གྲུབ། ཐ་ནི་དེའི་གྲོགས་སྟོབས་ཀྱིས་ཝཾ་ཡིག་ཏུ་གྲུབ་བོ། །འགྲེལ་པར། གསང་བ་བྷ་ག་དང་། དཔལ་ཧེ་རུ་ཀ་ལིངྒ། ཡང་དག་སྦྱོར་ནི་གཉིས་གཉིས་སྤྲོད་པ་ལ་བཤད་པས་ཐབས་ཤེས་གཉིས་སུ་མེད་པས་སྔགས་དང་ཡེ་ཤེས་ཀྱི་སྐུ་བསྒྲུབ་པའི་ཆོ་ག་ཀུན་བསྟན་ནོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན་པ་ནི། དེས་མི་ཡུལ་པའི་བདེ་བ་རྣམས་ཀྱི་བླ་མ་ནི་འདོད་གཟུགས་གཟུགས་མེད་པར་སྤྱོད་པའི་བདེ་བའི་དངོས་གྲུབ་དང་། དེ་ལས་ཀྱང་བླ་མ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་འགྲུབ་པས་འབྲས་བུའི་ཞར་ལ་དགོས་འབྲེལ་ཀྱང་བཤད་པ་ཡིན་ནོ། །མཁའ་འགྲོ་མ་ཡི་ནི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནང་དུ་རྩ་སོ་དྲུག་ཡེ་ཤེས་དང་ཐུགས་གསུང་སྐུའི་དཀྱིལ་འཁོར་ལ་སོགས་པའི་སྒོ་བརྒྱད་པོ་རྣམས་ལ་གནས་པ། བདག་གི་གདན་ལ་སོགས་པའི་མིང་གིས་གསུངས་པ་ལྷག་མ་ཟ་བའི་དུར་ཁྲོད་ཀྱི་མཐར་ཐུག་པ་ཕྱིར་རི་རབ་ཀྱི་ཕྱོགས་བརྒྱད་པོ་རྣམས་དང་འཛམ་བུའི་གླིང་། ནང་སྤྱི་བོ་ལ་སོགས་པར་བསྟན་པའི་རྟེན་དེ་དག་གིས་བརྟེན་པར་གྱུར་བའོ། །དྲ་བ་སྡོམ་ནི། སྟོང་པའི་ཆོས་ཅན་ཀྱི་མཁའ་འགྲོ་མ། ཕག་མོ་དང་དེའི་རིགས་ལས་འབྱུང་བ་བཅུ་གཉིས་དམིགས་པ་མེད་པ་སྙིང་རྗེའི་སྐུ། དཔལ་ཧེ་རུ་ཀ་ཉིད་དང་ཉིད་ཀྱི་སྤྱན་བཅུ་གཉིས་དང་སྡོམ། དཔའ་བོ་ཉེར་བཞི་རྣལ་འབྱོར་མ་ཉེར་བཞི་དང་སྡོམ་པ་དང་། གཞན་འགྲེལ་པར། དེ་ལ་རེ་ཞིག་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་རྒྱུད་རྣམས་ཀཱ་ཡིག་ལ་སོགས་པ་ཡི་གེ་རེ་རེ་ལ་དབྱངས་ཀྱི་ཚོགས་དང་བཅས་པ། གཙོ་མོ་མ་གཏོགས་པ་སུམ་ཅུ་རྩ་དྲུག་གི་བདག་ཉིད་དང་། གཙོ་མོ་དང་བཅས་པས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དུ་འགྱུར་རོ་ཞེས་ཡི་གེ་སྡེ་པ་ལྔ། དེའི་སྟེང་དུ། སཔ་ཥ་ཤ་ྈྐ། ལ་ཝ་ར་ཡ། ཧ་ཀྵཿསྟེ་སོ་དྲུག ཀཱ་རྡོ་རྗེའི་རྒྱུད་ནས་ཀྵའི་རྡོ་རྗེའི་བར་གྱི་རྒྱུད་དང་དཀྱིལ་འཁོར་ཐ་དད་པ། དེ་བཞིན། དེ་ཉིད་དུ། རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གཙོ་བོ་ཡང་དེ་ཞེས་དང་། དེ་ལ་ཡང་གཙོ་བོ་བསྣན་པས་སོ་བདུན། དེ་ཉིད་དུ། ས་བོན་གཅིག་གིས་རྫོགས་པའི་དཀྱིལ་འཁོར་པར་འགྱུར་རོ། །ས་བོན་ཐ་དད་པ་སུམ་ཅུ་རྩ་དྲུག་གིས་བསྐྱེད་པའི་དཀྱིལ་འཁོར་ཐ་དད་པའི་རྒྱུད་ཀྱི་རིགས་སུ་འགྱུར་ཏེ། དེ་རྣམས་རིགས་གཅིག་ཏུ་རྟོགས་པར་བྱ་བ་ནི་མ་ཡིན་ནོ། །གང་གི་ཕྱིར། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་རིགས་སྣ་ཚོགས་པའི་བདག་ཉིད་ཀྱི་རྒྱུད་རྣལ་འབྱོར་པས་དོན་ལ་རྟོན་པ་ལ་རྟེན་ནས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་འཇིག་རྟེན་པའི་ཀུན་རྫོབ་ཏུ་མཁའ་འགྲོ་མའི་དྲ་བ་སྡོམ་པའོ། །ཞེས་སོ། །འདིས་བཤད་པའི་རྒྱུད་ལ་སོགས་པའི་རྒྱུད་དང་དེ་དག་ཏུ་བཤད་པའི་དཀྱིལ་འཁོར་ཐམས་ཅད་བསྟན་ཏེ། རིགས་བརྒྱ་ནས་བསམ་གྱིས་མི་ཁྱབ་པའི་བར་གྱིས་དཀྱིལ་འཁོར་དང་དེ་སྟོན་པའི་རྒྱུད་དང་སྔགས་རྣམས་བཤད་པས་སོ། །འདི་ཐབས་ཤེས་གཉིས་ཀྱི་ངེས་པར་མདོར་བསྟན་ཆུང་ངུའོ། །དཔལ་ཧེ་རུ་ཀ་ཞེས་པའི་ཧེ་རུ་ཀ་ཁྲག་འཐུང་དུ་བསྒྱུར་བ་འདི་ནི་ཡི་གེ་བསྣན་ནས་བཤད་པ་སྟེ། ཧེ་ལ་རོལ་པ་དང་། རུ་དྷིར་ཁྲག་དང་། ཀ་པཱ་ལ་ཐོད་པ་སྟེ། ཐོད་པར་ཁྲག་ལ་རོལ་པས་ཁྲག་འཐུང་། དོན་མར་དོས། ཁྲག་འཐུང་ནི་ཤིན་ཏུ་མ་རུངས་པའི་སེམས་ཅན་འདུལ་བའི་ཕྱིར། ཐུགས་རྗེ་ཆེན་པོས་བདུད་ལ་སོགས་པའི་ཁྲག་གིས་ཐོད་པ་བཀང་ནས་གསོལ་བར་མཛད་དོ། །ཞེས་སོ། །གཞན་ཤྲཱི་དོན་གཉིས་སུ་མེད་པ་སྟེ། གཟུང་བ་དང་འཛིན་པས་སྟོང་པའི་རྣམ་པར་ཐར་པ་སྒོ་སྟོང་པ་ཉིད་དང་། ཧེ་དོན་དམ་པར་རང་ལ་སོགས་པ་རྒྱུའི་མཚན་མས་སྟོང་པའི་མཚན་མེད་ཀྱི་རྣམ་ཐར་དང་། རུ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པས་བཀོད་པས་སྟོང་པའི་སྨོན་པ་མེད་པ་དང་། ཀ་གང་དུ་ཡང་གནས་པ་མེད་པས་རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པའི་རྣམ་ཐར་དུ་བཤད་དོ། །མཁའ་འགྲོ་མ་ཞེས་པ་ཡང་། རྡོ་རྗེ་མཁའ་འགྲོར། ནམ་མཁར་ཀུན་ཏུ་རྒྱུ་འགྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་པ་ཉིད་དོ། །གཉིས་པ་ཕུན་སུམ་ཚོགས་པ་ལྔས་གླེང་གཞི་བཤད་པ་ལ། བཞུགས་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དམ་ཚིག་གི་སྤྱོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་གསོལ་བ་འདེབས་པ་པོ་དང་སྟོན་པའི་ངོ་བོ་ཉིད་ཀྱི་གནས་པ་གསུམ་ལས། དང་པོ་ནི། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གསང་བ་མཆོག་གི་དགྱེས་པ་ནི། ཆོས་དང་དབྱིངས་ཞེས་བཤད་པའི་དབྱིངས་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཡིན་པས་བདེ་བ་ཅན་ཞེས་ཀྱང་བྱའོ། །ཐམས་ཅད་ནི་ཆོས་ཏེ་ཤེས་བྱ་མ་ལུས་པའོ། །དེ་ཀ་སྣང་བ་ཡིན་པས་སྣང་བ་དེའི་སྟེང་དུ་སྟོང་པའི་རང་ཞལ་མཐོང་བ་དེ་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ། སྟོང་པ་ཉིད་དེ་ནི་ཤེས་རབ་མ་རྡོ་རྗེ་བཙུན་མོ། སྟོང་པ་དེས་སྲིད་པ་གསུམ་བསྐྱེད་པས་བྷ་གའམ་ཆོས་འབྱུང་བདག་ཉིད་ནི་དེ་གཉིས་ལྷན་གཅིག་བསྡམས་པ་སྟེ། ཆོས་ཀྱི་དབྱིངས་ཞེས་པའོ། །རྟག་ཏུ་ནི། བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །ཞེས་པ་ཉིད་ཀྱིས་སོ། །གནས་འདིར་གསུངས་པ་རྩ་རྒྱུད་རྒྱས་པ་ཡིན་ནོ། །འབྲིང་པོ་ནི། ཡོ་ག་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བ། །ཞེས་གནས་གཙང་གི་འོག་མིན་མ་ཡིན་པའི་འོག་མིན་ཞིག་བཤད་ལ། དེ་དང་མཐུན་པར་རྒྱན་སྟུག་པོ་བཀོད་པའི་མདོར། ཁམས་གསུམ་ལས་འདས་པའི་འོག་མིན་དེ་ལ་འོག་མིན་སྟུག་པོ་བཀོད་པ་ཞེས་བཏགས། དེ་གཞན་དག་ཐུབ་ཆེན་གངས་ཅན་མཚོའི་ཞིང་ལ་འདོད་མོད། དེ་ནི་ལོངས་སྐུའི་ཞིང་མ་ཡིན་ཏེ། སྟོན་པ་དེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་སེམས་དཔའ་ཀུན་བཟང་དེར་འཚང་རྒྱ་བར་བཤད་པས་སོ། །འོ་ན་གང་ཡིན་ཞེ་ན། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་པ་རྡུལ་ཕྲ་རབ་གཅིག་གི་སྟེང་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྣང་བས་རྡུལ་ཕྲ་རབ་ཆེར་མི་འགྲོ། སངས་རྒྱས་ཀྱི་ཞིང་དེ་དག་ཆུང་དུ་མི་འགྲོ་བ་ཤེལ་གོང་ལ་པྲ་ཕབ་པ་མིག་གིས་མཐོང་བ་ལྟ་བུ་དེར་དང་། བསྡུས་པ་རི་རབ་ཀྱི་རྩེ་མོ་དང་། དཔལ་འབྲས་སྤུངས་མཆོད་རྟེན་ཆེན་པོའི་སེངྒེའི་ཁྲི་དང་། དམན་པ་དག་ལ་ནི་རྡོ་རྗེ་སེམས་དཔའ་མི་གཟུགས་སུ་སྣང་བའི་རྡོ་རྗེའི་སློབ་དཔོན་དག་གིས་གར་བཤད་པའི་ས་དེའོ། །གཉིས་པ་དམ་ཚིག་གི་སྤྱོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཆོས་ཀྱི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ལྟར་ལེགས་སེམས་གྱུར་པ་ལ། །དེ་ཚེ་ཡེ་ཤེས་ང་སྨྲའོ། །ཞེས་སངས་རྒྱས་ཞེས་བྱ་བ་ཡང་། རང་གི་སེམས་རྒྱུད་དྲི་མ་མེད་པ་མངོན་སུམ་དུ་བྱས་པས་ཆོས་ཐམས་ཅད་ཤིན་ཏུ་མངོན་པར་བྱང་ཆུབ་པའི་མིང་སྟེ། བུདྡྷ་ཁོང་དུ་ཆུད་པ་ལའོ། །ཞེས་སྨྲ་བས་སོ། །དེ་བས་སངས་རྒྱས་ནི་ཆོས་ཀྱི་སྐུ་ཁོ་ནའི་རྟེན་ལས་སངས་རྒྱ་ལ། དུས་དེའི་ཚེ་གཞན་དོན་དུ། ཀུན་སྤྱོད་ལས། དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་རྒྱུད་དྲི་མེད་ཡིན་པར་བཤད། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །ཞེས་པས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །ཞེས་པ་བཞིན་སྣང་བ་ཡིན་པས། དོན་བདེ་བ་གཅིག་པུ་ཉིད་རྣམ་པ་ཐམས་ཅད་པར་བཞག་པའི་ཕྱིར། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱའོ། །དེ་ནི་དཔེར་བགྱི་ན། ནམ་མཁའི་ཁམས་ལྟ་བུ་རང་བཞིན་མེད་པས་སྟོང་པའོ། །སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །གང་ལ་སྟོང་པ་ཉིད་དུ་རུང་བ་དེ་ལ་ཐམས་ཅད་རུང་བ་ཡིན་པས། རྐྱེན་བྱང་ཆུབ་སེམས་དཔའ་དག་ས་པ་དང་ཕྲད་པའི་ཚེ། ལོངས་སྤྱོད་རྫོགས་པ་མཚན་དང་དཔེ་བྱད་ཀྱིས་མངོན་པར་འདུས་བྱས་པ་དེར་འཆར་ཏེ། དེ་ལྟར་འཆར་བ་མཐོང་ནས་དེ་དག་གིས་སངས་རྒྱས་ལོངས་སྐུའི་རྟེན་ལ་མངོན་པར་སངས་རྒྱས་སོ་སྙམ་དུ་རྟོགས་སོ། །དེ་ཡང་། དེ་དག་གི་མཉམ་པར་བཞག་པའི་སྣང་བ་ཡིན་ལ། མཉམ་པར་མ་བཞག་པའི་རྗེས་ཐོབ་ནི་ས་དེ་དག་ཏུ་ཟད་ཅིང་། ཆོས་ཉིད་ཀུན་ཏུ་འགྲོ་བའི་ཚུལ་ལ་རྗེས་ཐོབ་ཏུ་མིང་བཏགས་པ་ནི་ཡོད་དེ། བྱམས་པས། བྱང་ཆུབ་སེམས་དཔའི་ཚུལ་དེ་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་དང་། འདི་དག་མདོ་སྡེར་དེ་བཞིན་གཤེགས་པ་ཉིད་ཀྱི་གྲངས་སུ་འགྲོ་བའི་བྱང་སེམས་ཞེས་གསུངས་པས་སོ། །ལོངས་སྤྱོད་རྫོགས་པའི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ནས་མཉམ་པར་བཞག་པ་ལ། །ལོངས་སྤྱོད་རྫོགས་པར་ང་རབ་སྨྲ། །ཞེས་སོ། །འདིའི་ལོངས་སྐུ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀས་ཐུན་མོང་དུ་ཁས་བླང་བྱ་ཡིན་ལ། གཞན་སྒྲ་ཚུལ་ལོངས་སྐུར་བཞག་པ་ནི་རྣལ་འབྱོར་ཆེན་པོའི་ཐུན་མོང་མ་ཡིན་པའོ། །དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོ་སྒྱུར་བའི་ཆས་སུ་ཞུགས་པ་ལ་ལོངས་སྐུའི་ཐ་སྙད་བྱས་པ་ནི་མི་འཐད་དེ། དེ་ཡང་སྤྲུལ་པའི་སྐུར་བཤད་པའི་ཕྱིར་རོ། །འདི་ནི་ནམ་མཁའི་ཁམས་རྐྱེན་ཉི་མའི་འོད་དང་ཕྲད་པས་སྣང་བར་བཞག་པ་ལྟ་བུ། དེའི་ཚེ་ཆོས་ཀྱི་སྐུ་དེ་ཁ་ལོངས་སྤྱོད་རྫོགས་པའི་རང་བཞིན་དུ་སྣང་བས་སྐུ་གཉིས་ཟུང་འཇུག་གོ །ཡང་། འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །རྐྱེན་ཚོགས་ལམ་ཆེན་པོ་ནས་མ་དག་པའི་ས་པའི་བར་དང་ཕྲད་པས། ལོངས་སྤྱོད་རྫོགས་པ་དེ་ཡང་རྒྱུ་མཐུན་པའི་གཟུགས་ཀྱི་སྐུ། མཆོག་གི་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་མཁན་དེར་འཆར་ལ། དེ་ལ་དེ་དག་གིས། སངས་རྒྱས་མིའི་རྟེན་ལ་སངས་རྒྱས་སོ་སྙམ་དུ་རྟོགས་ཏེ། དེ་ཡང་དེ་དག་གི་སེམས་རྩེ་གཅིག་པ་ཐོབ་པའི་མཐུས་ཡིན་པས། སྤྲུལ་པ་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ཚེ་སེམས་དེ་རྩེ་གཅིག་ལ། །སྤྲུལ་པའི་སྐུར་ཡང་ང་སྨྲ་སྟེ། །ཡེ་ཤེས་ལོངས་སྤྱོད་རྫོགས་དང་སྤྲུལ། །ཡང་དག་ཐོབ་པར་གདོན་མི་ཟ། །ཞེས་སོ། །ཚོགས་ལམ་འབྲིང་པོ་དང་དེའི་སྔ་མ་བ་དག་ལ་ལོངས་སྤྱོད་རྫོགས་པ་དེ་རྡོ་རྗེ་སློབ་དཔོན་དུ་སྣང་ནས་རང་ལ་འཚམ་པའི་ཡོན་ཏན་སྟོན་པས། དེ་ལ་སྐྱོན་ཅི་མཐོང་བ་དེ་རང་ཁོ་ནའི་ཉེས་པ་སྟེ། མིག་རབ་རིབ་ཀྱིས་ཞོ་གཙང་མ་ལ་ཅི་ཡང་མཐོང་བ་ལྟ་བུའོ། །དེ་བས་ན་རྡོ་རྗེའི་ཐེག་པ་ལ་བླ་མ་ཉིད་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སྟེ། སྡོམ་འབྱུང་དུ། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་སོ། །དེའི་ཕྱིར་འདུས་པར་རྡོ་རྗེ་སེམས་དཔའ་ལོངས་སྐུ་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དངོས་སུ་བྱེད་མི་ནུས་པས་རགས་པ་དབྱིབས་ཀྱི་སྤྲུལ་པའི་སྐུར་བཞེངས་ནས་དོན་མཛད་པར་བཤད་པ་ཡང་ཚུལ་འདིས་ཤེས་པར་བྱའོ། །གསུམ་པ་གསོལ་བ་འདེབས་པ་དང་སྟོན་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ནས། རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་པའི་བར་ཏེ། ལོངས་སྤྱོད་རྫོགས་པ་ལ་རྒྱུའི་ཧེ་རུ་ཀ་དང་། སྤྲུལ་པའི་སྐུ་ལ་འབྲས་བུའི་ཧེ་རུ་ཀར་བྱས་ནས་ཕྱི་མས་རྒྱུད་སྡེ་ཕྱིར་གསུངས་པའོ། །དེ་ཡང་མངོན་བརྗོད་ལས། དེ་ནས་དགོངས་པ་སྣ་ཚོགས་པའི་དམ་ཚིག་ཆེན་པོས་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གང་བར་གཟིགས་ནས་རང་གི་བ་སྤུའི་བུ་ག་ནས་འཁོར་གྱི་ཚོགས་སྣ་ཚོགས་པ་སྤྲོས་ཏེ་སྣ་ཚོགས་པས་འདུལ་བའི་ཐབས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་བདག་པོ་སྣ་ཚོགས་པའི་སྐུ་འཛིན་པ་སེམས་ཅན་ལ་ཕན་པར་རྗེས་སུ་དགོངས་པ་ཐུགས་རྗེ་ཆེན་པོ་དང་ཁྲོ་བོའི་ཉམས་གཉིས་སུ་མེད་པར་སྦྱོར་བས་ངོ་མཚར་སྣ་ཚོགས་ཤིང་མཐའ་ཡས་པའི་ཆོ་འཕྲུལ་ཆེན་པོས་རྡུལ་ཕྲ་རབ་དང་མཉམ་པའི་ཁམས་གསུམ་གྱི་བདག་པོ་ཉིད་དུ་ཡང་དག་པར་བསྟན་ནས་ཆུ་དང་མེ་དང་རླུང་དང་དབང་ཆེན་གྱི་སྟེང་དུ་སྣ་ཚོགས་པའི་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་ཀྱིས་མཛེས་པ། དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ལས་སྤྲོས་པའི་རྡོ་རྗེ་ཁྲོ་བོ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་། དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་སྤྲུལ་པ་ལ་ཀུན་ཏུ་བཟང་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་འཁོར་རྣམས་འདུས་ཤིང་འཁོད་པར་གྱུར་ཏེ་ཞེས་གསུངས་ལ། དེའི་དོན། འཛམ་བུའི་གླིང་ཡོན་ཏན་གྱི་རྒྱལ་མཚན་འདི་ཆགས་ནས་རིང་པོར་མ་ལོན་པ་ན་ནམ་མཁའ་ནས་ལྷ་བཞི་དྲི་ཟ་བཞི་བྱུང་སྟེ། འཛམ་བུའི་གླིང་གི་པཱུ་ལི་ར་མ་ལ་ཡ་དང་། ཛཱ་ལན་དྷ་ར་དང་། ཨོ་ཌི་ཡཱ་ཎ་དང་། ཨརྦུ་ཏ་དང་། གོ་དཱ་ཝཱ་རི་དང་། ར་མེ་ཤྭ་ར་དང་། དེ་ཝི་ཀོ་ཊ་དང་། མཱ་ལ་ཝ་སྟེ། བརྒྱད་མཁའ་ནས་འོངས་པ་དེ་དག་གིས་བཟུང་བས་མཁའ་སྤྱོད་ཀྱི་གནས་སུ་གྲགས་སོ། །ས་སྟེང་ནས་བྱུང་བའི་གནོད་སྦྱིན་བཞི་དང་སྲིན་པོ་བཞིས། ཀཱ་མ་རཱུ་པ་དང་། ཨོ་ཏྲེ་དང་། ཏྲི་ཤ་ཀུ་ནེ་དང་། ཀོ་ས་ལ་དང་། ཀ་ལིང་ཀ་དང་། ལམྦ་ཀ་དང་། ཀཱཉྩྨི་དང་། ཧི་མ་ལ་ཡའམ་བོད་དེ་བརྒྱད་པོ། ས་སྟེང་ནས་འོངས་པ་དེ་དག་གིས་བཟུང་བས་ས་སྤྱོད་ཀྱི་གནས་སུ་གྲགས་སོ། །ས་འོག་ནས་ཀླུ་བཞི་དང་ལྷ་མ་ཡིན་བཞི་བྱུང་ནས། པྲེ་ཏ་པུ་རི་དང་། གྲི་ཧ་དེ་ཝ་དང་། སཽ་རཥྚ་དང་། སུ་ཝརྞ་དྭཱི་པ་དང་། ན་ག་ར་དང་། སིནྡྷུ་དང་། མ་རུ་དང་། ཀུ་ལུ་ཏ་བརྒྱད་ས་འོག་ནས་འོངས་པ་དེ་དག་གིས་བཟུང་བས་ས་འོག་ན་སྤྱོད་པའི་གནས་སུ་གྲགས་སོ། །མིའམ་ཅི་བཞི་དང་ཕྲ་མེན་མའམ་མ་མོ་བཞི་སྟེ་བརྒྱད་ཀྱིས་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་བཟུང་། དེ་ཐམས་ཅད་སྲིད་པ་གསུམ་ལ་དབང་བསྒྱུར་བའི་བདག་པོ་འདོད་ནས། ལྷ་དབང་ཕྱུག་ཆེན་པོ་སྤྱན་དྲངས་ཏེ་མཆོད་པ་བྱེད་ལ། དེ་ནི་ཨུ་མ་ལ་རོལ་བས་འགྲོར་མི་ཁོམ་སྟེ། སྤྲུལ་པ་རྡོའི་ལིངྒ་མགོ་བོ་ལྟ་བུ་ལ་སོགས་པ་སུམ་ཅུ་རྩ་གཉིས་སྤྲུལ་ཏེ། ཡུལ་རེ་རེར་རྟེན་དུ་བཞག་གོ །དེ་རྣམས་དེ་ལ་དམིགས་ཏེ་མཆོད། ཚོགས་ཀྱི་འཁོར་ལོ་བསྐོར་རོ། །དེ་དག་ཀྱང་འདོད་ཆགས་ཤས་ཆེ་བས་དུས་བཞིར་ཆུང་མ་དང་གཉིས་གཉིས་སྤྲོད། ཞེ་སྡང་ཤས་ཆེ་བས་མི་མང་པོ་བསད་ནས་ཟ། གཏི་མུག་ཤས་ཆེ་བས་ལམ་ལོག་པ་ལ་ཞུགས་ཤིང་རེ་རེའང་འཁོར་གདུག་པ་ཅན་མང་པོས་བསྐོར་རོ། །དེ་དག་འདུལ་བའི་དུས་ལ་བབས་པ་གཟིགས་ནས་འོག་མིན་གྱི་སྟོན་པས་ཏིང་ངེ་འཛིན་དགོངས་པ་སྣ་ཚོགས་པའི་དམ་ཚིག་ཆེན་པོས་རྣམ་པར་རོལ་པའི་རྡོ་རྗེ་ལ་སྙོམས་པར་ཞུགས་ཏེ་རིགས་ལྔ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཞལ་བཞི་ཕྱག་བཅུ་གཉིས་པ་གཡས་བརྐྱང་བའི་གར་མཛད་ཅིང་དྲང་སྲོང་ཁྲོས་པའི་ཚུལ་ལྟ་བུ་སྣ་ཚོགས་པའི་སྐུ་འཛིན་པ་རྡོ་རྗེ་ཡན་ལག་མ་ལ་འཁྱུད་པ་བཞེངས་ཏེ་རི་རབ་ཀྱི་རྩེ་མོར་བྱོན་ནོ། །དེར་མི་བསྐྱོད་པས་གཞལ་ཡས་ཁང་གདན་དང་བཅས་པ་ཕུལ། རིན་འབྱུང་གིས་དཔའ་བོ་ཉེར་བཞི། དཔའ་མོ་ཉེར་བཞི། སྣང་མཐས་ལྷ་མོ་བཅུ་གཉིས། དོན་གྲུབ་ཀྱིས་གོ་ཆའི་ལྷ་བཅུ་གཉིས། རྣམ་སྣང་གིས་སྐྱེ་མཆེད་བྱིན་གྱིས་བརླབས་པའི་ལྷ། སླར་ཡང་རིགས་བཞིས་འདོད་སྣམ་གྱི་ལྷ་མོ་རྣམས་ཕུལ་ཏེ་དཀྱིལ་འཁོར་ཆེན་པོར་མཆོད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་དེས་དྲག་པོ་འཇིགས་བྱེད་དམ་མིང་གཞན་དབང་ཕྱུག་ཆེན་པོ། ལྷ་མོ་ལྔས་དེའི་ཆུང་མ་ལྔ། ཐུགས་འཁོར་གྱི་དཔའ་བོ་ཡབ་ཡུམ་གྱིས་མཁའ་སྤྱོད། གསུང་འཁོར་གྱིས་ས་སྤྱོད། སྐུ་འཁོར་གྱིས་ས་འོག་སྤྱོད། སྒོ་མཚམས་མས་དུར་ཁྲོད་དུ་གནས་པ་བརྒྱད་བཏུལ་བའོ། །འདུལ་བའི་ཚུལ་ཡང་། དབང་བྱེད་པ། ལོངས་སྤྱོད་པ། ཐིམ་པའི་ཚུལ་གསུམ་གྱིས་ཏེ། དབང་བྱེད་པ་ནི་གསུམ་སྟེ། ལུས་ལ་དབང་བྱེད་པ་ནི། མིང་དང་ཆ་ལུགས་འདྲ་བར་བསྒྱུར་ནས་དབང་ཕྱུག་ལ་སོགས་པ་ཞབས་འོག་ཏུ་མནན་པ། ངག་ལ་དབང་བྱེད་པ་ནི། ཀ་ར་ཀ་ར་ལ་སོགས་པ་དེ་དག་གི་སྲོག་སྔགས། ཨོཾ་དང་ཧཱུྃ་ཧཱུྃ་ཕཊ྄་ཀྱི་བར་དུ་བཅུག་ནས་ཐོད་པའི་དུམ་བུ་ལ་སོགས་པའི་སྔགས་སུ་བྱིན་གྱིས་བརླབས་པ། སེམས་ལ་དབང་བྱེད་པ་རྣམ་པར་མི་རྟོག་པའི་ངང་དུ་བརྒྱལ་དུ་བཅུག་པའོ། །ལོངས་སྤྱོད་པ་ནི། ཆུང་མ་ཕྲོགས་ཏེ་ལོངས་སྤྱོད་པ་དང་། རྒྱན་གོས་ཕྲོགས་ཏེ་སྐུ་ལ་མནབས། ལག་ཆ་ཕྲོགས་ཏེ་ཕྱག་མཚན་དང་། འབྱོར་པ་ཕྲོགས་ཏེ་ཚོགས་འཁོར། འདུག་པའི་ཡུལ་ཕྲོགས་ཏེ་ཕོ་བྲང་དུ་བྱས་པའོ། །ཐིམ་པ་ནི། སྲོག་ཐིམ་པ་སྒྲིབ་པ་དག་པ། སེམས་ཐིམ་པ་འོད་གསལ་དུ་འདྲེས་པ་སྟེ་འཇིགས་བྱེད་ཤི་ནས་ས་འོག་ཏུ་སངས་རྒྱས་པར་བཤད་དོ། །དེ་ཡང་མཉམ་སྦྱོར་ལས། སྡིག་མེད་སྟོབས་ཀྱི་ངོ་མཐོན་དུ། །དབང་ཕྱུག་དམ་པ་རབ་མནན་ནས། །ལྷ་མོ་བྷི་མོ་ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིར་སྤྱོད། །ཅེས་སོ། །དེ་ནས་དཀྱིལ་འཁོར་ཆེན་པོ་དེར་ཕྱག་རྡོར་གྱིས་གསོལ་བ་བཏབ་པས། མངོན་སྤྱོད་ལེའུ་འབུམ་ཕྲག་གསུམ་པ་གསུངས་སོ། །འདི་གཉིས་ལྡན་དང་རྩོད་དུས་སུ་འདོད་པ་མི་རིགས་ཏེ། སྡོམ་འབྱུང་དུ། རྫོགས་ལྡན་དུས་སུ་གཅིག་བཟླས་པ། །ཞེས་བཟླ་ཚུལ་ལ་དང་། ཧེ་རུ་ཀ་མངོན་འབྱུང་ལས། རྫོགས་ལྡན་དུས་སུ་མ་ཡིན་ཏེ། །གསུམ་ལྡན་དུས་སུ་སྲིང་མོར་བརྗོད། །གཉིས་ལྡན་ལ་ནི་བུ་མོར་བརྗོད། །རྩོད་ལྡན་ཆུང་མ་ཕོ་ཉར་གནས། །ཞེས་ལས་རྒྱ་བསྟེན་ཚུལ་ལ་བཤད་པའི་ཕྱིར་རོ། །རྩོད་པའི་དུས་སུ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་སྔ་ལོ་འབྲས་སྤུངས་མཆོད་རྟེན་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོར་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བའི་དུས་རྒྱུད་ཐམས་ཅད་གསུངས་ཤིང་། ཁྱད་པར་ཕྱག་རྡོར་གྱིས་ཞུས་ཏེ། དཔལ་བདེ་མཆོག་ཆེན་པོ་དང་། དེ་ནས་ཕག་མོས་གསོལ་བ་བཏབ་སྟེ་བསྡུས་པ་གཉིས། སླར། མན་ངག་ཤིན་ཏུ་རྙེད་དཀའ་སྟེ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ང་ཡི་རྒྱུད་དུ་སྦས་པ་ཡིན། །ཞེས་པས་རྙེད་དཀའ་བའི་མན་ངག་དེ་སྙན་རྒྱུད་རྡོ་རྗེའི་རྣལ་འབྱོར་མ་ཕག་མོས་གསོལ་བ་བཏབ་སྟེ་གསུངས་སོ། །དེ་ཨུ་རྒྱན་གྱི་མཁའ་འགྲོ་མ་རྣམས་ཀྱིས་བསྡུས་ཏེ་རྒྱ་རིམ་པ་བདུན་བཏབ་ནས་ོན་གྱི་དྷརྨ་གཉྫྱའི་ཡང་སྙིང་དུ་བྱས་སོ། །དེ་ལྟར་ཡང་མཁའ་འགྲོ་རྒྱ་མཚོ་ལས། བསྡུ་བར་མཛད་པ་སོགས་རྣམས་ཀྱིས། །བདག་ལས་བགྲོད་པ་དེ་ཐོབ་བོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །གཅིག་ལ་གཅིག་གིས་བཞེད་པ་ནི། །གསོལ་བ་འདེབས་ཤིང་གསོལ་འདེབས་མཛད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །ཚིག་འདི་ལ་ནི་མངོན་པར་དགའ། །ཞེས་གསུངས་སོ། །དེ་བས་ན་བདེ་མཆོག་ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཉམས་སུ་བསྟར་བས་འཇིག་རྟེན་འདི་ཇི་སྲིད་དུ་མི་ནུབ་ལ། བསྲེག་པའི་བསྐལ་པ་བྱུང་ན་གཞན་དུ་འགྲོ་བར་ཡང་། དེ་ཉིད་དུ། ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སུ། །མི་འཇིགས་གོ་འཕང་རྗེས་འགྲོ་བས། །བསྐལ་པ་བསྲེག་པའི་དུས་སུ་ནི། །གཞན་དུ་སོང་ནས་ཡང་དག་གནས། །ཞེས་སོ། །དང་པོར་དཀྱིལ་འཁོར་སྤྲུལ་བཤད་མཛད་དུས་ཀྱི་འཁོར་རྣམས་རྒྱུད་ལས། ཉིད་ཀྱི་སྐུ་ལས་སྤྲོས་པ་དང་། འགྲེལ་པས། རིགས་ལྔས་ཕུལ་བར་བཤད་པ་ནི་མི་འགལ་ཏེ། དེ་ཉིད་དམ་པ་རིགས་བརྒྱའི་འདུས་པ་ཡིན་ལ། དེའི་རིགས་སོ་སོ་ལས་བྱུང་བའོ། །ཐོག་མ་དབུས་མཐར་ཡང་དག་གནས། ཐོག་མ་རྒྱུ་རྒྱུད། དབུས་ཐབས་རྒྱུད། མཐར་འབྲས་བུའི་རྒྱུད། སྲུབ་དང་སྲུབ་པའི་སྦྱོར་བ་བཞིན། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་རྫོགས་རིམ་དང་། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཀྱང་། །ཞེས་པ་བསྐྱེད་རིམ། འདིའི་ཀྱང་སྒྲ། སྔགས་བཟླས་བསམ་གཏན་ལ་སོགས་ལྡན་ལ་སྙེག་ཅིང་། སྔ་མའི་བཞིན་སྒྲས་དེ་ཡང་གཉིས་སྦྱོར་གྱི་བདེ་བ་དང་ལྡན་པས་སྒྲུབ་པ་ལ་བཤད་དོ། །རྒྱུད་ལས་གསུངས་པ་མཉན་པར་གྱིས་ཀྱི་རྒྱུད་ནི་རིག་པ་རྒྱ་མཚོའོ། །འདི་ལྟ་བུ་གླེང་གཞི་སྒྲ་ཇི་བཞིན་པའི་དྲང་དོན་ལ་སྤྱི་དོན་ཞུགས་པ། རྡོ་རྗེ་མཁའ་འགྲོ་ལས། ར་ནི་ཁྲག་གི་ཁམས་ཡིན་ཏེ། །ཞེས་སོགས་བཅུད་ལེན་དུ་བཤད་པ་ལྟ་བུ་དྲང་བ་ལ་ཡིག་དོན་ཞུགས་པ་སྟེ། གསང་བ་མཆོག་གི་སྐད་དོད་ར་ཧ་ཀྵྼ་ཞེས་པ་ལ་ཡི་གེ་བསྣན་པའི་བཤད་པ་ཡིན་པའི་ཕྱིར། སམ་བུ་ཊ་ལས། གསང་བ་ལས་ནི་ས་ཡི་ཁམས། །མཆོག་ལས་དེ་བཞིན་དུ་ནི་ཆུ། །དགྱེས་པ་ལ་ནི་མེ་རུ་བཤད། །ཐམས་ཅད་བདག་ཉིད་རླུང་ལྔ་གནས། །རྟག་ཏུ་བཞུགས་པར་འདོད་པ་འདི། །སངས་རྒྱས་ཀུན་གྱི་སྡོམ་པ་བདག །ཅེས་པ་དགོངས་མིན་དུ་འགྱུར་ཏེ། སྐལ་དམན་ལ་རྫོགས་རིམ་དངོས་པོའི་གནས་ལུགས་བཤད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལམ་རྣམ་པར་ཕྱེ་བའི་སྒོ་ནས་མདོར་བསྟན་པ་ལ། རིགས་ལྡན་མ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཕོ་ཉ་མོའི་དངོས་གྲུབ་དང་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། འདོད་པའི་དངོས་གྲུབ་སྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྡིག་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རྣལ་འབྱོར་པ་ཉིད་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དམ་ཚིག་བསྐྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དམ་ཚིག་བྱེ་བ་བསྲུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བདུད་རྩི་ལྔ་ཟ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཚོགས་ཀྱི་འཁོར་ལོ་ལ་མཐེ་བོང་དང་མིང་མེད་དག་གིས་ཞལ་དུ་ཟླ་བའི་བཏུང་བ་མྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དབང་པོ་གཉིས་སྙོམས་པར་འཇུག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བདེ་བ་བཟང་པོ་བསྔགས་པའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ་བཅུ་གཉིས་ཀྱིས་བསྟན་པའི། དང་པོ་ནི་གླེང་གཞིར། གསང་བ་མཆོག་གི་དགྱེས་པ་ན། །ཞེས་གསུངས་པ་དེ། འདིར། དབུགས་འབྱིན་དབུ་མ་མཆོག་དག་དང་། །ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །དབུགས་དབྱུང་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། དྲུག་བརྒྱ་བདུན་ཅུ་རྩ་ལྔས་དམན་པ་སྟེ་ལས་ཀྱི་རླུང་ངམ་ཡོན་པོའི་རླུང་། དུས་སྦྱོར་བཅུ་གཉིས་ལས་རེ་རེ་ལ། ལྟེ་བའི་འདབ་མར་དབུས་སུ་སྟོང་པར་ནམ་མཁའ། ཤར་དུ་རླུང་། གཡས་སུ་མེ། གཡོན་དུ་ཆུ། ནུབ་ཏུ་ས་སྟེ་དཀྱིལ་འཁོར་ལྔ་རིམ་པ་བཞིན་ལུག་ལ་སོགས་པའི་མི་མཉམ་པའི་དུས་སྦྱོར་ལ་གཡོན་དང་། གླང་སོགས་མཉམ་པའི་དུས་སྦྱོར་ལ་གཡས་ཀྱི་སྣ་སྒོར། དབུས་དང་། སྟེང་དང་། གཡས་དང་། གཡོན་དང་། འོག་གི་ཆར་རེག་སྟེ་རྒྱུ་བ་རྣམས་སོ། །དབུ་མ་དཀྱིལ་འཁོར་ལྔ་རེ་རེར་དྲག་པོ་རྐང་བཅས་ཕྲིན་ལས་རྫོགས་པའི་མཐར་འཁོར་ལོའི་སྲོག་ཤིང་ནས་ང་དྲུག་རྐང་བཅས་སྣ་སྒོ་གཉིས་ཀ་ནས་འབབས་སོ། །དེ་དག་བསྡོམ་པས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་སྟེ་དེ་ནི་ཡེ་ཤེས་ཀྱི་རླུང་ངོ་། །སྡོམ་འབྱུང་དུ། དབུགས་ནི་དྲག་པོ་བཞི་ཆར་བཅས། །འཕོ་བ་སོ་སོའི་འཕེལ་འགྲིབ་ཡིན། །ཞེས་དང་། རླུང་དེ་དག་ཀྱང་ཡེ་ཤེས་གསུམ་དུ་བཤད་པས་སྔགས་ཀྱི་དེ་ཉིད་དང་། དེ་ཡང་མགོན་པོ་དང་ལྷ་མོ་ལ་སོགས་པར་བཤད་པས་བསམ། ཐབས་ཤེས་མི་ཕྱེད་པའི་སྒོ་ནས་ལྷའི་དེ་ཉིད་དུ། སྡོམ་འབྱུང་ནས། རླུང་ནི་བཅོམ་ལྡན་ཧེ་རུ་ཀའི། །རང་བཞིན་དེ་ཉིད་གསུམ་དུ་འགྱུར། །གཡོན་པ་ཤེས་རབ་རང་བཞིན་ཏེ། །གཡས་པ་སྙིང་རྗེའི་བདག་ཉིད་དོ། །གཉིས་པོ་མི་ཕྱེད་སྦྱོར་བ་ཡང་། །གཉིས་ཀ་ནས་ནི་རྣམ་པར་རྒྱུ། །ཞེས་དང་། རྣལ་འབྱོར་པ་ཡི་སྲོག་རྩོལ་ནི། །སངས་རྒྱས་ལྔ་ཡི་ངོ་བོར་གནས། །ཞེས་སོ། །འབྱུང་འཇུག་གནས་པ་གསུམ་ལ་དབུགས་གཅིག དེ་དྲུག་ལ་ཆུ་སྲང་། དེ་དྲུག་ཅུ་ལ་ཆུ་ཚོད། དེ་དྲུག་ཅུ་ལ་ཉིན་ཞག་གཅིག དེ་སུམ་ཅུས་ཟླ་བའི་དུས། དེ་བཅུ་གཉིས་ཀྱིས་ལོ་སྟེ་ཉི་མའི་དུས། ཉི་མའི་དུས་དེ་རླུང་གི་བགྲོད་པས་ཉིན་ཞག་ལ་རྫོགས་པ་ནི་དུས་སྦྱོར་བཅུ་གཉིས། ཟླ་བའི་ནི་ཡུད་ཙམ་སུམ་ཅུ། དེ་ལྟར་ཕྱི་རོལ་ཏུ་ཉི་ཟླའི་རྒྱུ་བས་དུས་ཀྱི་ཁྱད་པར་བཞག་པ་ཇི་ལྟ་བ་བཞིན་དུ་ནང་དུ་སྲོག་རབ་ཏུ་རྒྱུ་བ་དུས་ཀྱི་ཁྱད་པར་དུ་འགྱུར་རོ། །དུས་ཀྱི་ཁྱད་པར་སོ་སོའི་ཟླ་བ་དང་ཉི་མ་སོ་སོ་ལ་ཕོ་ཉ་མོ་མཆོད་པར་བྱའོ། །དེ་ལ་མི་མཉམ་པའི་དུས་སྦྱོར་རྒྱུ་བའི་ལམ་ནི། དེ་ཉིད་དུ། གཡོན་དུ་རྐན་ནས་གཟུང་ནས་ནི། །ལྟེ་བའི་དཀྱིལ་འཁོར་རབ་འཇུག་པའི། །ཟླ་བའི་རྩ་ནི་འོག་བལྟས་པར། །ཨཱ་ལི་ཟླ་བ་ཡང་དག་འབབ། །ཅེས་དང་། མཉམ་པ་ནི། གནས་སུ་ལྟེ་བ་ནས་གཟུང་ནས། །རྐན་གྱི་གནས་སུ་རབ་འཇུག་པའི། །ཉི་མའི་རྩ་ནི་སྟེང་བལྟས་ཏེ། །ཀཱ་ལི་ཉི་མ་རྟག་ཏུ་འབབ། །ཅེས་སོ། །དེ་དག་ནི་འཕྱང་བ་ཞེས་པ་རླུང་ཕྱིར་འཕོ་བའོ། །དེ་ལས་ཡེ་ཤེས་ཀྱི་རླུང་གི་འཕོ་བ་དེ་ལས་སྲོག་ཆགས་རྣམས་ལ་འཆི་བ་སྟེར་བར་བྱེད་ལ། དེ་རྒྱུ་བའི་སྲོག་ཤིང་ནི་རིག་ལྡན་ཨ་ཝ་དྷཱུ་ཏཱི་རྡོ་རྗེ་ཕག་མོའོ། །དེ་ཉིད་དུ། བྱང་ཆུབ་སེམས་ནི་མཉམ་འབབ་པ། །ཨ་ཝ་དྷཱུ་ཏཱི་ཞེས་བྱ་སྟེ། །ཞེས་སོ། །མཆོག་དག་འཕྱང་བའི་རླུང་དེ་དག་རྩ་ཀུན་ཏུ་རྒྱུ་བའི་སྟོབས་སམ་སྲོག་རྩོལ་གྱི་སྟོབས་ཀྱིས་དབུ་མ་ཨ་ཝ་དྷཱུ་ཏཱི་ལ་ཞུགས་པས་ན། གར་བ་ཞེས་བྱ་སྟེ་འཆིངས་པ་ཞེས་པའི་དོན་ནོ། །དེ་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མར་རབ་ཏུ་ཞུགས་པའི་ཕྱིར་མཆོག་སྟེ། སྲོག་ཆེན་པོར་གྱུར་པ། ཐ་མལ་པའི་གནས་སྐབས་ཐམས་ཅད་འཇོམས་པར་བྱེད་ཅིང་མཆོག་ཏུ་མི་འགྱུར་བའི་བདེ་བ་འཛག་པ་མེད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཟླ་བ་ཞུ་བའི་ཆགས་པ་ཆེན་པོ་དེ་དང་། འགྲེལ་པས། དྲི་ནི་ཆུ་མི་བསྐྱོད་པ་དང་ཟླ་བའི་དབུགས་འབབ་པ། འོག་དང་སྟེང་དུ་ལ་ལ་ནཱ། ས་རྣམ་སྣང་དང་ཉི་མའི་དབུགས་འབབ་པར་སཱ་ན། བཅས་པ། དབུས་ཁུ་རྡུལ་སྒྲ་གཅན་དུས་མེ་འབབ་པ་ཨ་ཝ་དྷཱུ་ཏཱིའི་རྩ་གསུམ་རོ་མཉམ་དུ་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་འཛིན་པ་དེ་རྟག་ཏུ་རིགས་ལྡན་མ་རྡོ་རྗེ་ཕག་མོ་སྒྲིབ་པ་མེད་པ། གཟུང་བ་དང་འཛིན་པ་སྤངས་པ་དང་། རྣལ་འབྱོར་པ་རྣམས་བདུད་ཀྱི་ཚོགས་ཟད་པར་བྱེད་པ་མོ་ཨ་ཝ་དྷཱུ་ཏཱི་མཆོད་བྱ་སྟེ་མཉེས་པར་བྱའོ། །སྡོམ་འབྱུང་དུ། རླུང་གི་དེ་ཉིད་སྔོན་འགྲོ་བས། །སྔགས་ཀྱི་དེ་ཉིད་བསྒྲུབ་པར་བྱ། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །སངས་རྒྱས་གོ་འཕང་ཐོབ་བྱེད་པ། །རྒྱུད་རྣམས་ཀུན་གྱི་གསང་བ་སྟེ། །བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། །ཞེས་དང་། ལོངས་སྤྱོད་རྫོགས་སྐུ་ལ་ལ་ནཱ། །ར་སཱ་ན་ནི་སྤྲུལ་པའི་སྐུ། །ཨ་ཝ་དྷཱུ་ཏཱི་ཆོས་སྐུ་སྟེ། །སྐུ་གསུམ་པོར་ནི་བཤད་པ་ཡིན། །རྩ་རྣམས་དེ་དག་ཐམས་ཅད་ནི། །ལུས་ནི་དགེ་བར་བྱེད་པ་སྟེ། །དེ་ཡི་ཚོགས་ལས་ཡང་དག་བྱུང་། །གོང་བུ་ལྷ་ཡི་བདག་ཉིད་དོ། །གཟུགས་ལས་འདས་པ་གོང་བུར་འགྱུར། །གོང་བུ་ལས་འདས་ལྷ་ཉིད་དེ། །དེ་ཕྱིར་བསམ་མི་ཁྱབ་སྦྱོར་བས། །དེ་བཞིན་ཉིད་བདག་ཀུན་ཏུ་འགྲོ། །ཞེས་དང་། འགྲེལ་པར། ལྷན་གཅིག་སྐྱེས་དགའ་ཧེ་རུ་ཀ །དབུ་མ་མཆོག་གི་དབུགས་དབྱུང་བ། །བཤང་གཅི་ཟླ་བ་ཉི་མ་ཡི། །རྩ་ནི་བཞི་དང་ཡང་དག་ལྡན། །ཕྱག་རྒྱ་ཆེན་པོ་བརྟེན་མེད་ལ། །རྡོ་རྗེ་ཕག་མོ་རིགས་ལྡན་མ། །ལས་ཀྱི་ཕྱག་རྒྱའི་བདེ་སྤངས་པའི། །རྣལ་འབྱོར་པ་དེ་དེ་མཆོད་བྱ། །ཞེས་པ་ཨེ་ཝཾ་དབང་བསྐུར་དོན། །ཉུང་ངུའི་རྒྱུད་ལས་གསལ་མིན་གང་། །མདོར་བསྡུས་ཙམ་ཞིག་རབ་གསུངས་ཏེ། །འགྲེལ་པས་རྣམ་པར་རྒྱས་པར་བྱ། །ཞེས་གསུངས་སོ། །འདིས་གཙོ་བོར་མངོན་སུམ་གྱི་ལྷའི་རྣལ་འབྱོར་བཤད་དེ་རྫོགས་པའི་རིམ་པའོ། །གཉིས་པ་ཕོ་ཉ་མོའི་དངོས་གྲུབ་དང་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཐམས་ཅད་བདག་ཉིད་ཅེས་པའི་དོན་ཕོ་ཉ་སོགས་ཀྱིས་སྟོན་ཏེ། བློ་དམན་བསྐྱེད་པའི་རིམ་པ་ལ་མོས་པར་འགྱུར་བ་དེའི་དབང་དུ་མཛད་ནས། ཕོ་ཉ་ནི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་སོ་དྲུག ནང་དུ་རྩ་སོ་དྲུག གསང་བར་བྱང་ཕྱོགས་སོ་དྲུག འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ཕོ་ཉ་མོའི་ཀུན་ཏུ་སྤྱོད་པ་དང་། འཁོར་ལོའི་འདུས་པ་ལ་བདུད་རྩི་ལྔའི་རིལ་བུ་དང་། གཡུལ་དུ་མཚོན་གྱིས་བསད་པ་ཁ་ན་མ་ཐོ་བ་དང་བྲལ་བའམ། ནད་ཀྱིས་ཤི་བའམ། ལས་ངན་པས་བསད་པ་ཡང་སྟེ། གཽ་ཀུ་ད་ཧ་ན་ལ་སོགས་པ་དང་། ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་ཕོ་ཉ་རྣམས་མཆོད་པའི་ཆོ་ག་ཕྱི་རོལ་དང་ནང་དུ་བརྗོད་པ་དུས་ཀྱི་ཁྱད་པར་སོ་སོ་ཕྱེད་པར་བྱས་ཏེའོ། །ཇི་ལྟར་ཕོ་ཉ་མོ་རྣམས་མཆོད་པ་བཞིན་དུ་ལྷན་ཅིག་སྐྱེས་གྲུབ་དཔའ་བོ་ཉི་ཤུ་རྩ་བཞི་རིམ་པ་མ་ཡིན་པས་མཆོད་པར་བྱའོ། །འདི་ལས་དངོས་གྲུབ་འབྱུང་བ་ནི་མཆོག་སྟེ་མཁའ་འགྲོ་མ་ལ་སོགས་པ་བཞིས་གཟུགས་ན་སྤྱོད་པ། ཐུགས་འཁོར་བས་འདོད་པའི་ལྷར་སྤྱོད་པ། གསུང་འཁོར་བས་རྒྱལ་སྲིད་སོགས་ས་སྤྱོད། སྐུ་འཁོར་བས་ས་འོག་སྤྱོད་དེ་འབྲིང་། ཁྭ་གདོང་མ་ལ་སོགས་པས་ཡི་དྭགས་དང་དུད་འགྲོའི་དངོས་གྲུབ་སྟེར་བས་ཐ་མའོ། །འདིས་ནི་གཙོ་བོར་སྔགས་བསྒྲུབ་པ་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་བཤད་དོ། །གསུམ་པ་འདོད་པའི་དངོས་གྲུབ་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཡིད་ནི་ནང་དུ་ཆུད་པ་ཡིས། །འདི་ལ་འགྲེལ་པར། ཡིད་ནང་དུ་ཆུད་པ་འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་དེས་ལས་རྒྱའམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འགྲོགས་ནས་ཁམས་གསུམ་པའི་མཚན་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །ཞེས་གསུངས་པས་བསྐྱེད་པའི་རིམ་པས་མཆོག་འགྲུབ་པ་དང་། ཡང་འདི་ཉིད་བསྒོམ་པ་རྣམ་པ་གཉིས་ཏེ། སྔོན་དུ་གཟུགས་བརྙན་བསྒོམ་པ་དང་། ཕྱི་ནས་གཟུགས་བརྙན་བསྒོམ་པ་ཞེས་རྣལ་འབྱོར་ཡན་ལག་དྲུག་པ་གསུངས་སོ། །འདོད་པའི་དངོས་གྲུབ་ནི་འགྲེལ་པར། འདིར་འདོད་པ་ནི་འདོད་ཆགས་ཆེན་པོ་སྟེ་རྡོ་རྗེ་སེམས་དཔའ་དོན་ཆེན་པོ་མཆོག་ཏུ་མི་འགྱུར་རོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་ལྟར་ན་འདོད་པ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །དངོས་གྲུབ་ནི་དམིགས་པ་དང་བཅས་པ་ཆེན་པོ་སྟོང་པ་ཉིད་དེ་རྣལ་འབྱོར་པ་རྣམས་ཀྱི་རང་རིག་པའི་ཕྱིར་རོ། །ཞེས་སོ། །བཞི་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ལྷའི་རྣལ་འབྱོར་རྣམ་པ་གཉིས་ཀྱང་དབང་ཐོབ་པ་ལ་རག་ལས་པའི་ཕྱིར་དེ་བཤད་པ་ནི། སྲུབ་དང་སྲུབ་པའི་སྦྱོར་བ་བཞིན། །ཞེས་བཤད་པའི་དོན་རང་རྫས་ཐིག་ལེས་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཡན་ལག་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཞེས་པས་དབང་བསྐུར་བ་གཉིས་སོ། །འདི་རྣམས་ཀྱིས་དབང་བསྐུར་བ་རེ་རེ་ལ་དགའ་བ་བཞི་བཞིའོ། །དགའ་བ་རེ་རེ་ལ་ལུས་དང་ངག་དང་སེམས་དང་། ཡེ་ཤེས་ཀྱི་དབྱེ་བས་གནས་སྐབས་བཞི་སྟེ་ཐིག་ལེ་བཞིའི་དབྱེ་བས་སོ། །དེ་ལྟར་ཆ་བཅུ་དྲུག་གི་དབྱེ་བའི་དབང་བསྐུར་སོ་སོ་ལ་དགའ་བ་བཅུ་དྲུག་གོ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་པ་ནི། དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ལས་ཡིན་པས། དེའི་ཆོ་ག་བཤད་པ། འགྲེལ་པར། དེ་ལ་ཕྱི་རོལ་གྱི་མཆོད་པ་ནི། ཉེ་བར་སྤྱད་པ་ལྔ་ལ་སོགས་པ་རྣམས་དང་། བདུད་རྩི་ལྔ་དང་སྒྲོན་མ་ལྔ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཡང་དག་པར་ཚིམ་པར་བྱེད་པའོ། །ནང་གི་མཆོད་པ་ནི། རང་རྫས་ཐིག་ལེར་བརྗོད་པར་བྱ་སྟེ་གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་སོན་པའི་ཐིག་ལེ་བཞི་པོ་རྣམས་ཀྱི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་། དྲི་མ་མེད་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བ། ལུགས་དང་མཐུན་པའི་ཆོས་དེ་རྣམས་ཀྱིས་ཞེས་གསུངས། ཕུང་པོ་ནི་སངས་རྒྱས་རྣམས་ཏེ། ཧེ་རུ་ཀ་དང་དེའི་གོ་ཆའི་ལྷའོ། །ཁམས་ནི་རྡོ་རྗེ་ཕག་མོ་དང་། དེའི་གོ་ཆ་དང་། མཁའ་འགྲོ་མ་སོགས་བཞིའོ། །སོགས་པས། སྐྱེ་མཆེད་དང་ཡན་ལག་སྟེ་བྱང་ཆུབ་སེམས་དཔའ། དཀྱིལ་འཁོར་གསུམ་དང་སྐྱེ་མཆེད་ཀྱི་ལྷ་སྒོ་མཚམས་ཀྱི་ཁྲོ་མོ་རྣམས་སོ། །དེ་བས་འདིར་གདན་གསུམ་སྨོས་པས་དེའི་ལྷ་ཤུགས་ལ་བཤད་པ་ནི་རྒྱུ་འབྲས་མི་ཕྱེད་པར་སྟོན་པ་སྟེ། དཔའ་བོ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་བདེ་བ་མཆོག །ཁམས་བཞི་པ་དང་ཕུང་པོ་ལྔ། །དེ་བཞིན་ཡུལ་དྲུག་བདག་ཉིད་ནི། །ཁྲག་འཐུང་ལྷ་མོའི་ཡེ་ཤེས་ཏེ། །དེ་ལ་ཐ་དད་མི་བརྟག་གོ །ཞེས་སྡོམ་འབྱུང་བཞིན་ནོ། །ལྔ་པ་སྡིག་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དཀྱིལ་འཁོར་དེར་ཞུགས་པའི་དགོས་པ་སྟེ། མཐོང་བ་དང་ནི་རེག་པ་དང་། །ཐོས་པ་འམ་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་འགྲོལ་འགྱུར་བ། །དེ་ལྟར་ཉིད་དུ་ཐེ་ཚོམ་མེད། །མཐོང་བ་ནི་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་བདག་ཉིད་དོ། །དྲུག་པ་རྣལ་འབྱོར་པ་ཉིད་སྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྔར། ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་བསྟན་པའི་དོན་འགྲེལ་པར། རྣལ་འབྱོར་པ་ཉིད་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ནི་སངས་རྒྱས་ཉིད་དོ། །ཞེས་སོ། །དེ་བསོད་ནམས་མཆོག་སྟེ་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། དག་བྱེད་སྡིག་པ་འཇོམས་བྱེད་པ། ཞེས་པ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ། དེ། སྔགས་བཟླས་པ་དང་བསམ་གཏན་དང་། བདེ་བས་ཀྱང་ནི་འགྲུབ་པར་འགྱུར་ཏེ། འདིར་སྦྱོར་བ་ཡན་ལག་དྲུག་གི་འབྲས་བུ་གསུམ་དངོས་སུ་གསུངས། རྒྱུ་གསུམ་དོར་བ་ནི། འབྲས་བུ་དེ་དག་རྒྱུ་ཚོགས་གྲངས་ཚང་བ་ལས་ངེས་པར་འབྱུང་ངོ་སྙམ་དགོངས་ལ། རྒྱུ་གསུམ་སྨོས་ན་འབྲས་བུ་དེ་དག་ཏུ་འགྱུར་བའི་ངེས་པ་མེད་དེ། །གེགས་བྱེད་པ་སྲིད་པའི་ཕྱིར་རོ། །གོ་རིམ་དཀྲུགས་པ་རྒྱུད་འདི་བླ་མའི་མན་ངག་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པའོ། །སྔགས་བཟླས་པ་ནི་འཛིན་པ་སྟེ། དབུ་མར་རླུང་སྔགས་མི་བྱེད་པའི་བཟླས་པ་ཡིན་པས་སོ། །བསམ་གཏན་ནི་སོར་སྡུད་ཀྱིས་རྙེད་པའི་ཏིང་ངེ་འཛིན་ལ་བསམ་པ་གཏན་པོར་འགྱུར་བས་སོ། །བདེ་བས་ནི་ཏིང་ངེ་འཛིན་ཏེ་འགྱུར་བ་ཐམས་ཅད་ཟད་པའི་འགྱུར་མེད་ཡིན་པས་སོ། །ཀྱང་ནི་རྒྱུ་གསུམ་སྟེ། སོ་སོར་སྡུད་པ། སྲོག་རྩོལ། རྗེས་དྲན་བསྟན་ནོ། །དེ་ཡང་མཁའ་འགྲོ་རྒྱ་མཚོར། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ །ཞེས་དང་། སོ་སོར་སྡུད་པ་ཁྭ་གདོང་མ་སོགས་ཀྱིས་རྒྱས་པར་བསྟན་ནོ། །ཡང་དེ་ཉིད་དུ། རང་གི་སྐུ་ནི་སྒྱུ་མ་སྙམ། །བདག་བྱིན་བརླབ་འདི་ཕྲ་མོ་དང་། །རྡོ་རྗེ་བཟླས་རང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ །འདིས་རྫོགས་རིམ་རིམ་པ་ལྔ་བསྟན་ལ། སྡོམ་འབྱུང་དུ། རགས་པ་སྒྲ་ཞེས་བཤད་པ་སྟེ། །ཕྲ་བ་སེམས་ཀྱི་རང་བཞིན་འགྱུར། །བསམ་དང་བྲལ་བའི་དེ་ཉིད་ནི། །གོ་འཕང་མཆོག་ཅེས་ཡོངས་སུ་བསྒྲགས། །འདིའང་སྤྱོད་བསྡུས་བཞིན་དྲུག་ཏུ་བཤད་དོ། །ལྷ་ཡི་རྣལ་འབྱོར་བསམ་མི་ཁྱབ། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །མཁའ་འགྲོ་དྲ་བའི་གཟུགས་ཀྱིས་ནི། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །དེ་དག་མི་ཕྱེད་ངོ་བོ་ཉིད། །བསྒོམ་པར་ང་ཡིས་བཤད་པ་ཡིན། །ཞེས་པའི་སྔགས་བཟླས་པས་རྡོར་བཟླས། བསམ་གཏན་གྱི་རྒྱུ་སེམས་དབེན་དང་། འབྲས་བུ་སྒྱུ་ལུས་གཉིས་བསྟན་ནོ། །ལུང་སྔ་མར་བདག་བྱིན་བརླབ་ནི་སྒྱུ་ལུས། ཕྲ་མོ་ནི་སེམས་དབེན། འདིར་བདེ་བས་དང་། དེར། རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །ཞེས་པས་མངོན་བྱང་། ཀྱང་གིས་ཟུང་འཇུག་སྟེ། དེར། དེ་ལས་ལྷག་མ་ཟུང་འཇུག་གོ །ཞེས་པ་འདིར་དངོས་སུ་མ་བཤད་པར་ལུས་པའི་དོན་ཡིན་པས་ལྷག་མའོ། །སྔགས་བཟླས་བསྐྱེད་རིམ། བསམ་གཏན་གྱིས་སྟེང་སྒོ་དང་། བདེ་བ་འོག་སྒོར་རྡོ་རྗེ་མཁའ་འགྲོར་གསུངས་ཏེ། སྒྱུ་མ་ཀུན་གྱི་རྣམ་རོལ་པ། །ལུས་ཅན་ཀུན་གྱི་རྣམ་ཤེས་ཏེ། །ལུས་ལས་འདས་ཤིང་དྲི་མེད་པ། །ནས། འོག་དང་སྟེང་དུ་གང་གྱུར་པ། །ཁམས་གསུམ་མ་ལུས་ཟད་པར་བྱ། །ཞེས་པའི་བར་གྱིས་གསུངས་སོ། །འདིས་ལོ་དྲིལ་ནག་པོ་སོགས་ཀྱི་རྫོགས་རིམ་ཡང་བསྟན་ནོ། །བདུན་པ་དམ་ཚིག་བསྐྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྔར་དམ་ཚིག་སྤྱོད་པའི་ཞེས་པའི་དོན། །ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །དེ་ཡང་ཕྱི་རོལ་ལ་འཇིག་རྟེན་པ་འཇུག་པའི་དོན་དང་། ནང་དུ་ཡེ་ཤེས་འཇུག་པའི་དོན་དུ་ཕྱི་རོལ་དང་ནང་གི་དམ་ཚིག་གཉིས་གསུངས་ཏེ། དེ་བསྐྱང་བ་ནི་དེ་སྤྱོད་པའི་དོན་ནོ། །དེ་ནི་རིམ་པ་བཞིན་ཚོགས་རྣམ་པ་གཉིས་ཀྱི་རྒྱུའོ། །བརྒྱད་པ་དམ་ཚིག་བྱེ་བ་སྲུང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་པས་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་གི་བརྒྱད་དང་བཅས་པ་བསྲུང་བྱར་བསྟན་ཏེ། དེ་དག་བྱུང་ན་ཉམས་པ་ཞེས་པའི་གྲངས་སུ་འགྲོ་ཞིང་། དེ་ནི་རྒྱུད་མ་སྨིན་པ་ཡིན་སྟེ་དངོས་གྲུབ་ཐོབ་པ་ཉམས་སུ་འཇུག་པའི་ཕྱིར་རོ། །དགུ་པ་བདུད་རྩི་ལྔ་བཟའ་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྦྲང་རྩི་འཚལ་དང་ག་པུར་བཅས། །སྦྲང་རྩི་ནི་སྦྲང་བུའི་སྐྱུགས་པའོ། །འཚལ་ནི་མི་མོ་དཀར་ཤམ་གྱི་རྡུལ། ག་བུར་ནི་རང་གི་ཁུ་བ། བཅས་བཞེས་པས་བུད་མེད་དང་རང་གི་དྲི་ཆེན་དྲི་ཆུ་གོ་རོ་ཙ་ནའོ། །ཙན་དན་དམར་པོ་དང་སྦྱར་བ། །ཙན་དན་དམར་པོ་ཤ་ཆེན་པོ་སྟེ། མི་རྟ་ཁྱི་གླང་པོ་བ་གླང་དག་གིའོ། །ཚོགས་ཀྱི་ནང་དུ་བཞག་པ་ནི། ཚོགས་ཀྱི་དབུས་སུ་བྱིན་གྱིས་བརླབ་པའམ། འགྲེལ་པར་བྱུང་བ་བཞིན། ཐམས་ཅད་རྡོར་ཞེས་པ། ཆང་འཐུང་བ་སྟེ་སྐྱུགས་པ་དང་ལྷན་ཅིག་འཐག་པ། མཚན་ཞེས་པ། དེ་ཅེ་སྤྱང་གི་རྐྱལ་བུར་བཅུག ཐོད་པ་ཁ་སྦྱར་དུ་སྟེམས་ཏེ་མཚན་མོ་དུར་ཁྲོད་དུ་ཁྱེར་ནས་ཕོ་མོའི་རོ་ལྷན་ཅིག་བསྲེགས་པའི་འོག་ཏུ་དོང་གྲུ་གསུམ་པར་སྦེད་པའོ། །མཚན་མ་འཛིན་ཞེས་པ། དེའི་སྟེང་དུ་རལ་གྲི་བཞག་སྟེ་སྒྲུབ་པའི་ཆོ་ག་བྱས་ནས་མིའི་རྐང་དང་བསྲེས་ཏེ་རིལ་བུར་བྱའོ། །དེས། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པ། །འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །འདིས་བཟའ་བའི་དམ་ཚིག་བསྟན་ནོ། །བཅུ་པ་ཚོགས་ཀྱི་འཁོར་ལོ་ལ་མཐེ་བོང་དང་མིང་མེད་དག་གིས་ཞལ་དུ་ཟླ་བའི་བཏུང་བ་མྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྔར་སྦྱོང་ཡུལ་ཡིན་ཞེས་པའི་དོན། སྒྲུབ་པ་པོ་བདག་དང་ལྷ་གྲངས་བཞིན་གྱི་ཕྱག་རྒྱ་དང་སྒྲུབ་པའི་གྲོགས་པོ་ཚང་བའི་ཚོགས་དཀྱིལ་བསྒྲུབས། དེར་ཇི་ལྟར་ལོངས་སྤྱོད་པ་ནི། མིང་མེད་མཐེ་བོང་རྩེ་སྦྱར་བས། །སྲིན་ལག་གིས་ས་དང་རྒྱ་མཚོ་མཐེ་བོང་གིས་རི་རབ་སྟེ་དེ་གཉིས་སྦྱར་བ་དེས་བསྲུབས་པ་ལས་བདུད་རྩི་འཁྲུངས་པ། རྣལ་འབྱོར་རིག་པ། སྡོམ་འབྱུང་དུ། ཨོཾ་ཨཱཿཧཱུྃ་ཞེས་བྱ་སྔགས་ཀྱིས། །རྟག་ཏུ་བྱིན་གྱིས་བརླབ་པར་བྱ། །ཧ་ཧོཿསྲཱིཿཞེས་བྱ་སྔགས་ཀྱིས། །སྦྱང་བ་དང་ནི་རྟོགས་བྱ་སྟེ། །ཡི་གེ་ཧས་ནི་ཁ་དོག་འཕྲོག །ཧོཿཡིས་དྲི་ནི་འཇོམས་པ་སྟེ། །ཡི་གེ་སྲཱིཿཡིས་ནུས་པའང་བཅོམ། །བདུད་རྩི་རྣམ་པར་བསྟེན་པར་བྱ། །ལྷ་གསུམ་ལ་སོགས་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་གྱིས་འཐུང་། །དེ་ལས་དུག་འགྱུར་ཐེ་ཚོམ་མེད། །སྔགས་ཀྱིས་དངོས་གྲུབ་མི་སྐྱེའོ། །སྔགས་པ་ཆང་གིས་མྱོས་གྱུར་པ། །དེ་ལས་བགེགས་ནི་མང་པོ་འབྱུང་། །ཞེས་དང་། ཙཱ་རུའི་བཟའ་བ་བྱིན་གྱིས་བརླབ་པ་དང་། ལོངས་སྤྱོད་པ་འགྲེལ་པའམ་དེར་འབྱུང་བ་བཞིན་རྟག་ཏུ་སྤྱད་ཅེས་སོ། །མྱངས་པས་ཞི་བའི་བཏུང་བ་བཞིན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །འདི་ལ། ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས། ཟླ་བ་ལྟ་བུའི་མན་ངག་དང་། སྐར་ཁུང་ལྟ་བུའི་མན་ངག་དང་། སེང་གེའི་ཕྲུ་གུ་ལྟ་བུའི་མན་ངག་དང་གསུམ། དང་པོ་ནི། འདོད་པའི་ཡོན་ཏན་ལྔ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་བདེ་བར་མཚོན་ནས། ཚེས་བཅོ་ལྔའི་ཟླ་བ་བཞིན་དུ་ཆོས་ཐམས་ཅད་ལ་བསམ་གཏན་གྱི་བདེ་བ་རྒྱས་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུའི་གསང་བརྟོལ་ནས་ཕྱི་རོལ་གྱི་ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་བཞིན་དུ་རྟོགས་པ་ཡིན་ནོ། །གསུམ་པ་ནི། རེག་བྱ་རྡོ་རྗེ་མ་ལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་སེངྒེའི་ཡན་ལག་མ་སྨད་པས་རི་དྭགས་ཐམས་ཅད་སྐྲག་པར་བྱེད་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །ཞེས་བཞེད། སུ་མ་ཏི་དང་། ལིུ་ཀ་རས། གཙང་སྦྲ་གསུམ་ལྕགས་ཀྱུ་ལྟ་བུའི་མན་ངག་ཡིན་ནོ། །དེ་ཡང་འཁོར་བ་རྒྱ་མཚོ་ལྟ་བུ་ཡིན་ལ། བདེ་བ་རྟོག་པ་མེད་པ་ནི་ཉ་ལྟ་བུའོ། །གཙང་སྦྲ་རྣམ་པ་གསུམ་གྱི་ལྕགས་ཀྱུས་དེ་གཟུང་ནས་འགྱུར་བ་མེད་པའི་བདེ་བས་སྐམ་ས་ལ་འབྱིན་པ་ཡིན་ནོ། །ཞེས་དང་། པདྨ་རྡོ་རྗེས་གཙང་སྦྲ་གསུམ་ནི་ནམ་མཁའ་ལྟ་བུ་མ་ཡིན་ཏེ། རྩ་གསུམ་གྱི་སྣ་གསང་བའི་རྡོ་རྗེ་ནོར་བུ་བྷ་གར་གཏོད་པ་ལ་གཡོན་བརྐྱང་མའི་རླུང་གིས་དགའ་བྲལ་གྱི་བདེ་བ་ཉམས་ནས་ཁམས་གསུམ་འཁོར་བའི་རྣམ་རྟོག་བསྐྱེད་པ་དང་། གཡས་པ་ར་སཱ་ནའི་རླུང་གིས་གྱེན་དུ་བཟློག་པའི་ཚེ་བྱང་སེམས་རོ་མར་བཅུག་ནས་འདོད་པའི་དབང་ཕྱུག་ཀ་མ་ཏྭཏྟ་དང་། ཚེ་འཕེལ་བ་བེ་ཤ་ཏྭཏྟ་ཅེས་པར་འགྱུར་རོ། །དབུས་མ་ཨ་ཝ་དྷཱུ་ཏཱིའི་རླུང་གིས་བྱང་སེམས་དེ་ཉིད་དུ་ཚུད་པའི་ཚེ་མི་ཟད་པ་བསམ་གཏན་གྱི་བདེ་བ་ནཻ་རཉྫྱ་ན་ཏྭཏྟ་ཅེས་བྱ་བར་འགྱུར་རོ། །དེ་ལ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་པས་ཟག་པ་མེད་པའི་ར་མ་ཏྭཏྟ་ཅེས་བྱ་བར་འགྱུར་རོ། །ཞེས་དང་། དོན་ནཱ་རོ་པ། གཙང་སྦྲ་གསུམ་གྱི་ཕོ་ཉ་དང་ཟླ་བ་དང་། སྣོད་གཅིག་ཏུ་ཟ་བ་ཞེས་པ། རིམ་པ་བཞིན། ཞི་གནས་སྟོང་པས་དབེན་པ་དང་། སྒྱུ་མ་ལྟ་བུ་དངོས་པོར་འཛིན་པས་དབེན་པ་དང་སྟོང་པའི་ཡེ་ཤེས་གཉིས་སུ་སྣང་བས་དབེན་པ་ཡིན་ལ། དེ་ནས་མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཡིད་ལ་འདོད་པ་བྱེད་པ་སྟེ། །ཞེས་སོགས་ཀྱིས་དཀྱིལ་འཁོར་དེར་ལས་རབ་འབྱམས་ཐམས་ཅད་ཀྱིས་གཞན་གྱིས་དོན་ལ་རྣམ་པར་རོལ་ཏེ་ཇི་ཙམ་འདོད་ཀྱི་བར་དུ་གནས་ནས་གཟུགས་ཡོངས་སུ་བརྗེས་ཏེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་བགྲོད་པར་བྱེད་པའོ། །ཞེས་བཞེད་དོ། །འདི་ཀུན་བཟང་། བཅུ་གཅིག་པ་དང་པོ་གཉིས་སྙོམས་པར་འཇུག་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དབང་གཉིས་སྙོམས་པར་འཇུག་པ་ཡིས། འདི་གསང་བའི་སྤྱོད་པ། སྙོམས་པར་ཞུགས་པའང་དེ་ཉིད་འཛིན། འདིས་ཚོགས་སྤྱོད་བསྟན་པའོ། །བཅུ་གཉིས་པ་བདེ་བ་བཟང་པོ་སྔགས་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ནི། །དེ་ལྟ་བུར་ནི་བྱེད་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བསྟན་ཏེ། རྡོ་རྗེ་མཁའ་འགྲོར། ལས་རྣམས་ཀུན་ལ་ཐབས་བཅས་ཤིང་། །དོགས་པ་མེད་པར་གང་སྤྱོད་དང་། །རྣམ་པར་མི་རྟོག་བསྒོམ་པ་ནི། །བརཏལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །ལས་རྣམས་ཀུན་ལ་ཀུན་ཏུ་ནི། །རྣམ་པར་མི་རྟོག་སྒོམ་བྱེད་ཅིང་། །དོགས་པ་མེད་པར་ཀུན་ཏུ་སྤྱོད། །དེ་ནི་དཀའ་ཐུབ་རྣམས་ཀྱི་མཆོག །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །སྐྲ་ཟླ་ལ་སོགས་རྗེས་དངོས་ཀྱི། །ཡུལ་རྣམས་མ་ལུས་བརྟེན་བྱེད་པའི། །དཀའ་ཐུབ་ཤིན་ཏུ་འདའ་དཀའོ། །ཞེས་ཀུན་བཟང་དང་། གང་ཡང་ལས་རྣམས་ཐམས་ཅད་ལ། །ཤེས་རབ་དང་ནི་སྦྱར་བྱ་སྟེ། །དེ་ཡང་སྟོང་པའི་གནས་སུ་སྦྱར། །དེ་འདིར་བདག་ཆེན་དཀའ་ཐུབ་ཡིན། །གསང་སྤྱོད་དང་། རྣམ་པར་མི་རྟོག་སེམས་ཀྱིས་ནི། །ཤེས་རབ་དང་ནི་མཚུངས་གཟུགས་ལ། །དོགས་མེད་སྤྱོད་པའི་ཀུན་སྤྱོད་པ། །དེ་ནི་བདག་ཆེན་དཀའ་ཐུབ་ཡིན། །བརཏལ་ཞུགས་དང་། ཤེས་རབས་ཐབས་ནི་མ་གཏོགས་པ། །གང་ཚེ་བསམ་གཞན་མི་གཡོ་བ། །དེ་ཚེ་བྱང་ཆུབ་ཆེན་པོ་ནི། །ངེས་པར་སྟེར་བ་ཉིད་དུ་བཤད། །ཅེས་པས་ཕྱོགས་ལས་རྣམ་རྒྱལ་བཤད་དོ། །དེ་ཕྱིར་བདེན་དོན་བཅུ་གཉིས་ཀྱི་རང་བཞིན་གྱི་ལམ་རྣམ་པར་ཕྱེ་བ་གནས་པ་བཅུ་གཉིས་སུ་གསུངས་སོ། །དེ་ཡང་སྨིན་གྲོལ་གཉིས། དམ་ཚིག་དང་སྤྱོད་པ་བཞི་གཞི་འབྲས་ལྷུན་གྲུབ་ཏུ་སྤྱོད་པའི་ལམ་གྱི་བསྡོམས་སུ་མཛད་དེ་དེར་བསྡུས་སོ། །དངོས་པོའི་གནས་ལུགས་ནི་རྫོགས་རིམ་དུ་དང་། །འབྲས་བུའི་དངོས་གྲུབ་རྣམ་པ་གཉིས་ནི་རང་རང་གི་ཞར་ལས་བསྟན་པ་ཡིན་ནོ། །དེ་བས་ན་མདོར་བསྟན་འདི་རིགས་བཞིའི་དབང་དུ་བྱས་པར་ཇོ་བོ་ནཱ་རོ་པ་བཞེད་དོ། །གཉིས་པ་ལེའུ་གཉིས་པ་ནས་ལྔ་བཅུ་པའི་བར་གྱིས་རྒྱས་པར་བཤད་པ་ནི། རི་བོ་ལ་སོགས་པ་གནས་ངེས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དཀྱིལ་འཁོར་ལ་སོགས་པ་དེ་ཉིད་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བླ་མ་དང་དཔའ་བོ་དཔའ་མོའི་དབང་ཕྱུག་མའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དབང་བསྐུར་བ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཕྱག་རྒྱའི་སྤྱོད་པ་དང་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། མཁའ་འགྲོའི་གནས་སུ་རོལ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྔགས་བཏུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རིག་པའི་རྒྱལ་པོའི་ལས་རབ་འབྱམས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། འཇིག་རྟེན་པའི་དངོས་གྲུབ་བརྒྱད་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བརྡའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ལས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་རྣམས་ཀྱིས་ཡང་དག་པར་སྨྲ་བ་དང་འགྲོ་བ་དང་འོང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། མཁའ་འགྲོ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དམ་ཚིག་གི་མིང་བརྗོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་ཆེན་པོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། གཅིག་ཏུ་ཙཱ་རུའི་སྟོན་མོའི་ངོ་བོ་ཉིད་ཀྱིས་གནས་པ་དང་། གཏོར་མ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། གནོད་མཛེས་རྒྱལ་པོའི་སྔགས་བཏུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེའི་ལས་རབ་འབྱམས་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྔགས་དང་གཟུགས་བརྙན་དང་བསམ་གཏན་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་བསྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཞལ་བཞི་པ་ལ་སོགས་པའི་སྔགས་ཀྱི་རྐང་པ་དང་ལྷན་ཅིག་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་མིང་ནང་དུ་སོན་པ་མཐར་ཐུགས་རྡོ་རྗེ་ལ་སོགས་པའི་སྔགས་བཟླས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། གནས་ལ་སོགས་པ་ས་བཅུ་དང་ཡུལ་ཉི་ཤུ་རྩ་བཞིས་ངེས་པར་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྤྱི་བོ་ལ་སོགས་པར་འགོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཐོད་པའི་དུམ་བུ་ལ་སོགས་པའི་ཉི་ཤུ་རྩ་བཞི་ཁམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ལྷ་མོ་རྣམས་ལ་སྤྱོད་པ་དང་མཁའ་ལ་སྤྱོད་པའི་གཟུགས་ཡོངས་སུ་བསྒྱུར་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རིགས་སུམ་ཅུ་རྩ་བདུན་གྱི་རྩའི་འཁོར་ལོ་ཀུན་ཏུ་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ་སུམ་ཅུ་རྩ་གཉིས་ལས། དང་པོ་ནི། རིགས་ལྡན་རྣམས་དང་ཕོ་ཉ་མཆོད་པའི་རྒྱས་བཤད། རི་བོ་ཚང་ཚིང་རི་སུལ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །རི་བོའི་སྟེང་དུ་རེངས་རྨོངས་ཕུར་བུས་གདབ་པ་གསུམ། ཚང་ཚིང་ནགས་སུ་རྒྱས་པ་དབང་དགུག རི་སུལ་ཆུ་དྭངས་བ་འབབ་པའི་འགྲམ་དུ་ཞི་རྒྱས། རྒྱ་མཚོ་ཆེན་པོའི་འགྲམ་དུ་དབྱེ་བསྐྲད་བསད་གསུམ་གྱི་དཀྱིལ་འཁོར་བཞེངས་ནས་བསྒྲུབ་ལ། གདོད་ནས་གྲུབ་པའི་དུར་ཁྲོད་ཡུལ་སུམ་ཅུ་རྩ་གཉིས་སམ་དེས་མཚོན་པའི་དུར་ཁྲོད་གང་ཡང་རུང་བར་གཙོ་བོ་ཡབ་ཡུམ་གོ་ཆའི་སྔགས་བསྒྲུབ་པར་བཤད་དོ། །འཇིག་རྟེན་པའི་དངོས་གྲུབ་ནི། རི་བོར་གཏེར་གྱི་དངོས་གྲུབ། ཚང་ཚིང་དུ་རིན་པོ་ཆེའི་དངོས་གྲུབ། རི་སུལ་དུ་རོ་བཅུད་ཀྱི་དངོས་གྲུབ། རྒྱ་མཚོའི་འགྲམ་དུ་རལ་གྲིའི་དངོས་གྲུབ། དུར་ཁྲོད་དུ་མིག་སྨན་གྱི་དངོས་གྲུབ་བསྒྲུབ་པ་འགྲེལ་པར་བཤད་ཅིང་། རྡོ་རྗེ་མཁའ་འགྲོ་ལས། གཞན་ཡང་དགོན་ཆེན་ཞེས་བྱ་བ་ནི་ཤེས་རབ་སྟེ། སྔགས་ཀྱི་ཡོན་ཏན་གྱི་ཤིང་གི་ཚོགས་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་རང་བཞིན་གྱི་ལྷའི་བདག་ཉིད་ཡིན་པས་ས་ཕྱོགས་སོ། །རིགས་མཐའ་ཡས་པའི་རང་བཞིན་གྱི་ཕྱིར་མང་པོའི་ཚིག་གོ །ཞེས་པ་ཚང་ཚིང་གི་དོན་ཡང་། བདག་དང་སེམས་ཅན་ལ་སོགས་པར་རྟོག་པ་དང་བྲལ་བས་རྣམ་པར་དབེན་པ་སྟེ། ལྟ་བ་ངན་པ་རྣམས་ཀྱིས་གཞིག་པར་མི་ནུས་པའི་ཕྱིར་རི་བོའོ། །འཇུག་པར་དཀའ་བའི་ཕྱིར་རི་སུལ་དང་། ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་གནས་སུ་གྱུར་པས་རྒྱ་མཚོ་ཆེན་པོའི་འགྲམ་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་དང་སྦྱིན་པ་ལ་སོགས་པའི་རང་བཞིན་རྣམ་པར་དག་པས་གྲུབ་པས་གདོད་ནས་གྲུབ་པ་སྟེ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་འདོད་ཆགས་ཀྱི་མེས་སྲེག་པས་དུར་ཁྲོད་དུ། དེ་ལྟར་ན་མེ་ལོང་ལྟ་བུ་ལ་སོགས་པ་ལྔ་རྣམ་པར་དག་པས་གནས་རྣམ་པ་ལྔར་བསྒྲགས་སོ། །ཆུང་ངུ་ནི་དང་པོར་ལོ་བཅུ་གཅིག་མའི་པདྨའི་འདབ་མ་དང་རོལ་པས་བཅུད་ཀྱི་ལེན་བསྒྲུབ་པར་བྱའོ། །གཉིས་པར་ལོ་བཅུ་གཉིས་མ་དང་རོལ་པས་ནི་དམ་ཚིག་གི་དོན་དུ་བསྟེན་པར་བྱའོ། །གསུམ་པར་བཅུ་དྲུག་མ་དང་ལྷན་ཅིག་ཏུ་དགའ་བས་ནི་སྔགས་རྣམས་གོམས་པར་བྱའོ། །བཞི་པར་ལོ་ཉི་ཤུ་མ་དང་ནམ་མཁར་འཕུར་བ་བསྒྲུབ་པར་བྱའོ། །ལྔ་པར་ལོ་ཉི་ཤུ་རྩ་ལྔ་མ་དང་དབང་བསྐུར་བའོ། །ཞེས་གསུངས་ཏེ། མཆོག་བསྒྲུབ་པ་རིམ་པ་གཉིས་ཀྱི་དབང་དུ་མཛད་དོ། །གཉིས་པ་དཀྱིལ་འཁོར་ལ་སོགས་པ་དེ་ཉིད་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱི་ནང་གི་དེ་ཉིད་བཅུ་བཅུ་བཤད་པ་ལས་ཕྱིའི་དེ་ཉིད་བཅུ་སྟོན་ལ། དེའི་དང་པོ། དཀྱིལ་འཁོར་བྲི། ཞེས་སོགས་ཀྱིས་འཆད་དེ། དཀྱིལ་འཁོར་ཞེས་པ་ལ་རྒྱ་གར་ན་ཡོ་ག་ལ་མཁས་པའི་མི་གསུམ་ཞེས་གྲགས་པའི་ནང་ཚན་སློབ་དཔོན་སངས་རྒྱས་གསང་བས། ངོ་བོ་ཆོས་རྣམས་ཐམས་ཅད་དང་། །དོན་དམ་སྤྲོས་པ་མེད་པ་ལ། །ཀུན་རྫོབ་གཙོ་འཁོར་དེ་ཉིད་དོ། །དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །རང་བཞིན་དོན་དམ་དཀྱིལ་འཁོར་གཉིས། །དོན་དམ་རྣམ་མིན་རྣམ་གྲངས་ཅན། །དང་པོ་རྣམ་གྲངས་མིན་པ་ནི། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ཉིད་དཀྱིལ་འཁོར་སྙིང་པོར་གསུངས། རྣམ་གྲངས་ཅན་གྱི་དཀྱིལ་འཁོར་ནི། །ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་རྣམས། །ལྷ་དང་ལྷ་མོའི་རང་བཞིན་དུ། །ངང་གིས་ཆོས་མཐུན་དེ་ལྟར་གནས། །རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི། །འོག་མིན་བླ་མེད་གནས་མཆོག་ན། །འབྲས་བུ་རྒྱལ་བའི་དཀྱིལ་འཁོར་རྣམས། །དོན་དམ་མཚོན་ཕྱིར་རྟགས་སུ་སྣང་། །ཏིང་འཛིན་དཀྱིལ་འཁོར་རྣམ་གསུམ་སྟེ། །རང་བཞིན་དེ་ལ་བསྒོམ་པ་དང་། །གཟུགས་དེ་ལ་ནི་བསླབ་པ་དང་། །རབ་ཀྱི་རྩལ་གྱིས་བསླབ་པའོ། །གཟུགས་བརྙན་དཀྱིལ་འཁོར་གཉིས་ཡིན་ཏེ། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་ནོ། །དང་པོ་རྣམ་པ་དྲུག་ཡིན་ཏེ། །གསེར་དངུལ་ལུགས་དང་དུང་རྡོ་འབུར། །རྭ་ཤིང་གཞོགས་རས་བལ་རས་དང་། །ས་བྱས་ལྡེར་དང་རྡུལ་མཚོན་གཅལ། །ལྷག་པའི་གཟུགས་བརྙན་རྣམ་གསུམ་སྟེ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་དང་ཡན་ལག་ལྔ། །ནང་ནི་འཁོར་ལོ་དྭངས་མ་ལྔ། །གསང་བ་རྡོ་རྗེ་པདྨ་སྦྱར། །དེ་དག་སྤྱི་ཡི་དབྱེ་བའོ། །ངེས་ཚིག་དཀྱིལ་ནི་གཙོ་བོ་སྟེ། །འཁོར་ནི་དེ་ཡི་སྤྲུལ་པ་ཡིན། །ཡང་ན་འདས་པ་དཀྱིལ་ཡིན་ཏེ། །འཁོར་ནི་འཇིག་རྟེན་པ་ལ་བྱ། །ཞེས་གསུངས་ལ། དེ་ཁ་འདིར་ཡང་རིགས་པ་ཡིན་ཏེ། རྣམ་གྲངས་མ་ཡིན་པའི་དཀྱིལ་འཁོར་ནི། སྡོམ་འབྱུང་དུ། སྣ་ཚོགས་དེ་བཞིན་ཉིད་བདག་མེད། །ཐབས་ནི་སྙིང་རྗེའི་སྟོབས་ཡིན་ཏེ། །ཟུང་དུ་འཇུག་པ་རྣམ་རྟོག་བྲལ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་དང་། རྣམ་གྲངས་པ། ཁམས་བཞི་པོ་དང་ཕུང་པོ་ལྔ། །དེ་བཞིན་ཡུལ་དྲུག་བདག་ཉིད་ནི། །ཁྲག་འཐུང་ལྷ་མོའི་ཡེ་ཤེས་ཏེ། །དེ་ལ་ཐ་དད་མི་བརྟག་གོ །དཀྱིལ་འཁོར་དེ་བཞིན་ཉིད་རྒྱས་བཏབ། །དེ་བཞིན་ནམ་མཁའ་མཉམ་སྟོང་པ། །ཞེས་སོ། །ཀུན་རྫོབ་པའི་དབང་དུ་བྱས་པ་ནི། དེ་ཉིད་དུ། དང་པོ་ལྷ་ཡི་རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །གནས་དང་ཞིང་ལ་སོགས་པའི་བརྡ། །དཔའ་བོ་རྣལ་འབྱོར་མའི་འདུས་པ། །དེ་བཞིན་གཉིས་མེད་མཉམ་སྦྱོར་ལ། །ལྷ་རྣམས་ཡང་དག་འཕྲོ་བ་སྟེ། །ཚད་མེད་ལྷ་ནི་འཕྲོ་བ་ལས། །དཀྱིལ་འཁོར་ཚད་ཅན་རྣམ་པར་བརྟག །ཅེས་སོ། །དང་པོ་གཉིས་ལ་ཆོས་སྐུའི་དཀྱིལ་འཁོར། གསུམ་པ་ལོངས་སྐུའི་དཀྱིལ་འཁོར་དུ། མཻ་ཏྲི་པ་གསུང་ངོ་། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསུམ་གྱི་དང་པོ། །དེ་ཉིད་དུ། རྗེས་མཐུན་རྣལ་འབྱོར་སེམས་ཀྱིས་ནི། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །ཞེས་དང་། ཡང་། དབང་པོ་དམན་པས་བསྐྱེད་རིམ་གྱི། །དཀྱིལ་འཁོར་བསྒོམ་པའི་བསམ་པར་བྱ། །ཞེས་དང་། གཉིས་པ། དབང་པོ་རྣོན་པོས་སྐད་ཅིག་གི །རྣམ་པས་སེམས་ཙམ་དཀྱིལ་འཁོར་བསམ། །ཞེས་དང་། རབ་ཀྱི་རྩལ་གྱིས་བསླབ་པ་ནི། །ཡང་། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡིས། །དཀྱིལ་འཁོར་བདག་པོ་བསྒོམ་པའོ། །འདིའི་འགྲེལ་པ་པདྨ་ཅན་ལས། དབང་པོ་རཏལ་པོའི་གང་ཟག་མངལ་སྐྱེས་ལ་སོགས་པ་སྐྱེ་གནས་བཞིའི་རིམ་པས་ཐོག་མར་རིམ་གྱིས་རྫོགས་པའི་ལྷའི་འཁོར་ལོ་མཐའ་དག་རྣམ་པར་རྟོག་པ་ལ་གསལ་བར་བྱའོ། །དབང་པོ་འབྲིང་པོ་ནི་སྐད་ཅིག་ཉིད་ལ་སྐྱེ་གནས་བརྫུས་ཏེ་སྐྱེས་པ་ལྟར་ལན་ཅིག་ཉིད་ལ་རྣམ་པ་ཐམས་ཅད་རྫོགས་པའོ། །དབང་པོ་རྣོན་པོ་ནི། སླར་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་འགྲོ་བ་ཁོ་ན་ལྷའི་རྣམ་པ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་ཉིད་ལ་རང་བཞིན་གྱིས་གྲུབ་པ་ཉིད་དུ་ལྷག་པར་མོས་པའོ། །ཞེས་པ་འདི་གསུམ་ཀ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡིན་པར་མ་ཟད་སྤྲུལ་པའི་དཀྱིལ་འཁོར་དུ་ཡང་འགྱུར་ཏེ་ཡིད་ཀྱིས་སྤྲུལ་པ་ཞེས་བྱ་བའི་རིགས་པས་སོ། །དེ་ལ་གསལ་སྣང་ཐོབ་ན་གཞན་གྱིས་དེ་ལྟར་དུ་མཐོང་བར་འགྱུར་ཏེ། །ཇོ་བོ་ནཱ་རོ་པ། རང་སྣང་ལ་བརྟན་པ་ཐོབ་ན་ལས་སོགས་ཐམས་ཅད་འགྲུབ་པས་འདི་ནི་རྣམ་ཤེས་ལ་དབང་ཐོབ་པ་ཞེས་བགྱི། གཞན་སྣང་ལ་དབང་ཐོབ་ན་དེས་ཇི་ལྟར་བསྒོམ་པ་བཞིན་གཞན་ལ་སྟོན་ནུས་པ་དེ་ལ་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱའོ། །ཞེས་བཞེད་ལ། དེ་ཉིད། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་དང་། རྡོ་རྗེ་མཁའ་འགྲོར། བརྟན་གཡོའི་དངོས་པོ་ཡོད་མིན་ཏེ། །འོན་ཀྱང་སྣང་བ་ཙམ་མཚན་ཉིད། །སྒོམ་པ་ཁྱད་པར་གང་ཞིག་གི །གོམས་པའི་སྟོབས་ནི་རྫོགས་པ་ན། །ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བ་བློ་ཡི་མཐུ། །ཞེས་སོ། །དེས་ན་དིང་སང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་མཁན་མེད་དོ་སྙམ་པ་དག་ནི་དཀྱིལ་འཁོར་དེའི་ཐ་སྙད་གང་ལ་བྱེད་མ་ཤེས་པར་ཟད་དོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ངེས་བརྗོད་བླ་མར། དཀྱིལ་འཁོར་སྙིང་པོ་མདོར་བསྡུས་ན། །ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་འགོད་པ་བཞི་པའོ། །མེ་ཏོག་དཀྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་ཡི་གེའི་དཀྱིལ་འཁོར་ནི་པུ་ཛཱ་ལ་སོགས་པ་དང་སྔགས་བཏུའི་ཡིན་ལ། གཉིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར། གསུམ་པ་ལག་མཆོད། བཞི་པ་ནི་རས་བྲིས་དང་བློས་བསླང་། ལྔ་པ་ཚོམ་བུ། དྲུག་པ་ཀུན་ཏུ་བཟང་པོའི་སྤྱོད་པར་བཤད་པ་བཞིན་ཚོགས་ཀྱི་འཁོར་ལོའི་འདུས་པའོ། །ལྷག་པའི་གཟུགས་བརྙན་ཞེས་བསྟན་པ་དེ་ནི་དེ་ཉིད་དུ། དཀྱིལ་འཁོར་ལུས་སུ་བཤད་པ་སྟེ། །དཀྱིལ་འཁོར་བྷ་ག་ཡིན་པར་བཤད། །དཀྱིལ་འཁོར་བྱང་ཆུབ་སེམས་ཡིན་ཏེ། །དཀྱིལ་འཁོར་གསུམ་དུ་གསུངས་པའོ། །ས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟའི་དཀྱིལ་འཁོར་ཐམས་ཅད་མཁྱེན། །ཞེས་གསུངས་སོ། །མདོར་བསྡུ་ན་བཞི་སྟེ། རྡུལ་ཚོན་དང་ལུས་བྷ་ག་སེམས་སོ། །དང་པོ་ནི། དེ་ཉིད་དུ། དཀྱིལ་འཁོར་གྱི་ནི་རྣམ་དག་པ། །ས་ཡི་ཆ་ནི་སྤྱན་ཡིན་ཏེ། །ཐིག་སྐུད་རྣམ་པར་སྣང་མཛད་བཤད། །ཆ་དབྱེ་བ་ཡི་རིམ་པ་ཡིས། །མཁས་པས་དཀྱིལ་འཁོར་ཐིག་གདབ་བྱ། །རྡུལ་ནི་སྣ་ཚོགས་རིགས་ཞེས་བྱ། །ཞེས་གསུངས་ལ། དཀྱིལ་འཁོར་འདི་དང་འབྲེལ་བར་དབང་བསྐུར་བ་དངོས་ནི་གཙོ་བོར་དབང་བདུན་ཡིན་པས་འཇིག་རྟེན་པའི་དངོས་གྲུབ་དང་། འདས་པའི་དབང་དུ་མཛད་ནས་བུམ་དབང་གི་གཙོ་བོའི་དཀྱིལ་འཁོར་ལུས་དཀྱིལ་ལ་འདི་དང་དང་པོའི་སངས་རྒྱས་གཉིས་ཀས་བཤད་དོ། །གཉིས་པ་སྔར་རྣམ་གྲངས་པར་བཤད་པ་དེ་ཉིད་དེ། དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་ཡིས་ནི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་དེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་བས་ན་བཅོས་མའི་དཀྱིལ་འཁོར་ལས་ནི་མི་ཟབ་པ་བསྐྱེད་པའི་རིམ་པར་འགྱུར་ལ། ཕྱི་མ་འདི་ལས་ནི་ཟབ་མོ་བསྐྱེད་པའི་རིམ་པའོ། །བདག་ཉིད་ཁྲག་འཐུང་དཔལ་བྱས་ནས། །དེ་འོག་ཁྲག་འཐུང་དཔལ་དྲན་བྱ། །འཁོར་ལོ་འདི་ནི་སྙིང་གར་དགོད། །བདག་ཉིད་དེ་ལྟར་གོ་བགོས་ནས། །ཞེས་པའི་འཆད་ཚུལ་ལས་གསལ་བར་གསུངས་སོ། །གསུམ་པ་ནི། རྒྱུད་དེ་ཉིད་དུ། འཁོར་ལོ་བདེ་མཆོག་སྡོམ་པ་ཡི། །དཀྱིལ་འཁོར་མཆོག་གི་དེ་ཉིད་ནི། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཕག་མོའི་ལུས་ལས་བྱུང་བ་ཡིན། །བྷ་ག་པདྨའི་དཀྱིལ་འཁོར་རོ། །ཞེས་སོ། །བཞི་པ་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་འགྲོ་བ་དང་མི་འགྲོ་བ་གཉིས་ཡོད་དོ། །དང་པོ་ནི། ཆོས་རྣམས་ཐམས་ཅད་རྟག་ཏུ་མེད། །ཆོས་དང་ཆོས་མིན་རྣམ་པར་གཅོད། །དེ་ཡི་དཀྱིལ་འཁོར་གསུངས་པ་ནི། །རྣམ་དག་ནམ་མཁའ་དང་མཚུངས་པ། །ཆགས་དང་ཆགས་མེད་རྣམ་པར་མཉམ། །པདྨ་རཱ་ག་ཆུ་དང་མཚུངས། །རང་སེམས་ཆགས་པ་དམར་པོའི་མཆོག །དེ་དག་དཀྱིལ་འཁོར་མཆོག་ཡིན་ཏེ། །ཉི་ཤུ་པ་ཡི་ཁམས་ཀུན་དང་། །གཟུགས་དང་གཟུགས་མེད་དྲི་མ་མེད། །བསྐུལ་ཞིང་སད་པར་བྱེད་པ་ཡི། །སེམས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་བསྟན། །ཞེས་སོ། །འདིར་བསྐུར་བའི་དབང་བཞི་པ་དེ་ཡང་འཇིག་རྟེན་པ་ཡིན་པས། དུས་ཀྱི་འཁོར་ལོར། མཆོག་དབང་རྣམས་ལ་འགྲོས་གཉིས་གསུངས་པ་བཞིན་འགྲེལ་པས་ཀྱང་བཀྲལ་ལོ། །ཕྱི་མ་ནི། སྔར་གྱི་རྣམ་གྲངས་མ་ཡིན་པ་དེ་ཡིན་ཏེ། དེ་ཉིད་དུ། ཡང་དག་ཀུན་བསྒོམ་ལས་འདས་པ། །རྟོག་དང་རྟོག་མེད་རྣམ་པར་སྤངས། །ཕྱི་མོ་ཐིག་ལེ་ལས་འདས་པ། །དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་འདིར་དབང་བསྐུར་བཞི་པ་ནི་འཇིག་རྟེན་ལས་འདས་པའི་བཞི་པར་འགྱུར་རོ། །དེ་དག་ཀྱང་རིམ་པ་བཞིན་ཁ་སྦྱར། ཏིང་འཛིན། དེ་བཞིན་ཉིད། ཕྱག་རྒྱའི་དཀྱིལ་འཁོར་བཞིར་ཡང་དེ་ཉིད་དུ་གསུངས་ཏེ། དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །གཉིས་མེད་ཁ་སྦྱར་དཀྱིལ་འཁོར་ཡིན། །བདག་གི་དེ་ཉིད་ཏིང་འཛིན་ཡིན། །ལྷ་ཡི་དེ་ཉིད་དེ་བཞིན་ཏེ། །སྔགས་ཀྱི་དེ་ཉིད་ཕྱག་རྒྱ་ཡིན། །དེ་ལྟར་དཀྱིལ་འཁོར་དམ་པའི་མཆོག །ཅེས་སོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་རབ་དབྱེ་ནི་འདུས་པར་ཀླུའི་བྱང་ཆུབ་ཀྱིས་ཀྱང་གསུངས་ཏེ། །གསང་སྔགས་སྒྲར་གནས་རྣལ་འབྱོར་པ། །ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལས་མཚན་མ་རྙེད་གྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །ཞེས་དང་། ཡང་། གསང་སྔགས་ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ནི། །འཁོར་ལོ་སྒྱུ་མ་ལྟ་བུ་བྲི། །ཞེས་བུམ་དབང་གི་དབང་དུ་བྱས་པ་གཉིས་དང་། ཕྱི་མ་ལའང་། དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་དེ་བཞིན་ཉིད་དང་། །ཡིད་ཀྱི་དཀྱིལ་འཁོར་གཉིས་གསུངས་པའི་ཡིད་ཀྱི་དཀྱིལ་འཁོར་བློས་སྒོམ་པ་ཙམ་སྟེ་གཞན་ཅི་ཡང་མེད་དོ། །དེར་དབང་བསྐུར་བ་ཡང་། གྲུབ་པའི་དབང་ཕྱུག་མཻ་ཏྲི་པས། ཆོ་ག་ཇི་ལྟ་བ་བཞིན་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་རམ། མངོན་པར་རྟོགས་པའི་རིམ་པས་དམིགས་ལ། །ཞེས་གསུངས་ཤིང་། དེ་ཡང་རྡོ་རྗེ་མཁའ་འགྲོར། བྲིས་པས་བསོད་ནམས་གང་མཐོང་བ། །བསམ་པས་ཀྱང་ནི་དེ་བཞིན་མཐོང་། །སློབ་མ་བདག་ཉིད་ཆེན་པོ་ལ། །འདི་ཡི་དབང་ནི་བསྐུར་བར་བྱ། །དབང་བསྐུར་དམ་པའི་བསྒོམ་བྱར་འདོད། །ཅེས་དང་། ཨ་བྷ་ཡ་ཀ་རས། འཕྲེང་བར། རྡུལ་ཚོན་གྱི་དཀྱིལ་འཁོར་རམ། རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ་མངོན་གསུམ་དུ་བྱས་པའི་ཡིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དུ་ཇི་ལྟར་གསུངས་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་རབ་ཏུ་གནས་པ་དང་། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་ཡང་བྱའོ། །ཞེས་འབྱུང་ངོ་། །འདུས་པར། བྷ་ག་ཞེས་གསུངས་པ་ནི། དེ་ཉིད་ཀྱི་རྩ་བའི་རྒྱུད་དུ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ། དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་བྷ་ག་ལ་རྡུལ་དང་བྲལ་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་མཚན། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གཞི། །ཞེས་པའོ། །དེར་ལུས་ཀྱི་དཀྱིལ་འཁོར་ནི། ཚངས་པའི་ཐིག་ནས་ཡང་དག་བཅོམ། །གྲུ་བཞི་པ་རུ་རྣམ་པར་ཕྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡི། །རྣལ་འབྱོར་པ་ཡི་སྐུའི་དཀྱིལ་འཁོར། །ཞེས་དང་། ཕྱག་རྒྱའི་དཀྱིལ་འཁོར་ནི། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཕྱག་རྒྱ་ཐམས་ཅད་རྒྱས་བཏབ་པ། །དེ་ནི་རྟག་པར་རྒྱ་འགོད་པ། །དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ནི། །དགོངས་པ་ལུང་སྟོན་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བཤད་དོ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བཏགས་པ་དག་ནི་ཞི་གནས་བྱ། །འདི་དག་དངོས་པོ་མེད་འགྱུར་བའི། །དེ་བཞིན་ཉིད་ནི་ཞི་མིང་ཅན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པས་ནི་སངས་རྒྱས་གཞུག །ཅེས་བསྟན་ཀྱང་། ཇི་ལྟ་བ་ནི་རྣལ་འབྱོར་མའི་རྒྱུད་ཀྱིས་བཤད་པར་བྱ་དགོས་སོ། །འདིར་ཕྱག་རྒྱ་ཞེས་གསུངས་པ་ནི་ཕྱག་རྒྱ་ཆེན་པོའམ་དམ་རྒྱ་མིང་རྣམ་གྲངས་སུ་བྱས་པ་དེའི་དཀྱིལ་འཁོར་རོ། །དེ་ལྟར་བཞི་ལས་དང་པོའི་དཀྱིལ་འཁོར་གྱི་དེ་ཉིད་ལ་གནས་དང་། ས་དང་། འབྲས་བུ་ལྷའི་བདག་ཉིད་དུ་བཤད་པ་དང་གསུམ་ལས། དང་པོ་མངོན་བརྗོད་དུ། པདྨ་པཱུ་ལི་ར་ཡིན་ཏེ། ཛཱ་ལན་དྷ་ར་ཐུགས་འཁོར་ལོ། །ཨུ་རྒྱན་གསུང་གི་འཁོར་ལོ་སྟེ། །སྐུ་ཡི་འཁོར་ལོ་ཨརྦུ་ཏ། །གོ་དཱ་ཝཱ་རི་ཟུར་བཞིའོ། །ར་མེ་ཤྭ་ར་མེ་ཡི་མཚམས། །དེ་ཝི་ཀོ་ཊི་བདེན་བྲལ་བཤད། །མཱ་ལ་ཝ་ནི་རླུང་གི་མཚམས། །དབང་ལྡན་མཚམས་ནི་ཀཱ་མ་རཱུ། །གྲྭ་བཞི་རྣམ་པར་དག་པ་སྟེ། །འདི་ལ་ཐེ་ཚོམ་མེད་པ་ཡིན། །ཤར་གྱི་སྒོ་ནི་ཨོ་ཊི་སྟེ། །ལྷོ་ནི་ཏྲི་ཤ་ཀུ་ནེར་བཤད། །ནུབ་ཀྱི་སྒོ་ནི་ཀོ་ས་ལ། །བྱང་གི་སྒོ་ནི་ཀ་ལིངྒ། ཤར་གྱི་རྟ་བབས་ལམྦ་ཀ །ཀཉྩྨི་ལྷོ་ཡི་རྟ་བབས་ཡིན། །ཧི་མ་ལ་ཡ་ནུབ་ཕྱོགས་སོ། །བྱང་གི་རྟ་བབས་པྲེ་ཏ་པུར། །གྲི་ཧ་དེ་ཝ་ལྷ་སྣམ་བུ། །རིན་ཆེན་སྣམ་བུ་སཽ་རཥྚུ། །དྲ་བ་དྲ་ཕྱེད་གསེར་གླིང་སྟེ། །རྔ་ཡབ་གཡེར་ཁ་རྒྱལ་མཚན་དང་། །གདུགས་དང་རྒྱལ་མཚན་ནཱ་ག་ར། །རྡོ་རྗེའི་ཐིག་གི་ཟླུམ་བུ་ནི། །སིནྡྷུ་ཉིད་དུ་བཤད་པ་ཡིན། །སྒོ་ཁྱུད་དེ་བཞིན་མ་རུ་སྟེ། །རྡོ་རྗེ་རིན་ཆེན་ཀུ་ལུ་ཏ། །ཅེས་དང་། གཉིས་པ་ནི། དེ་ཉིད་དུ། དབུས་ཀྱི་པདྨ་ལྟེ་བར་བཅས། །རབ་ཏུ་དགའ་བའི་ས་ཡིན་ནོ། །ཐུགས་ཀྱི་འཁོར་ལོ་དྲི་མ་མེད། །གསུང་གི་འཁོར་ལོ་འོད་བྱེད་པ། །སྐུ་ཡི་འཁོར་ལོ་འོད་འཕྲོ་བ། །དེ་བཞིན་གྲུ་བཞི་སྦྱང་དཀའ་བ། །ལྷ་ཡི་སྣམ་བུ་མངོན་དུ་གྱུར། །སྒོ་བཞི་རིང་དུ་སོང་བ་སྟེ། །ཟུར་གྱི་ཆ་ནི་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །རྟ་བབས་ཆོས་ཀྱི་སྤྲིན་དུ་བཤད། །ཅེས་སོ། །གསུམ་པ་ནི། དེ་ཉིད་དུ། སྦུབས་རྣམས་ཀུན་ནི་དོན་ཡོད་གྲུབ། །སྐུ་ཡི་འཁོར་ལོ་སྐུ་དབང་ཕྱུག །གསུང་གི་འཁོར་ལོ་སྣང་མཐའ་ཡས། །མི་བསྐྱོད་ཐུགས་ཀྱི་འཁོར་ལོ་སྟེ། །དབུས་ཀྱི་པདྨ་རིན་ཆེན་འཛིན། །ཕྱི་ཡི་འཁོར་ལོའི་གཟུགས་རྣམས་ནི། །རྣམ་པར་སྣང་མཛད་རྣམ་པར་བསྒོམ། །ཞེས་དང་། ཡང་། རི་མོ་ལྔ་ནི་གང་ཡིན་པ། །ཤིན་ཏུ་རྣམ་དག་ཏིང་འཛིན་ཏེ། །རི་མོའི་ས་གཞི་ཐམས་ཅད་ནི། །དཔའ་བོའི་རྣམ་པར་དག་བསྒོམས་ཏེ། །རི་མོ་ཉི་ཤུ་ཕྱོགས་བཞི་པ། །དེ་ནི་དཔའ་བོའི་རྣམ་པའོ། །འཁོར་ལོའི་རྩིབས་ནི་རྣལ་འབྱོར་མ། །ལྟེ་བ་རྡོ་རྗེ་ཕག་མོ་སྟེ། །ས་བོན་ཞེས་གྲགས་ཁྲག་འཐུང་མཆོག །འདབ་མ་མཁའ་འགྲོ་མའི་རང་བཞིན། །དཀྱིལ་འཁོར་དཀྱིལ་འཁོར་རྣམས་ཀྱི་མཆོག །སུམ་ཅུ་རྩ་བདུན་རྣམ་དག་པའོ། །ཞེས་པས་དཀྱིལ་འཁོར་གྱི་ལྷ་དང་། གཞལ་ཡས་ཁང་དབྱེར་མེད་དང་། དེས་བྱང་ཕྱོགས་དང་སྦྱར་བ་བསྟན་ནོ། །དཔལ་མཆོག་དང་པོ་ལས། མི་མཉམ་མེད་པས་ཟུར་བཞི་པ། །དེ་བཞིན་ཉིད་ཀྱི་སངས་རྒྱས་དང་སེམས་ཅན་མཉམ་པས་གྲུ་བཞི། དྲན་ནས་དབང་པོ་སྒོ་བཞི་ཡིན། །དྲན་ནས་ཞེས་པ་སྡེ་ཚན་ལྔ་སྟེ། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བཞི། རྫུ་འཕྲུལ་རྐང་བཞི། དབང་ལྔ། སྟོབས་ལྔའོ། །དབང་པོ་གོ་རིམ་ཇི་ལྟ་བས། ཡུལ་གྱི་སྡེ་ཚན་ལྔ་བསྡུས་པའི་སྡེ་ཚན་དང་པོ་གསུམ་དང་དབང་པོ་གསུམ་གྱི་གོ་རིམ་བཞིན་ཤར་ལྷོ་ནུབ་སྒོ། སྡེ་ཚན་ཐ་མ་གཉིས་དང་དབང་པོ་ཐ་མ་གཉིས་བྱང་སྒོ། འཇིག་རྟེན་པའི་བསམ་གཏན་བཞི། དཔའ་བར་འགྲོ་བ་ནམ་མཁའ་མཛོད་དྲི་མ་མེད་པ་སེང་གེ་རྣམ་བསྒྱིངས་བཞི་ཁ་ཁྱེར། བཟོད་པ་སྔགས་ཆོས་དོན་གྱི་གཟུངས་བཞི་འདོད་སྣམ་ཀྱི་ལྷ་མོ། བྱང་ཆུབ་ཀྱི་ཡན་ལག་བདུན་དྲ་བ། ཡེ་ཤེས་ལྔ་མེ་ལོང་། འཇིག་རྟེན་པའི་སྙོམས་འཇུག་དགུ་དང་འཕགས་ལམ་ཡན་ལག་བརྒྱད་ཀྱིས་སྣ་ཚོགས་པའི་རྒྱན། ཀ་བ་བརྒྱད་རྣམ་པར་ཐར་པ་བརྒྱད། རི་མོ་ལྔ་སངས་རྒྱས་ལྔ། འདིས་རྣམ་བྱང་གི་ཕྱོགས་ཐམས་ཅད་དཀྱིལ་འཁོར་ཡིན་པར་བཤད་དོ། །དེ་ཡང་། དཀྱིལ་འཁོར་ཉིད་གནས་དེ་དག་དང་། ས་དང་། རྟེན་བརྟེན་པ་གཉིས་སུ་མི་ཕྱེད་པར་ཤེས་ན་དག་པར་འགྱུར་གྱིས་གཞན་མཚུངས་པར་སྦྱར་བ་ཙམ་དུ་འདོད་ན་ནི་དག་པ་དང་དེ་ཉིད་དུ་མི་འགྱུར་རོ། །འདི་ནི་དཀྱིལ་འཁོར་ལས་གནས་དང་ས་དང་དེ་ཁོ་ན་ཉིད་གཞན་དུ་འཛིན་པའི་གཉིས་སྣང་དེ་བཟློག་པའི་ཕྱིར་རོ། །ལྷུན་པོའི་ནམ་མཁའི་ཕྱོགས་བརྒྱད་ལ་མཁའ་སྤྱོད། སའི་དཀྱིལ་འཁོར་ལ་ས་སྤྱོད། ས་འོག་རྒྱ་མཚོའི་ཀློང་ལ་ས་འོག་སྤྱོད་པའི་གནས་བརྒྱད། ས་འོག་མེ་རླུང་གི་མཚམས་སུ་དུར་ཁྲོད་བརྒྱད་འགྲེལ་པར་གསུངས་སོ། །ལུས་ཀྱི་དཀྱིལ་འཁོར་གྱི་དེ་ཉིད་ནི། སམ་བུ་ཊ་ལས། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞི་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོས་ནི། །འཁོར་ལོ་གསུམ་ནི་ལེགས་པར་གསུངས། །རི་ནི་མགོ་བོའི་ཟེའུ་འབྲུ་ལ། །ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །འདི་ནི་རྫོགས་པར་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་བུའི་རྣམ་པར་གཟུགས་ཀྱི་ནི། །ཆུ་ནི་ལྟོ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱུག་གུའི་གཟུགས་ཀྱི་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །དེ་ནི་སྤྱི་བོའི་ཆར་གནས་པའི། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །དབྱངས་དང་གསལ་བྱེད་མཛེས་པར་གནས། །སུམ་ཅུ་རྩ་གཉིས་བྱང་ཆུབ་འདོད། །པདྨའི་ནང་དུ་སོང་བ་གང་། །དེ་ནི་ཟླ་བའི་དཀྱིལ་འཁོར་བརྗོད། །སྤྱི་བོའི་ནང་དུ་ཀླད་པ་ནི། །གང་ཞིག་གནས་པ་དེ་རུ་གསུངས། །དེ་ནང་ཧཾ་གི་རྣམ་པ་ནི། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་སྟེ། །བརྟན་པའི་བདག་ཉིད་གཡོ་བའི་བདག །གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱི་ཡང་དག་གནས། །ལུས་ཅན་རྣམས་ནི་ཀུན་གྱི་གཟུགས། །དེ་ཕྱིར་གདོད་ནས་རྫོགས་པ་ཉིད། །བདུད་རྩི་གཟུགས་ཀྱིས་འཛག་པ་ནི། །ཉིན་དང་མཚན་དུ་རྣམ་པར་གནས། །དེ་ཉིད་ཀྱིས་ནི་སྒྲ་བྱེད་ཅིང་། །མེ་ནི་དགའ་བར་བྱེད་པ་སྟེ། །དེ་ནི་གང་བའི་དཀྱིལ་འཁོར་ནི། །ཡིན་པ་ཉིད་དུ་ཐེ་ཚོམ་མེད། །དེ་ཉིད་དཀྱིལ་འཁོར་ཞེས་བྱར་གསུངས། །དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །དེ་ནི་ལེན་ཅིང་གཅོད་པའི་ཕྱིར། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་སྤྱི་བོར་གསུངས་ལ། དྲིལ་བུ་ཞབས་ཀྱིས། ཐུགས་སུ་ཨ་ཝ་དྷཱུ་ཏཱི་ཧཱུྃ། །མ་བཅོས་ནང་གི་བདག་ཉིད་དོ། །ཞེས་དང་ཇོ་བོ་ནཱ་རོ་པས་ཀྱང་། སྒལ་ཚིགས་རི་རྒྱལ་ལྷུན་པོ་སྟེ། །ཆུ་ཤིང་མེ་ཏོག་ལྟ་བུ་ཡི། །སྙིང་གར་པདྨ་འདབ་བརྒྱད་པ། །ཞེས་སྙིང་གར་བསྒོམ་པར་གསུངས་ལ། དོན་འཁོར་ལོ་དྲུག་གང་དུ་བསྒོམས་ཀྱང་འགལ་བ་མེད་དེ། དགྱེས་རྡོར་འབུམ་ལྔར་བཀོད་པའི་ཕྱིར་རོ། །འདིར་གནས་སོ་གཉིས་རྩ་སུམ་ཅུ་རྩ་གཉིས་ཀྱི་བྱེད་པའི་ལས་བྱེད་ས་སྟེ། འཚོག་མ་པཱུ་ལི་ར་མ། སྤྱི་གཙུག་ཛཱ་ལན་དྷཱ་ར། རྣ་བ་ོན། ལྟག་པ་ཨརྦུ་ཏ། གནས་སོ། རྣ་བ་གཡོན་གོ་དཱ་ཝཱ་རི། སྨིན་མཚམས་ར་མེ་ཤྭ་ར། མིག་གཉིས་དེ་ཝི་ཀོ་ཊ། ཕྲག་པ་གཉིས་མཱ་ལ་ཝ། ཉེ་བའི་གནས་སོ། །མཆན་ཁུང་གཉིས་ཀ་མ་རཱུ་པ། ནུ་མ་གཉིས་ཨོ་ཊེ། ཞིང་། ལྟེ་བ་ཏྲི་ཤ་ཀུ་ནེ། སྣ་རྩེ་ཀོ་ས་ལ། ཉེ་བའི་ཞིང་། ཁ་ཀ་ལིངྒ། མགྲིན་པ་ལམྦ་ཀ ཚན་དོ་ཧའོ། །སྙིང་ཀཉྩྨི་ཀ ས་བོན་གྱི་མཛོད་གཉིས་ཧི་མ་ལ། ཉེ་བའི་མཚན་དོ་ཧའོ། །མཚན་མ་པྲེ་ཏ་པུ་རི། བཤང་ལམ་གྲི་ཧ་དེ་བ། འདུ་བ། བརླ་གཉིས་སོརཥྚ། བྱིན་པ་སུ་ཝརྞ་དྭཱི་བ། ཉེ་འདུ། རྐང་སོར་གཞན་བརྒྱད་ནཱ་ག་ར། བོལ་གོང་སིནྡྷཱུ། དུར་ཁྲོད། རྐང་བའི་མཐེ་བོང་གཉིས་མ་རུ། པུས་མོ་ཀུ་ལུ་ཏ། ཉེ་བའི་དུར་ཁྲོད། ལྕེ། སྣ། མཚན་མ། བཤང་ལམ། རྣ་བ་གཡས་གཡོན། མིག་གཡས་གཡོན་བརྒྱད་ཀྱི་བུ་ག་དུར་ཁྲོད་བརྒྱད་དོ། །དེ་བས་ན་འདི་ལུས་དང་དཀྱིལ་འཁོར་དང་གནས་ཐ་དད་དུ་འཛིན་པ་འདོད་པའི་ཕྱིར་ཡིན་ནོ། །གཉིས་པ་ཏིང་ངེ་འཛིན་གྱི་དེ་ཉིད་ལ། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དང་། མཆོག་བསྒྲུབ་པའི་བསྐྱེད་རིམ་གཉིས། དང་པོ་བྱང་ཆུབ་སེམས་དཔས་མཛད་པ་དེ་ཁོ་ན་ཉིད་སྙིང་པོའི་བསྒྲུབ་པར་ཇི་སྐད་གསུངས་པ་སྟེ། ཕུང་པོ་ལྔའི་ང་རྒྱལ་བསྐྱེད་ནས། གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བྱས་ཏེ་ཚོགས་རྣམ་པ་གཉིས་བྱས། རྟེན་གཞལ་ཡས་ཁང་། དེར་རང་ལུས་ལ་བརྟེན་པ་ལྷ་དྲུག་ཅུ་རྩ་གཉིས་བཀོད། ཕྱག་རྒྱ་བཞིས་བྱིན་གྱིས་བརླབས་ཏེ། ཡེ་ཤེས་པ་བསྟིམ། དབང་བསྐུར། མཆོད་ཅིང་བསྟོད། བདུད་རྩི་མྱང་། ཡེ་ཤེས་དམ་ཚིག་གི་བཟླས་པ་བྱ་བ་ནི། སྤྱི་ལ་འཇུག་པའི་ཆོ་གའོ། །སྔགས་བསྒྲུབ་པའི་ཆོ་ག་སོ་སོའི་ཁྱད་པར་ནི། ལོ་དང་པོའི་དཔྱིད་ཟླ་འབྲིང་པོའི་ཉ་ལ་དུར་ཁྲོད་དུ་དཀྱིལ་འཁོར་བྲིས། རྩ་བའི་སྔགས་ལ་ལས་དང་མཐུན་པར་མཆོད། མིའི་སོའི་འཕྲེང་བས་ཟླ་བ་རེ་རེར་དཀར་པོའི་ཚེས་ལྔ་ནས་བརྩམས་ཏེ་ཟླ་བ་རྫོགས་པའི་བར་དུ་འབུམ་ཕྲག་གསུམ་བཟླས་བཅུ་ཆའི་སྦྱིན་སྲེག་བྱས་པས་ལོ་གཅིག་ལ་བཟླས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང་སྦྱིན་སྲེག་ཁྲི་ཕྲག་སུམ་ཅུ་རྩ་དྲུག དེ་བཞིན་ལོ་གཉིས་པར་སྙིང་པོ། གསུམ་པར་ཉེ་སྙིང་། བཞི་པར་གོ་ཆ། ལྔ་པར་ཕག་མོའི་སྙིང་པོ། དྲུག་པར་དེའི་གོ་ཆ་སྟེ། དེ་དག་གིས་ལུས་དག་པར་འགྱུར་རོ། །དེ་ནས་ཆུ་སྲིན་གྱི་འཕོ་བར་བསད་པའི་དངོས་གྲུབ་ཀྱི་དོན་དུ། རྒྱ་མཚོའི་འགྲམ་དུ་དཀྱིལ་འཁོར་བྱས་ཏེ་མཁའ་འགྲོ་མ་ལ་ལས་དང་མཐུན་པར་མཆོད་དེ་ཟླ་བ་དང་པོ་ལ་མི་རུས། གཉིས་པར་རྔ་མོང་གི་རུས་པ། གསུམ་པར་བོང་བུའི་རུས་པས་ཕྲེང་བ་བྱས་ཏེ། ཟླ་བ་རེ་རེར་འབུམ་ཕྲག་གསུམ། དེའི་བཅུ་ཆའི་སྦྱིན་སྲེག ཚུལ་དེས་ལཱ་མ་སོགས་གསུམ་ལས་སོ་སོའི་དོན་དུ་བྱའོ། །དེ་ལྟར་ལོ་གཅིག་གིས་ཞལ་རྣམ་པར་དག་པར་འགྱུར་རོ། །ལོ་གཉིས་པ་ནས་ཆུ་སྲིན་གྱི་འཕོ་བ་ནས་བརྩམས་ཕྱོགས་གསུམ་དུ་སྒོ་མཚམས་མ་བརྒྱད་ལ་བྱས་པས་ཁ་སྣ་མིག་བཤང་བའི་རྩ་རྣམས་དག་པར་འགྱུར་རོ། །ལོ་གསུམ་པར་ཕྱོགས་རེར་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ལ་བྱས་པས་ཡན་ལག་དག་པར་འགྱུར་རོ། །དེ་ལྟར་ལོ་དགུར་སོ་སོའི་དཀྱིལ་འཁོར་བཞེངས་ཏེ་སྔགས་ཀྱི་ལྷ་རྣམས་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་བར་བྱ་ཞིང་འཆད་པར་འགྱུར་བའི་ཐབ་ཁུང་རྣམས་སུ་རྫས་སོ་སོས་སྦྱིན་སྲེག་བྱས། དེ་ནས་ཕྱོགས་གསུམ་དུ་ཚོགས་ཀྱི་འཁོར་ལོ་བྱ་སྟེ་ལྷ་དང་སྔགས་ཀྱི་སྟོབས་ཀྱིས་ཟླ་བ་ཉ་ལ་ཚོགས་ཀྱི་གཙོ་བོར་གྱུར་ནས་ཆོ་ག་འདིས་སྒྲུབ་པ་པོ་ཚོགས་ཀྱི་འཁོར་ལོ་དང་ལྷན་ཅིག་འགྲུབ་པར་འགྱུར་རོ། །རྣལ་འབྱོར་རྣམས་བཤད་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་ན་མ་ཡིན་ནོ། །ལས་ཐམས་ཅད་འགྲུབ་པ་ནི་རིགས་བསྡུས་པ་འདི་ལྟ་བུ་ལས་ཡིན་ལ་རིགས་རེ་རེའི་སྔགས་གཅིག་ལོ་བཅུ་གཉིས་རྣམས་སུ་བསྒྲུབས་ཏེ་ལྷའི་ངེས་པས་ལས་ཀྱི་ཕྱག་རྒྱ་གཅིག་བསྟེན་ན་ལས་དེ་ཁོ་ན་འགྲུབ་པར་འགྱུར་ལ། གཞན་རྣམས་ཀྱི་སྣོད་དུ་འགྱུར་བ་ཙམ་སྟེ་བརྩོན་འགྲུས་དམན་པའི་ཕྱིར་རོ། །དེ་ནི་ཚོགས་ཀྱི་འཁོར་ལོའི་འདུས་པ་ལ་དངོས་གྲུབ་བསྒྲུབ་པ་རྣམས་ཀྱིས་མན་ངག་གཞུག་པར་འགྱུར་རོ། །སྔ་མ་ནི་གང་ཟག་འབྲིང་གི་དབང་དུ་བྱས་ཏེ་ལོ་དགུར་རོ། །མཆོག་གིས་ནི་ལོ་གསུམ་ལ་སྟེ་འགྲེལ་པར། ཇི་སྲིད་ལོ་གསུམ་གྱི་བར་དུ་མཆོད་པ་དང་སྔགས་བཟླས་པ་དང་བསམ་གཏན་བྱས་ཏེ་སྔགས་བཟླས་པའི་མཐར་སྦྱིན་སྲེག་བྱའོ། །དེ་ནས་ཕྱོགས་གསུམ་ཇི་སྲིད་པར་ཚོགས་ཀྱི་འཁོར་ལོ་རྣལ་འབྱོར་མ་རྣམས་ཀྱི་ཀུན་ཏུ་སྤྱོད་པར་བྱའོ། །དེ་ནས་སྔར་བརྗོད་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་ཐབས་རྒྱུད་ལས་གསུངས་པ་ཐམས་ཅད་ཀྱིས་སྒྲུབ་པ་པོས་འགྲུབ་པར་འགྱུར་རོ། །ཞེས་སོ། །ཁ་གཅིག་བྱང་ཆུབ་སེམས་དཔའི་འགྲེལ་པར། བསྐྱེད་རིམ་གྱིས་དངོས་གྲུབ་འགྲུབ་པར་གསུངས་པའི་དུས་ལོ་བཅུ་གཉིས་སོ་ཞེས་སྨྲ་བ་ནི་མ་གོ་བར་ཟད་དོ། །གཞན་དུ་ན་སྡོམ་པའི་བྱུང་བ་ལ་སོགས་པའི་བཤད་པའི་རྒྱུད་བཞིན་བྱའོ། །གཉིས་པ་མཆོག་བསྒྲུབ་པའི་བསྐྱེད་རིམ་གྲུབ་ཐོབ་རྣམས་ཀྱིས་གསུངས་པ་ལ་རྒྱས་འབྲིང་བསྡུས་པ་ལས། དང་པོ་ནག་པོ་སྤྱོད་པའི་ལུགས་ནི། སྒྲུབ་ཐབས་སུ་བསྐྱེད་རིམ་རྫོགས་རིམ། བདུད་རྩི་མྱང་ཞིང་གཏོར་མ། བཟླས་སྔགས། དང་པོ་ལ་ལུས་ངག་དག་པར་བྱ་བ། ཚོགས་བསག རྟེན་དང་བཅས་པའི་དཀྱིལ་འཁོར་བསྒོམ་པ་བྱང་ཆུབ་ཕྱོགས་ཀྱི་རྣམ་དག་བཞིའོ། །གསུམ་པ་ལ། རྟེན་དཀྱིལ་འཁོར་བསྒོམ་པ་དང་བརྟེན་པ་ལྷ། དང་པོ་ལ་སྲུང་འཁོར་དང་། དཀྱིལ་འཁོར་དངོས་གཉིས་སོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་རྣལ་འབྱོར་དང་པོའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གཉིས། དང་པོ་ལ། བསྙེན་པ། ཉེ་སྒྲུབ། སྒྲུབ་པ། སྒྲུབ་ཆེན། དང་པོ་ལ། མངོན་བྱང་ལྔས་རྒྱུའི་ཧེ་རུ་ཀ་བསྐྱེད་པ། སྙོམས་པར་ཞུགས་པའི་སྒོ་ནས་ཞུ་བ་ལས་སངས་རྒྱས་རྣམས་ཀྱིས་བསྐུལ་ཏེ་འབྲས་བུའི་ཧེ་རུ་ཀར་བཞེངས་པ་གཉིས། ཉེར་བསྒྲུབ་ལ། དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས། སྒྲུབ་པ་ལ། སྐུ་གསུང་ཐུགས་བྱིན་བརླབ། རིགས་ལྔས་བྱིན་བརླབ། སྒྲུབ་ཆེན་ལ། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ། མཆོད་པ་གསུམ་བྱ་བའོ། །དཀྱིལ་འཁོར་རྒྱལ་པོ་མཆོག་ལ་གསང་བའི་དཀྱིལ་འཁོར་དུ་བསྐྱེད་པ། དམ་ཚིག་གི་དཀྱིལ་འཁོར་དུ་དགོད་པ་གཉིས་ཀྱིས་བསྙེན་པ་དང་། ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་མཆོད་པ་གསུམ་གྱིས་བསྒྲུབ་པའོ། །བྱང་ཕྱོགས་ཀྱི་རྣམ་དག་ལ་བསྟན་བཤད་བསྡུ་གསུམ། རྫོགས་རིམ་ལ་ལུས་ཀྱི་དཀྱིལ་འཁོར་དུ་བསྡུ་བ་བསྟན་པ་དང་། དཔྱིད་དང་ཐིག་ལེའི་སྙོམས་འཇུག་རྣམས་སུ་མར་དོས་བཤད་ལ། འདི་ནི་མངལ་སྐྱེས་ཀྱི་དབང་དུ་བྱས་སོ། །དེའི་ཕྱིར་རྒྱས་པར་བཞག ལེའུ་བཅུ་པ་སྐུ་གསུམ་བསྒོམ་པར་བཤད་པས་ལུགས་འདིར། དང་པོར་སྦྱོར་བ་ཆོས་སྐུ། དཀྱིལ་འཁོར་རྒྱལ་མཆོག་ལོངས་སྐུ། ལས་རྒྱལ་མཆོག་སྤྲུལ་སྐུའི། ལཱུ་ཡི་པའི་ལུགས་ནི། བསྐྱེད་པའི་རིམ་པ་དང་། རྫོགས་རིམ། དང་པོ་ལ་མཉམ་པར་བཞག་པ་དང་མ་བཞག་པ་གཉིས། དང་པོ་ལ་རྒྱུ་ལ་ལྷག་པར་མོས་པའམ་རྒྱུ་སྒོམ་པའི་ཡན་ལག་ལྔ། འབྲས་བུ་ལ་ལྷག་པར་མོས་པའམ་འབྲས་བུ་སྒོམ་པའི་ཡན་ལག་བཞི་སྟེ་དགུའོ། །དང་པོ་ནི། རྣལ་འབྱོར་བདག་གནས་བསྲུང་བ་གསུམ། ཚོགས་གཉིས་སོ། །གཉིས་པ་སྤྱིར་མོས་པ་དང་། བྱེ་བྲག་ཏུ་མོས་པ་གཉིས། དང་པོ། སྐུ་གསུང་ཐུགས་ཡེ་ཤེས་ལྔ་སོ་སོར་མ་ཕྱེ་བར་ཐམས་ཅད་བསྡུས་པའི་བདག་ཉིད་དུ་མོས་པའོ། །ཕྱི་མ་ལ། ལྷ་ཉིད་དུ་ཞེན་པ་སྤང་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་སྦྱོར་བས་སྦྱར་བ་ཆོས་ཀྱི་སྐུའི་བདག་ཉིད་དུ་མོས་པ་དང་། ལུས་ལ་ཞེན་པ་སྤང་བའི་ཕྱིར་ལུས་ཀྱི་དཀྱིལ་འཁོར་ལ་ལོངས་སྤྱོད་རྫོགས་སྐུའི་བདག་ཉིད་དུ་མོས་པ་དང་། སྤྲོ་བ་དང་བསྡུ་བ་དབང་དུ་བསྡུ་བར་བྱ་བའི་ཕྱིར་སྤྲུལ་པ་སྐུའི་བདག་ཉིད་དུ་མོས་པར་བྱ་བ། ཕྱི་མ་འདི་ལ་ཏིང་ངེ་འཛིན་བསྟན་པའི་ཕྱིར་གོ་ཆ་གཉིས་བགོ་བ། ཆོས་ཐམས་ཅད་ཐ་མི་དད་པར་བྱ་བའི་ཕྱིར་དམ་ཚིག་གི་འཁོར་ལོ་དང་ཡེ་ཤེས་ཀྱི་འཁོར་ལོ་གཉིས་གཅིག་ཏུ་བྱ་བ། དངོས་པོ་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་མཚོན་པའི་ཕྱིར་དབང་བསྐུར་བ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཚོན་པར་བྱ་བའི་ཕྱིར་མཆོད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་རིག་སྔགས་བཟླས་པ། བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་དང་ཐུན་ངེས་པར་བྱ་བའི་ཕྱིར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་ཉེ་བར་བསྡུ་བའོ། །མཉམ་པར་མ་བཞག་པ་ལ། ཁམས། ཕྱག་རྒྱ། རྣལ་འབྱོར་གྱི་དག་པ་གསུམ། རྫོགས་རིམ་ལ། བདེ་བ་ཆེན་པོའི་ཆ་དང་། སྟོང་པ་ཉིད་ཀྱི་ཆའོ། །དང་པོ་ལ། དམིགས་པ་ཕྲ་བ་དང་། ཤིན་ཏུ་དམིགས་པ་མེད་པ་གཉིས་ཀྱི་དང་པོ་ལ། དམ་ཚིག་སེམས་དཔའ། ཡེ་ཤེས་སེམས་དཔའ། ཡི་གེ་གོང་བུ་ལས་འདས་པ་གསུམ་ཞེས། བླ་མ་ཆེན་པོ་སུ་མ་ཏི་ཀཱིརྟིས་རྣལ་འབྱོར་དབང་ཕྱུག་ལཱུ་ཡི་པ་ཉིད་ཀྱི་དགོངས་པ་གཞན་གྱིས་མ་བསླད་པར་གསུངས་པ་ནི་འདི་ཡིན་ལ། དེ་ནས་དུས་ཕྱིས་བོད་རྣམས་སྐབས་སུ་མ་བབ་པའི་བཤད་པ་མང་པོ་ལ་དགའ་བར་དགོངས་ནས་སློབ་དཔོན་རྒྱལ་པོའི་སྲས་ཀྱི་དགོངས་པ་དང་བསྲེས་ནས་གསུངས་པ་ནི་གཞན་དུ་ཡོད་དོ། །ཞེས་མར་དོས་བཤད་དོ། །འདིའི་ལུགས་ལ། ཧཱུྃ་ཡིག་གཅིག་པུ་ལས་རྫོགས་པའི་འཁོར་ལོ་གསུམ་མམ་འཁོར་ལོ་ལྔའི་ལྷ་ཚོགས་བསྐྱེད་ནས་དག་པ་བསྟན་པའི་བར་སྤྲུལ་སྐུ། དེ་ནས་ལུས་ཀྱི་དཀྱིལ་འཁོར་བསྒོམ། གོ་བསྐོན། ཡེ་ཤེས་པ་བཅུག སྔགས་བཟླས་པའི་བར་ལོངས་སྐུ། སྙིང་གའི་པད་ཟླ་ལ་ཨཱ་ལི་ཀཱ་ལི་བསམ་པ་ཆོས་སྐུར་བཞེད་ཅེས་ཀོངྐ་ནས་སོ། །དཔལ་ནཱ་རོ་པའི་སློབ་མ་པྲཛྙྱ་རཀྵི་ཏ་བཞེད་པའི་ལཱུ་ཡི་པའི་ལུགས་ནི། དང་པོར་ཚངས་པའི་གནས་བཞི། དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་ནས་སྲུང་བའི་འཁོར་ལོ་བསྒོམ་པ་དང་། བསོད་ནམས་ཀྱི་ཚོགས་སྔོན་དུ་སོང་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་བདག་ཉིད་གནས་གསུམ་དུ་ཧེ་རུ་ཀ་ཞེས་པའི་ཡི་གེ་གསུམ་བསྒོམས་ཏེ་དེའི་དོན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས་དེ་ལྟར་མ་རྟོགས་པས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམས་སེམས་ཙམ་དུ་ལྟ། སེམས་དེ་གོང་ནས་གོང་དུ། ཨོཾ་ཨཱཿཧཱུྃ་གི་སྤྲོ་བསྡུས་རྗེས་སུ་གཞིག་སྟེ་ཤཱུནྱ་ཏའི་སྔགས་དོན་བསྒོམ། དེ་ནས་སྟོང་པ་ཉིད་ལས་ནཱ་དའི་རང་བཞིན་དུ་ལངས་ཏེ་བར་སྲིད་ཀྱི་རང་བཞིན་ནཱ་ད་ནམ་མཁའི་དབྱིངས་སུ་བཞག་ལ། འབྱུང་བཞི་རི་རབ། དེའི་སྟེང་དུ། རྣལ་འབྱོར་དབང་ཕྱུག་གིས་མ་གསུངས་ཀྱང་སྣ་ཚོགས་པདྨ་གེ་སར་དང་བཅས་པའི་སྟེང་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་པདྨ་གེ་སར་དང་བཅས་པ་རྣམས་རང་རང་གི་ས་བོན་ལས་བསྐྱེད། དེའི་སྟེང་དུ་ཨཱ་ལི་ཀཱ་ལིའི་སྦྱོར་བའོ། །ཞེས་པས། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེ་ཡང་དཀར་དམར་གཉིས་ཡིན་ཏེ། སཾ་བུ་ཊར། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །ཞེས་གསུངས་པས་སོ། །དེ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི་རྣལ་འབྱོར་ཞེས་བྱ་སྟེ། སྡོམ་འབྱུང་དུ། དེ་དབུས་རྣལ་འབྱོར་བསྒོམ་པར་བྱ། །ཞེས་ཟླ་བའི་དབུས་སུ་ཟླ་བ་ལས་རྫོགས་པའི་དོན་ནོ། །དེ་ནས་ཟླ་བ་གཉིས་ཀྱི་བར་དུ་ནམ་མཁའི་ནཱ་ད་དེ་ཞུགས། དེ་ལས་ཐིག་ལེ། དེ་ནས་མགོ་བོ། དེ་ལས་ཁོག་པ། དེ་ལས་ཞབས་ཀྱུ་སྟེ་ཧཱུྃ་ཡིག་རྡོ་རྗེ་འཆང་གི་ངོ་བོ་འོད་ཟེར་ལྔ་འཕྲོ་བ་ལས་འཁོར་ལོ་ལྔའི་ལྷ་ཚོགས་སྤྲོས། འགྲོ་བ་ཐམས་ཅད་འཁོར་ལོ་ལྔའི་ལྷ་ཚོགས་སུ་བྱས་ཏེ་སླར་བསྡུས་ནས་ཕྱོགས་བཅུའི་འཇིག་རྟེན་ན་ཐོག་མ་མེད་པའི་དཔའ་བོ་དང་རྣལ་འབྱོར་མ་གྲུབ་པ་རྣམས་སྙོམས་པར་འཇུག་པས་ཞུ་བ་ཧཱུྃ་གི་ནཱ་ད་ལ་བཅུག་མཆོག་ཏུ་དགའ་བའི་རང་བཞིན་དུ་བསྒོམ་པ་ནི་རྗེས་སུ་རྣལ་འབྱོར་རོ། །ཟླ་བ་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྟེན་དང་བརྟེན་པར་དུར་ཁྲོད་བརྒྱད་དང་བཅས་པ་གསལ་བཏབ། གོ་བགོ་དབང་བསྐུར་མཆོད་བསྟོད་བཟླས་པ་རྗེས་སྤྱོད་ཀྱི་བར་ནི་ཤིན་ཏུ་རྣལ་འབྱོར། རྫོགས་པའི་རིམ་པ་ནི་རྣལ་འབྱོར་ཆེན་པོའོ། །ལུགས་དང་པོས་ནི་ཟླ་བ་དམར་པོ་གཅིག་པུ་བསྒོམ་པ་དང་། ཕྱི་མས་ཟླ་བ་དཀར་དམར་ཇོ་བོ་རྗེའི་འགྲེལ་པར་རྣལ་འབྱོར་བཞིར་མ་ཕྱེ་ལ་ཨཱ་ལི་ལས་ཟླ་བ་དང་ཀཱ་ལི་ལས་ཉི་མ་བཤད། འདི་སྒོང་སྐྱེས་ཀྱི་དབང་དུ་བྱས་པས་འབྲིང་པོར་བཞག་གོ །དྲིལ་བུ་པའི་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔ་མར། སྒོ་གསུམ་དག་པ་ཚོགས་གཉིས་ལ་གནས་པ་བདག་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་བསྐྱེད་དེ་སྲུང་འཁོར། རྟེན་གཞལ་ཡས་ཁང་བསྐྱེད། མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ། སྐུ་གསུང་ཐུགས་བྱིན་བརླབ། རྩའི་འཁོར་ལོ་བཞི་གསལ་གདབ། གོ་ཆ་གཉིས། འཁོར་བསྐྱེད། བྱང་ཕྱོགས་ཀྱི་དག་པ་བསྒོམ། ཡེ་ཤེས་པ་བསྟིམ། དབང་བསྐུར། མཆོད་པ་བཞི་དང་བདུད་རྩི་མྱང་། རིགས་སྔགས་བཟླ། ཐུན་བསྡུ་བ་དག་གོ །མཆོག་གཟིགས་རྣམ་གཉིས་ཀྱི་རང་ལུགས་རྒྱས་པ་ནི། གསོལ་བ་གདབ་ཅིང་རྣལ་འབྱོར་དབང་ཕྱུག་བསྒྲུབ་པ་དང་། ཚད་མེད་པ་བཞི་བསྒོམ་པ་དང་། བྱིན་གྱིས་བརླབ་པ་དང་། བསྲུང་བའི་འཁོར་ལོ་བསྒོམ་པ་དང་། ཚོགས་བསགས་པ། རྟེན་བསྐྱེད་པ་དང་། རྒྱུའི་ཧེ་རུ་ཀ་བསྐྱེད་པ་དང་། འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་དང་། གོ་ཆ་དང་། ཡེ་ཤེས་དགུག་གཞུག་དང་། དབང་བསྐུར་རྒྱས་བཏབ་དང་། སྐུ་གསུང་ཐུགས་བྱིན་བརླབ་དང་། མཆོད་པ་དང་། བཟླས་པ་དང་། རྫོགས་རིམ་དང་། འཕྲིན་ལས་བསྐུལ་བ་གཏོར་མའི་རྣལ་འབྱོར་དང་བཅུ་དྲུག འབྲིང་པོ་ལ། སྲུང་འཁོར། ཚོགས་བསག རྟེན་བརྟེན་པ། གོ་བགོ་བ། ཡེ་ཤེས་དགུག་གཞུག དབང་བསྐུར་བཟླས་པ། གཏོར་མ་དག་གོ །མཻ་ཏྲི་ཞབས་ཀྱི་བསྐྱེད་རིམ་གྱི་རྒྱས་ཤོས་ལྷ་བཅུ་གསུམ་མ་སྟེ། དེ་ལ་སྒྲུབ་ཐབས། དཀྱིལ་འཁོར་གྱི་ཆོ་ག རོ་སྲེག རབ་གནས་བཞི་མཛད་པའི་དང་པོ་ཕྱི་རོལ་མཆོད་པ་དང་། ནང་གི་རྣལ་འབྱོར་གཉིས་ལས། ཕྱི་མ་ནི། གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་བསྡུས་པ་ཡིན། །ཞེས་ཀུན་སྤྱོད་སོགས་ཕལ་མོ་ཆེར་བྱུང་། འདིར་རྐང་པ་ཕྱི་མ། མཆོད་དང་ཏིང་འཛིན་ཉེ་བར་བསྡུ། །ཞེས་བཏོན་ནས་དེ་ལ་དང་པོ་གནས་པ་ནི། འདི་ཉིད་ལྔ་བཅུ་རྩ་གཅིག་པར། དེ་ཉིད་བཅུ་བཞི་བཤད་པའི་དང་པོ། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཞེས་པས་རྣལ་འབྱོར་གྱི་ཆས་དང་། ཤེས་རབ་ཡན་ལག་ཅེས་བསོད་ནམས་ཀྱི་ཚོགས་ལ་གནས་པ་བསྟན་ཏེ། ཀུན་རྫོབ་དམིགས་པ་དང་བཅས་པ་ལ་བསླབ་པའི་ཡན་ལག་གོ །དེ་ཡང་ཇི་ལྟ་བུ་ཞེ་ན། ལེའུ་གཉིས་པ་འདི་ཉིད་དུ། བདག་ཉིད་ཁྲག་འཐུང་དཔལ་བྱས་ནས། །དེ་འོག་ཁྲག་འཐུང་དཔལ་དྲན་བྱ། །འཁོར་ལོ་འདི་ནི་སྙིང་གར་དགོད། །ཅེས་པའོ། །ཡེ་ཤེས་ཀྱི་ཚོགས་ལ་གནས་པ་ནི། རྒྱུ་ལ་སོགས་སྟོང་སྔོན་འགྲོ་བ། །སྔོན་དུ་འགྲོ་བ་ཚད་མེད་པ་དང་ལྷག་པའི་བསམ་པ་ཡིན་ལ། དེ་ནས་ཤཱུནྱ་ཏའི་སྔགས་དོན་སྒོམ་པ་ནི་རྒྱུ་སྟོང་པའོ། །དང་པོ་སེམས་ཙམ་དང་དེ་ཡང་སྣང་མེད་དུ་བསྒོམ་པའོ། །དེ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་དོན་དམ་པ་ལ་སློབ་པ་ཡིན་པས་སོ། །ཕུར་བུ་དྲས་ལྡང་བ་བརྗོད་དེ། །སྔར་གྱི་ལྷག་པའི་བསམ་པ་དེས་རྒྱུ་བྱས་ནས་སྟོང་པ་ཉིད་ལས་ལྡང་བ་ལྡང་བ་ངོ་མ་ཡིན་ལ། གང་དུ་ལངས་པ་ནི། དེ་ལྟར་བདག་ཉིད་གོ་བགོས་ནས། སྔ་མ་དེ་ནི་གོ་ཆ་ཆེན་པོ་སྟེ། གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ་ཞེས་པའི་རིགས་པས་སོ། །བ་གླང་གནས་དང་ལྡིང་བ་ཉིད། །ལྷག་མ་སྐམ་པོ་རྩ་དེ་ནས། །ཞེས་གསུངས་པའི་དང་པོ་རྩ་དེ་ནས་ཞེས་པས་རྩའི་ནང་ནས་རྒྱུ་བས་རླུང་ངོ་། །ལྷག་མ་སྐམ་པོའི་ཞེས་པ་གཞན་སྐེམས་པར་བྱེད་པས་མེ། ལྡིང་བ་གཞན་སྟེང་དུ་ལྡིང་བས་ཆུ། བ་གླང་གནས་ནི་གོ་ཞེས་པའི་སྒྲས་སོ། །མར་དོ་མི་ཕྱེད་པ་དང་རུས་སྦལ་ལོ། །ཞེས་བཏོན་ནས། རུས་སྦལ་རི་རབ། མི་ཕྱེད་པ་སྣ་ཚོགས་རྡོ་རྗེ་དང་པདྨ་ཆེན་པོ་སྲུང་འཁོར་གྱི་གདན་བསྟན་གསུངས་ལ་རང་ལུགས། ང་གཅིག་པའི། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཞེས་པས་བསྟན་ལ། ཨཱ་ལི་ཀཱ་ལི་སྐྱེས། ཞེས་པས་སྒོང་སྐྱེས་ཀྱི་བསྐྱེད་ཆོག །དཀར་མོའི་བདག་པོ་རྣམ་གནོན་ཞིང་། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཅེས་པས་གཙོ་བོ་དང་། ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པའི། །ཞེས་པས་ཕྱག་བཅུ་གཉིས་དང་འཁོར་བཅུ་གཉིས་སུ་བཤད་པ་དང་། དཔའ་བོ་ཞེས་པས་འཁོར་ལོའི་བདག་པོ་དེའོ། །རྣལ་འབྱོར་མ་ཚོགས་འཁོར་ཞེས་པ་རྡོ་རྗེ་ཕག་མོ་དང་། དེའི་རིགས་ལས་བྱུང་བ་བཅུ་གཉིས་ཏེ། ཕག་མོ་ཡི་ནི་རིགས་ལས་བྱུང་། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་དང་། །ཞེས་པ་རྣམས་སོ། །རྒྱན། ཐོད་པའི་འཕྲེང་བའི་རྒྱན་དང་ལྡན། །ཞེས་སོགས་མདོར་བསྡུས་པ་དང་། ཕྱག་མཚན་ལེའུ་གཉིས་པར། ཕྱག་ན་ཁ་ཊྶཱཾ་མི་ཐོད་རྣམས། །ཞེས་པ་ཙམ་ལས་མ་བཤད་ལ། རྒྱས་པར་བཤད་རྒྱུད་ལས་སོ། །སྒོང་སྐྱེས་སྒྲ་ཚུལ་གྱིས་བསྐྱེད་པ་ལ་གཞལ་ཡས་ཁང་དང་ལྷ་ཅིག་ཅར་དུ་བསྐྱེད་པ། རུས་སྦལ་སེམས་ཅན་དང་ཁོག་པ་ཅིག་ཅར་དུ་སྐྱེ་བ་ལྟ་བུ་ཞིག་དང་། བྱ་ལ་སྒོ་ང་དང་པོར་གྲུབ། ཕྱིས་བྱེ་ཕྲུག་གྲུབ་པ་ལྟ་བུ་གཞལ་ཡས་ཁང་སྔར་བསྐྱེད་ནས་ཕྱིས་ལྷར་གྲུབ་པ་གཉིས་ཡོད་པའི་ནཱ་རོ་ལུགས་སྔ་མ་དང་མཻ་ཏྲི་ལུགས་ཕྱི་མ་ཡིན་ནོ། །དེས་ན་འཇུག་པ་ནི་མངོན་བྱང་བཞི་ཡིན་ལ། ཡོངས་སུ་རྫོགས་པ་ནི་ལྔ་པ་སྟེ། འཁོར་རྣམས་ནི་རྫུས་སྐྱེས་སོ། །སྔགས་དང་ཕྱག་རྒྱས་རྣམ་པར་བརྒྱན། །ཞེས་པ་ནི། གནས་གསུམ་བྱིན་བརླབ། སྐྱེ་མཆེད་བྱིན་བརླབ་བོ། །དེ་ལྟར་བདག་ཉིད་གོ་བགོས་ནས། །ཞེས་དང་། གོ་ཆ་ཆེན་པོས་ཡང་དག་བསྲུང་བ། །ཞེས་པས་གོ་བགོ་བ་གཉིས། དངོས་གྲུབ་ཆེན་པོ་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་དགོངས་པའི་སྐད་ཀྱིས་བཤད་པས་ཡེ་ཤེས་གཞུག་པ་བསྟན་ཏེ། རྡོ་རྗེ་མཁའ་འགྲོར། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པས་ན། །རྡོ་རྗེ་མཁའ་འགྲོ་ཞེས་བྱར་གྲུབ། །དཀྱིལ་འཁོར་ཆེན་པོ་སྦྱོར་བ་ཡི། །དེ་ནས་དཀྱིལ་འཁོར་ཐམས་ཅད་བྲི། །ཞེས་འབྱུང་བས་སོ། །དབང་བསྐུར་བ་ཞེས་པ་ནི། དེ་ནས་སེམས་མེད་སྲད་བུའམ། །རུ་དྷི་ར་ནི་ཆེན་པོས་བརླན། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །ཞེས་པས་དབང་བསྟན་ཏེ། དེ་ཉིད་དུ། ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱི། །སྔགས་པས་ཐིག་གི་ཐིག་གདབ་པའི། །ཞེས་འབྱུང་ལ་ཐིག་སྐུད་ཀྱི་དག་པ་སྡོམ་འབྱུང་དུ། སྲད་བུ་ཡེ་ཤེས་ལྔར་ལྡན་ཞིང་། །ཉི་ཤུ་རྩ་ལྔར་རྣམ་ཕྱེ་བས། །ཞེས་ཡེ་ཤེས་ལྔ་རིགས་ལྔ། ཁམས་ལྔ་ཡུམ་ལྔ། སྐྱེ་མཆེད་ལྔ་སེམས་དཔའ་ལྔ། ཕྱིའི་སྐྱེ་མཆེད་ལྔ་སེམས་མ་ལྔ། ཡན་ལག་ཁྲོ་བོ་ལྔ་ཡིན་པས་གདན་གསུམ་གྱི་ལྷ་སྟེ་དབང་བསྐུར་མཁན། རུ་དྷི་ར་ནི་རྡུལ་ཡིན་པས་དེས་མཚོན་པས་དབང་བསྐུར་བའི་རྫས་བདུད་རྩི་ལྔ། ཧེ་རུ་ཀ་དཔལ་སོགས་ཀྱིས་བསྐུར་ཡུལ། ཐིག་གདབ་པ་ཞེས་པས་བསྐུར་བ་བསྟན་ཏེ། འདི་ནི་ཀུན་སྤྱོད་དུ། ཡེ་ཤེས་འཁོར་ལོ་རྣམ་བསྒོམ་ནས། སྔགས་དང་ཕྱག་རྒྱའི་འཁོར་ལོ་ཡི། །དམ་ཚིག་འཁོར་ལོ་གཞུག་པར་བྱ། །རྐང་པས་མནན་པས་གྱེན་དུ་བལྟ། །དེ་ལྟར་ཕེཾ་གྱི་སྒྲ་བསྒྲགས་ལ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་མཁའ་འགྲོ་མ་རྣམས་དགུག །སྔགས་ཀྱི་ཡང་དག་བསྐུལ་བ་དང་། །སྐད་ཅིག་དེ་ལ་སྤྱན་དྲངས་བྱ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པ་ཡང་དག་སྦྱར། །དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་སྟེ། །བསྐོར་ཞིང་བསྐོར་ཞིང་ཀུན་ཏུ་བསྒྱུར་བ་ཡི། །སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ། །འདི་ལ་དཔའ་བོ་རྡོ་རྗེས། རྐང་པ་གཡོན་གཡས་པས་མནན་པ་རྐང་པའི་ཕྱག་རྒྱ། སྟེང་དུ་ལྟ་བ་ནི་མིག་གི་ཕྱག་རྒྱ། ཕེཾ་གྱི་སྒྲ་སྒྲོག་པ་ནི་ངག་གི་ཕྱག་རྒྱ། མཛུབ་མོ་མདུད་བྱས་ལག་པའི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་བཞིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ཞེས་བཤད། བྱང་ཆུབ་སེམས་དཔས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ལ་ཕྱག་རྒྱ་བཞིར་བཤད་དོ། །ཡི་གེ་དང་ནི་སྣ་རྩེར་ཡང་དག་སྦྱར། །ཡ་ནི་མཚན་གྱི་ལྟེ་བར་རྣམ་པར་བཀོད། །ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ། །ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མ་ཡི་སྔགས་ཀྱིས་ནི། །ཨ་ཝ་དྷུ་ཏཱི་གཉིས་ནི་དཔའ་བྱིན་བརླབ། །དང་པོར་དགའ་བ་དཔའ་བོ་ཡིན། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །བདེ་བའི་ཐབས་དེས་ཀུན་རིགས་པའོ། །མཐོ་རིས་ས་སྟེང་ས་འོག་རྣམས། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །སྒོམ་པ་བདག་གིས་བཤད་པ་ཡིས། །བསྡུ་བ་དེ་གཉིས་བཤད་པ་ནི། །ཞེས་པས། མཁས་པ་ཆེན་པོ་པྲ་ཛྙྱཱ་རཀྵི་ཏ་དམ་ཚིག་གི་དཀྱིལ་འཁོར་ལེགས་པར་བསྐྱེད་པའི་དེ་མ་ཐག་ཏུ་ཆོ་ག་འདི་བྱ་བར་བཞེད་ལ། བྱང་སྒོ་བ་མ་ན་ཀ་ཤྲཱིའི་ཞལ་སྔ་ནས། ལཱུ་ཡི་པའི་བཞེད་པ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་ཡིན། ཞེས་དང་། ཀ་ནི་ཀཱ་ཤྲཱི་གཉིས་ཀའི་སློབ་མ་ཡིན་ཀྱང་ལུགས་སྔ་མའི་རྗེས་སུ་འབྲང་ངོ་ཞེས་མར་དོས་གསུངས་ལ། མཻ་ཏྲི་པ་འདིས་དབང་བསྐུར་བ་བསྟན་ཅིང་། སྒྲ་ཇི་བཞིན་པ་ཏིང་ངེ་འཛིན་གྱི་ཉམས་བཞེས་སུ་བཞེད་དེ། ལཱུ་ཡི་པའི་ལུགས་ནི་དེ་ཡན་ཆད་དུ་དམ་ཚིག་གི་དཀྱིལ་འཁོར་དུ་ཕྱི་རོལ་གྱི་གནས་དང་ཉེ་བའི་གནས་ལ་སོགས་པ་ན་ཡོད་པ་རྣམས་སྔགས་དང་ཕྱག་རྒྱས་འདུ་བ་ཀུན་ཏུ་སྤྱོད་པ་དང་། དམ་ཚིག་གི་དཀྱིལ་འཁོར་ན་གནས་པའི་ལྷ་དཀྱིལ་འཁོར་བའི་ལུས་ལ་སྤྱོད་པས་ཀུན་ཏུ་སྤྱོད་པ་དང་། དེ་དག་བདེ་བའི་ངོར་རོ་གཅིག་པ་ཀུན་ཏུ་སྤྱོད་པ་གསུམ་དང་། དཱ་རི་ཀ་པའི་ལུགས་ནི་དམ་ཚིག་གི་དཀྱིལ་འཁོར་དུ་ཀུན་ཏུ་སྤྱོད་པ་དང་། བདེ་བའི་ངོ་བོར་ཀུན་ཏུ་སྤྱོད་པ་གཉིས་སོ། །འདིར་སྔ་མ་ལྟར་བཞེད་དོ། །མཆོད་པ་ནི། མཁའ་འགྲོ་མ་ཡི་བདེ་མཆོག་མཆོད། །ཅེས་པ། དེ་ལྟར་དབང་བསྐུར་རྒྱས་གདབ་པ་དེ་དག་མངལ་འབྱིན་གྱིས་མཆོད། དཀྱིལ་འཁོར་བའི་ལྷའི་ཞལ་ནས་བསྟོད་པ་བྱུང་བར་བསམ་པས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཞེས་པས་བསྟོད། དེ་ནས་བདུད་རྩི་མྱང་བ་ནི། བདུད་རྩི་ཚིམ་བྱེད། ཅེས་པས་བསྟན་ལ། དེ་ནས་སྔར་བཤད་པའི་བདེ་བས་ཀུན་ཏུ་སྤྱོད་པ་བརྩམ་པ་ནི་མྱ་ངན་འདའ་ཞེས་པས་བསྟན་ཏོ། །དེ་ནས། སྔགས་རྣམས་ཀུན་གྱིས་མཆོད་པར་བྱ། །ཞེས་པ་བཟླས་པར་བྱའོ། །དེ་རྣམས་མཉམ་པར་བཞག་པའི་རྣལ་འབྱོར་ཡིན་ལ། ཐུན་མཚམས་གཏོར་མ་དང་། ཚུལ་ཁྲིམས་ཙན་དན་སྐུ་ལ་བྱུག །སོགས་ནི་རྗེས་སྤྱོད། དེ་ལྟར་དེ་ཉིད་བཅུ་བཞི་ནི། མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་རྣལ་འབྱོར་གྱི་ཡོ་བྱད། གནས་པ། ལྡང་བ། འཇུག་པ། ཡོངས་སུ་རྫོགས་པ། བྱིན་བརླབ། གོ་བགོ་བ། དགུག་པའི་སྦྱོར་བ་སྟེ་ཡེ་ཤེས་པ་དགུག་པ། དབང་བསྐུར་བ། མཆོད་པ། བདུད་རྩི་མྱང་བ། ལག་མཆོད། སྔགས་བཟླ་བ། ཉེར་བསྡུ་རྣམས་སོ། །ཕམ་ཐིང་པ་མཆེད་ཀྱི་བཞེད་པ། ལམ་མངོན་པར་རྟོགས་པ་གཅིག་ལ། སྐུ་གསུམ་དུ་བཞག་པ་དང་། བློའི་སྤྱོད་ཡུལ་གཅིག་ལ་བཞག་པ་དང་། དཀྱིལ་འཁོར་ཡོངས་རྫོགས་གཅིག་ལ་བཞག་པ་གསུམ། དང་པོ་ནི། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་སྐུ། ལུས་དཀྱིལ་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་པ་ལོངས་སྐུ། རྫོགས་རིམ་སྤྱོད་པ་དང་བཅས་པ་ཆོས་སྐུ་ལམ་བྱེད་དོ། །གསུམ་པ་ནི། སྒྲུབ་པ་པོས་བློ་ལ་སྣང་བའི་འཁོར་ལོ་གསུམ་གྱིས་ཡུལ་ཉེར་བཞི་འཛམ་བུའི་གླིང་དུ་ཞེན་ཅིང་དེར་སྣང་བའི་ལྷ་རྣམས་ཀྱང་དེར་དངོས་སུ་བཞུགས་པའི་སྤྲུལ་སྐུར་ཞེན་ནས་སྒོམ་པ་སྤྲུལ་སྐུ་ལམ་བྱེད། དེ་ཉིད་འོག་མིན་དུ་བཞུགས་པའི་ལོངས་སྐུར་ཞེན་ནས་བསྒྲུབ་པ་ལོངས་སྐུ་ལམ་བྱེད། དེ་ཉིད་ཆོས་ཀྱི་སྐུ་དབྱིངས་ཡེ་ཤེས་གཉིས་མེད་ལས་བྱུང་བར་བསྒོམ་པ་ཆོས་སྐུ་ལམ་བྱེད། ཕྱི་མ་མཻ་ཏྲི་པ་ཡང་བཞེད་དེ་འོག་ཏུ་བཤད་པས་རྟོགས་སོ། །མངལ་སྐྱེས་ཀྱི་བསྐྱེད་ཆོག་ནི་སུམ་ཅུ་རྩ་གཉིས་པར་བསྟན་ཏེ། སྐུ་ནི་དཀར་བའི་ཁྲོ་བོ་ཆེ། །རྒྱུ་ཧེ་རུ་ཀ་དང་། དེ་ནས་དྲག་ཤུལ་གཟུགས་འཆང་བ། །ཞེས་པས་འབྲས་བུ་ཧེ་རུ་ཀ་བཤད་པའི་ཕྱིར་རོ། །རྫུས་ཏེ་སྐྱེ་བ་ནི། ལྟེ་བར་དགོད་བྱ་དཔའ་བོ་ནི། །འཇིགས་བྱེད་ཀྱང་ནི་འཇིགས་པར་མཛད། །ཅེས་པས་སོ། །དེ་ཡང་བསྐྱེད་པའི་རིམ་པས་ནི་གནས་བཞི་དང་ཆོས་མཐུན་པས་དེ་རྣམ་པར་དག་པའི་ཕྱིར་དང་། ལུས་དང་ངག་དང་སེམས་དབེན་པས་རྫོགས་པའི་རིམ་པ་ལ་འཇུག་པའི་ཕྱིར་ཡང་ཡིན་ནོ། །དེ་དག་སྐྱེ་གནས་གང་དང་སུ་མཐུན་ཞེ་ན། ཟླ་བ་ཉི་མ་ལས་ས་བོན་དང་མཚན་མའི་རིམ་པས་སྐྱེ་གནས་སྒོ་ང་ལས་སྐྱེས་པའོ། །ཡབ་དང་ཡུམ་གྱི་རྡོ་རྗེ་དང་པདྨ་སྤུངས་པའི་ཞུ་བའི་བྱང་ཆུབ་ཀྱི་སེམས་ལས་འཐོན་པ་ནི་སྐྱེ་གནས་མངལ་ལས་སྐྱེས་པ་སྟེ། གང་ལ་གླུས་བསྐུལ་བ་ཡོད་པ་དེའོ། །ངེས་བརྗོད་བླ་མར། སྒོང་སྐྱེས་གླུ་ནི་མེད་པ་སྟེ། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་དེ་གཉིས་ཀྱི་ཁྱད་མངོན་བྱང་གིས་བསྐྱེད་མཉམ་ལ་དེ་ལྟ་བུའོ། །ཟླ་བ་དང་ས་བོན་ཙམ་ལས་སྐྱེས་པ་ནི་སྐྱེ་གནས་དྲོད་གཤེར་སྐྱེས་སོ། །ས་བོན་སོགས་དང་བྲལ་བ་སྐད་ཅིག་ལ་འོད་གསལ་ལས་སྐྱེས་པ་ནི་སྐྱེ་གནས་རྫུས་ཏེ་སྐྱེས་པའོ། །ཕྱི་མ་འདི། དཀའ་འགྲེལ་པདྨ་ཅན་དུ། ཟབ་མོ་བསྐྱེད་པའི་རིམ་པ་དང་། བཏགས་པ་རྫོགས་པའི་རིམ་པ་ཡང་རྣམ་པར་བཞག་པའོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ། གང་གི་སེམས་ཀྱིས་འཁོར་ལོ་བདེ་མཆོག་བསྒོམ་པའི་ཚེ། སྒྲུབ་པ་པོ་དངོས་གྲུབ་བརྒྱད་ཐོབ་པར་འགྱུར་བ་ནི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡིན་ནོ། །གང་གི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་པོས་བསྒོམས་ན་འགྲུབ་པར་འགྱུར་བ་དེའི་ཚེ། རྒྱུའི་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །གང་གི་ཚེ་སྤྲུལ་པའི་འཁོར་ལོ་བདེ་མཆོག་སྤྲུལ་པའི་སྐུའི་རང་བཞིན་དུ་སྒྲུབ་པ་པོས་བསྒོམས་ན་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །ཞེས་སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པ་ལས་བྱུང་ངོ་། །འདི་ལྟ་བུ་དང་། དྲི་མེད་འོད་ལས། དེ་ལྟར་བསྐྱེད་པའི་རིམ་པ་རྣམ་པ་གཉིས་ཏེ། གཅིག་ནི་མངལ་ནས་སྐྱེས་པ་དང་། གཉིས་པ་སྒོ་ང་ལས་སྐྱེས་པའོ། །གང་སྒོ་ང་ལས་སྐྱེས་པ་དེ་ནི་འཇིག་རྟེན་ཁམས་བསྐྱེད་པ་ནི་ཚངས་པའི་སྒོ་ང་ཞེས་པའི་ཚིག་གི་ཕྱིར་རོ། །གང་མངལ་ནས་སྐྱེས་པ་དེ་ནི་མི་རྣམས་བསྐྱེད་པའོ། །གང་སྐད་ཅིག་ལས་ཡིན་པ་དེ་ནི་སེམས་ཅན་རྣམས་རྫུས་སྐྱེས་ལས་བསྐྱེད་པའོ། །དེ་ནི་བསྐྱེད་པའི་རིམ་པ་གཅིག་སྟེ། སྐད་ཅིག་གི་རྣམ་པའི་སེམས་ཅན་གྱི་བསམ་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་དང་། སྔར་སྡོམ་འབྱུང་གི་ལུང་དབང་པོ་དམན་པ་བསྐྱེད་རིམ་གྱི་སོགས་གསལ་བར་བཞུགས་བཞིན་དུ། བསྐྱེད་པའི་རིམ་པ་འདི་ལ་སྦྱང་གཞི་མངལ་སྐྱེས་སྦྱོང་བའི་དབང་དུ་མཛད་པའི་ཆོ་ག་ཁོ་ན་དགོས། དཀྲོང་བསྐྱེད་ལ་སོགས་པ་ནི་རང་བཟོ་དེས་འཁོར་བ་བཟློག་པར་མི་འགྱུར་སྙམ་པ་ནི་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་རྣམས་ལ་ཞེ་སྡང་བ་དག་གི་ལུགས་སོ། །རིགས་པས་ཀྱང་འགྲུབ་སྟེ་ཐ་མལ་གྱི་རྣམ་རྟོག་སྦྱོང་བ་ལ་ཁྱད་པར་མེད་པས་སོ། །གཞན་ཡང་ཁ་ཅིག དེ་ཐམས་ཅད་ཀྱིས་སྲིད་པ་བཟློག་པར་ཅི་ལྟར་འགྱུར། བདག་མེད་པར་ལྟ་བ་མེད་ན་བདག་འཛིན་བཟློག་མི་ནུས། དེ་ཡོད་ན་ནུས་སོ་སྙམ་ཞེ་ལ་བཞག་ནས་ཐམས་ཅད་དུ་ཕུང་པོ་རྣམ་པར་བཅད་པའི་སྟོང་པ་ཁོ་ན་ལྷུར་ལེན་ནོ། །དེ་ལྟ་ན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་སྣང་བའི་ཕྱོགས་ལ་བསླབ་པར་བསྟན་པ་འདི་དག་དོན་མེད་པར་ཐལ་བར་འགྱུར་རོ། །འདི་དག་གིས་འདོད་གཟུགས་ཀྱི་དངོས་གྲུབ་ཙམ་ཡིན་གྱི་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སུ་མི་འགྲུབ་བརྒྱུད་པས་དེའི་རྒྱུར་བཞག་གོ་ཞེ་ན་དེ་ཡང་ག་ལ་ཡིན། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པར། ཐ་མལ་པ་ནི་དམན་པའོ། །རྣམ་རྟོག་གིས་བརྟགས་པ་དེ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་ཡང་། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སྨྲོས་པའི་ཕྱིར་རོ། །ཀུན་ཏུ་རྟོག་པ་དེའི་འཇུག་པ་ཉིད་སྲིད་པའི་སྡུག་བསྔལ་ཡིན་གྱི་དེ་ལས་གཞན་པ་ནི་མེད་དེ་ཁམས་གསུམ་པ་ལས་ལོགས་ཤིག་ན་སྲིད་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་སྲིད་པའི་སྡུག་བསྔལ་གྱིས་སོ། །དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་ཡིད་ཀྱིས་མངོན་སུམ་དུ་འགག་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་ཀྱི་དུས་གསུམ་གྱི་དུས་ཆོས་གང་མཐའ་ཡས་པའི་རྣམ་པ་ཅན་ཕྱོགས་བཅུ་ན་ཁྱབ་པ་གང་ཡིན་པ་དེ་ནི་དེའི་བདག་ཉིད་ཅན་གྱིས་བསྡུས་པའི་ཆགས་པ་མེད་ཅིང་དམིགས་སུ་མེད་ལ་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བའི་འཁོར་ལོ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཅན་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེར་སོ་སོར་སྣང་སྟེ། ཡིད་དེའི་རྣམ་པར་སྣང་བ་ན་རྟོག་པ་དེ་སྣང་བར་མི་འགྱུར་ལ་དེའི་ཕྱིར་འགལ་བར་གྲུབ་པ་ནི་སྣང་བ་དང་མུན་པ་དང་འདྲ་བ་ཡིན་ནོ། །འགལ་བར་གྲུབ་པ་ན་ཡིད་དེ་ཤིན་ཏུ་བརླབས་པ་ལས་སྲིད་པའི་སྡུག་བསྔལ་དེ་བཟློག་པར་འགྱུར་རོ། །ཞེས་གསུངས་ཤིང་དོན་དེ་ཁ་ཀུན་སྤྱོད་དུ། བཟློག་པ་ཇི་ལྟར་བརྟག་པ་ནི། །བཤད་བྱ་སྒྲུབ་པ་པོ་རྣམས་ཉོན། །ནས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་བྲལ་བ་ཡིན། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པ། །དེ་ནི་རང་བཞིན་སྟོང་པ་སྟེ། །ཀུན་ཏུ་འགྲོ་ཞིང་མི་ཤིགས་པར། །མདོར་བསྡུས་ནས་ནི་སྒོམ་བྱེད་པ། །འདོད་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་དང་། སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པས་སྤྲོས་པ་མེད་པར་བྱ། །ཞེས་གསུངས་པས་སོ། །སློབ་དཔོན་དེའི་བཞེད་པ་འདི་ནི་སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་རྒ་བ་དང་འཆི་བ་ལ་སོགས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུར་གྱུར་པ་བདག་ཏུ་ལྟ་བ་ལ་སོགས་པ་ནི་ཀུན་འབྱུང་གི་བདེན་པའོ། །དེའི་གཉེན་པོར་གྱུར་པ་དཀྱིལ་འཁོར་གྱི་འཁོར་ལོ་ནི་ལམ་གྱི་བདེན་པའོ། །སྡུག་བསྔལ་འབྱུང་བ་ཤིན་ཏུ་མེད་པར་བྱ་བའི་ཕྱིར་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཅན་གནས་ཡོངས་སུ་གྱུར་པ་ནི་འགོག་པའི་བདེན་པ་སྟེ། དེ་ནི་འདིར་དོན་དམ་པའི་བདེན་པའོ། །ལམ་འདི་ནི་ཐར་པ་འབའ་ཞིག་ཙམ་གྱི་མ་ཡིན་ཏེ། གཞན་དུ་སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཡང་ཡིན་ཏེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེ་ལས་གཞན་པའི་དངོས་པོ་ཐམས་ཅད་ཀྱང་ཆོས་བདག་མེད་པའི་རྣམ་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ངེས་པར་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ཕ་རོལ་ཏུ་ཕྱིན་པའི་སྦྱིན་སོགས་དམིགས་མེད་ཀྱིས་ཟིན་པ་ཉིད་ཀྱང་ཟབ་པར་འགྱུར་མེད་རྒྱ་ཆེ་བ་ནི་མ་ཡིན་རྒྱུ་མཚན་གང་གིས་ཞེ་ན། གནས་སྐབས་ལ་ལར་ལན་འགའ་ཞིག་གི་རྣམ་པ་གང་ཡང་རུང་བས་སྦྱིན་པ་ལ་སོགས་པ་བསྒྲིབས་པ་མིན་ནོ། །དེ་བས་ན་འདི་ནི་རྒྱ་ཆེ་བ་ཡང་ཡིན་ནོ། །ཕྱོགས་བཅུ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པའི་ཡོན་ཏན་གྱི་འབྱོར་པ་ཐམས་ཅད་དེ་རྣམས་ཀྱི་བླ་ན་མེད་ཅིང་དོན་ཡོད་པའི་དམ་ཚིག་གི་བདག་ཉིད་ལ། བླ་ན་མེད་པའི་མཆོད་པའི་བདག་ཉིད་ཅན་དང་། བདེ་བ་ཆེན་པོའི་རང་བཞིན་ཅན་དང་། ཡིད་དུ་འོང་བའི་རྣམ་པ་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་དང་བསྡུ་བ་དང་ལྡན་པས་མདོར་བསྡུས་ཏེ་སེམས་ཅན་ཐམས་ཅད་དང་བདག་ཉིད་ལ་བསྐྱེད་དེ་མཉམ་པར་བཞག་པས་གོམས་པར་བྱེད་ལ། དེ་ལྟ་བུ་ཉིད་དང་ཀུན་ཏུ་སྤྱོད་པ་ཉིད་དང་། བཟླས་པ་ལ་སོགས་པ་རྗེས་སུ་འཇུག་ཅིང་རྟོགས་པར་བྱེད་དོ། །དེ་བས་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཐམས་ཅད་ཀྱང་མཆོག་ཏུ་རྨད་དུ་བྱུང་ཞིང་རྒྱ་ཆེ་བ་ཡིན་ཐབས་མང་བ་ཡིན་ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་དུ་ཐམས་ཅད་རྟག་ཏུ་མཐོང་བས་ཟབ་པ་ཡང་འདིར་མཆོག་ཏུ་གྱུར་པ་ཡིན་པ་སྟེ། དམིགས་པ་ཡིད་དུ་འོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མ་རྨོངས་པའོ། །དམ་ཚིག་གི་མཐུ་དང་སེམས་ཀྱི་དམིགས་པ་ཡིན་པས་དཀའ་བ་མེད་པ་ཡང་ཡིན་ནོ། །དེ་ལྟར་སྒོམ་པ་མཐར་ཕྱིན་པའི་ཡེ་ཤེས་རྫོགས་པ་གང་གི་ཚེ་མངོན་ཏུ་གྱུར་པའི་སྐད་ཅིག་ལ་དེ་ཉིད་ཀྱི་བྱང་ཆུབ་པས་མྱུར་བ་ཡང་ཡིན་ནོ། །དེའི་ཕྱིར་དབང་པོ་རྣོ་བའི་དབང་དུ་བྱས་ཞེས་བྱའོ། །དེ་ལྟར་མི་ཟབ་པའི་བསྐྱེད་རིམ་བཤད་ནས། ད་ནི་ཟབ་པའི་བསྐྱེད་རིམ་ཆ་ཤས་ཙམ་བཤད་པར་བྱ་སྟེ། དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་བསྒྲུབ། །འཁོར་ལོ་ལྷ་རྣམས་གྲུབ་པའོ། །ཕྱི་དཀྱིལ་དེ་ནི་བློས་བཏགས་པས་བཅོས་མ་སྟེ་ད་དུང་འཁོར་བ་ལས་མ་འཕགས་ལ། དེ་ལས་འདའ་བའི་ཐབས་བླ་ན་མེད་པ་མ་བཅོས་པའི་དཀྱིལ་འཁོར་མཆོག་སྟོན་པར་བཞེད་ནས། དེའི་ཐབས་སུ་སེམས་ཀྱི་འོད་ལས་སྣང་བའི་ལུས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་པ་དེ་བསྟན་པར་མཛད་པ་ཟབ་པ་ཡིན་ནོ། །རྡོ་རྗེ་མཁའ་འགྲོ་ལས། ཇི་ལྟར་སྨིན་པའི་འབྲས་བུ་བོར་ནས་ཤིང་གི་རྩ་བ་བརྟེན་པར་བྱེད་པ་བཞིན་དུ་རྣལ་འབྱོར་མ་བོར་ཏེ་བཅོས་མ་ལ་ཆགས་པ་ཡང་བློ་གྲོས་དམན་ཞིང་དེས་ན། དེ་ཁོ་ན་ཉིད་ཀྱི་སེམས་ཀྱི་ཕུན་སུམ་ཚོགས་པས་བདག་ཉིད་སྦྱོར་ཞིང་རྫོགས་པའི་རིམ་པས་སངས་རྒྱས་ཀྱི་སྐུ་ལ་དམིགས་པ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ཡེ་ཤེས་དེ་ཉིད་ནི་མཆོག་ཏུ་མི་འགྱུར་བའི་སྟེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེས་ན་གཞན་གཟུགས་བརྙན་དང་ལུགས་མ་ལ་སོགས་པ་སྤངས་ཏེ་ཁམས་སྣ་ཚོགས་ཀྱི་ཤེས་པ་ཉིད་སངས་རྒྱས་ཐམས་ཅད་འདུས་པར་བརྟག་པར་བྱའོ། །ཞེས་པས་སོ། །ལུས་རྩ་ཁམས་རྣམས་འབྱུང་བ་དང་བྱེད་ལས་ཀྱིས་ངེས་པ་དང་བསྟུན་པའི་གཞལ་ཡས་ཁང་དང་ལྷ་ཞལ་ཕྱག་ཅན་དུ་བསྒོམ་པ་ཡིན་ལ། དེའི་ཕྱིར་བཏགས་ཡོད་ཉིད་དུ་ཟད་པས་ད་དུང་བསྐྱེད་རིམ་ལས་མ་འཕགས། དེའི་ཕྱིར་ཟབ་པའི་བསྐྱེད་རིམ་ཞེས་བྱའོ། །དེ་ཡང་། བདག་ཉིད་ཧེ་རུ་ཀར་བྱས་ནས། །ཞེས་པས། བདུད་རྩི་རིལ་བུ་ཁར་བཅུག ཤྲཱི་ཧེ་རུ་ཀ་ཞེས་པའི་དོན་དྲན་པར་བྱ། ཚོགས་གཉིས་ལ་གནས་པ་ཧེ་རུ་ཀ་བསྒོམ། དེ་ནས། དེ་འོག་ཧེ་རུ་ཀ་དྲན་བྱ། །ཞེས་པ་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་བསྒོམ་ཏེ། དེའི། རྐང་པ་གསུམ་མདོ་ལྟེ་སྙིང་ག །རླུང་དང་མེ་ཆུ་ས་ཡིན་ནོ། །སྒལ་ཚིགས་རི་རྒྱལ་དེ་བཞིན་ནོ། །ལུས་ནི་མཉམ་པ་སྒོ་བཞི་རླུང་། །རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་དཀྱིལ་འཁོར་ཉིད་འདོད་དེ། །ཞེས་སློབ་དཔོན་གྱིས་གསུངས་ལ། འཁོར་ལོ་འདི་ནི་སྙིང་གར་དགོད། །ཅེས་པ། ཐུགས་སུ་ཨ་ཝ་དྷཱུ་ཏཱི་ཧཱུྃ། །མ་བཅོས་ནང་གི་བདག་ཉིད་དོ། །ཞེས་པས། དེ་ལྟར་སྙིང་ག་དང་ནང་གི་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་དུ་ལྷ་ཚོགས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཤིན་ཏུ་དྭངས་པ་བསྐྱེད། དེ་ལྟར་བདག་ཉིད་གོ་བགོས་ནས། །ཞེས་པས། གོ་བགོ །སྔགས་དང་ཕྱག་རྒྱས་མཆོད་བསྡུ་དབང་བསྐུར། རྒྱས་བཏབ་བཟླས་པ་བྱ། ནང་གི་ཚོགས་དང་སྦྱིན་སྲེག་བྱེད་པ་གཏོར་མ་ཕྱི་བཞིན་བཏང་། རྫོགས་རིམ་བསྒོམ་པའོ་ཞེས་འཆད་ལ། གཞུང་འདི་ལྟ་བུ་དོན་མང་པོར་འགྱུར་བ་ནི་མཐའ་དྲུག་ལ་ཚུལ་བཞི་ཞུགས་པའི་དབང་ལས་ཡིན་ལ། དེ་ལྟར་ན་རྡོ་རྗེའི་ཚིག་རེའང་དོན་དུ་མའི་བདག་ཉིད་ཅན་དུ་འགྱུར་རོ། །དེ་ཡང་བབ་ཅོལ་དུ་མ་ཡིན་ཏེ། སྐབས་སུ་བབ་པའི་རྐྱེན་དང་ཕྲད་ནའོ། །དཔེར་བགྱི་ན་ནམ་མཁའ་ནི་མི་བསྒྲིབ་པ་ཡིན་ལ། མི་བསྒྲིབ་པའི་དོན་གཞན་འབྱུང་བའི་གོ་མི་དགག་པའོ། །གོ་མི་དགག་པ་དེ་ཀ་གོ་འབྱེད་པར་སོང་བས་དེ་ལ་རྐྱེན་འཇུག དེ་ཞུགས་པ་ན་དེ་ཉིད་རྣམ་པར་འགྱུར་བའི་ཉིན་མོའི་རྐྱེན་གྱིས་སྣང་བ་དང་མཚན་མོའི་རྐྱེན་གྱི་མུན་པར་སོང་བ་ལྟ་བུའོ། །མི་སྒྲིབ་པ་ཡང་གང་ལ་ལག་པ་ལ་སོགས་མྱུལ་ཚེ་རེག་པར་བྱ་བ་ཅུང་ཟད་ཀྱང་མེད་ན་འདི་ནི་ནམ་མཁའོ་ཞེས་འཛེར་བས་བཏགས་པ་ཙམ་མོ། །དེས་ན། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་ཀྱང་མཉམ་པ་ཉིད་དུ་གསལ། །ཞེས་མང་པོར་གསུངས་ལ། དོན་འདིས་ཕར་ཕྱིན་ཏུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་འབྱུང་བ་ཡིན་ནོ། །ཏིང་ངེ་འཛིན་འདིར། བཟླས་བརྗོད། སྦྱིན་སྲེག ལས་མཐུན་གྱི་མཆོད་པ། ཚོགས་དཀྱིལ་བསྒྲུབས་ནས་ལས་དང་བསྟུན་པར་སྦྱར་བའི་མཆོད་པ། སླར་བསྡུ་བ། སྦྱིན་སྲེག་དང་འབྲེལ་བ་ལ་འདུག་སྟངས། ཚོགས་དཀྱིལ་དང་འབྲེལ་བས་སྟངས་སྟབས་སམ་གར་དེ་དེ་ཉིད་དགུ། སྔོན་དུ་ཕྱག་རྒྱའི་དེ་ཉིད་བཤད་པས་དེ་ཉིད་བཅུ་དགོས་པ་ལ་དགོངས་ནས་གནས་པ་འདི་ལ་དེ་ཉིད་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་གསུངས་སོ། །ཕྱག་རྒྱ་ནི། ཐོད་པས་སྤྱི་བོར་བརྒྱན་བྱས་ཤིང་། །ཞེས་ཐོད་པ་ལྔའི་ཅོད་པན། ཡན་ལག་ཐལ་བས་བྱུག་པ་དང་། ཐལ་ཆེན། གུག་ཀྱེད་དག་གིས་ལུས་བརྒྱན་ཅིང་། །མགོ་བོའི་ག་ཤ །རུས་པའི་འཕྲེང་བ་སོགས་དང་ལྡན་པ་ནི། ཚངས་སྐུད་དང་མགུལ་རྒྱན་རྣ་ཆ་དཔུང་རྒྱན། དུམ་གཅིག་སྤྱི་བོར་བརྒྱན་པ་དང་། ཐོད་པ་དུམ་བུས་སྤྱི་བོ་བརྒྱན་པ། རུས་པའི་འཕྲེང་བ་རྣམ་པར་འཆང་། །ཞེས་པ་འོག་པག་གམ་སྐ་རགས། དེ་ལྟར་ཕྱག་རྒྱ་དྲུག་འདྲེན་ཚུལ་དགྱེས་རྡོར་དང་མི་འདྲ་སྟེ། ཀུན་སྤྱོད་དུ། མགུར་ཆུ་དཔུང་རྒྱན་རྣ་ཆ་དང་། །ཐོད་པའི་འཕྲེང་བས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་པར་རབ་ཏུ་བཤད། །ཅེས་སོ། །ཀུན་སྤྱོད་དུ། སྲོག་ཤིང་གཅིག་གྱུར་སྲད་བུ་ཡིན། །ཞེས་སོགས་ཀྱིས་འགྲེལ་པར་མར་དོས། སྲོག་ཤིང་གཅིག་གྱུར་ནི་ཚངས་སྐུད་ཚར་གཅིག་པའོ། །འོག་པག་སྲོག་ཤིང་བརྒྱད་པ་སྟེ། །ཞེས་པ་ནི་སྐ་རགས་ཚར་བརྒྱད་པའོ། །རོ་ལྡན་བཅུ་དྲུག་ནི། མགུར་ཆུ་ཚར་བཅུ་དྲུག་པའོ། །འཕྲེང་བ་ཉི་ཤུ་རྩ་ལྔ་ཞེས་པ་ནི་ཉིས་ལྟབ་སྟེ་དོ་ཤལ་ལྔ་བཅུའོ། །དེ་དག་གི་དག་པའང་དེ་ཉིད་དུ། ཕྱག་རྒྱ་ལ་སོགས་མཆོག་ལུས་ཀྱི། །ཕ་རོལ་སོན་པས་ཕར་ཕྱིན་དྲུག །ཅེས་དང་། ཡང་། ཁམས་ཀྱི་རྣམ་པར་དག་པ། ཐོད་པའི་དུམ་བུ་ལ་སོགས་ཀུན། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །ཞེས་སོ། །སྔགས་ཀྱི་དག་པ་བསྟན་པའི་ཕྱིར། །རྩ་བའི་སྔགས་ཀྱི་དཔའ་བོ་གང་། །ཚངས་པའི་སྐུད་པ་ལ་སོགས་བརྟག །ཅེས་དང་། དེ་དང་མི་ཕྱེད་པར་སྦྱོར་བ་རྣལ་འབྱོར་གྱི་དག་པ། དེ་ནས་བདག་ཉིད་རྣམ་བསམ་ནས། །ཞེས་གསུངས་སོ། །ཤྲདྡྷཱས། ཁམས་གསུམ་པ་རོ་གཅིག་པའི་བདག་ཉིད་མི་བསྐྱོད་པའི་དབང་ཕྱུག་དང་མཚུངས་པར་ཆགས་པའི་འཁོར་ལོས་རྒྱས་བཏབ་ཅེས་བྱ་བའི་དོན་ནོ། །སྒྲའི་ཕྱོགས་གཅིག་མི་ཤིགས་པའི་རྣམ་པར་བསྐྱོད་མི་ནུས་པ་ལ་བརྟེན་ནས་རྣམ་པར་གཡེང་བའི་ཚུལ་དུ་འབྱུང་བའི་སྒྲ་མི་ཉན་པའི་དོན་ཡིན་ན་ཡང་དེའི་བདག་ཉིད་མ་ལུས་པའི་བྱང་ཆུབ་ཀྱི་ངོ་བོ་སྐྱེ་བའི་རྒྱུའི་མཚན་ཉིད་ནི་རྣ་བའི་ཕྱག་རྒྱ་ཡིན་ནོ། །མགུལ་རྒྱན་ནི་སྐལ་བ་ངན་པའི་ངག་གི་བརྗོད་པ་ཡོངས་སུ་སྤང་བ་དང་། ཉིན་མཚན་དུ་རྒྱུན་མི་འཆད་པར་སྔགས་ཟློ་བའི་བདག་ཉིད་དང་སེམས་ཅན་འདོན་པའི་རྒྱུས་གྲགས་པ་ཕུན་སུམ་ཚོགས་པའི་རིན་པོ་ཆེའི་བདུད་རྩི་མྱང་བའི་རང་བཞིན་ཅན་ཡིན་ནོ། །གདུ་བུ་ནི་སྲོག་གཅོད་པ་ལ་སོགས་པ་རྗེས་སུ་སྤྱོད་པ་ལས་བཟློག་པའི་དོན་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་གཉིས་སུ་མེད་པའི་སེམས་ཀྱི་དཔལ་ཕུན་སུམ་ཚོགས་པའི་རང་བཞིན་ཅན་རྣམ་པར་སྣང་མཛད་འོད་འཕྲོ་བའི་མཚན་ཉིད་ཅན་ནོ། །སྐུ་རགས་ནི་ཕྱག་རྒྱ་ཆེན་པོ་དོན་ཡོད་པ་མོ་གཤམ་མ་ཡིན་པ་འབྲས་བུ་དང་བཅས་པའི་དངོས་གྲུབ་ཀྱི་སྣོད་ཡེ་ཤེས་ཕུན་སུམ་ཚོགས་པ་རོ་གཅིག་པ་ཅན་ཡིན་ནོ། །ཐལ་བ་ནི་ཡེ་ཤེས་ཀྱི་མེ་འབར་བས་ཕུང་པོ་དང་འབྱུང་བ་བསྲེགས་པས་སྣང་བ་མེད་པ་ཤེལ་དང་འདྲ་བར་གསལ་བ་བྱང་ཆུབ་ཀྱི་སེམས་དཀར་པོ་ཡོངས་སུ་བྱུགས་པ་དང་ལྷན་ཅིག་སྐྱེས་པ་དང་ནམ་མཁའ་དང་ཡེ་ཤེས་ཀྱི་སྣལ་མས་སེ་རལ་ཁར་བྱས་པ་ཡིན་ཏེ་རབ་ཀྱི་མཐར་ཕྱིན་པ་ཐོབ་པས་དང་པོའི་རྡོ་རྗེ་འཆང་གི་རང་བཞིན་ཅན་ནི་ཐལ་བ་དང་ཚངས་པའི་སྐུད་པ་ཡིན་ནོ། །ཞེས་བཤད་ལ། འདིས་སྟོང་ལ་མོ་གཤམ་གྱི་ཐ་སྙད་ཀྱང་བཤད་དོ། །གསུམ་པ་བླ་མ་དང་དཔའ་བོའི་དབང་ཕྱུག་མའི་ངོ་བོ་ཉིད་ཀྱིས་གནས་པ་ནི། སློབ་དཔོན་དགེ་བའི་མཚན་ཉིད་ཅན། །དགེ་བ་ནི་དམ་པའོ། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཡང་དག་པ་ཤེས་པ་སོགས་ཀྱིས་རིམ་པ་བཞིན་རིག་པ་འཛིན་པའི་སྡེ་སྣོད་གསུམ་ལ་མཁས་པ། ཁྲོ་མེད་གཙང་ཞིང་མཁས་པ་དང་། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །རིམ་པ་བཞིན་གྱི་མངོན་རྟོགས་བསླབ་པ་གསུམ་དང་ལྡན་པར་བསྟན་ནོ། །ལུང་སྡེ་སྣོད་གསུམ་ལ་མཁས་པ་ཙམ་དེ་ནི་སྔགས་ལ་གཞོལ་བའི་སློབ་དཔོན་དུ་གཟུང་། མངོན་རྟོགས་བསླབ་པ་གསུམ་དང་ལྡན་ལུང་ལ་མི་མཁས་སམ་མཁས་པ་གཉིས་ཀ་བསམ་གཏན་ལ་གཞོལ་བའི་སློབ་དཔོན་ནོ། །གང་དུ་དགོད་བྱའི་ལྷ་ལ། ལྟེ་བར་དགོད་བྱ་དཔའ་བོ་ནི། །ཞེས་སོགས་ཀྱི་དོན་སྟེ། འདི་ལ། ནག་པོ་སྤྱོད་པའི་སྒྲུབ་ཐབས་སུ། རྩ་བའི་ཞལ་ནི་ནག་པོ་སྟེ། །གཡས་པ་ཀུན་ད་ལྟ་བུ་དང་། །གཡོན་པ་དམར་པོ་འཇིགས་ཆེན་པོ། །ནུབ་ནི་སེར་དུ་འབར་བའོ། །ཞེས་སོགས། ཞབས་གཡོན་བརྐྱང་། རྩ་བའི་ཕྱག་རྡོར་དྲིལ་འཛིན་པས་འཁྱུད་པ། གླང་ལྤགས། གཡོན་པའི་བཞིས་ཁ་ཊྶཾ་ག་ཐོད་པ་ཞགས་པ་ཚངས་མགོ །གཡས་ན་གྲི་གུག་རྩེ་གསུམ་དགྲ་སྟ་ཌཱ་མ་རུ་བསྣམས་ལ་ཁ་ཅིག་གཡས་པའི་ཕྱག་མཚན་མས་རིམ་ནས་བཤད་པ་དེའི་དགོངས་པ་མིན་ཏེ། ལང་ཀ་རྒྱལ་བ་བཟང་པོའི་འགྲེལ་པར། གཡས་ཀྱི་གསུམ་པ་དང་ཞེས་མཐར་གྱིས་གྲངས་སོ། །རྣལ་འབྱོར་མ་བཞི་དཀར་སྔོ་ལྗང་སེར་དམར་སེར་དཀར་སེར་དུ་ཕྱག་གཉིས་མ་གྲི་གུག་ཐོད་པ་བསྣམས་ན་གླང་པོ་ཆེ་ཅེ་སྤྱང་མི་བ་གླང་ངོ་། །མཚམས་ཀྱི་བཞིར་བདུད་རྩི་ལྔའི་ཐོད་པ། ཕྱོགས་གཡས་མཚམས་གཡོན་སྐོར་གྱི་ཁྭ་གདོང་མ་སོགས་བཞི་མཁའ་འགྲོ་མ་སོགས་དང་ཁ་དོག་ཕྱག་མཚན་འདྲ་བ། མཚམས་མ་ཕྱེད་གཟུགས། འཁོར་ལོ་གསུམ་དཔའ་བོ་རྣམས་ཕྱག་གཉིས་པ་ཡུམ་རྣམས་གྲི་ཐོད་འཛིན་པས་ཐམས་ཅད་གཡོན་བརྐྱང་རོ་གདན། དཀྱིལ་ཆོག་ཏུ། དཀར་མིན་དཀར་དང་དམར་པོ་ནི། །མཆོག་དང་ཐ་མ་བར་མ་སྟེ། །ཞེས་བཤད། གཙོ་བོ་ཞལ་ལཱུ་ཡི་པ་དང་། ཕྱག་དང་པོ་གཉིས་ཀྱང་འདྲ་བ་ལ། ལྷག་མའི་གཡས་དགྲ་སྟ་རྩེ་གསུམ་གྲི་གུག་ཌཱ་མ་རུ། གཡོན་བཞི་ན་ཁ་ཊྶཱཾ་ཐོད་ཁྲག་ཞགས་པ་མགོ་བོ། ཞབས་གཡས་བརྐྱང་། བདེ་ཆེན་དང་དམ་ཚིག་གི་ལྷ་མོ་རྣམས་ཀྱང་ཕྱག་བཞི་མ་ལཱུ་ཡི་པ་དང་མཐུན་པ་ཞིག་བཤད་དེ། ལྗང་དང་དམར་དང་དེ་བཞིན་སེར། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །ཞེས་དང་། ཕྱག་གཉིས་ཀྱིས་ནི་འཁྱུད་པར་མཛད། །གཞན་གཉིས་གླང་ཆེན་པགས་པ་སྟེ། །དགྲ་སྟ་རྩེ་གསུམ་གྲི་གུག་དང་། །ཌཱ་མ་རུ་ནི་ཕྱག་གཡས་ན། ཁ་ཊྶཱཾ་ག་དང་དེ་བཞིན་དུ། །ཐོད་པ་ཁྲག་གིས་གང་བ་དང་། །ཕྱག་ན་ཞགས་པ་དག་དང་རོལ། །བདུད་ནི་བཞི་ལས་རྣམ་རྒྱལ་བ། །ཕྱག་གཡོན་དག་ན་བསྣམས་པར་མཛད། །ཅེས་དང་། མཁའ་འགྲོ་མ་ནི་མཱ་མ་ཀི །གཡས་ཀྱི་འདབ་མ་མནན་ནས་བཞུགས། །ཕྱག་བཞི་སྐྲ་གྲོལ་གཅེར་བུ་མ། །ཞེས་གསུངས་པ་འདི་ལ། བདག་ཅག་གི་བླ་མ་རྣམས་ནག་པོ་པས་བཅུ་གསུམ་མ་བཤད་པར་འདྲེན། དེའི་རྒྱུ་མཚན། གཉིས་མེད་ཡེ་ཤེས་རྣལ་འབྱོར་མ། །པུ་ལ་སོགས་པ་ཡང་དག་དྲང་། །དགུག་སྟེ་འཁོར་ལོའི་ནང་དུ་བཞག །འདི་ནི་ཡེ་ཤེས་པ་དགུག་པ་སོགས་བསྟན་ལ། རྣལ་འབྱོར་ཅན་གྱིས་རྟག་པར་མཆོད། །ཅེས་མཚམས་བཅད་ནས། དེ་ནས་དཔའ་སྐྱེས་རྣལ་འབྱོར་མའི། །འཁོར་ལོའི་གནས་ནི་བཤད་པར་བྱ། །ཞེས་འབྱུང་བས་སོ། །དྲུག་ཅུ་མར་བྱེད་པའི་ཚེ། འཁོར་ལོ་གསུམ་གྱི་ལྷ་ནི་འདིར་ཡང་ཕྱག་གཉིས་པར་བཤད་དོ། །ལཱུ་ཡི་པའི་ལུགས་གཙོ་བོའི་ཕྱག་དང་པོར་གཉིས་རྡོར་དྲིལ་གྱིས་འཁྱུད་པ། དེའི་འོག་མ་གཉིས་གླང་ལྤགས། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་གྲི་གུག ལྔ་པར་དགྲ་སྟ། དྲུག་པར་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པར་ཁ་ཊྶཱཾ་ག བཞི་པར་ཐོད་ཁྲག ལྔ་པར་ཞགས་པ། དྲུག་པར་ཚངས་མགོ གཞན་དཔའ་བོ་ཕྱག་བཞི། རྗེ་བཙུན་མཻ་ཏྲི་པས། གཡས་ཀྱི་བཞི་པར་དགྲ་སྟ། ལྔ་པར་གྲི་གུག་མཛད། གཞན་འདི་དང་ཁྱད་མ་འབྱུང་། མངོན་བརྗོད་ལས། བཅོམ་ལྡན་འདས་ནི་ཞལ་བཞི་པ་སྔོ་བ་དང་སེར་བ་དང་དམར་བ་དང་ལྗང་བའི་ཞལ་ཏེ་སྤྱན་གསུམ་པ་ཕྱག་བཅུ་གཉིས་པ་གཡས་བརྐྱང་བས་འཇིགས་བྱེད་ཆེན་པོ་དང་དུས་མཚན་ཞབས་འོག་ཏུ་མནན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་དམ་ཚིག་གི་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཕྱག་གཞན་གཉིས་པོ་སྣ་ཚོགས་བདག་གི་པགས་པ་འཛིན་པ། གཡས་པའི་གསུམ་པ་ན་ཅང་ཏེའུ། བཞི་པ་ལ་དགྲ་སྟ། ལྔ་པ་ལ་གྲི་གུག དྲུག་པ་ལ་རྡོ་རྗེའི་མདུང་། ཕྱག་གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག བཞི་པ་ལ་ཐོད་ཁྲག ལྔ་པ་ལ་རྡོ་རྗེའི་ཞགས་པ། དྲུག་པ་ལ་བདུད་བཞིའི་མགོ་བོ་བསྣམས་པའོ། །ཞེས་དང་། རྡོ་རྗེ་ཕག་མོ་ཡང་དེ་ཉིད་དུ། ཕྱག་གཡོན་པས་འཁྱུད་པ་སྟེ། །བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཐོད་པ་བསྣམས་པ། གཡས་པ་ན་སྡིགས་མཛུབ་རྡོ་རྗེ་དང་བཅས་པས་ཕྱོགས་བཅུར་སྡིགས་པར་བྱེད་པར། བསྐལ་པའི་མེའི་གཟི་བརྗིད་ཅན། ཁྲག་ལ་དགྱེས་ཤིང་ཞལ་ནས་འཛག་པ། བྱིན་པ་གཉིས་གྱིས་མཉམ་པར་འཁྱུད། །ཅེས་དམ་ཚིག་གི་འཁོར་ལོ་འཆད་པའི་སྐབས་ལས་བཤད་དོ། །རྡོ་རྗེ་དྲིལ་བུ་པས་ཕྱི་དཀྱིལ་དུ། གཡོན་པ་པདྨ་རཱ་གའི་འོད། །གཡས་པ་གསེར་དུ་འབར་བ་སྟེ། །སྟེང་ཞལ་མ་ར་ཀ་ལྟར་འབར། །ཞེས་དང་། ལུས་དཀྱིལ་དུ་མཻ་ཏྲི་པ་དང་མཐུན་པར་བཤད། ཕྱི་དཀྱིལ་ལྷ་མོ་བཞི་མཻ་ཏྲི་པ་དང་མཐུན། ལུས་དཀྱིལ་དུ་དཔའ་བོ་རྣམས་བཅོམ་ལྡན་འདས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ནི་རྡོ་རྗེ་ཕག་མོའི་རྣམ་པ་ཇི་ལྟ་བ་བཞིན་ཏེ་ཞེས་འབྱུང་བས་ཐམས་ཅད་ལྷན་སྐྱེས་འདྲའོ། །ཕྱོགས་མ་ཕྱི་དཀྱིལ་བཞིན་ལ། སྒོ་མ་ཕྱོགས་མ་དང་མཐུན་པ། མཚམས་མ་ཕྱེད་གཟུགས་སུ་བཤད་དོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། རྩ་བའི་ཞལ་ནི་ནག་པོའོ། །གཡས་པ་ན་ནི་པདྨ་རཱ་ག་དང་འདྲའོ། །ནུབ་ཏུ་ནི་གསེར་ཞུན་མ་ལྟ་བུའོ། །གཡོན་པ་ནི་ཁ་བ་དང་ཀུན་ད་དང་ཟླ་བ་དང་འདྲ་བའོ། །གཞན་ཕྱག་སོགས་མཻ་ཏྲི་པ་ཇི་ལྟ་བའོ། །ཡུམ་ལཱུ་ནག་མཻ་ཏྲི་གསུམ་རྡོ་རྗེ་དང་ཐོད་པ། ཕྱི་མ་གཉིས་གྲི་གུག་དང་ཐོད་པར་བཤད། བྱང་ཆུབ་སེམས་དཔས་ལྷ་མོ་བཅུ་གཉིས་ཕྱག་བཞིས་གཡས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ཐོད་པ་ཁ་ཊྶཱཾ། དཔའ་བོ་ཉེར་བཞི་ཡབ་ཡུམ་རྣམས་ཕྱག་གཉིས། ཐུགས་འཁོར་ལོ་རྡོ་རྗེ་དང་། གསུང་པདྨ། སྐུ་འཁོར་ལོ་དང་རང་རང་གི་དྲིལ་བུ། ལྷ་མོ་རྣམས་གྲི་ཐོད་དོ། །འདིའི་སྒྲུབ་ཐབས་ལས་བཅུ་གསུམ་མ་དང་པོར་དང་ཕྱིས་ནས་དྲུག་ཅུ་རྩ་གཉིས་སོ། །དེ་ཡང་། རྡོ་རྗེ་མཁའ་འགྲོ་མ་ནི་མཱ་མ་ཀཱི། ལཱ་མ་སྒྲོལ་མ། དུམ་སྐྱེས་མ་གོས་དཀར་མོ། གཟུགས་ཅན་མ་སངས་རྒྱས་སྤྱན། ཐོད་པའི་དུམ་བུ་ནི་དྲག་པོ་འཇིགས་བྱེད་བཏུལ་བའི་གདུལ་བྱའི་མིང་ཡིན་ལ། ངོ་བོ་ཀུན་ཏུ་བཟང་པོ། ཀེང་རུས་ཆེན་པོ་ནི་འཇམ་དབྱངས། ཀེང་རུས་ཅན་ནི་སྤྱན་རས་གཟིགས། མཆེ་བ་རྣམ་པར་གཙིགས་པས་སྙིང་། ལྷ་དགྲ་ཕྱག་རྡོར། རྡོ་རྗེ་འོད་དཔག་མེད་བྱམས་པ། རྡོ་རྗེ་འོད་ནི་ནམ་སྙིང་། རྡོ་རྗེ་སྐུ་ནི་ནམ་མཁའ་མཛོད། རབ་གཏུམ་མོ་ནི་རྡོ་རྗེ་ཕོ་ཉ་མོ། གཏུམ་མིག་མ་སྐུལ་བྱེད་མ། འོད་ལྡན་མ་རིན་ཆེན་སྒྲོན་མ། སྣང་ཆེན་མ་ནི་རྡོ་རྗེ་ཉི་མ། དཔའ་བོའི་བློ་གྲོས་མ་ནི་རོ་ལངས་མ། མིའུ་ཐུང་ནི་རྡོ་རྗེ་གཞོན་ནུ་མ། ལངྐའི་དབང་ཕྱུག་མ་ནི་སྐམ་བུ་ཛི། ཤིང་གྲིབ་སངས་རྒྱས་བྱང་ཆུབ་མའོ། །གསུང་འཁོར་གྱི་རྡོ་རྗེ་མྱུ་གུ་མ་ནི་སྒྲིབ་སེལ། རྡོ་རྗེ་རལ་པ་ཅན་སྤོས་ཀྱི་གླང་པོ། དཔའ་བོ་ཆེན་པོ་བློ་གྲོས་མི་ཟད་པ། རྡོ་རྗེ་ཧཱུྃ་མཛད་ཡེ་ཤེས་ཏོག །རྡོ་རྗེ་བཟང་པོ་ནི་སྤོབས་པ་བརྩེགས་པ། རབ་ཏུ་བཟང་པོ་ནི་མྱ་ངན་དང་མུན་པ་ཀུན་འཇོམས། འཇིགས་བྱེད་ཆེན་པོ་ནི་ངན་སོང་ཀུན་འདྲེན། མིག་མི་བཟང་དྲ་བ་ཅན་གྱི་འོད་དོ། ས་སྲུངས་མ་ནི་ཡེ་ཤེས་སྒྲོན་མའོ། །འཇིགས་བྱེད་ཆེན་མོ་ནི་རྡོ་རྗེ་འཇིགས་མའོ། །ཆང་འཐུང་བ་ནི་རྒྱ་ལྡན་མའོ། །སྔོ་བསངས་མ་ནི་སྒྲོལ་མའོ། །རབ་བཟང་མ་ནི་གོས་དཀར་མའོ། །རྟ་སྣ་མ་ནི་ཉེ་བའི་སྤྱན་ནོ། །བྱ་གདོང་མ་ནི་ཉེ་བའི་མཱ་མ་ཀཱིའོ། །སྐུ་འཁོར་གྱི་དཔའ་བོ་སྟོབས་པོ་ཆེ་ནི་ཟླ་འོད་གཞོན་ནུའོ། །རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་འོད་དོ། །རྟ་མཆོག་ནི་ཉི་མའི་སྙིང་པོའོ། །ནམ་མཁའ་སྙིང་པོ་ནི་རྡོ་རྗེ་འོད་ཟེར་རོ། །ཧེ་རུ་ཀ་ནི་མཐུ་ཆེན་ཐོབ་བོ། །པདྨ་གར་དབང་ནི་ནོར་བཟང་ངོ་། །རྣམ་པར་སྣང་མཛད་ནི་བཟང་སྐྱོང་ངོ་། །རྡོ་རྗེ་སེམས་དཔའ་ནི་བློ་གྲོས་རྒྱ་མཚོའོ། །ཤུགས་ཅན་མ་ནི་རྒྱལ་མཚན་རྩེ་མོའོ། །དུམ་སྐྱེས་མ་ནི་སོ་སོར་འབྲང་མའོ། །རྐོས་རིང་མ་ནི་རྨ་བྱ་ཆེན་མོའོ། །འཁོར་ལོའི་གོ་ཆ་མ་ནི་ལོ་མ་གྱོན་མའོ། །རབ་ཏུ་དཔའ་མོ་ནི་རྡོ་རྗེ་ལུ་གུ་རྒྱུད་དོ། །སྟོབས་ཆེན་མ་ནི་ཕྱིར་བཟློག་ཆེན་མོའོ། །འཁོར་ལོ་སྒྱུར་མ་ནི་གཙུག་ཏོར་གདུགས་དཀར་མོའོ། །བརྩོན་འགྲུས་ཆེན་མོ་ནི་རྡོ་རྗེ་འཇིགས་མའོ། །ཐབས་སྦས་ནས་ཤེས་རབ་འབའ་ཞིག་གི་སྐུར་བཞུགས་པས་སམ་མིའམ་ཅི་འདུལ་བས་རྡོ་རྗེ་མ་མོ་ཞེས་བཏགས་སོ། །དེ་ཡང་ཁྭ་གདོང་མ་ལ་སོགས་དམ་ཚིག་གི་ལྷ་མོ་བརྒྱད་དོ། །དེ་ལས་ཁྭ་གདོང་མ་སོགས་བཞིའི་ལུས་བུད་མེད་ཀྱི་གཟུགས་ནི། ཀཽ་རཱི་དང་། ཙཽ་རཱི་དང་། པུཀྐཱ་སཱི་དང་། བཻ་ཏ་ལཱི་བཞིའོ། །ཁྭ་ཏ་ལ་སོགས་པའི་ཞལ་བཞི་ནི་རྣམ་པར་རྒྱལ་བ་དང་། བདུད་རྩི་འཁྱིལ་བ་དང་། རྟ་མཆོག་དང་། གཤིན་རྗེ་གཤེད་དེ་གདོང་གི་ཐབས་སྦས་པའོ། །གཤིན་རྗེ་བརྟན་མ་སོགས་བཞིའི་གཡོན་གྱིས་གཟུགས་ཕྱེད་ནི། གྷསྨ་རཱི། ཤ་བ་རཱི། ཙནྡ་ལི། ཌོམྦི་ནཱིའོ། །གཡས་ཀྱི་ཕྱེད་ནི། དབྱུག་སྔོན་ཅན་དང་། འདོད་རྒྱལ་དང་། མི་གཡོ་བ་དང་། སྟོབས་པོ་ཆེ་སྟེ་འདི་ཡང་ཕྱེད་གཟུགས་ཀྱི་ཐབས་སྦས། དེའི་ཕྱིར། ཁྭ་གདོང་ལ་སོགས་གཟུགས་གཉིས་ལྡན། །ཞེས་གྲགས་སོ། །སངས་རྒྱས་བཞི་ནི་མེ་ལོང་ལ་སོགས་ཡེ་ཤེས་བཞིའི་རྣམ་པ་བུམ་པ་བཞིའོ། །དེའི་གདན་ལ་བཞུགས་པ་ནི་བདུད་རྩི་ལྔའོ། །གོ་ཆ་དྲུག་གི་ལྷ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལྷ་རིགས་དྲུག་གི་འཁོར་ལོས་བསྒྱུར་བ་ཡིན་ལ། སྐྱེ་མཆེད་ཀྱི་ལྷ། ས་སྙིང་ཕྱག་རྡོར་ནམ་སྙིང་སྤྱན་རས་གཟིགས་སྒྲིབ་སེལ་ཀུན་བཟང་དྲུག་ལ། གཏི་མུག་ཆེན་པོ་རྣམ་སྣང་ཡིན་ལ། དེའི་རིགས་ལས་བྱུང་བས་གཏི་མུག་རྡོ་རྗེ་ཞེས་སོགས་སུ་བཤད་དོ། །དེ་དག་ཤུ་རམ་གའི་འགྲེལ་པར་འབྱུང་ལ། དེ་ཉིད་ཀུན་སྤྱོད་དུ། མེ་ལོང་ལ་སོགས་རྣམ་པ་བཞི། །པདྨའི་འདབ་གནས་རྣལ་འབྱོར་མ། །མཁའ་འགྲོ་མ་སོགས་པདྨར་གནས། །མཱ་མ་ཀཱི་སོགས་བཟང་མོ་ཡིན། །ཐོད་པའི་དུམ་བུ་སོགས་འཁོར་གསུམ། །ཉི་ཤུ་རྩ་བཞི་གཉིས་མེད་ཡིན། །སེམས་ཅན་འཁོར་བ་ལས་སྒྲོལ་བས། །དཔའ་བོ་ཉིད་ནི་ཡིན་པར་བཤད། །ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་འདུལ་བའི་ཐབས་ཅན་གྱིས། །སེམས་ཅན་དོན་ལ་བརྩོན་པར་མཛད། །གསང་བའི་གནས་ཀྱི་རྣམ་གནས་པ། །རབ་ཏུ་འབད་དེ་སྦར་བར་བྱ། །ཞེས་སོ། །སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པར། དུར་ཁྲོད་བརྒྱད་ནི་སངས་རྒྱས་ཀྱི་ཞིང་ཁམས། ཤིང་བརྒྱད་བྱང་ཆུབ་ཀྱི་ཤིང་བརྒྱད་དང་། ཀླུ་བརྒྱད་ཡོན་གྱི་བདག་པོ་བརྒྱད་དང་། ཕྱོགས་སྐྱོང་བརྒྱད་རྣམ་པར་གཟིགས་པ་ནས་བྱམས་པའི་བར་གྱི་སངས་རྒྱས་བརྒྱད་དང་། ཕོ་ཉ་བརྒྱད་ཉན་ཐོས་བརྒྱད་དང་། སྤྲིན་བརྒྱད་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་རང་རྒྱལ་བརྒྱད། ཚིག་པ་དང་མ་ཚིག་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་བརྒྱད་དེ། དེ་ལྟར་ན་རྣམ་པར་གཟིགས་ལ་སོགས་པའི་མཚན་ཉིད་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་བརྒྱད་ཀྱིས་མཐའ་བསྐོར་བའི་དབུས་ན་འཁོར་ལོ་བདེ་མཆོག་བཞུགས་པ་ནི་བསྟན་པའི་སྙིང་པོ་མངོན་སུམ་གྱི་ལམ་ཡིན་པས་ས་བཅུ་གཅིག་པ་ལ་ཐམས་ཅད་ཀྱང་མངོན་སུམ་གྱི་ལམ་འཁོར་ལོ་བདེ་མཆོག་ཏུ་སངས་རྒྱས་སོ་ཞེས་བྱ་བའི་དོན་ཡིན་ནོ་ཞེས་བཤད་པར་བྱེད། དེ་དག་གི་དག་པ་ནི། ཀུན་སྤྱོད་དུ། དེ་ནས་ཕ་རོལ་ཕྱིན་དྲུག་དང་། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །གནས་སོགས་ས་ནི་རྣམ་དག་པ། །ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི་དངོས་འགྱུར་ཏེ། །སྣ་ཚོགས་གཟུགས་ནི་ནོར་བུ་བཞིན། །འདི་ལ་ཇོ་བོ་ཨ་ཏི་ཤས། ཞལ་བཞི་རྣམ་པར་ཐར་པའི་སྒོ་བཞིའོ། །དུས་གསུམ་མཁྱེན་པས་སྤྱན་གསུམ་དང་། སྲེད་པའི་ཡན་ལག་བཅུ་གཉིས་དག་པ་ནི་ཕྱག་བཅུ་གཉིས་དང་། འཁོར་བ་དག་པས་ཞབས་གཡས་བརྐྱང་དང་། འདོད་ཆགས་དང་ཞེ་སྡང་དག་པས་མི་གནས་པའི་མྱ་ངན་ལས་འདས་པ་ནི་འཇིགས་བྱེད་དུས་མཚན། ཐབས་ཀྱིས་དགེ་བའི་ཆོས་མཐའ་དག་སྡུད་པས་རྡོ་རྗེ། ཤེས་རབ་ཀྱིས་དེའི་མི་མཐུན་ཕྱོགས་གཅོད་པས་དྲིལ་བུ། ཐབས་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱེད་པས་གླང་ལྤགས། ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པའི་ཕྱིར་སྐྱེ་བ་མེད་ལ། གང་དེ་མ་ཡིན་པར་རྟོག་པ་ལ་སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པ་ཌཱ་མ་རུ། རྟོག་པ་གཅོད་པས་དགྲ་སྟ། ང་རྒྱལ་སེར་སྣ་སྐྱོན་དྲུག་གཅོད་པས་གྲི་གུག ཉོན་མོངས་པ་གསུམ་བཅོམ་ནས་བཟོད་པ་གསུམ་དང་ལྡན་པས་རྩེ་གསུམ། གཉིས་མེད་སྡུག་བསྔལ་རྟོག་པས་ཤེས་རབ་དང་དེས་ལུས་ངག་ཡིད་གསུམ་དག་པས་ཞགས་པ། ཁ་ཊྶཱཾ་རྒྱུ་ཀུན་འབྱུང་འབྲས་བུ་སྡུག་བསྔལ་གཉིས་དང་བྲལ་འདོད་སྙིང་རྗེ་གཉིས་ཐོད་ཁྲག དེ་གཉིས་རྒྱུད་ལ་སྐྱེས་ཀྱང་རློམ་པ་མེད་པས་ཚངས་མགོ འདོད་ཆགས་ལ་དགའ་བ་ཉིད་ལ་འཛུད་པས་རལ་པ། དྲག་པོ་ལ་སོགས་པས་མི་ཐུབ་པས་ཅོད་པན། རིགས་ལྔའི་རྒྱན་དང་ལྡན་པས་ཐོད་འཕྲེང་། བྱང་སེམས་དེས་འཕངས་པའི་ལས་སྣ་ཚོགས་མཚོན་པ་ཟླ་ཕྱེད་དང་སྣ་ཚོགས་རྡོ་རྗེ། མ་རུངས་པ་སྐྲག་པར་མཛད་པས་ཞལ་རྣམ་པར་འགྱུར་བ། མ་རུངས་པ་དང་ཉོན་མོངས་པ་འཇོམས་པས་མཆེ་བ་གཙིགས་པ། སྒེག་པ་ནི་ཕྱག་གཉིས་ཤེས་རབ་ལ་འཁྱུད་དེ་འགྱིང་བག་དང་བཅས་པའོ། །དེ་ནི་ཐབས་ཤེས་མི་ཕྱེད་པའི་བརྡའོ། །གཡས་བརྐྱང་གིས་སྒྲིབ་གཉིས་དམན་པའི་མྱང་འདས་གཉིས་ལས་རྒྱལ་བ་ནི་དཔའ་བའོ། །ལོག་པར་ལྟ་བ་ལ་མ་རངས་པས་བཞིན་མི་སྡུག་པ་དང་ངོ་ཚ་མེད་པའི་འདུག་སྟངས་ཀྱིས་མི་སྡུག་པའོ། །རྔམ་པའི་སྒྲས་འགྲོ་བ་འདུལ་བ་རྒོད་པ། སྨིན་མ་གཉེར་ལ་མཆེ་བ་གཙིགས་པ་ལ་སོགས་པས་ཉོན་མོངས་པ་སྐྲག་པར་མཛད་པས་ཁྲོ་བ། མི་སྡུག་པ་དང་མ་རུངས་པའི་ཐོད་པའི་འཕྲེང་བ་དང་སྟག་ལྤགས་སོགས་འཇིགས་སུ་རུང་བ། དེ་ནི་ཤེས་རབ་ཀྱིས་དངོས་པོར་རྟོག་པ་གཅོད་པའི་ཕྱིར་རོ། །འཇིགས་བྱེད་དང་དུས་མཚན་མནན་པས་སྙིང་རྗེ་བ། འགལ་བའི་ཆོས་དང་ལྡན་པས་རྔམ་པ་སྟེ། འདོད་ཆགས་ཀྱིས་འཁྱུད་ལ་ཞེ་སྡང་གིས་མཚོན་བསྣམས་པས་སོ། །སྐུ་དྲང་བ་དང་དང་བ་དང་སྣུམ་པ་དང་བརྟགས་ན་ཞི་བ་སྟེ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ། །བྱམས་པའི་ཐུགས་དང་ཆོས་ཉིད་མི་འགྱུར་བས་སྐུ་མདོག་མཐིང་ཁ། རྣམ་རྟོག་བཅོམ་པས་སྟག་ལྤགས། འཇིག་རྟེན་པའི་སེམས་རྣམས་བཅོམ་པས་ཐོད་རློན་གྱི་འཕྲེང་བ། ཕར་ཕྱིན་དྲུག་གི་ཕྱག་རྒྱ་དྲུག གཅེར་བུ་ཐབས་ཤེས་གཉིས་མེད་དེ་སྒྲིབ་པ་ལ་སོགས་པའི་ངོ་བོར་མི་གནས་པའོ། །ཞེས་གཙོ་བོའི་དག་པ་དང་། སྟོང་པ་ཉིད་ལ་ཡེ་ཤེས་སྦྱོར་འཇུག་པས་སྐུ་མདོག་དམར་པོ། ཆོས་ཐམས་ཅད་དོན་དམ་བདེན་པར་རོ་གཅིག་པས་ཞལ་གཅིག ཤེས་རབ་ཀྱི་དབང་དུ་བྱས་པས་ཕྱག་གཉིས། ཆོས་ཀྱི་དབྱིངས་ལ་ཡེ་ཤེས་སྐྱེར་འཇུག་པས་སྐྲ་གྲོལ་བ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པས་དུམ་བུའི་སྐ་རགས་སོ། །སྙིང་རྗེ་དང་སྟོང་པ་མཚོན་པའི་ཕྱིར་ཐོད་ཁྲག སྤྲོས་པ་སྡིགས་མཛུབ། སྤྲོས་པ་གཅོད་པས་གྲི་གུག སྟོང་པ་ཉིད་ཀྱི་དངོས་པོ་ཐམས་ཅད་སྲེག་པས་བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་དང་ལྡན་པ། འཁོར་བ་བཅོམ་ཞིང་སྤངས་པས་ཁྲག་ལ་དགྱེས་པས་འཛག་པ། ཐབས་ཤེས་རབ་མཉམ་པའི་བསམ་གཏན་དང་ལྡན་པས་བྱིན་པ་གཉིས་ཀྱིས་འཁྱུད་པ་བདེ་བ་ཆེན་པོའོ། །ཧེ་རུ་ཀ་དང་ཕག་མོ་ཁ་སྦྱར་དུ་བཞུགས་པ་ནི་འདོད་ཆགས་དང་ཞེ་སྡང་ཕན་ཚུན་ཁྲོས་པའོ། །ཀུན་སྤྱོད་ལས། ལུས་དྲན་པ་ཉེ་བར་བཞག་པ་མཁའ་འགྲོའོ་ཞེས་སོགས་ཀྱི་དོན་ནི། དེས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལྷ་དང་སྦྱར་བ་ནི་དཔལ་ཧེ་རུ་ཀའི་ལྷ་རྣམས་ཆོས་ཀྱི་སྐུའི་རང་བཞིན་དུ་བསྟན་པ་དང་། དེར་ཞེན་པ་བཟློག་པ་དང་། སྒྱུ་མ་དང་སྟོང་པ་གཉིས་མེད་མཚོན་པ་དང་། ཅིག་ཅར་ལམ་དུ་བྱས་པས་ཐེག་པའི་ཁྱད་པར་རོ། །རྣལ་འབྱོར་པས་ཕུང་པོ་ལྔ་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས། དེའི་དོན་མ་བརྗེད་པ་ནི་དྲན་པ་ཉེ་བར་བཞག་པ་སྟེ། ལུས་ཚོར་ཆོས་སེམས་ཀྱི་དབྱེ་བས་སྙིང་པོའི་རྣལ་འབྱོར་མའོ། །ཤེས་རབ་དེ་ཏིང་ངེ་འཛིན་གྱི་གྲོགས་བྱས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་བརྩོན་སྤྱོད་པ་ཆོས་ཀྱི་དབྱེ་བས། རབ་གཏུམ་མོ་སོགས་བཞི། སྙིང་རྗེ་ཤེས་རབ་དབྱེར་མེད་པས་བྱང་ཆུབ་ཀྱི་སེམས་དེ་དབང་པོ་ལྔས་དབང་བྱས་པ་དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་དབྱེ་བས་བསྟན་པའི་བློ་གྲོས་མ་སོགས་ལྔའོ། །དབང་པོ་ལྔ་པོ་དེ་ཕུལ་དུ་ཕྱིན་པ་སྟོབས་ཏེ་དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་དབྱེ་བས་འཇིགས་བྱེད་ཆེན་མོ་སོགས་ལྔའོ། །དེ་མཐར་ཐུག་པའི་འབྲས་བུ་ཏིང་ངེ་འཛིན་རྩེ་གཅིག་པ་ཉིད་བྱང་ཆུབ་ཀྱི་རྒྱུའི་ཡན་ལག་ཡིན་པས་ལེ་ལོའི་སྐབས་མི་འབྱེད་པ་དང་། དགེ་བ་ཡོངས་སུ་འཛིན་པ་དང་། དེ་ལས་སེམས་ལས་སུ་རུང་བ་དང་། བདག་མེད་པའི་རང་བཞིན་ངེས་པར་འཛིན་པ་དང་། བརྗེད་པ་མེད་པ་དང་ཏིང་ངེ་འཛིན་དང་ལྷུན་གྱིས་གྲུབ་པ་སྟེ། ཏིང་ངེ་འཛིན་ནི། བརྩོན་འགྲུས། དགའ་བ། ཤིན་སྦྱངས། ཆོས་རྣམ་པར་འབྱེད་པ། དྲན་པ། བཏང་སྙོམས་ཀྱི་དབྱེ་བས་རྟ་སྣ་མ་ལ་སོགས་པ་བདུན་ནོ། །བྱང་ཆུབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་། བརྩམ་པ་མཐར་ཕྱིན་བྱེད་པ་དང་། རྫུན་དང་བྲལ་བ་དང་། དགེ་བ་བཅུ་བྱང་ཆུབ་སེམས་ལས་མི་འདའ་བར་རིགས་ཀྱི་སྤྱོད་པ་དང་། གཞན་ལ་ཐོ་འཚམ་པ་མེད་པར་འཚོ་བ་དང་། བྱང་སེམས་ལ་རྩོལ་བ་དང་སངས་རྒྱས་ཀྱི་རྗེས་སུ་དྲན་པ་དང་། དཔལ་ཧེ་རུ་ཀ་ཟུང་འཇུག་གི་སྐུ་ལ་དམིགས་པ་ཏིང་ངེ་འཛིན་ནི་འཕགས་པའི་ལམ་ཡིན་པས། ཡང་དག་པའི་ལྟ་བ། རྟོགས་པ། ངག་དང་། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན་གྱི་དབྱེ་བས་སྟོབས་ཆེན་མ་སོགས་བདུན་ཕྱི་མ་ཧེ་རུ་ཀའོ། །དྲན་པ་ཉེར་བཞག་ཤེས་རབ་དེ་བརྩོན་འགྲུས་ཀྱི་གྲོགས་བྱས་པས་དགེ་བའི་ཆོས་མ་སྐྱེས་པ་སྐྱེ། སྐྱེས་པ་བསྲུང་། མི་དགེ་བའི་ཆོས་སྐྱེས་པ་སྤོང་། མ་སྐྱེས་པ་མི་སྐྱེ། དེ་ནི་མཚམས་མ་བཞིའོ། ཁ་སྦྱོར་ཀུན་སྤྱོད་གཉིས་ཀར། ཡང་དག་སྤོང་བའི་མཐར་བཤད་པ་ནི་དྲན་པ་ཉེར་བཞག་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དེ་ཐམས་ཅད་ལ་སྤངས་ཐོབ་གཉིས་གཉིས་ཡོད་ཅེས་གོ་བར་བྱ་བའི་ཕྱིར་དང་མཚམས་མ་དག་ཀྱང་གཟུགས་གཉིས་མར་གོ་བའི་ཆེད་དུའོ། །ཀུན་སྤྱོད་དུ། སེན་མོ་དང་། སོ་ལ་ནི་ཐོད་པའི་དུམ་བུའོ། །ཞེས་སོགས་མི་ཕྱེད་མ་ལ་སོགས་པའི་རྩ་ནས་འབབ་པའི་ཁམས་ཇི་སྐད་བཤད་པ། སྐྲ་དང་སྤུ། པགས་པ་དང་། དྲི། ཤ རུས་པ། རྒྱུས་པ། མཁལ་མ། སྙིང་། མིག མཁྲིས་པ། གློ་བ། རྒྱུ་མ། གཉེ་མ། ལྟེ་བ། བཤང་བ། འཚོགས་མ། བད་ཀན། རྣག ཁྲག རྡུལ། ཚིལ། མཆི་མ། སྣབས། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞིར་བཤད་དོ། །གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཡེ་ཤེས་ཀྱི་ཕུང་པོ་དྲུག་དཔའ་བོའི་གོ་ཆའི་ལྷ། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་དཔའ་མོའི་གོ་ཆ། དབང་པོ་དྲུག་དང་ཡུལ་དྲུག་གི་དེའི་སྐྱེ་མཆེད་ཀྱི་ལྷའི་དག་པར་ཤེས་པར་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་ཧེ་རུ་ཀའི་དག་པར་འཇོག་པའི་རྒྱུ་མཚན་ལ། ཤྲདྡྷཱ་ཀ་རས། བཅོམ་ལྡན་འདས་རྗེ་བཙུན་དཔལ་ཧེ་རུ་ཀའི་རྣམ་པར་དག་པ་གསུངས་པ་ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་དག་པའི་རང་བཞིན་ཅན་ནོ། །ཡང་དག་པ་ནི་ཕྱིན་ཅི་མ་ལོག་པ་སྟེ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །སེམས་སོ་སོར་རིག་པ་ལ་སོགས་པ་ཟླ་བ་དང་རྡོ་རྗེའི་རྣམ་པ་དང་། རིགས་ལྔ་དང་། ཕུང་པོ་གཅིག་གི་རྣམ་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་དེ་ཉིད་ནི་མོས་པར་སྤྱོད་པའི་ས་ཡིན་ལ། མོས་པ་ནི་ལྷག་པར་མོས་པ་སྟེ། ཁྱད་པར་ཅན་གྱི་ལྷའི་རྣམ་པ་བསྒོམ་པའི་བྱང་ཆུབ་ཀྱི་ཕྱོགས་མ་ལུས་པ་རོ་གཅིག་པའི་བདག་ཉིད་ཅན་གྱི་སྤྱོད་པ་ནི་མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏེ། ཞེས་གསུངས་སོ། །གཞན་དེས། ཞལ་བཞི་དགའ་བ་བཞི། ཌཱ་མ་རུ། དགྲ་སྟ། གྲི་གུག རྩེ་གསུམ། ཁ་ཊྶཱཾ། དྲིལ་བུ། རྡོ་རྗེ། ཐོད་ཁྲག ཞགས་པ། རྡོ་རྗེ་ཕག་མོ་དེའི་ཕྱག་མཚན་བསྡོམས་པ་རྣམས་ཕར་ཕྱིན་བཅུ་དང་ས་བཅུར་དང་། ཚངས་མགོ་ཕུང་པོའི་བདུད། འཇིགས་བྱེད་ཉོན་མོངས་པའི་བདུད། དུས་མཚན་མ་འཆི་བདག་གི་བདུད། གླང་པོ་ཆེའི་པགས་པ་ལྷའི་བུའི་བདུད་དེ་བཞི་བཅོམ་པ་དང་། འདི་རྡོ་རྗེའི་ས་དང་སྟག་ལྤགས་ཞི་བ་ཁྲོ་བ། མེ་ཏོག་གི་ཆུན་འཕྱང་དང་འདྲ་བའི་མགོ་བོའི་འཕྲེང་བ་གཉིས་རྡོ་རྗེ་ལས་དང་པདྨའི་ཕར་ཕྱིན་ཏེ་འོད་བྱེད་དང་ཡེ་ཤེས་ལྡན། དེ་ཁོ་ན་ཉིད་ཡོངས་སུ་རྫོགས་པ་རལ་པ་དང་ཅོད་པན་ཏེ། ཟབ་པ་དང་རྒྱ་ཆེ་བའི་སྐྲ་ལན་བུ་གཉིས་བཅུས་པའི་ཉིས་བསྒྲིལ་དང་། སྤྱི་བོར་སྣ་ཚོགས་རྡོ་རྗེ་རིགས་ལྔ་ཅན་གྱི་རྒྱན་དང་། ཡེ་ཤེས་ལྔའི་བདག་ཉིད་ཐོད་པ་སོར་ལྔ་པའི་ཚད་ལྔས་སྤྲས་པ་དང་། གཡོན་གྱི་ཆར་ཡེ་ཤེས་ཀྱི་འོད་གསལ་བ་ཟླ་ཕྱེད་ཁམས་གསུམ་པོ་རོ་གཅིག་པའི་བདག་ཉིད་མི་བསྐྱོད་པའི་དབང་ཕྱུག་དང་མཚུངས་པར་ཆགས་པའི་འཁོར་ལོར་རྒྱས་བཏབ། རྣ་རྒྱན་ལ་སོགས་པ་སྔར་བཤད་ཟིན་ལ། དེ་ལྟར་སྐད་ཅིག་མ་བཅུ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་དང་དབང་ཕྱུག་ལ་སོགས་པ་དྲུག་གི་ཆོས་ཀྱི་རང་བཞིན་ཅན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་བདུད་བཞིའི་འདུལ་བར་མཛད་པ་བདེ་བ་ཆེན་པོའི་ཡེ་ཤེས་རོ་གཅིག་པ་འགྲིབ་པ་མེད་པ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་རྡོ་རྗེ་འཆང་གི་ས་སྟེ་བཅུ་གསུམ་པ་རྣམ་པར་དག་པ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས། ལྭ་བ་པས་དགའ་བ་བཞིས་ཞལ་བཞི། སྟོང་པ་ཉིད་དུ་གཅིག་པས་ཡུམ་ཞལ་གཅིག སྤྱན་སྲིད་གསུམ། ཆོས་ཐམས་ཅད་བེམ་པོ་ལས་བཟློག་པས་རལ་པ། སྣ་ཚོགས་པའི་སེམས་ཅན་གྱི་དོན་མཛད་པས་སྣ་ཚོགས་རྡོ་རྗེ། ཟླ་བ་དོན་དམ་བྱང་སེམས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཕྱག ཡུལ་དང་དབང་པོ་གཉིས་སུ་མེད་པས་ཕྱག་མཚན། དེ་ཡང་བྱང་སེམས་རྡོ་རྗེ། ཤེས་རབ་དྲིལ་བུ། སྐུ་གསུམ་རྩེ་གསུམ། གཏི་མུག་དང་བྲལ་བས་གླང་ལྤགས། ཞེ་སྡང་གཅོད་པས་དགྲ་སྟ། སྒོ་གསུམ་གྱི་ཉེས་པ་འཆིང་བས་ཞགས་པ། མི་མཐུན་པའི་ཕྱོགས་བཅད་དེ་སེམས་ཅན་གྱི་དོན་བྱེད་པས་གྲི་གུག མགོ་བོ་ཚངས་པའི་གནས་བཞི། ཁ་ཊྶཱཾ་སྟོང་པ། ཅང་ཏེའུ་ཐབས། ཐོད་པ་ནམ་མཁའ། དེ་ཁྲག་གིས་གང་བ་སྙིང་རྗེ་འཐུང་བ་དངོས་གྲུབ་ཀྱི་རྒྱུ་དང་། མཆེ་བཞི་བདུད་བཞི་འཇོམས་པ། ཚེམས་ཀྱི་འཕྲེང་བ་གཉིས་རྟག་ཏུ་སྙིང་རྗེའི་རོས་གང་བ། སྟོང་ཉིད་དག་པ་སྡིགས་མཛུབ་ཏུ་གསུངས་སོ། །དྲིལ་བུ་པས། རྣམ་པར་ཐར་བཞི་དུས་གསུམ་བདུད་བཞི་རྟེན་འབྲེལ་བཅུ་གཉིས་བདེན་གཉིས་སོགས། དེ་བཞིན་ཡེ་ཤེས་ལྔ་ཡི་བདག་ཉིད། ཅེས་གསུངས་སོ། །དགྱེས་པ་རྡོ་རྗེའི་འབུམ་ལྔར། བདེན་དོན་རྣམ་པ་བཅུ་གཉིས་པ། །བཅུ་གཉིས་ཕྱག་ནི་ཧེ་རུ་ཀ །ཡན་ལག་བཅུ་གཉིས་འགོག་པས་སོ། །གནས་སྐབས་ལས་ནི་ཞལ་བཞི་པའོ། །ཞེས་སོ། །སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པར། གཡས་ཞལ་ཚངས་པ་འདུལ་བས་བཞད་པ་དང་། །རྒྱབ་ཞལ་ཚོགས་བདག་འདུལ་བས་མཆེ་བ་གཙིགས་པས་མཉེ་བ་དང་། ཞལ་གཡོན་པས་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཛིན་འདུལ་བས་ཚངས་པའི་མགོ་བོ་ཞལ་ལ་སྟོབ་ཅིང་རྔམ་པའོ། །ཞལ་མདུན་མ་ནི་སྒེག་པའི་ཉམས་ཅན་ཞེས་བཤད་དོ། །རྩ་བའི་རྒྱུད་ཉིད་དུ། དཀྱིལ་འཁོར་བསྟན་ཚུལ་དངོས་ཟིན་བརྗོད་ན། ཕག་མོ་ཡི་ནི་རིགས་ལས་བྱུང་། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་དང་། །འཁོར་ལོའི་དབུས་སུ་མཆོད་པར་བྱ། །ཞེས་པས་བཅུ་གསུམ་མ་བསྟན། མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཞེས་གཞན་ནས་བཅོམ་ལྡན་འདས་འཁོར་མཁའ་འགྲོ་སོ་གཉིས། དེ་སོ་སོས་གཙོ་བོ་བྱས་པ། དེ་བཞིན་འདིར་ནི་དཔའ་བོ་ཡང་དཔའ་བོ་རྐྱང་པས་བསྐོར་བ་འཐོན་ཏེ། འབུམ་ལྔར། གང་དུ་ཐབས་ནི་ལེགས་གནས་ཤིང་། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ། །བྱིས་པ་རྣམས་ལ་བདག་གིས་བསྟན། །གང་དུ་ཐབས་ནི་འཕོ་བྱེད་ཅིང་། །ཤེས་རབ་ཡང་དག་གནས་གྱུར་པ། །ཐབས་ཀྱི་རྒྱུད་ཉིད་དུ་ནི་བཤད། །འདིས་འགྲེལ་པར་ཀཱ་རྡོ་རྗེ་ལ་སོགས་པའི་རྒྱུད་སུམ་ཅུ་རྩ་དྲུག དེ་ལ་གཙོ་བོ་དང་ལྷན་ཅིག་སྤྱོད་པའི་རྒྱུད་གཅིག་སོ་བདུན་ཐབས་ཤེས་ཀྱིས་དབྱེ་བས་ཚར་གཉིས་བཤད་པའི་རྒྱས་བཤད་དོ། །སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད། །གཉིས་མེད་དཔའ་བོ་མཆོད་པར་བྱ། །ཞེས་བྱ་བ་ནི་རིགས་བསྡུས་པ་འཁོར་ལོ་ལྔའི་བདག་ཉིད་དང་། ཡང་ཧེ་རུ་ཀ་མངོན་འབྱུང་སོགས་ཀྱིས་བཀྲལ་བའི་རིགས་སོ་སོ་བའི་དཀྱིལ་འཁོར་བཤད་ལ། ཧེ་རུ་ཀ་དེའི་ཞལ་ཕྱག་གི་རྣམ་གཞག་ནི་སུམ་ཅུ་རྩ་གཉིས་པར། ཕྱག་བཞི་པ་དང་ཞལ་བཞི་པ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་པས་མཐའ་གཅིག་ཏུ་ངེས་པ་མ་ཡིན་ནོ། །བཞི་པ་དཀྱིལ་འཁོར་གྱི་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། མཆོག་གཟིགས་གཉིས་ཀྱི་ལུགས་རྒྱས་པ་ལ། སློབ་མ་བརྟག་གཟུངས་བསྙེན་པ་དབང་བསྐུར་བཞི། ཕྱི་མ་ལ་ས་ཆོག་སྟ་གོན། དངོས་བཞི། གཏང་རག་ཅེས་བཞིར་གསུངས། རེ་རེའང་ནང་གསེས་མང་ཀྱང་གཞན་དུ་བཤད་དོ། །འོན་ཀྱང་ཕྱག་བཞེས་འབྲིང་དུ་མཛད་པའི་དཀྱིལ་འཁོར་གྱི་ལས་རིམ་སྟེ། གསོལ་བ་གདབ་དང་བསྙེན་པ་དང་། །ས་དང་སྟ་གོན་ཐིག་དང་ཚོན། །དཀྱིལ་འཁོར་བསྒྲུབ་དང་མཆོད་པ་དང་། །ཞེས་པས་དགུ་སྟེ། དང་པོ་ནི། སྡོམ་འབྱུང་དུ། འདི་ལྟར། འགའ་ཞིག་གསོལ་བ་འདེབས་པའམ། །རང་ཉིད་བསོད་ནམས་འདོད་པ་ཡི། །ཞེས་གསུངས་ལ། ཇི་ལྟར་གསོལ་བ་གདབ་པ། རྡོ་རྗེ་མཁའ་འགྲོར། སྔར་བསྟན་མཚན་ཉིད་ལྡན་པ་དང་། །ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས། །སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དངོས་པོ་ཀུན་གྱིས་གསོལ་བ་གདབ། །ཅེས་པས། སྔགས་ལ་གཞོལ་བའི་སྒྲུབ་པ་པོས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་དང་། བསམ་གཏན་ལ་གཞོལ་བའི་སྒྲུབ་པ་པོས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་མཆོག་གི་དངོས་གྲུབ་བསྒྲུབ་པའི་བསམ་པ་བཅངས་ཏེ། དབང་བསྐུར་བ་ཞུ་བའི་ཕྱིར་གསོལ་བ་གདབ་བོ། །དེ་ལྟར་གསོལ་བ་གདབ་པ་དེ་ལ། དེར། བླ་མས་སྨྲ་བྱ་སྟེ། ཡོ་བྱད་ཐམས་ཅད་འབྱོར་རམ་ཅི། །ལན་ལ། ཅུང་ཟད་ཅིག་ནི་འབྱོར་གྱུར་ལ། །ཁ་ཅིག་དག་ནི་མ་འབྱོར་ཞེས། །སྨྲ་ན་སློབ་དཔོན་བདག་ཉིད་ཆེས། །དེ་ཡི་སེམས་ནི་བརྟག་པར་བྱ། །བརྟན་པ་ལས་ནི་བརྟན་པར་ཏེ། །གཡོ་བ་ལས་ནི་གཡོ་བ་རུ། །འདྲེས་མ་ལས་ནི་འདྲེས་མར་ཤེས་ཏེ་གུས་པ་ཤིན་ཏུ་ཞན་ནའང་གཞུག་པ་ཙམ་ནི་སྦྱིན་ཏེ་དཀྱིལ་འཁོར་མཐོང་བས་དེའི་སྡིག་པ་བསྲབས་པར་འགྱུར་བས་སོ། །འདིར་དེ་ལྟར་གསོལ་བ་བཏབ་ནས་སློབ་མ་བསྲུང་བ་གསུངས་ཏེ། གཞུ་འདྲའི་རླུང་གི་དཀྱིལ་འཁོར་བསམ་སོགས་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་བྱས་པའི་འོག་ཏུ། བསྒྲུབ་བྱ་ལྷ་གཟུགས་བསྐྱེད་ནས་སུ། །བསྲུང་བ་དག་ནི་དགོད་པར་བྱ། །ཞེས་སོ། །གཉིས་པ་བསྙེན་པ་ནི། སྡོམ་འབྱུང་དུ། དང་པོར་རང་ལྷའི་བདག་ཉིད་ཀྱི། །དཀྱིལ་འཁོར་ལ་གནས་བསྙེན་པ་བྱ། །ཞེས་གསུངས་པ། རྡོ་རྗེ་མཁའ་འགྲོར། དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ། །བརྟག་པ་རུ་ནི་སུ་ཡིས་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡི། །དཀྱིལ་འཁོར་དག་ནི་བརྟགས་ན་འགྲུབ། །འདིར་དཀྱིལ་འཁོར་མང་པོའི་དབང་བསྐུར་ནའང་སོ་སོའི་བསྙེན་པ་མི་ཐུབ། རང་གི་ལྷག་པའི་ལྷ་གང་ཡིན་པ་དེ་ལ་བསྙེན་པ་སོང་ན་དེས་ཆོག་པར་བཤད་དེ། ལྷ་ཐམས་ཅད་རྣམ་པ་ཐ་དད་ཀྱང་ངོ་བོ་མི་ཕྱེད་པའི་ཕྱིར་རོ། །མེ་ཏོག་ཕོག་པ་དེ་ལྷག་པའི་ལྷའོ། །གསུམ་པ་ས་ཆོག་ནི། དེར་ནི་ལྕི་བ་མ་ལྷུང་བས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག །དེར་ཚོམ་བུ་བྱས་ལ་བསླང་ཞེས་པའི་དོན། རྡོ་རྗེ་མཁའ་འགྲོར། ལམ་གྱི་ས་བོན་ལས་བྱུང་བའི། །དང་། རྒྱན་གྱིས་རྣམ་པར་ཀླུབས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །འོད་ཟེར་སེར་པོས་ཀུན་ཏུ་འགྱུར། །ས་ཡི་ལྷ་མོ་ལག་པ་ན། །གསེར་གྱི་བུམ་པ་ཐོགས་པ་ནི། །ལུས་ཕྱེད་ས་ལ་གནས་པར་བལྟས་ཏེ་ལག་པ་གཡས་པ་ས་ལ་རེག་ནས་བསྐུལ་བར་བྱ། ཞེས་སོ། །དེ་ཡང་ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་ཞིང་བསྲུང་བ་སྟེ་བཞིའི་དང་པོ། གང་དུ་བརྩམ་པའི་ཕྱོགས་བརྟག་པ། སྡོམ་འབྱུང་དུ། སྔོན་དུ་བསྙེན་པའི་དབང་བྱས་ནས། །དེར་ནི་གཏོར་མ་སྦྱིན་པར་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོར། གྲོང་དང་དུར་ཁྲོད་ཚོང་འདུས་དང་། །ཚལ་དང་ལྷ་ཁང་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །ལྟོ་འཕྱེ་དེ་དག་ལ་ནི་དེར། །ལྟོ་འཕྱེ་ལྟོ་བར་བརྐོ་བ་དང་། །ཞེས་གསུངས་ལ། དེ་ནི་ཁྲུམས་ནས་བརྩམས་པའི་ཟླ་བ་གསུམ་གསུམ་ལ་གོ་རིམ་བཞིན་ཤར་ལྷོ་ནུབ་བྱང་དུ་དེའི་མགོ་བསྟན། གདོང་ལྷོ་ལ་སོགས་པར་ཕྱོགས་པས་ས་གཞི་དེའི་ནང་དུ་ས་བདག་ཀླུ་གནས་སོ་ཞེས་གྲགས་པས། གང་དུ་བྱེད་པའི་དཀྱིལ་བཙལ་ཏེ་དེའི་ལྟོ་བ་ནས་བརྐོ་བར་བྱའོ། །སའི་པྲ་བརྟག་པ་ནི། པུས་མོ་ཆུ་སོ་ལྟེ་བའི་བར། །བརྐོས་ལ་ཕུག་མ་རྡོ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་དང་། །ཚེར་མ་ལ་སོགས་བསལ་ལ་བཅག །ཕྱི་ནས་མཐོ་གང་ཙམ་དུ་བརྐོ། །དེ་ནི་ཆུ་ཡིས་རབ་བཀང་ལ། །ཤར་དུ་བལྟས་ཏེ་གོམ་བརྒྱར་འགྲོ། །སླར་ལོག་ནས་ནི་བརྟག་པར་བྱ། །ཆུ་ཡིས་གང་བར་གནས་ན་ཤིས། །བསྐམས་ན་སྔགས་པས་སྤང་བར་བྱ། །སྔོན་དུ་འབྲུ་ལ་སོགས་པ་གཞུག །ཅེས་སོ། །སྦྱང་བ་ནི། དུར་ཁྲོད་ཐལ་བར་ལྡན་པ་དང་། །ཞེས་པ། སྡོམ་འབྱུང་དུ། རང་གི་སེམས་ནི་ཡོངས་དག་ན། །དེ་ཉིད་ཀྱིས་ནི་ས་དག་འགྱུར། །ཞེས་པས་བསྟན་ལ། གཞན་རྡོ་རྗེ་མཁའ་འགྲོར། ཁང་བཟང་རྡོ་ལེབ་ཤིང་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅགས། །བ་གླང་ལྷས་དང་རྒྱ་མཚོའི་འགྲམ། །ལག་པ་ས་ལ་བཞག་ནས་སུ། །རང་གི་སྙིང་པོ་བརྒྱ་བརྒྱར་བཟླས། །ཞེས་གསུངས། སྡོམ་འབྱུང་དུ་ཡང་། ལག་པ་རེག་ནས་ཧཱུྃ་ཡིག་གི །སྔགས་བཟླས་པས་ནི་ས་སྦྱང་བྱ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆའི། །ཉིས་འགྱུར་ས་ནི་སྦྱང་བར་བྱ། །ཞེས་གདམ་ཁ། གཟུང་བ་དང་བསྲུང་བ་ནི། ཐོད་པས་སྤྱི་བོར་བརྒྱན་བྱས་ཤིང་། །ནས། བདག་ཉིད་དེ་ལྟར་གོ་བགོས་ནས། །ཞེས་པའི་བར་གྱིས་རྒྱན་དང་ནང་གི་རྣལ་འབྱོར་དེ་བསྡུ་བར་བཤད་ལ། སྡོམ་འབྱུང་ལས། སློབ་དཔོན་སངས་རྒྱས་ཀུན་རང་བཞིན། །ལྷ་ཡི་སྐུ་ཡི་བདག་ཉིད་ཅན། །དཔའ་བོ་རྡོ་རྗེ་དྲིལ་འཆང་བ། །མཁའ་འགྲོར་བཅས་ལ་གསོལ་བ་གདབ། །བློ་ལྡན་རྡོ་རྗེ་གསོར་བྱེད་ཅིང་། །དྲིལ་བུ་འཁྲོལ་བར་བརྩོན་པ་ཡིས། །ལྷ་དང་ལྷ་མིན་གསང་བ་ལ། །རབ་ཏུ་གདུག་པའི་བགེགས་ཚོགས་བསྐྲད། །འདིར་གར་ནི་བཞི་བཅུ་རྩ་གཉིས་པར། སྔགས་ལ་གཞོལ་བའི། དབུགས་འབྱིན་བསྐུལ་དང་རྒོད་པ་དང་། །སྒེག་པའི་གར་ནི་ངོ་མཚར་བས། །སྣ་ཚོགས་གར་ནི་མདུན་བྱེད་ཅིང་། །ཕྱག་རྒྱ་སྔགས་ནི་རྗེས་དྲན་བྱ། །ཧ་ཧ་ཧེ་ཧེ་རྣམ་བརྒྱད་བཞད། །སྣ་ཚོགས་དབང་ཕྱུག་མཆོག་ཏུ་དགའ། །ཞེས་པས་བསྟན་ལ། ཀུན་སྤྱོད་དུ། ཡན་ལག་ཅན་དང་ཚིག་ཅན་དང་། །སྡུད་དང་དེ་བཞིན་སྙིང་སྟོབས་ཅན། །གར་གྱི་ཚུལ་ནི་བཞི་པའོ། །དེ་ཉིད་མཐོང་བས་ཤེས་པར་བྱ། །ཡན་ལག་ཅན་ནི་ལག་པ་དང་མིག་ལ་སོགས་པ་བསྒྱུར་བའོ། །ཚིག་ཅན་ནི་དྲུག་ལྡན་ལ་སོགས་པའི་གླུའོ། །སྡུད་པ་ནི་བགོ་བ་དང་རྒྱན་ནོ། །སྙིང་སྟོབས་ཅན་ནི་དཔའ་བ་དང་འཇིགས་སུ་རུང་བ་ལ་སོགས་པ་གར་གྱི་ཉམས་དགུའོ། །ཚུལ་ནི་སྟངས་ཀའོ། །དེ་ཡང་བསྡུ་ན་རྡོ་རྗེའི་འགྲོས་བྱས་ཏེ། གོམ་པ་བརྒྱད་བརྩམ་པ། གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དང་། མཉམ་པའི་དང་། ས་ག་དང་། ཟླུམ་པོ་དང་། གྱེན་དུ་འདེགས་པ་དང་། ཐུར་དུ་བསྐྱོད་པ་དང་། ཐད་ཀའི་ལོགས་སུ་བསྐྱོད་པ་ཞེས་མར་དོ་འཆད་ལ། རྗེ་ལོ་ཙཱ་བ་ཆེན་པོས། ཤར་དུ་གཡས་བརྐྱང་། ལྷོར་གཡོན་བརྐྱང་། ནུབ་ཏུ་ཟླུམ་པོ། བྱང་དུ་ས་ག ཤར་ལྷོར་མཉམ་པ། ལྷོ་ནུབ་ཏུ་མི་མཉམ་པ། ནུབ་བྱང་དུ་རུས་སྦལ། བྱང་ཤར་དུ་བུང་བའི་འཕུར་སྟངས་སུ་བཤད་པའི། དང་པོ་ནི། རྡོ་རྗེས་འགྲོས་བྱས། གཞི་བཅའ། དེ་ནས་གཡོན་པའི་བྱིན་པ་བསྐུམ། གཡས་པ་མཐོ་ལྔའི་བར་འགྱིང་བ་དང་བཅས་པས་དྲང་པོར་བཞག་པ་གཡས་བརྐྱང་བཟློག་པ་གཡོན་བརྐྱང་། སོར་མོ་ཉི་ཤུ་དྲུག་གི་རྒྱར་རྐང་སོར་ཕྱིར་བསྟན་པུས་མོ་གཉིས་དྲང་པོར་བྱས་པ་ས་ག དེ་ཁྲུ་དོ་པ་ངང་པའི་གཤོག་པ་ལྟར་བརྒྱངས་པ་ཟླུམ་པོ། གཡོན་པ་སྐྱིལ་ཀྲུང་གཡས་པའི་མཐིལ་ས་ལ་བཞག་པ་མཉམ་པ། བཟློག་པ་མི་མཉམ་པ། གཡས་པས་གཡོན་མནན་པ་རུས་སྦལ། གཡས་པ་དང་། གཡོན་པ་དག་ལ་ལུས་ཀུན་ནས་བསྐོར་བ་ནི་བུང་བའི་འཕུར་སྟངས་སོ། །རྡོ་རྗེ་མཁའ་འགྲོར། རྒྱལ་པོ་ཆེན་པོ་འགྱིང་བྱས་ལ། །དཀྱིལ་འཁོར་ས་ལ་ཧཱུྃ་ཞེས་བརྗོད། །རྡོ་རྗེའི་འགྲོས་ཀྱིས་ཀུན་ཏུ་སྤྱོད། །ཞེས་གསུངས་སོ། །བསམ་གཏན་ལ་གཞོལ་བས། ཀུན་སྤྱོད་དུ། སྡུད་པའི་ཚུལ་ཞེས་བྱ་བ་ནི། །རྣམ་པར་ཤེས་པ་ཡིན་པར་བཤད། །དེ་ལ་འབད་དེ་བྱ་བ་ནི། །བསྐལ་པ་བཟང་པོའི་གར་ཆེན་ཡིན། །གར་གྱི་གནས་སུ་གནས་པ་ཀུན། །རྒྱན་རྣམས་དེ་ནི་ཡིན་ཤེས་བྱ། །ཧེ་རུ་ཀའི་ང་རྒྱལ་བསྟན་པས་ཅི་བྱེད་ཐམས་ཅད་གར་རོ། །དེ་བས་ན་བླ་མ་རྣམས་གཡོན་བསྐོར་ལན་གསུམ་མཛད་པ་ནི་བཞི་བཅུ་རྩ་གཉིས་པར། བསམ་གཏན་གྱི་སྔགས་ལེགས་པར་སྦྱོར། གཙོ་མོ་རྣམས་དང་དཔའ་བོ་ནི། །སྤུ་ལྡང་བ་དང་ལྷན་ཅིག་བདེ། །རྡོ་རྗེ་འགོམ་པར་མི་བྱ་བར། །གཡོན་པས་ཡོངས་སུ་བརྟགས་པ་ཡིན། །ཞེས་སོ། །དེ་ལྟར་ས་གཟུང་ནས་བསྡུས་པ། ར་བ་རྣམས་ནི་ཕྱོགས་སུ་དགོད། །སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བཤད་ལ། རྒྱས་པར་ང་གཅིག་པའི་ཕུར་བུ་དྲ་ཞེས་པས་བསྟན་པ་དེ་ནི། རྡོ་རྗེ་མཁའ་འགྲོར། དེ་དབུས་ཁྲོ་བོ་ཆེན་པོ་ནི། །བསྐལ་པའི་མེ་ལྟར་འབར་བར་བསྒོམ། །དེ་ནས་ཁྭ་ཡི་གདོང་སོགས་ནི། །སྟེང་ནི་མཁའ་འགྲོའི་གཟུགས་ཅན་ལ། །ལྟེ་བ་མན་ཆད་རྩེ་གཅིག་པ། །རྡོ་རྗེ་ཡི་ནི་གཟུགས་སུ་སྤྲོ། །བགེགས་ཀྱི་ཚོགས་ལ་འོག་གཟིགས་པའི། །འགྱིང་བཅས་སྔགས་ནི་ཟློས་བཞིན་དུ། །དེ་རྣམས་སྙིང་གར་གདབ་པར་བྱ། །ཞེས་དང་། ཡང་། དེ་ནས་སྔར་བསྟན་ས་དབུས་སུ། །རྡོ་རྗེ་འཛིན་ཆེན་སྦྱོར་བ་ཡི། །བདག་ཉིད་ཉེ་བར་གནས་ནས་ནི། །ནམ་མཁའ་དང་ནི་མཚུངས་པར་བསྒོམ། །དོན་དམ་ལ་ནི་འདི་ལྟ་སྟེ། །འདི་ནི་གཟུང་བའི་དམ་པ་མཆོག །གང་ཞིག་བསྲུང་བའི་ཆོ་ག་ཀུན། །དེ་ཉིད་དུ་ནི་བརྟགས་པ་ཡིན། །དེ་ནས་རྡོ་རྗེ་འདི་ཡིས་ནི། །གཉིས་པ་རྡོ་རྗེའི་བལྟ་བ་དང་། །རྡོ་རྗེའི་རང་བཞིན་ས་རུ་བྱ། །ཞེས་སོ། །བཞི་པ་སྟ་གོན་ལ། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་གསུམ་ལས། དང་པོ་ནི། བདུད་རྩི་ལྔ་དང་བཅས་པ་ཡིས། །དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། །གནས་དེ་རུ་ནི་བསྒོམ་པ་ཡིས། །དུར་ཁྲོད་དུ་ནི་ཀུན་ཏུ་བརྟག །ཅེས་གསུངས། འདི་རྡོ་རྗེ་མཁའ་འགྲོར། བདུད་རྩི་ལྔས་ནི་ཀུན་ཏུ་བྱུག །དེ་བཞིན་གཤེགས་པའི་གནས་རྣམས་སུ། །ཙན་དན་སོགས་པས་གྲུ་བཞི་བྱ། །ཕལ་པ་ཡི་ནི་གནས་རྣམས་སུ། །སོར་མོས་ཟླུམ་པོར་བྱས་ནས་སུ། །ལྷ་མོའི་འཁོར་ལོ་ཆོ་ག་བཞིན། །མེ་ཏོག་སོགས་པས་མཆོད་པ་བྱ། །ཞེས་དང་། སྡོམ་འབྱུང་དུ། བཅོམ་ལྡན་ཁྲོ་མཆོག་རྡོ་རྗེ་ཅན། །དེ་བཞིན་གཤེགས་ལ་གསོལ་བ་གདབ། །ཅེས་གསུངས་པ་ནི་མཁྱེན་པར་གསོལ་བའོ། །བུམ་པ་སྟ་གོན་ནི། དེ་ནས་བུམ་པ་བྱ་བ་ནི། རྩ་བ་ནག་པོ་ལ་སོགས་མེད། །མུ་ཏིག་གསེར་དང་རིན་ཆེན་དང་། །བྱི་རུ་དངུལ་དང་ཟངས་མ་རྒྱུ་དང་ནང་རྫས་སྟེ། །བཟའ་བ་ཀུན་གྱིས་ལེགས་བཀང་བའི། །སྣོད་ནི་སྟེང་དུ་བཞག་པར་བྱ། །རྣམ་རྒྱལ་ཆེན་པོ་ཐོད་པ། མགྲིན་པ་སྲད་བུས་བཀྲི་བ་དང་། །ཁ་ནི་འདབ་མས་བརྒྱན་མཚན་ཉིད་པ་པར་བྱ། །གོས་ཟུང་གིས་ནི་ལེགས་དཀྲིས་རྒྱན་ནོ་ལ། ཞེས་པ་རྡོ་རྗེ་མཁའ་འགྲོར། དེ་ནས་རིན་ཆེན་གསེར་དང་དངུལ། །ཟངས་སམ་འཇིམ་པ་དག་ཀྱང་རུང་། །ཇི་ལྟར་སྦྱོར་བ་རྗེས་མཐུན་པར། །བུམ་པ་དག་ནི་བྱ་བ་སྟེ། །རྩ་བ་ནག་པོ་སོགས་འདི་མེད། །ལྟོ་ཡངས་བུམ་པ་བཟང་པོའི་དབྱིབས། །བྱ་གྲི་སེང་གྲི་སོགས་བུམ་སྨན་དང་། སྨན་གྱི་ཆུ་ཡིས་དགང་བར་བྱ། །ཞེས་དང་། དེ་ལྟར་དམ་ཚིག་ཆེན་པོ་ནི། །མེ་ཏོག་ཆུ་དང་ལྡན་པར་བྱ། །རྣམ་རྒྱལ་ཆེན་པོ་ཐོད་པའོ། །ཡང་། ཐམས་ཅད་རང་རང་མཚན་མ་དང་། །སོ་སོའི་སྔགས་ཀྱི་མངོན་པར་བཟླ། །མཚན་མ་རང་རང་མདོག་ཏུ་བྱ། །མགྲིན་པར་རས་ཟུང་གསར་པ་དཀྲི། །ཁ་ནི་ཤིང་ལོ་གསར་པས་དགང་། །ཀུ་ཤའི་ཆུན་པོ་འོག་ཏུ་བཏིངས། །ཁ་དོག་བཅོས་མའི་སྐུད་པས་བརྒྱན། །ལྷག་པར་གནས་ཤིང་མཆོད་བྱས་ནས། །ཞེས་དང་། མཻ་ཏྲི་པས། བཅུ་གསུམ་མམ། དགུའམ་ལྔ། མེད་ན་གཉིས་ཀྱང་རུང་སྟེ། དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་སྣ་ཚོགས་པདྨའི་ཁར་ཉི་མའི་དཀྱིལ་འཁོར་ལ་གྲི་གུག་བྲི་བར་བྱའོ། །ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་ཞེས་གསུངས། ལྷ་གྲངས་བཞིན་ཡོད་ན་རང་རང་གི་མཚན་མ་དགོད་པར་བྱའོ། །སྡོམ་འབྱུང་ལས། བུམ་པ་སྟ་གོན་གནས་ནས་སུ། །སངས་རྒྱས་འཇིག་རྟེན་མགོན་པོ་རྣམས། །ཞེས་གསོལ་བ་འདེབས་པ་གསུངས་སོ། །སློབ་མ་སྟ་གོན་ནི། །བདག་ཉིད་ཀུན་ནས་བསྒོ་ལ་ནི། །དྲི་ཡི་ཆུ་ཡིས་ལེགས་པར་གདབ། བདག་ཉིད་ནི་རང་ཉིད་ཀྱི་བུར་བྱ་བའོ། །ཀུན་ནས་བསྒོ་ལ་ཞེས་པས་ནི་ཉན་པར་གདམས་པ་སྤྲོ་བ་སྡོམ་པ་བྱིན་པ་ཆོས་བཤད་བསྟན་ནོ། །དྲི་ཡི་ཆུས་ཞེས་པ་བྱིན་བརླབ། །དེས་བསངས་པའི་སོ་ཤིང་དང་། ཀུ་ཤ །དེ་ཉིད་ཀྱི་ཁྲུས་དང་། སྲུང་སྐུད་བྱིན་གྱིས་བརླབ་པ་བསྟན་ལ། སྡོམ་འབྱུང་གིས་རྒྱས་པར་བསྟན་ཏེ། སློབ་མ་རིག་བཟང་ཆོས་ལ་སྤྲོ། །ཞེས་ནས། འཇིག་རྟེན་ཕ་རོལ་མངོན་པར་འདོད། །ཞེས་པས་ཉན་པར་གདམས་པ། ཉན་པར་ཆེད་དུ་གདམས་རྒྱུ་ནི། གཞན་དོན་དུ་དངོས་གྲུབ་ཆེན་པོ་ཐོབ་པར་འདོད་པ་ཡིན་ལ། སྔགས་ལ་གཞོལ་བ་ཡིན་ནའང་། དེའི་ཆེད་དུ་དང་པོ་སྔགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ་སྙམ་པ་ཡིན་གྱི། གཞན་དུ་ན་ཐེག་པ་ཆེན་པོར་ཡང་མི་འགྱུར་ན་ཆེན་པོའི་ཆེན་པོ་བར་ཅི་ལ་འགྱུར། ཐལ་མོ་སྦྱར་བར་བྱས་ནས་ནི། །གུས་པའི་ཡིད་ཀྱིས་གསོལ་གདབ་བྱ། །རྣལ་འབྱོར་མ་མཆོག་ཁ་སྦྱོར་བའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ཀྱིས་གསོལ་བ་གདབ་པ། བུ་ཚུར་ཐེག་པ་ཆེན་པོ་ལ། །སོགས་ཀྱིས་སྤྲོ་བ་བསྐྱེད་པ། བླ་མ་མཆོད་དང་དེ་བཞིན་བྱམས། །སོགས་ཀྱིས་སྡོམ་པ་སྦྱིན་པ། དེ་ཡང་ཞུགས་པ་ཙམ་མམ་དབང་བདུན་ཙམ་ཡིན་ན་ཐུན་མོང་བའི་སོ་ཐར་སེམས་བསྐྱེད་གཞན་དུ་ཐམས་ཅད་སྟེར་རོ། །སྟ་གོན་དུ་སྡོམ་པ་བསྒྲགས་པས་ནི། དེ་འཛིན་ནུས་ན་དབང་བསྐུར། མི་ནུས་ན་མི་སྟེར་བས། དེ་ལྟ་བའི་ཆེད་ཁོ་ན་ཡིན་ལ། འདི་ལ་སྔར་མ་ཐོབ་ན་སོར་སྡོམ་དང་ཀུན་རྫོབ་ཀྱི་སེམས་ནི་སྐྱེ། སྔགས་སྡོམ་ནི་ཀུན་སློང་ཙམ་ཐོབ་གཞན་ནི་མ་ཡིན་ནོ། །སློབ་མ་རྣམས་ནི་ལྷག་གནས་བྱ། ཆོ་ག་ཇི་བཞིན་ཞེས་པས་བུར་བྱ་བ་དང་གནས་གསུམ་བྱིན་བརླབ། འདི་གཉིས་སློབ་མ་སྟ་གོན་གྱི་ངོ་ཏི་སྟེ་ལྷག་པར་གནས་པ་ཡིན་པས་སོ། །ཁྲུས་དང་ཞེས་པས་ཁྱོར་ཆུ། །བསང་བྱ་སོ་ཤིང་སྦྱིན་པར་བྱ། །སོ་ཤིང་ནི་བཀྲ་ཤིས་པའི་ཤིང་རྩ་རྩེ་མ་ལོག་པར་སྐྱོན་མེད་པ་དྲི་ཞིམ་པ་སྔར་ལས་མ་བྱས་པ་རྩེ་མོ་མེ་ཏོག་གིས་བཅིངས་པ་ཚོམ་བུ་ལྔ་བྱས་ཏེ་དོར་བ་ནི་དངོས་གྲུབ་ཀྱི་པྲ་བརྟག་པའོ། །ཁྱོར་ཆུ་དང་པོར་བྱས་པ་ནི་དངོས་གྲུབ་ཀྱི་པྲ་བརྟག་པ་གསལ་བ་ལ་དགོངས་སོ། །སྲད་བུ་དམར་པོས་ཁྱད་པར་དུ། །དཔུང་པར་བཅིངས་ཏེ་རྟག་ཏུ་བསྲུང་། །སྲུང་བ། ཡི་གེ་དྷཱི་ཡི་སྔགས་བཟླས་པའི། །ཀུ་ཤ་དེ་ལ་རབ་ཏུ་སྦྱིན། །ཞེས་མལ་དང་སྟན་གྱི་དོན་དུ་བྱིན་པ་སྟེ། ཀུ་ཤ་ནི་གཙང་མ་དང་དགེ་བ་དང་འདབ་མ་རྣམས་ཀྱི་སྙིང་པོ་ཡིན་པས་དང་། འཇིག་རྟེན་པ་ཚངས་པ་ཡང་དེ་ལ་དགའ་བ་དང་། ཐུབ་པ་མངོན་པར་སངས་རྒྱས་པའི་ཚེ་ཡང་དེ་གདན་དུ་བཏིངས་པས་སོ། །ཁ་ཅིག་འདི་དག་དབང་སོ་སོ་ལ་སྦྱོར་བ་ནི་མི་འཐད་དེ། འདི་ཚོ་བྱ་བའི་རྒྱུད་དུ་ཡང་གསུངས་པའི་ཕྱིར་རོ། །རང་ལུགས་ནི། རྨི་ལམ་དགེ་འམ་མི་དགེ་བརྟག །ཅེས་པས་དེ་ཁོ་ནའི་ཕྱིར་ཡིན་ཏེ། ཁྲུས་དང་ཀུ་ཤས་གཙང་བར་འགྱུར་ཞིང་རྨི་ལམ་གསལ་བ་དང་། བསྲུང་བས་རྨི་ལམ་དེ་བགེགས་ལ་སོགས་པས་བྱས་པ་བཟློག་པའི་ཕྱིར་རོ། །རྨི་ལམ་བརྟག་པ་ཡང་སྐལ་བ་གང་འདུག་ཤེས་པའི་ཕྱིར་ཡིན་ནོ། །འདི་དག་ཀྱང་རིགས་མ་ངེས་པ་དང་ངེས་ཀྱང་རིམ་གྱིས་འཇུག་འོས་པ་དག་ལ་ཡིན་གྱི་གཞན་དུ་སྟ་གོན་མེད་ཀྱང་རུང་སྟེ། གསང་བ་གྲུབ་པ་དང་ཡེ་ཤེས་གྲུབ་པ་སོགས་སུ་གྲུབ་ཐོབ་རྣམས་ཀྱིས་མ་བཤད་པའི་ཕྱིར་རོ། །ནག་པོ་སྤྱོད་པས། སྤྲོ་བསྐྱེད་དང་སྡོམ་པ་བྱིན་པའི་མཐར། རང་གི་ཤོ་ནི་ཏ་ཡི་རྒྱུན། །ཡི་གེ་བདུན་གྱིས་མངོན་བསྔགས་པས། །སློབ་མ་བསྲུང་ཞིང་བསྲུང་བའི་ཕྱིར། །ཐིགས་པས་ཀུན་ཏུ་དགོད་པར་བྱ། །འཇིག་རྟེན་དབང་པོས་ཐམས་ཅད་ཀྱི། །ཁ་ནས་ཐམས་ཅད་དབང་བསྐུར་རོ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆ། །གཉིས་མེད་ཡེ་ཤེས་ལས་བྱུང་མཆོག །དཔའ་ཆེན་ཀུན་གྱི་རང་ལྷ་མོ། །མཆོད་པའི་ཆོ་ག་རྗེས་སུ་སྤྱད། །ཕྱི་ནང་བདག་ཉིད་ཅན་གྱིས་ཀྱང་། །དཔལ་ཆེན་ཁྲག་འཐུང་འཁོར་ལོ་མཆོད། །ཅེས་རང་གི་ཤོ་ནི་སྲིན་ལག་གི་ཁྲག རང་བྱུང་གི་མེ་ཏོག་དང་བསྲེས་པས་སློབ་མ་བསྲུང་བའི་ཕྱིར་གནས་གསུམ་དུ་ཐིག་ལེ་བྱེད་པ་དང་འཇིག་རྟེན་དབང་པོ་ཁ་ཡིན་པས་དེར་སྦྱིན་པ་དང་། དཀྱིལ་འཁོར་གྱི་ནི་ས་ཡི་ཆ། །ཞེས་པས་ཚོགས་ཀྱིས་འཁོར་ལོ་བྱ་བའི་གནས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཞེས་པ་ཡེ་ཤེས་ཀྱི་ལྷ་དང་ཐ་མི་དད་པར་བྱིན་གྱིས་བརླབ་པ། རྗེས་སུ་སྤྱད་ཅེས་པ་ཆོ་ག་མཐུན་པས། ཕྱི་ནང་བདག་ཉིད་ཅན་གྱིས་ཀྱང་། །མཆོད་པ་གཞན་དང་ཚོགས་རྫས་བྱིན་གྱིས་བརླབ། སློབ་མས་མཎྜྻལ་ཕུལ་བ་གསོལ་བ་གདབ། ཁ་ཅིག་གསང་སྔགས་གྲུབ་དོན་དུ་སོགས་བརྗོད་ནས་སློབ་དཔོན་ཏིང་ངེ་འཛིན་དང་གོ་ཆ་ཆེན་པོ་བགོས་ནས་རང་དང་ཕྱག་རྒྱ་སྙོམས་པར་ཞུགས་ནས་སྒྲ་དང་འོད་ཟེར་གྱི་སློབ་མ་ཁ་ནས་བཅུག་སྙིང་གར་ཞུ་བ་རྡོ་རྗེའི་ལམ་ནས་ཕྱག་རྒྱའི་ཆོས་འབྱུང་དུ་ལྷུང་མ་ཐག་ཏུ་ཧེ་རུ་ཀ་ཕྱག་གཉིས་པར་གྱུར་པ་ལ། དེ་བཞིན་གཤེགས་པ་རྣམས་ཁ་ནས་ཞུགས་པ་ཞུ་བའི་དབང་བསྐུར། དེ་ཙམ་ལས་མ་བཤད་ལ། མཻ་ཏྲི་པས། ཉན་པར་གདམས། མི་ཤིས་པ་སྦྱང་། བུར་བྱ་བའི་ཚུལ་ནག་པོ་པ་བཞིན་བྱ། དེ་ནས་ཕྱིར་བཏོན། གསོལ་བ་གདབ། སྤྲོ་བསྐྱེད། ཐུན་མོང་བའི་སྡོམ་པ། དེ་ནས་བསངས་ཏེ་བྱིན་བརླབ། སོ་ཤིང་། ཁྱུར་ཆུ། སྲུང་སྐུད། ཀུ་ཤ །ཆོས་བཤད། དེའི་མཐར་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར་གསོལ་གདབ། དྲི་བ་དྲིས་ལན་སྡོམ་པ་སྡོམ་འབྱུང་དུ་བྱུང་བ་བཞིན་གསུངས་ལ། ད་ལྟ་ཕྱག་ལེན་སྡོམ་འབྱུང་རྒྱུད་དང་གོ་རིམ་མཐུན་པར་སྣང་བ་ནི་ནཱ་རོ་མཻ་ཏྲི་ཐུན་མོང་བའི་བཅུ་གསུམ་མ་མར་པའི་ཞལ་རྒྱུན། རྗེ་ནཱ་རོ་པ་ཆེན་པོའི་ཕྱག་བཞེས་རྒྱས་པ་ནི་སློབ་བཤད་དུ་སྟོན་ནོ། །ལྔ་པ་ཐིག་གདབ་པ་སྟེ། དེ་ལ་ཐིག་སྐུད་ཀྱི་རྒྱུ་ནི། དེ་ནས་སེམས་མེད་སྲད་བུའམ། རོའི་རྒྱུས་པའམ། རྒྱུ་མའི་ཤུན་པ་ཕྲ་མོ་དྲས་པ་དང་། དུར་ཁྲོད་ཀྱི་སྲད་བུ་དང་རོའི་རྒྱུས་པའམ་ཞེས་པས་འདི་ཞར་བཤད་དོ། །སྡོམ་བྱུང་དུ། ཚད་ལྡན་གཙང་མའི་སྲད་བུ་ཡི། །ཞེས་ཀྱང་བསྟན། ཇི་ལྟར་འདུ་བྱ་བ་ནི། སྲད་བུ་ཡེ་ཤེས་ལྔ་ལྡན་ཞིང་། །ཉི་ཤུ་རྩ་ལྔར་རྣམ་དབྱེ་བས། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། །སྲད་བུ་ཕན་ཚུན་བསྒྲིལ་བར་བྱ། །ཞེས་དང་། དཀྱུས་སུ་འཁོར་ལོའི་ཉིས་འགྱུར་ལ། །སྦོམས་སུ་འཁོར་ལོའི་ཉི་ཤུ་ཆ། །མཁའ་འགྲོ་རྒྱ་མཚོར་ཡང་། དེ་ནས་གསར་པ་ལེགས་པར་བསྒྲིལ། །ཚད་ལྡན་ཤིན་ཏུ་མཛེས་པ་ཡི། །དང་། ཤིན་ཏུ་རྩ་ལྔར་ཕྱེ་བ་ཡིས། །ཞེས་དང་། དེ་ནས་ཆོ་ག་བཞིན་དུ་མཆོད། །ཀྱིས་བྱིན་བརླབ་བསྟན། ཇི་ལྟར་གདབ་པ་ནི། རུ་དྷི་ར་ནི་ཆེན་པོ་བརླན། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །ཁྲུ་གང་ཁྲུ་བཞིའམ་ཁྲུ་བརྒྱད་པ། །སྒོ་བཞི་ཀུན་ནས་ཟུར་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །སྔགས་པས་ཉིས་འགྱུར་རྣམ་པར་བཅད། །ཚད་འདི་གསུམ་གང་ཟག་གི་དབང་པོའི་རིམ་པར་མར་དོས་བཤད། རུ་དྷི་ར་ཁྲག་ཆེན་པོ་ཡིན་པ་དེས་སྦགས་པ་དེས་སམ། སྡོམ་འབྱུང་དུ། སྒྲུབ་པ་པོ་ཡིས་ཧཱུྃ་བརྗོད་དེ། །བདུད་རྩི་ལྔ་ཡིས་བྱུག་པར་བྱ། །ཞེས་པ་དེས་སོ། །ཡང་། ཛྫཿགསུམ་བརྗོད་ནས་ལྟེ་བར་ནི། །གཡོན་པའི་ཁུ་ཚུར་གྱིས་གཟུང་ནས། །བློ་ལྡན་ནམ་མཁའ་ཐིག་གདབ་སྟེ། །དེ་བཞིན་ས་ལའང་གདབ་པར་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོར། ཕྱེད་ནི་ལག་པར་བསྡོགས་ནས་སུ། །ཐིག་གདབ་ཆོ་ག་བརྩམ་པར་བྱ། །ཞེས་དང་། དཀྱིལ་འཁོར་གྱི་ཚད་ཀྱང་། སྡོམ་འབྱུང་དུ། ཁྲུ་ཕྱེད་ལ་སོགས་ནས་བརྩམ་ཏེ། །ཇི་སྲིད་ཁྲུ་ནི་བརྒྱ་ཡི་བར། །ཞེས་དང་། ནུབ་དང་ལྷོ་ཡི་ཕྱོགས་སུ་ནི། །སློབ་དཔོན་ངེས་པར་ཡང་དག་གནས། །ཤར་དང་བྱང་གི་ཕྱོགས་གནས་སུ། །སློབ་མ་གནས་ཏེ་མཉམ་བཞག་པས། །ཞེས་དང་། དང་པོར་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ལ་ནི་ཟུར་ཐིག་གདབ། །ཅེས་དང་པོར་ཐིག་སྐུད་གསར་པ་གཅིག་གིས། རྡོ་རྒྱུས་ཀྱི་ཐིག་ལེགས་པར་བཏབ་ལ། དེ་ནས་ཐམས་ཅད་དུ་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་བ་ནག་པོ་སྤྱོད་པ་བཞེད་པ་དང་། ལྭ་བ་པ་དང་པོ་བྱ་རྗེས་བྱས་ནས་ཡེ་ཤེས་ཀྱི་ཐིག་སྐུད་ཉིད་བདུད་རྩི་ལྔ་དང་གུར་ཀུམ་ལ་སོགས་པ་བསྒོས་ཏེ་ཐོད་ལེ་ཀོར་གྱིས་གདབ་པར་བཞེད་དོ། །ཞེས་མར་དོས་སོ། །དང་པོས་བཞི་འགྱུར་བདག་ཉིད་དུ། །རེ་མིག་གཅིག་གི་ཐིག་གདབ་བྱ། །དེ་ནས་བརྒྱད་འགྱུར་བདག་ཉིད་དུ། །རེ་མིག་གཅིག་ནི་ཐིག་གདབ་བྱ། །གཞན་ཡང་བརྒྱད་འགྱུར་ཉིད་དུ་ནི། །རེ་མིག་གཅིག་ནི་ཐིག་གདབ་བྱ། །ཞེས་ཚངས་ཐིག་ནས་ཕྱོགས་རེར་རེ་མིག་དྲུག་ཅུ་རྩ་བཞི་ཡིན་ནོ། །དེ་ནས་གཞན་ཡང་ཉིས་འགྱུར་ཞེས་པ་དང་པོའི་ནང་ངོ་། །ཉིད་ཅེས་པས་སླར་དེའི་ཕྱི་གདབ་པ། རེ་མིག་གཅིག་ནི་ཐིག་རབ་གདབ། །ཅེས་སོ། །གཉིས་པ་བཞིར་གསིལ་བས། དེ་ནས་བཞི་འགྱུར་ཉིད་དུ་ནི། །རེ་མིག་གཅིག་གི་ཐིག་གདབ་བྱ། །ཞེས་སོ། །གཞན་ཡང་ཉིས་འགྱུར་ཉིད་དུ་ནི། །རེ་མིག་གཅིག་གི་ཐིག་གདབ་བྱ། །ཞེས་ཉིས་འགྱུར་དབུས་སུ་ཡོད་པ་གདབ་བོ། །གསུམ་པ་བཞི་པ་བཞག་པས་གཞན་ཡང་ཞེས་སྨོས་ཏེ་མཐར་ཆགས་མ་ཡིན་པ་ཤེས་པའི་དོན་དུའོ། །དེ་ནས་མཁས་པས་བཞི་འགྱུར་ཉིད། །རེ་མིག་གཅིག་ནི་ཐིག་གདབ་བྱ། །ཞེས་པ་བདུན་པའོ། །དེ་ནས་ཉིས་འགྱུར་བདག་ཉིད་དེ། །རེ་མིག་གཉིས་ནི་ཐིག་གདབ་བྱ། །དེ་ནས་ཕྱེད་ནི་རིམ་གཉིས་བྲི། །ཞེས་གསུངས་པས་ཉིས་འགྱུར་ནང་མ་ལ་ཡོད་པས་དྲུག་པ་དབྱེ། དབུས་སུ་ཡོད་པ་བརྒྱད་པ་དབྱེ། ཉིས་འགྱུར་དུ་བཤད་པ་ཐམས་ཅད་ཀྱི་ཕྱེད་ནི་གཉིས་སུ་གསིལ་བ་ཞེས་བསྡུས་ཏེ་བསྟན་པས་འདི་ལ་རྒྱུད་ཐིག་ཅེས་གསུངས་ཤིང་། དེ་བས་ན་རྟ་བབས་སྒོ་ཚད་གཅིག་པ་རྒྱུད་འདིས་གསལ་བར་བསྟན་ནོ། །ཐིག་འདེབས་པ་ལ། ཕྱོགས་འཁྲུལ་བསམ་གཏན་ལ་གཞོལ་བ་དག་གི་དབང་དུ་མཛད་ནས་སྤངས་མི་དགོས་པར་བཤད་དེ། རྡོ་རྗེ་མཁའ་འགྲོར། འདི་ནི་སློབ་དཔོན་སློབ་མ་དག །གཡས་ཕྱོགས་སུ་ནི་བསྐོར་བ་བྱ། །སློབ་མ་མེད་ན་རང་ཉིད་ཀྱིས། །ཕུར་བུ་བཏགས་ཏེ་བྲི་བར་བྱ། །གཉིས་འགྱུར་བྱས་ཏེ་འཁོར་ལོ་བཏགས། །ནང་གི་རྡོ་རྗེ་འཁོར་ལོ་རྭ། །འོད་ཀྱི་དཀྱིལ་འཁོར་རིམ་གཉིས་སུ། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །གཡས་སྐོར་དུ་ནི་སྐུད་པ་བསྐོར། །ཞེས་སྔགས་ལ་གཞོལ་བའི་སློབ་དཔོན་གྱིས་ནི་སྤང་དགོས་སོ། །ཚོན་གྱི་ས་ནི་ཉིས་འགྱུར་དུ། །ཕྱི་ཡི་འོད་ཀྱི་དཀྱིལ་འཁོར་བྱ། །ཞེས་ཚོན་གྱི་ས་རྩིག་པ་དེ་ཉིས་འགྱུར་གྱི་སའི་སྣ་ཚོགས་པདྨ་བྱ། དེ་ཉིས་འགྱུར་གྱིས་འོད་ཀྱི་དཀྱིལ་འཁོར་ཆ་ཆེན་གཅིག བར་དུ་རྡོ་རྗེ་ཆ་ཕྲན་གཅིག་གོ །འཁོར་ལོ་དེ་ཡི་ཕྱི་རོལ་ཏུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། །ཞེས་དུར་ཁྲོད་མེ་རིའི་ཕྱི་རོལ་དང་། གཞན་ཡང་འཁོར་ལོའི་རྗེས་མཐུན་པར། ཇི་ལྟར་མཛེས་པ་རབ་ཏུ་བསྟན། །ཞེས་ནང་དུ་སྟེ་གང་འདོད་པ་བཤད་པ་ཡིན་ནོ། །ཐིག་གི་པྲ་བརྟག་པ་ནི། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །དམན་དང་ལྷག་ན་ནད་འབྱུང་སྟེ། །ཕྱོགས་ལ་འཁྲུལ་ན་སློབ་མ་མྱོས། །དེ་བས་ཤེས་རབ་སྐྱོན་མེད་བྱ། །ཡེ་ཤེས་ཐིག་སྐུད་གཤེགས་གསོལ་ནས། །ཞེས་གསུངས་སོ། །ད་ནི་བློས་བསླང་བའི་ཚེ་ཇི་ལྟ་བུ་ཞེ་ན། སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་སྒོ་ཚད་བཅུ་གཉིས་སོ། །དེ་ཕྱིར་དབུས་རྭའི་སྲིད་དུ་སོ་སོར་སྒོ་གཉིས་སོ། །དེ་བས་ན་སྣ་ཚོགས་རྡོ་རྗེ་ཁ་བཞི་པ་སོ་སོ་ཡང་རྭ་གསུམ་པ་སྟེ། གཞན་དུ་རྩེ་མོ་ལྔ་པ་ལ་སོགས་པ་བཤད་པའང་ཡོད་དོ། །གཞལ་ཡས་ཁང་གི་སྒོ་དང་བཅས་པ་དེའི་ལྟེ་བར་ཆུད་པ་ཡིན་ལ། གཞི་དེ་ཡང་གྲུ་བཞིའོ། །འཕར་ནི་ཆ་ཆེན་གཅིག་གོ །འཕྲེང་བར། དེ་ལ་རྩ་བའི་ཐིག་གི་ནང་དུ་སྒོའི་ཚད་བརྒྱད་དོ། །ཕྱི་རོལ་དུ་སྒོ་གཉིས་གཉིས་སོ། །དེ་ལ་བར་གྱི་སྣམ་བུ་མེད་པ་ཉིད་དོ། །རྟ་བབས་ནི་ཀ་བའི་བར་དུ་ངོས་སུ་སྒོ་ལས་སུམ་འགྱུར་རོ། །དེ་ནས་ཀ་བའི་སྟེང་གི་རྟ་བབས་ནི་དཔངས་སུ་སྒོ་གཅིག་གི་ཚད་ལ་སྣམ་བུ་བཅུ་གཅིག་པའོ། །ཞེས་སོ། །སློབ་དཔོན་འདིས་རྟ་བབས་སྒོ་སྟེང་ནས་སྒོ་ཚད་གསུམ་དང་གཅིག་པ་གཉིས་ཀ་ཞལ་གྱི་བཞེས། གཉིས་ཀ་སྣམ་བུ་བཅུ་གཅིག་ཏུ་བཞེད་ལ། རྡོ་རྗེ་མཁའ་འགྲོའི། སྒོ་ཡི་སུམ་འགྱུར་ཏྭ་ར་ཎ། །ཞེས་ལུང་གཉིས་ཀ་ལ་འཇུག་པར་བཞེད་དོ། །རང་ལུགས་ནི། འདི་ལ་སོགས་པ་ཕལ་མོ་ཆེར་སྒོ་ཚད་གཅིག་པ་མང་། དེའི་ཚེ་སྣམ་བུ་བཞི་མ་བྱེད། །དེ་རྒྱུད་ཐིག་ལས་ཐོན་པའོ། །གཞན་སྟེང་དུ་སྒོ་ཚད་གསུམ་པའང་དགག་མི་རིགས་ཏེ། དུས་ཀྱི་འཁོར་ལོར་གསལ་བར་གསུངས་སོ། །དེའི་ཚེ་ནི་དེ་ཉིད་ནས་བཤད་པའི་ཁང་པ་བརྩེགས་མའམ། གཞན་ནས་འབྱུང་བའི་མཆོད་རྟེན་གྱི་དབྱིབས་སམ་སྣམ་བུ་བཅུ་གཅིག་པ་གཞུང་སོ་སོ་བཞིན་བྱའོ། །རྩ་བའི་ཐིག་གི་རྒྱའི་ཚད་ཀྱི་དཔངས་ཏེ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་མཐོང་ཞིང་ཕྱི་རོལ་འཇིག་རྟེན་ནང་སྐྱེས་བུའི་ལུས་ཁམས་དང་གཞན་དཀྱིལ་འཁོར་གྱི་དག་སྦྱོར་དུ་བཤད་པས་དང་། དཔལ་མཆོག་ལས་ཀྱང་། མི་མཉམ་མེད་པས་ཟུར་བཞི་པ། །ཞེས་ཀྱང་འབྱུང་བས་སོ། །རྩ་བའི་ཐིག་གི་གནས་ནས་འབྲི་བ་བཞིན་འདོད་སྣམ་ཁ་ནས་མདའ་ཡབ་ཀྱི་བར་དུ་ཆ་ཆེན་བཞིའོ། །རྨང་གི་ཕྱིར་སྟེགས་བུ་དམར་པོ་ཆ་ཕྲན་རྒྱར་གཉིས་དཔངས་སུ་གཅིག་པ་སྒོའི་རྩིག་པ་ལ་ཐུག་བར་བསྐོར་བ། དེ་ལ་གཟུངས་ཀྱི་སྣམ་བུ་དང་། གར་གྱི་སྣམ་བུ་དང་། འདོད་ཡོན་གྱི་སྣམ་བུ་ཞེས་ཀྱང་བྱའོ། །སྟེང་དུ་རིན་ཆེན་སྣམ་བུའམ་ཕ་གུ་སེར་པོ་ཆ་ཕྲན་གཅིག་རྩིག་པ་ལས་ཕྱིར་འཕགས་ནས་རྩིག་པའི་ཁ་ཁྱེར་ལ་བསྐོར་བ་དཔངས་ཀྱང་ཆ་ཕྲན་གཅིག་པ། དེའི་སྟེང་དུ་མུན་པའི་སྣམ་བུའམ་བར་གྱི་སྣམ་བུའམ་འཕྲེང་བའི་སྣམ་བུའམ་དར་དཔྱངས་ཀྱི་སྣམ་བུའམ་དྲ་བའི་སྣམ་བུ་ཞེས་བརྗོད་པ་ཆ་ཕྲན་གཉིས་ལ། སྟེང་དུ་གསེར་གདུགས། དེ་འདེགས་པའི་བྲེ་འགྱོགས་རྩིག་པ་རང་གི་ཁ་ཁྱེར་ལས་ཕྱིར་རིན་ཆེན་སྣམ་བུའི་ཐད་དང་ནང་དུ་དེ་དང་མཉམ་པ་ལས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེ་ནས་དྲྭ་ཕྱེད་ནི་གཞུང་འགའ་ལས་རིན་པོ་ཆེའི་སྣམ་བུ་ལས་འཕྱང་བར་བཤད་པའང་འབྱུང་ངོ་། །དེ་ནས་བྱ་འདབ་སྟེ་རྒྱ་ཕུབས་སྣ་འདོད་སྣམ་གྱི་ཐད་ལས་ཆ་ཕྲན་གཅིག་ཕྱིར་སོང་བ་སྟེ་དེའི་ཐིགས་པ་ལྷུང་ན་དེ་ལ་མི་འཕོགས་པའི་ཕྱིར་བད་ཆུང་ཞེས་དུས་འཁོར་དུ་གསུངས་པའི་ཕྱིར་དང་། རྒྱ་ཕུབས་ཀྱི་འོག་ཏུ་ཤར་བུ་དཀར་པོ་རིལ་བ་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུ། སྟེང་མའི་ཐད་དུ་མདའ་ཡབ་དཀར་པོ་པདྨ་ཕྱེད་པའི་དབྱིབས་ལ་གདུག་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཀུན་ཏུ་འཁོར་བ། བརྩེགས་མ་དང་པོའི་ཐོག་ལྷའི་སྣམ་བུ་ཁེབས་པ་གཡབས་ཁ་ནང་བསྟན་ལྟ་བུ། དེ་ནས་སྟེང་དུ་འཕར་བ་སྔར་གྱི་དེའི་ཕྱེད་ཡིན་ལ། དེ་ཡང་རྡོ་རྗེའི་གདུང་མིག་མང་རིས་ཀྱིས་བཏེག་པ། དེའི་ཕྱེད་ཀྱིས་རྒྱ་ཕུབས་སྟེང་མ། ལྷག་མས་རྡོ་རྗེ་རིན་པོ་ཆེའི་ཏོག་བྱ། དེ་ཐམས་ཅད་ཕྱི་ནས་བལྟས་ན་ཐོག་བརྩེགས་མ་ལ་ནང་དབུས་སྦུབས་སྟོང་པ་ཡིན་ནོ། །རྒྱ་ཕུབས་ཀྱི་ཐིགས་པ་འོག་མའི་ཐོག་སྣ་ལ་ཆ་ཕྲན་གཅིག་མ་རེག་པ། དབུས་ནི་འཕྱུར་བུར་བྱ་བའོ། །རྡོ་རྗེ་མཁའ་འགྲོར། སྒོ་ནི་འཁོར་ལོ་བརྒྱད་ཆ་རུ། །མུ་ཁྱུད་མེད་པར་འདོད་པ་ཡིན། །ཞེས་སྒོའི་ནང་གི་ཚད་རྩ་ཐིག་ནས་རྩ་ཐིག་གི་བར་གྱི་བརྒྱད་ཆ་སྟེ་དོན་ཆ་ཆེན་གཅིག་གོ །དེ་ལ་སྟེགས་བུ་དང་ཕ་གུས་བསྐོར་བས་མུ་ཁྱུད་མེད་པའོ། །སྒོ་ཡི་ཚད་ཀྱི་སྒོ་ཁྱུད་ཆ་ཆེན་གཅིག །དེ་ཡི་ཕྱེད་ཀྱིས་འགྲམ་པ་བྱ། །དེ་ནས་བརྩམས་པའི་ཆ་ཆེན་ཕྱེད་པ་གཅིག་ཕྱིར་བསྐྱེད་པས་སྒོ་ཁྱམས་འདིའི་རྨང་ནི་འདོད་སྣམ་གྱི་ཕྱིར་རེག་པའོ། །དེ་ཡང་ནང་དུ་ཆ་ཕྲན་གཉིས་ཡོད་པ། ཕྱི་རོལ་ཀུན་རྩིག་པས་བསྐོར་བ་འདྲ་བ་བྲིས་པའི་ཚེ་བྱུང་ལ་སློང་བའི་ཚེ་སྒོ་ཁྱམས་ལ་འོག་ཏུ་གཡབས་ཀ་བ་གཉིས་མ་དང་། དེའི་གདུང་སྟེང་དུ་རྩིག་པ་བྱས་པའོ། །དེ་ཡང་ཨ་བྷ་ཡས། ཚངས་པའི་ཐིག་གི་ལོགས་སུ་ཆ་ཆུང་གཉིས་སྤངས་པར་རྩ་བའི་ཐིག་ནས་སྒོ་ཁྱུད་ཆ་ཆུང་བཞི་དྲང་པོར་བྱས་ནས་ལོགས་སུ་འགྲམ་པ་ཆ་ཆུང་གཉིས་སུ་སོང་ནས་སྟེང་དུ་ལོགས་ཀྱི་ཆ་ཆུང་གཉིས་ཐོན་པའི་ཐིག་ཀྱོག་པོ་གཉིས་པ། དེའི་རྩེ་མོ་ནས་ལོགས་སུ་ཚངས་ཐིག་གི་ལོགས་གཞན་དུ་གནས་པའི་དེ་ལྟ་བུའི་ཐིག་ཀྱོག་པོའི་རྩེ་མོའི་བར་ཇི་སྲིད་དུ་ཆ་ཆུང་བཅུ་པའི་ཐིག་གཅིག་དེར་ཕྲད་པ་གདུང་དང་བཅས་པའི་བྲེ་ཕུལ་གྱི་སའམ། བྲེ་ཕུལ་གྱི་སའི་བར་དུ་ཚོན་སྣ་ལྔའི་ཐིག་གོ །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་ནི་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་གྱི་སྣམ་བུའོ་ཞེས་དང་། ཡང་གདུང་གི་འོག་ཏུ་ཀ་བ་གཉིས་མ་བྲིས་ཀྱང་བསྒོམ་བྱའི་དཀྱིལ་འཁོར་ལ་རིག་པར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་པའི་ལུང་གིས་དཀྱིལ་འཁོར་གྱི་ནང་གི་ཀ་བ་བརྒྱད་ལ་ནི་གསུངས་པ་མ་ཡིན་ཏེ། དེ་རྣམས་ཀྱང་བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་ལ་མེད་པའི་ཕྱིར་རོ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་ཀྱི་མཚན་ཉིད་དོ། །གཞོགས་ཀྱི་ཀ་བ་ནི་རྟ་བབས་ཁོ་ནའི་ཀ་བའོ། །དེའི་ཕྱིར་སྒོ་ཁྱུད་ལ་སོགས་པ་སྒོའི་རྩ་བ་ནས་སྟེང་དུ་ནམ་མཁའ་ལ་ལངས་པར་རྟོག་པ་དེ་རྣམས་ཀྱིས་གསུང་རབས་ཀྱི་དོན་མངོན་པར་མ་ཤེས་པར་ཟད་དོ། །ཞེས་གསུངས་པ། གདུང་དང་བཅས་པའི་བྲེ་ཕུལ་གྱི་སའམ། བྲེ་ཕུལ་གྱི་སའི་བར་དུ་ཚོན་སྣ་ལྔའི་ཐིག་སྟེ་ཞེས་པ་གདམ་ངར་མཛད་པ་ནི་གཡབས་ཀྱི་གདུང་སྟེང་དུ་ཤིང་བརྩེགས་ཀྱིས་བཏེགས་པའམ་ཡང་ན་རྩིག་པ་ཉིད་ཀྱིས་བསྐོར་བ་ཞེས་པའི་དོན་ཏེ་འདིས་ཞར་ལ་ཧར་སྒོ་འདོད་པའང་བཀག་གོ །དེ་བཞིན་སངས་རྒྱས་གསང་བས་ཀྱང་། ཤིང་ལ་སྒོ་ཕུབས་རྣམ་པ་གཉིས། །ཕུབས་ན་ཀ་བ་བརྒྱད་པ་ཡིས། །གདུང་སྣ་བཞི་ཡི་རྩེ་ནས་རེག །གདུང་སྣ་བཞི་ཡི་རེ་མིག་ཀྱང་། །ཆ་ལྕམ་ཉི་ཤུ་བརྒྱད་ཀྱི་བཀབ། །དེ་བཞིན་དྲལ་ཐོག་ཅི་རིགས་པའོ། །སྒོ་ཁང་ཕྱི་ཟུར་བཞི་པོ་ལ། །ཀ་བ་བཞི་བཞིས་གདུང་སྣ་ནི། །བརྒྱད་བརྒྱད་བཏེགས་པ་རྟ་བབས་རྨང་། །ཀ་སྟན་ཀ་གཞུ་ཅི་རིགས་པའོ། །ཞེས་གསུངས་ཤིང་། ཡང་། སྒོ་ལ་འོག་དང་སྟེང་ཡིན་ཏེ། །སྟེང་གི་སྐས་དང་གླང་རྒྱབ་སོགས། །ཇི་ལྟར་མཛེས་པའི་ཚུལ་དུ་བཞེངས། །རྟ་བབས་ཀྱི་དབྱིབས་ཐེམ་སྐས་ལ་གླང་རྒྱབ་བཀོད་པ་དང་། སོགས་སྒྲས་སྣམ་བུ་བཅུ་གཅིག་པ་དང་མཆོད་རྟེན་ཁང་བརྩེགས་གང་འདོད་པ་བཤད་དོ། །དེ་བས་ན་བྲི་བྱའི་སྒོ་ཁྱུད་ཀྱི་སྟེང་གི་མུན་སྣམ་དེའི་སྟེང་གི་ཐིག་གདུང་དུ་བྱས། དེའི་བར་བྲེ་ཕུལ་གྱི་སར་བྱ། རྟ་བབས་སྒོ་ཁྱམས་སྟེང་དུ་ཀ་བ་བཞིས་འདེགས་པའོ། །དེའི་ཀ་བ་ནི་བྲིས་པའི་ཐིག་ལ་གཉིས་མངོན། དོང་དུ་ཡོང་རྒྱུ་གཉིས་མི་མངོན་པར། དོན་སྔར་གྱི་ལུང་དེར་གཞོགས་ཀྱི་ཀ་བ་ཞེས་བཤད་པ་དག་གོ །སྟེང་དུ་སྣམ་བུ་བཞི་ཡོད་པས་སྟེང་མ་མདའ་ཡབ་དེ་དང་དཀྱིལ་འཁོར་གྱི་མདའ་ཡབ་མཐོ་དམན་མེད་པར་འབྲེལ་བར་བྱའོ། །དེས་ན་རྟ་བབས་སྒོ་ཚད་གསུམ་པའི་ཚེ་དེ་འདེགས་པའི་ཀ་བ་ནི་རྡོ་རྗེའི་ལྟེ་བ་ནས་བརྩམས་པའི་འདོད་སྣམ་གྱི་དཔངས་ཀྱི་ཆ་བསྣན་པས་བྲིས་ཆར་མངོན་པའི་ཀ་བ་དང་མཐུན་ལ། སྣམ་བཞི་མར་འདོད་ཚེ་སྣམ་བུ་ཡན་ལ་ཆ་ཆེན་གསུམ། སྒོ་ཡང་དེ་བཞིན་དུ་ཤེས་དགོས་སོ། །ཆོས་ཀྱི་འཁོར་ལོའི་ཐད་ཀར་ཆ་ཕྲན་གཉིས་རེ་བསྐོར་བས་ཁོར་ཡུག་ཏུ་དྲུག འོག་ཏུ་པདྨ་དང་སྟེང་གི་གདུགས་ཆ་ཕྲན་རེ་རེའོ། །རི་དྭགས་ལ་ཨ་བྷ་ཡས། འཁོར་ལོ་ལས་ཆ་ཆུང་ཕྱེད་ཀྱིས་རིང་བར་གནས་པ་ཆ་ཆུང་གཅིག་པའི་མགྲིན་པ་དང་བཅས་པའི་གདོང་འདྲེན་ཞིང་མིག་འཁོར་ལོའི་རྩེ་མོ་ལ་རྩེ་གཅིག་ཏུ་བལྟ་བ་བྲི་བར་བྱའོ། །ཞེས་དང་། ཡང་ཀླུའི་བྱང་ཆུབ་ཞབས་ཀྱིས་ལོགས་ཀྱི་ཐིག་གཉིས་ལ་གནས་པའི་ཐིག་ཉིད་གདུང་དུ་དགོངས་ནས་བར་གྱི་སྣམ་བུ་དང་ཡ་ཕུགས་ཀྱི་སྣམ་བུ་མི་བཞེད་དོ། །འཕགས་ལུགས་ཀྱི་འདུས་པ། དེའི་རྗེས་སུ་འབྲངས་པས་དེའི་ཚེ་རྟ་བབས་མུན་སྣམ་མེད་པར་བྱ་ལ། གཞན་འདྲའོ། །ནང་དུ་ཡང་། ཀླུའི་བྱང་ཆུབ་ཀྱིས། རྩ་བའི་ཐིག་ནི་ཕྱེད་ཀྱིས་ནི། །སྙིང་པོ་ཡི་ནི་འཁོར་ལོའི་རྩེར། །ཞེས་གསུངས་པ་དང་། དུས་ཀྱི་འཁོར་ལོ་སྐུའི་འཁོར་ལོའི་ཕྱེད་ཀྱིས་གསུང་གི་དཀྱིལ་འཁོར་སོགས་གསུངས་པས་གཞལ་ཡས་ཁང་སྒོ་སྦྲག་མང་པོ་བཞི། གསུམ་མམ་གཉིས་སམ་མེད་ཀྱང་སྙིང་པོའི་འཁོར་ལོ་རེ་མིག་ཡོད་པའི་ཕྱོགས་ལ་སྟེང་ནས་སྟེང་དུ་ཕྱེད་འགྲོས་དེ་ཉིད་འཕར་བ་ལ། ནང་མའི་རྨང་དང་རྒྱ་མཉམ་པའི་ཕྱི་མ་ཕྱི་མའི་ནང་དུ་སྟེགས་བུ་གྲུ་བཞི་པ་རེ་བྱུང་བས། རི་རབ་ལྟ་བུ་སྟེ། འོག་མ་བང་རིམ་དང་། དབུས་སྙིང་པོ་ལྟ་བུར་འཕགས་པས་སོ། །སྔར་བཤད་པའི་དབུས་ཁོང་སྟོང་དུ་འཕར་མ་རྣམས་ནི་རྒྱལ་པོའི་ཁབ་ལྟ་བུ་དང་། ཕྱི་མ་རིན་པོ་ཆེ་དང་དུར་ཁྲོད་ཀྱི་ཁང་པར་བྱེད་པ་དག་ནི་དེ་ལྟ་བུར་མི་འདོད་དེ། ནང་དུ་རྨང་ནི་འོག་གི་སྟེགས་བུ་མེད་པས་ཕྱི་མའི་ནང་དུ་ནང་མ་ཆུད་པ་རིམ་པ་དེ་བས་སྒོ་གསུམ་སྦྲགས་ལ་སོགས་པའང་ཤེས་པར་བྱའོ། །དེ་ཡང་ཆོས་མཚུངས་སྲིན་པོའི་ཁབ་ལ་བྱས་པ་ཡིན་ལ། དཔེར་བགྱི་ན་གུར་ཆུང་ངུ་ཆེན་པོའི་ནང་དུ་ཕུབ་པ་ལྟ་བུའོ། །དེའི་ཕྱིར་ཀུན་ནས་མཉམ་པར་བཤད་པའི་ཕྱོགས་འདི་ལ་སངས་རྒྱས་གསང་བས། རྒྱལ་ཁབ་རི་བོའམ་གུར་དུ་འདོད། །ཅེས་གསུངས་ལ། གཞུང་ལ་ལས་ནི་ཁང་པ་བརྩེགས་མ་མང་པོ་བཤད་ཅིང་མཆོད་རྟེན་མགོ་ལྔ་པར་སྣང་བས། ཕྱི་དབྱིབས་མཆོད་རྟེན་མཁར་སྟབས་དང་། །ཞེས་གསུངས་ཏེ། དེའི་ཚེ་དཔངས་ཆེས་མཐོ་ཞིང་རྒྱ་ཆུང་སྟེ། དཔེར་ན་རྡོ་རྗེ་གདན་གྱི་བཀོད་པ་ལྟ་བུའམ། རེག་པ་མེད་པའི་མཆོད་རྟེན་ལྟ་བུའོ། །དེ་ནི་དྲུག་ཅུ་རྩ་གཉིས་མ་ལྟ་བུ་ལ། བྲི་བའི་ཚེ་འཁོར་ལོ་གསུམ་ཕྱི་ནས་ཕྱི་ལ་ཡིན་ལ། བློས་བསླང་བའི་ཚེ་ནི་དེ་ལྟར་མི་རིགས་ཏེ། ནམ་མཁའི་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱིས་ཐམས་ཅད་སྟེང་དུ་འགོད། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་འཁོར་ཀུན་ཏུ་བཀོད་པར་བྱ། །གང་ཡང་ས་འོག་མཁའ་འགྲོ་མ། །དེ་ནི་ས་འོག་རྣམས་སུ་བཀོད། །ཅེས་འབྱུང་བས་སོ། །དེ་བས་ན་སྙིང་པོའི་དཀྱིལ་འཁོར་ལས་ཆ་གཅིག་གིས་དམའ་བའི་ནམ་མཁའ་ས། ས་འོག་ཏུ་རིམ་པ་བཞིན་བཀོད་པས་སུམ་བརྩེགས་སོ། །སྙིང་པོ་དང་། དེ་ཡི་དབུས་སུ་པདྨ་ནི། འདབ་བཅས་ལྟེ་བ་འབར་དང་བཅས། །གེ་སར་ཡང་དག་ལྡན་པར་བཞག །ཅེས་དབུས་སུ་གསུངས་པས་སོ། །དོན་ཕྱིའི་ཐོག་དཔངས་ཀྱི་ཚད་དུ་གདན་གྱི་སླེབ་པ་ཁོ་ན་རིགས་སོ། །འཁོར་ལོ་གསུམ་དང་རེ་མིག་མེད་པ་བཅུ་གསུམ་མ་འདི་ལྟ་བུ་ལ། གཙོ་བོའི་གཙུག་གཏོར་དེར་རེག་པ་ཙམ་དུ་པདྨོ་སླེབ་པ་མཛེས་ཤིང་པདྨ་ནི་སྡོང་བུ་དང་བཅས་པ་སྟེ་འདིར་མི་གསལ་ཡང་དུས་ཀྱི་འཁོར་ལོར་གསུངས་ཤིང་རྒྱུད་འདི་རྒྱུད་གཞན་དག་གིས་ཀྱང་འཆད་དགོས་པ་འདི་ལ་སོགས་པས་སོ། །སངས་རྒྱས་གསང་བས། ནང་དབྱིབས་རིགས་དང་འཕྲིན་ལས་ཀྱིས། །སོ་སོའི་རྒྱུད་བཞིན་ཤེས་པར་བྱ། །སྒོ་ལ་འོག་དང་སྟེང་ཡིན་ཏེ། །འོག་ནི་སྒོ་དང་སྒོ་ཁང་ཅན། །སྟེང་ན་སྐས་དང་གླང་རྒྱབ་སོགས། །ཇི་ལྟར་མཛེས་པའི་ཚུལ་དུ་བཞེངས། །ཞེས་པའོ། །འགའ་ཞིག་བདེ་མཆོག་བཅུ་གསུམ་མ་དང་། དགྱེས་པའི་རྡོ་རྗེ་ལྷ་དགུ་སོགས་ལ་ཁང་པ་བརྩེགས་མ་མི་རིགས་ཏེ་ནང་དུ་པདྨ་ལས་གཞན་རྣམ་པར་བཞག་པ་མེད་པས་སོ་སྙམ་ན་དེ་ནི་ལོག་རྟོག་སྟེ་སློབ་དཔོན་ལྭ་བ་པའི་བཅུ་གསུམ་མའི་ཆོ་གར། བྷྲཱུྃ་དཀར་པོ་ལས་བྱུང་བའི་ཁང་པ་བརྩེགས་མ་ཞེས་གསུངས་པས་སོ། །ལྷའི་ཚད་ལའང་། གཙོ་བོ་དང་འཁོར་ལོ་གསུམ་གྱི་ལྷ་ཚད་མཉམ་པ་དང་། བདེ་ཆེན་ལྷ་མོ་ཆུང་བར་ནག་པོ་སྤྱོད་པ་བཞེད། ལྭ་བའི་ན་བཟའ་ཅན་གཙོ་བོ་གཞན་པས་ཆེ་བ། ལྷ་གཞན་རྣམས་དེ་ལས་ཆུང་བ་མཉམ་པོར་བཞེད་ཅེས་ནག་པོ་ཕྱི་མའི་ཚིགས་མར་དོས་གསུངས་པའི་ཕྱི་མ་ཉིད་གཟུང་བར་བྱའོ། །དྲུག་པ་ཚོན་གྱི་ལས་ནི། རོ་བསྲེགས་སོལ་བའི་ཕྱེ་མ་དང་། དུར་ཁྲོད་སོ་ཕག་ལྡན་པ་ཡིས། །དཀྱིལ་འཁོར་བཟང་པོ་བྲི་བར་བྱ། །སྡོམ་འབྱུང་དུ། རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པ་སྟེ། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་ཁུ་ནག་པོ་དེ་བཞིན་ཏེ། །ཞེས་པའི་སོགས་སྒྲས་རྡུལ་ཚོན་ཕལ་པ་ས་ཚོན་བསྟན་ལ། དེ་བཞིན་ནི་བྱིན་གྱིས་བརླབ་པ་སྟེ། སྔར། སྲད་བུ་ཡེ་ཤེས་ལྔ་ལྡན་ཞིང་། །ཞེས་གསུངས་པ་ལ་སྙེག་པས་དེ་བཞིན་ནོ། །སྡོམ་འབྱུང་ལས། སློབ་དཔོན་དབང་ལྡན་མཚམས་སུ་ནི། །སོང་སྟེ་མཉམ་པར་བཞག་ནས་སུ། །ལེགས་སྦས་གཡོན་པའི་ཁུ་ཚུར་གྱིས། །རི་མོ་ལྔ་ནི་དབྱེ་བར་བྱ། །ཕན་ཚུན་བར་དུ་ནས་རེ་ཙམ། །ཤོང་བའི་ཚད་དུ་བྲི་བ་སྟེ། །རི་མོ་སྦོམ་ན་ནད་དུ་འགྱུར། །ཕྲ་བས་ནོར་ནི་ཉམས་པར་འགྱུར། །ཡོན་པོས་འདིར་ནི་རྩོད་པར་འགྱུར། །ཆད་པས་འཆི་བ་འབྱུང་བར་འགྱུར། །ཞེས་རྩིག་པའི་དབང་དུ་མཛད། ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆར་ནི་དམར་པོ་ཏེ། །བྱང་དུ་མརྒད་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཨིནྡྲ་ནཱི་ལ་འོད་འབར་བའོ། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། །མཉམ་པར་བཞག་སྟེ་ཡང་དག་བྲི། །རྡོ་རྗེ་རྭ་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། །གཏུམ་དྲག་དེ་བཞིན་ཚང་ཚིང་དང་། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་རུ་ནི་བཀྲ་ཤིས་མཚོན། །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལའི་སྒྲ། །ཤར་གྱི་ཤྲིརྵུ་ཨ་ཤྭཏ་ཤིང་། །ཀཾ་ཀེལ་ཁྱད་པར་ཙཱུ་ཏའི་ཤིང་། །བྷ་ཊ་དེ་བཞིན་ཀ་རཉྩྨ། །ལ་ཊ་པརྐ་པརྛིཀ དབང་པོ་དེ་བཞིན་སྦྱིན་བྱེད་དང་། །ཀླུ་ཡི་དབང་དང་གཤིན་རྗེའི་བདག །དབང་ལྡན་དེ་ནས་བྱིན་ཟ་དང་། །སྲིན་པོའི་དབང་པོ་རླུང་གི་བདག །བཱ་སུ་ཀི་དང་འཇོག་པོ་དང་། །ཀརྐོ་ཊ་དང་པདྨ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང་། །རིགས་ལྡན་དང་ནི་དུང་སྐྱོང་དང་། །སྒྲོགས་པ་དང་ནི་ཆེར་སྒྲོགས་དང་། །དྲག་དང་གཡོ་དང་བརྟན་དེ་བཞིན། །གང་བ་དང་ནི་དེ་བཞིན་འབེབས། །གཏུམ་པ་འདི་དག་སྤྲིན་དབང་ཕྱུག །གཞན་ཡང་སྣ་ཚོགས་དུ་མ་ཡི། །ཁྭ་དང་འུག་དང་བྱ་རྒོད་དང་། །ཅེ་སྤྱང་ཅེ་སྤྱང་མོ་དང་ནི། །འོལ་བ་དང་ནི་འོལ་བ་མོ། །སེང་གེའི་གདོང་དང་སྟག་གི་གདོང་། །དྲག་ཅིང་འཇིགས་པའི་གདོང་ཅན་མ། །སྦྲུལ་གྱི་བ་གླང་མགོ་ཅན་མ། །གདོང་གཉིས་ལ་སོགས་ཕྱོགས་སུ་རྒྱུ། །ཀེང་རུས་དང་ནི་མདུང་རྩེས་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ །ཐོད་པ་བྱིན་པ་མགོ་རྡུམ་དང་། །གཙིགས་པའི་མགོ་དང་རུས་པ་དང་། །རིག་འཛིན་གྲུབ་པ་སྣ་ཚོགས་དང་། །དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། །རྣལ་འབྱོར་མ་ཡི་ཚོགས་རྣམས་དང་། །གནོད་སྦྱིན་རོ་ལངས་སྲིན་པོ་སོགས། །ཀི་ལི་ཀི་ལའི་སྒྲ་ཆེན་དང་། །དངོས་གྲུབ་རྫུ་འཕྲུལ་ཡང་དག་པར། །ཐོབ་པའི་སློབ་དཔོན་གྱི་ནི་ཚོགས། །དུར་ཁྲོད་དབུས་སུ་ལྟ་བར་བྱ། །ཞེས་བཤད་ལ། ཞིང་སྐྱོང་བརྒྱད་ཀྱང་ཕྱོགས་སྐྱོང་དེ་དག་གི་འགྱུར་བར་ཟད་པས་རིམ་པ་གཅིག་གིས་བསྟན་ནོ། །ཚོན་ལས་རྡོ་རྗེ་མཁའ་འགྲོར་ཡང་དེ་བཞིན། བདེ་མཆོག་གི་དཀྱིལ་འཁོར་ལ་ཤར་སྔོན་པོ་རིགས་ཏེ་གཙོ་བོའི་ཞལ་གྱི་མདངས་ཕོགས་པས་སོ། །དེས་ན་ལྷ་མོ་ལ་གཡས་སྔོ་གཡོན་སེར་ཟེར་རོ་སྙམ། དེང་སང་རྟོག་པའང་རྒྱུད་མ་མཐོང་བའོ། །གྲུབ་ཐོབ་བརྒྱད་འགོད་པར་འདིར་ཡང་གསུངས་ལ། མཚན་སྦྱར་བ་ནི་ཨ་བྷཱི་དྷ་ནའི་ལུང་ལས་སོ་ཞེས་འདྲེན། བོད་དུ་འགྱུར་བ་བསྡུས་པ་ཡིན་གྱི་ཞལ་རྒྱུན་ལས་སྣང་བས་ཚད་མར་རིགས་ཏེ། དུས་འཁོར་རྩ་བའི་ལུང་འཐོར་བུ་བ་ལྟ་བུའོ། །ཡང་རྡོ་རྗེ་མཁའ་འགྲོར། སྔར་བཤད་པ་ཡི་མཚན་ཉིད་ལ། །དབུས་སུ་མཐོ་བ་བྲི་བར་བྱ། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང་། །རིག་པ་འཛིན་པའི་གནས་དག་ཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །རྣལ་འབྱོར་བརླག་པར་འགྱུར་བ་སྟེ། །ཡང་ན་ནད་ཀྱིས་འདེབས་པར་འགྱུར། །ཇི་སྐད་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་འགྱུར། །དབུས་སུ་དམའ་བའི་རང་བཞིན་གྱིས། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །ཞེས་པྲ་བརྟག་པ་ལས་སྤྲོས་སོ། །ལྷ་ཡི་གནས་ནི་དེ་ཉིད་དུ། །དབུས་སུ་སྣ་ཚོགས་པདྨ་བྲི། །གེ་སར་དང་ནི་ལྡན་པ་ལ། །མཚམས་རྣམས་སུ་ནི་ཐོད་པའོ། །དཀར་དང་དམར་དང་དེ་བཞིན་སྔོ། །སྐུ་ལ་སོགས་པའི་ཁ་དོག་དབྱེ། །ཞེས་གསུངས་འཁོར་ལོ་གསུམ་གྱི་ལྷའི་མདོག་ཀྱང་བསྟན་ནོ། །མཚན་མ་ནི་དེ་ཉིད་དུ། སངས་རྒྱས་བཞི་ཡི་གདན་བཞུགས་པ། །རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། །འདབ་མའི་མཁའ་འགྲོ་ལ་སོགས་པས། །ཁྭ་གདོང་ལ་སོགས་དབྱེ་བར་བྱ། །འདིས་སྙིང་པོ་དང་དམ་ཚིག་གི་སྒོ་མའི་ཁ་དོག་ཀྱང་བཤད་ཅིང་། མཚན་མ་རང་རང་གི་ཕྱག་དང་པོ་ན་གནས་པ་དེ་འགོད་པ་ཡིན་ལ། གདན་ནི་རྒྱུའི་དོན་ཡིན་པས་སོ། །དུས་ཀྱི་འཁོར་ལོར་ནི་ཡི་གེ་འགོད་ན་ལྷ་རྣམས་ཡི་གེ་ལས་བསྐྱེད་པ་དང་། ཕྱག་རྒྱ་བཀོད་ན་དང་པོ་ཡི་གེ དེ་ལས་ལྷར་བསྐྱེད། ཐིག་ལེ་ལས་ནི་རྫུས་སྐྱེས་སུ་བསྐྱེད་པར་བཤད། ལྷའི་སྐུ་འགོད་པ་ནི་དེར་མི་འཐད་པར་གསུངས་ཏེ་རྡུལ་ཚོན་ཁོ་ནའི་དབང་དུ་མཛད་པའོ། །འདི་ལྟར་ན་སངས་རྒྱས་ཞེས་པ་གཙོ་བོ་ཡབ་ཡུམ། བཞིའི་གདན་ཞེས་པ་ཕྱོགས་ཀྱི་འདབ་མ་བཞི་སྟེ། ཤར་བདག་གི་གདན། ལྷོ་གཞན་གྱི་གདན། ནུབ་སྔགས་ཀྱི་གདན་ནམ་སྦྱོར་བའི་གདན། བྱང་དེ་ཁོ་ན་ཉིད་ཀྱི་གདན་དུ་ཕྱག་རྡོར་གྱི་སྒྲུབ་ཐབས་ལས་འབྱུང་བའོ། །དཀྱིལ་འཁོར་ཉེ་བར་བརྒྱན་པ་དང་། བསྒྲུབ་པ་དང་། མཆོད་པ་གསུམ། དང་པོ་ནི། དཀྱིལ་འཁོར་ཀུན་ཏུ་རིན་ཆེན་དང་། །གསེར་གྱིས་མཛེས་པར་སྤྲས་པར་བྱ། །ཞེས་པ་ལ་སོགས་པའི་ཡོ་བྱད་ཀྱིས་བརྒྱན་པའོ། །དང་པོར་བུམ་པ་དགོད་པ་ནི། བརྒྱད་ནི་སྒོ་རུ་རྣམ་པར་དགོད། །གོས་ཟུང་གིས་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པ་དབུས་སུ་བཞག །གསེར་རམ་དངུལ་ལམ་རིན་ཆེན་ནམ། །མུ་ཏིག་རྣམས་ཀྱིས་མཛེས་པར་བྱ། །ཞེས་གསུངས་པའི་བུམ་པ་དགུའི་དབང་དུ་བྱས་ནས། རྒྱལ་བ་དང་བཀྲ་ཤིས་གཉིས་ཤར་སྒོའི་གཡས་གཡོན་དུ་བཞག དངོས་གྲུབ་དང་རྫུ་འཕྲུལ་གཉིས་བྱང་སྒོའི་གཡས་གཡོན་དུ་བཞག རྒྱལ་བ་དང་ཞི་བ་གཉིས་ནུབ་སྒོའི་གཡས་གཡོན་དུ་བཞག གྲུབ་པ་དང་བསྲུང་བ་གཉིས་ལྷོ་སྒོའི་གཡས་གཡོན་དུ་དགོད་དོ། །དངོས་གྲུབ་ཐམས་ཅད་རྣམ་པར་རྒྱལ་བ་དབུས་སུ་སྟེགས་བུ་བྱས་ཏེ་བཞག ལྷ་གྲངས་ཡིན་ན་སོ་སོའི་གནས་སུ། ལྔ་ཡིན་ན་དབུས་དང་ཕྱོགས། ལས་ཐམས་ཅད་པ་ཤར་སྒོ་དང་ཉེ་བར། གཉིས་ཡིན་ན་རྣམ་རྒྱལ་དབུས། དེའི་སྟེང་དུ་རྣམ་རྒྱལ་ཆེན་པོ་རྡོ་རྗེ་གཟུངས་ཐག་དང་བཅས་པ་ལེགས་པར་དགོད་དོ། །གཉིས་པ་དང་གསུམ་པ་ནི། དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། །འདོད་པ་ཀུན་ལྡན་མཆོད་ནས་ནི། །ཞེས་པ་ལ་ནག་པོ་སྤྱོད་པས། ཐོག་མར་བདག་བསྐྱེད་བཤད། དེ་ནས་མདུན་བསྐྱེད་ནི། རང་ཉིད་ཇི་ལྟར་གྲུབ་པ་ནི། ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །བདག་ཉིད་ཁ་སྦྱར་བྱས་པ་ཡིས། །དམ་ཚིག་ལ་ནི་གཞུག་པར་བྱ། །ཞེས་ལྷོ་སྒོར་སྟན་བཟང་པོ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་རྡོ་རྗེ་དྲིལ་བུ་འཛིན་པས་ཕྱག་རྒྱ་དང་ལྡན་པས་སྒྲུབ་ཐབས་ཇི་ལྟ་བ་བསྒོམ། དེ་ནས་ཕྱི་རོལ་གྱི་ཕྱག་རྒྱའམ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཤིང་ཡང་དག་པར་སྤྱོད་པའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་མཆོད་ཡོན་ཕུལ། རང་གི་ནང་དུ་བཅུག འདོད་ཆགས་ཆེན་པོར་ཞུ་བ་རྡོ་རྗེའི་ལམ་ནས་པདྨར་ཕྱུང་བའི་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་ཅན་གནས་ཇི་ལྟ་བར་དམ་ཚིག་གི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པར་བསམ་པ་བསྙེན་པ་དེ་ནས་གོ་བགོ་བ་སོགས་ཉེར་སྒྲུབ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སོགས་བསྒྲུབ་པ། དེ་ནས་སྔགས་རྒྱས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། དབང་བསྐུར་རྒྱས་བཏབ་སྟེ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་པར་དག་པ་ཡང་དམིགས་པ་སྤྲོ་བ་དང་སྡུད་པའི་ལྷར་བསྒོམས་ནས་ན་བཟའ་ལ་སོགས་པ་ཡང་འབུལ་བར་བྱའོ། །དེ་ནས་བདུད་རྩི་ལྔ་ཐོད་པར་མཉེས་ལ་ཕུལ། ཅུང་ཟད་རང་གི་ཁར་བཅུག་སྟེ་ཁ་དག་པར་བྱས་ལ། ལྷོ་སྒོའི་རྡུལ་ཚོན་ལ་ལག་པ་གཡོན་པས་རེག་པས་ཡིད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་རེག་པར་མོས་ནས་དེའི་སྙིང་པོ་ལ་སོགས་པ་ལན་རེ་བཟླས་སོ། །དེ་ནས་བཅོམ་ལྡན་འདས་མ་ནས་བརྩམས་ཏེ་གཤིན་རྗེ་འཇོམས་མའི་བར་དུ་བྱས་ནས་བྱིན་གྱིས་བརླབ་བོ། །དེ་ནས་ལྷོ་སྒོ་དེ་ཉིད་ནས་བརྩམས་ཏེ་གཡོན་སྐོར་དུ་སྒོ་རོ་རོ་ལག་པ་གཡོན་པ་གཏད་ལ་ལྷ་རྣམས་ཀྱི་ཞབས་ལ་རེག་པར་མོས་པས་ཕག་མོའི་སྙིང་པོ་བརྒྱ་རྩ་བརྒྱད་ལན་གཉིས་སུ་བཟླའོ། །དེ་ནས་སྔར་བཞིན་དུ་འདུག་ལ་བཟླས་པ། གར་ལ་སོགས་པས་མཆོད། གཏོར་མ་དང་ནང་གི་སྦྱིན་སྲེག་བྱ་བ་མར་དོས་བཤད་ལ། དེ་ནས་བུམ་བསྐྱེད་དེའི་ཕྱིར་བདག་མདུན་བུམ་གསུམ་མོ། །ཀུན་སྤྱོད་དུ། པུ་ལ་སོགས་པ་ཡང་དག་བསྡུ། །ཡུལ་དང་ཡུལ་དུ་རྣམ་པར་གནས། །ཧེ་རུ་ཀ་དཔལ་བདག་ཉིད་འགོད། །ཡི་གེ་ཉི་ཤུ་རྩ་བཞི་ནི། །ལོངས་སྤྱོད་རྫོགས་པར་ཤེས་བྱ་སྟེ། །རྣལ་འབྱོར་ཆེ་ལ་གནས་པ་ཡིན། །མདོར་བསྡུས་ནས་ནི་རབ་འཇུག་པ། །བློ་གྲོས་བརྩོན་པས་ཤེས་པར་བྱ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་ཕྱག་བཞེས་ལ་ས་བཅད་བཅུ་ཡོད་པའི་དང་པོ་སྲུང་བའི་འཁོར་ལོ་བསྒོམ། མཻ་ཏྲི་པས། དང་པོར་རེ་ཞིག་དཔལ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་སྐྱེ་བོ་མེད་པར་བདེ་བའི་སྟན་ལ་འདུག་སྟེ། དམ་ཚིག་བསྟེན་པར་བྱས་པས་སོགས་ཀྱིས་ཞེས་གསུངས་ཏེ། བླ་མའི་རྣལ་འབྱོར། སྔགས་བཀོད་པའི་ལག་པ་གཡོན་པས་སྦྱངས་པའི་སོགས་ཀྱིས་བདུད་རྩི་བྱིན་བརླབ་ལག་མཆོད་བྱས། དེས་བདག་བསྲུང་བ་གནས་བསྲུང་བ་ལ་བགེགས་གཏོར་བྱིན་ནས་བསྐྲད་དེ་ལྷ་མོ་སྤྲོ། རྭ་གུར་དང་བཅས་པའོ། །རྣལ་འབྱོར་གྱི་བསྲུང་བ་སྟོང་ཉིད་བསྒོམ་པར་བྱའོ། །གཉིས་པ་ཆུ་སོགས་བྱིན་གྱིས་བརླབ། དེ་ཡང་། དེ་ནས་དྲི་བཞི་པོ་དང་བཅས་པའི་ཆུས་དཀྱིལ་འཁོར་འཐོར། དེའི་དབུས་སུ་གཡོན་པའི་སྲིན་ལག་བསྐོར་ཏེ་པུ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་གནས་ཉི་ཤུ་རྩ་བཞིའི་རྣམ་པར་དག་པ་དང་། གནས་ལ་སོགས་པའི་མིང་བཅུ་ས་བཅུར་མོས་པ་བརྗོད་པར་བྱའོ། །ཞེས་གསུངས་པས། འདི་ནི་སྤྲུལ་པ་སྐུ་ལམ་དུ་བྱེད་པ་སྟེ། ཀུན་སྤྱོད་ཀྱི་ཚིགས་བཅད་དང་པོས་བསྟན་ནོ། །གསུམ་པ་ཕྱི་རོལ་འཁོར་ལོ་བསྐྱེད། །ཅེས་པ་ཡང་དེའི་རྗེས་སུ་དཀྱིལ་འཁོར་དེར་ཡིད་ཀྱིས་འབྱུང་བ་ཆེན་པོ་བཞི་ཡང་དག་པར་གནས་པའི་རི་རབ་ཀྱི་སྟེང་དུ་ཁང་པ་བརྩེགས་མའི་ནང་དུ་གནས་པ་སྣ་ཚོགས་པདྨའི་ལྟེ་བར་རང་གི་སྙིང་གའི་ས་བོན་ལས་རྣམ་པར་སྤྲོས་པའི་ས་བོན་བལྟས་ལ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་དང་བཅས་པ་བཅུ་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས་མ་དང་སྙོམས་པར་ཞུགས་པར་བལྟའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་འཕྲེང་བ་རྣམས་ཀྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའི་ཕྱོགས་སུ་མངོན་པར་ཕྱོགས་པ་མངོན་པར་མཆོད་ལ་སྔགས་དང་བཅས་པས་དམ་ཚིག་གི་འཁོར་ལོ་བཅུག་སྟེ་རོ་མཉམ་པར་བྱས་ལ་དབང་བསྐུར་རོ། །ཞེས་པ་ནི་དཀྱིལ་འཁོར་སྒྲུབ་པ་ཡིན་ལ། འདི་དང་ཉིན་དང་པོ་སྟ་གོན་གྱི་ཡེ་ཤེས་པ་རོ་མཉམ་གཞུག་པ་ཡིན་ནོ། །འདིར་བུམ་བསྐྱེད་མཛད་པ་ནི་མཆོད་པ་མཉམ་དུ་བྱེད་པའི་དབང་དུ་བྱས་ལ། མཆོད་པ་མཉམ་དུ་བྱེད་ན་ཡང་བཟླས་ཏེ་ཞུ་བ་བསྟོད་པའི་མཐར་རོ། །ཞེས་ཁོ་བོའི་རྗེ་གསུང་། ཕྱག་ལེན་ལའང་གང་བདེ་མཛད་དོ། །བཞི་པ་མཆོད་པ་རྫོགས་པར་འབུལ་བ་ནི། མཆོད་པ་རྣམས་ཀྱིས་མཉེས་པར་བྱས་ཏེ་ཞེས་པ། དེ་ཡང་ཕྱི་ནང་གསང་བ་དེ་ཁོ་ཉིད་བཤགས་པ་བསྟོད་པ་རྣམས་ཏེ། མཆོད་པ་ནི། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་དང་། དྲི་དང་མེ་ཏོག་དེ་བཞིན་སྤོས། །ཞེས་དང་། མདོར་བསྟན་དུ་མཆོད་བཞི་ཞེས་གསུངས་པ་དང་། རང་རྫས་ཐིག་ལེ་ཞེས་སོགས་ཀྱིས་མཆོད་པ་བྱ། ལྔ་པ་སྡིག་པ་བཤགས་སོགས་བྱ། །ཞེས་པ། རྒྱུན་བཤགས་བསྟོད་པ་དེ་དག་གི །ཀུན་སྤྱོད་ཀྱི། ལོངས་སྤྱོད་རྫོགས་སྐུར་ཤེས་བྱ་སྟེ། །རྣལ་འབྱོར་ཆེ་ལ་གནས་པ་ཡིན། །དོན་ལོངས་སྐུའི་རྣལ་འབྱོར་རོ། །དེ་ནས་དེ་བཞིན་ལག་པ་གཡོན་པར་སོགས་ནས་ལྷའི་འཁོར་ལོ་དེ་ཡང་བདག་ཉིད་ལ་ཞུགས་པ་རྣམ་པར་བསྒོམ་ལ་ཡི་གེ་བརྒྱ་པའི་སྔགས་དོན་ནོ། །ཞེས་གསུངས་ཤིང་། དེའི་མཐར། དྲུག་པ་བདག་དང་རྣལ་འབྱོར་མཆོད། ནི། ནང་གི་རྣལ་འབྱོར་ལ་འཇུག དེ་ནི་ཀུན་སྤྱོད་ཀྱི། མདོར་བསྡུས་ནས་ནི་རབ་བཤད་པས། །བསྟན་པ། ཞེས། བདུན་པ་ཚོགས་འབུལ་ལོངས་སྤྱོད་བྱ། །ཚོགས་ཀྱི་འཁོར་ལོ་སྟེ། དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་སྟེ་མཆོད་པར་བྱ། །ཞེས་པས་ཏེ། བརྒྱད་པ་གླུ་དང་གར་གྱིས་མཆོད། །སྡོམ་འབྱུང་དུ། གླུ་དང་གར་གྱི་དགའ་བདེས་མཆོད། །ཅེས་དུས་དེའི་ཚེ་བྱ་བའོ། །དགུ་པ་གཏོར་མ་གཏང་བྱ་ཞིང་། ནི། དེ་ནས་ཚོགས་ཀྱི་བདག་པོ་རྣམས་ལ། །ཞེས་སོ། །འཇིག་རྟེན་པའི་གཏོར་མ་བསྟན་ལ། འཇིག་རྟེན་ལས་འདས་པ་ནི་ཞར་གྱིས་རྟོགས་པར་བྱའོ། །བཅུ་པ་བཀྲ་ཤིས་སྨོན་ལམ་བྱ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །ཞེས་སོ། །ཇོ་བོ་ཆེན་པོ་ནཱ་རོ་པའི་བཞེད་པ་པྲ་ཛྙྱཱ་རཀྵི་ཏས་བཤད་པར་ཡང་། རྟེན་བསྐྱེད་པའི་ཚེ་གཙོ་བོ་བྱང་ཆུབ་པ་ལྔས་བསྐྱེད་པ་ལས་གཞན་སྤྱན་འདྲེན་མན་མཚུངས། ལྔ་པ་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། འདོད་པ་ཀུན་ལྡན་ཞེས་པ། རིགས་ཀྱི་བདག་པོ་བླ་མ་ཉིད་དུ་བྱས་ནས་འོག་ནས་བཤད་པའི་སློབ་མ་འཇུག་པ་དང་དབང་བསྐུར་བའི་ཆོ་ག་དེས་རྫོགས་པར་མཛད་པས་སློབ་དཔོན་གྱི་ལས་ཐམས་ཅད་རྗེས་སུ་གནང་བས་ནོས། དཀྱིལ་འཁོར་དུ་སློབ་མ་གཞུག་པར་བྱ་བའི་ཕྱིར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །སོགས་ཀྱིས་བདེན་པ་བརྗོད། །མཆོད་ཅེས་པ་དབང་བསྐུར་ནས་དེའི་རྗེས་སུ་གཏང་རག་གི་མཆོད་པ་དང་ཚོགས་ལ་སོགས་པ་བྱེད་པའོ། །དེ་ནི་སམ་བུ་ཊར། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་པས་གསུངས་སོ། །བུ་སྡུག་དེ་དག་གདོང་པ་ལ། །དར་རས་ལེགས་པར་བཀབ་ནས་སུ། །ཐལ་མོ་མེ་ཏོག་གིས་བཀང་སྟེ། །ཞེས་པས་དང་པོར་ཁྲུས། མིག་དར་བཅིངས་བ། མེ་ཏོག་གི་འཕྲེང་བ་གཏད་པ། བགེགས་སྦྱང་བ། དྲི་བ་དྲི་ལན། སྡོམ་པ་སེམས་བསྐྱེད་སྦྱིན་པ་ཀུན་བསྟན་ཏེ། སྡོམ་འབྱུང་དུ། སྐུ་གསུང་ཐུགས་ཀྱི་སྡོམ་པའང་སྦྱིན། །ཡོན་དང་ལྷན་ཅིག་མཉམ་ལྡན་པའི། །མེ་ཏོག་སིལ་མ་རབ་གཟུང་ནས། །དང་། ཀྱེ་ཁྱོད་སུ་ཡིན་དྲི་བྱ་སྟེ། །བདག་ནི་སྐལ་བཟང་ཞེས་ཀྱང་སྨྲ། ཞེས་འབྱུང་བས་སོ། །འདི་ལ་ནག་པོ་སྤྱོད་པའི་དཀྱིལ་ཆོག་ཏུ། སློབ་མ་རྣམ་སྣང་དུ་བསྐྱེད། གོང་ནས་གོང་མའི་སོགས་ཀྱིས་སྡོམ་པ། ཡི་གེ་བདུན་པ་བརྗོད་པའི་གསང་གཏོར། བུ་ཚུར་ཞེས་བསྲུང་བ་དང་གོ་ཆ་དགོད། མིག་དར་བཅིངས་པ་རྣམས་ཡོལ་བའི་ཕྱིའི་བྱ་བར་བཤད། མཻ་ཏྲི་པས་ཀྱང་རྣམ་སྣང་དུ་བསྐྱེད། མེ་ཏོག་གཏད། མིག་དར་བཅིངས། ལས་ཐམས་ཅད་པའི་ཆུས་བསངས། དྲི་བ་དྲི་ལན། རྣལ་འབྱོར་སེམས་བསྐྱེད། གསང་བར་གདམས་པ་རྣམས་བཤད་དེ། དེ་ནས། ཡང་དག་པར་ནི་ཞུགས་པ་དག །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །དེ་ནས་བསྐོར་བ་བྱས་ནས་ནི། །བློ་བཟང་ཡིད་ནི་མཉམ་བཞག་པ། །ཕོ་བྲང་ཉམས་དགར་བཞུགས་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་བིདྱཱ་སོགས་ཀྱིས་དཔའ་བོ་བསྐུལ་ཏེ་ནང་དུ་བཅུག སངས་རྒྱས་ཀུན་གྱི་སོགས་ཀྱིས་གསོལ་བ་གདབ་ལ། བླ་མའི་ཕྱག་བཞེས། འདིར་སློབ་མ་རྣལ་འབྱོར་མར་བསྐྱེད། གོ་ཆ་དགོད་པར་མཛད། བླ་མའི་ཞལ་སྔ་ནས་རྣམ་སྣང་དུ་བསྐྱེད་དམ་ཕག་མོ་གང་བསྐྱེད་ཀྱང་འདྲ་བ་ཡིན། རྣམ་སྣང་སྐུ་རྡོ་རྗེ་ཡིན་གང་ཡིན་ཞེ་ན། སྣ་ཚོགས་གཟུགས་བརྙན། འདི་ཀ་རྡོ་རྗེ་ཡན་ལག་མ་ཡིན་པའི་ཕྱིར་རོ་གསུང་། དེ་ནས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོགས་ཀྱིས་སློབ་དཔོན་གྱི་སློབ་མ་གཞུག་པའི་ཆེད་དུ་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་བཏབ། དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་ཕྱག ན་མཿཏེ་སོགས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མཆོག །ཅེས་པའི་ཚིགས་བཅད། དེ་ནི་ཤར་ནས་གཡོན་སྐོར་གྱི་བསྐོར་བས་སོ་སོའི་སྒོ་ནས་གཞུག་པའི་ཕྱག་བཞི་བྱ་སྔགས་ཀྱི་ཕྱག་ནག་པོ་པའི་ལུགས་ལས་བྱུང་། མཻ་ཏྲི་ལུགས་ལ་ཕག་མོ་དང་ནི་ཞེས་ཚིགས་བཅད་དང་བཅས་པས་ཕྱག་བདུན། བླ་མའི་ཕྱག་བཞེས་ལ་སྔགས་སམ་ཚིགས་བཅད་གདམ་ངའོ། །ནག་པོ་སྤྱོད་པ་འདིར་མཛད། མཻ་ཏྲི་པ་བྱིན་ཕབ་ཀྱི་མཐར་མཛད། ཕལ་མོ་ཆེ་འདིར་མཛད་དོ། །དེ་ནས་སྡོམ་པའི་ཕྱིར་གསོལ་བ་བཏབ་སྟེ། ནག་པོ་པས་སྒྲག་པ་ཙམ་མཛད། མཻ་ཏྲི་པས་སྔར་སྟ་གོན་དུ་རྒྱས་པར་གསུངས་པ་ཉིད་ཀྱིས་འདིར་མ་བཤད། སོ་སོའི་ཐར་པ་ལྟ་བུ་དང་མི་འདྲ་བར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡང་དང་ཡང་དུ་བླང་བར་བྱ་བས་འདིར་བསྐྱར་ཏེ་བསྒྲགས་གཟུང་བྱ་བ་ནི་བླ་མའི་ཕྱག་བཞེས་སོ། །དེ་ནས་དམ་སྒྲག་བཞི། ཡེ་ཤེས་འབེབས་པ། དེ་ཉིད་འདིར། ཡང་དག་པར་ནི་ཞུགས་པ་དག །ཅེས་པས་གསང་བའི་འཇུག་པའོ། །ཆོ་ག་གང་གིས་འཇུག་ན། སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ཞེས་པས་སོ། །ལྷོ་ཡི་ཕྱོགས་སུ་ལུས་བརྟེན་ལ། །ཐལ་མོའི་མེ་ཏོག་དེ་ནས་དོར། །དཀྱིལ་འཁོར་སྟེང་དུ་དོར་བར་བྱ། །གང་དུ་མེ་ཏོག་དེ་ལྷུང་བ། །ཤྲཱི་ཧེ་རུ་ཀའི་གནས་སོགས་བསྟན། དེ་ཡི་རིགས་ནི་རྣམ་བསྟན་ཏེ། །ཞེས་པ་དཀྱིལ་འཁོར་གྱི་ཁ་དོག་དྲི། མེ་ཏོག་བདེན་པའི་སྟོབས་བརྗོད་པས་དོར་བ། ལྷ་དེའི་མཚན་མ་དང་ཉེ་བ་དེའི་རིགས་སུ་ཤེས་པར་བྱས་ལ་དཀྱིལ་འཁོར་དང་ལྷ་བསྟན་པར་བྱའོ། །ཇི་ལྟར་སློབ་མ་གཟུང་བའི་གྲངས་ལ། གསང་བའི་སྤྱི་རྒྱུད་དུ། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བར་མི་ཤེས་སོ། །ཞེས་གསུངས་པ་དེ་ནི་གསང་སྔགས་ཀྱི་སྒོར་འཇུག་འོས་པ་ཉུང་བ་ཙམ་དང་བྱ་བའི་རྒྱུད་ནི་དྲང་བའི་དོན་ཤས་ཆེ་བ་ལ་དགོངས་པར་ཟད་དེ། གལ་ཏེ་རྒྱུད་སྡེ་ཐམས་ཅད་དུ་འདི་ག་འཐད་རྒྱུ་ཡིན་ན་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དུ། བཅུའམ་བརྒྱད་དམ་བདུན་ནམ་ལྔ། །དཔྱད་མི་དགོས་པ་གཟུང་བར་བྱ། །ཞེས་དང་། རྣལ་འབྱོར་རྒྱུད་ཀྱི་ནང་ཚན་རྡོ་རྗེ་རྩེ་མོ་ལས། དེ་ནས་སློབ་མ་འཇུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཆེན་པོ་དེར་ནི་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་གཞུག་ཏུ་རུང་ངོ་། །སྣོད་དང་སྣོད་མ་ཡིན་པའི་བརྟག་པར་མི་བྱ་སྟེ། །ཞེས་དང་། བླ་མེད་དུས་ཀྱི་འཁོར་ལོར། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་དུས་གཅིག་ཏུ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི། ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་གི་མི་ཐམས་ཅད་ལ་དབང་བསྐུར་བ་གསལ་བར་གསུངས་པའི་ལུང་ཕྱི་མ་རྣམས་གསུང་བར་ཡང་མི་འགྱུར། སྤྱིར་གྲངས་ཟུང་མི་ཤིས་ལ་སྤྱོད་རྒྱུད་ལ་དེ་ཤིས་པའི་འཐད་པ་ཡང་མེད་དོ། །དེ་བས་འོག་མའི་ལུང་གིས་གོང་མ་སུན་འབྱིན་པར་བྱེད་པ་ནི་ཚར་བཅད་ཀྱི་གནས་སོ། །འདུལ་བའི་བསྙེན་རྫོགས་བསྒྲུབ་པ་ལ་གྲངས་ངེས་དགོས་པའང་མཚམས་གཅིག་ཏུ་ཚོགས་ཀྱིས་འཚོགས་ལ་ལས་མི་ཆགས་པར་བཤད་པའི་ལུང་གནོད་བྱེད་དུ་ཡོད་ལ། མཚམས་ཐ་དད་ན་དེར་ཡང་མང་པོ་འདོན་པ་གཅིག་གིས་རྫོགས་སུ་རུང་བས་གཞན་གྱི་འདི་དང་རིགས་བསྒྲེ་བྱས་པ་ལྐུག་མའི་རིགས་འདྲེའོ། །ཞར་ལ་སྤྱོད་རྒྱུད་ལ་གྲངས་ངེས་མེད། །གཞན་གཉིས་ལ་ཡོད་པར་འདོད་པའང་ཁེགས་སོ། །ཡང་སྤྱོད་རྒྱུད་ལ་གྲངས་ངེས་མེད་པ་ཁས་བླངས་པས། དེ་བས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པར་ནི། །མཚན་མོ་གཅིག་ལ་ཚར་མི་ནུས། །དེ་ཡི་མཚན་མོ་མ་ཚར་ན། །ཆོ་ག་ཉམས་པར་འགྱུར་པ་གསུངས། །དེའི་ཆོ་ག་ཚར། བྱ་བའི་རྒྱུད་ཀྱི་ཆོ་ག་མི་ཚར་བའི་རྒྱུ་མཚན་ཅི་ཡང་མེད་པས་རིགས་པ་འདི་འཐད་པ་མ་ཡིན་ནོ། །འཐད་ན་རྡོ་རྗེ་རྩེ་མོ་ལ་སོགས་པའི་དབང་ལ་སློབ་མ་གསུམ་ཙམ་ལས་གཞན་ལ་བསྐུར་མི་རུང་སྟེ། དེང་སང་གི་དགྱེས་རྡོར་ལྟ་བུ་དང་ཆོ་ག་རྒྱས་བསྡུས་ཆེས་ཆེན་པོ་མཐོང་བའི་ཕྱིར་རོ། །ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་བརླབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་བར། །མཆོད་ནས་གཤེགས་སུ་གསོལ་བར་ཤིས། །འདི་མཚན་མོ་གཅིག་ལ་ཚར་དགོས་པའི་ཤེས་བྱེད་དུ་འདྲེན་པ་རྟགས་ལྟར་སྣང་སྟེ། དེའི་ལྷ་ནི་འཇིག་རྟེན་པ་ཁོ་ན་སྟེ་དེ་དག་ལ་མཚན་མོ་རྒྱུ་བ་ཞེས་བཞག་པས་སོ། །ཡང་། འདི་ནི་བྱ་བའི་རྒྱུད་ཡིན་པས། །གཞན་གྱི་ཆོ་ག་མིན་སྙམ་ན། །གཞན་རྣམས་ཀུན་ལ་འདི་འཇུག་པར། །སྤྱི་རྒྱུད་ཉིད་ལས་འདི་སྐད་གསུངས། །གང་དུ་ལས་ནི་ཡོད་གྱུར་ལ། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །དེ་སྐད་གསུངས་ཕྱིར་ཆོ་ག་འདི། །རྒྱུད་རྣམས་ཀུན་ལ་འཇུག་པ་ཡིན། །དེ་ཡང་། ལས་ཡོད་ལ་དེའི་ཆོ་ག་མེད་པར་བཤད་པ་བྱ་རྒྱུད་ཁོ་ན་སྟེ། རྒྱུད་དེ་ཉིད་ཀྱི་དབུར། གཞན་གྱི་མི་ཐུབ་ལ་སོགས་གང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །རབ་ཏུ་གནས་པའི་ལ་སོགས་གང་། །པདྨ་རིགས་ཀྱི་བཤད་པ་དག །རྣམ་པར་གནོན་པ་ལ་སོགས་པ། །དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། །ཆོ་ག་དེ་ནི་ངས་བཤད་དེ། །དེ་ལྟ་བས་ན་ཆོ་ག་འདིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་འབྱུང་བས་སོ། །དེ་བས་འདི་བྱ་བའི་རྒྱུད་ཀུན་ལ་འཇུག་པའི་སྤྱི་རྒྱུད་ཡིན་གྱིས། རྒྱུད་སྡེ་ལྷག་མ་དག་གི་སྤྱི་རྒྱུད་དུ་འགྲོ་བའི་ཤེས་བྱེད་ཏིལ་འབྲུ་ཙམ་ཡང་མེད་དོ། །འོ་ན་ཁྱེད་རང་གི་མི་ལ་རས་པས། རང་རྡོ་རྗེ་འཆང་དང་མི་མཉམ་པར། །ཁྲོམ་ལ་དབང་བསྐུར་མ་བྱེད་ཅིག །ཅེ་ན། རྡོ་རྗེའི་ཚིག་དེ་ནི་སློབ་དཔོན་གྱི་མཚན་ཉིད་མི་ལྡན་པར་དབང་བསྐུར་བ་དག་དགག་པ་ཡིན་ཏེ། རྡོ་རྗེ་འཆང་དང་མཉམ་པ་ཡང་། བརྟག་གཉིས་སུ། རང་འདོད་ལྷ་མཉམ་ཞེས་སྔགས་བླ་མེད་ཀྱི་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཀྱི་ཟུར་དང་པོར་གསུངས་པའོ། །དེ་ལྟ་བུའི་སློབ་མ་ལ་སྟེར་རྒྱུ་ནི་སྡོམ་པ་གཉིས་ཏེ། སྤྱིའི་སྡོམ་པ་དང་། སློབ་དཔོན་གྱི་སྡོམ་པའོ། །དང་པོ་ནི། སོ་སོ་ཐར་པ་དང་ཀུན་རྫོབ་སེམས་བསྐྱེད་ཡིན་ལ། གཉིས་པ་ནི་རིགས་ལྔའི་སྡོམ་པའོ། །ཕྱི་མ་དེ་སློབ་དཔོན་དུ་གཉེར་བ་ལ་སྟེར་གྱིས། སློབ་མའི་དབང་ཙམ་བླངས་ནས་དངོས་གྲུབ་བསྒྲུབ་པར་འདོད་པ་ལ་ནི་མི་སྟེར་བས་སྡོམ་གཟུང་ནས་དམ་བསྒྲག་གི་བར་མི་བྱའོ། །དེ་བས་ན་དུས་འཁོར་དུ་དབང་བདུན་ཙམ་གྱི་སྣོད་དུ་གྱུར་པ་ལ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་གདུལ་བྱར་བཤད། འདི་དང་གསང་འདུས་གཉི་གར། སྔགས་ལ་གཞོལ་བའི་སྒྲུབ་པ་པོའི་གང་ཟག་དེ་ལ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྣོད་དུ་བཤད་པ་དེ་གཉིས་མི་མཐུན་ཏེ། འདིར་ནི་དབང་བཞིའམ་བུམ་དབང་རྫོགས་པར་ཐོབ་ཀྱང་ཀུན་རྫོབ་རྒྱ་ཆེ་བ་ལ་མོས་ན་དེ་བསྐྱེད་རིམ་གྱི་གདུལ་བྱ་དང་། བསམ་གཏན་ལ་གཞོལ་བ་དག་ནི་དོན་དམ་ཟབ་མོ་ལ་མོས་པས་རྫོགས་རིམ་པའི་གདུལ་བྱར་བཞག་གོ །དཔེར་ན་ཕར་ཕྱིན་པ་མཉམ་པོ་ལ་རྒྱ་ཆེན་སྤྱོད་པ་བ་དང་ཟབ་མོ་ལྟ་བ་པར་འབྱེད་པ་བཞིན་འདས་པའི་རྒྱུད་རྒྱུ་ལ་སློབ་པ་དང་། དངོས་རྒྱུ་ལ་སློབ་པའི་ཁྱད་ཡིན་ནོ། །དེ་ཡང་དབང་བདུན་ཙམ་གྱི་གདུལ་བྱ་ནི་བསྐྱེད་རིམ་པར་ངེས་པ། རྒྱུད་འདིའི་གོང་ཆུང་ཙམ་གྱིས་རྗེས་སུ་འཛིན་འོས་པ་དང་། མོས་པ་དང་པོ་ནི་བཅོས་མའི་རིམ་པ་དང་། གཉིས་པ་མ་བཅོས་པའི་རིམ་པ་ཞེས་བྱ་སྟེ། མོས་པ་དམན་པ་ལ་མོས་པ་དབང་པོ་རཏལ་པོ་རིམ་གྱིས་པར་སོང་། མོས་པ་མཆོག་ལས་མོས་པ་དབང་པོ་རྣོན་པོ་ཅིག་ཅར་བར་སོང་བས་སངས་རྒྱས་བ་ལའང་མྱུར་བུལ་ཤོར་ཏེ། ཕར་ཕྱིན་ཏུ། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རཏལ་པོས་རྟོགས་དཀར་བཞེད། །ཅེས་པ་བཞིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དཀྱིལ་འཁོར་ལ་སོགས་ལས་གང་གི །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་ཉིད་རིགས་ལ་མིན། །གང་ཡང་སྒྲ་ཤེས་བསྟན་བཅོས་རྣམས། །དྲང་སྲོང་རྣམས་ཀྱིས་བྱས་པ་ལྟར། །རང་གི་སེམས་ནི་འཇུག་བྱེད་པའི། །སྐྱེས་བུ་བཅོས་མའི་བྱ་བ་རྣམས། །རྒྱུད་ཀྱི་རྗེས་སུ་འབྲངས་ནས་ནི། །འབད་པས་སྡུག་བསྔལ་སློང་བར་བྱེད། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་པའི། །བྱ་བའི་ཆོ་ག་ལ་འབད་པས། །ཐར་པ་དང་བྲལ་ཕྱི་རོལ་ཏེ། །སྐྱེས་བུ་ཉོན་མོངས་འབའ་ཞིག་བྱེད། །ཅེས་དང་། དྲི་མེད་འོད་ལས། འདིར་གང་ཞིག་བཏགས་པའི་སྒྲུབ་ཐབས་དེ་ནི་འཁྲུལ་པ་ཞེས་པ་སྟེ། རྡོ་རྗེ་ཅན་གྱི་སྒྲུབ་ཐབས་གང་ཡིན་པའོ། །དེའི་ཕྱིར་རྒྱལ་པོ། རང་སེམས་དྲི་མ་རྣམ་པར་བྲལ་བ་ཏེ་བཏགས་པ་དང་བྲལ་བ་དག་གི་དཀྱིལ་འཁོར་གྱི་དབང་པོར་བྱའོ། །ཞེས་ངེས་པའོ་ཞེས་འབྱུང་བས་སོ། །བདེ་མཆོག་གསང་འདུས་ནས་གསུངས་པ་དེ་བསྐྱེད་རིམ་པའི་མ་ངེས་པའི་རིགས་ཏེ། དེ་མཐར་ཐུག་པར་མ་བྱས་པར་རྫོགས་རིམས་སུ་འཇུག་པ་ཡང་ཡོད་པས་སོ། །བསམ་གཏན་ལ་གཞོལ་བ་ནི་རྫོགས་རིམས་པའི་ངེས་པའི་རིགས་ཞེས་བྱ་སྟེ་དང་པོ་ནས་དེ་ཉིད་བཟོད་པའི་ཕྱིར་རོ། །དོན་ལ་རྣམ་པར་རྟོག་པ་ཤས་ཆེ་བ་དང་འབྲིང་དང་ཉུང་བའི་ཁྱད་དུ་ཟད་དེ། དག་དང་མ་དག་འདྲེས་པ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །མཉམ་བྱེད་རྣམ་པར་དག་པ་སྟེ། །གསལ་བྱེད་ཡོན་ཏན་ལྡན་པའི་མིས། །ཞེས་གསུངས་ལ། དེ་ཉིད་རྡོ་རྗེ་མཁའ་འགྲོར། གཡོ་བ་དང་འདྲེས་པ་དང་བརྟན་པ་གསུམ་གྱིས་སློབ་མའི་དབྱེ་བ་གསུངས་པ་དེ་དག་གོ །ཁ་ཅིག བདག་གིས་སྡོམ་པ་མ་ལུས་གཟུངས། །ཞེས་བྱུང་བས་འདིར་སྔགས་སྡོམ་རྫོགས་པར་ཐོབ་པའི་ཡིན་ནོ་ཞེས་སྨྲའོ། །དེ་ནི་མི་རིགས་ཏེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་པའི་ལུང་དང་འགལ་བ་དང་། གང་གི་རིགས་སུ་མ་སྐྱེས་པ་ལ་དེའི་བྱ་བ་མི་འཐད་དེ། གདོལ་པ་ལ་བྲམ་ཟེའི་གཙང་སྦྲ་ལྟ་བུའོ། །ཡང་དེ་ནི་དབང་གི་ཆོ་ག་ལས་ཐོབ་པ་ཡིན་ཏེ། དེ་ནི་སྔོན་འགྲོ་ཡིན་པས་སོ་སྙམ་ན་རྒྱུ་ཚོགས་གྲངས་མ་ཚང་བ་ལས་འབྲས་བུ་སྐྱེ་བ་ནི་རིགས་པ་མཁྱེན་པ་དག་གིས་བཀག་པའི་ཕྱིར་རོ། །དེ་བས་ན་འདི་དུས་སུ་རྡོ་རྗེ་ལ་སོགས་པའི་རིགས་དང་མི་ལྡན་པ་དང་། གང་དང་གང་གི་དབང་ཐོབ་ན་དེའི་རིགས་དང་ལྡན་པར་འགྱུར་ཏེ། འགྲེལ་པར། ཇི་ལྟར་འཇིག་རྟེན་ཀུན་རྫོབ་ཏུ་རིགས་དང་མི་ལྡན་པ་ཡང་འཁོར་ལོ་སྒྱུར་བའི་རིན་པོ་ཆེའི་གདུགས་ཀྱི་འོག་ཏུ་བཞག་པས་རིགས་དང་ལྡན་པར་འགྱུར་རོ། །འདི་ལྟར་སྣ་ཚོགས་བཤེས་གཉེན་ལ་སོགས་པ་ཁྱི་ཤ་འཚེད་པ་ལ་སོགས་པའི་མངལ་ལས་བྱུང་བ་རིགས་དང་མི་ལྡན་པ་ཡང་སྔགས་དང་བསམ་གཏན་དང་དཀའ་ཐུབ་ཀྱི་སྟོབས་ཀྱིས་བྲམ་ཟེ་ལ་སོགས་པར་འགྱུར་རོ་ཞེས་སོ། །རིགས་དེའི་བྱ་བ་ལས་ཉམས་ན་རིགས་དང་མི་ལྡན་པར་འགྱུར་བ་རྒྱལ་པོ་དམངས་སུ་བབ་པ་ལྟ་བུ་ཡིན་པས་དམ་ཚིག་ཉམས་ན་སླར་མ་སྨིན་པའི་གྲངས་སུ་འགྱུར་རོ། །དེ་ཡང་འགྲེལ་པར། དེ་བཞིན་དུ། རིགས་དང་ལྡན་པའི་བྲམ་ཟེ་རྣམས་ཀྱིས་བ་གླང་གི་ཤ་ལ་སོགས་པ་ཟོས་ཤིང་གདོལ་པ་ལ་སོགས་པ་རིགས་དང་མི་ལྡན་པ་རྣམས་ཀྱི་ཁྱིམ་དུ་ཟོས་ན་རིགས་དང་མི་ལྡན་པར་འགྱུར་རོ་ཞེས་གསུངས་སོ། །དམ་སྒྲག་བཞི་ནི། ཕན་ཡོན་ཉེས་དམིགས་གཉིས་ཀ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་བསྒྲག་པའོ། །དེ་ནས་བྱིན་དབབ་བྱའོ། །བྱིན་དབབ་ཅེས་པའི་བྱིན་དེ་རྡོ་རྗེ་སེམས་དཔའོ། །དབབ་པ་ནི། དེས་བརླམས་སུ་འཇུག་པ་སྟེ་ཕལ་པའི་ལུས་ལ་མི་མ་ཡིན་འགའ་ཞིག་ཞུགས་པ་ན་དེ་ལྟར་ལས་རྣམ་པར་འགྱུར་བ་ལྟ་བུའོ། །རྡོ་རྗེ་སེམས་དཔའ་ངོ་མ་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་སྟེ། དེ་དབབ་པ་ནི་ས་ཐོབ་པའོ། །དེ་ལ་མཚོན་བྱ་དོན་གྱི་དཀྱིལ་འཁོར་མཐོང་བའི་ཐ་སྙད་བྱས། བདག་བྱིན་གྱིས་བརླབས་པས་ལོངས་སྤྱོད་རྫོགས་པའི་སྐུ་བབས་པ་ལ་སྒྱུ་མ་ལྟ་བུའི་འཁོར་ལོ་མཐོང་བ་ཞེས་བཞག དེ་ཡང་མཚོན་བྱ་དོན་དུ་བཞག་སྟེ་རྣམ་གྲངས་པའི་དོན་དམ་ལ་དགོངས། དཔེ་པྲ་སེ་ན་བབས་པ་ལྟ་བུའོ། །གཞན་དུ་བ་སྤུ་གཡོ་བ་ཙམ་སྟེ། དེ་བརྟན་པའི་ཕྱིར་སྔགས་བརྗོད་ནས་དཀྱིལ་འཁོར་གྱི་ཁ་དོག་དྲི་བ་ནི་ལས་གང་གི་སྣོད་དང་། བདེན་པའི་སྟོབས་བརྗོད་ནས་དཀྱིལ་འཁོར་ལ་མེ་ཏོག་དོར་བ་ནི་ལྷ་གང་གིས་གདུལ་བྱར་ཤེས་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་ལ་དངོས་སུ་དོར་བར་ཕལ་མོ་ཆེར་གསུངས། དེ་མི་རུང་བས་ཚོམ་བུ་བཀོད་པའམ། དྲི་མེད་འོད་དང་ནག་པོ་སྤྱོད་པས་བུམ་པའི་མཚན་མ་ལ་དོར་བར་གསུངས་པ་བཞིན་བྱའོ། །དེ་ནས་མིག་དར་ཕྱེ་ནས་དཀྱིལ་འཁོར་ཀུན་བསྟན་ཅིང་ཁྱད་པར་མེ་ཏོག་ཕོག་པའི་ལྷ་དེ་སྟོན། འདིར་ཞུགས་པ་དང་པོ་དང་གཉིས་པའི་དབང་དུ་མཛད་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་པ་བཤད་པ་དང་། གཞན་དུལ་བའི་ན་བཟའ་ཅན་གྱིས་དཀྱིལ་འཁོར་ཙམ་བསྟན་དཀྱིལ་འཁོར་དང་ལྷའི་དེ་ཉིད་མི་སྟོན་པར་བཤད་པ་བཞིན་བྱའོ། །གང་གིས་དཀྱིལ་འཁོར་མཐོང་བ་དེ་ལ་དབང་བསྐུར་བར་འོས་ཀྱི་གཞན་མ་ཡིན་པས་འཇུག་པ་སྔོན་དུ་ངེས་པར་གཏོང་སྟེ། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སོ། །སྐྱེ་བ་སྔོན་བསགས་སྡིག་པ་རྣམས། །དཀྱིལ་འཁོར་མཐོང་བས་བྱང་བར་འགྱུར། །ཞེས་དཀྱིལ་འཁོར་མཐོང་བ་ལ་ཕན་ཡོན་དེ་ལྟ་བུ་ཡོད་དོ། །ཞེས་ཤེས་པར་བྱའོ། །དྲུག་པ་དབང་བསྐུར་བ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། རྒོད་དང་ལྟ་དང་ལག་འཛིན་གྱི། །འཁྱུད་དང་གཉིས་སྤྲོད་ལ་སོགས་པ། །དབང་བསྐུར་བར་ནི་འགྱུར་བ་ཡིན། །སྔར་མི་དབང་བ་ལ་དབང་བར་བྱེད་པ་སྟེ། སྐྱེས་བུ་རྒྱལ་སར་བཏོན་པ་ལྟ་བུའོ། །སྔར་མི་དབང་བ་ནི་མ་རིག་པས་བཅོས་པ་གློ་བུར་གྱི་དྲི་མ་ཞེས་བཞག་པ་འདི་ཡིན་ལ། ད་དབང་བ་ནི་དེ་དག་པས་ཏེ། ཡེ་ཤེས་སྙིང་པོའི་རྒྱུད་ལས། ཨ་ཡི་ཡིག་འབྲུ་དགའ་བ་ཡིན། །བྷི་ཡི་ཡིག་འབྲུ་མཆོག་ཏུ་དགའ། །ཥེ་ཡི་ཡིག་འབྲུ་དགའ་བྲལ་དགའ། །ཀ་ཡི་ཡིག་འབྲུ་ལྷན་སྐྱེས་སོ། །ཞེས་བྱ་བ་ལ་སོགས་པའམ། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་བརྟག་གཉིས་ལས་སོ། །དབང་དེ་ལ་རྒོད་དང་ཞེས་པ། འདོད་ཁམས་ཀྱི་ཆགས་པ་ཆུང་ངུ་ནི་རྒོད་པ་སྟེ། དེའི་དག་པའམ་ཆགས་ཅན་པའི་བདེ་བ་ཆུང་ངུ་ཡིན་པས་དགའ་བ་སྟེ་བུམ་དབང་། བལྟ་བ་ནི་དེ་བས་ཅུང་ཟད་རགས་པའི་ཆགས་པ་སྟེ། དེའི་དག་པའམ་བདེ་བ་དེ་བས་ཅུང་ཟད་ལྷག་པས་མཆོག་དགའ་སྟེ་གསང་དབང་། ལག་འཛིན་ནི་སྔ་མ་གཉིས་ཀ་ལས་ཆེས་རགས་པའི་འདོད་ཆགས་ཡིན་ལ། དེའི་དག་པའམ་ཁྱད་པར་འཕགས་པའི་བདེ་བ་ཡིན་པས་ཁྱད་དགའ་སྟེ་དབང་གསུམ་པ། གཉིས་སྤྲོད་པ་ནི་འདོད་ཁམས་པའི་ཆགས་པ་མཐར་ཐུག་ཡིན་ལ། དེའི་དག་པའམ་བདེ་བ་ཆེན་པོའི་ཆེན་པོ་ཡིན་པས་ལྷན་ཅིག་སྐྱེས་དགའ་ཏེ་དབང་བཞི་པའོ། །ལ་སོགས་པ་ཞེས་པས་དེ་དག་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་གཉིས་གཉིས་སུ་གནས་པར་བཤད་པ་སྟེ། དུས་ཀྱི་འཁོར་ལོར་གོང་མ་ཆུང་ངུ་དང་ཆེན་པོ་གསུངས་པའི་རིམ་པས་སམ། འགྲེལ་པར། ཤེས་རབ་ཀྱི་ཡན་ལག་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བདེན་པས་དབང་བསྐུར་བ་བཞིན་ནོ། །ཞེས་གསུངས་པ་དང་། ཡང་གོང་མ་ཆུང་ངུ་དང་ཆེ་བར་བཤད་པ་དེ་ཉིད་དུ། དེ་ཕྱིར་དབང་བསྐུར་བ་བདུན་པོ་རྣམས་ཀྱི་གོང་མ་ནི་བུམ་པའི་དབང་བསྐུར་བའོ། །ཡང་ན་སོ་སོར་གོང་མ་གསུམ་པོ་རྣམས་ཀྱི་དང་པོ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གཉིས་པ་ནི་གསང་བའི་དབང་བསྐུར་བའོ། །གསུམ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གསུམ་པོ་དེ་རྣམས་ཀྱི་གོང་མའི་གོང་མ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་བསྐུར་བ་སྟེ་འཇིག་རྟེན་ལས་འདས་པའོ། །དེ་ལྟར་དབང་བསྐུར་བའི་རིམ་པ་བརྗོད་པ་ལས་དབང་བསྐུར་བ་བཞི་སྟེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པའི་ཕྱིར་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདི་རྣམས་ལས་བདེན་པ་གཉིས་ཀ་དག་ལས་ཀྱང་དབང་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བར་འགྱུར་རོ། །ཞེས་དང་། དེ་ལྟར་ན། དགའ་བ་ནི་བུམ་པའི་དབང་དུ་འགྱུར་རོ། །མཆོག་ཏུ་དགའ་བ་ནི་གསང་བའི་དབང་དུ་འགྱུར་རོ། །དགའ་བྲལ་གྱི་དགའ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་འགྱུར་རོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཞི་པ་དེ་ཡང་དེ་བཞིན་དེའི་དབང་དུ་འགྱུར་རོ། །ཞེས་སོ། །དེ་ཡང་། དབང་མདོར་བསྟན་ལས། འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་བསྟན་ནོ། །དེ་དག་གི་དང་པོར་དུས་ཀྱི་འཁོར་ལོར་དབང་བདུན་གསུངས་ཏེ། །ཆུ་དང་ཅོད་པན་དར་དཔྱངས་དང་། །རྡོ་རྗེ་དྲིལ་བུ་བརཏལ་ཞུགས་ཆེ། །མིང་དང་རྗེས་གནང་ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་བདག་གོ །ཅེས་བྱིས་པ་འཇུག་པའི་དབང་བདུན་གསུངས་ལ། དེ་དག་གཙོ་བོ་རྡུལ་ཚོན་དང་འབྲེལ་བ་ནཱ་རོ་ཞབས་ཀྱིས་དབང་མདོར་བསྟན་གྱི་འགྲེལ་པར་གསུངས་ལ། ཐམས་ཅད་དུ་མ་ཡིན་ཏེ་སློབ་མ་ཀུན་སྤངས་ལ་ཚིག་ཙམ་གྱི་སྒོ་ནས་སྟེར་བར་ཡང་དེ་ཉིད་དུ་བཤད་དོ། །དེར་བུམ་པ་ལ་སོགས་པ་ནི་དཀྱིལ་འཁོར་དེ་དང་འབྲེལ་བས་མ་ཡིན་ཏེ། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་བཤད་པའི་ཕྱིར་རོ། །ལུགས་འདིར་ཆུ་མི་བསྐྱོད་པ་ལ་སོགས་པའི་དག་པ་མི་བཞེད་ལ། དེའི་ཕྱིར་དེ་དག་ལ་རིག་པའི་དབང་གི་ཐ་སྙད་ཀྱང་མི་འདོགས་ཏེ། ཐ་སྙད་དེ་ཆུ་མེ་ལོང་ལྟ་བུའི་ཡེ་ཤེས་སམ་མི་བསྐྱོད་པ་སོགས་སུ་བཞག ཡེ་ཤེས་དེ་དག་མ་རིག་པ་ཟད་པ་ཡིན་ལ། གང་མ་རིག་པ་ལས་ལོག་པ་དེ་ཁ་རིག་པ་ཆེན་པོ་ཡིན་པས་དེ་མངོན་དུ་བྱས་པས་ན་རིག་པའི་དབང་ཞེས་བརྗོད་པས་སོ། །འདིར་ནི་དག་པ་དེ་བརྗོད་དེ། །སྡོམ་འབྱུང་དུ། ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་གི་དབང་བསྐུར་ཏེ། །དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །བརཏལ་ཞུགས་ལུང་བསྟན་ཉིད་དང་ནི། །རྗེས་གནང་དབུགས་དབྱུང་། །ཞེས་སོ། །མཐའ་རྟེན་འདི་དག་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་དབང་ཆོག་ཕྱེད་བཅས་བཞི་བརྒྱ་པའི་འགྲེལ་པར་སངས་རྒྱས་གཉིས་པ་ཤཱནྟི་པས། རིག་པའི་དབང་བསྐུར་བ་ལས་ནི་ཐུན་མོང་གི་བྱང་ཆུབ་ངེས་པར་ཐོབ་སྟེ། ཁྱད་པར་གྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མ་ཡིན་ནོ། །དེ་བས་ན་རིང་ཞིག་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་ཐོབ་པའི་ཕྱིར་བརཏལ་ཞུགས་སྦྱིན་པ་འབའ་ཞིག་ཙམ་རིག་པའི་དབང་བསྐུར་བ་ལ་བྱ་བར་རིགས་ཀྱི་ལུང་བསྟན་པ་དང་དབུགས་དབྱུང་བ་གཉིས་ནི་མ་ཡིན་ཏེ། དེ་གཉིས་ནི་ཕྱིར་མི་ལྡོག་པའི་ས་དང་འབྲེལ་བའི་ཕྱིར་རོ། །ཡང་གང་ཞིག་ལ་རིག་པའི་དབང་བསྐུར་བ་འབའ་ཞིག་ཙམ་སྦྱིན་ཞེ་ན། སློབ་དཔོན་གྱི་དབང་བསྐུར་བ་དོན་དུ་མི་གཉེར་བའམ། དེའི་དོན་དུ་གཉེར་བ་སྤྱིའི་སྡོམ་པ་ཉི་ཚེ་བ་ཙམ་ལེན་པར་བྱེད་ཀྱི། སློབ་དཔོན་གྱི་སྡོམ་པ་ནི་མ་ཡིན་པ་དག་ལའོ་ཞེས་དང་པོ་ལ་དུས་འཁོར་བཞིན་དང་། གང་ཟག་གཉིས་པ་ལ་དེ་ཉིད་དུ། ལན་འགའ་ནི་རིག་པའི་དབང་བསྐུར་བ་འབའ་ཞིག་ཙམ་ལ་ཡང་བརཏལ་ཞུགས་དང་། ལུང་བསྟན་དང་། དབུགས་དབྱུང་བ་འདི་སྣོད་ཀྱི་ཁྱད་པར་བལྟས་ལ་བྱ་བ་ཉིད། ཅེས་སོ། །དབང་འདི་ཙམ་ཐོབ་པས་རྣལ་འབྱོར་གྱི་རྒྱུད་འཆད་ཉན་ལ་དབང་བར་གསུངས་པས་རྣལ་འབྱོར་གྱི་རྒྱུད་དང་བླ་མེད་ཀྱི་བུམ་དབང་དང་སྡོམ་པ་ལ་ཁྱད་པར་མེད་དོ་ཞེས་སྨྲ་བ་ཡང་རྒྱུད་དང་འགལ་བར་སོང་ངོ་། །འོ་ན་རྣལ་འབྱོར་གྱི་རྒྱུད་ཀྱི་སློབ་དཔོན་དུ་བྱེད་པ་ལ་རིགས་ལྔའི་སྡོམ་པ་དང་ལྡན་པ་དགོས་པར་བཤད་པ་དང་འགལ་ལོ་སྙམ་ན་བདེན་མོད་ཀྱང་། དུས་ཀྱི་འཁོར་ལོར་རིགས་ལྔའི་སྡོམ་པ་ལ་དྲང་ངེས་བཤད་པའི་དྲང་དོན་དེ་དང་། འདི་ལས་དེ་དོན་དུ་གཉེར་བ་སྤྱིའི་སྡོམ་པ་ཉི་ཚེ་བ་ཙམ་ཞེས་པ་གཅིག་སྟེ་དྲང་བའི་ཕྱོགས་དེ་རྣལ་འབྱོར་གྱི་རྒྱུད་ལས་དངོས་སུ་བཤད་པས་འཛིན། དཔལ་དུས་ཀྱི་འཁོར་ལོ་ནས་བཤད་པའི་ངེས་དོན་རྣམ་པར་ཕྱེ་བ་དེ་མི་འཛིན་པར་སོང་། འདི་སློབ་དཔོན་དུ་འགྱུར་ཞེས་པ་ཡང་ཕྱིའི་དེ་ཉིད་བཅུ་ལ་སོགས་པའི་ལས་ལ་མཁས་པར་གྱུར་ན་དེ་དག་གི་འཆད་པ་པོར་ཡང་འགྱུར་རོ། །སློབ་དཔོན་དུ་འོས་སྒྲུབ་པ་པོར་མི་འོས་པ་སྤྱོད་པའི་རྒྱུད་ལས་གསུངས་པས་དེ་དག་གི་སློབ་དཔོན་དུ་འགྱུར་བ་ནི་དཀའ་བ་མ་ཡིན་ལ། འདིར་སློབ་དཔོན་དུ་འགྱུར་བ་ནི། འགྲེལ་པར། འདིར་གལ་ཏེ་དང་པོར་བུམ་པའི་དབང་བསྐུར་བ་ན་སློབ་མ་སློབ་དཔོན་དུ་གྱུར་ན། དེའི་ཚེ་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པ་ལ་ཡང་ཅི་ཞིག་འབྱུང་བར་འགྱུར། སློབ་དཔོན་ཉིད་ནི་རྡོ་རྗེ་འཆང་གི་མིང་སྟེ། དེའི་ཕྱིར་ཇི་ལྟར་དང་པོར་བུམ་པའི་དབང་གི་དབང་བསྐུར་བས་སློབ་དཔོན་ཞེས་བྱ་དེའི་ཕྱིར་འདི་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱི་འཁྲུལ་པ་སྟེ། རིགས་པས་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་ལ། བརྟག་གཉིས་ལས། འདི་ལ་སློབ་དཔོན་གྱི་དབང་ཞེས་གསུངས་པའང་ཕྱིའི་དེ་ཉིད་བཅུ་ཤེས་དེའི་ཕྱོགས་འཆད་པའི་སློབ་དཔོན་ཙམ་དུ་དགོངས་ཀྱི་སློབ་དཔོན་ཇི་ལྟ་བ་དབང་བཞི་པའི་མཐར་དུས་འཁོར་དུ་གསུངས་པ་ཉིད་རིགས་སོ། །ཡང་དུས་འཁོར་དུ་དག་པ་མི་སྦྱོར་བའི་དགོངས་པ་ནི་ལུང་འདིར་ཐུན་མོང་གི་བྱང་ཆུབ་ཐོབ། ཁྱད་པར་གྱི་མ་ཡིན་པར་བཤད་པ་བཞིན་ཏེ། དེ་ཡང་གདུལ་བྱ་དང་པོའི་དབང་ཁོ་ནར་མཛད་པ་སྟེ། དྲི་མེད་འོད་ལས། གང་དུ་མེ་ཏོག་ཕོག་པའི་དེ་བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི། ཐམས་ཅད་དུ་ནི་རིན་ཆེན་འབྱུང་ལྡན་ནི་མ་ཡིན་ནོ། །དེ་བཞིན་དུ་བསྡུས་པའི་རྒྱུད་ལས། ཆུ་ལ་སོགས་པའི་དག་པ་མེད་དེ་ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་གདུལ་བྱ་ནི་རིགས་གཅིག་པ་ཁོ་ན་ཉིད། རྣལ་འབྱོར་རྒྱུད་མན་དུ་ལས་རིགས་སོགས་ལ་ལྔའི་དབྱེ་བ་བཤད་པའང་རིགས་ཆུང་སྟེ་འབྱུང་ཆུང་བཞིན་ནོ། །དེ་བས་ན་དེའི་དབང་རྫོགས་པས་རྣལ་འབྱོར་རྒྱུད་མཐའ་དག་འཆད་པ་ལ་མི་དབང་། རིགས་འདུས་པ་རྣམ་སྣང་ལྟ་བུའི་དབང་རྫོགས་ན་ཐམས་ཅད་འཆད་པ་ལ་དབང་བར་གསུངས་སོ། །དེས་རྒྱུད་སྡེ་གཞན་གཉིས་ལའང་འདྲེའོ། །དེ་དང་འདིར་ཀ་རྡོ་རྗེ་སོགས་རིགས་ཆུང་གི་སྒྲུབ་པ་པོ་འཚོགས་ཀྱི་འདུས་པ་ལ། མངག་གཞུག་པ་ཙམ་དང་། འཁོར་ལོ་སྡོམ་པ་རིགས་ཐམས་ཅད་ཀྱི་བདག་པོ་འདི་ལྟ་བུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ན་ཐམས་ཅད་ཀྱི་སྒྲུབ་པ་པོ། དབང་རྫོགས་ན་ཐམས་ཅད་ཀྱི་འཆད་པ་པོར་ཡང་འགྱུར་བ་གནད་ཀ་གཅིག་གོ །དེ་ཡང་། རྣལ་འབྱོར་འདི་ནི་མཆོག་རབ་དང་། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །གང་ཞིག་རྟག་ཏུ་འདོད་གྱུར་པ། །ལྷ་དང་ལྷ་མིན་མི་རྣམས་ཏེ། །འདི་དག་ཟིལ་གྱིས་གནོན་པར་འགྱུར། །རྒྱུད་འདི་རུ་ནི་དབང་བསྐུར་བས། །ཐམས་ཅད་ཀྱི་ནི་སྒྲུབ་པ་པོ། །ཞེས་གསུངས་པས་སོ། །དེ་བས་ན་བཅོམ་ལྡན་འདས་འཇམ་དཔལ་གྱིས། རིགས་ཐམས་ཅད་རིགས་གཅིག་ཏུ་མཛད་པས་ན་ཕྱིན་ཆད་དེ་ལ་རིགས་ལྡན་དུ་གྲགས་པ་བཞིན་དུ་རིགས་ཐམས་ཅད་ཀྱི་བདག་པོའི་དབང་བསྐུར་བའི་སློབ་དཔོན་ཡང་དེ་ལྟ་བུ་ཡིན་ལ། དེའི་ཕྱིར་སློབ་མ་ཡང་། དེ་ནི་རིགས་ཀྱི་མིང་འགྱུར་བར། །སློབ་དཔོན་གྱི་ནི་མིང་བསྟན་ནོ། །ཞེས་མིང་ཐ་དད་འདོགས་པའང་རིགས་ཆུང་གི་དབང་དུ་དང་། བསྡེབས་གཅིག་ཏུ་མིང་བཏགས་ཆོག་པ་རིགས་ཐམས་ཅད་ཀྱི་བདག་པོའི་དབང་དུ་བྱས་སོ། །དེས་ན་ལྷ་སོ་སོའི་རིགས་ངེས་ན་དེ་སོ་སོའི་རིགས་བདག་དང་མ་ངེས་ན་ཐམས་ཅད་དུ་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའ་རིགས་བདག་བྱ་བར་འཕྲེང་བ་མཁན་པོས་བཤད་པའི་རྒྱུ་མཚན་ཡང་འདིས་ཡིན་ལ། དེ་ཡང་ཀུན་སྤྱོད་ལས། རིགས་ལྔའི་ཀུན་ཏུ་སྤྱོད་པ་ནི། །རིགས་གཅིག་ཉིད་དུ་སྤྱད་པར་བྱ། །ཞེས་པས་བསྟན་ནོ། །དེ་དག ཧེ་རུ་ཀ་དཔལ་དབང་བསྐུར་བ། །སོགས་ཀྱིས་གསོལ་བ་བཏབ་ནས་སྟེར། །གསོལ་བཏབ་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བ། ནི། ཧེ་རུ་ཀའི་ངོ་བོར་དབང་བསྐུར་བའོ། །ཡོན་ཏན་འབྱུང་གནས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་འབྱུང་ཁུངས་སོ། །ཇི་ལྟར་རྩལ་བ་ནི། རྡོ་རྗེ་འཆང་ཆེན་པོས་སངས་རྒྱས་རྣམས་ལ་དབང་བསྐུར་བའོ། །འདིར། དྲིལ་བུ་སྒྲ་ལྡན་དཔྱངས་པ་དང་། །མེ་ཏོག་སྤོས་རྣམས་ཀྱིས་བརྒྱན་ཅིང་། །ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ། །སྒྲུབ་པ་པོ་ཡིས་རྔ་བརྡུང་ཞིང་། །ཧ་ཧ་ཞེས་ནི་བརྗོད་པར་བྱ། །ཞེས་པས་བསྟན་ཏེ། །རྒྱལ་པོར་དབང་བསྐུར་བ་དཔེར་བགྱིས་སོ། །དེ་ཇི་ལྟར་ཞེ་ན། །དབང་བསྐུར་རྒྱུ་དེ་སེངྒེའི་ཁྲི་ཆེན་པོ་ལ་བཀོད། སྟེང་དུ་གདུགས་འཛིན་པ་བཞིན། སློབ་མའང་ལྷོ་སྒོར་སེངྒེའི་ཁྲི་གདན་ལ་བཞག སྟེང་ནས་གདུགས་དཀར་པོ་གཟུང་སྟེའོ། །དེ་ཡང་། ཕས་རིགས་ཀྱི་བྱ་བ་གཏད་པ་ལྟ་བུ་མེ་ཏོག་ཕོག་པའི་ལྷས་མེ་ཏོག་གི་འཕྲེང་བ་དངོས་གྲུབ་ཀྱི་དོན་དུ་བཅིང་། འདི་ལ་འཕྲེང་བའི་དབང་དུ་བརྗོད་ནས་ནག་པོ་སྤྱོད་པ་འདིར་མཛད། རྗེ་བཙུན་མཻ་ཏྲི་པ་མེ་ཏོག་དོར་བའི་དེ་མ་ཐག་ཏུ་མཛད་དེ་མང་པོར་དེ་བཞིན་བྱུང་། ནག་པོ་སྤྱོད་པས། རྣལ་འབྱོར་པ་ཡི་ཡུངས་ཀར་ནི། །ཆོ་ག་བཞིན་དུ་མངོན་བཟླས་ན། །གསང་སྔགས་བརྗོད་ཅིང་བརྟེན་བྱ་སྟེ། །ཧེ་རུ་ཀ་དཔལ་སོགས་གཉིས་མེད། །བསླང་ནས་དཀྱིལ་འཁོར་ཐམས་ཅད་ནི། །དཀྱིལ་འཁོར་གླུ་ཡིས་གླུ་ལེན་ཅིང་། །གཉིས་མེད་ཡེ་ཤེས་གཟིགས་པ་རྣམས། །ཐམས་ཅད་ཆོ་ག་བཞིན་དབང་བསྐུར། །འདི་ལྷ་མངོན་སུམ་དུ་སྣང་བས་དབང་བསྐུར་བས་བཤད་པ་དེ་བོད་དུའང་མར་པས་མི་ལ་སོགས་ལ་མཛད་པ་བཞིན་ནོ། །ཡང་ན་སྔར་གྱི་ཆོ་ག་ཡིས། །རྣམ་རྒྱལ་བུམ་པ་བཏེགས་པར་བྱ། །འདབ་མའི་རྩེ་མོས་བླངས་ནས་ནི། །སྔ་མ་བཞིན་དུ་དབང་བསྐུར་ཞིང་། །བུམ་པ་རང་ཉིད་ནམ་མཁར་འཕགས་ནས་དབང་བསྐུར་བ་སྟེ། མི་ལ་རས་པས། རས་ཆུང་པ་དང་། ཟླ་འོད་གཞོན་ནུ་སོགས་ལ་དབང་བསྐུར་བ་ལྟ་བུའོ། །ནུས་པ་མེད་ན་སྙིང་གའི་ས་བོན་གྱིས་དབང་ལྷ་དགུག་སྟེ། འདིར་དྲིལ་བུ་ཞེས་ཤེས་རབ་སྟེ་སྤྱན་མ་ལ་སོགས་པ་དབང་བསྐུར་མཁན་དེ་སངས་རྒྱས་སྤྱན་དྲངས་པ་སྤྱི་བོར་ཕོ་བྲང་བཏབ་སྟེ་བཞུགས་པ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པ་རྣམས་སོ། །ཕོ་བྲང་བཏབ་ཅེས་པ་ཡང་དབང་རེ་རེར་རང་རང་གི་རིགས་ཀྱི་དབང་རྟགས་རེ་བཞག་པ་དོན་ལ་ཐོད་པ། དེར་དེ་དག་གཉིས་སུ་མེད་པར་བཞུགས་པས་རིགས་ལྔ་རྫོགས་པས་ཐོད་པ་ལྔའོ། །སློབ་མ་མི་བསྐྱོད་པར་གསལ་བ་ལ་དེ་རྣམས་ཀྱི་སྒྲ་ལྡན་ཏེ་ཆུས་དབང་བསྐུར་ཏེ། དེ་ནི་བྲམ་ཟེའི་ཚོགས་ཀྱིས་བུམ་པས་དབང་བསྐུར་བ་ལྟ་བུ། དཔྱངས་པ་ཞེས་པ་རིན་ཆེན་འབྱུང་ལྡན་ཙམ་དུ་གསལ་བ་ལ་ཅོད་པན་གྱི་དབང་། དེ་རྒྱལ་པོ་ལ་ཅོད་པན་བསྐོན་པ་ལྟ་བུ། མེ་ཏོག་སྤོས་རྣམས་ཀྱིས་བརྒྱན་ཅིང་། །ཞེས་པ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་པའི་རིགས་པས་མངོན་པར་བྱང་ཆུབ་པའི་རང་བཞིན་རྡོ་རྗེའི་དབང་། ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ་ཏེ་ཤིས་པ་བརྗོད་པ་ལྟ་བུ་དྲིལ་བུའི་དབང་། མིང་ནི་སྔར་བཤད། རྔ་བརྡུང་ཞིང་ནི་ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས་ཏེ་རྒྱལ་པོ་དེའི་ཁྲིམས་གྲགས་པ་ལྟ་བུ། འདིར་བརཏལ་ཞུགས། ཧ་ཧ་ཞེས་པ་མཚན་མཁན་རྣམས་ཀྱིས་གླིང་བཞི་ལ་སོགས་པར་དབང་བའི་མཚན་མ་ལུང་བསྟན་པ་ན་སྐྱེ་བོ་ག་ཞ་སྒྲོག་པ་ལྟ་བུ་ལུང་བསྟན་དང་དབུགས་དབྱུང་ངོ་། །དེ་དག་ཀྱང་། མཻ་ཏྲི་པས། སློབ་མ་འཁོར་ལོ་སྒྱུར་བ་ལྟ་བུར་དབང་བསྐུར་བར་བྱའོ། །ཞེས་སོ། དབང་བསྐུར་མཁན་དེས་ཀྱང་འདི་དག་ལ་རིག་པའི་དབང་ཞེས་བཏགས་ཏེ། ཐམས་ཅད་དུ་རིག་པའི་ལྷ་མོ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་། རྡོ་རྗེ་མཁའ་འགྲོར། གང་དང་གང་ལ་ལྷག་མོས་པ། །དེ་དང་དེ་ཡི་དབང་བསྐུར་བྱ། །ཞེས་གསུངས་པས་གདུལ་བྱའི་མོས་པས་སློབ་མའི་དབང་ཙམ་ལས་མི་བསྐུར་ན་འདི་གཉིས་དང་རྗེས་གནང་ཀྱང་སྟེར། གཞན་སློབ་དཔོན་གྱི་དབང་གི་མཐའ་རྟེན་དུ་མཛད་དོ། །འདི་ལ་ནག་པོ་སྤྱོད་པས། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ། །འདིའི་རྡོ་རྗེ་དང་དྲིལ་བུ་དང་མིང་དབང་དུ་རིམ་པ་བཞིན་གསུངས། མཻ་ཏྲི་པ་སྤྱི་དོན་ནོ། །དེ་ཡང་། རྡོ་རྗེ་འཆང་གི་རང་བཞིན་ལ་དབང་བས་རྡོ་རྗེ་ཆེན་པོའི་དབང་བསྐུར་བའམ། ཕྱིར་མི་ལྡོག་པའི་དབང་དང་། སློབ་དཔོན་གྱི་དབང་བསྐུར་བ་ཞེས་བྱ་བ་དེ་ནི་ནག་པོ་སྤྱོད་པས་རྡོ་རྗེའི་བརཏལ་ཞུགས། སྤྱོད་པའི་བརཏལ་ཞུགས། ཐུར་མ། མེ་ལོང་། ཕྱག་མཚན། ཆོས་བཤད། ལས་རབ་འབྱམས། གྲུབ་པ་བརྒྱད། དམ་ཚིག ལུང་བསྟན་དང་དབུགས་དབྱུང་རྣམས་ལ་མཛད་པ་ནི། སྡོམ་འབྱུང་དུ། ཕྱིར་མི་ལྡོག །སྦྱིན་བྱ་བུམ་པ་ཡང་དག་ལྡན། །ཞེས་སྔར་གྱི་ལུང་གི་དེ་མ་ཐག་ཏུ་གསུངས་པ་དེ་ཙམ་གྱིས་བུམ་དབང་རྫོགས་པར་བཞེད་ལ། རྒྱུད་དེའི། གདུགས་དང་གདན་དང་རིགས་པ་སོགས། །རྡོ་རྗེ་དྲིལ་སོགས་ཡང་དག་ལྡན། །ཡང་དག་རྫོགས་པའི་སློབ་དཔོན་དབང་། །ཞེས་པས་སྔ་མའི་རྒྱས་བཤད་དུ་འཆད། མཻ་ཏྲི་པ། སེང་གེའི་ཁྲི། སྟེང་དུ་གདུགས། དེའི་བར་དུ་སློབ་མ་རིགས་ཐམས་ཅད་ཀྱི་བདག་པོར་མཛད་ནས། གདན་གསུམ་ཚང་བའི་ལྷས་ཆུས་དབང་། དེ་ནས་དམ་ཚིག་གསུམ། དེ་ནས་རྒྱན། རྡོ་རྗེའི་བརཏལ་ཞུགས། ལུང་བསྟན། ཕྱག་མཚན་ལྔའི་རྗེས་གནང་། དབུགས་དབྱུང་རྣམས་སོ། །དེ་ཡང་ཕྱག་བཞེས་རྒྱུད་བཞིན་དུ་མཛད་ནས། རིག་པ་ཞེས་པ་རིག་པའི་དབང་བསྐུར་བཞིན་གྱི་ཆུ་དབང་། རྡོ་རྗེ་དྲིལ་སོགས་དམ་ཚིག་གསུམ། །དེ་ཡང་དཔལ་མཆོག་དང་པོ་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་པའི་གོ་རིམ་བཞིན་མཛད་ལ། ལུང་འདི་གདན་བཞི་ལས། སློབ་དཔོན་ཉིད་ཀྱི་ལམ་གྱི་ནི། །མཁས་པ་ཡིས་ནི་བསྟེན་པར་བྱ། །བདག་ཉིད་ཅེས་བྱ་རྡོ་རྗེར་བསྐྱེད། །ཤེས་རབ་ཅེས་བྱ་དྲིལ་བུར་སྤྲུལ། །མཉམ་གནས་ཡང་དག་བལྟ་བར་བྱ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན། །རྡོར་རྩེར་ཡེ་ཤེས་ས་བོན་གྱིས། །རང་གི་ལྷ་རྣམས་མཉེས་པར་བྱ། །རང་ལུས་རྡོ་རྗེ་དྲིལ་བུ་ཡི། །ཕྱག་རྒྱ་ཁ་སྦྱོར་སྦྱར་བར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་ཤེས་བྱ་སོ་སོར་གཟུང་། །དེ་ཉིད་ཀྱིས་ནི་རྡོ་རྗེ་གསོར། །རང་འདོད་དྲིལ་བུ་བསྒྲག་པར་བྱ། །ལུས་ཀྱིས་མཉེས་པར་བྱེད་པ་གཉིས། །ལྷ་རྣམས་ཐམས་ཅད་མཉེས་པར་བྱ། །རྣལ་འབྱོར་རྣམས་ཀྱི་དེ་ཉིད་བྲལ། །གླང་ཆེན་དྲིལ་བུ་སྒྲོག་དང་མཚུངས། །དེ་ཉིད་སྦྱོར་བ་དང་བྲལ་ན། །དངོས་གྲུབ་ཤིན་ཏུ་རིང་བར་མཚོན། །ཞེས་དང་། སྤྱན་རས་གཟིགས་ཀྱི་དོན་དམ་བསྙེན་པར། །ཐབས་ཀྱི་ལག་ཏུ་ཡང་ནི་རྡོ་རྗེ་དྲིལ་བུ་དང་། །ཅི་ཕྱིར་ཤེས་རབ་ལག་ཏུ་འདི་ཞེ་ན། །བདུད་རྣམས་གཞོམ་པའི་ཕྱིར་དང་བདེ་བ་བསྒྲུབ་པའི་ཕྱིར། །རྟགས་ཅན་ཚུལ་ཁྲིམས་འཛིན་པས་དེ་ནི་མི་ཤེས་སོ། །ཞེས་སོ། །དེས་ན་རིགས་ལྔའི་དབང་དུ་དམ་ཚིག་གསུམ་བརྗོད་པ་ནི་མོས་པ་ལམ་བྱེད་རྣལ་འབྱོར་རྒྱུད་ཀྱི་དངོས་བསྟན་དང་འདྲ། འདིར་བྱེད་པ་ནི་དེ་ལས་ཁྱད་དུ་ཐོན་ཏེ་རྣམ་པ་ལམ་བྱེད། མངོན་སུམ་ལམ་བྱེད་ནི་དབང་གསུམ་པའི་དུས་སོ། །དེ་ནས་ཕྱག་རྒྱ་དྲུག་སྦྱིན་པ་ཉིད་སྔགས་ཀྱིས་རྒྱས་བཏབ་པ་ཡིན་པས་དེ་ཁོ་ནས་སམ། དཔལ་མཆོག་གི་ལུང་བཞིན་སྔར་ཉིད་དེ། གཉིས་ཀ་མཛད་པ་སྤྲོས་པ་ཆེ་བའི་ཕྱིར་རོ། །ལྷག་མ་ནག་པོ་སྤྱོད་པའི་གཞུང་ཇི་ལྟ་བ་མཛད་དེ། འདིར་རྡོ་རྗེའི་བརཏལ་ཞུགས་ནི་གསང་སྔགས་སྤྱིའི་བརཏལ་ཞུགས་ཏེ། ལག་ན་རྡོ་རྗེ་ལ་སངས་རྒྱས་རྣམས་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེས་དབང་བསྐུར་བ་དེ་ཕྱིན་ནས་དེ་ལ་རྡོ་རྗེའི་འཛིན་པར་བཞག་པ་བཞིན། བརཏལ་ཞུགས་འདིས་ཐམས་ཅད་རྡོ་རྗེ་འཆང་དུ་བཞག་གོ །སྤྱོད་པའི་བརཏལ་ཞུགས་ནི་སྤྱོད་པ་བཞི་དང་འབྲེལ་བས་བླ་མེད་རང་དུ་སོང་ལ། རྡོ་རྗེ་སྤྱོད་པའི་དབང་ཞེས་ཀྱང་བྱའོ། །སྒེག་སོགས་ནི་མཆོད་པ། ཐུར་མ་དེ་ཉིད་བསྟན་པའི་སྣོད་དུ་འགྱུར་བས་འདི་སྦྱིན་པའི་མཐར་དཀྱིལ་འཁོར་གྱི་དག་པ་སྟོན་པ་ཡང་ལ་བ་པའི་དགོངས་པའོ། །མེ་ལོང་གིས་བདག་བྱིན་བརླབ་སྟེ། བསྐྱེད་རིམ་སྒྱུ་མ་དེ་རྣམ་དག་བསྒོམ་པའི་སྣོད་དུ་རུང་བ། ཕྱག་མཚན་ནི་གཞན་རྗེས་སུ་འཛིན་པར་ཏེ། ཕྱིའི་དེ་ཉིད་བཅུའི་སྒོ་ནས་སོ། །ལས་ཆེན་བཅུ་གཉིས། གྲུབ་པ་བརྒྱད་དམ་ཚིག་ནི་རང་གཞན་གཉིས་ཀའི་ཕྱིར། ལུང་བསྟན་ནི་ཕྱིར་མི་ལྡོག་པར་ངེས་པར་སྟོན་པའོ། །དབུགས་དབྱུང་བ་ནི་དམན་པ་ལས་མཆོག་ཏུ་བསྒྲལ་བའི་དོན་ནོ། །དེ་ཡང་ལུང་བསྟན་ལ་མི་དབང་མཛད་པ་དང་། འདིར་མཛད་པ་དང་། དབང་བཞི་པའི་མཐའ་རྟེན་དུ་མཛད་པ་ཀུན་ལ་དགོངས་པ་རེ་ཡོད་དེ། དཔེར་ན་ཕར་ཕྱིན་བཞིན་དུ་ཚོགས་ལམ་ཆུང་ངུ་བ་བྱང་ཆུབ་ཏུ་ལུང་བསྟན་པ་དང་། སྦྱོར་ལམ་པ་དང་། ས་བརྒྱད་པ་བ་ལུང་བསྟན་པའི་ཁྱད་པར་གོ་བར་བྱ་བའི་ཕྱིར་རོ། །གང་རྡོ་རྗེ་སློབ་དཔོན་མངོན་པར་ཤེས་པ་དང་ལྡན་པས་གནས་སྐབས་གང་དུ་ལུང་བསྟན་ཀྱང་དེ་ནི་སྔགས་ཀྱི་སྒོར་དམ་ཚིག་ཉམས་པའི་སྐབས་མེད་པས་ཕྱིར་མི་ལྡོག་པར་སོང་ངོ་། །ལད་མོ་མཁན་རྣམས་ལ་ཅི་རིགས་པར་འགྱུར་བས་སྣོད་དུ་རུང་ཙམ་ལ་དེ་དག་གི་དབང་ཐོབ་བོ་ཞེས་བསྒྲགས་སོ། །འདི་ལྟ་བུ་དབང་བསྐུར་ཆོས་ཀྱི་སྒོ་དབྱེ་བ་ཙམ་དུ་འགྱུར་བས་དེ་དགག་པར་རློམ་པའང་རང་ངལ་བ་སྟེ། དྲིལ་བུ་པས། དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །ཞེས་སོ། །དེ་ལྟར་བུམ་པའི་དབང་བསྐུར་བ་དེ་ནི་ཆིངས་རིམ་པ་གཅིག་ཏུ་མ་ངེས་སྟེ། དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་དང་གྲུབ་པ་ཐོབ་པ་དག་གི་ལུགས་ལས་མང་པོར་རྟོགས་པའི་ཕྱིར་བདག་གིས། གལ་ཏེ་ཆོ་གའི་གོ་རིམ་གཅིག་ཁོ་ནས། །སྨིན་བྱེད་གཞན་ལ་དེ་ཡི་ནུས་མེད་ན། །རྒྱལ་བས་ཆོ་ག་མི་མཐུན་ཅི་སྟེ་གསུངས། །བསམ་པ་མཁྱེན་པས་སྨིན་བྱེད་སྣ་ཚོགས་བསྟན། །ཞེས་སྨྲས་ཏེ། །དེ་ཡང་ཀླུའི་བྱང་ཆུབ་ཀྱིས། སློབ་མ་སྐུ་རྡོ་རྗེར་བསྐྱེད་ནས། མེ་ཏོག་གི་འཕྲེང་བའི་དབང་། ཁྲུས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་ཆུ་དབང་། གོས་རྒྱན་གྱིས་བརྒྱན། སྟེང་དུ་གདུགས་གཟུང་བཀྲ་ཤིས་བརྗོད། དཀྱིལ་འཁོར་ལ་བསྐོར་བ་བྱ། ཕྱག་རྒྱ་གནས་ལྔར་རེག་ཅིང་ཅོད་པན། དེ་ནས་དམ་ཚིག་གསུམ་གྱི་ཇི་ལྟ་བས་རྡོ་རྗེ་ཤུགས་ཀྱི་སྔགས་ཀྱི་རྡོ་རྗེ་དྲིལ་བུ་ཟླ་འདྲའི་ཡེ་ཤེས་སྐུ་ལ་སོགས་ཀྱིས་བྱིན། དེ་ནས། མིག་ཐུར། མེ་ལོང་། ལུང་བསྟན་གྱི་མིང་དབང་། དེ་ནས། ཕྱག་མཚན་ལྔ། དེ་ནས། དམ་ཚིག་ཅེས་བཤད། ས་ར་ཧས། སངས་རྒྱས་ཐོད་པར། མི་ཤིས་པ་སྦྱངས། སློབ་མ་ལྷོ་ཕྱོགས་སུ་སེངྒེའི་ཁྲི་སྟེང་དུ་གདུགས་དབུབ་ལ་མེ་ཏོག་བཅིང་། ཆུ། ཅོད་པན། འདིར་ཡང་དམ་ཚིག་གསུམ་བཞིན། རྡོ་རྗེ། དྲིལ་བུ། ཕྱག་རྒྱའི་མིང་དབང་། རྡོ་རྗེའི་བརཏལ་ཞུགས། ལས་བཞིའི་རྗེས་གནང་། གྲུབ་པ་བརྒྱད་ཀྱི། ལུང་བསྟན། དབུགས་དབྱུང་བཤད་པ་དང་། ཀུ་ཀུ་རཱི་པས། མཱ་ཡར། དྲིལ་བུ། ཕྱག་རྒྱ། མིང་དབང་དུ་བྱས་པའི་བར་དེ་དང་འདྲ་བས་བུམ་དབང་། ཨཱརྻ་དེ་བས། གདན་བཞིའི་སྙིང་པོ་མདོར་བསགས་སོ། །གསོལ་བཏབ། གོ་བགོ རྣལ་འབྱོར་གྱི་ང་རྒྱལ་གྱིས་སེངྒེའི་གདན་སྟེང་དུ་བཟང་པོའི་འདུག་སྟངས་ཀྱིས་ཆུ་དབང་དེའི་མཐར་བསྲུང་བ། ཕྱག་རྒྱས་རེག་ཅིང་ཅོད་པན། རྡོར་དྲིལ་དམ་ཚིག་གསུམ་སྔར་བཞིན་སྦྱིན་པས་སློབ་མའི་དབང་། ཕྱག་རྒྱའི་མཐར་སྔགས་དབང་། དེ་ནས་མིང་དབང་། དེ་ནས་རྡོ་རྗེའི་བརཏལ་ཞུགས། སྒེག་སོགས་མིག་ཐུར། དུང་དབང་ལུང་བསྟན་ལ་བུམ་དབང་མཛད་དོ། །དབང་གོང་མ་གསུམ་ནི་གསང་བ་གྲུབ་པ་སོགས་ལས་མི་མཐུན་པ་བྱུང་བ་སྔགས་འདུལ་དུ་བཤད་ཟིན་ནོ། །འགྲེལ་པར། དགེ་སློང་རྣམས་ལ་ནི་དབང་བསྐུར་བའི་དུས་སུ་ཡང་སྦྱིན་པར་མི་བྱ་སྟེ། ཆོས་གོས་འཛིན་པ་རྣམས་ལ་བླ་མས་རང་གི་ཚིག་གིས་ཐམས་ཅད་རབ་ཏུ་བསྟན་པར་བྱའོ་རྣམ་པ་གཞན་དུ་ན་དམ་ཚིག་ཉམས་པར་འགྱུར་རོ། །ཞེས་དང་། དྲི་མེད་འོད་དུ་ཡང་གསུངས་ཤིང་། ཇོ་བོས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་དེ་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་སོ། །དེ་ཡང་དངོས་དབང་ཞེས་རྣམ་པར་བཞག་པ་དེ་ཡིན་ལ་ཡིད་ཀྱིས་བརྟགས་ཏེ་ཚིག་ཏུ་སྨྲ་བ་ཙམ་ནི་ལེན་པར་བཤད་དོ། །དེ་ལྟ་བུའི་དབང་ཡང་། དེ་ནས་སློབ་དཔོན་ལེགས་པར་ནི། །མཉམ་པར་བཞག་སྟེ་ཕྱག་རྒྱ་མཆོད། །དེ་ནས་སློབ་མས་ཕྱི་དེ་ཉིན། །ལས་ནི་ཡང་དག་སྤྱད་པར་བྱ། །ཞེས་རྐང་པ་ཕྱེད། སྔ་མས་གསང་དབང་དང་། ཕྱི་མས་གསུམ་པའི་དབང་བསྐུར་ལུགས་བཤད། དབང་རང་གི་ངོ་ཏི་སྔར་བཤད་ཟིན་པའི་ལུང་ལས་རིགས་པར་བྱའོ། །བཞི་པ་ནི། དེ་ནས་སྒྲུབ་པོ་རབ་ངེས་པར། །ཞེས་པ་ཚིག་གིས་བརྡ་སྤྲོད་པའོ། །དེ་ཡང་དབང་གསུམ་པའི་དུས་སུ་མངོན་དུ་བྱེད་པ་དེ་མི་རིགས་སོ་ཞེས་གསུངས་ཀྱང་དགག་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པར་དབང་གསུམ་པ་བསྐུར་བའི་དུས་དེ་ཉིད་དུ་མངོན་བྱང་བསྟན་པས་སོ། །བཞི་པ་ཚིག་དབང་མ་ཡིན་པར་རྟེན་ཅན་ལས་རྟོགས་པར་ཡང་མི་རིགས་པ་མ་ཡིན་ཏེ་དུས་ཀྱི་འཁོར་ལོར་གསུངས་པའི་ཕྱིར་རོ། །དེ་དག་ཕྱི་དཀྱིལ་དང་འབྲེལ་བར་བཤད་པ་ནི་བྲེང་ཆགས་སུ་བསྐུར་བའི་དབང་དུ་མཛད་ལ། གཞན་དུ་གསང་དབང་ལུས་དཀྱིལ། གསུམ་པ་བྷ་ག བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུའོ། །དབང་དེ་ཡང་འདུས་པ་འཕགས་ལུགས་ལ། གང་ཟག་དབང་པོ་རིམ་གྱིས་པ་ལ་བུམ་དབང་བསྐུར་ནས་བསྐྱེད་རིམ་ནས་སེམས་དབེན་གྱི་བར་ལ་བསླབ། དེ་ལོབས་པ་དང་གསང་དབང་བསྐུར་ཏེ་སྒྱུ་ལུས། དེ་གོམས་པ་དང་གསུམ་པ་བསྐུར། བཞི་པས་བརྡ་སྤྲད་དེ་མངོན་བྱང་སྟོན་པ་ཤིན་ཏུ་ལེགས་ལ། འདི་ལྟ་བུས་གཞན་དག་གསང་དབང་མ་ཐོབ་པར་གཏུམ་མོ་སོགས་བསྒོམ་པ། གསུམ་པ་མ་ཐོབ་པར་ཕྱག་རྒྱ་བསྟེན་པ། བཞི་པ་མ་ཐོབ་པར་ཕྱག་རྒྱ་ཆེན་པོ་བསྒོམ་པ་མི་འཐད་དོ་ཞེས་སྨྲ་བའང་རིགས་པ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔར། གཏུམ་མོ་ལས་རྒྱ་གཉིས་ཀ་སེམས་དབེན་གྱིས་བསྡུས་པ་དང་། དུས་ཀྱི་འཁོར་ལོར། བསྐྱེད་རིམ་གྱི་ཡན་ལག་ཏུ་ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་གསུངས། བླ་མེད་ཀྱི་གཞུང་ཕལ་དུ་བསྐྱེད་རིམ་གྱི་ཡན་ལག་ཏུ་ཕྱག་རྒྱ་རྒྱས་པར་བཤད་པས་སོ། །སྤྲོས་པ་མེད་པ་ནི། མཚལ་ཆེན་ལན་གསུམ་བཟླས་པ་ཡི། །དེ་རྣམས་སུ་ནི་ཐིག་ལེ་བྱ། །ཞེས་པས་བྱིན་དབབ། སློབ་མ་ཡི་ནི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ལྷ་གང་གི་ནི་གནས་གང་ཡིན། །དེར་དེ་ཡང་དག་བསྟན་པར་བྱ། །ཞེས་པས་བརྡ་དབང་། རྡོ་རྗེ་མཁའ་འགྲོར། ཡེ་ཤེས་འབྱུང་བའི་རིམ་པར་ཕྱེ་བ་དང་། རྡོ་རྗེ་དབང་བསྐུར་བའི་བརྡའི་རིམ་པར་ཕྱེ་བའི་རྒྱས་པར་བཤད་དོ། །སློབ་དཔོན་དང་བཅས་ཕོ་བྲང་ལ། །ཞེས་པས་ལུས་དཀྱིལ་དུ་དབང་ནོད་པ་སྟེ། འཇུག་པ། མནའ་ཆུ། བྱིན་དབང་། ལུས་དཀྱིལ་བསྟན་པ། གསོལ་བཏབ། རིགས་ལྔ། བརཏལ་ཞུགས་གཉིས། ལུང་བསྟན་དབུགས་དབྱུང་དོན་གཅིག བུམ་པས་ཕྱིར་མི་ལྡོག གསང་དབང་། ཤེས་རབ། དེའི་མཐར་རིགས་པའི་བརཏལ་ཞུགས་ཏེ། དེ་ཙམ་དྲིལ་བུ་པས་གསུངས་སོ། །ཤིན་ཏུ་སྤྲོས་པ་ཆེ་བ་ལ། ཨ་བྷ་ཡས། འཕྲེང་བ་ཆུ་ཅོད་པན་རྡོར་དྲིལ་མིང་། དམ་ཚིག་གསུམ། སློབ་དཔོན་གྱི་དབང་། སྔགས་བཏད་པ། མིག་སྨན། མེ་ལོང་། མདའ། མཆོག་དབང་གསུམ། རིགས་མའི་བརཏལ་ཞུགས། རྡོ་རྗེའི་བརཏལ་ཞུགས། ལུང་བསྟན། རྗེས་གནང་དབུགས་དབྱུང་བ་ཞེས་བཤད་ལ། འདི་ལྟ་བུའི་སྤྲོས་པ་རྒྱས་པའི་ཀྱེ་རྡོ་རྗེ་ལ་སོགས་པའི་དབང་ལ། དེ་ནི་ཕྲེང་བ་ཡིན། ཀྱེ་རྡོར་རང་མ་ཐོབ་པར་འདུག་པ་ཞེས་སྔགས་པ་མི་ཤེས་པ་དག་སྨྲ་སྟེ་སྙིང་རྗེ་བ་ཁོ་ནའོ། །བདུན་པ་ཕྱག་རྒྱའི་སྤྱོད་པ་དང་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་དེ་ལ་མཁའ་འགྲོ་མ། །རྣལ་འབྱོར་མ་མོ་རྣམས་མཉེས་གྱུར། །ཞེས་དབང་གིས་ཐུན་མོང་དང་མཆོག་ཐོབ་པར་བཤད་དེ་ཕྱག་རྒྱའི་སྤྱོད་པ་ཞེས་བྱའོ། །དེ་ནས་སློབ་མས་རབ་བཏུད་ནས། །སོགས་ཀྱིས་བླ་མ་བསྙེན་བཀུར་བ་དེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཐམས་ཅད་རྒྱུད་ལས་དམ་པའོ། །ཞེས་སོགས་ཀྱིས་འདི་ཉིད་ནས་རྒྱུད་ཐམས་ཅད་ཀྱི་གསང་བ་ཐམས་ཅད་རྣམ་པར་འབྱེད་པས་གསང་མཐར་བསྟན་ནོ། །བརྒྱད་པ་མཁའ་འགྲོ་མའི་གནས་སུ་རོལ་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་མཁའ་འགྲོ་མ་རྣམས་ནི། །སོགས། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མའི་མིང་དང་སྔགས་བསྟན་པ་ལེའུ་བཞི་པས་སོ། །དགུ་པ་སྔགས་བཏུ་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྔགས་ཀྱི་ངོ་བོ། ངེས་ཚིག རྣམ་པར་དབྱེ་བ། ཇི་ལྟར་བཏུ་བ། ལུང་བླང་བ། བགྲང་འཕྲེང་། བཟླས་བརྗོད་དོ། །དང་པོ་ནི། སྔགས་ཀྱི་ལུས་གསལ་བྱེད་རྣམས་ནི་ཐབས་ཡིན་ལ། དབྱངས་རྣམས་ནི་ཤེས་རབ། དེ་གཉིས་འདུས་པ་ནི་ཐབས་ཤེས་དབྱེར་མེད་དོ། །ངེས་ཚིག་ནི། དེས་ཡིད་སྐྱོབ་པས་སྔགས་སོ། །རྣམ་པར་དབྱེ་བ་ནི། །ས་སྟེང་ན་ནི་རིན་ཆེན་བཞི། །འཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་པ་ལ། དཔའ་བོ་ཡིད་འོང་དུ། རིན་ཆེན་རྣམ་པ་བཞི་ཡི་སྔགས་བཞི་སྟེ། གཙོ་བོའི་སྙིང་པོ་དང་། གཙོ་བོའི་འཕྲེང་བའི་སྔགས་དང་། ཉེ་སྙིང་དང་། གོ་ཆའི་སྙིང་པོ་དག་གོ །ཡང་ན་རིན་ཆེན་བཞི་ཞེས་བྱ་བ་ནི། གཙོ་བོ་དང་། གཙོ་མོའི་སྙིང་པོ་དང་། ཉེ་བའི་སྙིང་པོ་དག་གོ །ཞེས་དང་། སྔགས་ཀྱི་འཕྲེང་བ་རིན་པོར་ཆེར་གྱུར་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་མངོན་པར་འདོད་པའི་དོན་སྟེར་བ་ཉིད་ཡིན་པའི་ཕྱིར་རོ། །ཞེས་འཆད། འཕྲེང་བའི་སྔགས་ལ་རྩ་བའི་སྔགས་སོ་ཞེས་ཀོང་ཀ་ན་བཞེད། སྐལ་ལྡན་གྲགས་པ་ནི་འདི་དག་གིས་ཉེ་བར་མཚོན་པ་ཙམ་སྟེ། འཇིག་རྟེན་གསུམ་ན་རིན་ཆེན་ནི་རྣམ་པ་བཞིའོ། །བཞི་པོ་དེ་དག་གང་ཞེ་ན། འཕྲེང་བའི་སྔགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རིན་པོ་ཆེ་དང་པོ་ནི། དཔལ་འཁོར་ལོ་སྡོམ་པར་བསྟན་པའི་རྩ་བའི་སྔགས་ལ་སོགས་པའི་སྔགས་ཐམས་ཅད་དོ། །རིན་པོ་ཆེ་གཉིས་པ་ནི། མཁའ་འགྲོ་མ་ཡི་རིན་པོ་ཆེ། །ཞེས་བྱ་བ་དཔལ་རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་རྣམས་སོ། །རིན་པོ་ཆེ་གསུམ་པ་ནི། རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་སྟེ། ཀེང་རུས་ཆེན་པོ་ལ་སོགས་པའི་དཔའ་བོ་ཐམས་ཅད་དོ། །རིན་ཆེན་བཞི་པ་ནི། དཔལ་ཧེ་རུ་ཀ་ཞེས་བྱ་སྟེ། འདི་དག་ནི་གྲངས་མེད་པའི་རྩ་བར་འགྱུར་པས་རིན་པོ་ཆེ་ཞེས་བཤད་དོ། །སློབ་དཔོན་རྡོ་རྗེས། ཡབ་ཡུམ་གྱི་སྙིང་པོ་དང་། ཉེ་བའི་སྙིང་པོ་བཞི་སྟེ། རང་དང་གཞན་གྱི་དོན་རྫོགས་པས་རིན་པོ་ཆེ་དང་འདྲ་ཟེར་བའི་ཕྱིར་རོ། །ཧེ་རུ་ཀ་འབྱུང་བ་ལས། སངས་རྒྱས་དཀོན་མཆོག་གིས་སྙིང་པོ་ཆོས་དཀོན་མཆོག་ཡིན་པས་ན་རིན་པོ་ཆེ་སྔགས་ཡིན་ནོ། །ཞེས་གསུངས་སོ། །འཕྲེང་བའི་སྔགས་ནི་དམ་པ་ཞེས་བྱ་བ་ནི། སྔགས་བཟླས་ནས་སྒྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ །རིག་པའི་རྒྱལ་པོ་ཧེ་རུ་ཀ །ཞེས་བྱ་བ་ནི། གསུང་སེམས་དཔའ་འོད་གསལ་བའི་རང་བཞིན་ཞེས་སྟོན་པ་ཡིན་ཏེ། འདུས་པ་རྒྱུད་ཕྱིར། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །འབྱུང་བ་ལྔ་ཡི་རང་བཞིན་དབུགས། །ཞེས་སོ། །ཞེས་འཆད་དོ། །སྙིང་པོ་ལ་རྩ་བའི་སྔགས། ཡི་གེ་དྲུག་པ། ཨོཾ་སྲིཾ་སྲིཾ་སྲིཾ་ཧཱུྃ་ཕཊ྄། སྙིང་པོ་དང་། གོ་ཆའི་སྔགས་ཡི་གེ་བརྒྱད་པ། ཕག་མོའི་སྙིང་པོ་སྔགས་ཡི་གེ་བཅུ་པ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པ་དང་། དེའི་གོ་ཆ་ཡིག་འབྲུ་བརྒྱད་པ་དང་། ཞལ་བཞི་པའི་མཐར་མཁའ་འགྲོ་མ་ལ་སོགས་བཞིའི་མིང་བཅུག་པ་དང་། རྐང་པ་བརྒྱད་པའི་རྐང་པ་རེའི་མཐར་ཁྭ་གདོང་མ་སོགས་དང་། རྐང་པ་ཉི་ཤུ་རྩ་བཞི་པ་ཀ་ར་ཀ་ར་ལ་སོགས་པ་དཔའ་བོ་དང་དཔའ་མོ་ཉེར་བཞི་སྙིང་པོར་གསུངས་ལ། བླ་མ། སྙིང་པོ་ཉེ་སྙིང་། གོ་ཆ་དང་འཕྲེང་སྔགས། ཕྱི་མ་འདི་ལ་རྐང་པ་བརྒྱད་པའི་སྔགས་ནི་ཐབས། ཀ་ར་ཀ་ར་ལ་སོགས་པ་རྐང་པ་ཉི་ཤུ་རྩ་བཞི་པ་ནི་ཤེས་རབ། འདུས་ཤིང་ཚོགས་པ་ནི་ཐབས་ཤེས་དབྱེར་མེད་དེ། དེ་འཕྲེང་བའི་སྔགས་སོ། །སྙིང་པོ་ནི་ཆོས་ཀྱི་སྐུ། ཉེ་བའི་སྙིང་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ། རྩ་བའི་སྔགས་ཀྱི་ཡི་གེ་སྤྲུལ་པའི་སྐུ་ཡིན་པས་ལས་བསྒྲུབ་པ་ལ་དེ་མཆོག་ཏུ་བཞག་པ་ཡིན་ནོ། །རྩ་བའི་རྒྱུད་རང་དུ་སྔགས་དེ་ཙམ་མོ། །ཡུམ་གྱི་རྩ་སྔགས་ནི་བཤད་རྒྱུད་ལས་སོ། །སྔགས་བཏུ་བ་ནི། དེ་ནས་ཐམས་ཅད་ཆོས་འབྱུང་བར། །སོགས་ཀྱིས་ཕྱོགས་གཙང་མར་བདུད་རྩི་ལྔས་བྱུག དེ་ལ་ཆོས་འབྱུང་དེའི་ནང་དུ་པདྨ་འདབ་བརྒྱད། དེའི་དབུས་སུ་ཤེར་ཕྱིན་གྱི་རང་བཞིན་ནི་ཨ་སྐྱེ་བ་མེད་པའི་མཚན་ཉིད་ཅན་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར་ནས་གནས་པ། འདབ་མའི་ཨ་ནི་ཐུང་ངུ་མ་ལུས་དག་ཏུ་འགྱུར། །ཞེས་པའི་མི་ཤིགས་པ་དེའོ། །ཡི་གེ་གཞན་རྣམས་དེ་ལས་སྐྱེས་ནས་འདབ་མ་རྣམས་སུ་འཕོ་བར་ཡང་བཤད་པས་སྔགས་ཐམས་ཅད་དེ་ལས་བྱུང་བ་ཡིན་ཞིང་སྔགས་ཀྱིས་བསྒྲུབ་པའི་དངོས་གྲུབ་རྣམས་ཀྱང་དེ་ལ་བརྟེན། དེ་སྡེ་པ་བརྒྱད་ལ་ཁྱབ་པའི་ཕྱིར་སྐྱེ་བོའི་ཚིག་ཐམས་ཅད་ཀྱང་དེ་ལས་སྐྱེས་ཤིང་དེའི་རང་བཞིན་དུ་གནས་སོ། །སམ་བུ་ཊར། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །སྔགས་ཀྱི་རྀ་ལྀ་རྣམ་པར་འབྱུང་། །ཞེས་པ་ནས། སྔགས་ནི་ཡིག་འབྲུའི་དབང་ཕྱུག་མཆོག་ཅེས་པའི་བར་གྱིས་རྒྱས་པར་བཤད་དོ། །དེར་གནས་དཔའ་བོ་བཏུ་བར་བྱ། །ཞེས་སོགས་ལེའུ་ལྔ་པས་རྩ་སྔགས་ཀྱི་ཡི་གེའི་ལུས་གསལ་བྱེད་བཏུ། གཞན་ཡང་ཡི་གེ་ཉི་ཤུ་གཉིས། །སྙིང་པོ་ཉེ་སྙིང་ཡི་གེ་བདུན། །ཞེས་པ་ཡབ་ཀྱི་སྙིང་པོ་ཉེ་སྙིང་། སྙིང་པོ་དང་ཉེ་བས་ཉེ་སྙིང་ངམ། ཡང་ན་ཉེ་བའི་སྒྲ་ནི་དམན་པ་ལ་འཇུག་ལ། དེ་ཡང་ཡི་གེ་ཉུང་བ་ལ་བྱ་བས་ཉེ་སྙིང་ངོ་། །ཡ་ཚོགས་བརྒྱད་པའི་ས་བོན་དང་། སོགས་ལེའུ་དྲུག་པས་གོ་ཆའི་སྔགས་བཏུ། དེ་ནས་དབྱངས་ཡིག་བཅུ་གསུམ་ཉིད། སོགས་ལེའུ་བདུན་པས་རྩ་སྔགས་ཀྱི་སྲོག་དབྱངས་བཏུ་བ། དེ་ནས་རང་གི་བདག་ཉིད་ཀྱི། །སོགས་ལེའུ་བརྒྱད་པས་ཡབ་ཀྱི་སྙིང་པོ་ཉེ་སྙིང་། ཡུམ་གྱི་ཉེ་སྙིང་དེའི་གོ་ཆའི་སྔགས་བཏུ་བ་རྣམས་ཀྱིས་སོ། །ཡུམ་གྱི་སྙིང་པོ་བཞི་བཅུ་རྩ་བརྒྱད་པར་བཤད་དོ། །ལྷ་མོ་བཅུ་གཉིས་ཀྱི་སྔགས་འདི་སྡོམ་འབྱུང་དུ་འབྱུང་ངོ་། །འགྲེལ་པར། སྔགས་ཀྱི་ཚིག་ཐམས་ཅད་ལ་མགོ་བོར་ཨོཾ་ཡིག་གོ །དེ་ནས་ཡན་ལག་སོ་སོའི་ཚིག་གོ །དེ་ནས་བཛྭ་སྔོན་དུ་འགྲོ་བའི་ཕོ་ཉ་མོ་རྣམས་ཀྱི་མིང་དང་དཔའ་བོ་རྣམས་ཀྱི་མིང་ངོ་། །གང་ལ་མིང་སྔོན་དུ་བཛྭ་མེད་པ་དེར་ཧཱུྃ་དང་པོ་ཐུང་ངུ་ཕྱི་མ་རིང་པོ་སྟེ། དེའི་མཐར་ཕཊ྄་ཡིག་གོ །གང་ལ་མཐར་ཧཱུྃ་ཡིག་གསུམ་ཡོད་པ་དེར་ཐམས་ཅད་རིང་བ་སྟེ་ཕཊ྄་ཡིག་གཉིས་སོ། །ཞེས་གསུངས་སོ། །ལུང་བླང་བ་ནི། དེ་ལྟར་བཏུས་ནས་བྲིས་པ་གཞིའི་སྟེང་དུ་བཞག མཆོད་བསྟོད་གཏོར་མ་ཕུལ་ཚོགས་བྱས། སློབ་མ་རྣམས་མེ་ཏོག་ལག་ཏུ་གཟུང་ནས་གྲལ་རིམ་དུ་འཁོད། སློབ་དཔོན་སློབ་མ་གཉིས་ཀ་ཧེ་རུ་ཀ་ཞལ་གཅིག་ཕྱག་བཅུ་གཉིས་པར་བསྐྱེད། སློབ་དཔོན་གྱི་དཔྲལ་བར་ཟླ་བ་ལ་ཨོཾ་དཀར་པོ་རྩ་སྔགས་ཀྱིས་བསྐོར་བ། མགྲིན་པར་ཟླ་བ་ལ་ཨཱཿདམར་པོ་སྙིང་པོ་གཉིས། ཐུགས་ཀར་ཟླ་བ་ལ་ཧཱུྃ་སྔོན་པོ་ཉེ་སྙིང་གཉིས་ཀྱིས་བསྐོར་བ། བླ་མ་ཧེ་རུ་ཀའི་དཔྲལ་བར་སྔགས་ལས་སྔགས་འཕྲེང་བྱུང་སྟེ་སློབ་མའི་དཔྲལ་བའི་ཨོཾ་གྱི་མཐར་ཁྲིག་ཁྲིག་འཁོད་པར་བསམས་ནས་རྩ་སྔགས་བཟླ་ལྷག་མ་གཉིས་ཀྱང་དེ་བཞིན་ཤེས་པར་བྱས་ལ། གོ་ཆ་ལ་སློབ་མའི་ལུས་ཀྱི་ཆ་ཤས་རྣམས་སུ་སྔགས་གཉིས་ཡོད་པར་བསམས་ནས་བཟླའོ། །ཐམས་ཅད་ལ་རྗེས་ཟློས་ལན་གསུམ་དང་བརྟན་པའི་ཕྱིར་དེ་ནས་བདུན་བཟླས་སོ། །དེ་ནི་བཟླས་ལུང་ངོ་། །བྱིན་གྱིས་བརླབ་པའི་ལུང་སྦྱིན་པར་བྱ་བའི་ཕྱིར་ཐོག་མར་བཏུ་གཞི་དེ་ལ་བླ་མའི་ཕྱག་གིས་བྱུགས་ལ་དེ་སློབ་མའི་སྤྱི་བོར་བཞག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱི་བོ་ནས་ཨཱ་ལི་ཀཱ་ལིའི་རྣམ་པར་ལུས་ལ་ཞུགས་པར་བསྒོམ། དེ་བཞིན་རྩ་སྔགས་བྱུགས་ཤིང་དེའི་རྡུལ་དེ་དཔྲལ་བར་རེག སྙིང་པོ་གཉིས་ལ་བྱུགས་ཏེ་མགྲིན་པར་རེག ཉེ་སྙིང་ལ་བྱུགས་ཏེ་སྙིང་གར་རེག་པས་གནས་དེ་དག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་དེ་དག་གི་རྣམ་པར་ཞུགས་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་མོ། །གོ་ཆའི་སྔགས་ལ་བྱུག་ཅིང་སྤྱི་བོར་རེག་པས་གོ་ཆ་བརྟན་ཅིང་བྱིན་གྱིས་བརླབ་པར་བསམ། དེ་ནས་བཅོམ་ལྡན་བདག་ལ་སོགས་བརྗོད། མེ་ཏོག་བླ་མ་ལ་ཕུལ། བླ་མས་དེ་བླངས་ཏེ་སློབ་མའི་དཔྲལ་བ་ལ་རེག་ལ། བཅོམ་ལྡན་འདི་ལ་སོགས་དང་། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདི་ལ་འཇུག་པར་གྱུར་ཅིག དེ་ནས་ཆང་ལ་བདུད་རྩི་རིལ་བུ་སྦྱར་བས་ཡི་གེ་རྣམས་བཀྲུས་ལ། བླ་མ་རང་གིས་འཐུང་ཞིང་སློབ་མའི་གནས་གསུམ་དུ་བྱུག ཁྱོར་བར་སྦྱིན་ཏེ་འཐུང་ལུས་ལ་བྱུག ལུས་ཀྱི་ཆ་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་ཞུགས་པར་བསམ་མོ། །མཇུག་ཏུ་མཆོད་བསྟོད་གོ་ཆ་གཉིས་ཀྱིས་བསྲུང་། ལས་ཀྱི་རྗེས་བསྡུས་ལ་མི་མངོན་པར་བྱའོ། །བགྲང་འཕྲེང་གི་རྒྱུ་སྡོམ་འབྱུང་ལས། གསེར་དང་དངུལ་དང་ཟངས་མ་དང་། །དེ་བཞིན་ཤེལ་དང་དུང་ལ་སོགས། །ཞི་དང་རྒྱས་པ་དག་ལ་ཤིས། །དབང་དང་དགུག་པའི་རབ་སྦྱོར་ལ། །གུར་ཀུམ་ལ་སོགས་དྲིའི་རིལ་བུ། །བྱི་རུ་ཙན་དན་དམར་པོའི་འབྲུ། །རུ་རཀྵ་དང་ལུང་ཐང་འབྲས། །དེ་བཞིན་མི་རུས་རྔ་མོང་དང་། །བོང་བུ་མ་ཧེའི་རུས་པ་ནི། །དྲག་སྤྱོད་ལྐུགས་དང་མནན་པ་དང་། །དབྱེ་བས་དགྲ་ནི་ཚར་གཅོད་དང་། །གསད་དང་བསྐྲད་ལ་སྦྱར་བྱ་སྟེ། །ལས་ཀྱི་འཕྲེང་བ་ཇི་ལྟ་བར། །བཟླས་པའི་འཕྲེང་བ་བྱ་བ་ཡིན། །རྡོ་རྗེ་མཁའ་འགྲོར། བོ་དེ་ཙི་ནི་ལས་ཀུན་བྱེད། །ཅེས་སོ། །འགྲེལ་བར་བྱུང་བ་ནི་སྔར་བཤད་དོ། །ལུང་ཐག་གི་ཁྱད་པར་ནི། བོང་བུ་རྔ་མོང་སྤུ་དང་ནི། །ཁྭ་ཡི་སྒྲོ་ནི་བསྲེ་བྱས་ལ། །མནན་དང་བསྐྲད་པའི་ལས་ལ་ནི། །དེ་ཡི་སྲད་བུར་བརྒྱུ་བར་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །རྣམ་པར་སྡང་ལ་སྲད་བུ་བྱ། །དུར་ཁྲོད་སྐྲ་ཡི་སྲད་བུ་དང་། །ཁྱི་ཡི་སྤུ་ནི་བསྲེ་བྱ་སྟེ། །དེ་ཡི་སྲད་བུ་དྲག་པོ་ཡི། །ལས་ལ་སྔགས་ཕྱིར་སྦྱར་བར་བྱ། །དགེ་བའི་ལས་ལ་གཞོན་ནུ་མས། །བཀལ་བའི་སྲད་བུར་བརྒྱུ་བར་བྱ། །ཞེས་སོ། །གྲངས་ནི། རྡོ་རྗེ་མཁའ་འགྲོར། སྔགས་མཉེས་པ་ལ་ལྔ་བཅུ་སྟེ། །རྗེས་སུ་ཆགས་པ་དེ་ཡི་ཕྱེད། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་པ་བརྒྱད་ཀྱིས་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ཞེས་སོ། །སྔགས་མཉེས་པ་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ། རྗེས་སུ་ཆགས་པ་དབང་དགུག་ཡིན་ནོ། །འདྲེན་པའི་ཚུལ་ལ་དེ་ཉིད་དོ། །ཞི་བ་ལ་ནི་མཛུབ་མོར་བཤད། །རྒྱས་པ་གུང་མོར་བཀལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་བསྲུང་། །མཐའ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །འཕྲེང་བའི་དེ་ཉིད་ནི། རིལ་བུ་དགྲ་བཅོམ་མདོ་འཛིན་ནི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསམ། །ཞེས་པས་སོ། །བཟླས་བརྗོད་ལ། སྡོམ་འབྱུང་དུ། སྔགས་ཀྱི་གྲངས་ནི་བཞི་པོ་ནི། །རྒྱུན་མི་འཆད་པར་གསང་སྔགས་བཟླ། །བཟླས་པའི་འཕྲེང་བ་སོགས་བསྡུས་པ། །འདི་ནི་ངག་གི་བཟླས་པ་སྟེ། །ཞེས་བརྗོད་པས་རྡོར་བཟླས། ལྷ་ཡི་གཟུགས་སུ་དམིགས་པ་ཡི། །སྤྲོ་དང་བསྡུ་བའི་བདག་ཉིད་ཅན། །དམིགས་པ་རྡོར་བཟླས། སྔགས་ཀྱི་དེ་ཉིད་བརྡ་ཡིས་ནི། །འགྲོ་དང་འོང་བ་ཡང་དག་བསམ། །བརྡར་གྱུར་རྡོར་བཟླས། མཐར་གསུམ་ལས་ནི་རྣམ་གྲོལ་བ། །དོན་དམ་དེ་བཞིན་ཉིད་ཀྱི་དོན། །ཞེས་དོན་དམ་པའི་རྡོར་བཟླས་བཤད་པ་ལས་སྔགས་བསྒྲུབ་པ་ལ་དད་པའོ། །དེ་ལ་ཡང་། སྤྲོ་བསྡུ་བསྒོམ་པ་ལ་ཡེ་ཤེས་ཀྱིས་བཟླས་པ་ཞེས་མིང་འདོགས། དབུགས་འབྱུང་རྔུབ་དང་འགྲོགས་ནས་ཟློས་པ་ལ་ཡིད་ཀྱི་བཟླས་པའི་མིང་འདོགས། འཕྲེང་བ་བགྲང་ནས་ངག་གིས་བཟླ་བ་ལ་ངག་གི་བཟླས་པ་ཞེས་པའི་མིང་འདོགས་སོ། །ངག་གིས་བཟླས་པ་དེ་ཡང་མཉམ་སྦྱོར་ལས། ཁུན་པ་དབུགས་ཀྱི་རླུང་འབྱིན། སྲིན་པོའི་ངར་སྐད། དེ་ཉིད་བསྡུས་པ་ལས། ཁྲོ་བོའི་འབྲུག་སྒྲ་དང་། ཧེ་རུ་ཀ་འབྱུང་བ་ལས་རིགས་བཞིའི་གླུས་བཟླས་པ་དང་བཞི་ཡིན་ནོ། །ཞེས་རྒྱ་འགྲེལ་མཛད་པ་འགའ་ཞིག་གིས་སོ། །ཞི་བའི་ཚེ་རང་གི་ཁ་ནས་ནང་དུ་ཞུགས་ཤིང་སྔགས་ཀྱི་ཡི་གེ་ལུ་གུ་རྒྱུད་ཀྱི་འཕྲེང་བའི་ཚུལ་ཅན་རྡོ་རྗེའི་ལམ་ནས་བྱུང་སྟེ་སླར་ཡང་པདྨའི་ལམ་ནས་ལྷ་མོའི་ནང་དུ་ཆུད་པར་བྱས། ཡང་ལྷ་མོའི་ཁ་ནས་རང་གི་ཁར་གཞུག་པའི་རིམ་པ་དང་། དྲག་པོ་ནི་དེ་གོ་བཟློག་པའོ། །ཞི་བ་ལ་ཡི་གེ་ལྷོད་པ་ཡི་གེའི་འཕྲེང་བ་ཕན་ཚུན་གཅིག་ནས་གཅིག་ཏུ་འབྲེལ་བའོ། །དྲག་པོ་ལ་སྲད་བུ་ལེགས་པར་བསྒྲིལ་བ་ལྟ་བུར་སྔགས་ཀྱི་ཡི་གེ་ཕན་ཚུན་གཅིག་ལ་གཅིག་སྦྱར་བ་ལྟ་བུའོ། །ཡང་ན་དུས་གཅིག་གཉིས་ཀའི་ཞལ་ནས་ཕྱིར་བྱུང་ཞིང་ཟོ་ཆུན་འཁོར་བའི་རྣམ་པར་བསམ་པའོ། །ཞི་བ་ལ་སྔགས་ཀྱི་ཡི་གེ་ལྕགས་སྒྲོག་གི་འཕྲེང་བའི་གཟུགས་ཀྱང་བཤད་ལ། རྒྱས་པ་ལ་རྨ་བྱའི་སྒྲོའི་ཆུན་པོ་ལྟ་བུའི་ཡི་གེའི་འཕྲེང་བ་མང་པོ་བསྡམས་པ་དག་ཀྱང་བཤད་དོ། །གྲངས་ཚད། ཨ་བྷི་དྷ་ན་ལས། སྔོན་དུ་བསྙེན་པ་བྱ་བ་ནི། །ཆོ་ག་བཞིན་དུ་འབུམ་དུ་བཟླས། །ཞེས་གཙོ་བོ་ལ་འབུམ། རང་གི་ལྷ་ཡང་འབུམ་དུ་བཟླས། །ཞེས་པ་མེ་ཏོག་ཕོག་པའི་ལྷ་དེའོ། །གཞན་ནི་ཁྲི་རུ་བཟླས་པར་བྱ། །ཞེས་པ་བཞིན་སྡོམ་འབྱུང་དུ། རྫོགས་ལྡན་དུས་སུ་གཅིག་བཟླས་པ། །གསུམ་ལྡན་དུས་སུ་ཉིས་འགྱུར་བཟླས། །གཉིས་ལྡན་དུས་ན་གསུམ་འགྱུར་བཤད། །རྩོད་ལྡན་བཞི་འགྱུར་དུ་ནི་བཟླས། །ཞེས་ད་ལྟ་འབུམ་ཕྲག་བཞིར་བཟླ་ཞེས་བཤད་ལ། ཁ་ཅིག་རྫོགས་ལྡན་དུས་བཟླ་བ་ལས་གཉིས་ལྡན་སོགས་ཉུང་བར་བཟླ་བ་ལ་འདྲེན་པ་ནི་མི་འཐད་དེ། མ་ཧཱ་མ་ཏིའི་གསང་ཆེན་དགའ་བའི་ཐིག་ལེ་ལས། མཁས་པས་གསང་སྔགས་ཡི་གེ་ནི། །བཅོ་ལྔ་མན་ཆད་གྲངས་རྣམས་ལ། །ཡི་གེ་སྡོམ་ནི་དུ་ཡོད་པ། །དེ་ཉིད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་གསུམ་འབུམ་བྱ་བར་བཤད། །ཡི་གེ་དེ་ལས་ལྷག་པ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །ཞེས་དང་། ཡང་རྒྱུད་ལ་ལར་ནི། ཅི་ནས་གསང་སྔགས་བྱེ་བ་བཟླས་པར་གསུངས། བསོད་ནམས་འབྲིང་པོ་རྣམས་ཀྱིས་ནི། །འབུམ་དུ་བཟླས་པར་བདག་སྨྲའོ། །བསོད་ནམས་ཆེ་བས་ཁྲི་བཟླས་པ་ཤིན་ཏུ་མྱུར་བར་འགྲུབ་བོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་རྒྱུད་ཀྱི་བདག་པོས་གསུངས་སོ། །བསོད་ནམས་ཆུང་བའི་སེམས་ཅན་རྣམས་ཀྱིས་བྱེ་བ་བཟླ་བར་གསུངས་སོ། །ཞེས་དང་། འདི་ལྟར་ཕན་ཚུན་སྨྲ་བས་བཟླས་ན་དངོས་གྲུབ་གཞན་དུ་འགྱུར་རོ། །གལ་ཏེ་རྨོངས་པའི་སེམས་ཀྱི་ཉོན་མོངས་པས་བཟླས་ན་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་བྱེ་བར་ཡང་དེ་ལ་དངོས་གྲུབ་མེད་དོ། །ཞེས་དང་། ཐུགས་ཀྱི་གསང་ཆེན་མ་གྲུབ་པར་ཉོན་མོངས་པ་མི་འགོག་ལ། དེ་མ་འགགས་ན་སྐུ་དང་གསུང་གི་མཚན་ཉིད་གསང་ཆེན་མི་འགྲུབ་སྟེ། ཇི་སྐད་དུ། ཡབ་གཅིག་ལྷ་རྣམས་ཐུགས་དམ་མེད་དམ་ཅི། །དེ་ལྟ་སེམས་ཅན་ཤིན་ཏུ་འགྲུབ་པར་དཀའ། །བུ་གཅིག་ལྷ་རྣམས་ཐུགས་རྗེའི་རང་བཞིན་ཡིན། །དེ་ཡང་སེམས་ཅན་ཉོན་མོང་དྲ་བས་ཁྱབ། །ཅེས་གསུངས་ཞེས་པ། འཕགས་པ་ཐོགས་མེད་ཀྱིས་བྱམས་པ་བསྒྲུབ་པ་ལྟ་བུའོ། །དེའི་ཕྱིར་ཟློས་པས་བཟླས་བརྗོད་བྱེད་པའི་ཚེ། །ཀུན་རྟོག་ཟུང་ནས་མི་བསམ་མོ། །ཞེས་གཞན་ནས་གསུངས་པ་གལ་ཆེའོ། །འདི་ཉིད་ཀྱི་ལུགས་རྩ་བའི་སྔགས་ལྟ་བུ་ལ་ཡང་འབུམ་བཟླས་པར་གསུངས་ཏེ། རྡོ་རྗེ་མཁའ་འགྲོར། དུས་བཞི་རུ་ནི་རབ་སྦྱོར་བས། །བདེ་མཆོག་བླ་མ་བསྒོམ་བྱས་ཏེ། །རྡོ་རྗེ་ཆེན་པོ་འབུམ་བཟླས་ན། །ཁྲོ་བོའི་རྒྱལ་པོ་མཚུངས་པར་འགྱུར། །ཞེས་པས་སོ། །བླ་མ། གྲངས་ཀྱི་བསྙེན་པར་གཏོགས་པ་ཙམ་ལ་སྙིང་པོ་ཉེ་སྙིང་འབུམ་ཕྲག་བཞི་དང་། འཁོར་ལ་ཁྲི་ཚོ་བཞི་བཟླ་གསུངས་སོ། །དུས་ནི་ཟླ་བ་བཞི་དང་། མཚན་མ་གསལ་བར་མཐོང་བའམ། དེ་ཡང་ཉུང་མཐའ་སྟེ་གཞན་དུ་ཅི་ཙམ་སོང་གིན་ལེགས་སོ། །སྔགས་རྐྱང་པ་ལ་གཞོལ་བ་དེ་ཡང་ལྷ་དང་སྔགས་ཀྱི་བྱིན་གྱིས་བརླབས་ཀྱིས་ནམ་ཞིག་རྫོགས་རིམ་ལ་སྤྲོ་བ་རྙེད་དེ་དེ་ལ་འཇུག་གོ །སྔགས་གྲུབ་པ་ཆུང་ངུ་ནི། དེའི་བྱ་བ་ལ་དོན་བྱེད་ནུས་པ་གསལ་པོར་མཐོང་བ་ཙམ་ནས་འཛིན་ནོ་ཞེས་གསུངས་སོ། །བཅུ་པ་རིག་པའི་རྒྱལ་པོ་ལས་རབ་འབྱམས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་རྩ་བའི་གསང་སྔགས་ཀྱི། །སོགས་ལེའུ་དགུ་པར་རྩ་སྔགས་ཀྱི་ལས། གསང་སྔགས་འདི་ཡི་སྙིང་པོ་ནི། །སོགས་ལེའུ་བཅུ་པ་དང་བཅུ་གཅིག་པར་སྙིང་པོའི་ལས། དེ་ནས་ཉེ་བའི་སྙིང་པོ་ནས། སོགས་ལེའུ་བཅུ་གཉིས་པར་ཉེ་བའི་སྙིང་པོའི་ལས། དེ་ནས་གོ་ཆའི་ལས་རྣམས་ནི། །ཞེས་པས་ལེའུ་བཅུ་གསུམ་པར་གོ་ཆའི་སྔགས་ཀྱིས་འགྲུབ་པའི་ལས་རྣམས་ཏེ། བཞི་བཅུ་རྩ་གསུམ་པར། གྲོང་དང་གྲོང་རྡལ་དེ་བཞིན་དགོན། །ཉེ་བའི་སྙིང་པོའི་ལས་དང་། བཞི་བཅུ་རྩ་བཞི་པར། དེ་ནས་ཕོ་ཉ་ལ་བརྟེན་ཏེ། །སོགས་རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་ལས་དང་། བཞི་བཅུ་རྩ་ལྔ་པར། དེ་ནས་ལས་ཀྱི་རབ་མཆོག་ནི། །སོགས་ཀྱིས་ཚིག་གི་དངོས་གྲུབ། ལས་དང་བཞི་བཅུ་རྩ་དྲུག་པ་ཧ་ལྔའི་ལས་དང་། བཞི་བཅུ་རྩ་བདུན་པར་ཕག་མོའི་སྙིང་པོའི་ཉེ་སྙིང་གི་ལས་སོ། །ལས་དེ་དག་རེ་རེ་ནས་བགྲང་བར་མི་ནུས་པས་རབ་འབྱམས་ཞེས་བྱ་ལ། དེ་དག་བཅུ་གཉིས་སུ་བསྡུ་སྟེ། སུམ་ཅུ་རྩ་གསུམ་པར། ཞི་བ་ཉིད་དང་རྒྱས་པ་དང་། །དབང་དང་དགུག་པ་དག་དང་ནི། །བསད་དང་བསྐྲད་པ་ལ་སོགས་དང་། །རྨུགས་དང་རེངས་པ་དེ་བཞིན་ཏེ། །དབྱེ་བ་ཉིད་དང་ཚར་གཅོད་དང་། །ལས་ཀྱི་དངོས་གྲུབ་ཅེས་གསུངས་པས་སོ། །སོགས་སྒྲས་མནན་པ་དང་། མངོན་སྤྱོད། དེ་ལ་མནན་པ་དང་བཅིང་བ་དོན་གཅིག དབྱེ་བ་དང་སྡང་བར་བྱེད་པ་དོན་གཅིག འདིའི་ཚར་བཅད་དང་བསད་པ་དོན་གཅིག རྨོངས་པ་རྨུགས་པའི་ཁོངས་སུ་བསྡུས་ཡིད་རེངས་པ་དང་གཅིག འདིའི་མངོན་སྤྱོད་ནི་རིམ་གྱིས་གདུང་བ་དང་སྨྱོར་འཇུག་པ་ལ་སོགས་པ་བྱེད་དོ། །དེ་ཡང་ཞེ་གཅིག་པར། དབང་དང་དགུག་དང་དབྱེ་བ་དང་། །བསད་དང་བསྐྲད་པ་ལ་སོགས་པ། །རྨུགས་དང་རེངས་པར་བྱ་བ་དང་། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་འགྱུར་བ་དང་། །འོན་ཀྱང་དེ་བཞིན་ལོང་བ་དང་། །མ་ནིང་ཉིད་དུ་བྱ་བ་དང་། །གཟུགས་ནི་ཡོངས་སུ་བསྒྱུར་བ་སྟེ། །ལས་ཆེན་བཅུ་གཉིས་འདི་དག་ནི། །ཞེས་དབང་དགུག་བཞག་པས་དྲག་པོ་ཉིད་ཀྱི་ལས་ཆེན་བཅུ་གཉིས་སོ། །བསྡུ་ན་ཞི་རྒྱས་དབང་དྲག་པོ་བཞི། དྲག་པོ་ལ་མངོན་སྤྱོད་ཅེས་ཀྱང་བྱའོ། །ལྷག་མ་ཕལ་ཆེར་ཕྱི་མར་གཏོགས་སོ། །དེ་ལས་ཀྱང་བསྡུ་ན་ཞི་དྲག་གཉིས་སུ་བསྡུ་སྟེ། རྒྱས་པ་ཞི་བ་དང་། དབང་དགུག་དྲག་ཤུལ་གྱི་ཆོ་ག་ཡིན་པས་དྲག་པོ་ཡིན་ནོ། །དེ་དག་ཀྱང་བསམ་གཏན་ཙམ་གྱིས་འགྲུབ་པ་དང་། འཁྲུལ་འཁོར་དང་རྫས་ཀྱིས་འགྲུབ་པ་དང་། སྦྱིན་སྲེག་གིས་འགྲུབ་པ་སྟེ་རྣམ་པ་བཞིའི། དང་པོ་ནི་བཞི་བཅུ་རྩ་གསུམ་པར། དཀར་པོ་ཡི་ནི་ཞི་བར་འགྱུར། །ནག་པོས་སྐད་ཅིག་དག་གིས་གསོད། །དམར་པོས་དབང་དུ་འགྱུར་བ་སྟེ། །འཕྲལ་དུ་ངེས་པར་འགུགས་པར་འགྱུར། །སེར་པོས་ཐམས་ཅད་གནོན་འགྱུར་ཏེ། །འདི་ནི་བསྟན་བཅོས་ངེས་པ་ཡིན། །དེ་ཡང་རྡོ་རྗེ་མཁའ་འགྲོར། ནད་སོགས་ཞི་ཕྱིར་ཞི་བ་ནི། །སྙིང་རྗེར་ལྡན་པས་དགོངས་མོ་བྱ། །དཔའ་བོ་ཤར་དུ་བལྟས་ནས་ནི། །མེ་ཏོག་ཕྲེང་སོགས་བརྒྱན་དང་ནི། །བགོ་བ་དག་ནི་དཀར་པོར་བྱ། །འཇམ་པའི་སྟན་ལ་གནས་ནས་ནི། །པདྨའི་སྐྱིལ་ཀྲུང་བཅིངས་ནས་སུ། །དཔལ་ལྡན་རྣམ་སྣང་མཛད་བསྒོམ་སྟེ། །བརྩེ་དང་ལྡན་པས་མི་སྨྲ་བར། །བསྒྲུབ་བྱ་ཡི་གེ་ཨོཾ་གྱུར་པའི། །ཆུ་ཡི་དཀྱིལ་འཁོར་དཀར་པོ་ལ། །སེངྒེ་པདྨ་ཟླ་བ་ཡི། །སྟན་ལ་གནས་པ་དམིགས་ནས་སུ། །འོག་ནས་འབྱུང་བའི་རིམ་པ་ཡིས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྭཱ་ཧཱའི་མཐའ་ཅན་སྔགས་བཟླས་ཏེ། །རྟག་ཏུ་ཞི་བའི་ལས་རྣམས་བྱ། །དབུལ་དང་རིགས་སོགས་རྒྱས་པའི་ལས། །དགའ་དང་ལྡན་པས་སྔ་དྲོ་བྱ། །གོས་སེར་ལ་སོགས་བརྒྱན་ནས་ནི། །བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ། །བཟང་པོ་ཡི་ནི་འདུག་སྟངས་སམ། །ཡང་ན་རོལ་པའི་སྟབས་ཀྱིས་གནས། །འབྲས་ཆན་དཀར་པོ་ཞོ་དང་ནི། །བཅའ་བཟའ་དེ་ཉིད་རིག་པ་ཡིས། །བཟའ་དང་བཏུང་བས་ཚིམ་པར་བྱ། །རིན་ཆེན་འབྱུང་ལྡན་བསྒོམ་ནས་སུ། །ཡི་གེ་ལཾ་ལས་བྱུང་བ་ལས། །དབང་ཆེན་གྱི་ནི་དཀྱིལ་འཁོར་ལ། །གླང་ཆེན་སྟེང་དུ་གནས་པ་ཡིས། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས་ཀྱི་མཐར་ནི་ཨོཾ་བརྗོད་ཅིང་། །རྒྱས་པར་བྱ་བའི་ཆོ་ག་སྦྱར། །དབང་གི་དོན་དུ་འདི་གསུངས་ཏེ། །མཚན་མོ་ཆགས་པའི་སེམས་ཀྱིས་ནི། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །དམར་པོའི་རྒྱན་གྱིས་ཀླུབས་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་གནས་ནས་སུ། །རྡོ་རྗེ་ཆགས་པ་མཆོག་ཏུ་བསྒོམ། །ཡཾ་ལས་བྱུང་བའི་རླུང་དཀྱིལ་ལ། །བཙུན་མོ་པདྨ་འཇམ་ལྡན་པར། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས་ཀྱི་མཐར་ནི་ཧོཿབཟླས་ཏེ། །འོད་ཟེར་དམར་པོས་བསྐུལ་ནས་སུ། །ཟུར་མིག་བལྟ་བས་སྦྱིན་སྲེག་བྱ། །བུད་མེད་རྣམས་ནི་རྨོངས་པར་འགྱུར། །དཀོན་མཆོག་གསུམ་ལ་གནོད་པ་དང་། །དམ་ཚིག་འདས་ཤིང་ཁྲོ་བ་ལ། །སྡང་བའི་སེམས་ཀྱིས་ལྷོར་བལྟས་ཏེ། །མཚན་ཕྱེད་དམ་ནི་ཉིན་ཕྱེད་ལ། །གོས་སོགས་སྔོན་པོས་བརྒྱན་ནས་སུ། །མཁྲང་ཤིང་རྩུབ་པའི་སྟན་ལ་ནི། །ཁྲོ་བོའི་སྐྱིལ་ཀྲུང་གནས་ནས་སུ། །རྡོ་རྗེ་ཁྲོ་བོ་བསྒོམ་པར་བྱ། །རཾ་ལས་ཉི་མའི་དཀྱིལ་འཁོར་ལ། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །ཧཱུྃ་དང་ཕཊ྄་ཅེས་བྱ་བ་ནི། །འབྲུག་གི་སྒྲ་ལྟར་བསྒྲགས་པ་སྟེ། །ཐོག་མ་དབུས་མཐའ་སྦྱར་བར་བྱ། །བསྒྲུབ་བྱའི་ལས་ཀྱི་ཆོ་གའོ། །ཞེས་དང་། དགུག་པ་ལ་དེར། དེ་ནས་དགུག་པ་བཤད་བྱ་ཞིང་། །རོལ་པར་བཅས་ཤིང་གཡོ་དང་བཅས། །རླུང་གི་གདོང་གི་སྟེང་དུ་བལྟ། །ལི་ཁྲི་ལྟ་བུའི་མདོག་ཏུ་བསམ། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །སྔགས་ཀྱི་མཐར་ནི་ཛཿབཟླས་ཏེ། །བསྒྲུབ་བྱའི་སྙིང་གི་པདྨ་དགུག །བུད་མེད་ཡིན་ན་སྐྱེ་གནས་དགུག །ཁམས་གསུམ་དགུག་པར་གདོན་མི་ཟ། །ཞེས་སྣོད་ཀྱི་བསྡུས་པ་དགུག་པ་ལ་གོང་བུ་དགུག་པ། བཅུད་ཀྱི་བསྡུས་པ་ལ་རྐང་པས་དགུག་པར་བཤད་དོ། །བསྐྲད་པ་ལ། བསྒྲུབ་བྱ་རྔ་མོའི་སྟེང་དུ་བསྐྱོན། །གཅེར་བུ་མར་ཁུས་བྱུགས་པ་དང་། །སྐྲ་གྲོལ་ཁ་ནི་ལྷོ་རུ་བལྟས། །སྐྱབས་མེད་ངུ་ཞིང་བརྒྱལ་བར་བསམ། །ཞེས་སོ། །དབྱེ་བ་ལ། རྟ་དང་མ་ཧེར་ཞོན་པ་ཡི། །དགྲ་བོ་ནང་གི་ཕན་ཚུན་དུ། །མཚོན་ཆ་ཐོགས་ནས་ཁྲོས་ནས་ནི། །ཕན་ཚུན་དཔུང་དང་བཅས་པ་རུ། །འཐབ་མོ་བྱེད་པ་བསྒོམ་པར་བྱ། །ཕ་རོལ་གྱི་དམག་རེངས་པ་ལ། སྔགས་པས་གཡུལ་དུ་ཁ་བལྟས་ཏེ། །དེ་ཡི་མིང་ཡང་སྤེལ་བ་ཡི། །ཡི་གེ་ར་ནི་བྲི་བར་བྱ། །གདོང་ནི་སྟེང་དུ་བལྟས་པར་བསམ། །སྒྲུབ་པོ་རི་བོའི་སྟེང་དུ་ནི། །རྡོ་རྗེ་སྐྱིལ་ཀྲུང་མི་གཡོ་ན། །དེ་ཡི་བསྒྲུབ་བྱ་མནན་ནས་སུ། །ལུས་དང་ངག་ནི་གཟིར་བར་བྱ། །སྔགས་ནི་མིང་དང་སྤེལ་བ་ཡི། །སྔ་མ་བཞིན་དུ་བཟླས་པ་བྱ། །ཞེས་ཏེ། མནན་པ་རྨུགས་པ་སོགས་ཐམས་ཅད་ལ་འདྲའོ། །མངོན་སྤྱོད་ལ་སོགས་པའི་དུས་ཀྱི་བསྒྲུབ་བྱ་དགུགས་པ་ལ། མགྲིན་པར་ཞགས་པས་བཅིངས་ནས་སུ། །རྒྱབ་ནས་ཁྲོ་བོས་རྡེག་བྱེད་ཅིང་། ཁམས་གསུམ་མནན་པའི་བསམ་པ་ཡིས། །མེ་ཡི་མཚམས་སུ་གདོང་བལྟས་ཏེ། །སྔགས་ཀྱི་མཐར་ནི་ཛཿབཟླས་ན། །ཇི་ལྟར་འདོད་བཞིན་ཁུགས་པར་འགྱུར། །ཞེས་སོ། །འགྲེལ་པར། འདིར་རྩ་བའི་སྔགས་ལ་སོགས་པ་ཐམས་ཅད་ནི་གཙོ་བོ་ལས་ཀྱི་རྗེས་སུ་མཐུན་པ་མཐར་ཧཱུྃ་ཞེས་བྱ་བའི་ཡི་གེའི་གནས་སུ་ལྷ་སྤྱན་དྲངས་པ་ལ། སྭཱ་ཧཱའི་མཐའ་ཅན་དུ་བྱའོ། །དེ་བཞིན་དུ་ཨརྒྷའི་གནས་སུ་ཡང་མཆོད་པ་ལ་ན་མཿམཐའ་ཅན་ཏེ་ཞི་བའི་སྔགས་བཟླས་པ་ཡང་ངོ་། །རྒྱས་པའི་སྔགས་བཟླས་པ་ལ་སྭཱ་ཧཱའི་མཐའ་ཅན་ནོ། །དགུག་པ་ལ་བཽ་ཥ་ཊ་ཀྱི་མཐའ་ཅན་ནོ། །དབང་དུ་བྱ་བའི་བཟླས་པ་ལ་བཽ་ཥ་ཊ་ཀྱི་མཐའ་ཅན་ཏེ། ཞེས་དང་། ཤར་དང་ནུབ་ཀྱི་ཞལ་དུ་གསུངས་པའི་ཆོ་ག་ལ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཅེས་པའི་མཐའ་ཅན་ནོ། །ཞེས་གསུངས་པས་ཞི་བ་ལ་ན་མཿདང་སྭཱ་ཧཱའི་གདབ་པར་ཤེས་པར་བྱའོ། །རྫས་དང་བཅས་པ་ནི་གཞུང་དེ་ཉིད་དུ་གསལ་ལོ། །འཁྲུལ་འཁོར་ནི། སྡོམ་འབྱུང་དུ། གུར་ཀུམ་ཙན་དན་བསྲེས་པ་གང་། །ཡར་ངོ་ཡི་ནི་ཚེས་ལ་བྲིས། །འཁོར་ལོ་རྩིབས་དྲུག་བྲིས་ནས་ནི། །སོགས་སོ། །འདུག་སྟངས་ནི། བྱིན་པ་གཡས་པ་གཡོན་པའི་སྟེང་དུ་བཞག་སྟེ་པུས་མོ་གཉིས་སྨད་པ་པདྨའི་སྐྱིལ་ཀྲུང་ངམ་པདྨའི་གདན་ནོ། །རྐང་པ་གཉིས་དྲང་པོར་བྱས་གདན་མཐོན་པོ་ལ་གནས་པ་བཟང་པོའི་འདུག་སྟངས། རྐང་པ་གཡས་པ་སེམས་དཔའི་སྐྱིལ་ཀྲུང་གིས་གནས་ནས་གཡོན་པ་འགྱིང་དང་བཅས་པས་རབ་ཏུ་བརྐྱང་བ་ནི་རོལ་པའི་འདུག་སྟངས་སོ། །བརླ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་བཞག་ལ། གཡོན་བརླ་གཡས་པའི་འོག་ཏུ་བཞག་པ་ནི་སེམས་དཔའི་སྐྱིལ་ཀྲུང་ངོ་། །རྐང་པ་གཡོན་པ་སྐྱིལ་མོ་ཀྲུང་ཕྱེད་པར་བྱས་ནས། དེ་དང་ཉེ་བར་པུས་མོ་གཡས་པ་སྟེང་དུ་དྲང་པོར་བྱས་པ་དཔའ་བོའི་འདུག་སྟངས་སམ་ཁྲོ་བོའི་སྐྱིལ་ཀྲུང་ངོ་། །བཅུ་གཅིག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། འཇིག་རྟེན་པའི་དངོས་གྲུབ་བརྒྱད་ནི། གསུམ་པར། མི་སྣང་ས་འོག་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱི་ལེན། །ཞེས་གསུངས་ལ། རལ་གྲི་དང་། མིག་སྨན་དང་། ས་འོག་དང་། མཆིལ་ལཧྭམ་དང་། རྐང་འགྱོགས་དང་། རིལ་བུ་དང་། མི་སྣང་བ་དང་། བཅུད་ཀྱིས་ལེན་བརྒྱད་དེ། གྲུབ་པའི་རལ་གྲི་དེ་གཟུང་ན་མཐོ་རིས་སུ་འགྲོ་ནུས། གཞན་དུ་མ་ཡིན་པ་གཙུག་གི་ནོར་བུའི་མཐུས་ལྷ་མོ་ཡིད་འཕྲོག་མ་བཞིན་ནོ། །མིག་སྨན་ནི་དེ་མིག་ལ་བསྐུས་པས་ས་འོག་གི་གཏེར་ཐམས་ཅད་མཐོང་བའི་དབྱིག་གི་མིག་ཅེས་བྱ་བ་གྲུབ་པའོ། །ས་འོག་ནི་ས་འོག་ཏུ་རྒྱུ་བ་ལ་སོགས་པའི་དངོས་གྲུབ་ཏེ་ཀླུ་སྒྲུབ་བཞིན་ནོ། །མཆིལ་ལཧྭམ་ཞེས་པ་ལཧྭམ་དེ་གྱོན་པས་ཡུད་ཀྱིས་འཛམ་བུའི་གླིང་ལ་སོགས་པར་འགྲོ་ནུས་པ་སྟེ་འཁོར་ལོ་སྒྱུར་བའི་ལཧྭམ་རིན་པོ་ཆེ་ལྟ་བུའོ། །དེ་བཞིན་སྨན་རྐང་པ་ལ་བསྐུས་པས་རྐང་མགྱོགས་གྲུབ་པ་སོགས་ཀྱང་ཡིན་ནོ། །རིལ་བུ་ནི་སྐྱེ་བ་བདུན་པའི་རོ་ཙ་ནའི་ཐིག་ལེ་ལས་སྦྱར་བ་སུས་ཟོས་པ་དེ་མཁའ་སྤྱོད་དུ་འགྲོ་ནུས་སོ། །མི་སྣང་བ་གཞན་གྱིས་མི་མཐོང་བའོ། །བཅུད་ཀྱིས་ལེན་ནི་རོ་བཅུད་ཀྱི་དངོས་གྲུབ་སྟེ་ཚེ་ཉི་ཟླ་དང་མཉམ་པ་དང་གསེར་འགྱུར་ལ་སོགས་པའོ། །དེ་ཡང་། དེ་ནས་གཞན་ཡང་སྒྲུབ་པ་པོས། །སྐྱེ་བ་བདུན་པའི་བར་བྱུང་བ། །སོགས་ལེའུ་བཅུ་གཅིག་པ་དང་། འདིར། བོང་བུའི་རྣམ་པའི་རྣལ་འབྱོར་བདག །ཅེས་བོང་ཞལ་ཅན་གྱི་སྒྲུབ་ཐབས་སྟོན། བཅུ་གཉིས་པ་བརྡའི་ངོ་བོ་ཉིད་ཀྱིས་གནས་པ་ནི། བརྡའ་ནི། གང་ཞིག་བརྡར་གྱུར་ཤེས་པ་དག །ཅེས་སོགས་དེ་བཞིན་གཤེགས་པའི་བརྡ་སྟེ། འཇིག་རྟེན་བསྟན་བཅོས་གཞན་ལ་མ་གྲགས་པའོ། །དེ་ཡང་བདེ་མཆོག་འཁོར་ལོའི་མིང་སྲིང་ངོ་ཤེས་པའི་ཆེད་དུ་སྟེ། དེ་ནས་སྡོམ་པ་རྣམས་ལ་ནི། །ཞེས་བསྟན་ལ། ངག་དང་ལུས་ཀྱི་བརྡ་གཉིས་ལས། དང་པོ་ནི། ཌཱ སྐྱེས་པ། ཌཱི བུད་མེད། ཕཱུཾ རེས་པའམ་གནོན་པ། སུ ཟ་བ མ མ ཡོ ཆུང་མ། བྷཱི སྲིང་མོ ཝཱི མཛའ་མོ། ལུ བུ་མོ ཤྲཱི། ཁྲག སོ་སོ་ཞི་བའི་བཏུང་བའམ་བདུད་རྩིའི་བཏུང་བ་བེ བཏུང་བྱ། ཧཱི ཤ་བྷ བཟའ་བ བྷཱུ འདྲེས་པ བཱི དུར་ཁྲོད དྷཱུ རོ་ཅན ཧཱི རྣལ་འབྱོར་མ ག ལཱ་མའི་རིགས་ཅན ཏྲི གཟུགས་ཅན་མ ཀུ མཁའ་འགྲོ ཧཱ དུམ་སྐྱེས་མ ཡཱ བྱིན་པ་ཟུང་ ཀེ ལག་པ་ཟུང་། བྷ ཕྱག་འཚལ་བ། སུ ལེགས་པར་འོང་། རྩ་རྒྱུད་ཕལ་དང་། སཾ་བུ་ཊར་དེ་ལས་མེད། ནཱ་རོ་ཏ་པའི་ཕྱག་དཔེ་དང་བཤད་རྒྱུད་ལས། མི ཟ པེ བཏུང་བ་འཐུང་བ། གྷ བགྲོད་དང་བགྲོད་མིན། ཀ འདོད་པ ས གཞན་དང་མི་བགྲོད་པའི་བུད་མེད། ར ཁྱོ་མེད་མ། དུ སྤྱོད་ངན་མ། སུ སྐལ་བཟང་མ། ན སྐལ་ངན་མ། ས དམ་ཚིག་ཅན། ཨ དམ་མེད་མ། ཨཱ འོངས་པ་ཡིན། ན མ་འོངས་པ། སྭཱ ཆག་པ་ཡིན། བཤད་རྒྱུད་ལས། བྷྱོ བཟའ་བྱ་དང་བཟའ་བྱ་མ་ཡིན་པ། བྱོ བཏུང་བྱ་དང་བཏུང་བྱ་མ་ཡིན་པ། ཞེས་ལེའུ་བཅོ་ལྔ་པ་དང་། པོ་ཏདྒི། སྔོན་དུ་སྨྲ་བ་སྟེ་སྙུན་འདྲི་བའམ་ཕྱག པྲ་ཏི་པོ་ཏདྒི། ལན་བདེ་བ་མཉམ་པའི་རང་བཞིན་ནོ། །ག་མུ འགྲོའོ མུམྦ འོང་ངོ་ དེ་ཧཾ གྲོང་ཁྱེར འདི་ལ་སཾ་བུ་ཊར། ནཱི་ག་ར ཙ་ཊུ་ཀ ཁྱོད་ཀྱི་སེམས་ཟུང་ཞིག སྲྀ་ད་ཡ། དཔའ་བོ་སྟེ་བྱང་ཆུབ་ཀྱི་ས་བོན། མ་ར་ཎ། དབང་པོ་རྣམས་སོད་ཅིག འདི་གསུམ་ལ་བྷ་བ་བྷ་དྲ་བརྡའི་བཤད་པ་ཡིན་ལ། བརྡ་དངོས། གྲྀ། བཱི་རཱ་ཎ། ཀཽ་རའོ་གསུངས། ཁ་ཅིག་ལས། ཀཽ་ར ཀརྞི་ཀཱ། དྲིལ་བུ་སྟེ་འོད་གསལ་གྱི་དྲིལ་བསྒྲགས་གྱིས་ཤིག ཨ་ལི རྡོ་རྗེ་འཛིན་པ་སྤྱི་བོར་གྱོན་ཞིག ཀ་ར་ཎ། གྱ་གྱུར་འགྲོ་བའི་སེམས་ཅན། འདི་གཉིས་སམ་བུ་ཊར་གཅིག་ཏུ་བྱས་སོ། །བཱ་རཱ་ཧ། འདི་དང་སྔ་མ་ཕྲལ་བའི་ཀ་ར་ཎ་དོན་གཅིག་གོ །ཤྲཱ་བ་ཎ། རྣ་བ་སྟེ་ཉན་པ་ལ་མཁས་པ་རྣམས་འབིགས་པའོ། །མནྠ་ནཱྃ། བདུད་རྩིའི་གནས་ཏེ་པདྨ་སྲུབ་པའོ། །ས་མཱ་ག་མ། མཉམ་པར་སྦྱོར་བའམ་ཡང་དག་པར་འདུས་པ་སྟེ་ཀུན་བཞིའི་རྣམ་ཤེས་སུ་འདུས་པའོ། །འདིས་སམ་བུ་ཊར། ནཱ་ར་དོན་གཅིག ཏཱ་ལི་ཀཱ། མཁའ་འགྲོ་མ་སྟེ་སྒྲ་ནཱ་དའི་བདག་ཉིད་དོ། །ནར་ཀྃ །དཀྱིལ་འཁོར་ཏེ་བདུད་རྩིས་གང་བའི་རྩ་སྤྱི་བླུགས་སོ། །ཨ་མུ་ཀཾ །དུར་ཁྲོད་རླུང་རྒྱུ་བ་འགགས་པའི་ཟླ་བའི་ཆ་ཤས། ཀཱ་ཁི་ལ། སྒོ་སྟེ་ཆོས་ཀྱི་སྒོ་གླེགས་བམ་ལ་སོགས་པ། ཤྭ་ས་ནཾ། བྲམ་ཟེ་སྟེ་མཐེ་བོང་ནས་གཙུག་ཏོར་བར་དུ་བརྟན་པའི་སྲོག་རླུང་། པ་རི་དི། བྱང་སེམས་ཐམས་ཅད་དུ་ཁྱབ་པ། བི་ར་ཏ། རྗེ་རིགས་ཏེ་སྲིད་རྩེ། ཀྲུ་ར དམངས་རིགས་ཏེ་དངོས་པོ་ཐམས་ཅད་ལ་རྟོག་པ་མེད་པ། ཨནྟ གདོལ་པ་སྟེ་འཁོར་འདས་གཉིས་ཀ་ཟ་བའི་གཏུམ་མོ། པ་ཤུ་ལི་ཀ ཁྱིམ་སྟེ་མི་ཤེས་པའི་འཁོར་བ། འདིར་མངོན་སྤྱོད་དུ། གྲྀ། ཕྱུགས་རྫི། སཾ་བུ་ཊར། ཨཱ་ལི་ཀཱ་ལི། ཕྱུགས་སོ། །བྷ་གི་ནི། མཁའ་འགྲོ་མ་སྟེ་མྱང་འདས་ཀྱི་རང་བཞིན་གྱི་ཤེར་ཕྱིན། མེ་ད་ཀ ཆུ འདི་སཾ་པུ་ཊར། མུ་ད་ཀ ཚིག་དོན་གཉིས་ཀ་སྙིང་རྗེའི་རོ། གྲྀེ། ཕྱག་རྒྱས་འདེབས་པ་སྟེ་ཡན་ལག་གི་ཕྱག་རྒྱས་མཚོན་པའི་ཕྱག་རྒྱ་ཆེན་མོ། འདིར་ལྕེ་སོ་ལ་རེག་པ་བདག་ཅག་ལྟོགས་སོ་ཏེ་འཁོར་བ་ཐམས་ཅད་ཟའོ་ཞེས་སོ། །ཀྲིཥྞུ དྲིས་བགོས་པ། གནྡྷ་བཱ་སི། སྲེད་པའི་བརྐམ་པ་སྟེ་སེམས་ཅན་ལམ་ལ་གཞུག་པ་སྲེད་པ། ཀུ་ཏ ག་ནས་འོང་བ་སྟེ། ལོངས་སྐུ་ལས་སྤྲུལ་སྐུ་གནས་གང་ནས་འོང་། འདི་ལ་སཾ་བུ་ཊར། ཨ་ག་མ་ན། ཨ་མུ་ཀ་ཧྶྭུ་ནཱ་ད། ཆེ་གེ་མོ་གནས་ནས་ཏེ་གནས་ཆེ་གེ་ནས་འོངས་པའི་དཔའ་བོ་ཆེན་པོ། ཀི་ར་ཎ། མེ་ཏོག་སྟེ་སྟོང་པ་ཉིད་ནམ་མཁའི་མེ་ཏོག ཏུ་ལཾ་པ། རྒོད་པ་སྟེ་བདེ་བ་ཆེན་པོ་བཞད་པའོ། །ད་རོ སོའོ། འདི་ལ་སཾ་པུ་ཊར། ལམྦོ འཇིགས་པ། དནྟ རྒོད་པ། ཞེས་འབྱུང་། ནི་རོ་དྷ། འགོག་པའམ་ཆར་བ་སྟེ། སྟེང་འོག་གི་ཆར་པའོ། །ཏྲི་པ་ཏེ། ཚིམ་པ་སྟེ་ཡེ་ཤེས་ཀྱི་ཁམས་གསུམ་གྱི་ཚིམ་པའོ། །འདི་སཾ་པུ་ཊར། བིཛྙྱ་པྟི། དུརྻཀྵྭ ཕྱི་རོལ་ཏེ་འཁོར་བ་ལས་ཕྱི་རོལ་ཏུ་གྱུར་པའོ། །དྷུ་མ པྲི་ཡ སྤྲིན སཾ་བུ་ཊར། དྷུ་མ་ཞེས་དང་གཉིས་བྱུང་ངོ་། །སཱ་ནུ རི་བོ ས་རི་ཏ། ཆུ་ཀླུང་། ཨངྒུ་ལི། ཡན་ལག་སྟེ་ཕྱག་རྒྱ་ཆེན་པོའི་འོ། །དོན་གསུམ་ཀ་བདེ་བ་འཛག་པའི་ཆ་ནས་སོ། །བ་ད་ན། གདོང་ངམ་ཁ་གཙོ་བོ་རྡོ་རྗེ་འཆང་གི་ཞལ་ལོ། །རཱ་ཛཱ་ཀ ལྕེ་སྟེ་ཆོས་ཀྱི་རོ་མྱང་བས་སོ། །ཨ་ད་ནཱ། སོ་སྟེ་བདུད་རྩིའི་རང་བཞིན་གཏོར་བས་སོ། །པིགྷི རྒྱལ་མཚན་སྟེ་སྐྱེ་བོ་ཐམས་ཅད་ཀྱི་དགའ་བའོ། །ཚནྡོ མེ་ཏོག་གི་འཕྲེང་བ་སྟེ་བླ་མ་བརྒྱུད་པའི་ལུང་གི་སྒོ་ནས་འོངས་པའི་མན་ངག་སྣ་ཚོགས་ཀྱི་བདེ་བའོ། །ཙ་ལ རླུང་ སཾ་བུ་ཊར། མྲྀ་ག་པ་ཏ། ཆུ་སྟེ་གཉིས་ཀ་རྣམ་ཤེས་ཀྱི་ཁམས་རླུང་གི་རང་བཞིན། པྲ་པ་ཧཱ། གྲུ་སྟེ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ། པ་ཤུ རི་དྭགས། དོན་དབུགས། ཡཱ་ཏི་ནི། དཀྱིལ་འཁོར་མཉམ་པ་སྟེ་རང་བཞིན་ཐམས་ཅད་འདུ་བར་བྱེད་པའི་གནས་ཨ་ཝ་དྷཱུ་ཏཱིར་མཉམ་པའོ། །སཾ་བུ་ཊར། མཎྜྻལ ན་ར་ཀཾ །དམ་ཚིག བྷ་བ་བྷ་དྲས། མཉམ་པ། དཀྱིལ་འཁོར། དམ་ཚིག་གསུམ་རྣམ་གྲངས་པར་བྱས་པ། ས་མ་ནཾ། བཞི་མདོ་ཕུང་པོའི་རྩ་བ་ལའོ། །ཁ་ཅིག་ལས། སྲ་མཾ། ཕཱ་ལ་གུ་ཤཾ །སྐྱེ་བོ་སྟེ་རྩ་ཐམས་ཅད་བུམ་པ་ཅན་གྱི་སྦྱོར་བས་འགེངས་པའོ། །མཱ་ཀྵ་རཾ། ཕྱུགས་ཆེན་ཏེ་ནོར་བུར་འོངས་པའི་འགྱུར་མེད་ཀྱི་སེམས་སོ། །ཙྪ་ར ཟས་མིད་པས་རྒྱས་པའི་ལུས་སོ། །འགའ་ཞིག་ལས་མཧཱཔ་ཤུ། ནཱ མི་སྟེ་སྣའི་བུ་གར་མཐོང་བའི་སྲོག་མཉམ་པར་སྦྱོར་བའོ། །གོ བ་གླང་སྟེ་སྲོག་བཅིངས་པས་ཏིང་ངེ་འཛིན་གྱི་སྟོབས་འཕེལ་བའོ། །མ མ་ཧེ་སྟེ་ཡིད་ཀྱི་ཆགས་པས་དེ་འདོད་པའོ། །བྷ ཟ་བ་སྟེ་ནང་གི་བདག་ཉིད་ཀྱི་ཟ་བའོ། །དཔེ་ཁ་ཅིག་ལས། བྷ་ཧཱ་ཡ། ཨ་ཀྵྼ་སྟེ། རྒྱལ་པོའི་སྐྱེས་བུ། སཾ་པུ་ཊར། ཨ་ཀྵྼ་ཀ ཧྶྭུ གནས་པ་སྟེ་དེ་ཁོ་ན་ཉིད་ལ་གནས་པའོ། །ལག་པ་ཁ་ལ་རེག་པ། ཟོས་ཞེས་པ་སྟེ་སྔགས་ཀྱི་ཐེག་པ་ཆེན་པོའི་ལོངས་སྤྱོད་ཀྱི་ཟས་ཟོས་པའོ། །ཧོ ལག་པ་སོ་ལ་རེག་པ། ཚིམ་པ་སྟེ་དབང་པོ་ཆོས་ཀྱི་རོའི་ཡོན་ཏན་གྱིས་ཚིམ་པའོ། །སྲཱིཿ ཀཱ ངོ་ཚ་བ་སྟེ་སྲིད་པའི་གནས་སྐབས་སོ། །ཤཱུནྱ་སྤརྴ་ནི། ལག་པ་རྐང་པ་ལ་རེག མི་ཐུ་ན་གྱིས་ཤིག་པ་སྟེ་ཆོས་ཀྱི་དབྱིངས་ལ་ཐམས་ཅད་དུ་སྲུབ་པའོ། །ཨུ་རུ་སྤརྴ་ན། ལག་པ་བརླ་ལ་རེག དེ་ལྟར་ང་འོག་ཏུ་གནས་པར་བྱ་ཡི་ཁྱོད་ཀྱིས་སྟེང་དུ་གྱིས་ལ་ཨེ་ཝཾ་སྦྱོར་བས་སོ། །དེ་ལྟར་ཆོས་ཐམས་ཅད་མི་དམིགས་པའི་ཏིང་ངེ་འཛིན་ཐོག་མ་ཉིད་དུ་གྱིས་ཤིག་པའོ། །བཅུ་གསུམ་པ་ལས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཀྱིས་གནས་པ་ནི། མདོར་བསྟན་དུ། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཀྱང་། །ཞེས་ཕྱག་རྒྱ་དང་སྦྱོར་བ་ལས་འཇིག་རྟེན་པའི་དངོས་གྲུབ་ཀྱང་རྙེད་སླ་བར་བསྟན་པ་སྟེ་འཆད་པའི་ཕྱིར་ཕྱག་རྒྱའི་དབྱེ་བ་གསུངས་ཏེ་བཅུ་དྲུག་པར། དེ་ནས་སྐལ་ལྡན་སྐལ་ལྡན་མིན། །འཆད་པར་འགྱུར་བའི་མཚན་ཉིད་ལྡན་པ་ནི་སྐལ་ལྡན་དང་། བཟློག་པ་སྐལ་མེད་དོ། །དེ་ཡང་རིགས་ཀྱི་དབྱེ་བ། སངས་རྒྱས་རིགས་དྲུག་ཕག་མོ་དང་བདུན་གྱི་རྣལ་འབྱོར་མ་སྟེ། བུད་མེད་པད་རྩ་ལྟར་དཀར་གང་། །ཞེས་དང་། དེ་ལྟར་བདུན་པོ་ངས་བཤད་པ། །ཞེས་པའི་བར་གྱིས་སོ་སོའི་མཚན་ཉིད་བསྟན་ནོ། །འདིས་མཚོན་ནས་རྒྱལ་རིགས་མ་རྡོ་རྗེ་འཆང་། གདོལ་པ་མོ་རིན་ཆེན། ཚོས་མཁན་མོ་དོན་གྲུབ། ཌོམྦི་ནཱི་མི་བསྐྱོད་པ། གར་མ་སྣང་མཐའ། བྲམ་ཟེ་མ་རྣམ་སྣང་དུ་གཉིས་ཀའི་བཤད་སྦྱར་ལས་སོ། །དཔའ་བོ་ཉེར་བཞི་བདུན་དུ་བསྡུས་པའི་རྣལ་འབྱོར་མ་ནི། བཅུ་བདུན་པར། དེ་ནས་རྙེད་དཀའ་རྣལ་འབྱོར་མ། །སོགས་ནས། དེ་ནི་རྡོ་རྗེའི་རིགས་ལས་བྱུང་། །ཞེས་པའི་བར་གྱི་མཚན་ཉིད། དེ་དག་ཡུལ་གྱི་བུད་མེད་ལ་སྦྱར་བ་ཡང་། གཟུགས་ཅན་རི་མོ་ཅན་དུ་བརྗོད། །དུང་ཅན་འོ་བྱེད་མར་གསུངས་ཏེ། །ལཱ་མ་ཉིད་ནི་གླང་ཆེན་མ། །ཡོངས་བསྒྱུར་མ་ནི་པདྨ་ཅན། །མི་བཟློག་པ་ལ་བིར་ཤེས་བྱ། །འདི་པ་མོ་དང་ཕུར་བུ་མ། །རེ་རེ་ཡང་ནི་གཉིས་གཉིས་སུ། །སོ་སོ་ཡི་ནི་མཚན་ཉིད་འགྱུར། །ཞེས་གཞན་ལས་འབྱུང་བ་བཞིན་ནོ། །ཡང་། དཔལ་འདོད་མ་ནི་པདྨ་ཅན། །ཞི་བའི་ལས་ལ་སྦྱར་བར་བྱ། །ཞེས་དང་། ནོར་འདོད་གླང་པོ་ཅན་མ་སྟེ། །རྒྱས་པའི་ལས་སྦྱོར་བརྩམ་པར་བྱ། །དུང་ཅན་མ་ནི་ཁྱིམ་ཐབས་གསོད། །དབང་གི་ལས་ལ་སྦྱར་བར་བྱ། །རི་མོ་ཅན་མ་རྟག་ཏུ་ནི། །ནག་པོའི་ལས་ལ་སྦྱར་བར་བྱ། །འདི་པ་མོ་རྒྱས་པ། པི་ལ་བི་ཞི་རྒྱས། ཕུར་བུ་མ་ནི་རིགས་ངན་ཏེ། །དེ་ཡིས་རེག་ན་མི་འཚོ་ཞིང་། །ཉེ་དུ་རྣམས་ནི་རླག་པར་བྱེད། །ནག་པོའི་ལས་ལ་སྦྱར་བར་བྱ། །ཞེས་སོ། །བཅོ་བརྒྱད་པར། དེ་ནས་གཞན་ཡང་བཤད་བྱ་བ། །ནས། གསང་བའི་མཚན་ཉིད་སྤྲུལ་པ་ཡིན། །ཞེས་པའི་བར་གྱིས། པདྨ་གར་དབང་། ཧེ་རུ་ཀ་དེ་བཞིན་གཤེགས་པ། རྡོ་རྗེ་ཕག་མོ། དུམ་སྐྱེས་མ། ཧེ་རུ་ཀ་རྣམས་ཀྱི་རིགས་ལས་བྱུང་བའི་རྣལ་འབྱོར་མ་བཤད་པས་སོ། །བཅུ་བཞི་པ་དེ་རྣམས་ཀྱིས་ཡང་དག་པར་སྨྲ་བ་དང་འགྲོ་བ་དང་འོང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། བཅུ་དྲུག་པའི་སྔར་བཤད་པའི་དེ་མ་ཐག་ཏུ། གཡོན་པའི་ཀུན་སྤྱོད་ལ་རྟགས་སོགས་ལེའུ་རྫོགས་པའི་བར་དང་། བཅུ་བདུན་པར་སྔར་གྱི་གཤམ་དུ། ཐོད་པ་དགྲ་ཧྶ་མཆེ་བ་ནས། རྫོགས་པའི་བར་གྱིས་སོ། །བཅོ་ལྔ་པ་མཁའ་འགྲོ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། བཅུ་དགུ་པར། དེ་ནས་ཡང་དག་བཤད་བྱ་བ་ནས། རྡོ་རྗེ་ཕག་མོ་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །ཞེས་པའི་བར་གྱིས་ཡིད་དུ་འོང་བའི་རིག་མ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ལཱ་མའི་རིགས་ཀྱི་རྣལ་འབྱོར་མ་ལྔ་བཤད་དོ། །བཅོ་བརྒྱད་པ་དང་། བཅུ་དགུ་པར་ཡང་མཚན་ཉིད་ཀྱི་ཞར་ཞར་ལ་བསྟན་པ་སྟེ། ལྟ་སྟངས་རང་བཞིན་ཞི་བ་དང་། ཞེས་དང་། མི་གཡོ་བདེན་པར་སྨྲ་བ་དང་། །ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་མཁའ་འགྲོར། སྐྱེ་བོ་ཐབས་དང་བྲལ་བས་ན། །ཚུལ་ངན་དམན་པ་དཀར་བས་སྒྲུབ། །བདག་ཉིད་བསྒྲུབ་པ་དང་བྲལ་བས། །སྐལ་མེད་ངལ་བ་དོན་མེད་ཅིང་། །དེ་ལ་དངོས་གྲུབ་ཅེས་མི་བརྗོད། །ཨ་ས་མ་ཞེས་བྱ་བ་ནི་དཔེ་ཟླ་མེད་པའོ། །ཨ་ཧི་ར་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་སྦྱོར་བའོ། །སངས་རྒྱས་ཀུན་ཏུ་རང་ཉིད་འགྱུར། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་མཚོན་ཞིང་འཇུག་པའོ། །པྲ་ཏ་ཧ་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་ངོ་། །ཡང་ན་ཟླ་བ་ཉ་བའོ། །ཡང་ན་ལོ་རེ་བཞིན་ཏེ། གལ་ཏེ་མ་འབྱོར་བའམ་སྐལ་བ་མེད་པ་དང་འདུས་པའི་དབང་གིས་ཀྱང་རུང་སྟེ། དེ་དག་གི་ལོ་རེ་བཞིན་བྱའོ། །དེ་བཞིན་ཞེས་བྱ་བ་ནི་དབང་བསྐུར་བའི་ཆོ་ག་ལྟར་བྱ་བའོ། །ཡང་ན། དེ་བཞིན་ཏེ་སློབ་དཔོན་གཞན་མེད་ན། ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ལ། དེ་ལ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་སངས་རྒྱས་སྡོམ་པ་སྟེ། དེ་རྙེད་ནས་བདག་དང་ལྷན་ཅིག་ཏུ་གར་བྱ་བའོ། །སངས་རྒྱས་སྡོམ་པའོ། །སངས་རྒྱས་དང་འབྲེལ་བ་སྟེ། དེ་སུ་ཞིག་ཅེ་ན། གཟུགས་ལ་སོགས་པ་དང་ལང་ཚོ་ཕུན་སུམ་ཚོགས་པའི་བུ་མོའོ། །གར་ཞེས་བྱ་བ་ནི་བདག་ཉིད་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་སྤྱད་པར་བྱ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་སོ། །འདི་ནི་བསྐྱེད་རིམ་གྱི་མཐར་ཡང་ཡིན་ལ། ལཱ་མའི་རིགས་ཀྱི་རྣལ་འབྱོར་མ་དངོས་སུ་བརྗོད་པས་མཚོན་ནས་རྣལ་འབྱོར་མ་སོ་གཉིས་སོ་སོའི་ནང་ཚན་ཀྱང་ཤེས་པར་བྱའོ། །བཅུ་དྲུག་པ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཚོགས་ཀྱི་འདུས་པ་ལ་མཁོ་བའི་ལག་པའི་བརྡ། ཡན་ལག་གི་བརྡ། ཁྱད་པར་གྱི་བརྡ། མཁའ་འགྲོ་མའི་མཚན་མའི་ཕྱག་རྒྱ་བཞི་ལས། དང་པོ་ནི། དེ་ནས་ཡང་དག་བཤད་བྱ་བ། །ལག་པ་གཡོན་པའི་བརྡ་རྣམས་ནི། །སོགས་ཀྱིས་ཏེ། བུད་མེད་གང་གི་ལག་པ་གཡོན་པ་སྟོན་པ་ནི་གསོང་པོར་སྨྲ་བ་སྟེ་ཕྱག་འཚལ་ཞེས་སྟོན་པའི་བརྡ། རྣལ་འབྱོར་པས་སྲིན་ལག་གཡོན་སྟོན་པ་ཕྱག་གི་ལན། ལྟོ་བ་རྡེབ་པ་བཀྲེས་སོ། །དཔྲལ་བ་སྟོན་པ་ནམ་མཁའ་ལས་འོངས་སོ། །ཁར་སོར་མོ་འཇུག་པ་ཟས་ཟོས་སོ། །ལྕེ་བསྐྱོད་པ་ཟས་ཟའོ། །ཅུང་ཟད་ཕྱིན་ནས་པུས་མོ་ལ་རེག་པ་ངལ་ལོ། །སོར་མོའི་རྩེ་ལ་རེག་པ་ངལ་བ་སོས། སོ་འཆའ་བ། ཤ་ནི་ཟ་བར་བྱའོ། །བཀྲེས་སོའི་ལན། ཁྲོ་གཉེར། ཁྱོད་བཅིངས་སོ། །ནམ་མཁའ་ལྡིང་སྟེ་སྣ་རྩེ་སྟོན་པ། བཅིངས་པ་གྲོལ་ལོ། །ཁུ་ཚུར་སྟོན་པ་བུམ་དབང་རྫོགས་པར་ཐོབ་བམ་ཞེས་པ། དེ་ལ། པཎྛིས་ཏེ། དར་དཔྱངས་འཆིང་བའི་རྣམ་པས་རྫོགས་པར་ཐོབ་བོ། །སྐྲ་སྟོན་པ་ལ་རྣམ་པར་འགྱུར་བས་བལྟས་ཏེ། སྐྲ་སྟོན་པ་གསང་དབང་ཐོབ་བམ། དེ་ལ་ཁ་ཊྶཱཾ་ག་སྟོན་པ། ཞུ་བའི་ཡེ་ཤེས་ཐོབ་བོ། །ཡན་ལག་གཡོ་བ་སྟོན་པ་འཛག་བདེའི་རང་བཞིན་དབང་གསུམ་པ་ཐོབ་བམ། མཆེ་བ་གཉིས་བསྟན་ཏེ་ལྷན་ཅིག་སྐྱེས་པའི་དགའ་བ་ལུགས་འབྱུང་གི་དབང་བཞི་པ་ཐོབ་པའོ། །ལག་གཡོན་གྱི་ལག་པ་གཡས་པ་མཐིལ་དུ་རེག་པ། གཏོར་མའི་མཆོད་པ་ལ་བཟའ་བར་བྱའོ། །གཡས་པ་ནི་ལག་གཡས་པ་སྟོན་ལ། དེ་ལྟར་གྱིས། རྣ་བ་ལ་རེག་ན་ཤི་ཡི་གནས་པར་བྱའོ། །སེན་མོས་སེན་མོ་ལ་རེག་ན། ཤི་ཡིས་ཁྱེར་ཅིག ས་ལ་རི་མོ་བྲི་ན། དེ་རིང་དཀྱིལ་འཁོར་དུ་འཇུག་གོ །ནུ་མ་ལ་རེག་ན་བུ་བདག་ལ་བསྲུང་བར་བྱའོ། །གཡོན་པའི་མཐེ་བོས་ས་ལ་མིག་གཉིས་ཀྱི་རི་མོ་བྲི་ན། བླ་མའི་སྐྱེ་བོས་བསྲུང་བར་བྱའོ། །མིག་བཙུམ་ན་དེ་ལྟར་བྱས་སོ། །ཚིགས་ལ་རེག་ན་བདེ་བར་ཉལ། འདིས་ལེའུ་ཉི་ཤུ་པ་དང་། ཡན་ལག་གི་བརྡ་ནི། བུད་མེད་གང་གཙུག་ཕུད་ལ་རེག་པ་ནི། སྟོང་ཉིད་ཨ་ཝ་དྷཱུ་ཏཱི། ལན་དུ་མགོ་བོ་བསྟན་པ་བདེ་བ་ཆེན་པོ་ང་སྟེ་ཁྱེད་དང་ལྷན་ཅིག་འཚོགས་པས་བསྒོམ་མོ། །སྨིན་དབུས་ཀྱི་དཔྲལ་བར་རེག་ན། ཡུལ་ཉི་ཤུ་རྩ་བཞི་འདི་ན། མཁུར་ཚོས་སྟོན་པ། དེར་བསྒོམ་མོ། །སོ་སྟོན་ན་ཐབས་ཤེས་ཀྱི་རང་བཞིན་ཤེས་སམ། ལྕེ་བསྟན་ཏེ་ཤེས་སོ། །མ་མཆུ་སྟོན་པ་ལ་ཆོས་ཉིད་རྟོགས་སམ། ཨོག་སྐོ་སྟོན་ཏེ་རྟོགས་སོ། །མགྲིན་པ་སྟོན་པ་བདུད་རྩི་མྱོང་ངམ། བརླ་སྟོན་པ་པདྨར་སྐྱེ་འགྲོ་ཐམས་ཅད་མཐོང་བའི་བདུད་རྩི་མྱོང་ངོ་། །ལག་པ་སྟོན་པ་མཆོད་པའི་བྱ་བ་བྱས་སམ། དཔུང་པ་སྟོན་པ་གཏུམ་མོ་འབར་བའི་ཞལ་དུ་སྲེག་བླུགས་ཕུལ་ལོ། །སུམ་མདོའི་རྒྱབ་ཚིགས་སྟོན་པ་བྱང་སེམས་བརྟན་ནམ། ས་གནོན་གྱི་ཕྱག་རྒྱ་གཙུག་ཏོར་ནས་ནོར་བུར་འོངས་པ་སྲོག་ཐུར་གྱིས་བརྟན་པར་བྱའོ། །ནུ་མ་སྟོན་པ་བདེ་བའི་ལོངས་སྤྱོད་མྱོང་ངམ། ཨོག་སྐོ་བསྟན་ཏེ་མྱོང་ངོ་། །ལྟོ་བ་སྟོན་པ་སེམས་ཀྱི་གནས་ལུགས་རྟོགས་སམ། ལྟེ་བ་བསྟན་པས་རྣམ་ཤེས་བརྒྱད་ཆོས་ཀྱི་དབྱིངས་སུ་སྣང་ངོ་། །གསང་བ་སྟེ་སྐྱེ་གནས་སྟོན་པ། སྲོག་ཆོས་འབྱུང་དུ་ཞུགས་སམ། ལིངྒ་བསྟན་ཏེ་སྲོག་རྡོ་རྗེའི་ལམ་དུ་ཞུགས་སོ། །བརླ་སྟོན་པ་སྲོག་ཐུར་འདྲེས་སམ། འཕོངས་བསྟན་ཏེ་གཡས་གཡོན་གཞུའི་རྣམ་པའི་སྲོག་དབུ་མར་འདྲེས་སོ། །པུས་མོ་སྟོན་པ་སྟེང་འོག་ཏུ་འགྲོ་བའི་དུས་གང་ཡིན། བྱིན་པ་བསྟན་པས་དངོས་པོ་ཐམས་ཅད་སྟོང་ཉིད་དུ་དག་པས་འགྲོ། རྐང་པ་སྟོན་ན་སྟེང་དུ་འགྲོ་དང་འོག་ཏུ་འོང་བ་གང་། རྐང་མཐིལ་བསྟན་ཏེ། རྡུལ་འོག་དང་ཁུ་བ་སྟེང་དུ་འགྲོ། སོར་ཚིགས་སྟོན་པ། ལས་དབང་བྱས་པའི་བར་དག་གམ། རིལ་པོ་དག་གོ །ས་སྟོན་ན། འཇིག་རྟེན་གསུམ་སྐུ་གཅིག་ཏུ་གྱུར་ཏམ། ནམ་མཁའ་བསྟན་ཏེ་ཐམས་ཅད་རོ་མཉམ་མོ། །ནམ་མཁའ་སྟོན་པ། རོ་མཉམ་སྟེ་ཆད་སྟོང་ངམ། ཉི་མ་བསྟན་ཏེ་རྣམ་པ་ཐམས་ཅད་ལ་འོད་གསལ་ལོ། །འབབ་ཆུའི་ཚུལ་སྟོན་ལ། རྒྱུན་ལ་ཞུགས་སམ། རྒྱ་མཚོ་བསྟན་ཏེ་ཞུགས་སོ། །ཉི་ཤུ་རྩ་གཅིག་པ་བཤད་ནས། ཁྱད་པར་གྱི་བརྡ་ནི། སོར་མོ་གཅིག་སྟོན་པ་སྲོག་ཨ་དྷཱུ་ཏཱིར་ལེགས་པར་འོངས་སམ། གཡོན་གྱི་གུང་མོ་བརྐྱང་བ་ལ་མཛུབ་མོ་ཅུང་ཟད་བཀུག་པ་སྦྱར་བ་མིག་གི་ཕྱག་རྒྱས་སྲོག་ཐུར་དབུ་མར་ཐིམ་པས་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་དབང་དུ་བྱས་སོ། །ཞེས། གུང་མོ་སྟོན་པ་འཇིག་རྟེན་ལས་འདས་པའི་དབང་ཐོབ་བམ་མཛུབ་མོ་བསྟན་ནས་གོང་མ་ཐོབ་བོ། །སྲིན་ལག་སྟོན་པ་ཤེས་རབ་ཀྱི་བདུད་རྩི་ལེན་ནམ། ལྕེ་བསྟན་ཏེ་ཤིན་ཏུ་ཉམས་སུ་མྱོང་ངོ་། །པཊྚྷི་པའི་ཕྱག་རྒྱ་སྟོན་པ་ཧེ་རུ་ཀར་རྫོགས་སམ། མཐེའུ་ཆུང་མཐེ་བོས་མནན་ལྷག་མ་གསུམ་བསྒྲེང་བ་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། དབང་གསུམ་པའི་དུས་ཀྱི་ཆགས་པ་དང་ཆགས་བྲལ་དང་དེ་གཉིས་ཀ་མི་ཕྱེད་པའི་དབུས་སུ་རྫོགས་སོ། །སྤྱི་བོ་སྟོན་ན་རྡུལ་འོག་ཏུ་ནོན་ནམ། མཚམས་ཀྱི་མཐའ་རྐང་བའི་མཐིལ་བསྟན་ཏེ་དེར་མནན་ནོ། །ས་སྟོན་པར་བྱེད་པ་ཁུ་བ་སྟེང་དུ་གཤེགས་སམ། ནམ་མཁའ་བསྟན་ཏེ་གཙུག་གཏོར་གྱི་ནམ་མཁར་ཐིམ་པར་ཕྱོགས་སོ། །ཁྲོ་གཉེར་སྟོན་པ་སྙིགས་མའི་ཕུང་པོ་ཅུང་ཟད་ཡོད་དམ། དཔྲལ་བའི་སྟེང་གི་མཚམས་བསྟན་ཏེ་འདི་ཡན་ལུས་སོ། །སོ་སྟོན་པ་སྔར་ཁམས་ཇི་ཙམ་ཟོས། མ་མཆུ་བསྟན་ཏེ་སྦྲང་བུའི་སྐྱུགས་པ་སོགས་དྲུག་མ་ཡིན་པ་གཞན་ཟོས་སོ། །མགྲིན་པ་སྟོན་པ་བདུད་རྩི་དེ་ཡང་འཐུང་ངམ། ཁ་བསྟན་ཏེ་མྱུར་བར་འཐུང་ངོ་། །དཔྲལ་བ་སྟོན་པ་ལྷག་མ་དེ་མེད་པར་བྱེད་ནུས་སམ། མིག་བསྟན་ཏེ་འགྱུར་བ་མེད་པའི་བདེ་བ་ཆེན་པོའི་ཆེས་གསལ་བས་ནུས་སོ། །འདི་རྫོགས་རིམ་གྱི་ཡིན་པས་འགྱུར་བ་མེད་པའི་བརྡ་སྟེ། འདི་དག་རྟག་བརྟན་གསང་བ་པ། །ཡང་དག་བལྟ་བར་འགྲོ་བར་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་ཉི་ཤུ་རྩ་གཉིས་པ་བཤད་ནས། དེ་ནས་ཡང་དག་བཤད་བྱ་བ། །མཁའ་འགྲོ་མ་ཡི་རྣམ་རོལ་པ། །སོགས་ཉི་ཤུ་རྩ་གསུམ་པས། གཞོན་ནུ་མ་མཆོད་པའི་དུས་ཀྱི་མཚན་མ་རྣམ་པར་ཕྱེ་བ་ཡིན་ནོ། །དེ་ནི་དུས་ཐམས་ཅད་དུ་མཁོ་བ་མ་ཡིན་པས་འདིར་མ་ཕྱེའོ། །འདོད་ན་སྡོམ་འབྱུང་ལས་གསལ་བར་གསུངས་སོ། །བཅུ་བདུན་པ་དམ་ཚིག་གི་མིང་བརྗོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཁྭ་གདོང་མ་སོགས་བརྒྱད་དམ་ཚིག་གི་ངོ་བོར་བཤད་པས། ལྷ་མོ་དེ་དག་གནས་པའི་སའང་དམ་ཚིག་གི་འཁོར་ལོར་བརྗོད་དོ། །དེ་ཡང་། ཀཱ་ཀཱའི་གདོང་སོགས་བརྒྱད་པོ་ནི། །གྲོལ་དང་དད་པ་འཕེལ་བྱེད་པ། །ཞེས་སོ། །བཅོ་བརྒྱད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་ཆེན་པོ་བརྒྱད་བསྐྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ངེས་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ནི་བསྐྱང་བ་དང་། །རིགས་གཞན་ལས་བྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །གཉིས་མེད་ཐོགས་པ་མེད་པ་དང་། །དམ་ཚིག་རྣམས་ཀྱི་སྤྱོད་པ་དང་། །མི་མོའི་སྤྱོད་པ་ལེགས་པར་སྲུབ། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་དོ། །དེ་ཡང་འགྲེལ་པར་དྲང་ངེས་གཉིས་ཀྱིས་བཤད་པར་གསུངས་ལ། དྲང་དོན་གྱི་དབང་དུ་བྱས་ན། ངེས་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །ཞེས་པ། རྣལ་འབྱོར་གྱི་དམ་ཚིག་སྟེ་བསྐྱེད་པའི་རིམ་པའོ། །དམ་ཚིག་རྣམས་ནི་བསྐྱང་བ་དང་། རིགས་ལྔའི་དམ་ཚིག རིགས་གཞན་ལས་བྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བསྒྲོད་མི་བྱ། །རིགས་གཞན་ནི་རིགས་ལས་བཟློག་པ། །ཕོ་ཉ་མོ་ཞེས་པ་ནི་དེ་ཡང་སྒྱུ་མ་ལྟ་བུ་ཡིན་པས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཀུན་སློང་བྱས་ཏེ་སྤྱོད་པར་མི་བྱ་བ་རྩ་ལྟུང་ཡན་ལག་དང་བཅས་པ་གཉིས་མེད་རྫོགས་རིམ། ཐོགས་པ་མེད་པ་རྗེས་སྤྱོད། མི་མོའི་སྤྱོད་པ་ལེགས་པར་སྲུབ་པ། ཚོགས་ཀྱི་འཁོར་ལོའི་བྱ་བ། ཚངས་པར་སྤྱོད་པ་དེ་བཞིན་ཞལ། །ཞེས་པ་དཔའ་བོའི་རིམ་པའི་སྤྱོད་པའི་དམ་ཚིག འདྲེན་པ་རྩ་ཡི་ཀུན་སྤྱོད་ཅེས་པ་བདག་བྱིན་བརླབ་ཀྱི་སྤྱོད་པ་སྟེ། དེས་ན་དམ་ཚིག་ལས་གཞན་པའི་གསང་ཆེན་གྱི་སྤྱོད་པ་ཅི་ཡང་མེད་དོ། །དེ་བས་ན་མི་འདའ་བ་དང་འདིས་མངོན་པར་རྟོགས་པ་འཕེལ་བར་བྱེད་པས་དམ་ཚིག མི་རུང་བ་བྱ་བ་དང་། རུང་བ་མི་བྱེད་པ་བསྡམ་པས་སྡོམ་པའོ། །སྡོམ་འབྱུང་དུ། རྩ་བའི་ལྟུང་བ་ཡོངས་སྤངས་ཤིང་། །སྦོམ་པོའི་ལྟུང་བའང་རྣམ་པར་སྤངས། །ཞེས་རྩ་ལྟུང་ཡན་ལག་གི་རྣམ་གཞག་ཙམ་བྱུང་། རྒྱས་པ་མ་བཤད་པས་རྒྱུད་གཞན་གྱིས་རྟོགས་པར་བྱ་དགོས་པ་ཡང་སྡོམ་པ་གསུམ་དུ་རྒྱས་པར་བཤད་ཟིན་པ་དེར་བལྟའོ། །བཅུ་དགུ་པ་གཅིག་ཏུ་ཙཱ་རུ་བཟའ་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ཙཱ་རུ་བདུད་རྩིར་བྱས་པའི་བཟའ་བའོ། །དེ་ནས་དཔའ་བོའི་སྤྱོད་བརཏལ་ཞུགས། །ཞེས་པས་དཔའ་བོའི་རིམ་པའི་དབང་དུ་མཛད་པའི་ཚོགས་ཀྱི་དཀྱིལ་འཁོར་དངོས་དང་། རྣལ་འབྱོར་མ་ཀུན་རབ་བསྒྲུབ་པ། །ཞེས་པས་དགོས་པ་བཤད་ལ། མཚན་ཉིད་དབྱེ་བ་ཤེས་བྱས་ན། །ཞེས་པས། ཚོགས་ཀྱི་དཀྱིལ་འཁོར་རྒྱས་པ་བསྟན་པས་ཀུན་བཟང་དང་། ཐུན་མོང་བ་རང་རིགས་ཀྱི་བཙུན་མོ་རྣམས་དང་ལྷན་ཅིག་སྤྱོད་པ། མཚན་མོ་རྟག་པར་གཅེར་བུ་སྟེ། །ཞེས་པས་གསང་སྤྱོད་དང་། རིགས་དང་རིགས་མིན་དོར་མི་ལྟ། །སོགས་ཀྱིས་བརཏལ་ཞུགས་ཀྱི་སྤྱོད་པ་དང་། ལུས་ལ་ཐམས་ཅད་བྱས་ནས་ནི། །སོགས་ཀྱིས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བསྟན་ལ། འདིར་ཕོ་ཉ་གཙང་སྦྲ་དང་པོ་ཡིན། །གཉིས་པ་ཞི་བ་ཡིན་པར་བརྗོད། །ཟས་གཅིག་ཏུ་ནི་ཟ་བ་ནི། །གཙང་སྦྲ་གསུམ་པ་ཡིན་པར་བཤད། །ཅེས་པ་ནི་གཙོ་བོར་ཚོགས་དཀྱིལ་གྱི་དབང་དུ་བྱས་སོ། །དེ་ལ་ཚོགས་ཀྱི་ངོ་བོ་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པས་བྱང་ཆུབ་ཀྱི་སེམས་མྱང་བའི་བདེ་བ་དང་ལྡན་ཞིང་བཟའ་བ་དང་བཏུང་བ་སོགས་ལོངས་སྤྱོད་པ་ལ་ཚོགས་ཀྱི་འཁོར་ལོ་སྟེ། སྡོམ་འབྱུང་ལས། ཐོད་པའི་རྒྱུན་ལ་དགའ་བ་དང་། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །ཞེས་སོ། །སྙོམས་པར་འཇུག་པས་དམན་ཞིང་བཟའ་བཏུང་སོགས་ལོངས་སྤྱོད་པའི་ཚེ་གཞན་ཐབས་འབའ་ཞིག་ཚོགས་ལ་གཙོ་བོའི་ཕྱག་རྒྱར་བཏགས་པའི་བུད་མེད་གཅིག་གཙོ་བོའི་གཡོན་དུ་བཀོད་པ་དཔའ་བོའི་སྟོན་མོ་སྟེ། དེར་མཁས་པས་གཡོན་གྱི་ཕྱོགས་སུ་ནི། །གཡོན་མའང་རབ་ཏུ་བཞག་པར་བྱ། །ཞེས་སོ། །དཔའ་མོའི་སྟོན་མོ་ནི་དེའི་བཟློག་པས་ཤེས་ལ། འགྲེལ་པར། ཚོགས་ཀྱི་བདག་པོ་ལ་ཕྱག་རྒྱར་བཏགས་པའི་བུད་མེད་གཅིག་མེད་ན་དེས་ཆང་བཏུང་བར་མི་རུང་བ་དང་། དེ་བཞིན་ཚོགས་ཀྱི་བདག་མོ་ལ་ཕྱག་རྒྱར་བཏགས་པའི་སྐྱེས་པ་གཅིག་མེད་ན་དེས་ཤ་ཟ་བར་མི་རུང་བར་བཤད་ལ། དེ་དག་མེ་ཐུན་མི་བགྱིད་པས་ཕྱག་རྒྱར་བཏགས་པ་ཞེས་བྱའོ། །ཚུལ་དེ་ལྟ་བུ་རྣལ་འབྱོར་ཕོ་མོ་མཉམ་ནའང་གཙོ་བོའི་དབྱེ་བས་དེ་གཉིས་པོ་གང་རུང་ངོ་། །འགྲེལ་པ་ལས། གཞན་དུ་ན་ཚོགས་ཀྱི་འཁོར་ལོར་མི་འགྱུར་གྱི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་དམན་ཞིང་བྱང་ཆུབ་ཀྱི་སེམས་མྱང་བ་སྤངས་པའི་བཟའ་བ་དང་བཏུང་བ་དཔའ་བོའི་སྟོན་མོར་ཤེས་པར་བྱའོ། །ཞེས་ཚིག་རིམ་པ་གཅིག་གིས་གསུངས་སོ། །ངེས་ཚིག་ནི། སྡོམ་འབྱུང་ལས། བདེ་བ་ཕུན་ཚོགས་ལྡན་པ་དང་། ནད་མེད་པ་དང་དགེ་བའི་སེམས། །འདོད་དང་གྲོལ་སོགས་ཡང་དག་ཐོབ། །དངོས་གྲུབ་ཕུན་སུམ་ཚོགས་པར་གྱུར། །ཞེས་པས། རྒྱུ་བདེ་བ་ཕུན་སུམ་ཚོགས་པ་དང་། འབྲས་བུ་དངོས་གྲུབ་ཕུན་སུམ་ཚོགས་པ་གྲུབ་པའི་ཕྱིར་ཚོགས་སོ། །གང་དུ་བྱ་བ་ནི་ལས་སོ་སོའི་གནས་སུ་བཤད་པ་དེར་ཚོགས་ཁང་རིམ་པ་གསུམ་ལ་སོགས་པར་བགྱིས་ཏེ་ཐུན་མོང་མིན་པའི་ཚོགས་ཀྱི་ངེས་པ་ལའོ། །གཞན་ཐུན་མོང་བ་ལ་རང་གི་ཁྱིམ་དབེན་པར་རོ། །གང་ཟག་གང་གིས་བྱེད་པ་ནི། སྡོམ་འབྱུང་ལས། ཁྱིམ་པ་འམ་ནི་དགེ་ཚུལ་ལམ། །དེ་བཞིན་དགེ་སློང་སློབ་དཔོན་ཏེ། །འདི་རྣམས་ནང་ནས་ཡོན་བདག་གིས། །གང་ལ་དད་པས་གཙོ་བོར་བྱ། །ཞེས་དང་འགྲེལ་པར། གལ་ཏེ་གང་དུ་རྡོ་རྗེ་འཛིན་པའི་ནང་ནས་རྒན་པ་རྨོངས་པ་དང་། གཞོན་པ་སྟོན་པ་པོར་གྱུར་བ་དེར་གཞོན་པ་ཚོགས་ཀྱི་བདག་པོ་སྟེ་རྒན་པ་རྨོངས་པ་ཁྱིམ་གཞན་དུ་ཚིམ་པར་བྱའོ། །དེ་བཞིན་དུ་རྒྱུད་གཞན་དང་གཞན་དུ་དབང་བསྐུར་བའི་རྣལ་འབྱོར་མ་རྣམས་ཀྱང་ཁྱིམ་སོ་སོའི་མཆོད་པར་བྱའོ། །ཞེས་དང་། ཡང་གལ་ཏེ་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ནུས་པ་སྟོན་པར་བྱེད་ན་དེའི་ཚེ་དེ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཚོགས་ཀྱི་བདག་པོར་བྱའོ། །རྣམ་པ་གཞན་དུ་ན་ཐེག་པའི་མངོན་པའི་ང་རྒྱལ་དང་། དབང་བསྐུར་བས་རྒན་པའི་མངོན་པའི་ང་རྒྱལ་གྱིས་དགེ་ཚུལ་དང་ཁྱིམ་ན་གནས་པའི་ཚོགས་ཀྱི་གཙོ་བོར་མི་འགྱུར་རོ། །ཞེས་པས་བསྟན་ལ། འཇུག་པར་མི་རུང་བ་ནི། སྡོམ་འབྱུང་ལས། སྐལ་བ་མེད་པ་ང་རྒྱལ་ཅན། །དེ་བཞིན་བླ་མ་སྨོད་པ་དང་། །དམ་ཚིག་མ་མཐོང་རང་གི་བུ། །དེ་བཞིན་སྐྱེས་པ་བུད་མེད་རྣམས། །སྒྲུབ་པོ་དངོས་གྲུབ་འདོད་པ་ཡིས། །དམ་ཚིག་དེར་ནི་གཞུག་མི་བྱ། །གལ་ཏེ་ཕྱུག་ནི་དེ་རྣམས་ཞུགས། །དངོས་གྲུབ་རིང་དུ་འཇུག་པར་འགྱུར། །ཞེས་སོ། །ཚུལ་ཇི་ལྟར་འཁོད་པ་ནི། ཚོགས་ལ། ཕོ་ཉའི་གཟུགས་ནི་མཚོན་པར་བྱ། །སྔགས་དང་ཕྱག་རྒྱས་སྒྲུབ་པ་པོ། །ཞེས་པའི་དོན་ལ་འགྲེལ་པར། སྐྱེ་བོ་དང་བྲལ་བའི་ཁང་པའམ། ཤིན་ཏུ་སྦས་པའི་གནས་སུ་རིགས་ཀྱི་ཕོ་ཉ་མོ་གོས་དང་བྲལ་བ་ཐམས་ཅད་དང་། སྒྲུབ་པ་པོ་ཉི་ཤུ་རྩ་བཞི་རྣམས་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ་དང་རང་རང་གི་གནས་སུ་རྣལ་འབྱོར་མ་སྐྲ་གྲོལ་བ་རྣམས་དང་སྒྲུབ་པ་པོ་རལ་པའི་ཅོད་པན་བཅིངས་པ་རྣམས་མིའི་པགས་པའི་སྟེང་དུ་འདུག་ཅིང་ཚོགས་ཀྱི་བདག་པོ་ནི་འཁོར་ལོའི་དབུས་སུ་བ་གླང་དང་སྟག་གི་པགས་པའི་སྟེང་དུའོ། །ཞེས་དང་། སྡོམ་འབྱུང་ལས། རིམ་པ་ཇི་བཞིན་སློབ་དཔོན་དང་། །ལྷ་རྣམས་སྤྱན་དྲངས་བྱོན་པ་ལ། །སོགས་ཀྱིས་སོ། །དེ་དག་ཀྱང་རྗེ་ལོ་ཙཱ་བ་ཆེན་པོས། སེང་ལྡེང་ནགས་ཀྱི་དུར་ཁྲོད་དུ། །ཚོགས་འཁོར་རིམ་པ་གསུམ་དུ་བསྐོར། །ལོངས་སྤྱོད་འབྱོར་པ་དཔག་མེད་པས། །ཚོགས་དང་གཏོར་མ་རྒྱ་ཆེན་བཤམས། །དཔལ་ལྡན་ནཱ་རོའི་བྱིན་རླབས་ཀྱིས། །བདེ་མཆོག་འཁོར་ལོའི་ལྷ་ཚོགས་དང་། །གྲངས་མཉམ་གསང་སྔགས་རྣལ་འབྱོར་པ། །ཕོ་མོ་དྲུག་ཅུ་རྩ་གཉིས་ཚོགས། །ཟབ་མོ་བརྡ་དང་སྐད་ཀྱིས་དྲི། །རྗེ་བཙུན་ནཱ་རོ་ཆེན་པོ་དེ། །རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །རུས་པའི་རྒྱན་དྲུག་སྐུ་ལ་གསོལ། །ཁྲུ་གང་ཙམ་གྱི་ནམ་མཁའ་ལ། །གཡས་བརྐྱང་གར་གྱིས་རོལ་པས་བཞུགས། །རྣལ་འབྱོར་ཕོ་མོ་གཞན་རྣམས་ཀྱང་། །ཕྱག་གཡས་ཌ་མ་རུ་འཁྲོལ་ཞིང་། །གཡོན་པ་ཏིང་ཏིང་ཤགས་བསྣམས་ནས། །གར་གྱི་ཉམས་ཀྱིས་རོལ་པ་མཐོང་། །ཞེས་གསུངས་པ་བཞིན་ནོ། །རྣལ་འབྱོར་ཕོ་མོ་དེ་ཐམས་ཅད་ཕན་ཚུན་བརྡའི་སྐད་དང་ཕྱག་རྒྱས་འདྲི་བ་དང་ལན་འདེབས་ཀྱིས་ཕལ་པའི་ཚིག་གིས་ནི་མ་ཡིན་ནོ། །སྟོན་མོ་གཞན་གཉིས་ལ། འགྲེལ་པར། རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་དཔའ་བོའི་སྟོན་མོ་ལ་སྦྱིན་པའི་བདག་པོས་ཤར་དུ་ཕྱོགས་པར་བཞག་པར་བྱའོ། །དེའི་གཡས་ཀྱི་ཆར་རྒན་པ་དང་གཞོན་པའི་རིམ་པས་སློབ་དཔོན་དགེ་སློང་གི་གྲལ་ཤར་དུ་ཕྱོགས་པར་བྱའོ། །དེ་ནས་བདེན་བྲལ་ནས་བརྩམས་ནས་མེའི་མཐར་ཐུག་པས་རྒན་པ་དང་གཞོན་པའི་དབྱེ་བས་སློབ་དཔོན་དགེ་ཚུལ་གྱི་གྲལ་བྱང་དུ་ཕྱོགས་པར་བྱའོ། །དབང་ལྡན་ནས་བརྩམས་ཏེ་རླུང་གི་མཐར་ཐུག་པར་རྒན་པ་དང་གཞོན་པའི་དབྱེ་བས་སློབ་དཔོན་ཁྱིམ་པའི་གྲལ་ལྷོར་ཕྱོགས་པར་བྱའོ། །ཞེས་སོ། །ཆོ་ག་ཇི་ལྟར་བྱ་བ་ནི། །སྡོམ་འབྱུང་ལས། གཏོར་མ་སློབ་དཔོན་གྱིས་རབ་བརྟག །ལྷ་ནི་བསྙེན་ཕྱིར་མཆོད་བྱ་ཞིང་། །ཡོན་བདག་ཡིད་ལ་འདོད་པ་ཡི། །གང་ཞིག་ཞི་དང་རྒྱས་པའི་ལས། །དངོས་གྲུབ་དོན་དུ་བྲིས་ནས་ནི། །གང་གང་མངོན་པར་འདོད་པ་ཡི། །ལྷས་དེ་བྱིན་གྱིས་བརླབ་པར་བྱ། །ཞེས་པས་ལས་སོ་སོ་དང་མཐུན་པའི་ཆོ་ག་བགྱིད་དོ། །སློབ་དཔོན་ནུས་པ་དང་ལྡན་ན་ལོ་ཙཱ་བ་ཆེན་པོས། རྗེ་ནཱ་རོ་ཆེན་པོའི་ཐུགས་ཀ་ནས། །བདེ་མཆོག་འཁོར་ལོའི་ལྷ་ཚོགས་རྣམས། །དཀྱིལ་འཁོར་དབུས་སུ་ལེགས་པར་བཞུགས། །ཆོ་གའི་རིམ་པ་རྒྱས་པར་མཛད། །ཅེས་གསུངས་པ་བཞིན་ནོ། །གཞན་དུ་འགྲེལ་པར། ཚོགས་ཀྱི་བདག་པོའི་དབང་དུ་བྱས་པའི་ཤར་དུ་བཟའ་བ་དང་། བཏུང་བ་ལ་སོགས་པ་བཞག་པར་བྱའོ། །དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར། མེད་ན་བ་བྱུང་གི་མཎྜྻལ་གྲུ་བཞི་བྱས་ཏེ། དེར་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱ་ཞིང་ཞེས་པས་སོ། །ཚོགས་ཀྱི་ཡོ་བྱད་ཀྱང་སྡོམ་འབྱུང་ལས། སྦྲང་ཆང་བུར་ཆང་འཁུར་བའི་ཆང་། སྟེ་རྫས་ཀྱི་ཤེས་རབ་མ་དང་། བཟའ་དང་བཅའ་དང་དེ་བཞིན་བཏུང་། །ཞེས་བཤད་ལ། ཤ་ཐབས། ཇི་ལྟར་བྱིན་གྱིས་བརླབ་པ་ནི། སྡོམ་འབྱུང་ལས། དེ་ནས་ཐམས་ཅད་ཡོངས་རྫོགས་པར། །སློབ་དཔོན་གྱིས་ནི་བྱིན་གྱིས་བརླབ། །ཅེས་རྒྱུད་དེར་འབྱུང་བ་ལྟར་ཕྱག་བཞེས་ལ་མཛད་ལ། བསྡུས་པ་འགྲེལ་པར། ཆང་ལ་སོགས་པ་སྦྱང་བར་བྱ་བ་དང་། རྟོགས་པར་བྱ་བ་དང་། སྦར་བར་བྱ་བ་དང་། བདུད་རྩིར་བྱ་བ་སྟེ་གཏོར་མ་ལ་སོགས་པ་ཕུལ་ནས་སྔར་བཤད་པའི་རིལ་བུས་བསང་གཏོར་བྱས་ལ་དེ་ནས་ལག་པ་གཡོན་པ་དང་པོ་ཨོཾ་ཡིག་གིས་སྦྱང་བར་བྱའོ། །ལག་པ་གཡས་པ་དང་ཨཱཿཡིག་གིས་རྟོགས་པར་བྱའོ། །སྙིམ་པས་བཀབ་ཏེ་ཧཱུྃ་ཡིག་གིས་སྦར་བར་བྱའོ། །མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱས་ཏེ་ཆང་གི་ཐིག་ལེ་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་གྲུ་གསུམ་བྱས་ནས་དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་པོར་བསྐོར་བར་བྱའོ། །དེའི་དབུས་སུ་ཡེ་ཤེས་ཀྱི་འཁོར་ལོ་ལྷ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དྭངས་ཤིང་གཟུགས་བརྙན་དང་མཚུངས་པ་དེ་འཆད་པར་འགྱུར་བའི་ཆོ་གས་ཚིམ་པར་བྱའོ། །ཞེས་པ་ལྟར་རོ། །འདིར་ལྷ་སོ་བདུན་ཞེས་པ་ནི་དཔའ་བོ་དང་དཔའ་མོ་ཁ་སྦྱོར་རེར་བགྲངས་པ་ཡིན་ནོ། །ཇི་ལྟར་ལོངས་སྤྱོད་པ་ནི། དཀྱིལ་འཁོར་མཆོད་པ་དང་། ཞིང་སྐྱོང་ལ་གཏོར་མ་སྦྱིན་ནས་ལས་ཀྱི་རྡོ་རྗེས་བྲིམ་པར་བྱས་པ་སྟེ། སྡོམ་འབྱུང་ལས། དཀྱིལ་འཁོར་གྱི་ནི་མདུན་ཉིད་དུ། །ཡོན་བདག་གིས་ནི་དབུལ་བྱ་ཞིང་། །ཕྱི་ནས་ལས་ཀྱི་རྡོ་རྗེ་ནི། །མཁས་པས་རྫས་རྣམས་ཡོངས་སུ་སྤྱད། །ཐོག་མར་ལྕགས་ཀྱུ་མཉམ་ལྡན་པའི། །དམ་ཚིག་ཡོངས་སུ་སྤྱད་པར་བྱ། །ཞེས་པས་ཐོག་མར་ཆང་རང་རིགས་ཀྱི་ཐོད་པ་དུམ་བུ་གཅིག་པ་ལ་སོགས་པར་འབུལ། དཔའ་མོ་ལ་དེར་མི་རུང་བ་མིན་ཀྱང་ན་རི་ཀེ་ལ་སོགས་པའི་སྣོད་དོ་ཞེས་ཀྱང་བཤད་དོ། །ཚོགས་ཀྱི་ཚེ་ཤ་ལ་སོགས་པ་འགྲེལ་པར། མིའི་པགས་པ་ཁྲུ་གང་ཙམ་པའི་སྡེར་མ་བྱས་ལ་སློབ་དཔོན། ཤར་གྱི་རྣམས་ལ་རྟ། ལྷོ་ཁྱི། ནུབ་གླང་པོ་ཆེ། བྱང་བ་གླང་། དབང་ལྡན་མ་ཧེ། རླུང་བོང་བུ། བདེན་བྲལ་ཅེ་སྤྱང་། མེར་རྔ་མོང་གི་པགས་པའི་སྡེར་དུ་འབུལ་བར་བཤད། ནང་གི་སྦྱིན་སྲེག་གི་ངེས་པས་ལོངས་སྤྱོད། སློབ་དཔོན་གྱིས་རྡོ་རྗེ་ཕག་མོ་དང་དེའི་རིགས་ལས་བྱུང་མ་རྣམས་དང་ལྷན་ཅིག་དང་། དཔའ་བོ་རྣམས་རྣལ་འབྱོར་མ་ཉེར་བཞི་དང་མེ་ཐུན་བརྩམས་ཏེ། དེ་ཡང་རྡོ་རྗེ་ཕག་མོ་མཁའ་འགྲོ་མའི་གནས་སུ་སླེབ་པའི་ཚེ། དེ་ཕོ་ཉ་མོ་དང་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མར་འགྱུར་པས་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །དེ་ཉིད་ཙཱ་རུ་རྟག་ཏུ་བཟའ་བར་བྱ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །རིགས་རྣམས་ཀུན་ལ་སྤྱད་པར་བྱ། །ཞེས་དང་། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། །དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །ཅེས་པས་བསྟན་ནོ། །སྡོམ་འབྱུང་ལས། ཆང་གི་སྟོན་མོར་དགའ་བྱས་ལ། །རྡོ་རྗེའི་གླུས་ནི་དགང་བར་བྱ། །ཞེས་པས། གླུ་ནི་སཾ་བུ་ཊ་ལས་བརྟག་གཉིས་སུ་གསུངས་པ་ཉིད་འདི་ལ་ཡང་བསྟན་ལ། གྲུབ་པ་ཐོབ་པའི་མགུར་ཡང་ལེགས་པར་འགྱུར་རོ། །གར་ཡང་བྱའོ། །དེ་ནས་སྡོམ་འབྱུང་ལས། དཀྱིལ་འཁོར་རྣམ་པར་སྤྲོས་ནས་ནི། །ཆོ་ག་བཞིན་བཤད་བསྡུ་བར་བྱ། །ལྷག་མའི་གཏོར་མ་བསྡུས་ནས་ནི། །འབྱུང་པོ་ཆོལ་བ་རྣམས་ལ་སྦྱིན། །གནས་དང་ཞིང་གནས་རྣལ་འབྱོར་མའི། །ཚོགས་ལ་དྲི་ཞིམ་ཚིམ་པར་བྱ། །སྤྱན་དྲངས་དཔའ་བོ་ཐམས་ཅད་ནི། །བདེ་བ་ཆེན་པོར་གཤེགས་སུ་གསོལ། །ཞེས་གསུངས་ལ། ལྷག་ལ་ཁ་ཕྲུ་འདེབས་པ་ཡང་དེར། ཁ་ནི་མྱོས་བྱེད་ཀྱིས་བཀང་ནས། །འབར་བའི་ཕྱག་རྒྱ་བཅིང་བར་བྱ། །ཧཱུྃ་གི་སྒྲ་ནི་དྲག་པོ་ཡིས། །ལྷག་མའི་སྣོད་དུ་སྦྱིན་པར་བྱ། །སོགས་ཀྱིས་སོ། །ཚོགས་ཀྱི་འཁོར་ལོའི་དུས་དེར་རྩོད་པ་ཕྱུང་ན་རྩོད་མཁན་དེ་ཕྱིར་སྐྲོད་ལ། ཆད་པ་ཁས་ལེན་ན་སླར་གཞུག་པར་ཡང་གསུངས་སོ། །དགེ་སློང་དང་དགེ་ཚུལ་ལ་རྒྱུད་དང་བྱང་ཆུབ་སེམས་དཔའི་འགྲེལ་པར་དེ་སྐད་གསུངས་བཞིན་དུ། ཁ་ཅིག་རབ་ཏུ་བྱུང་བའི་ཚོགས་ཞེས་བུར་ཆུས་ཆང་གི་དོད་བྱེད་ཅིང་ཤ་ལ་སོགས་པ་མི་བསྟེན་པ་བཟང་པོར་སེམས་པ་ནི་སྟོན་པའི་ལུང་སུན་འབྱིན་པར་སྣང་བས། ཡ་མཚན་ཅན་ཞེས་གྲགས་པའི་ནང་དུ་བགྲང་བར་འོས་ལ། རང་གར་ཆང་ལ་སོགས་པ་འཐུང་ཤ་ཟ་ཞིང་སྔགས་ཀྱི་ཆོ་ག་ཟབ་མོ་ལ་ཞུགས། བསྟེན་པར་འོས་པའི་ཚེ་ཆང་འཐུང་བ་སོགས་དགག་པ་ནི་རྩ་ལྟུང་བཅུ་གསུམ་པ་འཕོག་ལ། གསང་སྔགས་ཀྱི་ཐབས་གསེར་འགྱུར་རྩི་ལྟ་བུ་ཁྱད་དུ་གསད་པས་སྡིག་ཆེའོ། །དེ་དག་ཚོགས་ཀྱི་འཁོར་ལོ་བྱེད་ན་ཤ་ལྔ་ལ་སོགས་པ་དངོས་སུ་སྤྱོད་དགོས་ཀྱིས། དེ་དག་བཟའ་བ་ནི་སྦྱངས་རྟོགས་སྦར་གསུམ་ནུས་པ་ནའོ་སྙམ་མོ། །རྒྱུད་ལས། ལས་དང་པོ་པ་ལ་འཇིག་རྟེན་གྱི་བཟའ་བ་དང་ཆང་ལ་སོགས་པའི་བཏུང་བར་འོས་པར་ཁོ་ན་སྟོན་མོས་བསྟན། བདུད་རྩི་ལྔ་ལ་སོགས་པ་ནི་དམ་ཚིག་གི་རིལ་བུ་ཙམ་གྱིས་བསྟེན་པར་གསུངས་ལ། ནུས་པ་རྙེད་ནས་དེ་དག་ལོངས་སྤྱོད་པ་སྟེ། བཟའ་དང་བཟའ་མིན་ཇི་སྙེད་བཟའ། །བཏུང་དང་བཏུང་མིན་ཇི་སྙེད་བཏུང་། །ཞེས་འབྱུང་བས་སོ། །སྐབས་འདིར་སྦྱངས་རྟོགས་སྦར་གསུམ་མི་ནུས་པ་ཡང་མ་ཡིན་ཏེ། འགྲེལ་པར་ཐུན་མོང་བ་རྣམས་ཀྱི་སྔགས་ཀྱི་སྟོབས་སམ་ལྷའི་ངེས་པས་སོ་ཞེས་པས་ཇི་སྐད་བཤད་པའི་ཆོ་ག་བྱས་པ་ཉིད་ཀྱིས་སྦྱངས་རྟོགས་སྦར་བར་སོང་ངོ་། །དེ་ལྟ་མ་ཡིན་ན་དེ་ལྟ་བུའི་སློབ་དཔོན་གྱིས་སློབ་མ་དབང་བསྐུར་བ་སོགས་ཀྱི་ཆོ་གས་ཀྱང་སྨིན་མི་ནུས་པར་ཐལ་བ་ཡིན་ནོ། །ལར་གསང་སྔགས་ཕྱག་ལེན་གྱི་ཆེ་བ་ཞེས་པ་རྒྱུད་དང་བདག་ཉིད་ཆེན་པོ་དག་གིས་འགྲེལ་བ་དང་མཐུན་པ་ཞིག་ལ་ཟེར་གྱིས། རང་བཟོའི་འདྲ་འདྲ་འགྲིག་འགྲིག་དག་ལ་སྐྱབས་སུ་མི་འཆིའོ། །དེར་དགོས་པ་བདུད་རྩི་རིལ་བུའི་བསྒྲུབ་པ་བཤད་པར་བྱ་སྟེ། མདོར་བསྟན་གྱིས། སྦྲང་རྩི་སོགས་ཀྱི་དོན། རྒྱུད་ལས་གསུངས་པ་དང་། འགྲེལ་པས་བཤད་ཚུལ་གཉིས། དང་པོ་ནི། སྡོམ་འབྱུང་དུ། དེ་ནས་དེ་ཕྱིར་བདུད་རྩི་ལྔའི། །བསྒྲུབ་པ་ཡང་དག་རབ་ཏུ་བཤད། །ཅེས་སོགས་ཀྱིས་སོ། །བྲམ་ཟེ་ཡི། མངལ་ནས་སྐྱེས་པ་ཡང་དག་བླང་། །དེས་ན་རྣམ་པ་སྣང་མཛད་མིང་། །ཞེས་དང་། རིན་ཆེན་རིག་མ་རྙེད་ནས་དེའི། །དྲི་ཆུ་ཞེས་དང་། ཡོངས་སུ་རྫོགས་པའི་ལུས་ལྡན་ཞིང་། །སོགས་ཀྱིས་པདྨའི་རིགས། དེ་བཞིན་གཤེགས་མ། གདོལ་པ་མོ་ལ་སྙོམས་པར་ཞུགས་པའི་ཕན་ཚུན་གྱི་ཁུ་བ། ཤ་དང་ཚིལ་དང་དེ་བཞིན་ཁྲག འདི་གོ་རོ་ཙ་ན་སྟེ། འགའ་ཞིག་ཏུ་རྒྱུངས་པ། འགའ་ཞིག་ཏུ་ཀླད་པ། འགའ་ཞིག་ཏུ་འོ་མ་སྟེ་བད་ཀན་གྱི་ཁམས་སུ་བཤད་ལ། འདིར་དེ་དག་གིས་ཡང་རུང་། གཞན་སྙིང་གའི་རོ་ཙའོ། །འདིར་ནི་བསད་པ་གཙོར་བཤད་པས། །ཇི་ལྟེ་ཡང་དག་རྙེད་ན་གཟུང་། །བ་གླང་ཤ་དང་རྟ་ཤ་དང་། །གླང་པོའི་ཤ་ཡང་དེ་བཞིན་ཏེ། །མི་ཡི་ཤ་དང་ཁྱི་ཡི་ཤ །ཞེས་དང་། རྙེད་ནས་ཚེས་བཅུའི་དུས་སུ་ནི། །དངོས་པོ་འདི་དག་ཡང་དག་བསྡུ། །དྲི་ཞིམ་པ་དང་བསྲེས་ནས་ནི། །རབ་ཏུ་གསངས་ཏེ་སྦྱར་བར་བྱ། །སྒྲུབ་པ་པོ་ཡིས་གསང་བ་ཡི། །རིལ་བུའི་རྣམ་པ་ཡང་དག་བྱ། །དེ་ཡི་མོད་ལ་ཡོངས་རྫོགས་པའི། །བཟའ་དང་བཏུང་བའི་ཁྱད་པར་གྱིས། །ཚོགས་ཀྱི་དབུས་སུ་བྱིན་བརླབ་ནས། །ཕྱི་ནས་ལས་ནི་ཡང་དག་སྤྱད། །ཅེས་བཟའ་བཏུང་བྱིན་རླབས་ཀྱི་ཆོ་ག་ཁོ་ནས་བྱིན་གྱིས་བརླབ་པར་བཤད་དོ། །ཕན་ཡོན། སྔགས་བཟླས་དེ་བཞིན་བསམ་གཏན་དང་། །འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། །ལུས་ཀྱི་བཅུད་ཀྱིས་ལེན་དང་ནི། །མཆོག་ཏུ་གྲོལ་བའི་དངོས་གྲུབ་སྟེར། །རྟག་ཏུ་རིལ་བུ་བསྟེན་བྱེད་པ། །འདོད་པ་ཀུན་གྱི་འབྲས་རབ་སྟེར། །ལས་རྣམས་ཀུན་ལ་རབ་སྦྱར་ན། །མཁའ་སྤྱོད་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་ཏེ་འདི་ལག་ལེན་བདེའོ། །འགྲེལ་པར། དང་པོར་ཟླ་བ་དང་ཕྱིས་ཉི་མའམ། དང་པོར་ཉི་མ་དང་ཕྱིས་ཟླ་བ་འཛིན་པའི་ཟླ་བ་དེ་དང་དེ་ལའོ། །འདིར་ཟླ་བ་གཟུང་བའི་ཚེས་གཅིག་འཇུག་པའི་དུས་ན་བུ་མོ་ལོ་བཅུ་གཉིས་མའམ་བཅུ་དྲུག་ལོན་པ་ཁ་དོག་དཀར་བ་བུ་མ་སྐྱེས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བྱས་ལྷའི་དམིགས་པ་བྱས་ཏེ་པདྨར་རྡོ་རྗེ་བཅུག་ནས་ཧཱུྃ་ཕཊ྄་ཀྱི་ཡི་གེས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱ་ཞིང་། སྤྲོ་བ་ན་འོག་ཏུ་པདྨའི་སྣོད་བཞག་ནས་རྡོ་རྗེ་པདྨའི་སྣོད་དེར་གཞུག་པར་བྱའོ། །གཉིས་པ་ལ་རོ་ལ་མཆོད་པ་བྱས་ནས་ཀླད་པ་བླང་བར་བྱའོ། །གསུམ་པ་ལ་མི་མོ་དཀར་ཤམ་ལ་མཆོད་པ་བྱས་ནས་རིན་པོ་ཆེའམ་རྡུལ་བླང་བར་བྱའོ། །བཞི་པ་ལ་རང་གི་རྡོ་རྗེའི་ཆུ་བླང་བར་བྱའོ། །ལྔ་པ་ལ་དྲི་ཆེན་བླང་བར་བྱའོ། །དེ་ལྟར་ཁུ་བ་མཱ་ཤ་ཀ་གཅིག་དང་། ཀླད་པ་མཱ་ཤ་ཀ་གཉིས་དང་། རིན་ཆེན་འབྱུང་ལྡན་མཱ་ཤ་ཀ་གསུམ་དང་། རྡོ་རྗེའི་ཆུ་མཱ་ཤ་ཀ་བཞི་དང་། རྣམ་པར་སྣང་མཛད་མཱ་ཤ་ཀ་ལྔ་སྟེ། དེ་ལྟར་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་རྣམས་ཡོན་ཏན་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་འཕེལ་བའི་དབྱེ་བས་ཉིན་ཞག་ལྔས་རྫས་ལྔ་རྣམས་བླང་བར་བྱའོ། །དེ་ནས་དྲུག་པ་ལ་རོ་མཆོད་པ་བྱས་ནས་མིའི་ཤ་དང་། བདུན་པ་ལ་རྟའི་ཤ་དང་། བརྒྱད་པ་ལ་སོ་ལྡན་གྱི་ཤ་དང་། དགུ་པ་ལ་ཁྱིའི་ཤ་དང་། བཅུ་པ་ལ་བ་གླང་གི་ཤ་བླང་བར་བྱ་སྟེ། ཆ་གཅིག་དང་། ཆ་གཉིས་དང་། ཆ་གསུམ་དང་། ཆ་བཞི་དང་ལྔ་ཇི་ལྟ་བའི་རིམ་པས་སྒྲོན་མ་བླངས་ཏེ། བདུད་རྩི་ལྔ་དང་གཅིག་ཏུ་བྱས་ནས་མཱ་ཤ་ཀ་བདུན་ཅུ་རྩ་ལྔ་རྣམས་སོ། །དེ་ནས་སྦྲང་རྩི་བཅོ་ལྔ་དང་བདུད་རྩི་ལྷན་ཅིག་བྱས་ཏེ། ཚེས་བཅུ་གཅིག་པ་ལ་ཟས་མ་ཟོས་པར་སྦྲང་ཆང་ངམ། རྒུན་ཆང་ངམ། ཤིང་ཏ་ལ་སོགས་པ་ལས་སྐྱེས་པའམ། འབྲས་ལས་སྐྱེས་པའམ། སྦྱར་བའི་ཆང་ནི་ཇི་ལྟར་འདོད་པ་འཐུངས་ནས་སྐྱུག་པར་བྱའོ། །སྐྱུག་པ་དེ་ཐོད་པར་བླངས་ནས་རྫས་བཅུ་པོ་དེ་རྣམས་དང་འཐག་པར་བྱའོ། །དེ་ནས་ཅེ་སྤྱང་གི་རྐྱལ་བུ་བླངས་ནས་དེའི་ནང་དུ་གཞུག་པར་བྱའོ། །དེ་ནས་ཐོད་པ་ཁ་སྦྱར་དུ་བྱས་ཏེ་དེ་ཉིད་དུ་མཚན་མོའི་དུས་ན་དུར་ཁྲོད་ཀྱི་ས་གཞིར་སྐྱེས་པའི་རོ་དང་བུད་མེད་ཀྱི་རོ་ལྷན་ཅིག་མེ་ལ་བཅུག་ནས་བསྲེགས་པའི་འོག་ཏུ་ཁྲུ་གང་གྲུ་གསུམ་དུ་བྲུས་ཏེ་དེར་དྲི་དང་བདུག་པ་ལ་སོགས་རྣམས་ཀྱིས་མཆོད་ནས་སྔགས་ཀྱི་ཆོ་ག་འདིས་གཏོར་མ་རྒྱ་ཆེན་པོ་དབུལ་བར་བྱའོ། །ཨོཾ་བཛྭ་ཀྲོདྡྷི་ཤྭ་རི་སརྦ་དྲ་བྱ་གཱི་བི་ཤོ་དྷ་ཡ་ཧཱུྃ་ཕཊ྄། ཅེས་པ་གཏོར་མ་སྦྱང་བའི་སྔགས་སོ། །སངས་རྒྱས་ཡབ་ཡུམ་དང་བཅས་སྲས་བཅས་གཡོག་འཁོར་དང་། །གྲོགས་བྱས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ཡིས། །ལྷ་དང་ལྷ་མོའི་ཚོགས་ཀྱིས་མཉེས་པར་བྱེད་པ་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་པའོ། །ཨོཾ་ཤྲཱི་ཧེ་རུ་ཀ་ནས། ཨ་ཀདྡྷཱ་ཡ་མཁའ་འགྲོ་མ་རྣམས་དགུག་པའི་སྔགས་སོ། །ཨོཾ་སུམྦྷ་ནི་སོགས་གཏོར་མ་འབུལ་བའི་སྔགས་སོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཨོཾ་ཤྲཱི་བཛྭ་ཞེས་སྙིང་པོའི་སྔགས་འདི་བརྒྱ་རྩ་བརྒྱད་འདོན་པས་བསྔགས་ཏེ། ས་བརྐོས་པ་དེར་གཞུག་པར་བྱ་ཞིང་དུར་ཁྲོད་ཀྱི་ཐལ་བས་བཀང་ནས་སྟེང་དུ་རལ་གྲི་ཆེན་པོ་བཞག་པར་བྱའོ། །ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཕཊ྄། ཅེས་པའི་སྔགས་འདིས་བསྲུང་བར་བྱས། དེ་རང་གི་ཁྱིམ་དུ་འོངས་ཏེ་བཅུ་གཉིས་པ་ལ་ཐུན་བཞིར་ཞལ་བཞི་པའི་སྔགས་བཟླ་བར་བྱའོ། །བཅུ་གསུམ་པ་རྐང་པ་བརྒྱད་པ་དང་། བཅུ་བཞི་པ་རྐང་པ་ཉི་ཤུ་རྩ་བཞི་པའོ། །དེ་ནས་གནམ་སྟོང་ལ་ཉི་མ་གཟས་གཟུང་བ་ན་བཏོན་ནས་མིའི་རྐང་དང་བསྲེས་ནས་སྲན་ཆུང་གི་ཚད་ཀྱི་རིལ་བུ་བྱ་ཞིང་བཟའ་བ་དང་བཏུང་བ་ལ་སོགས་པ་ཀུཎྜྻ་གོ་ལ་བྱུང་བ་དང་བཅས་པ་ལ་བསངས་པས་རྣམ་པར་དག་པར་འགྱུར་ཏེ་ཁར་བཅུག་པས་ཁ་དག་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོ་དང་བསྒོམ་པའི་དུས་ན་ཡང་ཐམས་ཅད་བསྲུང་བར་འགྱུར་རོ། །ཞེས་པ་རིལ་བུའི་ཆོ་གའི་ངེས་པའོ། །ཞེས་གསུངས་པ་དེ་ཉིད། གོང་དུ་མཁའ་འགྲོ་མའི་གཟུགས་ཡོངས་སུ་གྱུར་པ་དག་གི་ཤ་བསྲེ་བ་ཡང་གསུངས་ལ། གཞན་གྱི་བདུད་རྩི་རིལ་བུ་བསྒྲུབ་པའི་ཆོ་ག་དག་ནི་ཁུངས་འཆད་པར་དཀའོ། །ཉི་ཤུ་པ་གཏོར་མ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། གུས་པ་ཡིས་ནི་གཏོར་མ་སྦྱིན། །རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །སོགས་ཀྱི་དོན། སྡོམ་འབྱུང་ལས། དེ་ནས་གཏོར་མའི་དེ་ཉིད་ནི། ཇི་བཞིན་གསང་བར་རབ་ཏུ་བཤད། །སོགས་ཀྱིས་རྒྱས་པར་བསྟན་ནོ། །དགོས་པ་ནི། དཀྱིལ་འཁོར་སྦྱིན་སྲེག་བཟླས་པ་དང་། །རབ་གནས་དང་ནི་ཞི་རྒྱས་དང་། །དབང་དང་བསྐྲད་དང་བསད་པ་དང་། །འབྱུང་པོ་གནོད་སྦྱིན་མོ་བསྒྲུབ་དང་། །གནས་ཀྱི་བསྒྲུབ་པའི་དུས་དག་སྟེ། །ལས་རྣམས་ཀུན་ལ་མཆོག་ཡིན་ནོ། །ཆང་དང་གཏོར་མ་མེད་པར་ནི། །ལས་རྣམས་མྱུར་དུ་འགྲུབ་མི་འགྱུར། །དེས་ནས་གཏོར་མ་རབ་བསྔགས་ཏེ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོ། །སྒྲུབ་པ་ཤེས་རབ་ཐབས་བདག་ཉིད། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པས་གཏོར་མའི་ངོ་བོ་བསྟན་ཏེ། ཡེ་ཤེས་ཐིག་ལེ་ལས། སེམས་ཅན་ཐམས་ཅད་བསྲུང་དོན་དུ། །འབད་པ་ཡིས་ནི་གཏོར་མ་སྦྱིན། །བྷ་ཡི་ཡིག་འབྲུ་བྷ་གར་བརྗོད། །ལིང་གི་ཡིག་འབྲུ་ལིང་གར་བསྟན། །ལིང་ག་བྷ་གར་མཉམ་སྦྱོར་བས། །སེམས་ཅན་ཐམས་ཅད་ཀྱི་ནི་ཕྱོགས། །དེ་ལས་འབྱུང་བར་འགྱུར་བ་སྟེ། །ཞེས་པ་ལྟར། ཇོ་བོ་རྗེས་བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་བཤད་པར། གཏོར་མ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཏུ་ལྡན་པ་སྟེ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། མ་ཚང་བ་མེད་པས་ཐབས་ཡིན་ལ། འཁོར་གསུམ་ཡོངས་སུ་དག་པས་ཤེས་རབ། ཅེས་གསུངས་པས་སོ། །དེ་ནི་འདི་སྐད་དུ། རྒྱུ་བསྟན་པ་དང་། བྱིན་གྱིས་བརླབ་པ་དང་། བསྔོ་བ་དང་བདེན་པའི་སྟོབས་བརྗོད་པ་རྣམས་ནི་ཐབས་ཡིན་ལ། ཞེས་གསུངས། རྒྱུ་ནི། སྡོམ་འབྱུང་ལས། དང་པོར་རེ་ཞིག་བཟའ་བ་དང་། བཏུང་བ་དང་། སྟོན་མོ་ལ་སོགས་པ་མདུན་དུ་ཡང་དག་པར་བཞག་ནས་ཞེས་གསུངས། བྱིན་གྱིས་བརླབ་པ་ནི། སྡོམ་འབྱུང་དུ། མདུན་དུ་ཡང་དག་པར་བཞག་ལ་རྣམ་པར་སྦྱང་བར་བྱ་སྟེ། དེ་ལ་མདུན་དུ་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར། དེར་ཡི་གེ་ཨ་དཀར་པོ་ལས་བྱུང་བའི་པདྨའི་སྣོད་ཐོད་པ་གསུམ་གྱི་སྒྱེད་བུ་ལ་གནས་པ། དེའི་དབུས་ཀྱི་བཟའ་བ་ལ་སོགས་པ་རྣམས་ལ། ཨོཾ་ཨཱཾ་ཏྲཱཾ་ཁཱཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་གྱི་ཡི་གེ་ལས་བྱུང་བའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་གཟུགས་རྫོགས་པར་བྱིན་གྱིས་བརླབ་ལ། རླུང་གིས་བསྐྱོད་པའི་མེ་རབ་ཏུ་སྦར་ཏེ། སྐོལ་བས་ས་བོན་གྱི་ཡི་གེ་ལ་སོགས་པ་བཞུ་སྟེ་ཉི་མ་འཆར་ཀ་ལྟ་བུའི་བཅུད་ཀྱི་གཟུགས་སུ་བལྟས་ལ། དེའི་སྟེང་དུ་དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་བདུད་རྩིའི་རང་བཞིན་ཅན་དུ་བལྟས་པ་རྣམ་པར་ཞུ་བར་བསམས་ཏེ་དེ་དང་བཅུད་ཀྱི་རང་བཞིན་རོ་གཅིག་པར་གྱུར་པར་བལྟས་ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་ཡོངས་སུ་གནས་པ་སྟེ། དེ་དག་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་སྤྲོས་ལ་འགྲོ་བའི་དོན་བྱས་ཏེ། མཉམ་པར་སྦྱོར་བ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ཅིང་ཇི་ལྟ་བའི་ས་བོན་ལ་རབ་ཏུ་འཇུག་ཏེ། ཡི་གེ་གསུམ་ཅི་འདོད་པར་བརྗོད་པར་བྱིན་གྱིས་བརླབ་པར་བྱའོ། །ཞེས་གསུངས་སོ། །མགྲོན་སྤྱན་དྲངས་པ་ནི། མཛུབ་མོ་མདུད་བྱས་སོགས་ཀྱི་སྔགས་དང་ཕྱག་རྒྱ་སྔར་བཞིན་ནོ། །གང་སྤྱན་དྲང་བ་ནི། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། འདིར་དགོས་པའི་སྔགས་ནི་འགྲེལ་པར། ཨཱ་ཀཌྜྷྱ་ཡ་སོགས་ཡིན་ལ། འདི་ཉིད་དུ་མ་བཤད་དོ། །དེ་ཉིད་དུ། དེ་ནས་ལག་པ་གཡས་པ་དང་གཡོན་པ་བསྐོར་ཏེ། ས་མ་ཡ་ཧྶཾ། ས་མ་ཡ་ཧོ། ཞེས་ལན་གསུམ་བརྗོད་ཅིང་གཡས་པ་དང་གཡོན་དུ་བསྐོར་བས་མཆོད་བྱ་དང་མཆོད་བྱེད་ཀྱི་དབྱེ་བ་མེད་ཅིང་ཤིན་ཏུ་གྲོལ་བ་སྔོན་དུ་འགྲོ་བ་ཡིས། ཞེས་གསུངས་ལ། སྤྱན་དྲང་བ་དང་དམ་ཚིག་བསྲེ་བ་ལས་འགྲུབ་བོ། །ཡང་འཕྲེང་བའི་སྔགས་ཀྱི་མཐའ། ཨོཾ་བཛྭ་ཨཱ་ར་ལི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྭ་ཌཱ་ཀཱི་ནཱི་ས་མ་ཡ་ཧྶཾ་དྲྀ་ཥྱ་ཧོ། འཇིག་རྟེན་ལས་འདས་པ་དང་། ཨོཾ་ཁ་ཁ་ཁཱ་ཧི་སོགས་ཀྱིས་འཇིག་རྟེན་པ་རྣམས་ལ་བསྔོ་བར་བཤད་དོ། །དེར་རྐང་པ་བརྒྱད་ཀྱི་སྔགས་ཀྱིས་ཡང་དག་པར་བསྟོད་ལ་མངོན་པར་འདོད་པའི་དངོས་གྲུབ་བླང་བར་བྱ་ཞིང་བརྡའི་ལག་པས་བརྡ་བསྟན་པར་བྱ་སྟེ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷཱཱོཧཾཿ ཞེས་བྱ་བ་བརྗོད་ཅིང་པདྨ་སྐོར་བའི་ཕྱག་རྒྱས་མཉེས་ཉེ་བར་བསྡུ་བའི་ཕྱག་རྒྱ་མི་ཕྱེད་པར་འཁྱུད་པ་སྔོན་དུ་འགྲོ་བས་མཐེ་བོང་དང་སྲིན་ལག་སེ་གོལ་བརྡབ་པར་བྱ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་འཇིག་རྟེན་པ་གཤེགས་པ། ཡེ་ཤེས་པ་བདག་ཉིད་ལ་བསྡུ་བ། ཚོགས་ཀྱི་དཀྱིལ་འཁོར་དུ་བཤད་པ་བཞིན་ཁ་ཕྲུ་བཏབ་སྟེ་བཏང་བ་གསུངས་སོ། །འབྱོར་ན་ཉི་མ་རེ་རེ་འམ། དེ་བཞིན་ཟླ་བའམ་ལོ་རེར་ན། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཟུགས། །དེ་བཞིན་ཉིད་དུ་ཡོངས་སུ་བསྔོ། །ཞེས་དང་། ཨོཾ་དུར་ཁྲོད་དང་ནི་ཤིང་གཅིག་དང་། སོགས་ནི་བཤད་པའི་རྒྱུད་སམ་བུ་ཊ་ལས་བཤད་ཅིང་། འདིར་ཨིནྡྲ་ས་པ་རི་ཝཱ་ར་ན་ཨཱ་ཀརྵ་ཡ་ཛ། ཞེས་སོགས་སྔགས་ཀྱིས་སྤྱན་འདྲེན་བཤད་དོ། །མཻ་ཏྲི་པ། གོ་ཀུ་ད་ཧ་ན་ལས་བ་གླང་ཁྱི་རྟ་གླང་པོ་མིའི་ཤ་བི་མུ་ཤུ་མ་ར་ལས་དྲི་ཆེན་དྲི་ཆུ་བྱང་སེམས་ཤ་ཆེན་ཁྲག་བསྐྱེད་ནས། ཨོཾ་ཡིག་གི་རྣམ་པས་སྦྱངས། ཨཱཿལས་སྐྱེས་པའི་ཟླ་བས་རྟོགས་པ་དེ་མང་པོར་སྤེལ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེས་སྦར་བ་སྟེ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བྱས། སྤྲོ་བསྡུས་དཔའ་བོ་མཁའ་འགྲོའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཕབ། རོ་གཅིག་པའི་བདུད་རྩིས་ཞུ་བ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་བོ། །སྤྲོས་པ་ཆེ་བ་དང་། བདུད་རྩི་རིལ་བུ་བྱིན་གྱིས་བརླབ་པའི་ཚེ་སྔ་མ་བཞིན་ཤིན་ཏུ་བསྡུས་ན་འགྲེལ་པ་ལུགས་བཞིན་མཛད་དེ། སྡོམ་འབྱུང་ལས་སྔར་དྲངས་པའི་ལུང་གིས་སོ། །ནཱ་རོ་པ་ས་བོན་སོ་སོ་ལས་ཤ་ལྔ་སྒྲོན་མ་ལྔ་བསྐྱེད། སྒྲོན་མ་ལྔའི་སྟེང་དུ་རིགས་ལྔ། བདུད་རྩི་ལྔའི་སྟེང་དུ་ཡུམ་ལྔའི། གཞན་སྡོམ་འབྱུང་བཞིན་ནོ། །འཇིག་རྟེན་པ་ནི་སྔོན་དྲག་པོ་འཇིགས་བྱེད་ཀྱི་འཁོར་དེ་དག་སྟོན་པས་བཏུལ་ནས། ཞིང་དེ་དག་ཏུ་སྲུང་མར་བཞག་པ་ཞིང་སྐྱོང་ཕོ་མོ་འཇིག་རྟེན་དྲེགས་པ་ཐམས་ཅད་ཀྱི་རྗེར་གྱུར་པ་རྣམས་དང་ཕྱོགས་སྐྱོང་བ་འཁོར་དང་བཅས་པའོ། །དེ་ལྟར་ལེའུ་ཉི་ཤུ་རྩ་བདུན་པ་བཤད་ནས། གང་ཡང་ལེགས་མཆོད་རྣམ་དག་དངོས། །ཞེས་པས། ནང་དང་བླ་མེད་ཀྱི་སྦྱིན་སྲེག་གི་ངེས་པ་བཤད་དེ། མྱ་ངན་འདས་བྱུང་དཔའ་བོ་སྟེ། །བདག་ཉིད་མཆོད་པ་དེ་ཡིས་ནི། །སངས་རྒྱས་སོགས་ཀུན་མཆོད་པ་ཡིན། །ཞེས་ནས། མན་ངག་རྣམས་ཀྱང་སྦྱིན་པར་བྱ། །ཞེས་པའི་བར་གྱིས་ཏེ། རྡོ་རྗེ་མཁའ་འགྲོར། དེ་ནས་ཉོན་མོངས་ཞི་བྱ་དང་། །ཏིང་ངེ་འཛིན་ནི་རྒྱས་པའི་ཕྱིར། །རང་གི་ལྷ་ཡི་སྦྱོར་བར་གནས། །ནང་གི་སྦྱིན་སྲེག་བརྩམས་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྟག་ཏུ་བསམ་པར་བྱ། །འོད་ཟེར་འཕྲེང་བས་འཁྲུགས་ཤིང་དྲག །འོད་ཀྱི་དཀྱིལ་འཁོར་འཕྲེང་བ་རིག །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ནི། །སྟོང་གསུམ་སྟོང་གི་རྡུལ་མཚུངས་པ། །ཁ་དོག་དཀར་ལ་སོགས་གཞུག་སྟེ། །ལུས་མཆོག་དེ་ལ་གཞུག་པར་བྱ། །འདི་ནི་ཞི་བའི་སྦྱིན་སྲེག་ཡིན། །རྒྱས་པ་བྱང་ཆུབ་སེམས་དཔའ་དགུག །རེངས་པའི་གཟུགས་སུ་ལྷག་པར་མོས། །ཤིན་ཏུ་ཉོན་མོངས་ཟད་པའི་ཕྱིར། །ཁྱད་པར་ཁྲོ་བོའི་གཟུགས་བྱས་ཏེ། །སྣ་ཚོགས་གཟུགས་སུ་ཆགས་པའི་ཕྱིར། །བུད་མེད་ཀྱི་ནི་གཟུགས་སུ་བྱ། །འདི་ནི་ནང་གི་སྦྱིན་སྲེག་ཏུ། །སྒྲུབ་པོ་ཀུན་ལ་བསྟན་པ་ཡིན། །མཆོག་ལ་ལྷན་ཅིག་དགུག་པར་བྱ། །དེ་ལྟར་རྫས་ནི་རྣམ་ངེས་ཡིན། །ཞེས་པ་དེར། ཕུང་པོ་ལ་སོགས་བུད་ཤིང་ནི། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིན། །ལྟེ་བའི་དཀྱིལ་འཁོར་ནས་འབར་བསམ། །ཡེ་ཤེས་མེ་ལ་བསྲེག་པར་བྱ། །ཚངས་པའི་མེ་ནི་རྐེད་པར་གནས། །ལ་ལཱ་ནཱ་ནི་དགང་གཟར་ཏེ། །ར་སཱ་ན་ནི་བླུགས་གཟར་ཁ། །དབྱུག་པ་རྡོ་རྗེ་རིན་ཆེན་འོག །རང་གི་རྡོ་རྗེ་མཐའ་ཡི་བར། །ཐོད་པ་སྲེག་རྫས་སྣོད་ཡིན་ཏེ། །རྫས་རྣམས་ཐམས་ཅད་བསྲེག་པར་བྱ། །འདི་ནི་བླ་མེད་སྦྱིན་སྲེག་ཡིན། །ཞེས་སོ། །འདི་ནི་ཚོགས་དཀྱིལ་དུ་རོ་རྡོ་རྗེ་མ་གཙོ་བོར་ལོངས་སྤྱོད་ཚུལ་ལ་གསུངས་ལ། ཕོ་ཉ་མ་གཏོགས་གཞན་དག་ལ། །ནས། ཆུང་མ་ཕོ་ཉ་མོ་ཉིད་གནས། །ཞེས་པའི་བར་གྱི་རེག་བྱ་རྡོ་རྗེ་མ་བསྟེན་ཚུལ། བཀའ་ཐུབ་ངེས་པར་ཟད་པར་འགྱུར། །འཁོར་ལོའམ་དེ་བཞིན་གྲུབ་པ་ལ། །འདི་ནི་དམ་ཚིག་ཉམས་ན་གསོ་བའི་ཆོ་གར་ལ་བ་པ་བཞེད་དོ། །འཇིག་རྟེན་ལ་རྟག་གཡོན་ནས་སྤྱོད། །ཅེས་པ་དྲང་དོན་དུ་གཡོན་ནས་བསྐོར་བ་སོགས། དགོངས་མིན་ལ་གཡོན་པ་ཤེས་རབ་ཡིན་པས་སྟོང་པ་ཉིད་ཀྱི་སྤྱོད་པ་དང་ཕྱག་རྒྱ་མ་དང་ལྷན་ཅིག་སྤྱོད་པ་ཞེས་བྱའོ། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་བཞིར་རབ་ཏུ་བརྟག་པར་བྱ། །ཞེས་པ་ནི་རིགས་བསྡུས་པས་ལས་བཞི་ཀ་དང་། རིགས་གཅིག་ལ་ནི་ཀུན་སྤྱོད་པ། །རྣལ་འབྱོར་གྲུབ་པ་རབ་ཏུ་མཆོད། །ཅེས་པ་དེ་ནི་ལས་གཅིག་ཁོ་ན་གྲུབ་བོ་ཞེས་པ་སྟེ། ཕྱི་མ་གང་ཟག་དམན་པ་དེ་ལ་རིགས་གཅིག་པའི་ལྷའི་སྟོབས་སྟོན་པར་བཤད་པའི་ཕྱིར། བ་གླང་ཤ་དང་རྟ་ཤ་དང་། ཁྱི་ཤ་དག་དང་བྱ་དག་གི །དཀྱིལ་འཁོར་གྲུ་གསུམ་བྱས་ན་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་དེ་བཞིན། །ཤྲཱི་ཧེ་རུ་ཀའི་སྤྲུལ་པ། །ཞེས་གསུངས་ལ། བ་གླང་གི་ཤ་ནི་སྐུ། རྟ་ཤ་གསུང་། ཁྱི་ཤ་ཐུགས། བྱ་ཤ་མང་པོའི་དོན་ཏེ། བདེ་ཆེན་འཁོར་ལོ། ལས་བཞིའི་དཀྱིལ་འཁོར། དབུས་དྲག་པོའི་ཨེར། ཕྱག་རྒྱ་ལྷ་དགོད་པ། སྔགས་ནི་བཟླ་བྱ། སྔོན་དུ་མཆོད་པ་ནི། དཔའ་བོ་རྣམས་ཀྱི་ཟས་དེ་བཞིན། །སྔར། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་པའོ། །ཤྲཱི་ཧེ་རུ་ཀའི་སྤྲུལ་པ། །ནི། གཙོ་བོ་ནག་པོ་ཆེན་པོ་ཕྱག་བཞི་པ། ཧེ་རུ་ཀ་བདེ་མཆོག་ཉིད་ཀྱི་སྤྲུལ་པའི་ཕོ་ཉ་མཆོད་པར་བྱ་ཞེས་པའི་དོན་ནོ། །དེ་ལྟར་ལེའུ་ཉེར་བརྒྱད་པ་བཤད་ནས། དེ་ནས་གཞན་ཡང་བསྟན་པ་ནི། །ཕོ་ཉའི་མཚན་ཉིད་ཅེས་བྱ་བ། །ཞེས་སོགས་ཀྱི་དེའི་འཁོར་དང་དེ་ཁྲོས་པའི་ཚུལ་ཡིན་པར་སྟོན་ནོ། །དེ་ཡང་དང་པོ་ཐུགས་དཀྱིལ་གྱི་དབང་དུ་བྱས་ནས། མིང་པོ་དང་ནི་ཕ་དང་ཡང་། །བདག་པོ་ཉིད་དུ་སྐད་ཅིག་མཐོང་། །ནག་པོ་ཆེན་པོའི་ཚོགས་ལ་མིང་པོར་བལྟ་བ་ཞི་བ་མོ་ལ་སོགས་པ་ལྷ་མོའི་ཚོགས་ཏེ་ལྕམ་དྲལ་ཞེས་པས་སོ། །ཕ་ནི་མགོན་པོ་ཆེན་པོ་སྟེ། །དེའི་བུ་ནི་མ་ཧཱ་ཀཱ་ལ་ཐམས་ཅད་དེ་དེ་ལས་བྱུང་བས་སོ། །བདག་པོ་ཉིད་དུ་མཐོང་བ་ནི། །ཡུམ་ཆེན་གསུམ་ལ་སོགས་པ་དེའི་ལྷན་ཅིག་སྤྱོད་པ་མོའོ། །དེ་དག་དྲང་སྲོང་ཁྲོས་པ་ལྟ་བུ་ཡིན་ནམ་སྙམ་ན་མ་ཡིན་གྱི། སྲིན་པོ་ཁྲོས་པ་ལྟ་བུའི་ཞེས་འཆད་པ་ལ། ལྕེ་སྦོམ་མིག་ནི་དམར་སེར་ལ། །རྩུབ་ཅིང་སྤུ་ནི་དམར་སེར་ཡིན། །ཞེས་སྨོས་པ་ཟླ་བོ་བཤད་པས་ཟླ་ཅན་དུ་གོ་བ་བཞིན་ལྷག་མའི་ཚུལ་ཞར་བསྟན་ནོ། །ཕོ་ཉ་མོ་སོགས་གོ་འཕང་བཅས། །མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །ཕོ་ཉ་ནི་བརྒྱད་དང་བཞི། །མཁའ་འགྲོ་མ་ཉི་ཤུ་རྩ་བཞི། གོ་འཕང་སྟེ་འཁྱུད་བྱ་ཡབ་བཅས་ཀྱི་འཁོར་བསྟན་ཏེ་གསུང་དཀྱིལ་བ་རྣམས་སོ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །རྣལ་འབྱོར་གྲོལ་བའི་འབྲས་རབ་སྟེར། །འདིས་སྐུ་དཀྱིལ་འཇིག་རྟེན་པའི་མགོན་པོ་སྡེ་དཔུང་དང་བཅས་པ་བསྟན་ཏེ། ཡུལ་ཕྱོགས་གང་ན་གནས་གྱུར་པའི། །རིགས་ངན་ཀླ་ཀློ་ཡིན་ན་ཡང་། །ཡུལ་དེ་ཡོངས་སུ་བཏགས་པ་སྟེ། །སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། །དེ་རུ་ང་ནི་རྟག་པར་གནས། །ཞེས་ལས་ཚུལ་དུ་རིགས་ངན་ཀླ་ཀློ་ལྟ་བུ་སྡེ་བརྒྱད་དུ་བཤད་ཀྱང་དོན་དཔལ་ཆེན་པོ་ཉིད་དོ། །ཞེས་འཆད་པ་སྟེ། འཇིག་རྟེན་འཇིག་རྟེན་འདས་པ་དང་། །ཞེས་འབྱུང་བ་བཞིན་ནོ། །རྩ་བའི་སྔགས་ནི་རྟག་ཏུ་ཟློས། །ཤཱ་ས་ན་ཏེ། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །བདུད་ཀུན་རབ་ཏུ་ཞི་བར་བྱེད། །ཅེས་གསུངས་ལ། འདིས་བདུད་སྡེ་རབ་ཏུ་འཇོམས་པ་དེ་ཉིད་མགོན་པོ་དངོས་གྲུབ་འབྱུང་བར། དེ་ནས་བཅོམ་ལྡན་ཀུན་མཁྱེན་པའི། །ཡེ་ཤེས་མངོན་པར་མཁྱེན་པ་ཡིས། །བདུད་ཀྱི་དཀྱིལ་འཁོར་འཇོམས་བྱེད་པ། །བཀའ་ཡི་འཁོར་ལོ་བཤད་པར་བྱ། །ཞེས་དང་། བསམ་པ་གང་དང་གང་དག་གིས། །མི་རྣམས་སེམས་དང་མཐུན་པར་འཇུག །དེ་དང་དེ་ཡི་གཟུགས་སྤྲུལ་ཏེ། །སྣ་ཚོགས་གཡོགས་ཏེ་བདེ་བར་བཞུགས། །དེ་ཕྱིར་འབད་པ་དུ་མ་ཡིས། །སྣ་ཚོགས་ཚུལ་གྱིས་མཐུན་པར་བྱ། །བདག་ཉིད་སངས་རྒྱས་ཧེ་རུ་ཀ །དཔའ་བོ་རྣལ་འབྱོར་མ་ཚོགས་ཅན། །རང་གི་ལྷ་ཡིས་རབ་སྦྱོར་བས། །བདག་ཉིད་ཡེ་ཤེས་མཆོག་འགྲུབ་འགྱུར། །འདི་ཡི་རྒྱལ་བ་རྒྱ་མཚོ་དང་། །དཀྱིལ་འཁོར་པ་དང་ཞིང་སྐྱོང་ཚོགས། །གདོད་ནས་གྲུབ་པའི་དུར་ཁྲོད་ནས། །མཁའ་འགྲོའི་དབང་ཕྱུག་མགོན་པོ་ཆེ། །སྐུ་གསུང་ཐུགས་དང་ཡོན་ཏན་ཚོགས། །ཡེ་ཤེས་ཡོན་ཏན་རིགས་ཀྱི་ལྷ། །ནག་པོ་ཆེན་པོ་འཁོར་དང་བཅས། །ལྷ་མོ་ཆེན་པོ་བཀའ་འབངས་བཅས། །རྡོ་རྗེ་འཛིན་པས་དུས་ཀུན་ཏུ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །ཕྱི་ནང་གསང་བའི་མགོན་པོ་ཆེ། །བདེ་བ་ཆེན་པོའི་རོལ་པ་ཡི། །ཡེ་ཤེས་གསང་བ་བསམ་མི་ཁྱབ། །ཚེ་འདི་ཉིད་ལ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་སོགས་ཀྱིས་རྒྱས་པར་བཤད། དེ་ནི་སློབ་དཔོན་ཀླུ་སྒྲུབ་དང་། ཡེ་ཤེས་སྤྱན་བཟང་པོ་ཞེས་པ་ལྭ་བའི་ན་བཟའ་ཅན་གྱི་སློབ་མ་དག་གི་ལུགས་ཨ་བྷ་ཡ་ཀ་རའི་མན་ངག་གོ །ཉི་ཤུ་རྩ་གཅིག་པ་གནོད་མཛེས་རྒྱལ་པོའི་སྔགས་བཏུ་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཤིན་ཏུ་རྙེད་དཀའི་དགོད་པ་སྟེ། །ཞེས་སོགས་ལེའུ་སུམ་ཅུ་པས་སོ། །སྔགས་ཀྱི་དོན་ནི་སྒྲིབ་པ་ཐམས་ཅད་ལ་གནོད་པར་བྱེད་པས་སུམྦྷ་དང་། ངེས་པར་གནོད་པར་བྱེད་པས་ནི་སུམྦྷ། གནོད་བྱེད་བྲོས་པས་ཟུང་ཞིག་ཅེས་པས་གྲྀ། འཁོར་རྣམས་ཀྱང་འཛིན་དུ་ཆུག་ཅིག་ཅེས་པ་གྲྀ་པ་ཡ། ཀྱེ་བཅོམ་ལྡན་འདས་ཞེས་བོས་ནས་སྙིང་ནས་ལྕགས་ཀྱུས་ཁུག་ཅིག རྡོ་རྗེ་ཞེས་པ་ཨ་ན་ཡ་ཧོ་བྷ་ག་ཝཱན་བཛྭའོ། །བིདྱཱ་རཱ་ཛ་ནི་བཤད་རྒྱུད་ལས་སོ། །དེ་ཉིད་བསྡུས་པ་དང་དཔལ་མཆོག་དང་པོ་དང་། མཉམ་སྦྱོར་དང་། རྡོ་རྗེ་འཇིགས་བྱེད་སོགས་སུ་སྔགས་ཀྱི་ཚིག་བཞིས་མཚན་མ་སྨོས་པའི་ཁྲོ་བོ་བཞི་དང་ཡང་དག་ལྡན་པ་དང་། འདིར་ནི་སྐུ་བརྒྱད་འགྱུར་ཏེ་ཁྭ་གདོང་མ་སོགས་ཏེ། བདེ་བའི་དཀྱིལ་འཁོར་བསྲུང་དོན་དུ། དེ་ལ་བརྒྱད་དུ་འགྱུར་བ། ཅི་ཞེ་ན། གདུག་པ་ཐམས་ཅད་ཀྱི། ཞེས་འཇིག་རྟེན་སྐྱོང་བ་བརྒྱད་འདུལ་བའི་ཕྱིར་རོ། །ཞེས་བསྟན་ནོ། །ཉི་ཤུ་རྩ་གཉིས་ཀ་དེའི་ལས་རབ་འབྱམས་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་ཤ་ཆེན་ཐམས་ཅད་ཀྱི། །སོགས་བཟའ་བ་དང་། སྦྱིན་སྲེག་དང་། གཏོར་མ་དང་། ལག་པའི་བརྡ་བསྟན། ལེའུ་ལྔ་བཅུ་པར། དེ་ནས་སྦྱིན་སྲེག་ཆོ་ག་ནི། །སོགས་ཀྱིས་དབང་དུ་བྱ་བ་གཙོ་བོར་བཤད་ལ། སྦྱིན་སྲེག་དེ་དག་ལ་ཆིངས་ནི། ཨ་བྷ་ཡས། ལྷ་ཡི་བདག་ཉིད་མཆོད་བྱ་ཞིང་། །གཏོར་མ་ས་སྦྱང་ཐབ་ཁུང་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །དཀྱིལ་འཁོར་གྱི་ནི་ཤར་དང་ལྷོ། །ནུབ་དང་བྱང་དུ་ཐབ་ཁུང་རྣམས། །ཤར་བྱང་ནུབ་ལྷོ་ཁ་བལྟས་པའི། །སློབ་དཔོན་གཡོན་དུ་ཆུ་དང་ནི། །མཆོད་ཡོན་ལ་སོགས་སྣོད་རྣམས་དགོད། །གཡས་སུ་ཡམ་ཤིང་མར་ལ་སོགས། །སྲེག་རྫས་རྣམས་ཏེ་མེ་སྦར་ནས། །ཐབ་ཏུ་ཀུ་ཤ་དགྲམ་ཞིང་གཡོག །བུད་ཤིང་མར་གྱིས་རབ་སྦར་ཏེ། །མེ་དང་དེ་ཡི་ཡེ་ཤེས་སྐུ། །གཅིག་བྱས་མཆོད་ཡོན་སོགས་མཆོད་ལ། །དགང་གཟར་བླུགས་གཟར་ཁ་ལས་འཐོན། །མར་གྱིས་དགང་བླུགས་ཀྱིས་ཚིམ་བྱ། །ཡོན་ཏན་ནུས་པ་རྗེས་མཐུན་པས། །གཡས་སུ་བསྐོར་བའི་སྦྱོར་བས་སོ། །དེ་ནས་མར་སོགས་ཀྱིས་ཀྱང་བཞིན། སྲེག་བླུགས་བླུགས་གཟར་གྱིས་ནི་འབུལ། །ཞབས་བསིལ་ཞལ་བསིལ་བསང་གཏོར་ཆུ། །མཆོད་ཡོན་ཕྱག་ཞབས་སྐུ་དང་མདུན། །ཁུ་བ་ཞལ་དུ་ཡམ་ཤིང་འོད། །བཟའ་བ་ལ་སོགས་ཕྱག་ཏུ་འབུལ། །མེ་ཏོག་དབུ་ལ་བདུག་སྤོས་དང་། །མར་མེ་མདུན་དུ་དྲི་ཆབ་ཐུགས། །མེ་ལྷ་དང་ནི་ལྷག་པའི་ལྷ། །དེ་དག་ཚིམ་པ་ལ་སོགས་བྱ། །མར་དང་ཏིལ་དང་དཱུར་བ་རྩི། །འབྲས་དང་བཟའ་བ་འོ་ཐུག་དང་། །ཀུ་ཤ་སོ་བ་ནས་དང་ནི། །མཱ་ཤཱ་གྲོ་དང་ཨུ་དུམ་ཝར། །པི་པ་པཱཀྵ་ནྱ་གྲོ་དྷ། །ཨ་མྲ་ཨརྐ་ཚང་ཤིང་དང་། །སེང་ལྡེང་བཱཻ་ཀཾ་ཀ་སཱ་མཱི། །གྷཾ་བྷ་ཨ་ས་མརྒ་དང་། །རིམ་བཞིན་བསྲེགས་ནས་གོས་སོགས་ཀྱིས། །བཀླག་ཅིང་དྲིལ་བུ་དཀྲོལ་ཞིང་བསྟོད། །བཟོད་གསོལ་ལྷ་དང་མེ་ལྷ་ལ། །དངོས་གྲུབ་བླངས་ནས་གཤེགས་སུ་གསོལ། །ཞེས་སོགས་ལས་ལ་དགེ་བ་ནི། །བཟློག་པ་དག་ལ་མི་དགེ་བ། །ཇི་ལྟར་རིགས་པས་ཡིད་དང་ལུས། །བཀླག་པའི་ཐབས་ནི་ཡང་དག་བརྩམ། །ཡང་ན་ཐམས་ཅད་ཡིད་ཀྱིས་སོ། །ནང་དུ་སྙིང་རྗེའི་བདག་ཉིད་དང་། །སྟོང་ཉིད་ཡེ་ཤེས་མེ་ལ་ནི། །འགྲོ་བ་སྦྱིན་སྲེག་རྒྱལ་བ་མཆོད། །ཅེས་གསུངས་པ་དང་ཕྱག་ལེན་མི་མཐུན་པ། ཀུ་ཤ་སྔར་བཀྲམ་དེ་ནས་མེ་སྦར་བ་སྟེ། རྡོ་རྗེ་མཁའ་འགྲོར། ཀུ་ཤའི་ལས་ནི་རྫོགས་ནས་སུ། །མེ་ཡི་ལས་ནི་བརྩམས་པར་བྱ། །ཞེས་དང་། ཡམ་ཤིང་སྔོན་དུ་འབུལ་བ་ཡང་། དེར་དེ་ལ་སྲེག་པའི་གོ་རིམ་ནི་འདི་ཡིན་ཏེ། དང་པོར་ནི་ཡམ་ཤིང་ངོ་། །དེའི་འོག་ཏུ་ནི་མར་རོ། །ཞེས་པས་དོན་ལ་མར་གྱི་སྔོན་ནམ་ཕྱིར་འབུལ། གཞན་ནི་དེ་དང་མཐུན་པས་འདིར་རིམ་པ་བཞིན་བཤད་པར་བྱའོ། །དང་པོ་ནི། བསྙེན་པའི་ཁ་སྐོང་ལ་བདག་བསྐྱེད་ཀྱི་མཐར། གཞན་སྐབས་སོ་སོར་བྱའོ། །གཉིས་པ་ས་ཆོག་བྱས། དེ་ནས་ཐབ་འཆའ་བ་ནི། རྡོ་རྗེ་མཁའ་འགྲོར། ས་གཞི་སྦྱང་བ་བྱས་ནས་སུ། །ཕྱི་ནས་ཧོཾ་ཁུང་བརྩམ་པར་བྱ། །ཞེས་སོ། །གཉིས་པ་ཐབ་ཁུང་ནི་དེ་ཉིད་དུ། ཞི་བ་ས་གཞི་དཀར་པོའི་ས། །ཁྲུ་གང་ཚད་ལ་ཤིན་ཏུ་ཟླུམ། །ཁྲུ་ཕྱེད་ཐུར་དུ་བརྐོ་བར་བྱ། །དང་། ཁུང་ནས་སོར་བཞི་བོར་ནས་ནི། །སོར་བཞིའི་དཔངས་དང་ཞེང་ལྡན་པའི། །ཁ་ཁྱེར་གྱིས་ནི་བསྐོར་བར་བྱ། །མཚམས་སུ་རྡོ་རྗེའི་དབྱིབས་ལྟ་བུ། །རྩེ་གསུམ་རྡོ་རྗེས་བསྐོར་བར་བྱ། །ས་དཀར་དང་ནི་བ་ལྕི་ཡིས། །ཧོཾ་ཁུང་ཀུན་ཏུ་བྱུག་པར་བྱ། །ཞེས་དང་། ནང་དུ། སོར་བརྒྱད་པ་ཡི་རྡོ་རྗེ་ནི། །པདྨའི་སྟེང་དུ་བྲི་བར་བྱ། །ཞེས་དང་། མེ་ཏོག་དཀར་པོས་གཏོར་བར་བྱ། །དཀྱིལ་འཁོར་ཁང་པ་ལ་སོགས་པའི། །ཤར་གྱི་ཕྱོགས་སུ་ལས་དེ་བརྩམ། །རྒྱས་པ་ས་གཞི་སེར་པོ་ལ། །རིན་པོ་ཆེ་ཡི་དབྱིབས་འདྲའི་ཐབ། །ཡང་ན་གྲུ་བཞི་པ་ཡང་རུང་། །ཁྲུ་དོ་ཟབས་སུ་ཁྲུ་གང་བརྐོ། །དེ་ནས་སོར་བརྒྱད་བོར་ནས་སུ། །ཁ་ཁྱེར་སོར་བརྒྱད་ཚད་དུ་བྱ། །སོར་བརྒྱད་དཔངས་དང་ལྡན་པ་ལ། །རིན་ཆེན་འཕྲེང་བས་བསྐོར་བར་བྱ། །ཧོཾ་ཁུང་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་སེར་པོ་བྲིས་པ་ལ། །དབུས་སུ་ཆ་དྲུག་སོར་དྲུག་པའི། །རྡོ་རྗེ་རིན་ཆེན། ཞེས་དང་། ས་སེར་དང་ནི་དྲི་སེར་གྱིས། །ཧོཾ་ཁུང་ཀུན་ཏུ་བྱུགས་ནས་སུ། །མེ་ཏོག་སེར་པོ་ལ་སོགས་པའི། །མཆོད་པ་དག་ནི་ཇི་བཞིན་བྱ། །འདི་ནི་རྟག་ཏུ་གྲོང་ཁྱེར་སོགས། །བྱང་གི་ཕྱོགས་ཆར་བྱ་བ་ཡིན། །རིན་པོ་ཆེ་ཞེས་པ་ཐབ་ཟུར་བརྒྱད་པའོ། །དབང་ལ་ས་གཞི་དམར་པོ་ལ། །པདྨ་ཡིས་ནི་མཚན་པ་ཡི། །ཐབ་ཁུང་སྐྱེ་གནས་དབྱིབས་སུ་བྱ། །ཡང་ན་ཟླ་ཕྱེད་དབྱིབས་ལྟ་བུ། །ཁུང་བུ་དང་ནི་ཁ་ཁྱེར་སོགས། །ཞི་བ་ཡི་ནི་ཚད་དུ་བྱ། །ས་དང་དྲི་དམར་སོགས་བྱུགས་ཏེ། །མེ་ཏོག་དམར་པོ་ལ་སོགས་གཏོར། །འདི་ནི་གྲོང་ཁྱེར་ལ་སོགས་པའི། །ནུབ་ཀྱི་ཕྱོགས་ཆར་བསྟན་དུ་བྱ། །མངོན་སྤྱོད་ཕ་མེས་ནགས་དང་ནི། །མ་མོའི་ཁྱིམ་དང་རྩུབ་པ་དང་། །གསད་པའི་ས་ལ་བྲི་བར་བྱ། །གྲུ་གསུམ་སོར་མོ་ཉི་ཤུའི་ཚད། །སོར་བཅུ་ཐུར་དུ་བརྐོ་བར་བྱ། །རྩེ་གསུམ་ཁྲོ་བོའི་རྡོ་རྗེ་ནི། །ཆར་སྤྲིན་གྱི་ནི་འོད་དང་མཚུངས། །སོར་བརྒྱད་པ་ཡི་ཚད་ཙམ་དུ། །དེ་ཡི་དབུས་སུ་མཚན་པར་བྱ། །ཁུང་བུ་སོར་གསུམ་བོར་ནས་ནི། །ཁ་ཁྱེར་སོར་གསུམ་བསྐོར་བར་བྱ། །ས་ནག་དུར་ཁྲོད་ཐལ་བ་སོགས། །ཅི་སྙེད་པ་ཡིས་བྱུག་བྱས་ཏེ། །དཀྱིལ་འཁོར་ཁུང་སོགས་ལྷོ་ཕྱོགས་བྱ། །ལྷག་མ་ཡི་ནི་ལས་རྣམས་ཀྱང་། །ལས་བཞིའི་ཁུང་བུར་འདུས་མོད་ཀྱང་། །སླར་ཡང་དེ་རྣམས་ཁྱད་པར་གྱི། །ཁུང་བུ་འདིར་ནི་བཤད་ཀྱིས་ཉོན། །དགུག་པའི་ཧོཾ་ཁུང་རྡོ་རྗེ་ནི། །རྩེ་གཅིག་ལྟ་བུའི་དབྱིབས་སུ་བྱ། །རྡོ་རྗེ་ལྕགས་ཀྱུས་བསྐོར་བ་ལས། །ལྷག་མ་དག་ནི་དབང་དང་མཚུངས། །བཅིང་བ་ལ་ནི་གྲུ་བཞི་སྟེ། །རྨོངས་ལ་རྒྱས་པ་ལྟ་བུ་ཡིན། །དབང་ལྡན་གྱི་ནི་ཕྱོགས་ཆར་རུ། །ས་ནི་དཀར་དང་སེར་པོ་བྱ། །བསྐྲད་ལ་མངོན་སྤྱོད་ལྟ་བུ་སྟེ། །ཁྱད་པར་དུ་ནི་རླུང་མཚམས་སུ། །རྔ་མོའི་ལྕི་བས་བྱུགས་ཏེ་བྱ། །མཛའ་བོ་དག་ནི་དབྱེ་ནས་སུ། །ཕན་ཚུན་སྡང་བར་བྱ་བ་ལ། །དེ་ཡང་མངོན་པར་སྤྱོད་པ་ཡི། །ཆོ་ག་ཇི་བཞིན་བལྟ་བར་བྱ། །ཞེས་ལས་སོ་སོའི་དབང་དུ་བྱས་པ་སྟེ། ལས་ཀུན་དེ་ཉིད་རིག་པ་ཡི། །བསམ་པ་ལ་སོགས་བྱེ་བྲག་དབྱེ། །ལས་ཀྱི་རྗེས་མཐུན་ས་གཞི་ལ། །ལས་ཀྱི་རྗེས་མཐུན་ཆོ་ག་བྱ། །ཞེས་སྔགས་ལ་གཞོལ་བའི་དབང་དུ་མཛད་པ་དང་། སྔགས་པ་ཡིས་ནི་གར་དགའ་བའི། །ས་ཕྱོགས་སུ་ནི་སྦྱར་ཡང་རུང་། །ཞེས་བསམ་གཏན་ལ་གཞོལ་བའི་དབང་དུ་མཛད་ལ། ལས་ཐམས་ཅད་ཐབ་ཁུང་གཅིག་ཏུ་བྱས་ཆོག་པ་དེའི་ཐབ་ཁུང་ནི། ཁྲུ་གང་བ་ཡི་ཚད་དུ་ནི། །པདྨ་ཨུཏྤལ་དབྱིབས་འདྲ་བྱ། །ཁ་ཁྱེར་པདྨ་ལྟ་བུ་སྟེ། །ཁུང་བུ་ཁ་ཁྱེར་ཅུང་ཟད་གདེང་། །ནང་དུ་བོར་སོགས་ཞི་བ་འདྲ། །ཕྱོགས་བཞིར་རྡོ་རྗེས་མཚན་པར་བྱ། །རྒྱར་ནི་སོར་བརྒྱད་ཙམ་ཚད་ལ། །དཔངས་ནི་སོར་གཅིག་ཚད་ཙམ་པའི། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་མཚོན་ཆས་བསྐོར་བ་ཡིས། །དབུས་སུ་རྡོ་རྗེས་མཚན་པར་བྱ། །ངོས་སུ་རྡོ་རྗེས་རྭ་བ་ཡི། །ཧོཾ་ཁུང་ཀུན་ནས་ཟླུམ་པོ་ལ། །འོག་ནི་འཁོར་བར་བྲི་བར་བྱ། །ཞེས་གསུངས་ལ། ཚད་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། སྡོམ་འབྱུང་དུ། མེ་ཡི་ཐབ་ནི་བྱ་བ་སྟེ། །སོར་བརྒྱད་པ་ནས་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །སོར་བརྒྱད་པས་ནི་དགྲ་རྣམས་གསོད། །སོར་བཅུས་དེ་བཞིན་རྒྱས་པ་སྟེ། །བཅུ་གཅིག་སོར་གྱིས་དབང་དང་དགུག །བཅུ་གཅིག་དེ་བཞིན་ཞི་བའོ། །ཐབ་ཁུང་སོར་ནི་བཅུ་དྲུག་པས། །རིགས་ནི་མངོན་པར་འཕེལ་བར་བྱེད། །སོར་ནི་བཅོ་བརྒྱད་བདག་ཉིད་ཀྱིས། །ཡུལ་དང་བ་གླང་རིགས་འཕེལ་འགྱུར། །ཐབ་ཁུང་སོར་ནི་ཉི་ཤུ་པས། །ཡམས་ཀྱི་ནད་ནི་ཞི་བར་འགྱུར། །ཞེས་དང་ཐབ་ཆེན་པོ་བྱེད་ན་དེར། རྒྱ་ཡི་ཚད་ཀྱི་ཆ་གསུམ་གྱི། །ཆ་གཉིས་ཟབས་སུ་བརྐོ་བྱ་སྟེ། །ཞེས་དང་། ཐབ་ཁུང་གི་ནི་བརྒྱད་ཆ་ཡི། །ཁ་ཁྱེར་ཉིད་ནི་མཐོ་བར་བྱ། །ཁ་ཁྱེར་དཔངས་ཀྱི་ཕྱེད་མཚན་ཉིད། །དེ་ཉིད་དུ་ནི་དམའ་བར་བྱ། །ཇི་ལྟར་ཕྱི་རོལ་དམའ་བའི་ཚད། །དེ་བཞིན་ཁ་ཁྱེར་ནང་ཉིད་དེ། །དེ་ཡི་ཕྱི་ཡི་ཁར་ན་ཡང་། །དཔངས་ཀྱི་ཚད་ནི་ཇི་བཞིན་བྱ། །ཞེས་དང་། ལས་ཐམས་ཅད་པ་ལ་ཁྱད་པར་དེ་ཉིད་དུ། འོན་ཀྱང་ལས་ཀུན་བྱེད་པའི་ཐབ། །ཞི་བའི་ཐབ་ཀྱི་རྣམ་པར་མཚུངས། །ཁ་ཁྱེར་པདྨའི་རྣམ་པར་ཏེ། །དམ་པ་རྡོ་རྗེའི་འཕྲེང་བས་བསྐོར། །དེ་ཡི་ཕྱི་རོལ་ཁ་ཁྱེར་ནི། །གྲུ་བཞི་ཁ་ཁྱེར་དཔངས་ཚད་བྱ། །ཞེས་སོ། །ཞི་རྒྱས་མཚུངས། བསྐྲད་དང་མངོན་པར་སྤྱོད་པ་ལ། །ཟླ་བ་ཕྱེད་པ་ནུབ་བལྟས་བྱ། །དབྱེ་དང་བསད་པའི་ལས་ལ་ནི། །ཟུར་གསུམ་ལྷོར་ནི་བལྟས་ཏེ་བྱ། །དབང་དང་དགུག་དང་དབྱེ་བ་གསུམ། །ཁ་དོག་དམར་པོ་ཟུར་གསུམ་པའོ། །མནན་དང་རྨོངས་པའི་ལས་ལ་ནི། །བདེན་བྲལ་དུ་ནི་བལྟས་ཏེ་བྱ། །བསྐྲད་ལ་དུ་བའི་མདོག་ལྟ་བུ། །དེ་བཞིན་རླུང་ཕྱོགས་བལྟས་ཏེ་བྱ། །རིམ་གྱིས་གདུང་སོགས་དམན་པའི་ལས། །རྟག་ཏུ་མེ་ཕྱོགས་ལྟས་ཏེ་བྱ། །ཞེས་ཁ་དོག་ཀྱང་མ་ངེས་པ་དང་དབྱིབས་ཀྱང་མི་མཐུན་པ་གསུངས་པ་ནི། མཐའ་གཅིག་ཏུ་འཛིན་པ་དགག་པའི་ཕྱིར་ཏེ། དཔེར་ན་སངས་རྒྱས་ཐོད་པར་ཞི་བའི་ཐབ་གྲུ་བཞི། རྒྱས་པ་ལ་ཟླུམ་པོར་གསུངས་པ་དང་། རྣམ་པར་དབྱེ་བ་མང་པོ་ལ་མོས་པ་ལ། རྡོ་རྗེ་ཁྲོ་བོ་སྙོམས་པར་འཇུག་པ་གསང་བའི་རྒྱུད་ནས། ཐབ་ཁུང་ནི་རྣམ་པ་བརྒྱ་རྩ་བཅུ་བསྟན་པ་ནི་ལས་ཀྱི་དབྱེ་བས་སོ། །ཞེས་འཕྲེང་བར་གསུངས་པ་བཞིན་ནོ། །སྤྲོས་པ་ལ་དགའ་བ་ལ་སོ་སོའི་ཐབ། འབྲིང་ལ་བཞི། ཆུང་ངུ་ལ་དགའ་བ་གཅིག་དང་། ཡིད་ཀྱི་ཐབ་ལ་སོགས་པ་གསུངས་སོ། །སློབ་དཔོན་གྱི་ཁ་ཕྱོགས་འདུག་སྟངས་ཏིང་ངེ་འཛིན་རྣམས་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ་སྔར་བཤད་ཟིན་ལ། བྱེ་བྲག་རྫས་ཀྱི་ཁྱད་པར་ནི། ཡམ་ཤིང་པ་ལ་ཤ་དང་ནི། །ཨུ་དུམ་ཝ་ར་ཨ་མྲ་དང་། །ནྱ་གྲོ་དྷ་དང་པ་ལ་ཤ །ཀ་ཏམ་བ་སོགས་འོ་མ་ཅན། །རྩེ་མོའི་ཆ་ལས་བྱས་པ་སྟེ། །སོར་ནི་བཅུ་གཅིག་ཚད་དུ་བྱ། །རློན་ཞིང་འདབ་མར་བཅས་པ་སྟེ། །རྙིང་དང་རྩེ་མོ་ཉམས་པ་དང་། །ཤུན་པ་མེད་ཅིང་གས་པ་དང་། །ཐུང་དང་ཤིན་ཏུ་རིང་བ་དང་། །ཕྲ་དང་སྦོམ་དང་འཁྱོག་པ་དང་། །གས་དང་ཆག་དང་འབུས་ཟོས་དང་། །རྩེ་མོའི་ཆ་ནི་གཉིས་ཡོད་ཅིང་། །སྲོག་ཆགས་ལྡན་ཞིང་བསྐམས་པ་དང་། །དགེ་བའི་ལས་རྣམས་ཐམས་ཅད་ལ། །སྤངས་ཏེ་སྡིག་པའི་ལས་ལ་ཤིས། །ཡམ་ཤིང་ཞི་བ་ལྟ་བུ་སྟེ། །དབུས་ཀྱི་ཆ་ནི་མཛེས་པ་ལ། །སྲིད་དུ་བཅག་ཁྲུ་གང་དུ་བྱ། །དྲི་སེར་ཆུ་ཡིས་གཏོར་ནས་ནི། །ཞོ་དང་འོ་མ་མར་ལ་སྦག །མངར་གསུམ་ལ་ནི་སྦག་པར་བྱ། །དབང་གི་བུད་ཤིང་སྔར་བཞིན་ལ། །ཁྱད་པར་དག འབྲས་བུ་དང་ནི་བཅས་པར་བྱ། །དང་། ཡལ་ག་ཡི་ནི་ཆ་ལས་བྱས། །སོར་ལྔ་ཡི་ནི་ཚད་དུ་བྱ། །དྲག་པོར། ཚ་ཤིང་ཁ་དང་ཚེར་མར་བཅས། །དུར་ཁྲོད་དུ་ནི་སྐྱེས་པའི་ཤིང་། །རྩ་བའི་ཆ་ལས་བྱས་པ་སྟེ། །སོར་མོ་བཅུ་གཉིས་ཡམ་ཤིང་ཚད། །རྩེ་མོ་རྣོ་ལ་རྩུབ་པ་སྟེ། །རྩེ་གཉིས་དུག་ལ་སོགས་ལ་སྦག །འུག་པའི་སྒྲོ་ལ་སོགས་པའང་རུང་། །དྲག་པོའི་ལས་ཀྱི་བུད་ཤིང་བྱ། །ཞེས་སོ། །སྲེག་རྫས་གཞན་ནི། ནས་དང་ཏིལ་དང་འོ་མ་ཞོ། །སཱ་ལུའི་འབྲས་ཆན་པྲི་ཡངྐུ། །ཀུ་ཤ་སྔོན་པོ་ཙཱུ་ཏའི་འདབ། །མེ་ཏོག་ཙན་དན་དཀར་པོ་དང་། །སྦྲང་རྩི་མར་དང་སྤོས་པོག་དང་། །དཱུར་བ་དྲི་ཞིམ་ཁུ་བ་རྣམས། །རྣལ་འབྱོར་པ་ཡིས་ཞི་བ་ལ། །ཇི་ལྟར་རྙེད་པ་བསྲེག་པར་བྱ། །ཞེས་དང་། དེ་ནས་ཟས་མཆོག་ཞོ་ཟན་དང་། །མར་དང་ཏིལ་ནི་ནག་པོ་དང་། །ཤཔྟ་པུཥྤ་མར་དང་བཅས། །སྦྲང་རྩི་དང་ནི་ས་ལཱུའི་འབྲས། །འབྲུ་རྣམས་གཞན་དང་པདྨ་དང་། །ན་ག་གེ་སར་བིལ་བའི་འབྲས། །དེ་བཞིན་དཱུར་བར་བཅས་པ་དག །རྒྱས་པའི་ལས་ལ་བསྲེག་པར་བྱ། །དབང་ལ། ཙམ་པ་ཀ་དང་ཨ་ཤྭ་ཀ །སུ་ན་ན་ག་གེ་སར་དང་། །ཤིན་ཏུ་དམར་ཞིང་སྐྱུར་བ་དང་། །མེ་ཏོག་དང་ནི་འབྲས་བུར་བཅས། །དྲག་པོ་ལ། མེ་ཏོག་དྲི་ངན་རྣམས་དང་ནི། །དེ་བཞིན་འབྲུ་ནི་ནག་པོ་ལ། །བཏུང་བ་དག་དང་གཏོར་མ་བྱ། །དེ་བཞིན་མི་རུས་ཕྱེ་མ་དང་། །དུག་ལ་སོགས་པ་དབུལ་བར་བྱ། །ཞེས་སོ། །འདིའི་མར་ཁུ་ཡུངས་ཀར་དམར་གྱིས་བྱེད། སྲེག་རྫས་ཀྱང་ཡུངས་དཀར་དམར་ཚ་བ་དང་། ཁྲག་དང་། ལན་ཚྭ་དང་། སྐེ་ཚེ་དང་། ནིམ་པའི་ལོ་མ་དང་། རོ་བསྲེགས་པའི་ཐལ་བ་དང་། དགྲའི་རྐང་པའི་རྗེས་ལས་བྱས་པའི་གཟུགས་དང་། བོང་བུ་རྔ་མོ་ལ་སོགས་པའི་སྦངས་དང་། སྐྲ་དང་ཁྱིམ་བྱའི་ཚིལ་བུ་དང་། བྱ་རོག་ལ་སོགས་པའི་གཤོག་པ་དང་། བཤང་གཅི་དང་། ཚེར་མ་དང་། རུས་ཕྱེ་དང་། གླང་པོ་ཆེའི་ཤ་ལ་སོགས་པའམ། རྫས་རེ་རེའང་དུག་དང་ལན་ཚྭ་བསྲེ་བའོ། །དྲག་པོའི་དགུག་པ་ལ་གཟུགས་མི་བྱ་ཞེས་ཨ་བྷ་ཡས་བཤད་དོ། །དིང་སང་སྲེག་རྫས་བཅུ་གཉིས་ནི་ལས་ཐམས་ཅད་པའི་དང་། ཞི་རྒྱས་དབང་གསུམ་ལ་གཙོ་བོར་ཤེས་པར་བྱའོ། །སྡོམ་འབྱུང་ལས། མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམ་འཕེལ་ལོ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་ཀར་དཀར་པོས་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པ་བཤད། །ཏིལ་གྱིས་སྡིག་པ་འཇོམས་རིགས་བྱ། །སོ་བས་ནོར་དང་འབྲུ་རྣམས་དགུགས། །མཱ་ཤས་སྟོབས་ནི་ཆེན་པོར་བྱེད། །ནས་ཀྱིས་རླུང་གི་ཤུགས་རབ་སྟེར། །དཱུར་བས་ཚེ་ནི་འཕེལ་བར་བྱེད། །གྲོ་ཡིས་ནད་རྣམས་འཇོམས་པར་བྱེད། །འོ་མ་སྦྲང་རྩིས་ཤེས་རབ་འཕེལ། །ལག་པན་གྱིས་ནི་བདེ་ཀུན་སྟེར། །མེས་ནི་འདོད་དོན་དངོས་གྲུབ་སྟེར། །རང་འདོད་ལྷས་ནི་གྲོལ་བར་སྩོལ། །ཞེས་པའོ། །མཆོད་པའི་ཁྱད་པར་ནི། མེ་ཏོག་འོ་མར་བཅས་པ་ཡི། །ཨརྒྷཾ་སྣོད་ནི་མདུན་དུ་བཞག །དྲི་ཞིམ་བདུག་པ་བདུགས་ནས་སུ། །རང་གི་སྔགས་ཀྱིས་ལན་བདུན་བཟླས། །གཡོན་དུ་ཆུ་སྣོད་བཞག་བྱས་ཏེ། །ཞི་བའི་ལས་ཀྱི་མཆོད་ཡོན་ཡིན། །ཞོ་དང་ཏིལ་དུ་བཅས་པ་དང་། །དྲི་སེར་ལ་སོགས་ལྡན་པའི་ཆུ། །རང་གི་སྔགས་ཀྱི་མངོན་བཟླས་པ། །རྒྱས་པ་ཡིས་ནི་ཨརྒྷཾ་ཡིན། །དབང་ལ་ཟངས་ཀྱི་སྣོད་སོགས་པར། །དྲི་དམར་ལ་སོགས་བཅས་པའི་ཆུ། །མེ་ཏོག་དམར་པོ་འབར་བ་སྟེ། །ཡོངས་སུ་བཀང་བས་ཆགས་པར་བྱ། །ཆུ་ནི་ནག་ཅིང་དྲི་མི་ཞིམ། །ཁྲག་དང་ལྡན་པས་བྱ་བ་འམ། །རང་སྐྱུར་དང་ནི་བ་གླང་གཅིན། །ཡང་ན་མི་ཡི་གཅི་བ་འམ། །ཡང་ན་བོང་བུའི་གཅིན་ཡང་རུང་། །ཕཊ྄་དང་སྤེལ་བའི་སྔགས་བཟླས་པས། །གཡས་ཀྱི་ཕྱོགས་སུ་བཞག་ནས་ནི། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཞེས་གཞན་གསུམ་ལ་མཆོད་རྫས་གཡོན། སྲེག་རྫས་གཡས། ཆུ་ཡི་སྣོད་ནི་གཡོན་དུ་བཞག །སྲེག་རྫས་གཡས་སུ་བཞག་པར་བྱ། །ཞེས་སོ། །མཐའ་མ་འདི་ལ་གོ་བཟློག་ཏུ་བཤད་དོ། །དགང་བླུགས་ནི། གསེར་རམ་དངུལ་ལམ་ཟངས་མའམ། །མཆོད་སྦྱིན་གྱི་ནི་ཤིང་ཡང་རུང་། །སྟེང་དུ་སོར་བཞི་དང་ལྡན་པ། །དཀྱུས་ནི་གྲུ་བཞིར་བྱ་བ་སྟེ། །ཟབས་སུ་སོར་གཉིས་བརྐོ་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་མཚན། །དེ་ཡི་སྟེང་དུ་མཆུ་སོར་བཞི། །པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །དགང་གཟར་ཆོས་ནི་སྟེར་བའི་མ། །བླུགས་གཟར་རོ་ལྡན་ཐབས་ཡིན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །རྒྱ་རུ་སོར་གཉིས་ཟབས་སོར་གཅིག །ཁ་ནི་པདྨའི་འདབ་མ་འདྲ། །དབུས་སུ་རྡོ་རྗེས་མཛེས་པ་སྟེ། །ལྷག་མ་སྔོན་བཞིན་མཚོན་པ་སྟེ། །ཞེས་གསུངས་ལ། གལ་ཏེ་མེད་ན་ལག་པའི་ཕྱག་རྒྱ་སྟེ། སོར་མོ་ལྔ་དང་ལྡན་པ་ཡིས། །དགང་བའི་སྦྱིན་སྲེག་བྱ་བར་བརྗོད། །སོར་མོ་གསུམ་དང་ལྡན་པ་ཡིས། །ཅིག་ཤོས་སྦྱིན་སྲེག་བྱ་བར་བརྗོད། །ཅེས་སོ། །དེ་འཛིན་པའི་ཚུལ། ཞི་བར་བྱང་ཆུབ་མཆོག་གིས་གཟུང་། །དབང་དང་དགུག་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་གཟུང་། །དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁུ་ཚུར་བྱ། །ཞེས་དང་། དགེ་བའི་ལས་ལ་གྲུ་མོ་ནི། །པུས་མོའི་བར་དུ་བཅུག་སྟེ་བྱ། །དྲག་པོའི་ལས་ལ་ལག་པ་གཡོན། །ཕྱི་རུ་ཕྱུང་སྟེ་བསྲེག་པར་བྱ། །དེའི་ཚེ། ཞི་བ་དང་ནི་རྒྱས་པ་དང་། །དགེ་བ་ཡི་ནི་ལས་རྣམས་ལ། །གདོང་ནི་འཛུམ་དང་བཅས་པར་བྱ། །དྲག་པོའི་ལས་ལ་ཁྲོ་གདོང་གིས། །ཡམ་ཤིང་ལ་སོགས་བསྲེག་པར་བྱ། །ཅེས་སོ། །ཇི་ལྟར་བྱ་བའི་ཆོ་ག་ནི། ལས་ཀུན་བྱེད་པ་བཟླས་པ་ཡི། །རྫས་རྣམས་ཀུན་ལ་བསང་གཏོར་ཏེ། །ཞེས་པ་བྱིན་བརླབ་སྟེ་རང་སྔགས་ལན་བདུན་བཟླས་པར་བཤད་པ་བཞིན་བྱའོ། །དེ་ནས་བཀྲ་ཤིས་བཅས་པ་ཡི། །གཡས་ནས་བསྐོར་ལ་ཀུ་ཤ་དགྲམ། །དེ་ལའང་། དེ་ནས་ལས་ཀྱི་རྗེས་མཐུན་པར། །ཐབ་ཁུང་ཕྱོགས་ཀྱི་བྱེ་བྲག་གིས། །གཞན་ཡང་ཤར་ཕྱོགས་བསྟན་ཏེ་དགྲམ། །དེ་ཡི་སྐོར་ནི་བཀྲམ་ནས་སུ། །དེ་ནས་ཐབ་ཀྱི་ནང་དུ་ནི། །སྒྲུབ་པ་པོ་ཡི་ཀུ་ཤ་སྦྱིན། །ཞེས་སོ། །གཙུབ་ཤིང་ལས་བྱུང་མེ་འམ་ནི། །ཡང་ན་ལས་ཀྱི་བྱེ་བྲག་གིས། །སྐྱེ་གཉིས་ལ་སོགས་མེ་ཡང་རུང་། ཞི་བ་ལ་བྲམ་ཟེ་དགེ་འདུན་གྱི་བསྲོ་ཁང་ནས། རྒྱས་པ་ལ་རྒྱལ་རིགས་སམ་ཕྱུག་པོའི་ཁྱིམ། དབང་སྨད་འཚོང་མའི་ཁྱིམ་ནས། དྲག་པོ་གཤན་པའི་ཁྱིམ་ནས་མེ་བླངས་སོ། །ཐབ་ཁུང་གི་ནང་དུ། མཆོད་སྦྱིན་གྱི་ནི་ཤིང་རྣམས་ལ། །བུད་ཤིང་ཐབ་ལས་དམའ་བར་བྱ། །ནགས་ཀྱི་ལྕི་སྐམ་དག་ཀྱང་རུང་། །སྲོག་ཆགས་ལྡན་པ་སྤང་བར་བྱ། །ཞེས་པ་ལྟར་བྱས་པ་ལ། རླུང་གཡབ་ཀྱིས་ནི་སྦར་ནས་སུ། །འོ་མར་ལྡན་པའི་བུད་ཤིང་སོགས། །མེ་ནི་གསལ་བར་སྦར་བར་བྱ། །མེ་ནི་འབར་བར་ཤེས་ནས་སུ། །ཚིག་ཕྱི་མས་ཐབ་དང་དམ་ཚིག་པའི་མེ་ལྷ་བསྐྱེད་པ་བསྟན་ནོ། །དེ་ནས་མེ་ལྷ་དགུག་པར་བྱ། །མེ་ཡི་ཕྱོགས་ནས་སྤྱན་དྲངས་པ། །དྲང་སྲོང་གི་ནི་འཁོར་ཀྱིས་བསྐོར། །ཡི་གེ་རཾ་ལས་ཡང་དག་བྱུང་། །ཨོཾ་ལས་བྱུང་བའི་པདྨ་ནི། །མཛེས་པ་ར་ཡི་སྟེང་དུ་གནས། །བསམ་གཏན་ལ་བཞུགས་ཡང་དག་བསམ། །མདོག་དང་ན་བཟའ་རྒྱན་ལ་སོགས། །ལས་ཀྱི་རྗེས་སུ་མཐུན་པར་བྱ། །མེ་ཡི་ཁམས་ཀྱི་རང་བཞིན་ཏེ། །འབར་བའི་འཕྲེང་བ་རྒྱ་ཆེར་བཅས། །ཞལ་གཅིག་དང་ནི་ཕྱག་བཞིར་ལྡན། །རྡོ་རྗེ་རྩེ་གསུམ་དབྱིག་པ་དང་། །བགྲང་འཕྲེང་རིལ་པ་སྤྱི་བླུགས་ནི། །གཡས་དང་གཡོན་དུ་རིམ་བཞིན་བསམ། །རྡོ་རྗེ་མེ་ནི་བྱོན་པ་དང་། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །འདིར། དམ་ཚིག་པ་མེ་རང་ལ། ཡེ་ཤེས་པ་སྤྱན་དྲངས་ཏེ་བཞུགས་པར་བཤད། ཅེས་ཀྱང་ཁ་གཅིག་གོ །དེ་ནས་ཨརྒྷཾ་སོགས་བྱིན་ཏེ། ཆོ་ག་བཞིན་དུ་མཆོད་པ་བྱ། །ལས་ཀུན་བྱེད་པའི་ཆུ་ཡིས་ནི། །བསང་གཏོར་བྱས་ལ་ཞལ་བསིལ་བྱིན། །དངོས་གྲུབ་བླང་བའི་བསམ་པ་ཡིས། །དེ་ཡི་ཁར་ནི་དགང་བླུགས་འབུལ། །མེ་ཡི་སྔགས་ནི་དེ་ཉིད་ལ། །ལས་དང་རྗེས་སུ་མཐུན་པར་སྤེལ། །ཨོཾ་ཨགྣ་ཡེ་སྭཱཧཱ་སོགས་ཀྱིས་སྲེག་བླུགས་ཀྱང་འབུལ་བ་གསུངས་ནས། དེ་འོག་བསང་གཏོར་ཞལ་བསིལ་སོགས། །མེ་ནི་ཚིམ་བྱས་འབར་བ་ཡིས། །རྣམ་པར་ཡོངས་སུ་ཐིམ་པར་འགྱུར། །དེ་ནས་མེ་དབུས་བདག་གི་ལྷ། །རྒྱན་དང་ན་བཟའ་ཁ་དོག་སོགས། །ལས་ཀྱི་རྗེས་སུ་མཐུན་པར་ནི། །བསམ་ཞིང་མེ་ཡི་མཚན་མ་བརྟག །གསེར་ལ་སོགས་པའི་ཁ་དོག་གིས། །མེ་ཡི་མདོག་ནི་ཤེས་པར་བྱ། །ཞི་ལ་ཁ་དོག་དཀར་པོ་ཤིས། །རྒྱས་པ་ལ་ནི་གསེར་ལྟ་བུ། །དབང་ལ་བྱི་རུ་བཅག་པའི་མདོག །མངོན་སྤྱོད་ལ་ནི་ནག་པོའི་མདོག །སྔོ་སོགས་མཚན་མ་ཤེས་པར་བྱ། །དབྱིབས་ནི་དཔལ་གྱི་བེའུ་དང་། །རྡོ་རྗེ་འཁོར་ལོ་ལ་སོགས་པ། །རང་གི་མཚན་མས་བརྒྱན་པ་ཤིས། །མེ་ནི་ཤིན་ཏུ་དྲི་ཞིམ་ན། །དགེ་བའི་ལས་ཀྱི་དངོས་གྲུབ་སྟེར། །མི་རོའི་དྲི་དང་ཉ་ཡི་དྲི། །དུ་བ་ཆེ་ཞིང་སྒྲ་དང་ལྡན། །མེ་སྟག་གིས་ནི་སྔགས་པ་བསྲེག །མེ་ཡི་མཚན་མ་ངན་པ་སྟེ། །མི་དགེ་བ་ཡི་མཚན་མ་ནི། །མི་དགེ་བ་ཡི་ལས་ལ་ཤིས། །དེ་ཉིད་ཤེས་པའི་ལས་རྣམས་ལ། །ཤིས་པའི་མཚན་མ་མ་ཡིན་ནོ། །དེ་ནས་བགེགས་ནི་བསྐྲད་ནས་སུ། །དེ་ནས་སླར་ཡང་སྦྱིན་སྲེག་བརྩམ། །དེ་ནས་རང་གི་སྔགས་ཀྱིས་ནི། །མེ་ལྷ་བསང་གཏོར་བྱས་ནས་སུ། །དགང་གཟར་ཆོ་ག་བཞིན་བླུགས་ནས། །དགང་བླུགས་ལན་གསུམ་སྦྱིན་པར་བྱ། །དེ་ནས་མན་འདི་མེ་པྲ་ངན་ན་ཟློག་པའི་ཕྱིར་ཡིན་གྱིས་ཐམས་ཅད་དུ་མ་ཡིན་ནོ། །ཞེས་དང་། ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་ཡི་གེ་གསུམ་གྱི་སྔགས་སྔོན་དུ་བཟླ་བ་དང་། རང་གི་སྔགས་སྤེལ་ཏེ་རིམ་པ་བཞིན་དུ་བསྲེག་པར་བྱའོ། །དེ་ལ་སྲེག་པའི་གོ་རིམ་ནི་འདི་ཡིན་ཏེ། དང་པོར་ནི་ཡམ་ཤིང་ངོ་། །དེའི་འོག་ཏུ་ནི་མར་རོ། །དེའི་འོག་ཏུ་ནི་གྲོ་དང་ཏིལ་ལ་སོགས་པའོ། །དེ་ནས་བཟའ་བ་ལ་སོགས་པའོ། །དེ་ནས་ཞོ་དང་། འོ་མ་དང་། འབྲས་བུ་ལ་སོགས་པ་དང་། བལྡག་པ་དང་། བཏུང་བ་ལ་སོགས་པའི་ཚོགས་བསྲེགས་ལ། དེ་ནས་རྣལ་འབྱོར་པས་མེ་ཏོག་དང་སོ་རྩི་ལ་སོགས་པ་འབུལ་ལོ། །རང་གི་ལྷ་མཆོད་ནས་འདོད་པའི་དོན་གྱིས་དངོས་གྲུབ་གསོལ་བར་བྱའོ། །དེ་ནས་མགོན་པོ་གཤེགས་ནས་སླར་ཡང་སློབ་མས་མེ་ལྷ་མཆོད་དེ། གཤེགས་སུ་གསོལ་བས། རྣལ་འབྱོར་པ་ལ་འདོད་པའི་འབྲས་བུ་སྟེར་བར་འགྱུར་ཏེ། ཞེས་ཕན་ཡོན་དང་བཅས་ཏེ་གསུངས་ལ། དེ་ནི་ཕྱིའི་སྦྱིན་སྲེག་གོ །སྡོམ་འབྱུང་ལས། དེ་བཞིན་ཞུ་བའི་རྫས་ཀུན་ནི། །དེ་ལྟར་མེ་ཡི་ཞལ་དུ་འབུལ། །ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་འོད་ཀྱི་དཀྱིལ་འཁོར་ལའོ། །ཞལ་ཟས་དང་འཐོར་འཐུང་ལ་སོགས་པ་ནི་ཕྱག་ཏུའོ། །མེ་ཏོག་ནི་དབུ་ལའོ། །བདུག་པ་ནི་འོད་ལའོ། །བྱུག་པ་ནི་ཐུགས་ཀར་རོ། །བསང་གཏོར་ནི་སྐུ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་མཆོད་ཡོན་ཞལ་ཟས་རྣམས། །རིམ་པ་བཞིན་དུ་མདུན་དུ་འབུལ། །ཞེས་སོ། །བཤད་རྒྱུད་གཞན་ལས་ཞི་བའི་དོན་དུ་ཆུའི་སྦྱིན་སྲེག་ཀྱང་གསུངས་སོ། །སྡོམ་འབྱུང་ལས། གལ་ཏེ་འཇིག་རྟེན་འདས་སྦྱིན་སྲེག །ཉིན་མོ་འཇིག་རྟེན་སྦྱིན་སྲེག་སྟེ། །དེ་བཞིན་མཚན་མོ། ཞེས་གསུངས་པས། དེ་ནི་ཆོ་གའི་གོ་རིམ་གཅིག་ཏུ་ཞེན་པ་དགག་པ་ལ་འཕྲལ་ཏེ་གསུངས་སོ། །འཇིག་རྟེན་འདས། རྣལ་འབྱོར་མ་རྣམས་འདུས། །བཟའ་དང་བཏུང་བའི་ཁྱད་པར་དང་། །ཅ་ཅོ་སྒྲ་ཡི་སྤྲོ་བ་ཆེ། །གླུ་དང་གར་གྱི་དགའ་བདེ་བ། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དེར་ནི་ཙཱ་རུའི་སྦྱིན་སྲེག་བྱ། །མངོན་འདོད་བྱ་བར་གསོལ་བཏབ་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདིར་ནི་སྟོན་མོ་ཉིད་སྦྱིན་སྲེག་ཏུ་བཤད་དོ། །དེ་ཡང་ནང་དང་དེ་ཁོ་ན་ཉིད་ཀྱིས་ཚོགས་དང་། སྦྱིན་སྲེག་དོན་གཅིག་ལ་འདུ་བས་སོ། །རྡོ་རྗེ་འཕྲེང་བར། འདི་ཐམས་ཅད་ལྷག་ཆད་མེད་པར་སེམས་ཁོ་ནས་བྱ་སྟེ། ངེས་པར་མངོན་པར་འདོད་པར་འགྲུབ་པར་འགྱུར་རོ། །འདི་ནི་ཡིད་ཀྱི་ཁྱད་པར་གྱི་སྦྱིན་སྲེག་གི་ཁྱད་པར་གཅིག་གོ །བྱེ་བྲག་གཞན་ནི་ཇི་ལྟ་བ་ཉིད་ཀྱིས་རང་གི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་གྱི་གཙོ་བོའི་ལས་དང་རྗེས་སུ་མཐུན་པའི་གདན་ལ་སོགས་པ་དང་ལྡན་པས་ཇི་སྐད་བཤད་པའི་མེ་ལྷ་གནས་པའི་ངོ་བོ་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བྱས་ལ། རང་གི་ལོགས་སུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་སྦྲང་དང་མར་གྱིས་གང་བའི་སྣོད་བཞག་ནས། རིན་པོ་ཆེ་སྣ་བདུན་གྱི་དགང་གཟར་གྱི་སྲེག་བླུགས་ཕུལ་བ་ཡིད་ཀྱིས་སྦྱིན་སྲེག་བྱས་ལ། ཡང་དེ་བཞིན་དུ་རང་གི་འདོད་པའི་ལྷའི་འཁོར་ལོ་ཡང་དགུག་པ་ལ་སོགས་པའི་ཆོ་ག་ཡིད་ཁོ་ནས་རྗེས་སུ་མཐུན་པའི་སྦྱིན་སྲེག་ཚིམ་པར་བྱའོ། །སྦྱིན་སྲེག་གི་ཆོ་ག་འདི་ནི་བླ་ན་མེད་པའི་ཡང་མངོན་པར་འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཕྱི་རོལ་གྱི་ཆོ་ག་ཡང་དོན་དེ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་ཉིད་དང་རིག་སྔགས་འཆང་བ་ལ་སོགས་པའི་དངོས་གྲུབ་ཀྱང་ཡིད་སྣ་ཚོགས་ལ་སོ་སོར་སྣང་བ་སྒྱུ་མ་ལྟ་བུ་རྣམ་པར་དག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཞེས་གཉིས་གསུངས། འདིའི་ཡིད་ཀྱི་ནི་སྒོམ་པ་ཁོ་ན་ཏེ་ཐབ་ལ་སོགས་པ་ཕྱི་རོལ་ཏུ་བྱས་པ་ལ་མ་ལྟོས་པའོ། །ཡང་བཟའ་བའི་དུས་ནི་རང་གི་ཟས་ཐམས་ཅད་མཉམ་པ་ཉིད་ཀྱིས་རྣམ་པར་དག་པས་བདུད་རྩིར་བྱས་ནས་ལྟེ་བའི་ཐབ་ཁུང་གི་མེས་འཁྱུད་པའི་སྙིང་གར་སོན་པའི་རང་གི་ལྷག་པའི་ལྷའི་འཁོར་ལོ་ལ་ལག་པའི་དགང་གཟར་ལ་སོགས་པས་ཆོ་ག་བཞིན་དུ་ཚིམ་པར་བྱའོ། །ཞེས་པ་ཕྱི་རོལ་གྱི་རྫས་ཀྱི་ནང་གི་སྦྱིན་སྲེག་གོ །ཕྱི་རོལ་གྱི་རྫས་ལ་མ་ལྟོས་པར་ནང་གི་སྦྱིན་སྲེག་མཆོག་ཏུ་དགའ་བ་ཕུན་སུམ་ཚོགས་པའི་རྒྱུ་ནི་དཔལ་ཁ་སྦྱོར་གྱི་རྒྱུད་ཀྱི་འགྲེལ་པར་ཁོ་བོས་གསལ་བར་བྱས་པས་དེར་ཤེས་པར་བྱའོ། །ཁམས་གསུམ་པོ་ཐམས་ཅད་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་འཁོར་ལོའི་རྣམ་པའི་ཡེ་ཤེས་ཀྱི་མེ་ལ་གདམས་པ་ཇི་ལྟ་བས་ཕུང་པོ་ལ་སོགས་པའི་བུད་ཤིང་སྲེག་པ་ནི་བླ་ན་མེད་པའི་སྦྱིན་སྲེག་གོ །ཞེས་བཤད་པས་སྦྱིན་སྲེག་ཀྱང་སྤྲོས་པ་དང་བཅས་པ་ཅིག་གར་འཛིན་པ་བཟློག་གོ །བྱ་བ་རྣམ་དཔྱོད་མེད་པར་བྱ། །ཞེས་ནི་དེ་ལྟ་བུའི་སྦྱིན་སྲེག་གཏོར་མའི་ལས་ལ་འགྲུབ་བམ་མི་འགྲུབ་སོམ་ཉི་མེད་པར་སྤྱད་ན། མ་ལུས་ལུས་པ་མེད་འགྲུབ་ཅིང་། སྔགས་ཀྱི་དངོས་གྲུབ་ཅི་བཤད་པ་ཐམས་ཅད་འགྲུབ་ཅིང་། རྒྱལ་རིགས་ཐམས་ཅད་རབ་འགྲུབ་འགྱུར། །གནས་སྐབས་དང་མཐར་ཐུག་གི་འཁོར་ལོས་སྒྱུར་བ་ཐོབ་པར་འགྱུར་རོ། །དུང་དང་སོགས་ཀྱིས་མཆོད་སྦྱིན་གྱི་སྣོད། །བརྡ་ནི་ལྔ་པོ་བསྟན་པ་སོགས་ཀྱིས་ལག་པའི་མཆོད་པ་བསྟན་ཏེ། དེ་ཡང་གཡོན་ཤེས་རབ་སྟོང་པ་ཉིད་ཡིན་པས་དེ་ལ་འགོད་པར་བཤད་དེ། མཐེ་བོང་ལ་རྡོ་རྗེ་སེམས་དཔའ་སོགས་དང་ལག་མཐིལ་དུ་ཕག་མོ་སོགས་དྲུག་བཀོད་དེ། རྣམ་པ་དེ་ལྟའི་ཆོ་ག་ཡིས། སྤྱན་དྲངས་བསྟིམ། མཆོད་བསྟོད་བྱས་ཏེ། དབུས་སུ་དཔའ་བོ་ཀུན་གྱི་གནས་ཏེ། ལྷན་ཅིག་འདུས་སྙོམས་པར་ཞུགས་ཏེ་ལག་པའི་རྒྱབ་ངོས་སུ་ཡང་མེ་ལོང་གི་ནང་དུ་གཟུགས་སྣང་བ་ལྟ་བུར་ཤེས་པར་བྱ་ཞེས་ལེའུ་སུམ་ཅུ་རྩ་གཅིག་པས་བཤད་དོ། །ཉི་ཤུ་རྩ་གསུམ་པ་སྔགས་དང་གཟུགས་བརྙན་དང་བསམ་གཏན་གྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །བཟའ་དང་སྟོན་མོ་འདུས་པ་སྟེ། །ཞེས་ནས། རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །ཞེས་པའི་བར་གྱིས་སྔགས་ཀྱི་དངོས་གྲུབ། བ་གླང་གནས་དང་སོགས་ཀྱིས་གཟུགས་ཅན་གྱི་དཀྱིལ་འཁོར། སྐུ་ནི་དཀར་པོའི་ཁྲོ་བོ་ཆེ། །སོགས་ཀྱིས་ཏིང་ངེ་འཛིན་གྱི་ཁ་སྐོང་བཤད་པས་སོ། །ཉི་ཤུ་རྩ་བཞི་པ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་བསྒོམ་པའི་དེ་ཁོ་ན་ཉིད་ཀྱིས་གནས་པ་ནི། དེ་ནས་སྒྲུབ་པོའི་མཆོག་ཀུན་ནི། །སོགས་ལེའུ་སུམ་ཅུ་རྩ་གསུམ་པས་ཕྱག་རྒྱ་ཆེན་པོས་རྫོགས་རིམ་བསྟན་ཅིང་། དེ་ལས་སྔགས་ཀྱི་དངོས་གྲུབ་ཞར་གྱིས་ཐོབ་པ་བསྟན་ནོ། །ཉི་ཤུ་རྩ་ལྔ་པ་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་མཁའ་འགྲོ་མ་དྲ་བའི། །སོགས་ལེའུ་སུམ་ཅུ་རྩ་བཞི་པས་སྟེང་སྒོ་གཏུམ་མོ། ཉི་ཤུ་རྩ་དྲུག་པ་ཞལ་བཞི་པ་སོགས་སྔགས་ཀྱི་རྐང་པ་དང་ལྷན་ཅིག་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་མིང་ནང་དུ་སོན་པ་མཐར་ཐུག་རྡོ་རྗེ་ལ་སོགས་པའི་སྔགས་བཟླས་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་ལས་ཀྱི་རབ་མཆོག་ནི། །སོགས་སུམ་ཅུ་རྩ་ལྔ་པས་འོག་སྒོ་བདེ་བ་ཆེན་པོའི་ལམ། དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། །སོགས་སུམ་ཅུ་རྩ་དྲུག་པས་སྒྱུ་ལུས་དང་རྨི་ལམ། དེ་ནས་གཞན་ཡང་བཤད་བྱ་བ། །གཟུགས་ནི་གནོན་པོའི་ཆོ་ག་སྟེ། །སོགས་ལེའུ་སུམ་ཅུ་རྩ་བདུན་པས་དངོས་གྲུབ་ཆེན་པོའི་ཉེ་རྒྱུའི་སྤྱོད་པ། དེ་ནས་བརྡ་ཡི་མཁའ་འགྲོ་མའི། །སོགས་སུམ་ཅུ་རྩ་བརྒྱད་པས་བྱིན་རླབས་ཀྱི་རྒྱས་བཤད། དེ་ནས་བསྒྲུབ་པའི་རྣལ་འབྱོར་ཆེ། །སོགས་ལེའུ་སུམ་ཅུ་རྩ་དགུ་པས་བར་དོའི་རྒྱས་བཤད། ད་ནི་རབ་ཏུ་བཤད་བྱ་བ། །སོགས་ལེའུ་བཞི་བཅུ་པས། སྔགས་ཀྱི་དངོས་གྲུབ་ཀྱི་ཉེ་རྒྱུའི་སྤྱོད་པ་བཤད་དེ། དེ་ནས་དཔའ་བོ་མེ་ཏོག་ཆུ། །སོགས་ཀྱིས་ངེས་དོན་ལེའུ་ཞི་བཅུ་ཞེ་གཉིས་པས་བུམ་དབང་གི་རྒྱས་བཤད། དེ་ནས་སྤྱན་རས་གཟིགས་བཤད་དེ། །ནས། སྐར་མའི་རྒྱུ་བ་ཤེས་པར་འགྱུར། །ཞེས་པའི་བར་ངེས་དོན་གསང་དབང་གི་རྒྱས་བཤད། དེ་ནས་ཡི་གེ་ཧ་ལྔ་ནི། །སོགས་ངེས་དོན་དུ་བཤད་པས་དབང་གསུམ་པའི་རྒྱས་བཤད་དོ། །ཉི་ཤུ་རྩ་བདུན་པ་གནས་ལ་སོགས་པ་ས་བཅུ་དང་གནས་ཉི་ཤུ་རྩ་བཞི་ངེས་པར་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ལྔ་བཅུ་པར། དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་མ་ཡི་ས་དང་གནས། །ནས། རྣལ་འབྱོར་མ་ཡི་བརྡ་ཡིས་བསྙད། །ཅེས་པའི་བར་གྱིས་སོ། །ཉི་ཤུ་རྩ་བརྒྱད་པ་སྤྱི་བོ་ལ་སོགས་པར་འགོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ཉིད་དུ། མཐོ་རིས་ས་སྟེང་ས་འོག་ཏུ། །ཅེས་ནས་རྫོགས་པའི་བར་གྱིས་སོ། །ཉི་ཤུ་རྩ་དགུ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པས་ངོ་བོ་ཉིད་ཀྱིས་གནས་པ་ནི། ལེའུ་བཞི་བཅུ་རྩ་གཅིག་པར། ཐམས་ཅད་བླ་མའི་གནས་ལ་སོགས། །ནས། ས་སྟེང་ན་ནི་རྫོགས་འགྱུར་བའོ། །ཞེས་པའི་བར་དང་། བཞི་བཅུ་རྩ་བརྒྱད་པར། རྣལ་འབྱོར་མ་ནི་མཁའ་འགྲོ་ཉིད། །སོགས་དང་། ཉི་ཤུ་རྩ་དྲུག་པར། ཀཱ་ཁྭའི་གདོང་སོགས་བརྒྱད་པོ་ནི། །ཞེས་པས་བསྟན་པའོ། །སུམ་ཅུ་པ་ཐོད་པའི་དུམ་བུ་ལ་སོགས་པ་ཉི་ཤུ་རྩ་བཞི་ཁམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དཔའ་བོ་རྣམས་ཀྱི་དཔའ་མོ་ཉིད། །ཅེས་པ་ནས། འགྲོ་བ་འདི་དག་ཐམས་ཅད་ཁྱབ། །ཅེས་པའི་བར་གྱིས་སོ། །སོ་གཅིག་པ་ལྷ་མོ་རྣམས་ལ་སྤྱོད་པ་དང་མཁའ་ལ་སྤྱོད་པ་གཟུགས་ཡོངས་སུ་བསྒྱུར་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཇི་བཞིན་ཆོ་གས་ཕྱུགས་བསྒྲུབ་བྱ། །ཞེས་ལེའུ་བཞི་བཅུ་རྩ་དགུ་པས་བཤད་དོ། །འགྲེལ་པར། འདིར་རྡོ་རྗེ་ཕག་མོ་རིགས་ལྡན་མ་སྟེ་ཐམས་ཅད་གཟུགས་ཡོངས་སུ་སྒྱུར་བ་མའོ། །རྡོ་རྗེ་མཁའ་འགྲོ་ནི་ཁྱི་མོའོ། །ལཱ་མ་ནི་རྒོད་མའོ། །ཞེས་ནས། ཐང་ལ་སྤྱོད་པ་དང་། ཆུ་ལ་སྤྱོད་པ་དང་། ནམ་མཁའ་ལ་སྤྱོད་པ་འདི་རྣམས་ཕན་ཚུན་བསད་པ་ཁ་ན་མ་ཐོ་བ་དང་བྲལ་བ་ཇི་ལྟར་རྙེད་པ་བདུད་རྩི་ལྔ་དང་བཅས་པ་རྣམས་འཆད་པར་འགྱུར་བའི་རིམ་པས་རིལ་བུར་བཅས་པ་ཞེས། མཆོད་དུས་སུ་དེ་དག་གི་ཤ་བསྟེན་པ་དང་། དེ་དག་སྐྱེ་བ་བདུན་པ་སོགས་རིལ་བུའི་དངོས་གྲུབ་ཀྱི་རྫས་དང་། དམ་ཚིག་གི་རིལ་བུའི་རྫས་སུ་ཡང་གསུངས་པས་དེའི་རྒྱས་བཤད་དོ། །སོ་གཉིས་པ་རིགས་སུམ་ཅུ་རྩ་བདུན་གྱི་རྩའི་འཁོར་ལོ་ཀུན་ཏུ་སྤྱོད་པ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། ལེའུ་བཞི་བཅུ་རྩ་གཅིག་པའི། མཁའ་འགྲོ་ཉི་ཤུ་རྩ་བཞི་འདི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །ནས། གཡོན་པའི་མཆོད་པ་ལ་རབ་འཇུག །ཅེས་པས་བཤད་པ་དེ་ཡང་། འགྲེལ་པར། ནང་གི་རིགས་ལྡན་མ་ལ་སོགས་པ་རྣམས་ཀྱི་ལོངས་སྤྱོད་པ་དང་། ཐིམ་པ་དང་། དབང་བྱེད་པ་དང་། བདག་པོ་ཉིད་རྣམས་བརྗོད་པར་བྱ་སྟེ་ནས། དེ་ལྟར་ཐམས་ཅད་དུ་རྣལ་འབྱོར་པས་རྒྱུད་རྣམས་སུ་རྣལ་འབྱོར་མའི་ཚད་དང་། དུས་ཀྱི་ཁྱད་པར་གྱིས་ཀུན་ཏུ་སྤྱོད་པ་སྟེ། སྒྱུ་མ་ཆེན་མོ་ལ་རྣལ་འབྱོར་མ་བཞི་རྣམས་ཀྱིས་ཐུན་མཚམས་བཞིའི་དབྱེ་བས་ཀུན་ཏུ་སྤྱོད་དོ། །གང་ན་རྣལ་འབྱོར་མ་བརྒྱད་ཡོད་པ་དེས་ཐུན་བརྒྱད་ཀྱི་དབྱེ་བས་སོ། །གང་ན་བཅུ་དྲུག་ཡོད་པ་དེར་ཐུན་ཕྱེད་པའི་དབྱེ་བས་སོ། །གང་ན་སུམ་ཅུ་རྩ་གཉིས་ཡོད་པ་དེར་ཆུ་ཚོད་ཀྱི་དབྱེ་བས་སོ། །གང་ན་དྲུག་ཅུ་རྩ་བཞི་ཡོད་པ་དེར་དབྱུག་དགུའི་དབྱེ་བས་སོ། །གང་ན་བཅོ་ལྔ་ཡོད་པ་དེར་ཚེས་བཅོ་ལྔ་དབྱེ་བས་སོ། །གང་ན་བཅུ་གཉིས་ཡོད་པ་དེར་དུས་སྦྱོར་གྱི་དབྱེ་བས་སོ། །གང་ན་ཉི་ཤུ་རྩ་བཞི་ཡོད་པ་དེར་དུས་སྦྱོར་ཕྱེད་པའི་དབྱེ་བས་སོ། །གང་ན་དྲུག་ཡོད་པ་དེར་དུས་དྲུག་གི་དབྱེ་བས་སོ། །གང་ན་གསུམ་ཡོད་པ་དེར་དུས་གསུམ་གྱིས་དབྱེ་བས་སོ། །གང་ན་གཉིས་ཡོད་པ་དེར་བགྲོད་པའི་དབྱེ་བས་སོ། །གང་ན་གཅིག་ཡོད་པ་དེར་ཀུན་ཏུ་སྤྱོད་པ་མེད་དོ། །འདིར་ཐམས་ཅད་ཀྱི་དབྱེ་བས་སྲོག་ཀུན་ཏུ་རྒྱུའོ། སྲོག་ཀུན་ཏུ་རྒྱུ་བས་སྣ་ཚོགས་པའི་དབྱེ་བས་དུས་ཀྱི་ཁྱད་པར་རོ། །དུས་ཀྱི་ཁྱད་པར་དེས་རྣལ་འབྱོར་མའི་རྒྱུད་རྣམས་སུ་ཕོ་ཉ་མོའི་ཀུན་ཏུ་སྤྱོད་པའོ། །ཀུན་ཏུ་སྤྱོད་པའི་དབང་གིས་ལོངས་སྤྱོད་པ་དང་། ཐིམ་པ་དང་། དབང་བྱེད་པ་དང་། བདག་པོ་ཉིད་དོ། །ཞེས་པ་ཐམས་ཅད་དུ་རྟོགས་པར་བྱའོ་ཞེས་གསུངས་པ་ཉིད་དོ། །འདི་ལས་ཕྱི་འཁོར་ལོ་སྡོམ་པའི་རྣམ་གཞག་རྟོགས་པར་བྱ་སྟེ། རྒྱས་པར་རྡོ་རྗེ་མཁའ་འགྲོ་ལས། སྒང་གཤོང་འཁོར་ལོ་ཁྱོད་བཤད་ལ། །ཞེས་སོགས་ཀྱིས་སོ། །དེ་ལྟར་གནས་པས་སོ་གཉིས་སུ་སྡུད་པ་ནང་རྩ་ལ་སོགས་པའི་དག་པའོ། །གསུམ་པ་ལྔ་བཅུ་རྩ་གཅིག་པས་དོན་བསྡུ་བ་ལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྤྲུལ་པ་དང་། ལོངས་སྤྱོད་པ་དང་། ཆོས་དང་། དག་པའི་སྐུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ་གསུམ་ལས། དང་པོ་ནི། བྱ་བ་སྤྱོད་པ་མདོ་སྡེ་རྣམས། །ཚིགས་སུ་བཅད་པ་གཅིག་གིས་སོ། །གཉིས་པ་ནི། དཔའ་བོ་ཀུན་དང་རྣལ་འབྱོར་མས། །ཞེས་ཚིག་གསུམ་གྱིས་ཆོས་སྐུ། འབྱིན་དང་སྡུད་པར་མཛད་པ་ཡིན། །ནས། བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །གྱི་བར་དེས་ལོངས་སྐུ། སངས་རྒྱས་རྣམས་ནི་བྱུང་གྱུར་ཏམ། །ནས། འཇིག་རྟེན་པ་ཀུན་ཡོངས་མི་སྨད། །ཀྱིས། དག་པ་ངོ་བོ་ཉིད་ཀྱི་སྐུ། །དེ་ཡི་བགྲོད་པ་བསམ་ཡས་ཞིང་། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །ཀྱིས་སྤྲུལ་སྐུ་སྟེ། ཆོས་སྟོན་པ་རྣམ་པར་དག་པའོ། །གསུམ་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་སོགས་དེ་ཉིད་བཅུ་བཞི་དང་སྒོང་སྐྱེས་ཀྱི་སྒོམ་རིམ་བསྟན་པས་སོ། །གནས་པ་གསུམ་གྱིས་དོན་བསྡུ་བ་ནི་དེ་ཐམས་ཅད་རིགས་གསུམ་དུ་བསྡུ་བ་ལ་དགོངས་སོ། །དེ་ལྟར་གནས་པ་བཞི་བཅུ་རྩ་བདུན་གྱི་རྒྱུད་འཆད་པ་ནི་དཔལ་ཕྱག་ན་རྡོ་རྗེའི་ལུགས་གྲུབ་པའི་སློབ་དཔོན་རྣམས་ཀྱིས་མན་ངག་གིས་བརྒྱན་པ་ཡིན་ནོ། །དེ་ཡང་རྒྱས་བཤད་ཆུང་ངུ་ཡིན་ལ། རྒྱས་པར་བཤད་པ་འབྲིང་ནི། དེ་ཐམས་ཅད་བཤད་པའི་རྒྱུད་ལ་བརྟེན་ནས་དོན་མང་པོར་འབྲེལ་བ་སྟེ་ཚུལ་ཇི་ལྟར་ཞེ་ན། རྩ་རྒྱུད་འདིར། ཕྱག་བཞི་པ་དང་ཞལ་བཞི་པ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་བསྐྱེད་རིམ་ཕྱོགས་མཚོན་ཙམ་གསུངས་པ་ལ། ངེས་བརྗོད་བླ་མའམ་མངོན་བརྗོད་བླ་མ་ནས་དངོས་སུ་དཀྱིལ་འཁོར་སུམ་ཅུ་སོ་བརྒྱད། དེ་ལ་གཙོ་བོ་འཕོ་བ་དང་ཡབ་སྦས་པ། ཡུམ་སྦས་པ། རིགས་བསྡུས་པ་སོགས་གྱི་དབྱེ་བས་ཕྱེ་ན་དཀྱིལ་འཁོར་དྲུག་བརྒྱ་དང་བརྒྱད་ཅུ་རྩ་གཅིག་གིས་བསྐྱེད་རིམ་མི་གསལ་བ་གསལ་བར་བྱས་ཤིང་། སྤྱིར་ལེའུ་རེ་དགུས་རྒྱུད་ཀྱི་དོན་ཕལ་ཆེར་གཏན་ལ་ཕབ། གཞུང་ཚད་སྟོང་ཕྲག་བརྒྱད་ཡོད་དོ། །རྩ་རྒྱུད་དུ། ལས་ཆེན་བཅུ་གཉིས་འདི་དག་ནི། །རྟག་ཏུ་སྒྲུབ་པ་པོ་ཡིས་བསྒྲུབ། །ཅེས་ལས་ཚོགས་ཀྱི་རྐང་གྲངས་ཙམ་ལས་གསལ་བར་མ་གསུངས་པ་ལ། རྡོ་རྗེ་མཁའ་འགྲོས། རྫས་དང་སྔགས་དང་ཏིང་ངེ་འཛིན་དང་འཁྲུལ་འཁོར་གྱི་སྒོ་ནས་ལས་ཚོགས་རྒྱས་པར་བསྟན་པས་མ་ཚང་བ་ཁ་སྐོང་ངོ་། །འདི་ལ་ལེའུ་ལྔ་བཅུ། དཀྱིལ་འཁོར་དྲུག གཞུང་ཚད་སྟོང་ཕྲག་བརྒྱད་ཡོད་པར་བཤད། མཁའ་འགྲོ་རྒྱ་མཚོས་རྩ་བའི་ལྷ་སོ་བདུན་ནམ་དྲུག་ཅུ་རེ་གཉིས་ལ་ཕལ་ཆེར་ལ་རེ་རེས་གཙོ་བོ་བྱས་པའི་དཀྱིལ་འཁོར་དང་། ཡང་སྐུ་མདོག་ཕྱག་མཚན་སྔགས་ལ་སོགས་པ་ཚུལ་མི་འདྲ་བ་རེ། དཔེར་ན་ལེའུ་བཅུ་པར་ཕག་མོ་ཞལ་སུམ་ཅུ་སོ་བདུན། ཕྱག་བདུན་ཅུ་དོན་གཉིས། ཞབས་བཅོ་བརྒྱད་པའི་ཆོ་ག་བསྟན་པ་དང་། ལེའུ་བཅོ་ལྔ་པར་ཧེ་རུ་ཀ་ཞལ་བཅུ་བདུན་ཕྱག་བདུན་ཅུ་རྩ་དྲུག་པས་གཙོ་བོ་བྱས་པའི་དཀྱིལ་འཁོར་རྩ་བའི་ལྷ་ལྔ་བརྒྱ་བཞི། མགྲོན་ཐབས་བསྐལ་བཟང་སྟོང་དང་བཅས་པའི་དཀྱིལ་འཁོར་སྒོ་བཞི་སྦྲག་སྟོན་པ་ལྟ་བུ་སྟེ། དེའི་ལེའུ་ཞེ་དགུ་ཡན་ཆད་རྡོ་རྗེ་འཆང་གི་གསུངས་ནས། ལེའུ་ལྔ་བཅུ་པ་ཕག་མོས་གསུངས་པ་ལ། དཔའ་བོ་ཉེར་ལྔ་རེ་རེས་གཙོ་བོ་བྱས་པའི་དཀྱིལ་འཁོར་སྟོན་པའི་རབ་བྱེད་ཉི་ཤུ་རྩ་ལྔ། དེའི་བཞི་པར་མཁའ་འགྲོ་ཞལ་བཅུ་བདུན། ཕྱག་སྟོང་ཞབས་བཅོ་བརྒྱད་པའི་དཀྱིལ་འཁོར་སྟོན་པ་དེ་ལྟ་བུ་སྟེ། དེ་ལྟར་ཚུལ་མི་འདྲ་བར་ཕྱོགས་གཅིག་ལ་ཞེན་པ་སྤོང་བའི་ཚུལ་བཤད་ཅིང་། དེ་ལྟར་རྒྱུད་ལེའུ་ང་གཅིག་དཀྱིལ་འཁོར་བརྒྱ་དང་བཅུ་བཞི་གཙོ་བོ་འཕོ་བའི་གསེབ་ཏུ་རྒྱུ་སྐར་བསྣན་པ་ལྟར་ན་བརྒྱ་བཞི་ཅུ་རྩ་གཉིས། སྤྱི་རྒྱུད་ཐམས་ཅད་ཀྱི་ལས་ཚོགས། ཁྱད་པར་བདེ་མཆོག་གི་ལས་ཚོགས་རྒྱས་པར་བཤད་དེ། ཇི་སྐད་དུ། རྒྱུད་ཐམས་ཅད་ཀྱི་ལས་ཚོགས་ཀྱི་སྒྲུབ་པའི་ཐབས་མི་འཚལ་ཏེ། ཞེས་ཞུས་པས། རྡོ་རྗེ་མཁའ་འགྲོ་སྡོམ་པ་དང་། །གཞན་ཡང་རྣལ་འབྱོར་རྒྱུད་རྣམས་ནི། །འདུས་པ་ལ་སོགས་དོན་ཆེན་པོ། །དེ་རྣམས་ཀྱི་ནི་རྒྱུད་འདི་ཡི། །སྣ་ཚོགས་ཇི་བཞིན་མངོན་བརྗོད་པ། །དེ་ཐམས་ཅད་ཀྱི་ལས་ཀྱི་ཚོགས། །ལྡན་པར་རབ་ཏུ་གསལ་བར་བྱ། །ཅེས་སྤྱི་རྒྱུད་མང་པོའི་ལས་ཚོགས་གསལ་བྱེད་དང་། མཁའ་འགྲོ་དང་ནི་སྡོམ་རྒྱུད་དང་། །ངེས་པར་བརྗོད་པ་ཕྱི་མ་དང་། །ཀུན་སྤྱོད་འབྱུང་བའི་རྒྱུད་རྣམས་སུ། །དངོས་པོའི་ལས་ནི་རབ་ཏུ་བསྟན། །དེ་ཡི་རྒྱུད་ནི་ཆེན་པོ་འདི། །ཐུབ་པ་སྐྱེས་བུའི་མཆོག་གིས་བསྟན། །དུམ་བུ་དུམ་བུར་ཡོངས་གནས་པའི། །ལས་ཆེན་པོ་ནི་དེས་དྲན་བྱ། །ཞེས་ཁྱད་པར་བདེ་མཆོག་གི་རྒྱུད་ཐམས་ཅད་ཀྱི་ལས་ཚོགས་གསལ་བྱེད་དུ་བཤད་པའི་ཕྱིར་རོ། །རྩ་རྒྱུད་དུ། དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་པའི་དེ་ཉིད་བཅུ་བཞིར་ཉམས་ལེན་བསྡུས་ནས་སྟོན་པ་ཀུན་ཏུ་སྤྱོད་པའི་རྒྱུད་འདིའི་དོན་བསྡུས་པ་སྟེ། འདི་ལ་མར་དོ་ཀུན་སྤྱོད་ཀྱི་རྒྱུད་ལ་ཤླཽ་ཀ་འབུམ་ཕྲག་གཅིག རྟོག་པ་དྲུག་བཅུ་རྩ་བཞི་ཞུགས་པ་ལ་རྟོག་པ་རེ་རེའང་ལེའུ་བཅུ་བདུན་ཡོད་པའི་ཉེར་བཞི་པ་རིག་པ་འཛིན་པའི་རྟོག་པའི་རྗེས་སུ། ཉེར་ལྔ་པ་འཁོར་ལོ་འབྱུང་བ་ཞེས་བྱ་བའི་རྟོག་པ་འདི་ཡིན་ཞེས་གསུང་ངོ་། །འདི་ལ་དཀྱིལ་འཁོར་གཅིག སམ་བུ་ཊའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར། རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་སོགས་རིགས་མཐུན་པས་ངེས་ཤེས་སྐྱེད་པར་བྱེད་དོ། །ཚིག་རྣམ་པར་འབྱེད་པ་ནི། སམ་བུ་ཊའི་དྲུག་གིས་དང་པོས། གླེང་གཞིའི་ཡི་གེ་རེའི་དོན་ནང་ལུས་ཀྱི་ཁམས་ལ་སྦས་དོན་དུ་བཤད་ཅིང་། མཁའ་འགྲོ་རྒྱ་མཚོས་ཀྱང་དེ་དང་མཐུན་ལ། རྡོ་རྗེ་མཁའ་འགྲོའི་ལེའུ་ཞེ་གཉིས་པས་གླེང་གཞིའི་ཚིག་ཡི་གེ་རེ་རེའི་སྦྱོར་བས་སྦས་དོན་དུ་བཅུད་ལེན་གྱི་སྦྱོར་བ་བཤད། ཡང་ལེའུ་དེ་ཉིད་ཀྱིས་གླེང་གཞི་ལ་སོགས་པའི་ཚིག་རྣམས་སྦས་པ་དང་མཐར་ཐུག་ཏུ་རྒྱས་པར་གཏན་ལ་ཕབ། སམ་བུ་ཊའི་དྲུག་པ་དངོས་ཀྱིས་གླེང་གཞི་སྦས་དོན་དང་མཐར་ཐུག་ཏུ་བཤད། སམ་བུ་ཊའི་རྒྱུད་ཕྱི་མས་གླེང་གཞི་ཡི་གེའི་དོན་དང་མཐར་ཐུག་གི་དོན་དུ་བཤད། ཀུན་ཏུ་ཁ་སྦྱོར་འདི་ལ་ཨིནྡྲ་བྷུ་ཏིའི་འགྲེལ་པར། རྟོག་པ་བཅུ་གཅིག་རབ་བྱེད་སུམ་ཅུའི་རང་བཞིན་དུ་གནས་པར་བཤད། གཞུང་ཚད་ཉིས་སྟོང་བརྒྱ་དོན་ལྔ། རྒྱུད་ཕྱི་མ་ལ་དྲུག་བརྒྱ་ཉི་ཤུ་རྩ་བརྒྱད་རྐང་པ་གཉིས་བོད་འགས་འདི་ལ་རྒྱས་པ་འབུམ་ཕྲག་སོ་དྲུག་བཤད་པའང་བདེ་མཆོག་ཆེན་པོ་དང་འཁྲུལ་ལོ། །འདི་ལ་དངོས་སུ་གསལ་བར་གསུངས་པའི་དཀྱིལ་འཁོར་དགུ་རིགས་པའི་རྒྱལ་པོ་དང་རབ་ཏུ་དང་བའི་སྒྲོན་མ་དང་། རྡོ་རྗེ་མཁའ་འགྲོ་དང་། དཔལ་མཆོག་དང་། ཆར་འབེབས་ཀྱི་ཀྱཻ་རྡོ་རྗེ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་བདེ་མཆོག་གོ་ཆའི་ལྷ་བཅུའི་དཀྱིལ་འཁོར། ཨིནྡྲ་བྷུ་ཏིས་སྒྲོལ་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་བསྣན་ནས་བཅུ་དྲུག་གསུངས། གཙོ་བོ་འཕོ་བ་ལའང་རིགས་ལྔ་ལས་གཞན་པ་ལ་ཡང་གཙོ་བོ་འཕོ་བའི་ཚུལ། མན་ངག་སྙེ་མར་དཀྱིལ་འཁོར་སོ་སོའི་ལྷ་གྲངས་དང་མཉམ་པའི་དཀྱིལ་འཁོར་དུ་འགྱུར་བ་ཤིན་ཏུ་མང་ངོ་། །མཁའ་འགྲོ་རྒྱ་མཚོའི་ལེའུ་དང་པོ་གླེང་གཞི་སྤྱི་དང་སྦས་པ་དང་མཐར་ཐུག་བཤད་པ་སོགས་རྩ་བའི་རྒྱུད་ཀྱི་གླེང་བཞི་ཡི་གེ་རེ་རེ་དང་ཚིག་རེ་རེ་ནས་བསྟན་ལ་ཕབ་པ་རྣམས་སོ། །དོན་རྣམ་པར་འབྱེད་པ་ནི། བསྐྱེད་རིམ་གྱི་དོན་སྐྱེ་གནས་བཞི་སྦྱོང་བའི་སྒོ་ནས་བསྐྱེད་ཆོག་མི་འདྲ་བ་མངོན་བརྗོད་བླ་མས་གཏན་ལ་ཕབ་ཅིང་། རྫོགས་རིམ་དམ་ཚིག་གི་ཕྱག་རྒྱའམ་ལས་ཀྱི་ཕྱག་རྒྱ་སྡོམ་འབྱུང་དང་རྡོ་རྗེ་མཁའ་འགྲོས་བསྟན། ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གསུམ་བཅོ་ལྔ་པ་སོགས་དང་། སམ་བུ་ཊའི་བརྟག་དྲུག་གི་རབ་བྱེད་བཞིས་གཏུམ་མོ་དང་དཔྱིད་ཐིག་བསྟན། ཕྱག་རྒྱ་ཆེན་པོ་ནི་སྡོམ་འབྱུང་དང་སམ་བུ་ཊའི་དེ་ཁོ་ན་ཉིད་བསྒོམ་པའི་ལེའུས་གཏན་ལ་ཕབ་སྟེ་གསལ་བར་བྱས་སོ། །དེ་བཞིན་དུ་ཧེ་རུ་ཀ་མངོན་འབྱུང་གིས་ཕག་མོའི་རྩ་སྔགས་བཏུ་བ་དང་། དེ་དང་སྙིང་པོ་དང་ཉེ་སྙིང་སོགས་ཡུམ་ལ་བརྟེན་པའི་ལས་ཚོགས་རྣམས་དང་། ལྷ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་རྣམས་མ་ཚང་བ་ཁ་བསྐང་ཞིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱས་པར་བཤད། ལེའུ་ཞེ་ལྔ། གཞུང་ཚད་སྟོང་ཕྲག་གཅིག དཀྱིལ་འཁོར་གསུམ་ཡོད་དོ། །སྡོམ་འབྱུང་གི་རྒྱུད་ལ་ལེའུ་སོ་བདུན། དཀྱིལ་འཁོར་གཅིག་ཡོད་དོ། །གཙོ་ཆེར་མ་ཚང་བ་ཁ་སྐོང་བའི་བཤད་རྒྱུད་ཡིན་ནོ། །རྣལ་འབྱོར་མ་བཞི་ཁ་སྦྱོར་བའི་རྒྱུད་ནི། རྣལ་འབྱོར་མ་ཉི་ཤུ་རྩ་བདུན་དུ་བསྡུས་པ་དེའི་སྒྲུབ་ཐབས་དང་དཀྱིལ་འཁོར་སྟོན་པ་རྩ་རྒྱུད་ལེའུ་བཅུ་བདུན་པའི་དགོས་ཀྱི་བཤད་རྒྱུད་ཡིན་ལ། དེ་ལ་ལེའུ་བདུན་དཀྱིལ་འཁོར་གཅིག་ཡོད་དོ། །ཕག་མོ་དངོས་གྲུབ་འབྱུང་བ་ནི། ཕག་མོ་ཞལ་བཞི་ཕྱག་བཅུ་གཉིས་མའི་གཙོ་བྱས་པའི་ལྷ་སུམ་ཅུ་སོ་བདུན་པོ་ཐམས་ཅད་ཕྱེད་གཟུགས་སུ་བྱས་པ་ཞིག་སྟོན་ཏེ། འདི་མངོན་བརྗོད་བླ་མའི་ལེའུ་གཉིས་པ་དང་འདྲ་བར་སྣང་ལ། དཀྱིལ་འཁོར་གསུམ་ཡོད་དོ། །ར་ལི་ལ་སོགས་པས་ཀྱང་བཤད་དོ། །ཤིན་ཏུ་རྒྱས་པར་བཤད་པ་ནི། །དེ་དག་ཟུར་མ་ཕྱིན་པ་དཔལ་དགྱེས་པའི་རྡོ་རྗེ་གདན་བཞི་དུས་འཁོར་སོགས་ཐམས་ཅད་ཀྱིས་བཤད་པར་བྱ་བའོ། །ད་ནི་རྒྱུད་འདིར་དབང་གི་ཞར་ལ་གོ་བར་བསྟན་པ་ལྷ་རབ་ཏུ་གནས་པ་བཤད་དེ། སྡོམ་འབྱུང་དུ། དེ་ནས་གཞན་ཡང་རབ་གནས་ཀྱི། །ཆོ་ག་ཕ་རོལ་སོན་བཤད་བྱ། །སྔར་བཤད་མཚན་ཉིད་དང་ལྡན་པ། །སློབ་དཔོན་དུ་ནི་ཡོངས་སུ་བརྟག །ཅེས་རབ་ཏུ་གནས་བྱེད་སློབ་དཔོན་བཤད་ནས། རབ་ཏུ་གནས་བྱ་ལུགས་མའམ་མངོན་པར་འདུས་བྱས་པའི་སྐུ་གཟུགས་ལ་སོགས་པ་རྣམས་ནི་ཞེས་སོ། །ཇི་ལྟར་རབ་ཏུ་གནས་པར་བྱ་བ་ལ། དང་པོར་རབ་གནས་དོན་དུ་ས་གཟུང་ཞིང་། བླ་བྲེ་རྒྱལ་མཚན་བ་དན་རྣམས། །བརྒྱན་ཞིང་ས་ནི་ཡོངས་སུ་གཟུང་། །སྐུ་གཟུགས་སམ་ནི་གླེག་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་དུ་ནི་བཞག་པར་བྱ། །ཞེས་གསུངས་ལ། དཀྱིལ་འཁོར་འཁོར་ལོ་ནམ་མཁར་གནས། ཉེར་སྤྱོད་ལྔ་ཡིས་ཡང་དག་མཆོད། །ས་མ་ཡ་ཧྶཾ་ས་མ་ཡ་ཧོ། ལན་གསུམ་དུ་ནི་བརྗོད་པར་བྱ། །ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་གནས་སུ་རབ་བཞུགས་ནས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་འདིར་ནི་བཞུགས་སུ་གསོལ། །ཆེ་གེ་ཞེས་བྱའི་དོན་དུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །ཚིག་འདིར་དེ་བཞིན་གཤེགས་པ་རྣམས། །ལྷག་པར་གནས་པར་བྱས་ནས་ནི། །ཞེས་གསུངས་པ་ཙམ། གྲུབ་པའི་སློབ་དཔོན་རྣམས་ཀྱི་ཕྱག་བཞེས་ལ་སྦྱང་ཁྲུས་མཛད་ནས་རྟེན་རབ་ཏུ་གནས་པའི་ཆོ་ག་གང་ཡིན་པའི་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། དབང་བསྐུར་མཆོད་ཅིང་བསྟོད་དེ། དག་པའི་རྡོ་རྗེ་བཅོམ་ལྡན་འདས། །སོགས་ཀྱིས་སྙན་གསན་ཕབ། ཡེ་ཤེས་པ་བཏེགས་ཏེ་ནམ་མཁར་བཞུགས། རྟེན་བགོ་བ་བཟང་པོས་དགབ་བསྲུང་བར་མཛད་དོ། །ཉི་མ་གཉིས་པར། ཡུངས་ཀར་གྱིས་ནི་བསྐོར་ནས་སུ། །ལན་གསུམ་དུ་ནི་སྦྱང་བར་བྱ། །དྲི་ཞིམ་ལྡན་པའི་མར་གྱིས་བྱུག །འདག་ཆལ་གྱིས་ནི་ཁྲུས་ཀྱང་བྱ། །སླར་ཡང་བུམ་པ་སོ་སོ་ཡིས། །སྐུ་གཟུགས་རྣམས་ནི་ཁྲུས་ཀྱང་བྱ། །ཞེས་གསུངས་པ་ལ་བགེགས་སྦྱང་བ། མི་ཤིས་པ་སྦྱང་བ། སྡིག་པ་སྦྱང་བ་གསུམ་ཡིན་ལ། དེ་ནས་འདག་འཆལ་དང་བཅས་པའི་ཁྲུས་དང་། ཕྱི་མ་ལྷའི་བུམ་པས་འཁྲུད་པ་ལ་གཙང་ཁྲུས་ཞེས་གསུངས་ཏེ། དེ་དབང་གི་སྔོན་དུ་མཛད་པ་ནི་རང་ལུགས་ཀྱི་ཕྱག་ལེན་ནོ། །དེ་བས་ན་རྒྱུད་འདིར་ཁྲུས་ལན་གཉིས་བྱ་བར་གསུངས་སོ། །ཁྲུས་དང་པོའི་མཐར་གསོལ་གདབ་སེམས་བསྐྱེད་དུ་གྲགས་པ་མཛད་པ་ནི་གཞན་གྱི་རྒྱས་བཀབ་སྟེ་བླ་མེད་རང་གཞུང་གང་དུ་ཡང་མ་བྱུང་ངོ་། །ཕྱིས་ནས་ནམ་མཁར་གནས་པ་ཡི། །དཀྱིལ་འཁོར་འཁོར་ལོ་བཅོམ་ལྡན་འདས། །ལུགས་མ་སོགས་ལ་རབ་གཞུག་བྱ། །ཞེས་གསུངས་པ་སྔར་སྟ་གོན་གྱི་ཡེ་ཤེས་པ་དེ་ཁ་བཞུགས་པ་ཙམ་བཤད། དམ་ཚིག་པ་བསྐྱེད་པ་མི་གསལ་ལ། གྲུབ་པའི་སློབ་དཔོན་མཻ་ཏྲི་ཞབས་དང་། ཨ་བྷ་ཡ་ལ་སོགས་པ་དང་། རྒྱུད་གཞན་ནས་དམ་ཚིག་པ་བསྐྱེད། ཡེ་ཤེས་འཁོར་ལོ་སྤྱན་དྲང་བ་དང་། རྟེན་སྟ་གོན་བྱས་ན་དེའི་ཡེ་ཤེས་བཏེགས་པ་དང་བསྲེས་མཆོད་བསྟོད། དེ་ནས་དག་པའི་རྡོ་རྗེ་ཞེས་པའི་གསོལ་བཏབ་བྱས། སྐུ་གཟུགས་ལ་དགུག་གཞུག་བསྟིམ་མཉེས་པར་བྱེད་དོ། །དམ་ཚིག་པ་བསྐྱེད་པ་ཡང་འཕྲེང་བར། འདྲེན་པ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་དུ་པུསྟ་ཀའི་རབ་གནས་བྱའོ། །འདྲེན་པ་རྣམ་པར་སྣང་མཛད་ཀྱི་གཙུག་ལག་ཁང་ལ་སོགས་པའོ། །འདྲེན་པ་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་སྐུ་གཟུགས་ཐམས་ཅད་དམ། རིགས་མི་ཤེས་པ་རྣམས་ཀྱང་རབ་ཏུ་གནས་པར་བྱའོ། །ཡང་ན་སྐུ་གཟུགས་གང་གི་ལྷ་ཉིད་རིགས་གང་ཡིན་ཤེས་ན་དེའི་རིགས་ཀྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུའོ། །ཁ་ཅིག་ཏུ་ནི། སྐུ་གང་རབ་ཏུ་གནས་བྱ་བ། །རྒྱུད་གང་ལ་ནི་གང་གནས་པ། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །རང་རང་གི་ནི་ལྷག་པའི་ལྷ། །སློབ་དཔོན་གང་གིས་གང་ཡིན་པ། །དེ་ཡི་དབྱེ་བས་མཐོང་བར་བྱ། །འདིར་དེའི་ཞེས་པ་ནི་སྐུ་གཟུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ཀྱིས་སོ། །རང་གི་ལྷག་པའི་ལྷ། དེ་ཉིད་དེའི་སྐུ་རིགས་ཀྱི་བདག་པོའི་དེ་བཞིན་གཤེགས་པ་དེའི་དཀྱིལ་འཁོར་བྱའོ། །ཡང་སློབ་དཔོན་རང་གི་བདག་ཉིད་ཀྱི་དཀྱིལ་འཁོར་བྱ་བ་སྟེ། འདིར་གང་བསྒོམ་པ་འདི་ཉིད་དེའོ་ཞེས་བྱ་སྟེ་ཕྱོགས་གསུམ་དུ་གསུངས་སོ། །ཞེས་གསུངས་ལ། དོན་རིགས་ཐ་དད་པ་ལ་མོས་ལ་རིགས་གཅིག་བློར་མི་འཆུན་པའི་སྦྱིན་བདག་སློབ་དཔོན་དག་གིས་རིགས་ཕྱེ་ནས་རབ་ཏུ་གནས་པ་ལེགས་ལ། གསང་བ་ཆེན་པོ་རིགས་གཅིག་ཏུ་འདུ་བ་བློས་འཆུན་ནས། སློབ་དཔོན་རང་ཉིད་ཀྱི་ལྷག་པའི་ལྷ་དེ་ཁོ་ནས་བྱ་བ་ཡིན་ནོ། །ཡེ་ཤེས་པ་དགུག་པ་ལ། ལྷ་དེ་གསང་བ་འདུས་པ་ལྟ་བུ་ཡིན་ལ། རབ་ཏུ་གནས་པའི་ཆོ་ག་བདེ་མཆོག་ལྟ་བུ་ཡིན་ན། ཡེ་ཤེས་པ་བདེ་མཆོག་འཁོར་ལོའི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་ཞིག་བཞུགས་པ་ཡང་འདི་ལ་འཐད་དེ། ཨ་བྷ་ཡས། གཞན་དུ་བདེ་མཆོག དགྱེས་པའི་རྡོ་རྗེ་ལ་སོགས་པའི་སྐུ་གཟུགས་ལ་ཡང་འདུས་པ་ལ་སོགས་པའི་དམ་ཚིག་སེམས་དཔའ་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་ཏུ་བཞུགས་པ་དང་། དབང་བསྐུར་བ་དང་རབ་ཏུ་གནས་པར་འགྱུར་བ་ནི། བླ་ན་མེད་པ་ཉིད་དུ་འདུས་པར་འགྱུར་བ་ཡིན་ལ། དེའི་རྗེས་ལ་དེ་བཞིན་དུ་འདུས་པའི་དམ་ཚིག་གི་ཡེ་ཤེས་ཀྱི་དབང་ཕྱུག་ནི་བདེ་མཆོག་ལ་སོགས་པའི་ངོ་བོར་གསལ་བར་བསྒོམ་པར་བྱའོ། །ཞེས་ཏེ་དེའི་གཟུགས་ཀྱང་དེའི་ངོ་བོར་ཇི་ལྟར་འགལ་ཞེས་གསུངས་སོ། །ཞེས་བཤད་པས་སོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་ལྟ་བུ་ལ་གསུང་དང་ཐུགས་ཀྱི་རིགས་ཀྱི་ལྷས། དེ་བཞིན་གཤེགས་པའི་རིགས་རྣམས་རབ་ཏུ་གནས་པ་མི་རུང་ཞིང་། དེ་བཞིན་གཤེགས་པའི་རིགས་ཀྱིས་དེ་ཐམས་ཅད་རབ་ཏུ་གནས་པར་རུང་སྟེ། སློབ་དཔོན་དུ་རུང་མི་རུང་དུ་ཕྱེ་བ་ལས་རྟོགས་པར་བྱའོ། །སོ་སོར་བྱེད་ན། བྷྲཱུྃ་ལས་རྣམ་སྣང་སྤྱན་མས་འཁྱུད་པ་དང་། པོ་ཏི་ལ་ཡི་གེའི་ཚོགས་ལ་སྟོང་པ་ཉིད་ཀྱི་རྗེས་ལ་པད་མ་དམར་པོ་དང་། ཉི་མ་ལ་སྲཱིཿདམར་པོ་ལས་བྱུང་བའི་ཆུ་སྐྱེས་དང་། སྲཱིཿཡིག་ཡོངས་སུ་གྱུར་པ་ལས་གོས་དཀར་མོས་འཁྱུད་པའི་སྣང་བ་མཐའ་ཡས་བསྐྱེད་པ་འཕྲེང་བར་གསུངས་སོ། །དགྱེས་རྡོར་ལྟ་བུ་ལ་དགྱེས་རྡོར་དུ་བསྐྱེད་པ་དང་། དེའི་རིགས་ཀྱི་གཽ་རཱི། ལྟ་བུ་ཡིན་ན་དེ་ཡང་དགྱེས་རྡོར་རམ་དེ་ཉིད་དུ་བསྐྱེད་པ་སོགས་ཀྱིས་སྔར་ཚུལ་གསུམ་བྱུང་བ་དེ་བཤད་པ་ཡིན་ནོ། །རྔོག་པ་རྣམས་ཡེ་ཤེས་པ་ལ་ཚད་ཅན་དང་ཚད་མེད་གཉིས་སུ་གསུངས་ཏེ། ཚད་ཅན་ཡེ་ཤེས་པ་བསྒོམ་པ་དེ་ལྟ་བུ། ཚད་མེད་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟིམ་པ་ཡིན་ནོ། །མཁས་པས་རབ་ཏུ་གནས་པར་བྱ། །ཞེས་དབང་བསྐུར་བ་ཡིན་ནོ། །དབང་བསྐུར་བ་ལ་སྔར་བཤད་པའི་དག་ཁྲུས་བྱས་ནས། རྒྱས་པར་སློབ་མའི་དབང་ལྔ། སློབ་དཔོན་གོང་མ་ཀུན་བསྐུར་ཏེ། ཨ་བྷ་ཡས། སློབ་མའི་རབ་ཏུ་གནས་པ་བཞིན་དུ་སྐུ་གཟུགས་ལ་སོགས་པ་རྣམས་ཀྱི་རབ་གནས་ཁྱད་པར་མེད་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་གསུངས་སོ། །ཞེས་པའོ། །སློབ་མ་འཇུག་པ་བཞིན་དཀྱིལ་འཁོར་དུ་སྐུ་གཟུགས་ཀྱང་འཇུག་པར་བཤད་དེ། འཕྲེང་བར། སྐུ་གཟུགས་ལ་སོགས་པ་སྟོང་ཉིད་དུ་བསྒོམས་པའི་རྗེས་ལ་ས་བོན་ལ་སོགས་པ་ལས་སམ་སྐད་ཅིག་གིས་བསྐྱེད་ཀྱང་རུང་སྟེ། དམ་ཚིག་སེམས་དཔའི་སྙིང་གའི་ས་བོན་དང་བཅས་པ་བསམས་ནས་གོས་གསར་པ་དམར་པོ་ལ་སོགས་པ་གཡོགས་ནས་མེ་ཏོག་དང་བཅས་པ་བྱས་ནས་མེ་ཏོག་གིས་འཕྲེང་བ་བླངས་ཏེ་ཡོན་བདག་གིས་སྐུ་གཟུགས་ལ་སོགས་པ་དང་ལྷན་གཅིག་ལྷའི་མཚན་མའམ་དེའི་རིགས་ཀྱི་བདག་པོའི་མཚན་མ་མེ་ཏོག་གི་འཇུག་པ་སྦྱིན་པར་བྱའོ། །ཞེས་འབྱུང་བས་སོ། །བསྡུས་པ་མདུན་དཀྱིལ་ལ་དབང་བསྐུར་བ་ལྟ་བུའོ། །ལུང་འདི་དག་ལ་བརྟེན་ནས་རྩ་རྒྱུད་འདིར་དབང་བསྐུར་བ་ཁོ་ནས་རབ་གནས་བསྟན་ནོ་ཞེས་ཤེས་པར་བྱའོ། །ཡུལ་ཆོས་ལ་སོགས་ཇི་བཞིན་དུ། །ལས་བཅུ་ཡི་ནི་བྱ་བ་བྱ། །འདི་འདུལ་བ་ཡུལ་ཆོས་དང་བསྟུན་ཞེས་པ་བཞིན་མོས་པ་དང་བསྟུན་ནས། རྒྱས་པ་ལ་སྤྲོ་ན་སྔར་བཤད་པའི་དེ་ཉིད་བཅུའི་བྱ་བ་བྱ་སྟེ་མདུན་བསྐྱེད་དང་འབྲེལ་བའི་ལུང་ངོ་། །ཐམས་ཅད་དུ་མ་ཡིན་པས་ཡུལ་ཆོས་དཔེར་མཛད་པ་ཉིན་གཅིག་པའོ། །རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང་། །མྲི་ཏདྒ་སོགས་སིལ་སྙན་སྒྲ། །ཇི་ལྟར་རྙེད་པས་རབ་ཏུ་མཆོད། །དེའི་རྗེས་ཐོགས་དེ་མ་ཐག་པར་མཆོད་བསྟོད་ཤིས་བརྗོད་མཛད་ནས་ཕལ་ཆེར་རྟེན་བསྒྱུར་མཛད་ལ། ཕྱག་བཞེས་ལ་རྟེན་བསྒྱུར་གྱི་གོང་དུ་དེ་ཁོ་ན་ཉིད་ཀྱི་རབ་གནས་ཀྱང་མཛད་དེ། གང་ཚེ་རྟག་ཏུ་གནས་གྱུར་པ། །མཆོད་དང་མཆོད་བྱ་མཉམ་པར་ལྡན། །དེ་ཚེ་ལྷ་ཡང་ཡང་དག་བཞུགས། །ཞེས་གསུངས་པའི་དོན་ཏེ་རབ་གནས་ཀྱི་ངོ་ཏི་རྟེན་བསྒྱུར་མངའ་དབུལ་གྱི་མཐར་མཛད་པ་འཕྲེང་བ་ལས་སོ། །རྟེན་བསྒྱུར་ནས། སྤྱན་ནི་དབྱེ་བར་བྱས་ནས་སུ། །རྡོ་རྗེའི་སྤྱན་ནི་བྱིན་གྱིས་བརླབས། །དེ་བཞིན་མེ་ཏོག་སྤོས་མར་མེ། །བྱུག་པ་ཞལ་ཟས་དེ་བཞིན་ཏེ། །དེ་ལྟར་ལས་ནི་ཀུན་བྱས་ཤིང་། །སྦྱིན་སྲེག་ལས་ཀྱི་རྫོགས་པར་བྱ། །ལྷ་ཀུན་ཞལ་ནི་མེ་ཡིན་པས། །ཞེས་སོ། །འདིས་མངའ་དབུལ་རྣམས་བསྟན་ཅིང་། སངས་རྒྱས་རྗེས་དྲན་མཛད་པ་ནི་གཞན་ནས་རྒྱས་བཀབ། ཡེ་དྷཱརྨ། སྔར་བཀྲ་ཤིས་བརྗོད་ཅེས་པའི་ཚིག་གིས་ཤིས་བརྗོད་ཀྱི་མཐར་བྱ་བར་བསྟན་ནོ། །དེ་ནས་སྦྱིན་སྲེག སྟོན་མོ་དང་ནི་ཡོན་ཕུལ་ནས། །སྐྱེ་བོ་ཚིམ་ཞིང་རྒྱས་པར་བྱ། །རྒྱས་ལས་སྐྱེ་བོ་སྐལ་པ་བཟང་། །བཀྲ་ཤིས་ཞི་བར་བྱས་གྱུར་ཏེ། །ཞེས་སོ། །དེ་ལྟར་སློབ་དཔོན་སྔགས་ལ་གཞོལ་བས་ཀྱང་ཚུལ་འདིས། ལྷ་དེར་རབ་ཏུ་གནས་ནུས་པར། །ཇི་ལྟར་རབ་ཏུ་མ་གནས་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དང་བས་གསོལ་འདེབས་པ། །བསོད་ནམས་ཕྱིར་ནི་བྱ་བ་སྟེ། །རྣམ་རྟོག་མེད་པའི་རང་བཞིན་གྱི། །རབ་གནས་ལྷ་ནི་བཞུགས་པ་ཡིན། །ཞེས་སོ། །བརྟན་བཞུགས་ཡོན་བདག་བསྐོ་བ་འདིའི་ཞར་བསྟན་ནོ། །འཇིག་རྟེན་སྐྱོང་བའི་ལྷ་ལ་སོགས། །འཇིག་རྟེན་སྐྱོང་བ་ནི་འཇིག་རྟེན་ན་ཐུབ་པའི་བསྟན་པ་སྐྱོང་བར་མཛད་པ་གོས་སྔོན་པོ་ཅན་ལག་ན་རྡོ་རྗེའོ། །སོགས་སྒྲས་ཆོས་སྐྱོང་རྒྱལ་པོ་བཞི་དང་། དཔལ་ནག་པོ་ཆེན་པོ་ལ་སོགས་པ་སྟེ་ཆོས་སྐྱོང་ལ་བསྒོ་བ་བཤད་དོ། །དེ་ནས་བཟོད་པར་གསོལ་ཏེ་དཀྱིལ་འཁོར་དེ་བསྡུ་བར་བྱའོ། །སློབ་དཔོན་ཞི་བ་འཚོས། རབ་ཏུ་གནས་པ་ལན་བདུན་གྲུབ་ན་ཤིན་ཏུ་བརྟན་པར་འགྱུར་རོ། །ཞེས་བསམ་ཡས་ཀྱི་ལོ་རྒྱུས་ལས་ཐོས་སོ། །བསྡུས་པ་ནི། སྐུ་གཟུགས་སྟོང་ཉིད་ཀྱི་རྗེས་ལ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། དབང་བསྐུར། སྔགས་བརྒྱ་རྩ་བརྒྱད་བཟླའོ། །སྔགས་ནི་ཡེ་དྷཱརྨཱའོ།། །། ཕྲག་དོག་ཆང་གིས་མྱོས་པས་ང་རྒྱལ་ཞེ་སྡང་གང་བའི་སྣ་ཞགས་རྩུབ་མོ་ཐབས་མཁས་རལ་གྲིས་བདུད་བཞིའི་དཔུང་པ་གཞོམ་ལ་བཀོད། །འདོད་ཆགས་སྟུག་པོའི་རླུང་གིས་རབ་སླད་མ་རུངས་སེམས་ཀྱི་རྦ་ཀློང་འཁྲུགས་པ་འཁོར་བའི་གྲུ་རྫིངས་བཟློག་པའི་རྐྱེན་དུ་བཏང་། །ཀུན་རྨོངས་གདེངས་ཅན་དྲག་པོའི་དམོད་པ་ལྟ་བུའི་ཕུད་སྒྲའི་གཏེར་གྱུར་དེ་དག་ཤིན་ཏུ་ཞི་བས་འོད་གསལ་ནོར་བུའི་ཁུངས་ཉིད་དུ། །བྱེད་པོ་དཔལ་ལྡན་འཁོར་ལོ་སྡོམ་པ་རྒྱལ་བས་རྒྱུད་ཀུན་བླ་མར་སྟོན་འདིར་མ་གུས་ཕྱུགས་ཏེ་དགའ་བས་འཇུག་པ་ཤེས་ལྡན་ཡིན། །དེ་ལྟར་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཀྱི་རྣམ་པར་བཤད་པ་མཁའ་འགྲོ་མ་དགའ་བ་རྒྱུད་སྡེའི་སྙིང་པོ་ཞེས་བྱ་བ། རིག་པ་འཛིན་པ་པདྨ་དཀར་པོས། ཙཱ་རི་ཏྲའི་ནགས་འདབ། བྱར་ཡུལ་སའི་ཐིག་ལེ། ལྷས་བསྟན་གྱི་རི་བོའི་གཞོལ། གསང་སྔགས་ཆོས་ཀྱི་གླིང་གི་ཉེ་འཁོར་ཕུན་ཚོགས་རབ་བརྟན་དུ་སྦྱར་བའི་ཡི་གེ་པ་ནི་རིན་ཆེན་བསྟན་པ་རྒྱལ་མཚན་གྱིས་བགྱིས་པའི་བདེ་ལེགས་ཐམས་ཅད་ཀྱི་མཐུས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།