Nitartha Digital Library
Tibetan
 
previousཀླད་ཀྱི་དོན།next

ཀླད་ཀྱི་དོན།

༄༅། །ཆོས་མངོན་པའི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །

ༀ་སྭསྟི། ཆོས་མངོན་པའི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ། སངས་རྒྱས་དང་བྱང་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

ཚོགས་གཉིས་རྒྱ་མཚོའི་སྤྲིན་ལས་ཞི་བདེའི་ཆར་གྱི་རྒྱུན། །ཐོས་བསམ་ཞིང་སར་གཤིན་པས་སྐུ་གསུམ་འབྲས་སྟེར་བའི། །འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་དང་དམ་པའི་ཆོས། །ཚོགས་མཆོག་རྣམ་གསུམ་རང་རིག་བྱང་ཆུབ་སེམས་ལ་འདུད། །སྐྱེ་བ་ལྔ་བརྒྱར་པཎྚི་ཏར་འཁྲུངས་ཤིང་། །འབུམ་སྡེ་དགུ་བཅུ་རྩ་དགུ་ཐུགས་ལ་མངའ། །བརྒྱད་སྟོང་པ་ལ་རྒྱུན་དུ་ཞལ་འདོན་མཛད། །དབྱིག་གཉེན་སངས་རྒྱས་གཉིས་པ་དེར་ཕྱག་འཚལ། །སྨིན་བྱེད་དབང་གི་སྒོ་བརྒྱ་རབ་ཕྱེ་ནས། །གྲོལ་བྱེད་བསྐྱེད་རྫོགས་ཉི་ཟླའི་སྣང་བ་ཡིས། །གླིང་བཞིའི་སྐྱེ་དགུའི་སྒྲིབ་མུན་སེལ་མཛད་པ། །རིག་འཛིན་བླ་མ་འགྱུར་མེད་རྡོ་རྗེར་འདུད། །མང་ཐོོས་རྟ་བདུན་དབང་པོའི་ལྡིང་ཁང་ནས། །ལེགས་བཤད་གསུང་གི་ཚ་ཟེར་འོད་བརྒྱ་པ། །འགྲོ་བློའི་པད་མོ་འབྱེད་མཁས་ལོ་ཙཱ་བ། །མཁན་ཆེན་ཆོས་ཀྱི་ཉི་མར་གུས་པས་འདུད། །དགྲ་བཅོམ་བདུན་གྱིས་བསྡུས་པ་ཆོས་མངོན་བདུན། །རྒྱས་པར་བཤད་པ་བྱེ་བྲག་བཤད་པའི་མཛོད། །བརྗོད་དོན་སྙིང་པོར་དྲིལ་བ་མཛོད་རྩའི་གཞུང་། །འགྲེལ་བྱེད་རིན་ཆེན་སྙེ་མ་འདི་རྨད་བྱུང་། །

དེས་ན་འདིར་གང་བཤད་པར་བྱ་བའི་ཆོས་ནི། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་ནང་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ཉིད་ཡིན་ལ། དེ་ལ་ཐེག་པ་ཆེན་པོ་དང་། ཉན་ཐོས་སྡེ་པའི་ཆོས་མངོན་པ་གཉིས་སུ་ཡོད་པ་ལས། དང་པོ་ནི། མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་དང་། དེའི་དགོངས་འགྲེལ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རབ་ཏུ་བྱེད་པ་སྡེ་བརྒྱད་ལ་སོགས་པ་རྣམས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཡུལ་སྣ་ཚོགས་སུ་གང་ཟག་སྣ་ཚོགས་ལ་ཐོར་བུར་གསུངས་པ་རྣམས་ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་བདུན་གྱིས་ཕྱོགས་གཅིག་ཏུ་བསྡུས་པ་ལ་མངོན་པ་སྡེ་བདུན་དུ་གྲགས་ཤིང་། སྡེ་བདུན་ནི། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏའི་བུས། །རབ་ཏུ་བྱེད་པ་དབྱིག་ཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །བསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་པ་རྣམས་སོ། །དེའི་དགོངས་པ་འགྲེལ་བ་ལ་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བ་ཤོ་ལོ་ཀ་འབུམ་ཡོད་པ་ཞིག་མཛད་པར་གྲགས་ལ། དེ་དག་གི་དགོངས་འགྲེལ་དུ་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་བསྟན་བཅོས་འདི་ཉིད་མཛད་པ་ཡིན་ལ། འདི་ལ་རྒྱ་གར་ནས་འགྱུར་བའི་འགྲེལ་པ་གྲགས་ཆེ་བ་ལྔ་ལ་སོགས་ཏེ། ཉིད་ཀྱི་རང་འགྲེལ་བམ་པོ་སུམ་ཅུ་ཡོད་པ། དེའི་འགྲེལ་བཤད་རྒྱལ་པོ་སྲས་དང་གང་སྤེལ་ཏེ་བམ་པོ་དྲུག་ཅུ་རྩ་གཅིག་རེ་ཡོད་པ། སློབ་དཔོན་འདུས་བཟང་གིས་མཛད་པའི་འགྲེལ་པ་མདོ་དང་མཐུན་པ་བམ་པོ་བཅོ་ལྔ་པ། ཕྱོགས་གླང་གིས་མཛད་པའི་འགྲེལ་པ་གནད་ཀྱི་སྒྲོན་མ་རྣམས་སོ། །

བོད་འགྲེལ་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྣང་བའི་ནང་ནས་མཆོག་ཏུ་གྱུར་པ་ནི། གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་གྱིས་མཛད་པའི་འགྲེལ་པ་ཚིག་དོན་རབ་གསལ་དང་། ཀུན་མཁྱེན་ལྔ་པ་ཆེན་པོས་མཛད་པའི་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་སྟེ་རྨད་བྱུང་གི་འགྲེལ་པ་གཉིས་སོ། །དེ་ལྟ་ན་སྔོན་གྱི་འགྲེལ་བཤད་རྣམས་ལས་དོན་གཞན་བརྗོད་རྒྱུ་མ་མཆིས་ནའང་། རང་མཉམ་གྱི་འགྲོ་བ་ལ་ཕན་པའི་ལྷག་བསམ་གྱིས་ཅུང་ཟད་ཅིག་སྤྲོ་བར་བྱེད་པ་ལ།

མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན་དང་གསུམ། དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་ན་སྐད་རིགས་བཞི་ལས་སཾ་སྐྲྀ་ཏ་ལྷའི་སྐད་དུ་བསྟན་བཅོས་འདིའི་མཚན་ལ། ཨ་བྷི་དྷརྨ་ཀོ་ཥ་ཀཱ་རི་ཀཱ་ཞེས་འབྱུང་། དེ་བོད་སྐད་དུ་བསྒྱུར་ན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བཅད་པ་ཞེས་འབྱུང་། དེ་ཡང་སོ་སོར་བསྒྱུར་ན། ཨ་བྷི་ནི་མངོན་པ། དྷརྨ་ནི་ཆོས། ཀོ་ཥ་ནི་མཛོད། ཀཱ་རི་ཀཱ་ནི་ཚིག་ལེའུར་བཅད་པ་ལ་འཇུག་གོ །

གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་གོ་སླའོ། །

གསུམ་པ་གཞུང་གི་དོན་ལ། རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམས་པའི་གཞུང་གི་བརྗོད་དོན། དེ་མཐར་ཕྱིན་པའི་བྱ་བ་དང་གསུམ། དང་པོ་ལ། མཆོད་བརྗོད། དམ་བཅའ། མཚན་དོན། དགོས་པ་དང་བཞི། དང་པོ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཞེས་པ་སྟེ། གང་ལ་ན་དོན་གཉིས་ཕུན་ཚོགས་ཀྱི་སངས་རྒྱས་གང་ཞིག་ལའོ། །གང་གིས་ན་སློབ་དཔོན་དབྱིག་གཉེན་གྱིས་སོ། །དུས་ནམ་གྱི་ཚེ་ན་བསྟན་བཅོས་རྩོམ་པའི་ཐོག་མར་རོ། །དགོས་པ་ནི་རྩོམ་པ་མཐར་ཕྱིན་པའི་ཕྱིར་དུའོ། །སངས་རྒྱས་དེ་གང་ཞེ་ན། ཤེས་བྱ་ཀུན་ལ་སྒྲིབ་བྱེད་ཀྱི་མུན་པ་ས་བོན་དང་བཅས་པ་གཏན་ནས་བཅོམ་ཞིང་རྩ་བ་ནས་སྤངས་པའི་ཡོན་ཏན་དང་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་དེས་འཁོར་བ་འདམ་དང་འདྲ་བ་ལས་འགྲོ་བ་མ་ལུས་པ་ཡོངས་སུ་དྲང་བའི་ཐབས་སུ་སོ་སོའི་བློ་དང་མཐུན་པའི་དོན་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་མཛད་པའི་དོན་ནོ། །གཉིས་པ་ནི། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་པས་བསྟན་ཏོ། །གསུམ་པ་མཚན་དོན་ནི། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲངས་བཅས། །དེ་འཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཅེས་པ་སྟེ། སྤྱིར་ཆོས་མངོན་པ་ལ་དོན་དམ་པའི་དང་། བརྡར་བཏགས་པའི་ཆོས་མངོན་པ་གཉིས་ལས། དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་དྲི་མེད་ཀྱི་ཤེས་རབ་ལ་བྱེད་ཅིང་། རྗེས་འབྲངས་དང་བཅས་ན་ཕུང་པོ་ལྔ་ཀ་ཡོད། གཟུགས་ཕུང་ཟག་མེད་ཀྱི་སྡོམ་པ་ལྟ་བུའོ། །དེ་དང་འབྲས་བུ་མངོན་པ་མིང་གི་རྣམ་གྲངས་སོ། །གཉིས་པ་ལ་གཞུང་ལམ་གཉིས་ལས། དང་པོ་ལམ་ནི། ཉན་ཐོས་སོ་སྐྱེའི་རྒྱུད་ཀྱི་བདག་མེད་དོན་སྤྱིའི་ཚུལ་དུ་རྟོགས་པའི་ཤེས་རབ་ལ་བྱེད། གཉིས་པ་ནི། འབྲས་བུ་མངོན་པ་དང་ལམ་མངོན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་ལུང་རྣམས་ལ་བྱེད་དོ། །བསྟན་བཅོས་འདི་ལ་མངོན་པ་མཛོད་ཅེས་བྱ་སྟེ། དོན་དམ་པ་དང་། བརྡར་བཏགས་པའི་མངོན་པ་གཉིས་བརྗོད་བྱའི་དོན་དུ་ཡང་དག་པར་ཆུད་པའི་ཕྱིར་རམ། ཡང་ན་འདི་གང་ནས་འབྱུང་བའི་གནས་ནི་མངོན་པ་སྡེ་བདུན་ཡིན་ལ། དེ་ཆོས་མངོན་པའི་མཛོད་དངོས་ཡིན་ཞིང་། བསྟན་བཅོས་འདི་ཡང་དེ་ལས་ཕྱུང་པའི་དོན་གྱིས་ན་དེ་སྐད་ཅེས་བརྗོད་དོ། །བཞི་པ་དགོས་པ་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་པ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་འགྲོ་བ་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་དུ་བསྟན་བཅོས་འདིའི་བརྗོད་བྱའི་གཙོ་བོར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྟན་པ་ཡིན་ཏེ། དེ་མེད་པར་ཉོན་མོངས་པ་རྣམས་ཉེ་བར་ཞི་བའི་ཐབས་མེད་ལ་དེ་མ་ཞི་ན་འཇིག་རྟེན་པ་རྣམས་སྲིད་པའི་རྒྱ་མཚོར་འདིར་འཁྱམས་པར་འགྱུར་བའི་ཕྱིར་རོ། །བྱེ་སྨྲའི་ལུགས་ལ་མངོན་པ་སྡེ་བདུན་སྟོན་པས་གསུངས་པའི་བཀའ་དགྲ་བཅོམ་པ་བདུན་གྱིས་བསྡུས་པ་ཡིན་ནོ་ལོ། །ལོ་ཞེས་པའི་ཚིག་མ་རངས་པའི་ཚིག་སྟེ། མདོ་སྡེ་པ་དང་དབྱིག་གཉེན་གྱི་ལུགས་ལ། མངོན་པའི་དོན་སྟོན་པས་གསུངས་ཤིང་། སྡེ་བདུན་ནི་དགྲ་བཅོམ་པ་བདུན་གྱིས་བརྩམས་པའི་བསྟན་བཅོས་ཡིན་པར་བཞེད་དོ། །


previousཀླད་ཀྱི་དོན།next