Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 collapse section
བསྟོད་ཚོགས་དང་གསོལ་འདེབས་སྐོར།
  
  
  
  
  
  
  
  
  
  
  
  
  
  
 expand section
 expand section
 expand section
 expand section
 expand section
 expand section
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousབསྟོད་ཚོགས་དང་གསོལ་འདེབས་སྐོར།next

བསྟོད་ཚོགས་དང་གསོལ་འདེབས་སྐོར།

བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ།

༡ གྲངས་མེད་བསྐལ་བའི་སྔོན་ནས་སངས་རྒྱས་ཀྱང༌། །སླར་ཡང་སྙིགས་ལྔས་མནར་བའི་གདུལ་འགྲོའི་ཆེད། །བསྐལ་བཟང་རྣམ་འདྲེན་བཞི་པའི་མཚན་འཆང་ནས། །ཕྲིན་ལས་ཉིན་བྱེད་འབུམ་གྱི་འོད་སྣང་བརྡལ། ༢ །སྤངས་རྟོགས་མཐར་ཕྱིན་དུས་གསུམ་རྒྱལ་བ་རྣམས། །བགྲང་ཡས་ཡོན་ཏན་ལྡན་པར་མཉམ་མོད་ཀྱང༌། །མགོན་ཁྱོད་སྙིང་སྟོབས་སྨོན་ལམ་ཁྱད་འཕགས་ཞེས། །བསྔགས་པའི་རོལ་མོ་རྒྱལ་རྣམས་ཅིར་ཡང་སྒྲོག ༣ །ཤིན་ཏུ་གདུལ་དཀའ་བདག་སོགས་སྙིགས་འགྲོ་རྣམས། །རྨད་བྱུང་ཐུགས་བསྐྱེད་མཆོག་གིས་རྗེས་བཟུང་ནས། །སྨོན་ལམ་ཆེན་པོ་ལྔ་བརྒྱས་ལེགས་དྲངས་ཏེ། །ཆོས་ཚུལ་འོད་སྣང་སྤྲོ་བའི་བཀའ་དྲིན་དྲན། ༤ །སྟོན་པ་མཉམ་མེད་ཐུབ་པ་ཆེན་པོ་ཡི། །མཚན་ཙམ་ཐོས་འཛིན་ལམ་དུ་སོན་པ་ཡང༌། །འཁོར་བར་ཕྱིར་མི་ལྡོག་པ་ཉིད་འགྱུར་ཞེས། །བདེན་གསུང་བཀའ་ཡིས་ཡང་ཡང་བསྔགས་པར་མཛད། ༥ །རང་རང་ཁམས་དབང་མོས་པ་དང་བསྟུན་ནས། །རིགས་ཅན་རྣམ་གསུམ་རྗེས་སུ་འཛིན་པ་ཡི། །རྨད་བྱུང་སྡེ་སྣོད་གསུམ་གྱི་ཆོས་ཆར་གྱིས། །སྐལ་བཟང་མཆོག་གི་པད་ཚལ་ཅིར་ཡང་བཞད། ༦ །ཁྱད་པར་མཚན་ཉིད་རྒྱུ་ཡི་ཐེག་པ་ལས། །ཁྱད་འཕགས་གསང་ཆེན་རྡོ་རྗེའི་ཐེག་པ་ཡིས། །བློ་ཆེན་བརྩོན་པ་མཆོག་རྣམས་ཚེ་ལུས་འདིར། །གྲོལ་བྱེད་སྨིན་གྲོལ་གདམས་པ་ཅིར་ཡང་བསྩལ། ༧ །ཤིན་ཏུ་རྨད་བྱུང་རྩོལ་མེད་རྫོགས་པ་ཆེ། །ཡེ་ཤེས་ལམ་བྱེད་མངོན་སུམ་འོད་གསལ་གནད། །སྟོན་བྱེད་འབུམ་ཕྲག་དྲུག་ཅུའི་སྙིང་པོའི་རྒྱུད། །ཡང་རབ་བློ་ཅན་མཆོག་གི་སྐལ་བར་བབས། ༨ ། རྩོལ་མེད་རང་བཞག་ཆོས་སྐུའི་དགོངས་པ་ཉིད། །རྗེན་པར་སྟོན་པའི་རྨད་བྱུང་གསང་མཛོད་ཆེ། །ཐེག་རྩེ་རྡོ་རྗེ་སྙིང་པོའི་ཉེ་ལམ་འདི། །གྲུབ་བརྙེས་རིག་འཛིན་བརྒྱུད་པའི་ཕ་ཕོག་ལགས། ༩ །རྣམ་མང་ཐེག་པའི་ཆོས་ཚུལ་རྒྱལ་མཚན་རྩེར། །ངེས་གསང་རྡོ་རྗེ་རྩེ་མོའི་ཏོག་གིས་སྤྲས། །བཀའ་བབས་རྣམ་བཞིའི་དབུས་ན་ཆེར་འཕགས་པའི། །ཕུལ་བྱུང་ངོ་མཚར་མཆོག་གི་ཡ་མཚན་ངོམ། ༡༠ །བཀྲ་ཤིས་གང་ཞིག་བརྒྱུད་གསུམ་བླ་མ་ཡི། །བྱིན་རླབས་ཉིན་བྱེད་འབུམ་གྱི་འོད་སྣང་གིས། །སྲིད་པའི་རྨོངས་མུན་འཇོམས་དང་ཆབས་ཅིག་ཏུ། །བསྟན་པའི་པད་ཚལ་བཞད་པས་ཤིས་གྱུར་ཅིག ༡༡ །ཕུལ་བྱུང་དགེ་མཚན་དཔག་བསམ་ལྗོན་པའི་རྩེར། །སྡེ་བཞིའི་ཕུན་ཚོགས་དཔལ་གྱིས་ལེགས་སྤྲས་ནས། །དགེ་མཚན་ཆར་དུ་འབེབས་པའི་སྣང་བ་ཡིས། །ས་གསུམ་ཡོངས་ལ་ཁྱབ་པས་མཛེས་གྱུར་ཅིག །ཅེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་ཞལ་གསུང་ལགས།

སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་དྲན།

༡ རྨད་བྱུང་ཚོགས་གཉིས་ཤིང་རྟས་ལེགས་དྲངས་ཏེ། །མཁྱེན་ནུས་བརྩེ་བའི་འོད་སྣང་འབུམ་དུ་བརྡལ། །སྲིད་པའི་རྨོངས་མུན་འཇོམས་པའི་སྣང་བྱེད་ཆེ། །རྣམ་འདྲེན་བཞི་པ་ཟས་གཙང་སྲས་པོར་འདུད། ༢ །ཤིན་ཏུ་གདུལ་དཀའ་ལྔ་བདོའི་འགྲོ་བ་རྣམས། །བརྩེ་ཆེན་ཞགས་པས་ནམ་ཡང་མི་གཏོང་བར། །སྨོན་ལམ་ཆེན་པོ་ལྔ་བརྒྱས་རྗེས་བཟུང་བའི། །སྟོན་མཆོག་ཐུབ་པའི་དབང་པོ་གཏན་གྱི་སྐྱབས། ༣ །མཁྱེན་པའི་ཆ་ཤས་ཡོངས་རྫོགས་སྨྲ་བའི་དབང༌། །བརྩེ་བའི་བསིལ་ཟེར་འོད་སྣང་ཀུན་ནས་འགྱེད། །ནུས་པས་གདུལ་འགྲོའི་རྨོངས་པའི་ཚ་གདུང་བཅིལ། །ཐུབ་ཆེན་ཟླ་བའི་དབང་པོ་གཙུག་གིས་བསྟེན། ༤ །ཟག་མེད་ཆོས་སྐུའི་དགོངས་པ་མཁའ་ལྟར་ཡངས། །བསྟན་འགྲོའི་པད་ཚལ་འབྱེད་པའི་གཟུགས་ཀྱི་སྐུ། །རྣམ་དཀར་ཕྲིན་ལས་སྣང་བའི་མུ་ཁྱུད་འཛིན། །ཐུབ་དབང་ཉིན་མོར་བྱེད་པ་གཙུག་གི་རྒྱན། ༥ །བསམ་རྟོག་གཉིས་མེད་ཞི་བསིལ་བདུད་རྩིའི་མཚོ། །འཕགས་ལམ་ཡན་ལག་བརྒྱད་ལྡན་མ་དྲོས་ཀླུང༌། །རྣམ་དག་ལུང་གི་རླབས་ཕྲེང་ཀུན་ནས་མཛེས། །ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་ཟས་གཙང་སྲས། ༦ །རྒྱལ་སྲས་ས་བཅུའི་དབང་ཕྱུག་རྣམས་ཀྱི་ཡབ། །འཕགས་ཚོགས་ཟུང་བཞི་ཉན་རང་རྣམས་ཀྱི་རྒྱལ། །བསྟན་པའི་འབྱུང་གནས་རིག་གྲོལ་གཙུག་གི་རྒྱན། །བསྐལ་བཟང་རྣམ་འདྲེན་བཞི་པ་ཐུབ་པའི་དབང༌། ༧ །འཕགས་པའི་ཡུལ་དུ་རྣམ་འདྲེན་རྒྱལ་བ་ཡི། །བཞུགས་པའི་གནས་མཆོག་ངོ་མཚར་བཀོད་པ་རྣམས། །མིག་གི་བདུད་རྩིར་ཡང་ཡང་ངོམ་པའི་ཚེ། །སྐྱབས་གཅིག་རྒྱལ་བ་དྲན་ནོ་བྱིན་གྱིས་རློབས། ༨ །ད་ནི་སྙིགས་ལྔའི་རྒུད་པ་ཆེར་བདོ་བས། །ཕུན་ཚོགས་དགེ་མཚན་སྣང་བ་འཇོམས་ལ་ཉེ། །རྒྱལ་བ་རིན་ཆེན་མཚན་གྱིས་བསྔགས་པ་བཞིན། །རྨད་བྱུང་ཕྲིན་ལས་སྣང་བས་ཡོངས་ཁྱབ་ཤོག །ཅེས་པ་འདི་ཀུན་གཟིགས་མཁན་ཆེན་བླ་མ་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་སྐབས་གསུངས་པ་ལགས།

འོད་གསལ་རྫོགས་པ་ཆེན་པོའི་ལམ་ལ་བསྔགས་པ།

༡ སྐུ་གསུམ་རྒྱལ་བ་ཡོངས་ཀྱི་སྤྱི་མྱེས་ཆེ། །བྱིན་རླབས་དངོས་གྲུབ་འབུམ་གྱི་གཏེར་མཛོད་མཆོག །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེ། །མཚོར་འཁྲུངས་རྒྱལ་བ་གཉིས་པས་བྱིན་གྱིས་རློབས། ༢ །སྨོན་ལམ་ཐུགས་རྗེ་དུས་སྨིན་མཁན་ཆེན་རྗེ། །གངས་ལྗོངས་བསྟན་པའི་ཤིང་རྟ་ཁྲི་སྲོང་དང༌། །དགོངས་ཀློང་མཁའ་ལྟར་ཟབ་པ་བཻ་རོ་སོགས། །གྲུབ་བརྙེས་པཎ་གྲུབ་རིག་འཛིན་བཀའ་དྲིན་དྲན། ༣ །ཀ་དག་ཆོས་སྐུའི་དགོངས་པ་མངོན་དུ་གྱུར། །རང་སྣང་ལོངས་སྐུའི་སྤྲིན་ཆེན་ཚོམ་བུར་བཀོད། །སྣ་ཚོགས་སྤྲུལ་བ་རྒྱ་མཚོས་འགྲོ་ཁམས་འདུལ། །ཀློང་ཆེན་ཆོས་ཀྱི་རྒྱལ་པོ་གཙུག་གིས་བསྟེན། ༤ །ཁྱད་པར་ཆེ་བ་དྲུག་ལྡན་ཀུན་བཟང་གི། །དགོངས་པ་མངོན་གྱུར་ཆོས་སྐུའི་ཞལ་སྐྱིན་མཆོག །གསང་བ་སྙིང་ཐིག་བཀའ་བབས་བསྟན་པའི་བདག །རྒྱལ་སྲས་འགྱུར་མེད་རྡོ་རྗེ་གཙུག་གི་རྒྱན། ༥ ། ཐོག་མར་ངེས་འབྱུང་བརྟན་པོའི་བློ་བསྐྱེད་དེ། །རྣམ་དག་འདུལ་ཁྲིམས་གཙང་མའི་གཞི་བཟུང་ནས། །རྣམ་གསུམ་སྡེ་སྣོད་དགོངས་འགྲེལ་བཅས་པ་ལ། །ཐོས་བསམ་ཤེས་རབ་བསྐྱེད་པ་ཅི་ནས་གལ། ༦ །དེ་ཡང་བླ་མེད་བྱང་ཆུབ་སྒྲུབ་པ་ལ། །མེད་དུ་མི་རུང་རྒྱལ་སྲས་ཡོངས་ཀྱི་རྒྱུ། །རིན་ཆེན་བྱང་ཆུབ་སེམས་མཆོག་རྣམ་པ་གཉིས། །ཐེག་ཆེན་ལམ་གྱི་དངོས་གཞིར་མེད་ཐབས་མེད། ༧ །སྨིན་གྲོལ་རྒྱུད་སྡེ་རྒྱ་མཚོའི་མཛོད་འཛིན་ཅིང༌། །དོན་བརྒྱུད་དགོངས་པའི་གསང་མཛོད་བརྟོལ་བ་ཡི། །སྐུ་གསུམ་རྒྱལ་བའི་གདུང་འཛིན་འདྲེན་མཆོག་རྗེ། །མཉེས་པ་གསུམ་གྱིས་དགོངས་རྒྱུད་ཐོབ་པ་དགོས། ༨ །སྤྱིར་ན་གསང་ཆེན་བླ་མེད་རྒྱུད་སྡེ་ཡི། །དགོངས་དོན་བསྐྱེད་དང་རྫོགས་པའི་ལམ་མཆོག་གིས། །གཞི་རྒྱུད་རང་བཞིན་དག་མཉམ་དགོངས་པ་ཉིད། །མངོན་དུ་བྱེད་པ་རིག་འཛིན་མཆོག་གི་ལམ། ༩ །ཁྱད་པར་སེམས་ཉིད་ཡེ་སངས་རྒྱས་པའི་དོན། །མངོན་དུ་བྱེད་པའི་ལམ་མཆོག་རྫོགས་པ་ཆེ། །རྩོལ་མེད་འབྲས་བུའི་ཐུས་ཀ་མཐར་ཐུག་འདི། །བློ་རབ་སྐལ་བཟང་རྣམས་ཀྱི་སྤྱོད་ཡུལ་ལགས། ༡༠ །ཡེ་ཤེས་ལམ་བྱེད་རྡོ་རྗེ་རྩེ་མོ་ཡི། །ཟབ་དོན་སྙིང་པོ་འདི་དང་བསྒྲུན་བྱས་ན། །སེམས་ལ་ལམ་བྱེད་མཚན་བཅས་མཚན་མེད་ཀྱི། །རྫོགས་རིམ་མིང་འཛིན་གཞན་ལ་རེ་བ་ལྷོད། ༡༡ །རྒྱལ་ཀུན་ཞལ་སྐྱིན་མཚོ་སྐྱེས་རྡོ་རྗེ་དང༌། །འཕོ་ཆེན་དྭངས་མའི་སྐུར་བཞེངས་བི་མ་ལའི། །ཆོས་སྐུའི་དགོངས་པ་མངོན་སུམ་སྟོན་བྱེད་ཀྱི། །ཀུན་བཟང་ཐུགས་ཀྱི་བསྟན་པ་འདི་ཀོ་རྨད། ༡༢ །ཐེག་རྩེའི་དགོངས་དོན་ཉིན་བྱེད་འབུམ་གྱི་དཔལ། །གདོས་བཅས་ཕུང་པོ་འོད་སྐུར་གྲོལ་བྱེད་པའི། །མན་ངག་སྙིང་ཐིག་དགོངས་པའི་ཟབ་གནད་དོན། །ཇི་བཞིན་སྟོན་མཛད་ཀུན་མཁྱེན་བླ་མ་མཆོག ༡༣ །སྡེ་སྣོད་རྒྱུད་སྡེ་མཐའ་དག་ཐུགས་སུ་ཆུད། །ཟག་མེད་ཆོས་སྐུའི་དགོངས་པ་མངོན་དུ་བརྙེས། །ཐེག་རྩེ་རྡོ་རྗེ་སྙིང་པོའི་ཤིང་རྟ་ཆེ། །ཕྱི་རབས་བུ་ལ་གཏད་རྒྱའི་ཕ་ཕོག་གནང༌། ༡༤ །ཀ་དག་ཁྲེགས་ཆོད་ཡེ་བབ་སོར་བཞག་ལ། །བློས་བྱས་འཇུར་བུས་མ་བཅིངས་རང་སར་ཀློད། །ལྷུན་གྲུབ་དབྱིངས་ཐིག་སྐུ་ཡི་གོ་ཕྱེས་ནས། །ཟག་མེད་འོད་གསལ་དགོངས་པ་མངོན་སུམ་སྣང༌། ༡༥ །བློས་བྱས་རྩོལ་བས་ཟིན་པའི་ཟུག་རྔུའི་ནད། །རང་བཞིན་ཆོས་སྐུའི་ངང་དུ་རང་དེངས་ན། །བདེ་གསལ་མི་རྟོག་ཕལ་ལ་སེམས་འཛིན་པ། །སྙིང་པོའི་སྙིང་པོ་འདི་ལས་རིང་དུ་སོང༌། ༡༦ །ཟབ་གནད་ཆེ་བ་འབུམ་གྱིས་རབ་ཏུ་བརྗིད། །རྨད་བྱུང་ཉེ་ལམ་ཀུན་གྱི་ཡང་རྩེ་འདི། །གསང་ཆེན་སྔ་འགྱུར་ཐེག་རྩེའི་ཁྱད་པར་ཆོས། །ཡང་རབ་དབང་པོ་མཆོག་གི་སྐལ་བར་བབས། ༡༧ །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ཆེན་འཁྲིགས། །ཐེག་རྩེ་འོད་གསལ་ཆོས་ཀྱི་སྣང་བ་བརྡལ། །འགྲོ་ཀུན་རྣམ་གྲོལ་སྐུ་བཞིའི་རྒྱལ་ཐབས་ལ། །འགོད་པའི་དགེ་མཚན་ས་གསུམ་ཡོངས་ཁྱབ་ཤོག ། ཅེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་ཞལ་གསུང་ལགས།

ཨོ་རྒྱན་ཆེན་པོའི་ངོ་མཚར་བའི་མཛད་པ་ལ་ཆེད་དུ་བསྔགས་པ།

༡ འཕགས་བོད་འགྲོ་ལྡིང་ལ་སོགས་གནས་ཀུན་དང༌། །རབ་འབྱམས་ཞིང་ཁམས་རྒྱ་མཚོར་སྐུའི་བཀོད་པ། །མཐའ་ཡས་སྒྱུ་འཕྲུལ་རོལ་པ་བསམ་ལས་འདས། །མཚོ་སྐྱེས་རྡོ་རྗེ་རྒྱལ་ཀུན་ཞལ་སྐྱིན་དངོས། ༢ །གང་གི་གསང་གསུམ་ངོ་མཚར་འབུམ་གྱི་གཟུགས། །རྣམ་མཁྱེན་ཡེ་ཤེས་དག་པའི་མེ་ལོང་ལས། །འཕགས་ཆེན་དམ་པའི་བློས་ཀྱང་གཞལ་འོས་མིན། །བློ་ཆུང་བདག་འདྲས་དཔག་པར་ནུས་སམ་ཅི། ༣ །འོན་ཀྱང་རྣམ་རོལ་མཛད་པའི་རོལ་མོ་ལ། །བདག་ཡིད་དྭངས་པའི་གུས་པས་རྗེས་དྲན་པའི། །མཁྱེན་ནུས་བརྩེ་བའི་ཡོན་ཏན་ཆ་འགའ་ཞིག །དད་པའི་སེམས་ཀྱིས་ཅུང་ཟད་བརྗོད་ལ་མོས། ༤ །དངོས་སྣང་སྒྱུ་མར་དབང་བསྒྱུར་རོལ་བ་ཡིས། །མེ་དཔུང་མཚོ་རུ་བསྒྱུར་སོགས་ངོ་མཚར་གྱི། །བཀོད་པ་བརྒྱ་ཕྲག་གཟུགས་ཅན་ཇི་བཞིན་དུ། །དེང་ཡང་གསལ་བས་དད་པའི་གནས་ལ་བཀོད། ༥ ། ཁྱད་པར་སྔོན་གྱི་སྨོན་ལམ་བཟང་པོ་ཡིས། །ལེགས་པར་བསྐྲུན་པས་བསིལ་ལྡན་ལྗོངས་འདི་རུ། །དྲི་མེད་རྒྱལ་བསྟན་མདོ་དང་སྔགས་ཀྱི་ཚུལ། །རྩིབས་སྟོང་གསེར་གྱི་འཁོར་ལོས་ཀུན་ནས་ཁྱབ། ༦ །ཕན་བདེའི་ལེགས་ཚོགས་བྱེ་བའི་གཏེར་གཅིག་པུ། །མདོ་རྒྱུད་ཆོས་ཚུལ་མཐའ་དག་བོད་དུ་དྲངས། །བསིལ་ལྡན་རྒྱལ་བསྟན་ཡོངས་ཀྱི་འབྱུང་གནས་ཆེ། །མཁན་སློབ་ཆོས་རྒྱལ་བཀའ་དྲིན་ཕ་མཐའ་ཡས། ༧ །གངས་ལྗོངས་བསྟན་པ་རྒྱ་མཚོའི་དབུས་ཉིད་ན། །ཆེ་བ་དྲུག་གིས་མངོན་འཕགས་སྔ་འགྱུར་ཞེས། །མཁས་དང་གྲུབ་པ་བགྲངས་ཡས་བྱོན་པ་ཡི། །ཁྱད་ཆོས་འདི་ཉིད་བསྔགས་འོས་ངོ་མཚར་གནས། ༨ །ཁྱད་པར་གྲུབ་མཐའ་གཞན་ལ་མ་གྲགས་པ། །ཡེ་ཤེས་ལམ་བྱེད་ཐེག་རྩེ་ཨ་ཏི་ཞེས། །ཟང་ཐལ་རིག་པ་རྗེན་པར་སྟོན་པའི་ཚུལ། །ཟག་མེད་འོད་ལུས་གྲུབ་པ་གཞན་ལས་འཕགས། ༩ །འོད་གསལ་ཡེ་གདངས་སྐུ་དང་ཡེ་ཤེས་དངོས། །མངོན་སུམ་སྟོན་པའི་ལྷུན་གྲུབ་ཐོད་རྒལ་གྱིས། །འཕོ་ཆེན་དྭངས་མའི་སྐུར་གྱུར་ཁྱད་པར་འདི། །ཐེག་དང་གྲུབ་མཐའ་ཡོངས་ཀྱི་དབུས་ན་མཐོ། ༡༠ །བརྒྱུད་པ་དགུ་ལྡན་ཟབ་མོ་གཏེར་གྱི་ཚུལ། །མཚོ་བྲག་ནམ་མཁའ་ལ་སོགས་གནས་ཀུན་ཀྱང༌། །རྨད་བྱུང་ངོ་མཚར་འབུམ་གྱིས་བཀྲ་བཞིན་དུ། །སྐལ་ལྡན་བུ་ལ་གཏད་རྒྱ་སྨོན་ལམ་མཛད། ༡༡ །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་འོག་བཅུག ། དཔལ་གྱི་བསམ་ཡས་ཆོས་འཁོར་ལྷུན་གྱིས་གྲུབ། །གངས་དང་རི་བྲག་ཕྱག་ཞབས་རྗེས་ཀྱི་བཀྲ། །ངོ་མཚར་སྣང་བས་གདུལ་བྱ་ཐར་ལམ་དྲངས། ༡༢ །རྒྱལ་ཀུན་ཞལ་སྐྱིན་མཚོ་སྐྱེས་བླ་མ་ཡི། །བྱིན་རླབས་སྣང་བས་ཡིད་ཀྱི་མུན་པ་བསལ། །བསྟན་སྲིད་འོད་སྣང་ཕྱོགས་བཅུ་ཀུན་ཁྱབ་སྟེ། །འཇིག་རྟེན་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག །ཅེས་པ་འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མ་མཚོ་པདྨ་ཅན་སོགས་སུ་ཕེབས་སྐབས་གསུངས་པ་ལགས།

རི་བོ་མ་ལ་ཡའི་གཟིགས་སྣང་ཆེད་དུ་བརྗོད་པ།

གསང་སྔགས་དགོངས་པ་མངོན་དུ་བྱས་པ་ཡི། །དམ་པའི་མཆོག་གྱུར་རིགས་ཅན་དྲ་མ་ལྔས། །སྐུ་གསུམ་རྒྱལ་བའི་དགོངས་པ་བསྐུལ་བ་ཡི། །གདུང་ཚིག་ཉེར་གསུམ་གླུ་རུ་བླངས་པ་ན། །བདེ་གཤེགས་དགོངས་པའི་གསང་མཛོད་མཐའ་དག་ལ། །མངའ་དབང་བསྒྱུར་བའི་གསང་འཛིན་བདག་པོ་ཉིད། །དངོས་སུ་བྱོན་ནས་གསང་ཆེན་བླ་མེད་ཀྱི། །ཏནྟྲ་ཆེན་པོ་སྡེ་ཚན་བཅོ་བརྒྱད་སོགས། །གསང་བ་བླ་མེད་རྒྱུད་སྡེ་མཐའ་ཡས་པ། །གསུངས་པའི་གནས་མཆོག་ལྕང་ལོ་ཅན་མཚུངས་པའི། །འཛམ་གླིང་ཤར་ལྷོའི་རི་བོ་མ་ལ་ཡ། །དྲག་ཤུལ་ཅན་ཞེས་བྱ་བའི་རི་ཡི་རྩེར། །ད་ལྟ་དངོས་སུ་སླེབ་པའི་ཚུལ་འདི་ནི། །སྐྱེ་བ་དུ་མར་གསང་ཆེན་བླ་མེད་ཀྱི། །ཆོས་དང་འབྲེལ་བའི་ལས་འཕྲོ་སད་པའི་རྟགས། །བརྒྱུད་གསུམ་བླ་མའི་བྱིན་རླབས་འོད་སྣང་གིས། །ཆོས་ཅན་ཀུན་རྫོབ་ལྷ་ཡི་སྣང་བར་རྫོགས། །ཆོས་ཉིད་རྟོགས་པའི་རྩལ་ཆེན་རབ་རྫོགས་ནས། །འགྲོ་ཀུན་སྐུ་བཞིའི་གོ་འཕང་འགོད་གྱུར་ཅིག །ཅེས་པ་འདི་ཀུན་གཟིགས་མཁན་ཆེན་བླ་མ་རི་མ་ལ་ཡར་ཕེབས་སྐབས་གསུངས་པ་ལགས།

རྒྱལ་དབང་ཨོ་རྒྱན་ཆེན་པོའི་རྗེས་དྲན།

ན་མོ་གུ་རུ་མ་ཧཱ་སུ་ཁ་པདྨ་ཀཱ་ར་ཡེ། ༡ །སྐུ་གསུམ་རྒྱལ་ཀུན་ཡོངས་ཀྱི་ཡེ་ཤེས་ནི་གཅིག་བསྡུས། །མདངས་ལྡན་འོད་ལྔ་བཀྲ་བའི་གུར་ཁྱིམ་གྱི་དབུས་ན། །འཕོ་མེད་གཉུག་མའི་ཡེ་ཤེས་མཚན་དཔེ་རུ་ཤར་བའི། །མཚོར་འཁྲུངས་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་བྱུང༌། ༢ །མི་ཤིགས་ཆོས་སྐུའི་རྒྱལ་ཐབས་ཆེན་པོ་ལ་དབང་བསྒྱུར། །ཟག་བྲལ་མི་འཇིགས་དགོངས་པའི་རྩལ་ཆེན་དེ་རྫོགས་ནས། །སྲིད་དང་ཞི་བའི་སྤྱི་དཔལ་ཆེན་པོ་རུ་བཞུགས་པའི། །མཚོར་འཁྲུངས་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་བྱུང༌། ༣ །འཕོ་ཆེན་འཇའ་ལུས་རྡོ་རྗེ་མི་ཤིགས་པའི་སྐུ་མཆོག །རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ཀྱི་དབུས་ན། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་རྗེ་རུ་བཞུགས་པའི། །མཚོར་འཁྲུངས་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་བྱུང༌། ༤ །འཕགས་ཡུལ་ལ་སོགས་འཛམ་གླིང་གནས་ཆེན་ནི་རྣམས་སུ། །ཉིད་ཀྱི་རྫུ་འཕྲུལ་བཀོད་པའི་ཁྱད་པར་རྣམས་མཐོང་ཚེ། །མཁས་གྲུབ་ཕལ་གྱི་རྣམ་ཐར་དེ་ག་རང་ཙམ་ལས། །ངོ་མཚར་ཆེ་བའི་རང་བཞིན་ཡིད་ཡུལ་ནས་བོར་སོང༌། ༥ །མངལ་སྐྱོན་མ་གོས་ཨུ་དུམ་ཝ་ར་ཡི་རྩེ་ལ། །རང་བྱུང་རིག་པ་ཐོལ་སྐྱེས་མཚན་དཔེ་རུ་ཤར་བ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔའ་བོ་ཡི་ཚོགས་རྗེ། །ཧེ་རུ་ཀ་པ་མཚོར་འཁྲུངས་རྒྱལ་བ་དེ་དྲན་ནོ། ༦ །དུས་གསུམ་རྒྱལ་བ་ཀུན་དང་དགོངས་ཀློང་ནི་རོ་གཅིག །འགོག་ལམ་ཡོན་ཏན་རྫོགས་པ་དམ་ཆོས་ཀྱི་ངོ་བོ། །རྣམ་མང་རྒྱལ་སྲས་གཙོ་བོ་དགེ་འདུན་གྱི་ཚོགས་དཔོན། །སྐྱབས་མཆོག་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་དེ་དྲན་ནོ། ༧ །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བྱིན་རླབས་ཀྱི་མཛོད་འཛིན། །བདེ་ཆེན་གར་གྱི་དབང་ཕྱུག་དངོས་གྲུབ་ཀྱི་རྩ་བ། །ཕྱི་ནང་བར་ཆད་ཀུན་སེལ་ལས་བཞི་ཡི་བྱེད་པོ། །རྩ་གསུམ་ཀུན་འདུས་མངའ་བདག་གུ་རུ་རྗེ་དྲན་ནོ། ༨ །ཀ་དག་ཟང་ཐལ་ཆོས་སྐུའི་དགོངས་པ་ལས་མ་གཡོས། །ལྷུན་གྲུབ་བདེ་ཆེན་ཁ་སྦྱོར་བདུན་ལྡན་ལ་ལོངས་སྤྱོད། །གྲངས་མེད་སྤྲུལ་བ་རྒྱ་མཚོས་འགྲོ་ཁམས་ཀུན་འདྲེན་པའི། །སྐུ་གསུམ་སྟོན་པའི་མངའ་བདག་མཚོར་འཁྲུངས་ཀྱི་རྒྱལ་བ། ༩ །མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ། །དགོངས་པའི་རྩལ་ཆེན་རྫོགས་པའི་མཚོ་སྐྱེས་ཀྱི་བླ་མས། །བྱིན་རླབས་ཕ་ཕོག་མཆོག་གི་དངོས་གྲུབ་ཀྱི་སྐལ་བ། །བདག་སོགས་གསོལ་འདེབས་བུ་ལ་མྱུར་བ་རུ་སྩོལ་ཤོག ༡༠ །མཐའ་མེད་འཁོར་བར་འཕྱན་པའི་མ་རྒན་གྱི་འགྲོ་བ། །སྣ་ཚོགས་དུཿཁ་འཁྲུགས་པའི་འཁོར་མཚོ་ལས་བསྒྲལ་ཏེ། །སེམས་ཉིད་ཡེ་སངས་རྒྱས་པའི་དགོངས་པ་དང་སྤྲད་ནས། །སྐུ་གསུམ་རྒྱལ་བ་མཆོག་གི་མངའ་བདག་ཏུ་གྱུར་ཅིག །ཅེས་པ་འདི་ཀུན་གཟིགས་མཁན་ཆེན་བླ་མ་བྲག་ཕུག་མ་ར་ཏི་ཀར་ཕེབས་སྐབས་གསུངས་པ་ལགས།

ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་གནད་བསྐུལ།

ཀྱེ་ཀྱེ་རྩ་གསུམ་རྒྱལ་བ་འདུས་པའི་དངོས། །བགྲེས་རྒུད་སྤངས་པ་ཚེ་ཡི་རིག་འཛིན་བརྙེས། །རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ན། །དཔའ་བོ་མཁའ་འགྲོ་ཡོངས་ཀྱི་ཚོགས་ཀྱི་རྗེ། །མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ། །བདག་སོགས་འདིར་ཚོགས་སྐལ་ལྡན་མཐའ་དག་ལ། །དགོངས་བརྒྱུད་བྱིན་རླབས་ཕ་ཕོག་མྱུར་དུ་སྩོལ། །མི་ཤིགས་རྡོ་རྗེ་གསུམ་དང་དབྱེར་མེད་ཤོག །མཐའ་དག་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །དབྱར་གྱི་མཚོ་ཆེན་བཞིན་དུ་རབ་རྒྱས་ཏེ། །དྲི་མེད་རྒྱལ་བསྟན་སྤེལ་བའི་བསྟན་འཛིན་རྣམས། །ཆོས་ལྡན་ཁམས་སུ་ཞབས་པད་རྟག་བརྟན་ཤོག །ཁྱད་པར་རྨད་བྱུང་ཆེ་བ་དྲུག་ལྡན་པའི། །གསང་ཆེན་སྔ་འགྱུར་བསྟན་པའི་རྒྱལ་མཚན་གང༌། །གྲུབ་བརྙེས་རིག་འཛིན་བྱེ་བའི་འབྱུང་གནས་མཆོག ། སྲིད་མཐར་མི་ནུབ་འཛམ་གླིང་ཡོངས་ཁྱབ་ཤོག །རྣམ་དག་འདུལ་ཁྲིམས་གཙང་མའི་ས་གཞི་ལ། །ཐོས་བསམ་སྒོམ་པའི་དཔག་བསམ་ལྗོན་བཟང་རྒྱས། །བསྟན་པའི་རྒྱན་བཟང་དགེ་འདུན་འདུས་པའི་སྡེས། །ནོར་འཛིན་ཡངས་པའི་གཞི་ལ་ཁྱབ་པར་སྨོན། །རིས་མེད་བསྟན་པའི་གསོས་གཅིག་སྦྱིན་བདག་རྣམས། །སྣ་ཚོགས་ཉེར་འཚེའི་གདུང་བ་ཀུན་ཞི་ནས། །ཕུན་ཚོགས་སྡེ་བཞིའི་དཔལ་ལ་རོལ་བཞིན་དུ། །བཀྲ་ཤིས་དགེ་ལེགས་སྣང་བས་མཛེས་གྱུར་ཅིག །ཅེས་ཀུན་གཟིགས་མཁན་ཆེན་བླ་མའི་ཞལ་གསུང་བྱིན་ཅན་ལགས།

རྩ་གསུམ་སྲུང་མ་རྒྱ་མཚོར་སྐྱབས་འཇུག་ཞུ་ཡིག

སྐྱབས་སེམས་ཚད་མེད་རྣམ་བཞི་བཅས། ན་མོ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་སོགས་བརྒྱུད་པ་དགུ་ལྡན་གྱི་བླ་མ་དམ་པ་རྣམས་དང༌། ཡི་དམ་དམ་པ་རིགས་བརྒྱ། རྒྱུད་སྡེ་ཆེན་པོ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ལྷ་ཚོགས། སྒྲུབ་སྡེ་ཆེན་པོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས། ཤྲཱི་ཀ་ལ་ཙཀྲ་དུས་ཀྱི་འཁོར་ལོ། དཔལ་ལྡན་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས། དཔལ་རྡོ་རྗེ་འཇིགས་བྱེད་སོགས་ཡི་དམ་དཀྱིལ་འཁོར་རྒྱ་མཚོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་གནས་དང་ཡུལ་གྱི་དཔའ་བོ་དང་མཁའ་འགྲོ། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཟུགས་ཀྱི་སྐུར་བཞེངས་པ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་སོགས་དང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང། སྔགས་སྲུང་ཨེ་ཀ་ཛ་ཊི་སོགས་དམ་པ་ཆོས་སྲུང་བའི་སྡེ་ཚོགས་བསྟན་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་དང༌། ཁྱད་པར་དུ་མཐོང་ཐོས་དྲན་རེག་གི་གྲོལ་བ་བཞི་ལྡན་ཆེན་པོ། མཆོག་གསུམ་ཀུན་འདུས། རྩ་གསུམ་ཀུན་འདུས། སྐུ་གསུམ་ཀུན་འདུས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་གསུང་རྡོ་རྗེ་རྣམ་པ་རྟགས་ཀྱི་གཟུགས་སུ་ཤར་བ། རྡོ་མཁར་ཆོས་ཀྱི་ཕུང་པོ་རྩ་གསུམ་སྲུང་མ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ་ལོ། ༈ །དཔལ་ལྡན་བླ་མ་དམ་པའི་སྐུ་གེགས་ཉེར་འཚེ་ཞི་ནས་རྣམ་དཀར་ཕྲིན་ལས་ཀྱི་སྣང་བ་དམ་པས་ས་གསུམ་ཡོངས་སུ་ཁྱབ་སྟེ། བཤད་སྒྲུབ་ལས་གསུམ་གྱི་མཛད་པ་རྒྱ་མཚོས་ཡངས་པའི་ས་ཆེན་མཐའ་དག་ཁྱབ་ནས། ཐུགས་བཞེད་མཐའ་དག་ཡོངས་སུ་འགྲུབ་པ་དང༌། ཡང་ན། རྒྱུ་འབྱོར་བ་ཡོན་གྱི་བདག་པོ་ཆེ་གེ་མོ་འདིའི་ཕྱི་ནང་གི་འགལ་རྐྱེན་ཉེར་འཚེ་ཐམས་ཅད་ཞི་ཞིང༌། ཕུན་ཚོགས་སྡེ་བཞིའི་དཔལ་གོང་དུ་འཕེལ་ཏེ། ཡང་ན། ཚེ་འདས་ལ་ཚེ་ལས་འདས་པ་མིང་འདི་ཞེས་བྱ་བའི་བར་དོའི་འཇིགས་སྐྲག་ཞི། ངན་སོང་སྐྱེ་སྒོ་ཁེགས་ནས་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་སྟེ། ས་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་བགྲོད་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཅིང༌། ཡང་ན། འདི་ཞེས་ཚེ་གེགས་བར་ཆད་ཞི་ཞིང་འབྱུང་འཁྲུགས་ནད་ཀྱི་དུཿཁ་མཐའ་དག་ལས་གྲོལ་ནས་བདེ་དགའ་རྒྱ་མཚོའི་དཔལ་ལ་རོལ་ཞིང༌། དགེ་ལེགས་ཀྱི་སྣང་བ་དམ་པས་ས་གསུམ་ཡོངས་སུ་ཁྱབ་སྟེ། རྒྱལ་བསྟན་རིན་པོ་ཆེ་འཇིག་རྟེན་ཀུན་ཏུ་དར་ཞིང་རྒྱས་ལ་འགྲོ་ཀུན་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་བདེ་ཞིང་སོགས། སྨོན་ལམ་བྱའོ།། །།ཞེས་པ་འདི་ཀུན་གཟིགས་མཁན་ཆེན་བླ་མས་བསང་གི་མ་ཎིའི་རྡོ་འབུམ་ཆེན་མོའི་སྙན་གསན་ལ་ཆེད་དུ་གསུངས་པ་ལགས།

འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་རྣམ་ཐར་གྱི་ཆ་ཤས་ལ་བྱ་དཀའ་བའི་ལམ་ནས་བསྔགས་པ་དབྱངས་ཅན་དགྱེས་པའི་བཞད་སྒྲ།

ལཉ་ཝར་འཇོག་དགོས།

རྣམ་དག་ལུང་དང་རིགས་པའི་སྤྲིན་ཆེན་བཀོད། །སྙན་འཇེབས་ལེགས་བཤད་དབྱར་གྱི་རྔ་ཆེན་ལྡིར། །རྒོལ་ངན་འཇོམས་པའི་རིགས་མཚོན་ཐོག་ཆར་འབེབས། །ཀུན་གཟིགས་འཇམ་དཔལ་དགྱེས་པའི་རྡོ་རྗེར་འདུད། །མཁས་གྲུབ་བྱེ་བས་རབ་བསྙེན་ལུང་རྟོགས་ཆོས། །མདོ་དང་འདུལ་མངོན་དོན་བཞིན་ངང་ཚུལ་བཙུན། །ངེས་པའི་དོན་དུ་སྲིད་ཞིའི་སྤྲོས་མཚན་ཀུན། །རྒྱུད་དོན་མཐར་ཐུག་དག་མཉམ་གནས་ཚུལ་གཟིགས། །མི་ཕམ་མཆོག་གང་མཁྱེན་རབ་ཀུན་ཏུ་ལེགས་དོན་གཉིས་ངོ་མཚར་རྒྱ་མཚོའི་རྨད་བྱུང་གཏེར། །ཨ་ཛི་ཏ་ཁྱོད་ཤེས་བྱའི་ཕ་མཐའ་གཟིགས། །གཟིགས་པ་དྲི་མེད་ཕུལ་བྱུང་བློ་གྲོས་མཛོད། །ཐོས་ཙམ་ཉིད་ནས་མདོ་རྒྱུད་མི་བརྗེད་གཟུངས། །ལུང་རིགས་མཚོ་ཆེན་ཆོས་ཚུལ་དགོངས་ཀློང་བསྐྱིལ། །སྔ་འགྱུར་རང་ལུགས་གསང་སྔགས་བཀའ་དང་གཏེར། །རྟོགས་ནས་སྣང་བཞི་མངོན་གཟིགས་བསྟན་པའི་བདག །ལུང་རིགས་མན་ངག་གསུམ་ལྡན་ཟབ་དོན་འབུམ། །ཆོས་ཚུལ་རིན་ཆེན་མཛད་བརྒྱ་དུས་གཅིག ཕྱེ། །སྣང་སྟོང་ཟུང་འཇུག་ས་ལམ་དགོངས་དོན་གྱི། །གཏེར ཆེན མཆོག་བརྙེས་དབང་བཅུའི་དབང་ཕྱུག་ཁྱོད། །ལེགས་བཤད་འཛད་མེད་སྤོབས་པའི་གཏེར་ཆེན་མཛོད། །མཛོད་ཀྱི་གནས་མཆོག་ཟབ་གཏེར་ཆོས་བསྟན་བཀའ། །ཐོས་ཀུན་མི་བརྗེད་དྲན་པའི་གཏེར་བརྒྱའི་མཛོད། །མཛོད་མཆོག་གཏེར་བཟང་བློ་གྲོས་བློ་ལྡན་དཔལ། །རྗེ་ཁྱོད་གཟུངས་དང་ཏིང་འཛིན་རྣམ་དཀར་གྱི། །མཆོག་གྲུབ་འཕགས་ཆེན་རྣམ་ཐར་བདག་གིར་མཛད། །སྔར་མེད་ལེགས་བཤད་ཚད་མ་རྣམ་གསུམ་གཏེར། །གཏེར་གྱི་དངོས་མཆོག་མཁས་ཁྱོད་ཐུགས་ལས་རྡོལ། །བརྩེ་ཆེན་སྤྲིན་ལས་ཕན་བདེ་ལེགས་བསྐྲུན་པའི། །སེམས་དཔའ་གང་གི་ཕྲིན་ལས་བསྟན་འགྲོའི་གསོས། །སྙིང་སྟོབས་འགྲོ་ལ་ཕན་བདེའི་མཛད་བཟང་སྒྲུབ། །བྱང་སེམས་ཡོན་ཏན་མཆོག་གིས་ཀུན་ནས་མཛེས། །ཐོས་བསམ་སྒོམ་པ་མཐར་སོན་བདེན་དོན་གཟིགས། །མངའ་བདག་རྒྱལ་བའི་སྲས་ཁྱོད་འཛམ་གླིང་བརྒྱན། །གང་གི་མཛད་པ་སྐལ་བཟང་གདུལ་འགྲོའི་དོན། །དཔལ་གྱི་འབྱུང་གནས་སྨིན་བྱེད་དབང་བཞིའི་མཛོད། །སྒྲུབ་པོའི་དཔལ་དུ་གདམ་པའི་བདུད་རྩི་ཉིད། །གསུམ་ཕྲག་གྲངས་ལྡན་བརྒྱུད་པ་འཛིན་པའི་མཆོག །བཟང་པོའི་བློ་མཆོག་འགྲོ་ཀུན་མ་བཞིན་མཉམ། །མཆོག་གཟིགས་རྗེ་ཁྱོད་འཇམ་དབྱངས་ཉིད་དུ་གྲུབ། །ཟུར་དང་ཕྱོགས་ཀྱི་ཕྱི་རིམ་དཀྱིལ་ཉིད་དུ། །སྤོབས་པའི་གཏེར་ལྡན་མཁས་བཙུན་བཟང་གྲུབ་སྟོན། །མདོ་དང་རྒྱུད་ཀྱི་ལམ་རིམ་མཆོག་ཉིད་དང་། །མཁྱེན་པའི་དཔལ་ལྡན་རྗེ་བཙུན་མཁས་གྲུབ་བསྔགས། །ཐེག་མཆོག་ངེས་དོན་ཟབ་མོའི་དགོངས་དོན་རྟོགས། །སྙིང་བརྩེ་བྱང་ཆེན་ཕར་ཕྱིན་སྤྱོད་ལ་དབང༌། །བདུད་ཀྱིས་མི་ཐུབ་ནུས་སྟོབས་ཡོངས་སུ་རྫོགས། །མཚོ་སྐྱེས་རྒྱལ་བའི་ཕྲིན་ལས་བྱེད་པོར་ཤོག །དེ་ལྟར་བསྟོད་ཚིག་ཀུན་བཟང་འཁོར་ལོ་འདི་ཉིད་འཇུ་མོ་ཧོར་དགོན་གྱི་གཙུག་ལག་ཁང་གི་སྒོ་ཁྱམས་ལ་ཆེད་དུ་ཨ་རིག་པཎ་ཆེན་བླ་མས་བྲིས་གནང་མཛད་པ་ཡིན་ནོ། །

གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱི་གསང་གསུམ་གྱི་ཡོན་ཏན་ལ་ཆེད་དུ་བརྗོད་པའི་ཀུན་བཟང་འཁོར་ལོ།

ན༵མ་ཡང་གཞོམ་མེད་མཐའ་བརྒྱད་བློ་འདས་ནང་གསལ་ཆོས་སྐུའི་མཁ༵འ་དབྱིངས་སུ། །འཇི༵གས་བཅས་འཕོ་བའི་ཚུལ་ལས་རབ་འདས་ལྷུན་གྲུབ་འགགས་མེ༵ད་ལོངས་སྐུའི་སྤྲིན། །སྐལ་བཟང་ཞིང་སར་སྨིན་གྲོལ་གདམས་པའི་གྲུ་ཆར་ལེགས་འབེབས་སྤྲུལ་པའི་སྐུ། །རིགས་བརྒྱའི་ཁྱབ་བདག་ན༵མ་མཁ༵འི་མཚན་ཅན་རྣམ་གསུམ་དད་བརྒྱའི་སྤྱི་བོས་བསྙེན། །དཔལ་གྱི་མཛོད་མཆོག་བྱང་སེམས་ནོར་བུའི་དཔལ། །གཉེན་ཙམ་མ་ཡིན་ཇི་སྙེད་འགྲོ་ཁམས་དང༌། །བཤེས་མེད་ངན་འགྲོར་བརྩེ་བའི་རྣམ་ཐར་ལེགས། །ཡངས་ཤིང་རྒྱ་ཆེ་ཐེག་ཆེན་སྣང་སྟོང་ཚོགས། །ཀློང་གྱུར་རྣམ་ཐར་གསུམ་གྱི་ཆོས་སྒོ་འདུ། །མ་ལུས་རྒྱལ་བའི་སྨོན་ལམ་རྗེས་འགྲོ་བའི། །པད་དཀར་ལྟ་བུར་ཉེས་ཚོགས་དྲི་མ་སྤངས། །ལྡན་གྲོལ་གཉིས་ཀྱིས་སྡེ་སྣོད་དགོངས་དོན་རྟོགས། །དཔལ་ལྡན་མཁྱེན་མཆོག་རྒྱན་ལྡན་དོན་གྱི་དཔལ། །ངེས་ལེགས་ལམ་སྟོན་དེད་དཔོན་ཀུན་གྱི་རབ། །དུ་མ་རོ་གཅིག་རྟོགས་པའི་ལྟ་སྤྱོད་བརླིང༌། །མཆོག་ཏུ་རྨད་བྱུང་བསླུ་མེད་རྒྱལ་བའི་བཀའ། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་རྣམ་གསུམ་དང༌། །རྣམ་བཅས་རྣམ་མེད་བསྐྱེད་རྫོགས་རིམ་པ་ཡང༌། །དབང་བཞིའི་ལམ་གྱིས་སྟོན་པའི་དགོངས་དོན་ཟབ། །རྒྱལ་དབང་མཚོར་འཁྲུངས་དགོངས་ཟབ་གདམ་པའི་གཏེར། །ཆེན་པོ་གསུམ་གྱི་ཆོས་མཛོད་ཕྱེ་བ་ལ། །འཕགས་པས་རྟོགས་བཞིན་མཆོག་གྲུབ་ཡོངས་རྫོགས་དབང༌། །མཆོག་ཏུ་རབ་གསང་སྐུ་གསུམ་སྟོན་པ་མཆོག །དབང་བཅུ་བརྙེས་ཁྱོད་གསང་ཆེན་ཐེག་མཆོག་གི །གྲུབ་པ་བཞི་ལྡན་སྦྱོར་སྒྲོལ་དོན་གྱི་གནད། །མེད་དང་ཡོད་མཐའ་ལས་འདས་དེ་ཉིད་སྟོན། །འཇིགས་བཅས་ཆོས་ཅན་ཟད་པ་ནཱ་དའི་གསུང༌། །མཁའ་བཞིན་མཐའ་བྲལ་ཐུགས་ཀྱི་གསང་བ་ཟབ། །ནམ་ཡང་གཞོམ་མེད་ནང་གསལ་བུམ་སྐུའི་ཆོས། །གཟིགས་པ་དྲི་མེད་བློ་འདས་དག་མཉམ་ཚུལ། །མཆོག་ལྡན་དོན་གཟིགས་མཁྱེན་ཁྱོད་སྐུ་གསུམ་མཆོག །གྲུ་བཞི་རྣམ་གསུམ་རིམ་བཞིན་མཚན་ཉིད་དང༌། །སྔགས་དང་ཡང་གསང་རྫོགས་ཆེན་རྣལ་འབྱོར་སྟོན། །ཕྱོགས་བཞིན་སྐུ་གསུམ་དོན་བཞི་ཆོས་ཉིད་ཚུལ། །བཀའ་དང་ངེས་གསང་གཏེར་ཆེན་དབང་འབྱོར་བསྔགས། ༡ །བགྲང་ཡས་བསྐལ་པར་བདེན་ལྡན་སྨོན་པའི་དྲང་སྲོང་མཆོག་གིས་ལེགས་བསྐྲུན་པའི། །ཤིན་ཏུ་དཔག་དཀའ་རྨད་བྱུང་ཐུགས་བསྐྱེད་གསེར་གྱི་འདབ་ཅན་ལ་ཞོན་ནས། །འགྲོ་ཁམས་ཡོངས་ལ་ཕན་བདེའི་མཛད་བཟང་བཅུ་ཕྲག་འཇུག་པའི་རྣམ་རོལ་སྟོན། །སྔ་འགྱུར་བཀའ་གཏེར་བསྟན་པའི་དབྱིག་ལྡན་ཀུན་ནས་འདེགས་བཟོད་པད་དཀར་མིག ༢ །འོད་གསལ་སྣང་བཞི་རྫོགས་པའི་ལྷུན་པོའི་སྤོར། །བློ་འདས་ཆོས་སྐུའི་རྒྱལ་ཐབས་ལ་རོལ་ནས། །ཟག་མེད་མཁྱེན་པའི་སྤྱན་སྟོང་རྣམ་པར་བཀྲ། །སྟོབས་བཅུའི་རྩེ་བརྒྱ་འཛིན་པ་ཁྱོད་མིན་ནམ། ༣ །དྲུག་ལྡན་བརྒྱུད་པའི་ཆུ་གཏེར་ལས་འོང་བའི། །དག་ཆེན་དགོངས་པའི་གཏེར་གྱི་ག་བུར་དབང༌། །རྨད་བྱུང་ཟབ་བཅུད་འོད་སྣང་བརྡལ་བཞིན་དུ། །ཐར་འདོད་ཀུན་དའི་རྒྱན་དུ་ཁྱོད་ཀྱིས་དྲངས། ༤ །མཐའ་དྲུག་གིས་བཏབ་གསང་ཆེན་ཏནྟྲ་ཆེ། །མཚན་རྟོག་དྲི་མ་འཁྲུད་པ་ལྷའི་ཆུ་བོ། །མགོན་ཁྱོད་ཐུགས་ཀློང་རལ་བའི་རྒྱན་དུ་བྱས། །སྔོན་མེད་དེ་ཝི་ཤྭ་ར་གྲུབ་དབང་ཁྱོད། ༥ །བདེ་སྟོང་དབྱིངས་ཀྱི་ཕྱག་རྒྱའི་ལུས་ཕྲ་མར། །རྗེས་ཆགས་དགའ་བའི་གདོང་བཞིའི་རོལ་རྩེད་དང༌། །བགྲང་ཡས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་དཔྱིད། །འཁོར་འདས་ཡོངས་ཀྱི་མེས་པོ་ཁྱོད་མིན་ནམ། ༦ །མགོན་ཁྱོད་རྣམ་ཐར་ཁྱབ་འཇུག་དཔའ་བོའི་གནས། །གྲངས་མེད་ཡོན་ཏན་དངོས་པོའི་གཏམས་གྱུར་པ། །སྲིད་ཁམས་སྨྲ་བྱེད་གཅིག་ཏུ་སྤུངས་པས་ཀྱང༌། །བརྗོད་ནུས་མིན་ན་བདག་འདྲས་ཇི་ལྟར་སྨྲ། ༧ །འོན་ཀྱང་དད་གསུམ་འདབ་བརྒྱ་བཞད་པ་ལས། །དོན་ཟབ་སྙན་འཇེབས་ཚིག་ཕྲེང་ཟིལ་མངར་ལ། །དཎྜའི་གཞུང་གི་ལེགས་བཤད་དྲི་ཡིས་བགོས། །ཉེས་ཚོགས་རྡུལ་གྱིས་ནོངས་པའི་གོ་སྐབས་དབེན། ༨ །ཚུལ་འདིར་བརྩོན་པའི་རྣམ་དཀར་ལེགས་བྱས་དམ་བཅའ་བཞི་ལྡན་ཙཀྲ་འབར་བའི་དཔལ་རྣོན་པོས། །མི་བཟད་དུས་ཀྱི་རྒུད་པ་ཀུན་དང་འགལ་རྐྱེན་ཉེས་ཚོགས་ལྷ་མིན་མགོ་བོ་ཉེར་བྲེགས་ནས། །བདེ་ལེགས་དགའ་བདེ་ཐུན་མོང་མཆོག་གི་གྲུབ་པ་གཉིས་ཀྱི་ཨ་མྲྀ་ཏ་ཡི་རྒྱུན་བཟང་པོ། །ལུས་ཅན་སུམ་རྩེན་ཚོགས་ཀྱིས་རོལ་ནས་ཁ་སྦྱོར་བདུན་ལྡན་འཆི་བ་མེད་པའི་དཔལ་ཐོབ་ཤོག ༩ །རྨོངས་རྟུལ་བདག་ཀྱང་དེང་ནས་བྱང་ཆུབ་བར༵། །བར༵་ཆད་བདུད་ཚོགས་བཞི་ལས་རབ་ཏུ་རྒྱལ༵། །རྒྱལ༵་དང་དེ་སྲས་ཡོངས་ཀྱི་རོལ་གར་མཆོག༵ །མཆོག༵་གཟིགས་གྲུབ་དབང་ཁྱོད་དང་དབྱེར་མེད་ཤོག ༡༠ །ཐོས་པའི་ཤེས་རབ༵་རབ༵་གྲོལ་སྤོབས་པ་བརྟན། །བསམ་བྱུང་རྣམ་དཔྱོད༵་དཔྱོད༵་པས་ངེས་ཤེས་རྙེད། །སྒོམ་མཆོག་ཏིང་འཛིན༵་འཛིན༵་མེད་དགོངས་དོན་རྟོགས། །གསང་ཆེན་ལམ་མཆོག༵་མཆོག༵་གིས་གྲོལ་བར་སྨོན། ༡༡ །མཛེས༵་མཛེས༵་ངུར་སྨྲིག་ཐུན་མཚམས་མདངས་ཀྱིས་བཀླུབས། །ཟབ༵་ཟབ༵་མདོ་སྔགས་མཁྱེན་པའི་སྤྱན་ཟུང་བཀྲ། །མང༵་མང༵་བགྲང་ཡས་དགེ་འདུན་རིག་གྲོལ་སྡེས། །དཀར༵་དཀར༵་གངས་ཅན་ལྗོངས་ཀུན་མཛེས་པར་ཤོག ༡༢ །ཕུན་ཚོགས་རྣམ་དཀར་ལེགས་བྱས་འོད་སྣང་འབར། །ཕན་བདེ་རིན་ཆེན་བྱེ་བའི་གཏེར་གྱིས་ཕྱུག །དྲི་མེད་རྒྱལ་བསྟན་པད་ཚལ་ཀུན་ནས་རྒྱས། །དུས་ཀུན་དགེ་ལེགས་སྣང་བས་ཤིས་གྱུར་ཅིག །དེ་ལྟར་སྙན་ངག་བྱ་དཀའི་ལམ་ནས་དྲངས་པའི་དཔལ་ལྡན་བླ་མའི་གསང་གསུམ་ཡོན་ཏན་གྱི་ཚུལ་ལས་བརྩམས་པའི་བསྟོད་བསྔགས་ཀྱི་ཚིག་ཕྲེང་ཅུང་ཟད་སྤེལ་བ་པོ་ནི། ལྔ་ཕྲག་རིག་པའི་ལམ་ལ་སྐྱེས་ཐོབ་ཀྱི་ཤེས་རབ་ཤིན་ཏུ་ཕྲ་ཡང་ཡོངས་འཛིན་དམ་པའི་དྲིན་གྱིས་སྦྱངས་པའི་བློ་གྲོས་ཅུང་ཟད་ཙམ་ཐོབ་པའི་ཕྲན་ཆུང་གྱི་ན་བ་དགེ་ལེགས་ཆོས་འཕེལ་ལམ་བརྡ་སྤྲོད་བཏགས་མིང་ཙམ་དུ་དབྱངས་ཅན་དགའ་བའི་གོ་ཆར་འབོད་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾཾ།

མཁན་ཆེན་བླ་མ་ཐུབ་བསྟན་ཆོས་འཕེལ་གྱི་རྣམ་པར་ཐར་པའི་ཚུལ་ལ་བྱ་དཀའི་ལམ་ནས་བསྔགས་པའི་ཀུན་བཟང་འཁོར་ལོ།

འཇམ་དཔལ་གཞོན་ནུའི་མཁྱེན་རབ་བདག་གིར་མཛད། །པད་དཀར་འཆང་བའི་བརྩེ་ཆེན་ཡོངས་སུ་རྫོགས། །གསང་འཛིན་བདག་པོའི་ནུས་པར་མངའ་དབང་འབྱོར། །མགོན་གཅིག་ཐུབ༵་བསྟན༵་ཆོས༵་འཕེ༵ལ་སྤྱི་བོས་བསྟེན། ༡ །གསང་ཆེན་དོན་གྱི་ཆོས་སྐུའི་ཆ་ཤས་རྫོགས། །རྨད་བྱུང་གཟུགས་སྐུའི་རི་བོང་བཀོད་པ་ལ། །དྲི་མེད་བཤད་སྒྲུབ་བདུད་རྩིའི་འོད་བཟང་འགྱེད། །མཁན་ཆེན་བླ་མ་སྔོན་མེད་ཟླ་བའི་དབང༌། ༢ །གང་གི་ཐུགས་བསྐྱེད་སྨོན་པའི་སྤྲིན་ཆེན་ལས། །མདོ་སྔགས་ཆོས་ཀྱི་གྲུ་ཆར་ལེགས་ཕབ་པས། །གདུལ་འགྲོའི་ཞིང་ལ་ལུང་རྟོགས་མྱུ་གུ་རྒྱས། །མཁན་ཆེན་བླ་མ་སྔོན་མེད་ཀླུ་ཡི་དབང༌། ༣ །དྲི་མེད་ཆོས་འདུལ་ཁྲིམས་ཀྱི་རྩ་བ་བརྟན། །སེམས་མཆོག་རྣམ་གཉིས་ཏིང་འཛིན་ཁོ་ལག་རྒྱས། །རྣམ་གསུམ་ཤེས་རབ་འབྲས་བཟང་ཀུན་ནས་འཇོ། །མཁན་ཆེན་བླ་མ་སྔོན་མེད་དཔག་བསམ་ཤིང༌། ༤ །སྐལ་བཟང་སློབ་ཚོགས་འདུལ་ཁྲིམས་རྒྱན་གྱིས་སྤྲས། །སྡེ་སྣོད་གནས་ལ་མཁྱེན་རབ་སྤྱན་དཀྱུས་རིང༌། །རིམ་གཉིས་ལུས་སྟོབས་རྫོགས་པའི་ཚུལ་བསམ་ན། །བགྲང་ཡས་རྒྱལ་བའི་མཛད་པ་ཁྱོད་ཀྱིས་བསྒྲུབས། ༥ །རྣམ་དཀར་ཐུགས་བསྐྱེད་མཆོག་གི་གཟིངས་ཆེན་ལ། །འབུམ་ཕྲག་སྨོན་པའི་དར་ཆེན་ལེགས་སྤྲས་ཏེ། །མཛད་ཕྲིན་དུས་སུ་བབ་པའི་རླུང་ཤུགས་ཀྱིས། །རྗེས་འཇུག་ཐར་མཆོག་གླིང་ཁྲིད་དེད་དཔོན་ཁྱོད། ༦ །མཐའ་ལས་རབ་འདས་རྗེ་ཁྱོད་མཛད་པའི་གཤིས། །སྟོང་ཕྲག་ཉིན་བྱེད་གཟི་ཡིས་མཚོན་མིན་ལ། །འབུམ་ཕྲག་ནོར་བུའི་གཏེར་གྱིས་ཀྱང་མ་ཡིན། །གཞལ་དཀའ་ལྷ་ལམ་འདིས་ཀྱང་ཇི་ལྟར་མཚོན། ༧ །འོན་ཀྱང་ལྔ་ཕྲག་རིག་ལམ་སིན་དྷུ་ལ། །སྙན་ངག་རྒྱན་གསུམ་འདབ་སྟོང་ཕང་ཕུང་གཡོ། །བྱ་དཀའ་སྒྲ་རྒྱན་ཟིལ་མངར་ཕྱུར་བ་འདི། །དཀར་མིན་ངག་གི་ལས་ཀྱི་གཉེན་པོར་བྱས། །མགོན་ཁྱོད་མདོ་སྔགས་གཞུང་ལུགས་ཀུན་ལ་མཁས། །བཙུན་ཚུལ་རྨད་བྱུང་སྙིགས་འགྲོ་ཡོངས་ཀྱི་མགོན། །ཁྱོད་གཅིག་གངས་ཅན་མཁས་བཙུན་ཀུན་གྱི་མཆོག །ཚུལ་ལྡན་མང་ཐོས་དབུས་ན་ཁྱོད་གཅིག་མཆོག །དྲི་མེད་ཐུབ་བསྟན་སྙིང་པོ་ངེས་དོན་གཟིགས། །མ་ལུས་འགྲོ་ལ་བརྩེ་ཆེན་ཐུབ་པའི་སྲས། །ལྔ་རིག་བཀའ་བསྟན་མཁྱེན་པའི་ཡེ་ཤེས་སྤྱན། །སྨད་འདུལ་དྲི་མེད་རྒྱལ་བསྟན་ཁྱོད་ཀྱིས་སྤེལ། །ཐར་གླིང་དེད་དཔོན་ཆོས་ཀྱི་བཤེས་གཉེན་རྗེ། །འདུལ་བ་སྟོད་ལུགས་ཆོས་ཚུལ་འཆད་ཉན་བསྐྱང་། །ཆོས་འདུལ་མ་དྲོས་ཀླུང་འཕེལ་སྟོན་པ་ཁྱོད། །འཛིན་མར་ཆོས་འཕེལ་མཛད་ཕྲིན་ནོར་བུས་གཏམས། །འགོག་ལམ་ཡོན་ཏན་བརྒྱད་ལྡན་བསྟན་དོན་མཁྱེན། །ཀུན་གཟིགས་བསྟན་པའི་མངའ་བདག་རྒྱལ་བ་དངོས། །རིག་གྲོལ་སྤོབས་པའི་ཡོན་ཏན་ཀུན་འཛིན་རབ། །ལས་འཛིན་རྩ་བ་བདག་སྲིད་དྲི་མ་སྤངས། །འཆད་རྩོད་གནས་ལ་ཕྱོགས་གླང་བཞིན་ཏུ་མཆོག །མཆོག་ཏུ་ཀུན་བརྩེ་ལེགས་ཕན་གཞན་དོན་ཐབས། །རྩོམ་པའི་རྣམ་ཐར་དཔའ་བོ་ལྟ་བུར་མཆོག །མཆོག་ལྡན་དེ་ཉིད་སྟོང་ཆེན་དོན་རབ་ཤེས། །མཁྱེན་རབ་སྤོབས་པས་མཆོག་དམན་རྗེས་འཛིན་མཛད། །རིག་འཛིན་ས་མཆོག་ལ་གནས་གྲུབ་པའི་རྗེ། །བརྩེ་ཆེན་གཞན་ཕན་ཐུགས་ཀྱིས་བསྟན་དོན་འཆད། །སྔགས་ཀྱི་བསྟན་ལ་སུམ་དོན་རྡོ་རྗེ་འཛིན། །ནུས་མཐུ་ཚད་མེད་རབ་འཕེལ་སྙིགས་འགྲོའི་དོན། །ཐོབ་བྱས་འབྲས་འཕེལ་ཚོགས་གཉིས་དཔལ་གྱིས་ཕྱུག །མཚན་ཉིད་རྒྱུ་ཡི་ཆོས་ཀུན་ཐུགས་ལ་ངེས། །མངོན་སུམ་འགྲོ་ཀུན་ཆོས་དཀར་གནས་ལ་འགོད། །རྨད་བྱུང་སྔགས་བསྟན་ཟབ་བཅུད་ཁྱོད་ལས་བྱུང་། །ལྔ་བདོའི་དུས་འདིར་ཐུབ་བསྟན་རྒྱལ་མཚན་འཛིན། །ངེས་གསང་ཐུབ་བསྟན་རྫོགས་ཆེན་རྣལ་འབྱོར་ཕུལ། །སྐུ་གསུམ་སར་བསྒྲོད་བདུད་སྡེ་ཐུབ་པར་བྱས། །སྐྱབས་གཅིག་རྗེ་ཁྱོད་གཞན་དོན་ལ་བརྩོན་པ། །བྱ་རྩོལ་འདས་པའི་དགོངས་ཀློང་མཆོག་གཅིག་རྟོགས། །མགོན་ཁྱོད་རྣམ་ཐར་སྡེ་སྣོད་གསུམ་ལས་བཤད། །སྒྲུབ་བརྩོན་རྗེ་ཁྱེད་བདག་སོགས་ཡོངས་ཀྱི་མགོན། །དང་པོ་དབུས་ནས་མཐའ་བར་རྫོགས་པར་ཀློག ཟུར་བཞིར་མཚན་གྱི་རྣམ་པ་ལེགས་པར་བྲིས། །སེར་པོ་ཕྱི་ནས་དབུས་བར་དག་པར་ཐོན། །ཕྱོགས་བཞིར་དོན་གྱི་བསྟོད་པ་སྙན་པར་བརྗོད། །ཚིག་དོན་མདོ་སྔགས་དོན་རྫོགས་མཛེས་ཆོས་ལྡན། །མཁས་གྲུབ་གཉིས་ལྡན་སྙན་ཚིག་རྒྱན་གྱིས་བསྔགས། །གནད་དོན་གསང་སྔགས་ལམ་རྫོགས་ཁྱད་ཆོས་བརྗོད། །མཆོག་གྲུབ་དོན་ལྡན་བསྟོད་ཚིག་ལམ་གྱིས་དྲངས། །སླར་སྨྲས་པ། ༡ །བསིལ་ལྡན་མཁས་གྲུབ་ཤིང་རྟ་བཅུ་པའི་རིགས་ལས་ལེགས་འཁྲུངས་གནས་ལྔ་རིག་པའི་སྒྱུ་རྩལ་མཐའ་ཀླས་ཁོང་དུ་ཆུབ། །ཆེར་སྙིགས་ལྔ་བདོའི་ལུས་ཅན་སཱི་ཏར་རྗེས་ཆགས་བརྩེ་བས་བགྲོད་དཀའི་སྲིད་པའི་ཆུ་གཏེར་ལ་ཡང་རབ་ཞུགས་ནས། །མཁྱེན་རབ་སྤོབས་པའི་ཉག་ཕྲན་རྣོན་པོས་ཉེས་ལྟུང་བཅས་པའི་མ་རྟོགས་ལོག་རྟོག་གདོང་བཅུའི་མགྲིན་པ་ལེགས་བཅད་དེ། །དམ་པའི་ཚུལ་དགུའི་རྒྱལ་ཐབས་ལ་རྩེན་ཆོས་ཀྱི་རྒྱལ་པོ་མཁན་ཆེན་བླ་མ་ཐུབ་པའི་མཚན་གྱིས་སླར་ཡང་སྐྱོངས། ༢ །མ་ལུས་ཤེས་བྱ་གཟིགས་པའི་མཁྱེན་རབ་རྫོགས། །དུས་སྙིགས་འགྲོ་བ་མི་གཏོང་བརྩེ་བས་འཛིན། །རྒྱལ་བསྟན་ཡོངས་རྫོགས་འདེགས་པའི་ནུས་སྟོབས་ལྡན། །རྒྱལ་སྲས་རིགས་གསུམ་སེམས་དཔའ་ཁྱོད་གཅིག་པུ། ༣ །དྲི་མེད་རྒྱལ་བསྟན་རབ་དཀར་གངས་རིའི་སྤོར། །རྨད་བྱུང་མཁྱེན་རབ་རྩལ་གསུམ་ཡོངས་སུ་རྫོགས། །རབ་བརླིང་ཚད་མ་གསུམ་གྱི་སྡེར་ཁྱིམ་བགྲད། །ལུང་རྟོགས་གཡུ་རལ་གསིག་པ་ཁྱོད་ལས་སུ། ༤ །འདི་སྣང་ཆོས་བརྒྱད་རུལ་བའི་རོ་བཞིན་དོར། །ཀུན་སྤངས་སྦྱངས་ཡོན་བཅུ་གཉིས་རྣམ་ཐར་འཛིན། །གཡོ་མེད་བརྩེ་བས་རྗེས་འཇུག་ལེགས་པར་སྐྱོང། །བྱ་བཏང་མཆོག་ཁྱོད་སེམས་དཔའ་ཆེན་པོར་ངེས། ༥ །རྒྱལ་བ་མཉམ་མེད་དེ་ཡིས་ཡང་དང་ཡང༌། །སྟོན་དང་བསྟན་པ་གཉིས་ཞེས་ཆེར་བསྔགས་པ། །དྲི་མེད་ཆོས་འདུལ་འབུམ་ཕྲག་ཉིན་བྱེད་དབང༌། །བརྟན་མཁས་ཡོན་ཏན་དཔལ་གྱི་ཤིང་རྟས་དྲངས། ༦ །སྟོང་སྒོམ་མུན་པར་ཞེན་པའི་སྒོམ་ཆེན་འགའ། །སྲིད་རྩེའི་འདུ་བྱེད་སྒྲུབ་ལ་བྲེལ་བ་རྣམས། །ཁྱོད་གསུང་སྡེ་སྣོད་གསུམ་གྱི་དབྱར་སྐྱེས་རྔས། །རྨོངས་པའི་གཉིད་སློང་རྣམ་གསུམ་ཤེས་རབ་བསྐྱེད། ༧ །ལྟུང་བའི་རྒྱུ་བཞིའི་ཡལ་འདབ་གཡོ་བའི་རྩེར། །དཀར་མིན་འཆལ་སྤྱོད་ཉེས་པས་སྦགས་པ་གང༌། །རྗེ་ཁྱོད་མཛད་བཟང་ཆོས་འདུལ་བདུད་རྩིས་ཆུས། །ལེགས་བཀྲུས་ངེས་ལེགས་འཆི་མེད་གནས་ལ་བཀོད། ༨ །རྟོག་གེ་ཟོལ་མའི་ཚིག་སྐམ་འཇའ་རིས་དང༌། །རྫུན་གཏེར་ཟོག་པོའི་བསླུ་ཆོས་དུག་ལྡན་ཟས། །གཉིས་ཀ་མི་བསྲུན་བདུད་ཀྱི་ལས་ཡིན་ཞེས། །ཁྱོད་ཞབས་བསྟེན་རྣམས་ཆོས་དང་ཆོས་མིན་འབྱེད། ༩ །དེ་སླད་དམ་པ་ཁྱེད་ཞབས་འཁོར་ལོའི་མཚན། །སྤྱི་བོར་ཐོབ་པའི་སྐལ་བཟང་ཡོངས་འདུ་དབང༌། །དྲི་མེད་འདུལ་ཁྲིམས་རྩ་བ་རབ་ཏུ་བརྟན། །རྣམ་གསུམ་ཤེས་རབ་རྫོགས་པའི་ཁོ་ལག་རྒྱས། ༡༠ །བགྲང་ཡས་སྐུ་གསུམ་ཞིང་གི་མགོན་པོ་མཆོག༵ །མཆོག༵་ཏུ་མི་འགྱུར་བྲལ་སྨིན་ཡོན་ཏན་ཉིད༵། །ཉིད༵་ཀྱི་གསང་གསུམ་ངང་ལ་རྫོགས་པའི་ཚུལ༵། །ཚུལ༵་དེ་ཆོས་ཉིད་རིགས་པས་ལེགས་པར་གྲུབ། ༡༡ །དེ་ལྟར་སྡེབ་ལེགས་ཚིག་གི་སྲད་བུ་ལ། །རྣམ་དཀར་ཤེས་བརྩོན་སོར་མོའི་འདུ་འགོད་ཀྱིས། །ཕུལ་བྱུང་དོན་བཟང་ནོར་བུའི་ཕྲེང་བ་འདི། །མགོན་པོ་གང་ལ་གུས་པའི་བློ་ཡིས་བསྐྲུན། ༡༢ །གང་དེའི་ལེགས་བྱས་གསེར་གྱི་ཤིང་རྟ་ཡིས། །གངས་ཅན་སྐལ་བཟང་བདུན་ཕྲག་རི་ཡི་བླར། །རྒྱལ་བསྟན་འོད་སྟོང་དཀྱིལ་འཁོར་སླར་དྲངས་ནས། །མདོ་སྔགས་སྣང་བ་ནུབ་མེད་འབར་གྱུར་ཅིག ༡༣ །བླུན་རྨོངས་ལྐོག་ཤལ་འཕྱང་བའི་ཕྲན་བུ་ཡང༌། །དུས་སྙིགས་ཁལ་གྱིས་ནོན་པ་རིང་དུ་དོར། །རྣམ་གསུམ་སྡེ་སྣོད་ལྟ་བའི་མིག་བགྲད་ནས། །དྲི་མེད་བསླབ་གསུམ་ཤ་ཚུགས་བརྟན་པར་ཤོག ༡༤ །རྒྱ་ཆེན་མང་ཐོས༵་ལུང་གི་མ་དྲོས་ཀླུང༌། །བསམ༵་བྱུང་སྤྱོད་པའི་རིགས་ལམ་ལྦུ་ཕྲེང་གཡོ། །སྒོམ༵་པའི་ཏིང་འཛིན་འཕགས་ལམ་ནོར་བུས་གཏམས། །རྒྱལ་བསྟན་མཚོ་ཆེན་རྫོགས་པར་བཏུང་བར་སྨོན། ༡༥ །འཆད༵་པའི་ཤིང་རྟས་བློ་གྲོས་ཉིན་བྱེད་དྲངས། །རྩོད༵་པའི་རལ་གྲིས་ཕས་རྒོལ་མགོ་བོ་བྲེག །རྩོམ༵་པའི་ལེགས་བཤད་མདོ་སྔགས་རྒྱན་དུ་མཛེས། །མགོན་ཁྱོད་ཕྲིན་ལས་སྐྱོང་བར་སྙིང་ནས་སྨོན། ༡༦ །བཤད༵་པ་མཁས་པས་གཞུང་ལྟར་འཁྲུལ་བ་སྤངས། །སྒྲུབ༵་འབྲས་གྲུབ་བརྙེས་གོང་མའི་རྗེས་ཟིན་པ། །རྣམ་དཀར་ཕྲིན་ལས༵་བསྟན་འགྲོའི་གསོས་སུ་སྨིན། །མགོན་ཁྱོད་རྣམ་ཐར་ཟིན་པར་ལེགས་པར་སྨོན། ༡༧ །འདིར་འབད་ལེགས་བྱས་སྐལ་ལྡན་ཤིང་རྟའི་ཆབ། །དུས་གསུམ་རྣམ་དཀར་སིན་དྷུའི་གཏེར་ཆེན་དང༌། །ལྷན་ཅིག་སྲིད་འགྲོའི་ཉེས་ཀུན་བཀྲུ་བའི་ཕྱིར། །འཇམ་མགོན་གཞོན་ནུས་ཡོངས་བསྔོའི་རྗེས་ལ་གཞོལ། ༡༨ །སྐྱབས་མཆོག་བླ་མའི་ཐུགས་བསྐྱེད་ཆུ་འཛིན་ལས། །བདེ་ལེགས་རིན་ཆེན་བྱེ་བའི་ཆར་རྒྱུན་གྱིས། །སྙིགས་ལྔའི་དུཿཁས་གདུང་བ་རིང་སྤངས་ནས། །ཕན་བདེ་འཛད་མེད་གཏེར་གྱིས་ཤིས་གྱུར་ཅིག །དེ་ལྟར་ཐུགས་རྗེ་དང་བཀའ་དྲིན་མཚུངས་པ་མེད་པའི་དེད་དཔོན་ཆེན་པོ། མཁན་ཆེན་བླ་མ་ཐུབ་བསྟན་ཆོས་འཕེལ་བཟང་པོའི་རྣམ་པར་ཐར་པའི་ཚུལ་ལ་གུས་པས་དྲངས་པའི་བྱ་དཀའི་ལམ་ནས་བསྔགས་པ་འདི་ནི། དམ་པ་གང་གི་ཞལ་སློབ་ཡོངས་ཀྱི་གྲལ་མཐར་འཁོད་པའི་བཅུ་ཕྲག་རིག་པའི་ལམ་ལ་བློ་གྲོས་ཀྱི་འཇུག་པ་ཕྲ་བའི་ཕྲན་ཆུང་གྱི་ན་བ་གཙུག་ལག་གི་བཏགས་མིང་དུ་དབྱངས་ཅན་དགའ་བའི་གོ་ཆར་འབོད་པས། རབ་རྒྱན་མེ་རྟ་ལོའི་ཟླ་གཉིས་པའི་དཀར་ཕྱོགས་དགའ་བ་གཉིས་པའི་ཚེས་ལ་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལཾ།

དཔལ་ལྡན་བླ་མ་དམ་པའི་རྣམ་ཐར་ཟག་མེད་ཡོན་ཏན་རྒྱ་མཚོའི་གནས་ལས་ཕྱུང་བའི་ཆ་ཤས་ངོ་མཚར་བདུད་རྩིའི་ཟིལ་དངར།

༄༅། །དཔལ་ལྡན་བླ་མ་དམ་པའི་རྣམ་ཐར་ཟག་མེད་ཡོན་ཏན་རྒྱ་མཚོའི་གནས་ལས་ཕྱུང་བའི་ཆ་ཤས་ངོ་མཚར་བདུད་རྩིའི་ཟིལ་དངར་ཞེས་བྱ་བ་བཞུགས་སོ། །

༡ ཁྱད་ཆོས་དྲུག་གི་ཐོག་མའི་གཞི་ལ་མངོན་བྱང་ཆུབ་ནས་ཡེ་ཤེས་སྣང་བའི་རྩལ་ཆེན་རྫོགས། །ཟག་པ་མེད་པའི་རང་སྣང་ཡོངས་དག་བདུན་ལྡན་གར་གྱི་འཕོ་མེད་ལོངས་སྐུའི་སྤྲིན་ཆེན་བཀོད། །སྣ་ཚོགས་སྒྱུ་མའི་རྣམ་པར་རོལ་པས་གང་འདུལ་ཐབས་ཆེན་འགྲོ་གནས་ཁྱབ་པར་སྤྲུལ་པར་ཤར། །སྐུ་གསུམ་ཡོངས་རྫོགས་མངའ་བདག་འདྲེན་མཆོག་ན༵མ་མཁའ༵་འཇིགས༵་མེད༵་ཚེ་རབས་ཕྲེང་བར་གཏན་གྱི་སྐྱབས།༢ །མགོན་ཁྱོད་སྙིགས་ལྔའི་འགྲོ་ལ་རྗེས་ཆགས་པས། །རབ་ཟབ་གདམས་པའི་བདུད་རྩིའི་སྒོ་ཕྱེ་ཞིང༌། །སྣང་སེམས་དབང་བསྒྱུར་རྨད་བྱུང་ཐབས་མཆོག་གིས། །གདུལ་འགྲོའི་བདེན་ཞེན་འཆིང་བ་བཙན་ཐབས་གཅོད། ༣ །ཡེ་ཤེས་སྒྱུ་མའི་བཀོད་པ་གངས་ཅན་མཚོ། །རྣམ་མཁྱེན་ཉིད་ལས་གཞན་གྱིས་གཞལ་འོས་ཅི། །འོན་ཀྱང་དད་པའི་མྱུ་གུ་སློང་བའི་ཕྱིར། །ཆ་ལས་ཆ་ཙམ་ངག་གི་ལམ་དུ་སྤེལ། ༤ །རྗེ་ཉིད་མཚན་དཔེའི་དཀྱིལ་འཁོར་ཤར་ཙམ་ན། །འཇམ་དཔལ་ཡི་གེ་དྲུག་པའི་རིག་སྔགས་ཆེ། །ཐོགས་མེད་བཟླས་པས་འཁོར་ཀུན་དད་ཅིང་བསྔགས། །སྐྱེས་ཐོབ་བློ་གྲོས་འདབ་བརྒྱའི་ཟེའུ་འབྲུ་དགོད། ༥ །སྔོན་སྦྱངས་ཟག་མེད་ཡེ་ཤེས་ནོར་བུའི་འོད། །མངལ་གྱི་དྲི་མས་མ་སྦགས་མངོན་རྟགས་སུ། །མིང་གཞིའི་ཡི་གེའི་གཟུགས་དང་སྒྲ་གདངས་སོགས། །མ་བསླབས་མཁྱེན་པའི་འོད་སྣང་རྣམ་པར་བཀྲ། ༦ །སྣང་ཚུལ་གཞོན་ནུའི་རོལ་རྩེད་ལ་རྩེན་ནས། །ཕུག་རོན་བྱེའུ་མདའ་རྡོས་བསད་པ་ཡང༌། །ཉིན་ཞག་འདས་མཚམས་ཤི་བ་སླར་བསླངས་ནས། །འདབ་མའི་ཟློས་གར་བསྒྱུར་བའི་བྱ་བ་བཀོད། ༧ །རཏྣའི་མིང་ཅན་སྐྱེས་བུའི་ཚེའི་འདུ་བྱེད། །ཉེ་བར་གཏུགས་པའི་ལྐོག་གྱུར་དངོས་པོ་ཡང༌། །ལྷའི་སྤྱན་དྲི་མ་མེད་པས་ལེགས་གཟིགས་ནས། །ལུང་བསྟན་མེ་ལོང་གསལ་བས་གཞན་ཡིད་འཕྲོག ༨ །སུམ་ཐོག་མཁར་གྱི་རྩེ་ལས་འཕུར་ཐབས་ཀྱིས། །མཁའ་ལ་ཐོགས་མེད་བགྲོད་པའི་ངོ་མཚར་གྱིས། །སྐྱེ་བོའི་མིག་ལ་ཡ་མཚན་བཀོད་པ་སྟོན། །སྣང་སེམས་དབང་བསྒྱུར་གྲུབ་པའི་རྩལ་ཆེན་ངོམ། ༩ །གཏིང་བྲལ་མཚོ་ཡི་སྟེང་ནས་གྲོགས་དང་བཅས། །ལེགས་པར་བྱོན་དང་བཞུད་པའི་བརྟུལ་ཞུགས་ཀྱིས། །བྱིས་རྣམས་དད་དང་མོས་པའི་གནས་ལ་བཀོད། །ཆོས་ཀུན་དབང་བསྒྱུར་རྫུ་འཕྲུལ་རྩལ་ཆེན་རྫོགས། ༡༠ །མགོན་ཁྱོད་དྲག་ཤུལ་ཏིང་འཛིན་ལ་རོལ་པས། །བྱད་མས་རྦད་པའི་ཐོག་སེར་སླར་བཟློགས་ནས། །མི་བཟད་གློག་ཞགས་འཁྱུག་པའི་སྒྲ་བརྒྱ་བ། །སྟོབས་བཅོམ་ས་ལ་ཕབ་པའི་དཔལ་རྩལ་ངོམ། ༡༡ །དགུན་དུས་གྲང་རླུང་བདོ་བའི་དུས་ཀྱི་ཚེ། །གསུང་རྟེན་ཆོས་ཕུང་རྡོ་འབུམ་ཆེན་པོ་ལ། །སྒྲོན་མེའི་ཕྲེང་བའི་བཀོད་པ་ལེགས་བསྟར་བ། །མེ་ལྕེ་མི་གཡོ་འཇའ་འོད་རྣམ་པར་བཀྲ། ༡༢ །སྦས་གནས་འགྲིམ་ལ་མངོན་ཕྱོགས་སྐྱེ་བོའི་དབུས། །འབྱུང་འགྱུར་སྟོན་པའི་བདེན་གསུང་མ་ཀུ་ར། །ལྐོག་གྱུར་མངོན་པར་བཀྲ་བའི་གར་མཁན་གྱིས། །དེར་འཁོད་བློ་སྣང་ངེས་ཤེས་གནས་ལ་བཀོད། ༡༣ །རི་ཀླུང་དུ་མས་བསྐལ་བའི་དམག་སྡེ་ཡང༌། །མངོན་སུམ་དངོས་བཞིན་གཟིགས་པའི་མཁྱེན་སྤྱན་གྱིས། །ལེགས་ཉེས་འཆད་པའི་རྣམ་གཞག་གཏན་ཚིགས་ཀྱིས། །ཐེ་ཚོམ་མཁན་ཡང་དད་པའི་སྤུ་ལོང་གཡོས། ༡༤ །ལྷ་དང་ཌཱ་ཀིས་མངོན་སུམ་ལུང་སྟོན་ཞིང༌། །ཀུན་འབྱུང་རྒྱུ་འབྲས་དག་མཉམ་ངོ་བོར་རོལ། །གཡོ་མེད་དགོངས་པ་ཆོས་ཟད་གནས་ལ་ཕྱིན། །ཀུན་བཟང་གདོད་མའི་མགོན་པོའི་ཞལ་སྐྱིན་དངོས། ༡༥ །གསང༵་འཛིན་དགའ་རབ་དཔའ་བོ་ཇི་བཞིན་དུ། །གསང༵་ཆེན་རྒྱུད་སྡེ་རྒྱ་མཚོའི་མཛོད་ལ་དབང༌། །གསང༵་བ་སེམས་ཀྱི་གནས་ལུགས་ལེགས་སྟོན་པས། །གསང༵་སྔགས་བསྟན་པའི་དེ་ཉིད་གསལ་བར་མཛད། ༡༦ །མཚོར་འཁྲུངས་རྒྱལ༵་བ་མཆོག་གི་རྒྱལ༵་ཚབ་ཆེ། །ཟབ་མོའི་ཆོས༵་གཏེར་ལ་དབང་ཆོས༵་ཀྱི་མཛོད། །གྲུབ་པའི་དབང༵་ཕྱུག་ཆེན་པོ་དབང༵་ཅུའི་འབྱོར། །ཕུན་ཚོགས་དགེ༵་མཚན་བྱེ་བའི་དགེ༵་ལེགས་སྩོལ། །ཅེས་པའི་བསྟོད་ཚིག་འདི་ཉིད་ཆོས་བདག་རིག་འཛིན་འགྱུར་མེད་རྣམ་རྒྱལ་གྱིས་ངོ་མཚར་བའི་རྣམ་ཐར་གྱི་སྙིང་བོ་འགའ་ཞིག་ཟིན་བྲིས་སུ་བགྱིས་ནས་འདི་ལྟ་བུ་ཞིག་དགོས་ཞེས་རྩོམ་པར་བསྐུལ་བ་ལྟར་ཀུན་གཟིགས་མཁན་ཆེན་བླ་མས་མཛད་པ་ཡིན་སྐད་འདུག

གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱི་མཛད་པའི་ཆ་ཤས་ལ་བསྟོད་པ།

ཨོཾ་སྭ་སྟི། སྐུ་གསུམ་རྒྱལ་བ་ཀུན་དང་དགོངས་པ་མཉམ། །བརྡ་བརྒྱུད་རིག་འཛིན་རྒྱ་མཚོར་སྤྱོད་ཡུལ་གཅིག །སྙན་བརྒྱུད་མན་ངག་བྱེ་བའི་མཛོད་འཆང་བའི། །བཀའ་བབས་གཏེར་གྱི་མངའ་བདག་བླ་མར་འདུད། །གང་གི་གསང་གསུམ་ལྷ་ལམ་དོ་རས་ཀྱང༌། །ངེས་འོས་མ་ཡིན་ས་མཆོག་བཅུ་བས་ཀྱང༌། །སྤྱོད་ཡུལ་མིན་ན་བདག་འདྲ་བྱིས་པའི་བློ། །ཀུན་རྟོག་བྱེའུའི་རྩལ་གྱིས་ཇི་ལྟར་གཞལ། །འོན་ཀྱང་ངོ་མཚར་གཏམ་གྱི་འོད་ཕྲེང་གིས། །དད་གསུམ་པད་ཚལ་འབྱེད་ལ་སྤྲོ་བ་བརྟས། །གསུང་མཆོག་མ༵་ཎི་མཆོད་སྡོང་བརྩེགས་པ་ལས། །གྲུབ་གཉིས་ཆུ༵་རྒྱུན་འབེབས་པའི་བསྟི་གནས་དེར། །གང་དེའི་དགོངས་ཀློང་ཟག་མེད་ཆོས་ཀྱི་གཏེར། །ཟབ་ལས་ཆེས་ཟབ་རྫོགས་རིམ་བར་དོའི་ཁྲིད། །དམ་གཙང་རྣལ་འབྱོར་ཕོ་མོའི་སྐལ་བཟང་དུ། །བྱིན་རླབས་ཞལ་རླངས་དང་བཅས་སྩོལ་བའི་དུས། །རྨད་བྱུང་ངོ་མཚར་བཀོད་པ་འདི་ལྟར་སྣང༌། །སྣ་ཚོགས་འོད་ལྔ་འབར་བའི་འཇའ་ཚོན་གུར། །ལྔ་ཕྲག་ཚོམ་བུའི་ཐིག་ལེ་གྲངས་མེད་པས། །སྤྲིན་བྲལ་ལྷ་ལམ་ཁེངས་པའི་ཆོ་འཕྲུལ་གྱིས། །དགུན་རར་སྨིན་དྲུག་ཟླ་བ་གཅིག་གི་བར། །དེར་འཁོད་སྐྱེ་བོ་ངོ་མཚར་གནས་ལ་བཀོད། །གང་གི་གསུང་གསང་མགུལ་གྱི་བུམ་བཟང་ལས། །སྨིན་གྲོལ་ཆོས་ཀྱི་ཟབ་གསང་འཆད་པའི་སྒྲས། །གནས་ཡུལ་འགྱང་གིས་བསྐལ་བའི་ཤག་མདོ་སོགས། །སྐྱེ་བོ་དུ་མའི་རྣ་བའི་བདུད་རྩི་རུ། །མངོན་སུམ་མྱོང་སྟེ་རྒྱལ་གསུང་ཁྱད་ཆོས་དངོས། །ཡང་ཅིག་གནས་དེར་རུ་ཤན་མཛད་པའི་སྐབས། །སྙན་འཇེབས་སྒྲ་གསང་ཆེན་པོ་གྲགས་པ་དང༌། །མི་ཡིས་མ་བཀྲོལ་སྣ་ཚོགས་རོལ་མོའི་སྒྲས། །རྣལ་འབྱོར་ཕོ་མོའི་སྙན་གསང་ངོ་མཚར་བྱས། །ཁ་དོག་ལྔ་པའི་དབང་པོའི་ཚོན་རིས་ཀྱིས། །རེ་ཁཱ་གསར་བའི་འོད་ཕྲེང་ཅིར་ཡང་བཀྲ། །དེ་བཞིན་རྩ་རླུང་རིས་འབུད་མཛད་པའི་སྐབས། །ཌ་དྲིལ་རྐང་གླིང་འཁྲོལ་བའི་སྒྲ་སྐད་ཀྱིས། །འུ་ཅོར་ཤོད་དང་མཛོ་རྒན་སྒང་སོགས་སུ། །རྫི་འུར་འཁོད་པའི་སྐྱེ་བོ་ངོ་མཚར་བྱས། །འདི་ལས་དཔག་ན་གཞོམ་བྲལ་རྡོ་རྗེའི་གསུང༌། །ཇི་བཞིན་དབྱིངས་ནས་ཕབ་པའི་ལག་རྗེས་དངོས། །ཡང་ཅིག་བགྲང་བྱ་རྗེས་མ་གསར་ཚེས་ཀྱི། །སྔར་གྱི་ཆོས་གསུངས་དགུན་ར་ཤར་བའི་དུས། །དྲི་མེད་འོད་ལྔ་འབར་བའི་འཇའ་གུར་དང༌། །དུང་ཆེན་སྦྲེལ་མ་ལྟ་བུའི་སྒྲ་གསང་དག །གནས་དེའི་སྐྱེ་བོའི་མངོན་སུམ་ཡུལ་དུ་སྣང༌། །འཕོ་མེད་དུས་ལ་དབང་བའི་གྲུབ་རྗེ་དེས། །དུས་ཀྱང་དཔའ་བོའི་འདུ་བར་བྱིན་བརླབས་པའི། །དན་དཔང་ཕྱི་རབས་ཡུལ་དུ་བཞག་མིན་ནམ། །ཡང་ཅིག་བགྲང་བྱ་སྔོན་མའི་དུས་ཀྱི་ཚེ། །གསུང་མཆོག་མཆོད་སྡོང་བཞུགས་པའི་བསྟི་གནས་དེར། །ཟབ་ལམ་གཅོད་ཀྱི་གདམས་ཁྲིད་བསྩལ་བའི་དུས། །ཡར་མར་ཚེས་བཅུའི་ཚོགས་ཀྱི་དགའ་སྟོན་སྐབས། །དྲི་བྲལ་དཀར་གསལ་རྒོད་ཀྱི་ཐུལ་ཕྲན་ཆར། །མཐོང་རེག་སྤྱོད་ཡུལ་བཏུབ་པའི་ངོ་མཚར་དེས། །ཞིང་སྔགས་ལྷན་སྐྱེས་སྡེ་ལྔའི་ཌཱཀྐི་རྣམས། །ཚོགས་ཀྱི་འདུ་བར་ཕེབས་པའི་ཆོ་འཕྲུལ་དངོས། །དག་ཅིང་སྒྲོས་ལེགས་ཤིན་ཏུ་མྱུར་སྐྱེན་པའི། །རྡོ་རྗེ་འཛིན་པ་ཨཀྵ་ར་བི་ཛ། །ལ་སོགས་ཡིག་མཁན་མཁས་པ་གསུམ་རེ་ཡིས། །གང་གི་ཟབ་གཏེར་ཆོས་ཚན་ཐ་དད་གསུམ། །དུས་གཅིག་བྲིས་ཀྱང་ཟག་མེད་དགོངས་པའི་གཏེར། །ཆགས་ཐོགས་མེད་པར་སོ་སོར་མ་འཁྲུགས་པར། །སྡེབ་ལེགས་ཚིག་བརླིང་དོན་ཟབ་འཆད་པ་འདིས། །རྒྱལ་ཀུན་གསུང་གི་རྡོ་རྗེ་གསང་བའི་མཛོད། །གཏད་རྒྱ་ཡོངས་རྫོགས་སད་པའི་ཁྱད་ཆོས་དངོས། །གྲང་ལྷགས་ཤིན་ཏུ་བདོ་བའི་དགུན་གྱི་དུས། །ཟབ་གཏེར་ཡི་གེའི་རིས་བྱེད་སྣག་བུམ་ཡང༌། །གང་དུ་བཞག་ཀྱང་འཁྱག་རོམ་མི་ཆགས་པར། །ནམ་ཡང་རང་གར་བྲིར་བཏུབ་ངོ་མཚར་སྣང༌། །དེ་ལྟར་ངོ་མཚར་གཏམ་གྱི་སྦྱོར་བ་འདི། །ཁྱབ་བདག་བླ་མ་གང་གི་ཞལ་སློབ་འགས། །སྒྲོ་སྐུར་མེད་པར་ཡི་གེར་བཏབ་པ་རྣམས། །སླར་ཡང་ཚིགས་བཅད་ཕྲེང་བར་སྡེབས་ཤིག་ཅེས། །མང་ཐོས་ཚུལ་ལྡན་པུཎྱའི་མཚན་ཅན་གྱིས། །བཀའ་ལུང་མེ་ཏོག་སིལ་མ་ལན་འགར་འཐོར། །རྐྱེན་དེས་གནས་དུས་གཅིག་གི་སྐྱེ་བོ་ལ། །སྣང་ཚུལ་ལས་བརྩམས་ངོ་མཚར་གཏམ་འདི་བྱས། །གཞན་དུ་ཡུལ་དུས་བྱེ་བྲག་སྣ་ཚོགས་སུ། །དངོས་སྣང་སྒྱུ་མར་དབང་བསྒྱུར་ངོ་མཚར་དང༌། །བྱིན་རླབས་ཆོ་འཕྲུལ་ངོམ་པའི་ཡ་མཚན་གཏམ། །མཐའ་དག་ཡི་གེར་འགོད་པར་སུ་ཡིས་ནུས། །ཚུལ་འདི་རང་བཟོས་མ་ཡིན་ཁུངས་ལྡན་དག །གྲགས་འདོད་མ་ཡིན་རྣམ་དཀར་དད་མོས་གསོས། །ཞེན་པས་མ་ཡིན་རྨད་བྱུང་ངོ་མཚར་གཏམ། །མུ་ཅོར་མ་ཡིན་དང་པའི་ཡིད་ཀྱིས་བྲིས། །འདི་བྲིས་རྣམ་དཀར་རིན་ཆེན་རྟ་བདུན་གྱིས། །གང་གི་ཟབ་གཏེར་མན་ངག་ཉིན་བྱེད་དབང༌། །འགྲོ་ཁམས་གླིང་བཞིའི་མཁའ་ལ་ལེགས་དྲངས་ཏེ། །སྨིན་གྲོལ་འོད་སྣང་ནུབ་མེད་འབར་གྱུར་ཅིག །ཅེས་པ་འདི་ནི་མ་ཆུའི་རྡོ་མཁར་རྩར་གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱིས་བར་དོ་དྲུག་ཁྲིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་སྐབས་ངོ་མཚར་བའི་ཆོ་འཕྲུལ་དང་གྲུབ་པའི་རྟགས་མཚན་མང་དུ་བྱུང་བ་རྣམས་ཁོང་གི་བུ་སློབ་དམ་པ་ཕུག་ཁང་མཁན་ཆེན་བསོད་ནམས་ཚེ་རིང་གིས་ཟིན་བྲིས་སུ་བགྱིས་ནས་དེ་ལྟར་རྩོམ་པར་བསྐུལ་བ་ལྟར་ཀུན་གཟིགས་མཁན་ཆེན་བླ་མའི་ཞལ་གསུང་ལགས།

འཕགས་མཆོག་ཕྱག་ན་པདྨོའི་གསོལ་འདེབས་དང་ཞབས་བརྟན་སྨོན་ཚིག

ཨོཾ་སྭ་སྟི། སྟོབས་བཅུའི་མངའ་བདག་རྣམ་འདྲེན་ཟས་གཙང་སྲས། །གངས་ཅན་ལྷ་གཅིག་འཕགས་མཆོག་པད་དཀར་འཆང༌། །འཕོ་མེད་རྡོ་རྗེའི་སྐུ་བརྙེས་གུ་རུ་རྗེ། །རྣམ་གསུམ་དབྱེར་མེད་རྒྱལ་བའི་དབང་པོར་འདུད། །ཟག་མེད་ཆོས༵་སྐུ༵་ཀུན་གསལ་ཡངས་པའི་ངོས། །ལྔ་ལྡན་ལོངས༵་སྤྱོད་རྫོགས་སྐུ༵འི་འོད་སྣང་བརྡལ། །སྣ་ཚོགས་སྤྲུལ༵་པས་མཐའ་ཡས་འགྲོ་ཁམས་སྐྱོངས། །སྐུ༵་གསུམ་སྟོན་པའི་མངའ་བདག་རྒྱལ་བའི་དབང༌། །སྤངས་རྟོགས་ཡོངས་སུ་རྫོགས་པའི་མངོན་སང༵ས་རྒྱས༵། །རྨད་བྱུང་ལུང་རྟོགས་ཆོས༵་ལ་མངའ་དབང་འབྱོར། །རིག་གྲོལ་ད༵གེ་འདུན༵་བྱེ་བའི་གཙུག་རྒྱན་མཆོག །སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་གཏན་གྱི་མགོན། །རྣམ་ཀུན་མཁྱེན༵་པས་ཤེས་བྱའི་དེ་ཉིད་གཟིགས། །བ༵རྩེ་ཆེན་ཐུགས་རྗེས་འགྲོ་ཀུན་རྗེས་སུ་འཛིན། །ནུས༵་པས་མཐའ་བཞིའི་འགྲོ་ཀུན་ཐར་གླིང་ཁྲིད། །རིགས་གསུམ་སེམས་དཔའ་གཅིག་འདུས་རྒྱལ་བའི་དབང༌། །མཚན་དཔེའི་ཆ་ཤས་ཡོངས་སུ་གང་བའི་སྐུ༵། །མདོ་སྔགས་ཆོས་ཀྱི་འོད་སྣང་འགྱེད་པའི་གསུང༵་། །མ་ལུས་ཤེས་བྱའི་རྗེས་འགྲོ་ཟག་མེད་ཐུགས༵། །རྒྱལ་ཀུན་གསང་གསུམ་མངའ་བདག་བསྟན་འགྲོའི་མགོན། །མཁས༵་པའི་ཡོན་ཏན་རྒྱལ་བསྟན་གསལ་བའི་རྒྱན། །བཙུན༵་ཚུལ་རྨད་བྱུང་སྡོམ་བརྩོན་ཡོངས་ཀྱི་རྗེ། །བཟང༵་པོའི་ཕྲིན་ལས་འཛམ་གླིང་དཀར་པོར་བསྒྱུར། །བསྟན་འཛིན་ཡོངས་ཀྱི་གཙུག་རྒྱན་རྒྱལ་བའི་དབང༌། །ངག༵་གི་དབང༵་ཕྱུག་འཇམ་དཔལ་སྨྲ་བའི་དབང༌། །བློ༵་གྲོས་མཆོག་ལྡན་རྒྱལ་སྲས་ཡོངས་ཀྱི་རྗེ། །རྨད་བྱུང་མཛད་བཟང༵་རྒྱ༵་མ༵ཚོའི་གོས་ཅན་ཁྱབ། །རྣམ་འདྲེན་མཚུངས་མེད་རྒྱལ་བའི་དབང་པོ་མཆོག །དམིགས་མེད་བརྩེ་བའི་སྤྲིན་ཆེན་ཀུན་ནས་བརྡལ། །སྨིན་གྲོལ་བདུད་རྩིའི་གྲུ་ཆར་ཅིར་ཡང་འཇོ། །སྐལ་བཟང་གདུལ་བྱའི་ལོ་ཏོག་སྐྱོང་བའི་གཉེན། །མཐའ་དག་འགྲོ་བའི་མགོན་གཅིག་རྒྱལ་བའི་དབང༌། །བསྟན་པའི་མངའ་བདག་འཛམ་གླིང་མཛེས་པའི་རྒྱན། །སྡེ་བཞིའི་དཔལ་འཛིན་དགེ་ལེགས་སྣང་བའི་གཉེན། །དཔག་མེད་ཡོན་ཏན་རྒྱ་མཚོ་ཡོངས་སུ་རྫོགས། །ཕྱོགས་ལས་རྣམ་རྒྱལ་གངས་ཅན་འགྲོ་བའི་མགོན། །མགོན་ཁྱོད་རྩ་གསུམ་རྒྱལ་བ་མ་ལུས་པའི། །ཟག་མེད་ཡེ་ཤེས་རང་གཟུགས་སྨིན་པ་ལས། །རྣམ་འདྲེན་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ། །བྱོན་ནས་འཛམ་གླིང་ཕན་བདེའི་དཔལ་ལ་བཀོད། །སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་ཉིན་བྱེད་དབང༌། །བདག་སོགས་གདུལ་བྱའི་འདབ་སྟོང་རྒྱས་པའི་ཚལ། །བྱིན་བརླབས་འོད་སྣང་བྱེ་བས་སྐྱོང་བཞིན་དུ། །མངོན་རྟོགས་ཟེར་ཕྲེང་ཀུན་ནས་རྒྱས་པར་ཤོག །དཔྱད་གསུམ་གྱིས་དག་ལུང་གི་ལྷ་གོས་རྩེར། །རྣམ་དག་བསླབ་གསུམ་ནོར་བུའི་ཏོག་བཀོད་དེ། །དྲི་མེད་རིགས་པའི་དཔུང་པས་ལེགས་བཏེགས་ནས། །བསྟན་པའི་རྒྱལ་མཚན་སྲིད་པའི་རྩེར་བསྒྲེང་ཤོག །རྣམ་བཞིའི་ཕྲིན་ལས་འོད་སྣང་འབུམ་བརྡལ་བའི། །གང་གི་གསང་གསུམ་བཀོད་པ་ཉིན་བྱེད་དབང༌། །མི་ཤིགས་ཆོས་བདུན་དམ་བཅའ་ཀུན་ནས་བརླིང༌། །ས་གསུམ་སྐྱེ་དགུའི་མགོན་དུ་རྟག་བརྟན་ཤོག །རྨད་བྱུང་མཛད་འཕྲིན་རྩིབས་སྟོང་འཁོར་ལོ་ཡིས། །ནོར་འཛིན་ཡངས་པའི་ཁྱོན་ལ་དབང་བསྒྱུར་ནས། །ཕུན་ཚོགས་དགེ་མཚན་བྱེ་བའི་དངོས་པོ་ཡིས། །བཀྲ་ཤིས་དཔལ་གྱི་སྣང་བས་ཡོངས་ཁྱབ་ཤོག །ཅེས་པ་འདི་ཡང་༧འཕགས་མཆོག་ཕྱག་ན་པདྨོའི་གསོལ་འདེབས་དང་ཞབས་བརྟན་སྨོན་ཚིག་ཏུ་ཀུན་གཟིགས་མཁན་ཆེན་བླ་མས་གསུངས་པ་ལགས།


previousབསྟོད་ཚོགས་དང་གསོལ་འདེབས་སྐོར།next