Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
དཔལ་གསང་བའི་སྙིང་པོའི་རྒྱུད་འགྲེལ་གསེར་གྱི་ལྡེ་མིག་གི་ཟབ་མོའི་སྒོ་བརྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་ཆ། གཅུང་ངག་དབང་ཆོས་གྲགས།


 
previousདཔལ་གསང་བའི་སྙིང་པོའི་རྒྱུད་འགྲེལ་གསེར་གྱི་ལྡེ་མིག་གི་ཟབ་མོའི་སྒོ་བརྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་ཆ། གཅུང་ངག་དབང་ཆོས་གྲགས། no next

དཔལ་གསང་བའི་སྙིང་པོའི་རྒྱུད་འགྲེལ་གསེར་གྱི་ལྡེ་མིག་གི་ཟབ་མོའི་སྒོ་བརྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་ཆ། གཅུང་ངག་དབང་ཆོས་གྲགས།


MLP019_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བའི་སྙིང་པོའི་རྒྱུད་འགྲེལ་གསེར་གྱི་ལྡེ་མིག་གི་ཟབ་མོའི་སྒོ་བརྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་ཆ་ཞེས་བྱ་བ། གཅུང་ངག་དབང་ཆོས་གྲགས།


MLP019_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བའི་སྙིང་པོའི་རྒྱུད་འགྲེལ་གསེར་གྱི་ལྡེ་མིག་གི་ཟབ་མོའི་སྒོ་བརྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་ཆ་ཞེས་བྱ་བ།
འདིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་ཀྱང་ཆེས་གསང་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོའི་བརྒལ་ལན་གྱི་རྣམ་བཞག་ཅུང་ཟད་འགོད་པའི་དབང་དུ་བགྱིས་ན། ཁོག་གཞུང་གསལ་སྒྲོན་ལས། ཕས་ཀྱི་ལན་གདབ་འབྲུ་སྣོན་ཚིག །ཁོག་དབུབ་ས་བཅད་བཞི་རུ་གསུང་། །ཞེས་པས། དང་པོར་སྤྱི་དོན་གྱིས་ཁོག་དབུབ། བར་དུ་དཀྱུས་ཀྱིས་ས་བཅད། ཐ་མར་ཚིག་གིས་འབྲུ་གཞོམ། གནས་སྐབས་ཁྲིའུར་བརྒལ་ལན་གྱིས་གཏན་ལ་དབབ་པ་ལས། རེ་ཞིག་ཕྱི་མའི་རྗེས་སུ་འབྲངས་ཤིང་། བཤད་ཐབས་འདྲེན་པའི་ཚིག་བཅུ་ལས། གཏར་ཁ་གེགས་སེལ་གྱི་ཚིག་གིས་བསྙད་དོ། །དེའང་ཐོག་མར་དོགས་བྱུང་གི་གནས་རྣམས་ངག་དོན་དུ་དྲིལ་ན་ངེས་སྦྱིན་གེགས་སེལ་གྱི་ཚད་མ་འབྱིན་སླ་བའི་སྤྱིར་འཇུག་སྒོ་དང་པོའི་ཕྱོགས་བརྗོད་པར་བྱ་སྟེ། འདི་ལ་གཉིས། ཁུངས་ལ་ཡིད་ཆེས་བསྐྱེད་ཕྱི ར་སྔོན་བྱུང་གི་ལོ་རྒྱུས་ལ་དཔྱད་པ་དང་། ཁུངས་ལྡན་གྱི་བརྗོད་དོན་དངོས་ལ་དཔྱད་པའོ། །དང་པོ་ལ། སྟོན་པས་ཇི་ལྟར་གསུང་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་ལ་དཔྱད་པའོ། །དང་པོ་ནི། ཉི་སེང་དང་སྒེག་རྡོར་གྱི་བཞེད་ཚུལ་གཉིས་ངོས་འཛིན་གྱི་ཕྱོགས་བཟུང་ཐ་དད་ཙམ་ལས་དགོངས་པའི་གནད་གཅིག་པས་དོན་ལ་འགལ་བ་མེད་ཀྱང་། བརྒྱུད་པའི་བཀའ་སྲོལ་ཕྱི་མ་ལྟར་བཟུང་ངོ་གསུང་།


MLP019_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདི་ལྟར་གདུལ་བྱའི་སྣང་ཚོད་དུ་ཆེས་འགལ་བ་ལྟར་མངོན་པ་ལ་དེ་བཞིན་གཤེགས་པའི་རྣམ་འཕྲུལ་གྱི་ཡུལ་བསམ་གྱིས་མི་ཁྱབ་པར་གྲུབ་པའི་གནད་གསང་མངོན་དུ་ཕྱུང་དགོས་པའི་ཕྱིར་འཇོག་མཚམས་གཉིས་དེར་ཡང་མ་ངེས་པ་དང་། སྤར་ཁབ་ཀྱི་བཤད་ཚུལ་བརྒྱུད་པའི་མན་ངག་ཏུ་འཛིན་པ་ལ་མི་ཡུལ་དུ་སྤྲུལ་སྐུས་ལམ་སྟེགས་ཀྱི་ཐེག་པ་ཙམ་ལས་མ་ཧཱ་ཡོ་གའི་རྒྱུད་མ་གསུངས་པར་འདོད་དམ་མི་འདོད། དང་པོ་ལྟར་ན། རྒྱུད་ཉིད་ལས། བླ་ན་མེད་པའི་ཐེག་པ་དང་ཞེས་དང་། དེའང་རྒྱུད་སྡེ་འོག་མ་རྣམས་ལ་དགོངས་པ་མིན་ཚུལ། སྤྱན་འགྲེལ་ལས། ཐབས་ཀྱི་རྒྱུད་དུ་ལམ་ཐུན་མོང་པ་རྣམས་འདུས་པ་སྟེ། ཞེས་སོགས་གསུངས་པ་དང་འགལ། གཉིས་པ་ལྟར་ན་དགོངས་འདུས་ལས། ངེས་པའི་ཐེག་པ་ཡོངས་མ་གསུངས། ཞེས་དང་། ང་ནི་འདི་ནས་མི་སྣང་ནས། །ཞེས་སོགས་གསུངས་པ་དང་འགལ་བར་དོགས་སོ། །གཉིས་པ་ལ། བརྒྱུད་པ་གསུམ་གྱི་རྣམ་བཞག་སྤྱིའི་གོ་དོན་ལ་དཔྱད་པ་དང་། དེ་སོ་སོའི་ངོས་འཛིན་ལ་དཔྱད་པའོ། །དང་པོ་ནི། སྔོན་བྱུང་གི་དབང་དུ་བྱས་ཏེ། ཁྱད་པར་ཅན་གྱི་གླེང་གཞིའི་སྒྲ་ཇི་བཞིན་པའི་ཕྱོགས་ལྟར་སྟོན་འཁོར་དགོངས་པ་གཅིག་པའི་བརྒྱུད་ཚུལ་དང་ལེའུ་གཉིས་པར་སྟོན་པས་འཁོར་ལ་ཟབ་དབང་བསྐུར་ནས་རྟོག་པའི་དྲི་མ་བསལ་བར་གསུངས་པའི་དགོངས་པ་དང་བསྒྲིགས་ཏེ་སྟོན་པ་ལས་རྒྱུད་གཞན་དུ་གྱུར་པའི་ལྷན་ཅིག་པའི་འཁོར་ལ་ཟབ་དགོངས་གཏད་པས་དགོངས་པ་དབྱེར་མེད་དུ་གྱུར་ཚུལ་གྱིས་དགོངས་བརྒྱུད་དུ་འཇོག་པ་དེའི་ཚེའི་སྟོན་པ་སྐུ་ལྔས་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་རང་བཞིན་གསང་བའི་སྙིང་པོའི་དོན་སྟོན་པའི་རྣམ་བཞག་འདོད་དུ་རུང་བ་གང་ཞིག སྤྲུལ་སྐུ་མ་གཏོགས་པའི་སྐུ་བཞིའི་འཁོར་ལའང་ཞེན་སྣང་ཕྲ་བ་ཅི་རིགས་གཅད་རྒྱུ་ཡོད་པ་རང་ལུགས་ཀྱི་བཞེད་པར་གནས་ན་བརྒྱུད་ཚུལ་ཕྱི་མའི་ཕྱོགས་དང་འགྲིགས་མོད། སྔ་མ་དང་བསྟུན་ཚེ་སྟོན་པའི་ཐུགས་རྒྱུད་ལའང་ཤེས་སྒྲིབ་ཕྲ་མོ་ཡོད་པར་ཁས་ལེན་དགོས་པ་མི་འགྱུར་རམ་སྙམ་མོ། །དེ་རྗེས་འཇུག་གི་ཚུལ་དང་སྦྱར་ན། ལམ་པའི་གང་ཟག་ཅིག་གིས་རང་བཞིན་སྙིང་པོའི་རྒྱུད་


MLP019_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐར་ཐུག་བརྙེས་པ་ན། རོ་མཉམ་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྡོག་ཆ་ལས་སོ་སོར་འཕྲུལ་བའི་གཤེགས་པ་གཤེགས་མ་སེམས་དཔའ་ཡབ་ཡུམ་ལ་སོགས་པ་ཐམས་ཅད་དེ་མཐུན་བརྙེས་པར་འཇོག་ནུས་པས་དེའི་རྣམ་བཞག་ཆོག་ཀྱང་། སྤྱིར་སེམས་ཅན་ཐམས་ཅད་ལ་གཞིར་གནས་གདོད་མའི་སངས་རྒྱས་ཀྱི་གདུང་རྒྱུན་ཆགས་སུ་གྲུབ་པ་དེར་འཇོག་གམ་བརྟག་གོ །སེམས་དཔའ་རིག་བརྒྱུད་ཅེས་པ་ནི། འཆད་པ་པོའི་བརྡ་ཐབས་ཙམ་ལ་བརྟེན་ནས་འཁོར་གྱིས་རྟོགས་པ་ཞིག་ཡིན་མོད་དགོངས་པ་དོན་བརྒྱུད་ཀྱི་ཚུལ་ཕྱི་མ་དང་ཁྱད་པར་ཅི་ཞིག་བཞག ཕར་ཕྱིན་ཐེག་པའི་ལུགས་སུ་ས་བཅུའི་བྱང་སེམས་རྣམས་བྱིན་རླབས་གཉིས་ཀྱིས་ལོངས་སྐུའི་ཞལ་མཐོང་ཞིང་། རང་གི་སྒྲིབ་པ་ངོས་ཟིན་པའི་ཚུལ་ལང་ཀར་གཤེགས་པ་སོགས་ལས་གསུངས་པ་དང་མི་འདྲ་བའི་གནད་ངོས་འཛིན་པ་ན་ཐུན་མོང་བ་ལའང་བརྡ་བརྒྱུད་ཀྱི་རྣམ་བཞག་ཙམ་ཞིག་ཡོད་པར་འདོད་དམ་སྟེ་དགོངས་བརྒྱུད་ཀྱང་དེ་ལྟར་རོ། །སངས་རྒྱས་ལའང་སེམས་དཔའི་མཚན་ནས་སྨོས་པ་འབྱུང་བའི་ཕྱིར་དེ་དགོངས་རིག་གི་བརྒྱུད་ཕྱོགས་གང་དུ་བཟུང་བར་སེམས། ཡང་ལམ་པ་འགའ་ཞིག་ཡུལ་སྣང་གི་བརྡ་ཙམ་ལ་བརྟེན་ནས་སྔོན་བྱུང་གི་ཚུལ་དུ་སོང་བ་དེ་རིག་བརྒྱུད་དུ་བཞག་ཚེ། འཆད་པ་པོ་དང་པོ་ནས་རིག་སྔགས་ཀྱི་ལྷར་བཞེངས་པར་ངེས་དགོས་སམ་དཔྱད་དོ། །རྣལ་འབྱོར་རྣ་བརྒྱུད་དུ་རྒྱུད་དོན་མཐར་ཐུག་ཡོད་དམ་མེད། དང་པོ་ལྟར་ན་དྲོད་ཅི་རིགས་ཐོབ་པས་ཀྱང་རྒྱུད་དོན་མཐར་ཐུག་བརྙེས་པར་འགྱུར་བ་དང་། གཉིས་པ་ལྟར་ན་འདི་ལས་ཕྱི་རོལ་དུ་གྱུར་པ་ལའང་རྣ་རྒྱུད་ཁྱད་པར་བ་ཡོད་དགོས་ཏེ། དེ་དག་རང་རང་གི་ཐེག་པར་སྣང་ཙམ་དུ་ ཟད་པས་སྙིང་པོའི་རྒྱུད་དོན་འདི་ལས་གཞན་དུ་མ་གྱུར་པའི་ཕྱིར་རོ། །སློབ་དཔོན་པདྨ་ལྟ་བུ་ཐུན་མོང་གདུལ་བྱའི་སྣང་ཚོད་དབང་བཙན་དུ་བྱས་ནའང་མཐའ་གཅིག་ཏུ་སྙན་བརྒྱུད་དུ་མ་ངེས་པ་དང་། གཞན་ཡང་བརྗོད་མ་ཐག་པའི་རྒྱལ་བ་སེམས་དཔའ་རྣལ་འབྱོར་ཞེས་པའི་སྒྲ་ནི་བརྒྱུད་པ་གསུམ་ནང་ཕན་ཚུན་མི་འདྲེས་པའི་སྲོག་ཏུ་བཟུང་དགོས་པའི་ཕྱིར། དེ་རྣམས་སྟོན་པའམ་འཁོར་རམ་དབྱེར་མེད་ཀྱི་ཚུལ་ཇི་ལྟ་བུའི་ངོས་ནས་སྨོས་པ་དང་། དེར་


MLP019_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་རྒྱལ་སེམས་གང་ཟག་རེ་རེར་ཡང་བརྒྱུད་པ་གསུམ་ཀའི་རྣམ་བཞག་འཇོག་ཏུ་ཡོད་ཚུལ་མདོ་རྒྱུད་དུ་མའི་དགོངས་པར་བཞེད་པས་བཞག་མཚམས་མ་གྲུབ་པར་དོགས་སོ། །གཉིས་པ་ནི། ཟུར་ཉ་རི་བའི་བཞེད་པའི་ཕྱོགས་ཞལ་ལུང་དུ་བཀོད་པ་བཞིན་དང་། གླན་ཉ་ཚལ་བ་ནི་མི་དང་མི་མ་ཡིན་གཉིས་ཀ་ལ་བརྒྱུད་པའི་འཕྲོ་ལ་གང་ཟག་རྣ་བརྒྱུད་གསུངས་ཤིང་། ཀུན་མཁྱེན་ཆོས་རྗེས་བོད་ཀྱི་རིམ་བརྒྱུད་ནས་སྙན་རྒྱུད་དུ་མཛད་དེ། དེ་དག་སོ་སོའི་དགོངས་དོན་གྱི་ཁོག་བསྒྲིགས་ཚུལ་ནི་ཞིབ་ཏུ་དཔྱད་པའི་གནས་སོ། །ཟ་ཧོར་གྱི་ཡུལ་ལམ་རྒྱལ་པོ་ཛའི་ཁང་སྟེང་དུ་གསང་སྔགས་ཀྱི་རྒྱུད་སྡེའི་གླེགས་བམ་བབས་ཞེས་པའི་གླེགས་བམ་རྣམས་གསང་བདག་གིས་རི་མ་ལ་ཡའི་རྩེར་ཆོས་འཁོར་བསྐོར་བའི་བྱིན་རླབས་དང་། རྒྱལ་པོ་ཉིད་ཀྱང་སྔོན་སྦྱངས་ལས་འཕྲོ་སད་མཐུས་སྣང་བ་དཔེ་ཆར་ཤར་ཞིང་། དེའང་ཐུན་མོང་གི་སྣང་ཚོད་དུ་དངོས་སུ་བབས་པ་ལྟ་བུར་སྣང་བ་ཞིག་གམ། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཡི་གེ་པར་བྱས་ནས་དབྱིངས་ལ་རྒྱས་བཏབ་པར་གསུངས་པའི་རྗེས་སུ་འབྲངས་ཏེ་དེ་དངོས་སུ་བབས་པར་འཇོག དང་པོ་ལྟར་ན་གོང་མ་དག་གི་རྣམ་བཤད་དང་འགལ་ཞིང་། ཕྱི་མ་ལྟར་ན་དེ་མཚུངས་ཕྱག་རྡོར་གྱི་སྐུའང་གང་བྱུང་བརྟག་དགོས་སོ། །འདིས་ནི་ཡི་གེ་པའི་ངོས་འཛིན་ཡང་རྟོགས་པར་མངོན་ནོ། །ཡང་འདི་ལྟར་སྒྱུ་འཕྲུལ་དབུས་ལུགས་པ་དང་ཁམས་ལུགས་པ་ཞེས་པའི་བཀའ་སྲོལ་གཉིས་སུ་བགྱིས་པ་དེ། དར་རྗེ་དཔལ་གྲགས་དབུས་གཙང་དང་ཁམས་སུ་བྱོན་ནས་སྤེལ་བ་བཀའ་ཡོངས་གྲགས་པར་གྲགས་པའི་དང་། ཞང་རྒྱལ་ཡོན་གྱིས་གཙུག་གྱེར་གཉིས་དང་ཁུའི་བཤད་བཀའ་གཙོ་བོར་བཟུང་བའི་སྒྱུ་འཕྲུལ་གདམས་ངག་ལུགས་སམ་ནོར་བུ་ལུགས་དང་། བཀའ་ཕྱོགས་སྐྱོང་མ་དང་གནས་ལས་བཏགས་པ་མཆིམས་ཕུ་མར་ཡང་གྲགས་པ་དེ་རིམ་བཞིན་སྒྲོ་ཕུག་པའི་བར་དུ་བརྒྱུད་ཅིང་། དེས་བྱང་སྟོན་རྣམ་དག་ལ་བཤད་དེ། དེ་ནས་བརྒྱུད་པ་ལ་ཁམས་ལུགས་དང་། དཀྱུས་ཀྱི་བརྒྱུད་པ་དབུས་གཙང་དུ་གནས་པ་ལ་དབུས་ལུགས་སུ་འཇོག་པའི་ཚེ་ཡོངས་གྲགས་པ་དང་ཕྱོགས་སྐྱོང་མའི་དབུས་ཁམས་ཀྱི་ལུགས་གཉིས་གཉིས་ཞེས་བཏགས་


MLP019_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སམ་སྙམ་མོ། །འོན་ཀྱང་དར་རྗེ་ལས་ནི་རོང་ཀློང་པའི་ལུགས་ཀྱི་བརྒྱུད་པའང་འབྱུང་བར་སྣང་ཞིང་མཁས་པའི་གསུང་སྒྲོས་ལ་ཁམས་ལུགས་སུ་འགོད་པར་མཛད་པ་དང་བསྟུན་ན་བཀའ་ཡོངས་གྲགས་པའི་ཁམས་ལུགས་དང་ཕྱོགས་གཅིག་གམ་ཞེས་པ་དང་། ད་ལྟ་རང་ཅག་གི་བརྒྱུད་པ་འདི་ལུགས་གཉིས་སོ་སོར་ངོས་འཛིན་རུང་ངམ་དཔྱད་པར་བྱའོ། །གཉིས་པ་ལ། བཤད་བྱ་འཆད་བྱེད་གཉིས་ཀྱི་རྣམ་བཞག་ལ་དཔྱད་པ་དང་། དེ་འཆད་ཚུལ་དང་བཅས་ཏེ་རྒྱུད་དོན་དངོས་ལ་དཔྱད་པའོ། །དང་པོ་ནི། རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་པས་སྤྱིར་ནང་པ་ཐབས་ཀྱི་ཐེག་པ་ལ་རྒྱུད་མ་ཧཱ། ལུང་ཨ་ནུ། མན་ངག་ཨ་ཏི་གསུམ་ཏུ་ཡོད་པའི་ཁྱད་པར་ནི། སྤྱོད་པ་ཏིང་ངེ་འཛིན་ལྟ་བ་གསུམ་རིམ་བཞིན་གཙོ་ཆེར་སྟོན་པས་སམ། བསྐྱེད་པ་རྫོགས་པ་དེ་གཉིས་ལས་གྲོལ་བའི་རིམ་པས་མ་ཧཱ་ཨ་ནུ་ཨ་ཏིའམ། བསྐྱེད་རྫོགས་གཙོར་སྟོན་མ་ཧཱ་དང་ཨ་ནུ་དེ་གཉིས་ཀྱི་རྩོལ་བ་དང་བྲལ་བ་རྫོགས་ཆེན་ཞེས་སམ། གདུལ་བྱ་ཞེ་སྡང་ཆེ་ཞིང་རྟོག་པ་མང་བ་དང་འདོད་ཆགས་ཆེ་ཞིང་སེམས་གནས་པ་ལ་དགའ་བ་དང་གཏི་མུག་ཆེ་ཞིང་བྱ་རྩོལ་ཅན་གྱི་དོན་དུ་དང་། ཆོ་འཕྲུལ་རྩལ་དང་རང་སྣང་བའོ། །ཞེས་པའི་རྗེས་སུ་འབྲངས་ནས་མ་ཧཱ་ཨ་ནུ་ཨ་ཏིར་འཇོག་པ་སྟེ། དེ་དག་རྣམས་ལས་རང་ལུགས་སྨྱོས་སྟོན་སྐུ་མཆེད་ཀྱི་བཞེད་པ་གང་དུ་གནས་པར་བརྟག་གོ །རྒྱུད་གཞུང་འདི་ནི་མན་ངག་རྫོགས་པ་ཆེན་པོར་བཀྲལ་བ་དང་། བསྐྱེད་པ་མ་ཧཱ་ཡོ་གར་བཀྲལ་བའི་ལུགས་གཉིས་ལས། དང་པོ་ནི་རྒྱ་ཆེར་འགྲེལ་དང་མན་ངག་ལྟ་ཕྲེང་དང་ཆོས་རྗེ་ཀུན་མཁྱེན་པ་སོགས་ཀྱི་དགོངས་པར་གནས་པ་དེ་ལྟ་ནའང་། མ་ཧཱའི་ནང་གསེས་ཀྱི་གསུམ་དུ་ཕྱེ་བ་ལ་དགོངས་པའམ། ཤེར་ཕྱིན་སྔགས་ལུགས་སུ་བཀྲལ་བ་ལྟར་མ་ཧཱའི་གཞུང་ཨ་ཏིར་བཀྲལ་བ་ཞིག་གམ། རྒྱུད་ལུང་མན་ངག་གསུམ་སྤྱིའི་དབྱེ་བས་ཨ་ཏིར་འཇོག་སྙམ། གཉིས་པ་ནི་སྤར་ཁབ་ལམ་རིམ་ཆེ་ཆུང་བསམ་གཏན་མིག་སྒྲོན་དང་ཟུར་ལུགས་ཕལ་ཆེར་གྱི་དགོངས་པ་ཡིན་ཞིང་། འོན་ཀྱང་བརྟག་པར་བྱ་བ་འདི་སྣང་སྟེ། སྤྱིར་མ་ཧཱ་ཨ་ནུ་ཨ་ཏི་ལའང་ནང་གསེས་ཀྱི་ཟླས་ཕྱེ་བའི་གསུམ་གསུམ་


MLP019_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དབྱེར་རུང་བ་གསང་སྔགས་བཀའི་ལྡེ་མིག་སོགས་ལས་གསུངས་པས་འདིའི་མ་ཧཱ་ལའང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེ་དགོས་པ་དེའི་ཚེ་རྒྱུད་འདི་ནི་གསུམ་ཀའི་སྤྱི་རྒྱུད་དང་འགའ་ཞིག་གིས་མ་ཧཱར་བཞེད་པ་དག་ཀྱང་སྣང་ཡང་། རང་ལུགས་ལ་ངོ་བོ་གཉིས་མེད་ཀྱི་རྒྱུད་དུ་ཁས་ལེན་པ་ཡིན་མོད་རོག་གི་བཞེད་པ་ལྟར། ཐབས་ཤེས་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པར་སྟོན་པའི་ཕྱིར་རམ། ཉང་ཊཱིག་པ་ལྟར་ལྟ་ཕྲེང་དུ་ཕྱེ་ལུགས་ཀྱི་མ་ཧཱའི་ཨ་ཏིར་འདོད་པས་སམ། སངས་རྒྱས་མཉམ་སྦྱོར་སོགས་ལྟར་ལྷ་ཡབ་ཡུམ་འགོ་མཉམ་དང་ལམ་སྟེང་འོག་ཁ་སྦྱོར་གཙོ་བོར་སྟོན་པས་ཡིན་ཞེས་བརྗོད་དོ། །དེས་བཤད་བྱའི་ཆོས་ངོས་བཟུང་ནས། གང་གིས་འཆད་ན། འགྲེལ་ཆུང་ལས། ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིགས་པས་གཏན་ལ་དབབ། །ཅེས་པས་ལུང་རིགས་མན་ངག་གསུམ་གྱིས་སོ། །དེས་ན་འདི་དཔྱད་པར་བྱ་སྟེ། ལུང་ནི་བཤད་རྒྱུད་སྡེ་བཞི་སོགས་ཡིན་པ་གང་ཞིག རྩ་བཤད་གཉིས་ཀྱི་ཁྱད་པར་ནི་བརྗོད་བྱ་མི་གསལ་བ་དང་གསལ་བར་སྟོན་པའི་ཕྱིར་རམ། སྟོན་པའི་བདག་ཉིད་ཀྱིས་དང་འཆད་པའི་སྐྱེས་བུས་གསུ ངས་པ་རྩ་བཤད་ཀྱི་རྒྱུད་དུ་བཞེད་པ་དང་། གཞུང་གཞན་ལ་མ་བརྟེན་པར་དོན་གཞན་བསྐྱེད་ནུས་པ་རྩ་རྒྱུད་དང་། རྒྱུད་ཀྱིས་དོན་འགྲོལ་བར་བྱེད་པ་བཤད་རྒྱུད་ཅེས་སོགས་གསུངས་པ་མང་ཡང་འཇམ་མགོན་བླ་མའི་དགོངས་པ་ནི་ཐོག་མར་བྱུང་ཞིང་བཤད་གཞིར་གྱུར་པ་རྩ་རྒྱུད། རྗེས་ལ་བྱུང་ཞིང་འཆད་བྱེད་དུ་གྱུར་པའི་རྒྱུད་གཞན་བཤད་རྒྱུད་ཅེས་རོག་གིས་གསུངས་པ་དང་མཐུན་ནོ༑ ༑དེའང་ཞིབ་མོའི་རྣམ་བཞག་ཏུ་བགྱིས་ན་རྒྱུད་གཞན་གྱིས་བཤད་བྱའི་རྩ་བར་གྱུར་པ་དང་། རྩ་བའི་རྒྱུད་ཉིད་འཆད་བྱེད་དུ་གྱུར་པའི་རྒྱུད་ལ་དེ་ལྟར་བརྗོད་ཀྱི་རྩ་བའི་རྒྱུད་འཆད་བྱེད་དུ་བྱས་པས་རྒྱུད་དོན་གཏན་ནས་མི་ཁྲོལ་བ་དང་བཤད་པའི་རྒྱུད་རྣམས་བཤད་གཞི་ཙམ་ཡང་མི་རུང་བ་ཞིག་ཡིན་ནམ་སྙམ་དུ་དོགས་སོ། །འདིར་རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། ཁ་སྐོང་གི་རྒྱུད། དཀའ་བ་གཅོད་པ། ཀལྤོ་དུམ་བུའི་རྒྱུད་རྣམས་བཤད་རྒྱུད་དུ་བསྡུ་བར་གསུངས་སོ། །མན་ངག་ནི། རིག་འཛིན་གོང་མའི་སྙན་ནས་སྙན་དུ་བརྒྱུད་པ་བྱིན་རླབས་


MLP019_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲོད་མ་ཡལ་བ་སྟོན་པ་རྡོ་རྗེའི་ཐུགས་ལ་གབ་པ་ཉིད་གཙོ་བོར་བཟུང་སྟེ། རང་བཞིན་ཆོས་ཉིད་ཀྱི་རིག་པ་རིས་སུ་མ་ཆད་པར་གནས་པ་གནད་དུ་བསྣུན་པས་རྒྱུད་དོན་རྣམ་དག་ཏུ་འཆད་ནུས་པ་གང་ཞིག གཞིའི་རྒྱུད་དོན་ཅིག་ཆར་ཆིག་རྫོགས་སུ་རྟོགས་པའི་རང་རྣོའི་རིགས་ཅན་དུ་ངེས་པ་འགའ་ཞིག་ཟབ་མོ་དོན་གྱི་མན་ངག་གཞན་ལ་མ་ལྟོས་པའང་སྲིད་པར་སྙམ་ཞིང་། གང་ཞིག་ཕྲ་བའི་སྒྲིབ་པ་མ་བཅོམ་པར་མཐར་ཐུག་གི་རྒྱུད་དོན་སྟོན་མི་ནུས་པས་འཆད་བྱེད་ཀྱི་མན་ངག་དང་རིགས་པ་རྣམ་དག་ནི་རྒྱལ་བ་དངོས་ཀྱི་སྤྱོད་ཡུལ་ཁོ་ནར་གནས་པའི་ཕྱིར། གསང་བདག་གིས་རྒྱུད་བཤད་པའི་ཚེ་རང་ཉིད་སྟོན་པ་དང་དགོངས་པ་གཉིས་སུ་མེད་པར་ཁས་བླངས་པ་ལྟ་བུ་ཞིག་རྒྱུད་སྟོན་པ་པོ་ཐམས་ཅད་མིན་ན་རྒྱུད་དོན་དཔྱིས་ཕྱིན་འབྱིན་མི་ནུས་པས་གང་ཟག་གཅིག་མཐར་ཐུག་གི་འཚང་རྒྱ་བའི་ལམ་མི་ཚང་བར་དོགས་སོ། །གཉིས་པ་ནི། རྒྱུད་གཞུང་སྤྱིའི་བཤད་ཐབས་སྤྱི་དོན་རྣམ་པ་ལྔ་དང་། བཤད་ཐབས་འདྲེན་པའི་ཚིག་བཅུ་དང་། བཤད་ཚུལ་བཞིའི་སྒོ་ནས་འཆད་པ་དང་། རྒྱུད་ཀྱི་དངོས་པོ་སོ་སོའི་བཤད་ཐབས་ལྟ་བ་བརྒལ་བརྟགས་སོགས་བཅུ་ུགཅིག་གིས་འཆད་ཅིང་། ཁྱད་པར་འདི་ཉིད་ཀྱི་དབང་དུ་སྔ་རབས་པ་རྣམས་ཀྱིས་འཆད་སྲོལ་གྱིས་མཚོན་པ་དཔེ་དང་སྦྱར་ཏེ་བཤད་ལུགས་གསུམ་དང་། བཀའ་སྡེ་ཟུར་པའི་བཤད་སྲོལ་གྱིས་གོང་གི་སྤྱི་ཆིངས་ལྔའི་སྒོ་ནས་བཤད་པ་སོགས་ཡོད་ཀྱང་། འདིར་ནི་སྒྱུ་འཕྲུལ་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་པའི་རྗེས་སུ་འབྲངས་ཏེ་མགོ་སྨོས་པས་གོ་བའི་གདུལ་བྱ་དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པ་དང་། ཅུང་ཟད་ཕྱེ་སྟེ་གོ་བའི་དབང་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ་དང་། རྣམ་པར་སྤྲོས་པས་གོ་བའི་དབང་པོ་ཐ་མ་ལ་འབྲུ་རེ་གཉེར་རེའི་སྒོ་ནས་བཤད་པ་ལས་རེ་ཞིག་ཕྱི་མའི་དབང་དུ་བྱ་བ་ཡིན་ནོ། །དེ་ལ་གཉིས་ཏེ། རྒྱུད་ཀྱི་མཚན་ལ་དཔྱད་པ་དང་། མཚན་དེ་ལྡན་གྱི་རྒྱུད་དོན་ལ་དཔྱད་པའོ། །དང་པོ་ནི། རྒྱུད་ཀྱི་མཚན་དོན་དང་སྤྱི་དོན་གཉིས། དབང་པོ་རབ་འབྲིང་


MLP019_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཁོ་ནའི་ཆེད་དུ་བསྟན་པ་མིན་པ་དེ་ལྟ་ནའང་། དབང་པོ་ཐ་མར་འབྲུ་གཉེར་དགྲོལ་བའི་སྔོན་དུའང་ལུས་རྣམ་བཞག་ཙམ་ལ་བསླབ་ན་དཀྱུས་ས་བསྟན་པའི་རྟ་ལྟར་གཞུང་གི་ཚིག་དོན་བཟུང་བདེ་བའི་དགོས་པ་ཡོད་ཀྱང་འདིར་མཚན་ཙམ་བསྟན་ཅིང་། སྤྱི་དོན་དངོས་སུ་འཆད་སྲོལ་མ་བྱུང་བས་མཚན་གྱི་དོན་ནི་དབང་ཐ་ལ་སྤྱིའི་ཆིངས་ལ་བསླབ་པའི་དགོས་པ་ལས་ལྷག་པ་ཞིག་ཡོད་པས་བསྟན་ནམ་ཞེས་དཔྱད་དོ། །མཚན་མཐོང་བའམ་ཐོས་པ་ཙམ་ལས་རྒྱུད་དོན་རྟོགས་པའི་དབང་རབ་དེ་སྔོན་བྱུང་ངམ་རྗེས་འཇུག་གི་འཁོར་ཞིག་ཡིན། དང་པོ་ལྟར་ན་ཤིན་ཏུ་དབང་རྣོན་ཁ་ཅིག་གིས་ཀྱང་དེ་ལྟར་རྟོགས་སྲིད་པའི་མཐའ་བཀག་ནུས་སམ། གཉིས་པ་ལྟར་ན་གསང་བདག་རང་གི་རྒྱུད་དོན་ཐུགས་སུ་ཆུད་ནས་འཁོར་ལ་འཆད་པའི་ཚེ་དོན་ལ་བརྟེན་ནས་མཚན་དུ་བཏགས་པའི་རྣམ་བཞག་མེད་པར་འགྱུར་ཞིང་། རྗེས་འཇུག་གི་དབང་རབ་དེས་ཀྱང་ཐ་སྙད་ལ་བརྟེན་ནས་རྟོགས་དགོས་པ་གང་ཞིག མཚན་ཙམ་དང་གཞི་ལམ་འབྲས་བུ་ཞེས་པའི་སྒྲ་ཚིག་འགལ་བར་སྣང་བ་དང་། གལ་ཏེ་འགལ་བས་ཀྱང་དོན་ཙམ་གོ་བ་ཡིན་དུ་ཆུག་མོད་མཐའ་དག་གོ་བས་ཁྱབ་ན་བུམ་པ་ཞེས་བརྗོད་པས་གསེར་བུམ་ཡིན་མིན་སོགས་ཀྱང་གོ་ནུས་པར་ཐལ་ལོ། །རྒྱུད་འདིའི་གླེགས་བམ་གྱི་ཀླད་དུ་མན་ངག་དང་མཐུན་པའི་མཚན་འབའ་ཞིག་སྨོས་པ་དེ་མ་ཧཱའི་ནང་གསེས་ཀྱིས་གསུམ་དུ་ཕྱེ་བའི་ཨ་ཏི་ཡིན་པ་ཞིག་ན་ལམ་རིམ་ཆེ་ཆུང་སོགས་ནས་མ་ཧཱའི་རྒྱུད་དུ་འཆད་ཚེ་མཚན་དེ་སྐད་མི་སྨོས་པར་འགྱུར་བའི་འགོག་བྱེད་ཅི་ཞིག་སྙམ་མོ། །འདིའི་ཀླད་དུ་བོད་སྐད་ཁོ་ན་སྨོས་པའི་དགོས་པ་ནི་སྤྱིར་གསང་སྔགས་ཀྱི་རྒྱུད་རྣམས་རྒྱ་གར་གྱི་སྐད་རིགས་བཞི་ཁོ་ནར་མ་ངེས་པའི་ཕྱིར་ལོ་ཙཱ་བས་དེ་དང་བསྟུན་པ་ཡིན་ཡང་། འདི་ནི་སཾ་སྐྲྀ་ཏའི་སྐད་དུ་ངོས་བཟུང་དགོས་པ་དང་གོང་གི་རྒྱུ་མཚན་ཡང་དེ་ལྟར་གྲུབ་པའི་ཕྱིར་སཾ་སྐྲྀ་ཏའི་སྐད་དུ་ཞེས་སྨོས་རིགས་པར་དོགས་སོ། །གཉིས་པ་ལ་གསུམ་སྟེ། ཀླད་ཀྱི་དོན་སྟོན་པར་ཕྱག་བཙལ་བ་ལ་དཔྱད་པ་དང་། གཞུང་གི་དོན་རྒྱུད་དངོས་ལ་དཔྱད་པ་དང་། མཇུག་གི་དོན་རྒྱུད་རྫོགས་པའི་བྱ་བ་བསྟན་པ་ལ་


MLP019_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པའོ། །དང་པོ་ནི། སྡུད་པ་པོ་གསང་བདག་གིས་ཕྱག་བཙ ལ་བའི་ཡུལ་སྟོན་པ་ཀུན་ཏུ་བཟང་པོ་དེ་གཞི་ལམ་འབྲས་གསུམ་གང་གི་གནས་སྐབས་ཀྱི་ཡིན། དང་པོ་དང་གཉིས་པ་ལྟར་ན་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དགོངས་པ་མ་རྟོགས་པར་འགྱུར་རོ༑ ༑གལ་ཏེ་དེ་གསུམ་དབྱེར་མེད་པ་མ་ཡིན་ན་ངོ་བོའམ་ལྡོག་པའི་ངོས་ནས་ཡིན། དང་པོ་ལྟར་ན་དེ་ཙམ་དུ་གཞི་ལམ་འབྲས་གསུམ་ཕྱེ་བ་དགོས་མེད་དུ་ཐལ་ལ་ཕྱི་མ་ལྟར་ན་གོང་གི་ཉེས་པས་གནོད་དོ། །གཉིས་པ་ལ། ལེའུ་ཉི་ཤུ་རྩ་གཉིས་སུ་གནས་པ་ལས། ལེའུ་དང་པོ་ལ་གཉིས་ཏེ། གཞུང་དང་། མཚན་ནོ། །དང་པོ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གླེང་གཞི་མདོར་བསྟན་པ་ལ་དཔྱད་པ་དང་། རྒྱུད་ཁྱད་པར་གྱི་གླེང་གཞིའི་སྒོ་ནས་དེ་རྒྱས་པར་བཤད་པ་ལ་དཔྱད་པ་དང་། གླེང་གཞིའི་དོན་བསྡུ་བ་ལ་དཔྱད་པའོ། །དང་པོ་ནི་རྒྱུད་ཀྱི་ཐོག་མར་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད། ཨེ་ཝཾ་མ་ཡ་ཞེས་པའི་ཡི་གེ་བཞི་སྨོས་པས་སྟོན་ཞི ང་། དེའང་བརྒྱུད་པའི་མན་ངག་གིས་ཕྱི་ནང་གསང་གསུམ་དུ་འཆད་པ་ལས། ནང་གསང་གི་ཕུན་ཚོགས་ལྔ་ལྡན་འདི་དག་གླེང་གཞིར་འགྱུར་ཚུལ་ལེའུ་གཉིས་པར་གསུངས་པའི་སྟོན་པས་ལྷན་ཅིག་པའི་འཁོར་ལ་འབྲས་དབང་བསྐུར་ནས་དེ་རྣམས་ནང་གི་མངོན་བྱང་ལྔས་བྱང་ཆུབ་པ་ན་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་ཆེད་བརྗོད་ཞུས་ལན་མཛད་པ་ལས་འཕྲོས་ཏེ་རྒྱུད་ཡོངས་རྫོགས་བྱུང་བ་དང་། དེ་ལྟ་བུའི་མངོན་བྱང་ལྔ་པོའང་སྙིང་ག་དང་གསང་བའི་འོག་མིན་དུ་འཚང་རྒྱ་ཚུལ་ཡིན་པའི་གནད་ཀྱིས་རྟོགས་པར་བཞེད། དེ་དང་ཚུལ་མཐུན་པར་རྗེས་འཇུག་ལམ་པ་ཞིག་གིས་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་ནས་རྒྱུད་དོན་མཐར་ཐུག་བརྙེས་པ་ནའང་གནད་དུ་བསྣུན་བྱ་རང་ལུས་ཀྱི་དཀྱིལ་འཁོར་ཉིད་ཐུ ན་མིན་གྱི་གླེང་གཞིར་འཇོག་ཆོག་པར་མངོན་པ་དེའི་ཚེ། ཐབས་གྲོལ་གཉིས་གང་ཟག་ཐ་དད་ཀྱི་ལམ་ཆ་ཚང་རེ་ཡིན་པར་གྲུབ་པས་གོང་གི་ལྷན་ཅིག་པའི་འཁོར་རྣམས་ཐབས་ལམ་པར་བཞག་དགོས་སམ། གྲོལ་ལམ་ལ་ཐབས་ཀྱི་མན་ངག་ཟུར་པ་གཙོ་བོར་བསྟེན་པ་མིན་པས་ཐབས་ལམ་ལ་ལྟོས་ཏེ་ཐུན་མོང་


MLP019_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་སྤྱི་ལྟར་བཤད་པ་ཞེས་འབྱུང་བ་དེས་ན་འདིའི་སྐབས་ཀྱི་ཕྱི་གྲོལ་ལམ་ལྟར་སྦྱར་ནས་བཤད་པ་ལ་དེའི་ལྟར་གྱི་ཐུན་མིན་གྱི་གླེང་གཞི་འཇོག་ཏུ་མེད་པར་དོགས་སོ། །གླེང་གཞིའི་ཡི་གེ་བཞི་པོ་བོད་སྐད་དུ་བསྒྱུར་ཚེ། འདི་སྐད་བཤད་པའི་དུས་ན་ཞེས་སྨོས་པ་སྟོན་འཁོར་དགོངས་པ་ཐ་མི་དད་པར་སྟོན་པའི་ཚིག་ཡིན་ཚུལ་རང་ལུགས་ཀྱི་བཞེད་པར་གནས་ཀྱང་སྟོན་འཁོར་ཁྱད་མེད་དུ་མཚུངས་པས་སམ་མཚོན་པའི་ངོས་ནས་སྨོས་ཞེས་པ་དང་། སྡུད་པ་པོ་གསང་བདག་ཉིད་གདུལ་བྱ་མོས་པ་ཐ་དད་ཀྱི་སྣང་ངོར་རྣམ་པ་ཐམས་ཅད་པའི་ཕྱིར་མ་ཁྱབ་པའི་ལན་འདེབས་རྒྱུ་བྱུང་ན་དེ་ཙམ་ནི་ཁས་ལེན་དགོས་པར་སྨྲའོ། །ཡང་འདི་ལྟར་གླེང་གཞིའི་རྒྱས་བཤད་དེ་མདོར་བསྟན་གྱི་ཚུལ་ཚིག་དོན་གཉིས་ཀའི་སྒོ་ནས་སམ་ཕྱོགས་རེ་བསྟན་པས་འཇོག དང་པོ་ལྟར་ན་རྒྱས་བཤད་སྐབས་སྟོན་འཁོར་གནས་གསུམ་ལས་ཚིག་ཟིན་མ་བྱུང་བས་འགལ། གཉིས་པ་ལྟར་ན་དོན་གྱི་ཕྱོགས་བསྟན་པར་ངོས་བཟུང་བ་ལས་འོས་མེད་པས། བསྟན་པ་དང་དུས་གཉིས་གཞུང་ཚིག་དངོས་སུ་མི་བསྟན་པའི་དགོས་པར་བརྟག་གོ །གཉིས་པ་ལ། སྟོན་པ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པ་ལ་དཔྱད་པའོ། །དང་པོ་ནི། སྟོན་པའི་རང་བཞིན་ཆོས་ཅན་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་དང་ཆོས་ཉིད་ཐ་མི་དད་པར་གནས་པ་ཞིག་ན་སེམས་ཅན་ཐམས་ཅད་ཀྱང་རང་བཞིན་འདི་ལས་གཞན་དུ་མ་གྱུར་པའི་ཕྱིར་ཉེར་ལེན་གྱི་ཕུང་པོ་ཕྱི་སྣོད་དང་བཅས་པའང་རང་བཞིན་ཉིད་ཀྱི་ཆོ་འཕྲུ ལ་རིས་སུ་མ་ཆད་པས་སྟོན་པའི་ངོ་བོར་འཇོག་དགོས་པ་ནི་སྔགས་ཀྱི་རྒྱུད་སྡེ་དུ་མའི་དགོངས་པར་གྲུབ་ན། གདུལ་བྱ་གཞན་སྣང་དུ་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་ཡང་འདས་པར་ཞེན་པའི་འཆིང་གཞི་ལས་མ་འདས་པས་འགྲོ་དྲུག་གི་སྣང་བ་འདི་གནད་དུ་བསྣུན་བྱར་བྱས་པས་ཆོག་པར་དོགས་སོ། །སྟོན་པ་རིགས་དྲུག་པ་དང་འཆད་པའི་སྐྱེས་སུ་རིགས་ལྔའི་རང་བཞིན་གཉིས་སུ་མེད་པ་ཡིན་ན་སྟོན་པའི་ངོ་བོ་འཆད་པའི་སྐྱེས་བུའི་མཚན་ཉིད་དུ་གསུངས་པར་དཔྱད་དོ། །འདིར་གསང་སྔགས་འཆད་ཚུལ་ཉེས་པའི་སྐྱོན་བརྒྱད་ལས་གོང་འོག་གི་འཁྲུགས་པ་སྡེབ་མ་ཤེས་ན་རིན་པོ་ཆེ་རྩར་འཆོལ་


MLP019_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུའི་བཤད་པའི་སྐྱོན་གྱི་དབང་དུ་མི་གཏོང་བའི་ཕྱིར་སྟོན་པའི་རང་བཞིན་གྱི་རྗེས་སུ་ངོ་བོ་སྦྱར་བ་མཛད་སྐབས་ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་མཚན་དང་དཔེ་བྱད་ལྡན་པ་ཞེས་གསུངས་པའི་ཐུན་མིན་གྱི་ཕྱིའི་མཚན་དཔེ་བརྩི་གཞི་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ལ་མཛད་པ་དག་སྣང་ཡང་། ཁོ་བོའི་བླ་མ་བརྡ་སྟོན་ཐམས་ཅད་མཁྱེན་པས་ནི་རིགས་ཆུང་གི་སེམས་དཔའ་བཅུ་དྲུག་ལ་ངོས་འཛིན་པར་གསུང་། དེ་ལ་འདི་ལྟར། སྟོན་པ་རིགས་དྲུག་པ་དང་མི་བསྐྱོད་པ་ལ་རང་གི་རིགས་ཀྱི་ཟླས་ཕྱེ་བའི་རིགས་ཆུང་བཞིར་མི་དབྱེ་བ་གང་ཞིག རིགས་དྲུག་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་གཞིར་གྱུར་པས་དབྱེ་མི་དགོས་ཀྱང་མི་བསྐྱོད་པའི་རང་རིགས་ཀྱི་རིགས་ཆུང་མི་འཇོག་པའི་རྒྱུ་མཚན་གང་ལ་ཐུགས་པར་དཔྱད་དོ། །གཞན་ཡང་སེམས་དཔའ་སོགས་ཀྱང་འདིའི་སྐབས་སྟོན་པ་དང་དགོངས་པ་ཐ་མི་དད་ནའང་ཐུན་མིན་གྱི་མཚན་དཔེ་མི་མངའ་བར་འཇོག་པ་དང་། ཡེ་ཤེས་དྲུག་ཕྱག་དང་ཕྱ ག་མཚན་གཉིས་ཀའི་དོན་དུ་བྱུང་བ་འདབས་པ་དང་། སྐུ་མདུན་དང་རྒྱབ་མེད་པ་ལ་ཞལ་ཐ ལ་ལེ་བར་འགལ་བ་དང་། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་ལ་ཞབས་གཉིས་ཕྱག་དྲུག་དབུ་གསུམ་སོགས་སུ་སྣང་བའི་འགལ་སྤོང་བྱ་དགོས་སོ༑ ༑ གཉིས་པ་ནི། སྤྱིར་འོག་མིན་ལ་དབྱེ་བ་ལྔར་གྲགས་པ་ལས་འདིར་འཆད་པའི་གནས་ནི་དབང་ཕྱུག་ཆེན་པོའི་འོག་མིན་ཏེ། དོན་གདུལ་བྱའི་བློ་ལས་འདས་ཤིང་། རྟགས་འཇིག་རྟེན་གནས་ཀྱི་འོག་མིན་ལས་ཉིས་འགྱུར་གྱིས་སྤགས་པའི་ཕྱིར་དེ་སྐད་བྱའོ་གསུང་། དེ་ལ་ཁ་ཅིག་འདི་ནས་འཇིག་རྟེ ན་གནས་ཀྱི་འོག་མིན་དུ་ཐག་ཇི་ཙམ་ཡོད་པའི་ཉིས་འགྱུར། དེ་ནས་འོག་མིན་ཆེན་པོའི་བར་དུ་ཡོད་ཟེར་བ་སོགས་ཕ་རོལ་ཏུ་འཕགས་པ་འདོད་པ་ནི། མ་དག་པའི་འཇིག་རྟེན་སྤངས་པའི་ཕ་རོལ་ན་དག་པའི་ཞིང་བསྒྲུབ་ཏུ་མེད་པའི་ཕྱིར་མི་རིགས་ཀྱང་། གཙང་མའི་འོག་མིན་ནི་རྒྱུའི་བྱང་སེམས་ས་དང་པོའི་བདེན་མཐོང་གི་དང་། འདི་ངེས་དོན་དུ་འཚང་རྒྱ་གནས་ཡིན་པས། ཚོགས་ལམ་ནས་བདེན་པ་མཐོང་བར་ཡུན་ཇི་ཐོགས་ཉིས་འགྱུར་སངས་རྒྱས་ཀྱི་སའི་བར་དུ་དགོས་པས་ཡིན་པར་བཞེད་པ་དེའི་ཚེ།


MLP019_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་སྒོས་ཆོས་སུ་ཟག་བཅས་ཀྱི་ལམ་ནས་བདེན་པ་མཐོང་བ་དང་སངས་རྒྱས་པ་དུས་མཉམ་དུ་གྱུར་པ་སྲིད་པའི་གནས་ལ་གོང་གི་མཚན་ཉིད་བཞག་ཏུ་མེད་པར་རྒོལ་ལོ། །འོག་མིན་ལྔ་ཀ་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་ཀྱིས་ཕྱེ་བར་ཟད་ན་སྣང་ཚོད་ཀྱི་འོག་མིན་གྲངས་མ་ངེས་པར་ཐལ་བ་དང་། འདིར་རྒྱ་མ་ཆད་པ་ཞེས་སྨོས་ལ་འོག་ནས། ཡང་ན་རྒྱང་གྲགས་དཔག་ཚད་དམ། ཞེས་འབྱུང་བ་གདུལ་བྱའི་བློའི་ཁྱད་པར་ཡིན་མོད་མ་འོངས་པའི་རྗེས་འཇུག་གླེང་གཞི་དང་མཐུན་པའི་དཀྱིལ་འཁོར་བསྒོམ་པ་དག་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བསྒོམ་པའི་གང་ཟག་ཡིན་པ་ཁེགས་ནུས་སམ་དཔྱད་དོ། །གཞལ་ཡས་ཁང་གི་རྒྱན་ལ་བདུན་ལས་བདག་པོའི་རྒྱན་ལ་བད ག་པོ་ཉིད་དང་། དེའི་སྤྲུལ་པའི་འཕྲོ་འདུ་དང་། དེའི་ཡོ་བྱད་དང་གསུམ་ཡོད་པ་གང་ལྟར་བཟུང་། མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་བྱང་ཆུབ་ཆེན་པོར་འཇུག་ཚུལ་སེམས་ལྔ་རུ་སྤྱན་འགྲེལ་སོགས་ལས་བཤད་པ་དང་འགལ། རྣམ་ཐར་གྱི་ཐེག་པ་བརྒྱད་བགྲོད་ནས་རང་སའི་འབྲས་བུ་བརྒྱད་ཐོབ་པའི་རྟགས་སུ་རྒྱུ་འབྲས་ཀྱི་རྟ་བབ་བརྒྱད་བརྒྱད་ཡོད་པ་ལས། ཨ་ནུ་མན་ཆད་ཀྱི་ཐེག་པ་བརྒྱད་ཡིན་པ་འགྲེལ་ཆུང་པིཎྜཱརྠ་སོགས་ལས་གསལ་ཞིང་། དེའི་ཚེ་སྤྱིར་རྒྱུད་ལུང་མན་ངག་གསུམ་གྱི་ཟླས་ཕྱེ་པའི་ཨ་ཏིར་འཇོག་ན་ལུང་རིགས་དུ་མས་གནོད་པར་མ་ཟད་འོག་མས་གོང་མའི་དོན་མི་མཐོང་བར་བཞེད་པའི་བསྟན་པ་སྤྱི་སྐད་ཀྱི་ཕྱག་རྒྱ་ལས་ཀྱང་འདས་པར་འགྱུར་ལ། མ་ཧཱའི་ནང་གསེས་ཀྱི་ཨ་ཏིར་འཇོག་ན་འདིའི་ལུགས་ལ་སྤྱིའི་རྒྱུད་ལུང་མན་ངག་གི་རྣམ་བཞག་མི་འདོད་པ་ཞིག་གམ་འདོད་ན་འདི་ཉིད་ཐོབ་བྱ་མཐར་ཐུག་མིན་པར་ཐལ་ལོ། །གདན་སེང་གེ་སོགས་ནི་ཡས་སྤྲུལ་གྱི་དབང་དུ་ཐུགས་རིག་པ་རང་སྣང་བའི་གདན་ཡིན་པར་ངེས་ཀྱང་། རྒྱུད་མས་སྦྱངས་ལྟར་ན་རྒྱ་མཚོ་དང་སྤར་ཁབ་ཏུ་བཤད་པ་དང་བསྟུན་ཏེ་སྨོན་ལམ་གུས་པའི་གདན་དུ་ཁས་ལེན་དགོས་ཤིང་སྐབས་འདིར་ནི་གཉིས་ཀ་གཞི་མཐུན་དུ་བཤད་པ་གང་ཞིག སྤྲུལ་སྦྱང་རྒྱུད་ཐ་དད་དུ་མ་གྱུར་པ་ཞིག་གི་ཕྱོགས་ནས་བསྙད་དམ་སྟེ་གཞན་དུ་ན་དཀའ་བར་མངོན་ནོ། །གདན་གྱི་རིམ་པའི་ཁྱད་པར་རིགས་ལྔ་སོགས་ཀྱི་གནས་ཚོད་དང་


MLP019_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཚོད་གང་དབང་བཙན་པས་འཇོག དང་པོ་ལྟར་ན་ཐམས་ཅད་ཀྱང་ལྔ་བརྩེགས་སུ་ཆོག་པར་འགྱུར་ཞིང་། གཉིས་པ་ལྟར་ན། བདེ་གཤེགས་རང་སྣང་གདུལ་བྱ་གཞན་སྣང་ཞེས་དྲིས་ཏེ་སྨྲ་དགོས་པ་ལས་གླེང་གཞིའི་སྐབས་ཕྱོགས་དང་པོ་ལྟར་བཟུང་བར་མངོན་པས་གོང་གི་ཉེས་པས་གནོད་པར་སེམས་སོ། །ཟླ་བ་སྟེང་དུ་འོང་བའི་རྒྱུ་མཚན་ཕྱི་ནང་གསང་གསུམ་དང་སྦྱར་ཏེ་འཆད་པར་མཛད་པ་ཞི་བའི་ལྷ་ཡབ་ཡུམ་མཉམ་སྦྱོར་ཀུན་ལ་ངེས་ཀྱང་ཁྲོ་བོར་ཉི་གདན་སྟེང་དུ་འོང་བར་དཔྱད་དགོས་སོ། །གསུམ་པ་ནི་རང་བཞིན་གཉིས་སུ་མེད་པའི་འཁོ ར་རིགས་ལྔ་ཡབ་ལྔ་རྟོག་པ་དང་ཆོས་མཐུན་བརྩི་བའི་སྐབས། གཞུང་གཞན་དུ་སྨོས་པའི་ཕུང་ལྔའི་གོ་རིམ་དང་མི་འགྲིག་པ་ནི་འདིར་འཛིན་པའི་གཞི་རྩ་བའི་རྣམ་པར་ཤེས་པ་གཙོ་བོར་འདོད་པའི་གནད་ཀྱིས་ཡིན་པར་རྣམ་བཤད་དག་ལས་གསུངས་པ་ན། འདི་ལས་ཕྱི་རོལ་ཏུ་གྱུར་པ་ལའང་དོན་སྨྲ་བའི་གྲུབ་མཐའ་འཛིན་པ་ལས་གཞན་ཡང་དག་མིན་པའི་རྟོག་པ་ལས་ལོགས་སུ་མ་གྲུབ་པར་འདོད་པ་སོགས་ལ་འདིའི་གོ་རིམ་ལྟར་སྨོས་རིགས་པར་དོགས་སོ། །གཞན་ཡང་དེ་ལྟར་དག་ཚུལ་དང་ལྷར་སྣང་བའི་འཐད་པ་དང་དེའི་རིགས་ཀྱི་དབྱེ་བའི་དོགས་གཅོད་ནི་རྒྱུད་འགྲེལ་གསེར་གྱི་ལྡེའུ་མིག་སོགས་ལས་རྒྱ་ཆེར་བྱུང་བས་འདིར་མ་བཀོད་དོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཡན་ལག་བརྒྱད་ཅུ་དང་ལྡན་པའི་ཕུང་པོ་ལྔ་མ་དག་པའི་སྣང་བ་སོར་བཞག་འདི་ཁོ་ན་རིགས་ལྔའི་སངས་རྒྱས་མིན་པ་གང་ཞིག་དེ་རྟོགས་མི་རྟོགས་ཀྱི་ཁྱད་པར་འབྱེད་པའི་དམ་བཅའ་འ ཐད་དམ་མི་འཐད། དང་པོ་ལྟར་ན་རྟོགས་པ་དེ་རྐྱེན་ལ་རག་ལས་ན་རང་བཞིན་གྱི་སྣང་བ་མིན་པར་འགྱུར་ཞེས་ཞལ་ལུང་དུ་གསུངས་པ་དང་འགལ། གཉིས་པ་ལྟར་ན་དེ་ཉིད་ལམ་རྐྱེན་གྱིས་མངོན་དུ་གྱུར་པ་ལ་འབྲས་བུར་རྣམ་པར་བཞག་དགོས་པ་མིན་ནམ་དཔྱད་པར་ཞུའོ། །ཡང་བཙུན་མོ་དམ་པ་ཞེས་པའི་ཐད་ཀྱི་འགྲེལ་པར་སེམས་མ་ལས་ཁྱད་པར་དུ་གྱུར་པས་དམ་པའོ་གསུངས་པ་དང་ཁ་ཅིག་བཙུན་མོའི་ཚོགས་ཞེས་པས་རྒྱུད་འདི་ཤེས་རབ་ཀྱི་རྒྱུད་དུ་ངོས་བཟུང་མཛད་པ་དག་ལ། རིམ་བཞིན་འདིར་རྒྱུད་གཅིག་གིས་བསྡུས་པའི་རྟོག་པ་དང་སྦྱར་བའི་ཕྱིར་དང་


MLP019_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གྲངས་མཉམ་དུ་ཡོད་པའི་ཕྱིར་དེ་ལྟར་མི་རུང་པ་ལྟ་བུར་སྣང་བས་དགོངས་པ་དཔག་དཀའོ་སྙམ་མོ། །ཕྱི་སེམས་ཀྱི་ཡུམ་ནི་དུས་བཞིའི་ལྷ་མོ་ཞེས་དུས་བཞིར་གྲངས་ངེས་པའི་རྒྱུ་མཚན་འདིའི་ལུགས་ལ་སྤྱིར་དུས་ཀྱི་དབྱེ་བ་བཞི་ལས་མི་འདོད་པའམ། ལྷ་རྟོག་ཆོས་མཐུན་བརྩི་སྐབས་ལས་གཞན་དུ་བཞིར་གྲངས་མ་ངེས་པའི་དུས་ཀྱང་ཡོད་པར་འདོད་དགོས་སམ་ཞེས་དཔྱད་པར་བྱ་ཞིང་། གཞུང་གཞན་ལས་མ་འོངས་མི་སྐྱེ་བའི་ཆོས་ཅན་ཞེས་གསུངས་པ་དེ་དང་མི་འདྲ་བའི་ཁྱད་པར་གཏན་མི་སྐྱེ་བ་དང་སྐྱེ་བར་མ་ངེས་པས་འབྱེད་དགོས་པར་སེམས་སོ། །མ་ངེས་པའི་དུས་འདི་མཉམ་ཉིད་ཀྱི་དུས་ཡིན་པར་རང་ལུགས་སུ་མི་བཞེད་པ་དེ་ལྟ་ནའང་སྤར་ཁབ་ལས་ངོ་བོ་ཉིད་འདི་འདྲ་བསྟན་དུ་མེད་པ་ཞེས་གསུངས་པའི་ལུང་དོན་ལ་འགལ་སྤོང་བྱ་དགོས། འདིར་ཞི་བའི་གླེང་གཞིའི་སྐབས་འཇོམས་བྱེད་ཁྲོ་བོའི་འཁོར་འབྱུང་བའི་རྒྱུ་མཚན་ཅི་ལ་ཐུག་ཅིང་། ཁྲོ་མོ་བཞིའི་རྟོག་པ་གཞུང་ཚིག་སྒྲ་ཇི་བཞིན་པའི་ཕྱོགས་ལྟར་མཛད་པ་དག་ལ་ཐལ་རྒྱུད་དང་གླང་ཆེན་རབ་འབོགས་སོགས་དང་འགལ་བའི་ཚུལ་འདི་ལྟར་སྣང་སྟེ། དེ་ལས། རྟག་སོགས་མཚན་མ་ལས་སྐྱེད་ཕྱིར། །བཙུན་མོ་ཞེས་སུ་བསྟན་པ་སྟེ། །ཞེས་དང་། དོན་དམ་པར་སེམས་ཅན་རྟག་པར་ལྟ་བ་གནས་སུ་དག་པ་བཛྲ་ཨངྐུ་ཤ་སྟེ། ཞེས་གསུངས་པའི་ཕྱིར། འོན་ཀྱང་རྒྱུད་གཞུང་སོ་སོའི་དགོངས་པ་ཐ་དད་གཅིག་གིས་གཅིག་སུན་འབྱིན་མི་བྱའོ་སྙམ། སྤྱིར་ལེའུ་དང་པོའི་འཁོར་འདི་ལྷན་ཅིག་པའི་འཁོར་འདི་རྣམས་སྦྱངས་སྤྲུལ་གང་ཡིན་ཞེས་དཔྱད་དགོས་ན་སྟོན་པའང་དེ་མཐུན་བརྟག་དགོས་པར་མཚུངས་པ་གོང་མ་འགའ་བཞེད་ཀྱང་། ཅུང་ཟད་སྤྲོས་པའི་དབང་དུ་བགྱིས་ན། སྔ་རབས་ཁ་ཅིག་རིགས་ལྔ་ཡན་ཆད་སྤྲུལ་པ་དང་སེམས་དཔའ་མན་ཆད་རང་རྒྱུད་པར་འཐད་གསུངས། ལྷ་རྗེ་སྒྲོ་ཕུག་པ་སོགས་ནི། སྤྱིར་འཁོར་ཆ་གཉིས་ཡོད་པར་ངེས་ཀྱང་འདིར་རྟོག་ཚོགས་སྦྱར་བའི་འཁོར་རྣམས་ཡས་སྤྲུལ་ཡིན་པར་བཞེད། རྒྱལ་བ་གཡུང་ནི་ཡིན་ཚུལ་དང་སྣང་ཚུལ་གྱི་སྒོ་ནས་སྦྱངས་སྤྲུལ་དུ་མཛད་པ་སོགས་མང་ཡང་རང་ལུགས་ལ་ཕྱི་མ་གཉིས་པོའི་ཕྱོགས་དང་མཐུན་པར་ཐུགས་རང་སྣང་གི་སྤྲུལ་པ་ཡིན་པར་ཁས་ལེན་དགོས་པ་དེའི་


MLP019_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རྒྱུད་ཉིད་ཀྱི་ལེའུ་གཉིས་པ་ལས་སྟོན་པའི་དགོངས་པ་གཟོད་དག་ཐོབ་ནས་མྱོང་བར་བཤད་པ་དང་། རྒྱ་མཚོ་ལས་སེམས་དཔའ་སོགས་པ་ལ་སྦྱངས་པས་རྒྱལ་བར་གྱུར་ཚུལ་གསུངས་པ་དང་། སྤར་ཁབ་ལས་མཐར་ལམ་པར་བཤད་པ་སོགས་དང་འགལ་བ་དང་། གདུལ་བྱ་མེད་པའི་སྤྲུལ་པ་དོན་མེད་དུ་ཐལ་བ་དེ་སྤོང་དགོས་ཤིང་། འཁོར་ཆ་གཉིས་ཡོད་ན་འདིར་གང་ཟག་གཅིག་གི་རྟོག་པ་ལས་མ་སྨོས་པ་དང་མ་མཐུན། གདུལ་བྱའི་རྟོག་པ་སྦྱང་ཚུལ་སྤྲུལ་པ་རེ་རེས་སམ་གཅིག་གིས་སྦྱོང་། དང་པོ་ལྟར་ན་སྤྲུལ་པ་རྣམས་དགོངས་པ་འདི་ཉིད་དང་གཞན་དུ་བརྗོད་དུ་མེད་པ་མིན་པར་འགྱུར་ལ། ཕྱི་མ་ལྟར་ན། ལྡོག་ཆ་སོ་སོར་དབྱེ་བ་དོན་མེད་དུ་ཐལ་ལོ་ཞེས་དཔྱད་དོ། །སྐྱེ་རྒུ་རྣམས་ཀྱི་རྟོག་ཚོགས་ལྷ་ཡི་རང་བཞིན་དུ་སྒྲུབ་ན་གཞིའི་གནས་སྐབས་སུ་འགྲོ་བ་སོ་སོའི་གྲངས་བཞིན་ནམ། ལམ་སྐབས་སུ་རྣལ་འབྱོར་པའི་གྲངས་བཞིན་ནམ། འབྲས་བུའི་སྐབས་སུ་ལམ་མཐར་ཕྱིན་པའི་གྲངས་བཞིན་ལྷར་སྒྲུབ་བམ། དེ་རྣམས་གཅིག་ཏུ་ཐལ་ལོ་སྙམ། ལེའུ་དང་པོའི་དགོངས་དོན་བཞིན་ལྷ་རྟོག་དབྱེར་མེད་ཀྱི་དོན་ལམ་པས་ཉམས་སུ་ལེན་ཚེ་དེ་དང་ཆ་འདྲ་བའི་རྒྱུད་མས་སྦྱངས་ཀྱི་ཚོགས་རྣམས་ཉམས་སུ་ལེན་བྱ་ཡིན་ནམ་བརྟག གཞན་ཡང་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་མི་བཞུགས་སོགས་ཀྱི་དོགས་འབྱིན་ཡང་འགོད་པར་མཛད་པ་ཡོད་དེ་མང་བས་འཇིགས་སོ། །གསུམ་པ་ནི། བསྡུ་བ་འདི་རྒྱུད་དོན་ཡིན་ནམ་མིན། ཡིན་ན་སྟོན་པས་གསུངས་སམ་མ་གསུངས། གསུངས་ན་གླེང་བསླང་བའམ་མ་བསླང་བར་གསུངས། དང་པོ་ལྟར་ན་གླེང་མ་བསླང་བར་གསལ། གཉིས་པ་ལྟར་ན་ལེའུ་གཉིས་པ་དགོས་མེད་དུ་འགྱུར་རོ། །གལ་ཏེ་སྟོན་པས་མ་གསུངས་ན་གང་གིས་གསུངས། སྡུད་པ་པོས་གསུངས་ན་སྟོན་པས་གསུངས་པ་ཞིག་གམ་མ་གསུངས་པ་ཞིག་གསུངས། དང་པོ་ལྟར་ན་གོང་དང་འདྲ་བར་ཐལ་ཞིང་ཕྱི་མ་ལྟར་ན་རྒྱུད་དོན་སྡུད་པ་པོས་གསུངས་པའི་ཕྱིར་སྟོན་པ་དོན་མེད་དུ་འགྱུར་རོ། །རྒྱུད་དོན་མིན་ན་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་ལས་ཕྱུང་བར་བཤད་པ་དང་འགལ་ལོ། །ཡང་བསྡུ་བ་འདི་ཚིག་འདུས་ནས་སམ་དོན་འདུས་ནས་


MLP019_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ཅེས་པ་དང་། བསྡུས་པ་ལ་དགོས་ཆེད་ཅི་ཡོད་ཀྱང་བརྟག་གོ། །།ལེའུ་གཉིས་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པར་གླེང་བསླང་བ་ལ་དཔྱད་པ་དང་། ཐུན་མོང་དུ་གླེང་བསླང་བ་ལ་དཔྱད་པའོ། །དང་པོ་ལ། གསང་དབང་བསྐུར་བ་ལ་དཔྱད་པ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པ་ལ་དཔྱད་པའོ། །དང་པོ་ནི། འདིར་གླེང་གཞི་གླེང་བསླང་དབང་བསྐུར་རྒྱུད་བཤད་རྣམས་ཆིག་རྫོགས་སམ་སྔ་ཕྱིའི་རིམ་པ་ཇི་ལྟ་བར་བཞག་ཅེས་དཔྱད་དགོས་ཤིང་། ཁྱད་པར་གྱི་བྱེད་ཆོས་ཡབ་ཡུམ་གྱི་ཉི་ཟླ་གཉིས་འདྲེས་ཀྱི་རྫས་ལ་བརྟེན་པ་གང་ཞིག་ཡུམ་གྱི་ཐིག་ལེ་དཀར་དམར་གྱི་ཆ་གང་དུ་ངོས་བཟུང་། སྟོན་པ་ཡབ་ཡུམ་ཡེ་ཤེས་ཀྱི་སྐུ་ཅན་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཡོད་པ་མི་འགལ་བའི་ཚུལ་དང་། འཁོར་རྣམས་ལ་ཁུ་རྡུལ་དང་འཁྲི ག་སྲེད་ཕྲ་མོ་ཡོད་པར་འདོད་དམ་ཞེས་བརྟག་གོ ། འཁོར་རྣམས་ཕྱག་རྒྱ་ལ་ངེས་པར་བརྟེན་དགོས་མིན་དང་། ཀུན་མཁྱེན་ཆོས་རྗེས་གྲོལ་བའི་ཐིག་ལེ་དྲངས་ནས་བཤད་པ་སོགས་ལྟར་ན་མཐར་ལམ་པ་མི་སློབ་ལམ་དུ་ཤེར་དབང་ནས་ཞུགས་པས་ཆོག་པར་གསུངས་པ་དགོངས་པའི་གནད་གཅིག་གམ་སྙམ་ཞིང་འདིའི་སྣོད་ཀྱི་གཙོ་བོ་ལྷན་ཅིག་པ་ཡིན་མོད་གོ་ཕྱེ་བའི་འཁོར་ཡང་སྣོད་ཙམ་དུ་རུང་ངམ་ཞེས་པ་དང་། སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བ་ཙམ་གྱིས་གསང་དབང་གི་ངེས་ཚིག་འཇོག་ན་ཤེར་དབང་ཡང་དེར་ཐལ་ལོ་ཞེས་དོགས་སོ། །གཞན་ཡང་རྒྱུད་སྡེ་གཞན་དུ་གསང་དབང་བསྐུར་ཚུལ་གསུངས་པ་དང་མི་འདྲ་བའི་ཁྱད་པར་འབྱེད་དགོས་པར་སྣང་། གཉིས་པ་ནི། སེམས་བསྐྱེད་པའམ་དབང་བསྐུར་བ་དངོས་ལ་སྤྱན་འགྲེལ་ལྟར་རང་བཞིན་གཞིའི་དང་། སྤར་ཁབ་ལྟར་བགྲོད་པ་ལམ་གྱི་དང་། རྒྱ་ཆེར་འགྲེལ་ལྟར་མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་པ་དེ་དག་གི་སྐབས་སྐྱེ་མེད་འགག་མེད་དང་དེ་གཉིས་དབྱེར་མེད་སྒྲུབ་ཚུལ་སྤྱིར་འཆད་འགྱུར་ལས་ཤེས་པས་མ་སྤྲོས་ཤིང་། འདིར་གནས་དམིགས་འགྲོ་འོང་མེད་པ་གསུམ་འོག་མ་པའི་ལྟར་ལས་ཁྱད་འཕགས་ཀྱི་མཚན་ཉིད་འདྲེན་ཏེ་དབྱེར་མེད་ཀྱི་དོན་


MLP019_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒྲུབ་བོ། །གྲོལ་ལམ་ཅིག་ཆར་བ་སེམས་ལྔ་ནས་བགྲོད་དམ་མི་བགྲོད། དང་པོ་ལྟར་ན་དམ་བཅའ་ཉམས་ཤིང་གཉིས་པ་ལྟར་ན་རྒྱུད་འགྲེལ་དག་དང་འགལ་ལོ། །ཐབས་ལམ་འོག་སྒོའི་དབང་དུ་བྱས་ཏེ་དབང་ཕྱི་མ་གཉིས་བསྐུར་བའི་ཚེ་འདོད་ཆགས་བདེ་ཆེན་ལམ་གྱིས་ཡས་བབ་དགའ་བཞིའི་འགྲོས་ལ་ཐུན་མོང་གི་ས་བཅུ་དང་ལམ་ལྔ། མས་བརྟན་དགའ་བཞིའི་འགྲོས་ཀྱི་ཁྱད་པར་གྱི་ས་བཅུ་དང་ལམ་ལྔ་རྫོགས་ནས་འཚང་རྒྱ་ཚུལ་གསུངས་པ། ཐུན་ཁྱད་ཀྱི་ས་ལམ་དེའི་གོང་དུ་ཡང་རྫོགས་ཚུལ་བྱུང་བ་ཇི་ལྟར་ཡིན། ཡས་བབ་ཟག་བཅས་དང་མས་བརྟན་ཟག་མེད་ཅེས་བཤད་པ་ན་རང་ལུགས་ཀྱི་བཞེད་པས་དབྱེར་མེད་བདེ་ཆེན་གྱི་དབང་མ་ཐོབ་པར་ཕྲ་སྒྲིབ་ཡོད་པའི་ཕྱོགས་ནས་བསྙད་རུང་ངམ་སྟེ་འོན་ཀྱང་མས་བརྟན་ཡིན་རུང་ཐིག་ལེ་རང་གནས་སུ་མ་སླེབས་པར་བདེ་ཆེན་གྱི་དབང་ཐོབ་པར་འཇོག་ཏུ་མེད་པ་དང་དབང་གསུམ་ཅིག་ཆར་ཐོབ་པ་ཞིག་ཁས་ལེན་དགོས་པས་གནོད་དོ། །ཡས་མས་ཀྱི་དགའ་བཞིའི་འགྲོས་ལ་ཟབ་དབང་གི་རིམ་པ་བརྩི་ཚུལ་ཡབ་ཀྱི་ཕྱོགས་ནས་སམ་ཡུམ་གྱི་ཕྱོགས་ནས་བཞག་ཅེས་པ་དང་། ཁུ་རྡུལ་རླུང་གསུམ་གྱི་བག་ཆགས་ཕྲ་མོ་ལྷག་མེད་དུ་འགགས་པ་ན་དཀར་ཆ་སྤྱི་བོ། དམར་ཆ་མགྲིན་པ། རླུང་སེམས་སྙིང་གར་དག་དགོས་པར་ངེས་པ་ཞིག་གམ་དེ་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་དག་པ་ན་གནས་དེ་དེར་དག་ཅེས་བཏགས་སམ་ཞེས་དཔྱད་དོ། །འཚང་རྒྱ་ཚུལ་ཡང་སྐུ་ལྔ་དང་སྐུ་བཞིའི་བདག་ཉིད་དུ་སངས་རྒྱས་པར་གསུངས་པ་ལ་ཁྱད་པར་ཡོད་མེད་ཇི་ལྟར་དང་། གང་དག་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཡོད་པར་བཞེད་པ་དེའི་ལྟར་ན་མདོའི་སངས་རྒྱས་ལ་སྣང་གསུམ་འཕོ་བའི་བག་ཆགས་ཕྲ་མོ་ཡོད་པར་ཁས་ལེན་མི་དགོས་སམ་སྙམ་མོ། །འདིར་གྲོལ་ལམ་དང་སྟེང་སྒོའི་ལམ་ལྟར་གྱི་ཟབ་དབང་གསུམ་པོ་བསྐུར་ཚུལ་འཇོག་ཆོག་མིན་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་འགྲོ་ཚུལ་གཞུང་གཅིག་གི་སྟེང་དུ་དབང་གཉིས་བྱུང་ཞིང་གཉིས་ཀའི་སྔོན་དུ་སེམས་བསྐྱེད་དགོས་པས་སམ། སེམས་བཞི་པོ་དེ་དབང་གཉིས་ཀའི་སྔོན་འགྲོ་ཐུན་མོང་བ་དང་། འགྲོ་འོང་བྱང་ཆུབ་ཀྱི་སེམས་དངོས་གཞི་ཐུན་མོང་པར་འདུག་པས་ཡིན་


MLP019_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྟག་གོ །ཡང་མཐར་ལམ་པ་ལ་དབང་གསུམ་རིམ་པས་སམ་ཅིག་ཆར་དུ་བསྐུར། དང་པོ་ལྟར་ན་མན་ངག་དག་དང་འགལ། གཉིས་པ་ལྟར་ན་དབང་གསུམ་བསྐུར་བ་མི་འཐད། ལར་རིམ་ཅིག་ཆར་གཉིས་ཀ་རུང་བ་ཞིག་ཁས་ལེན་ན་འདིའི་སྐབས་དེ་གང་ཡིན་དཔྱད་དགོས། ཟབ་དབང་གསུམ་པོ་འདི་གླེང་བསླང་ངམ་རྒྱུད་དོན་ཡིན། སྔ་མ་ལྟར་ན་ལྷན་ཅིག་པས་དབང་ཐོབ་ཚེ་རྒྱུད་གོ་བར་མི་འགྱུར། ཕྱི་མ་ལྟར་ན་མན་ངག་དང་འགལ་ཞིང་བསྟན་པ་འབྱུང་བའི་རྐྱེན་མིན་པར་ཐལ་བའི་རིགས་པས་ཀྱང་གནོད་དོ། །གཉིས་པ་ནི། དེ་ལྟ་བུའི་ཟབ་མོ་གསང་བའི་དོན་དེ་གསང་བ་བཞིས་ཆོད་པ་དག་ནི་འཁྲུ ལ་བའི་གཞན་དབང་དུ་གྱུར་ཚུལ་ལ་གཉགས་པད་འབྱུང་སོགས་འཁྲུལ་གཞི་ཡོད་པ་ལས་འཁྲུལ་བར་བཞེད། འགའ་ཞིག་མེད་པ་དང་དབྱེར་མེད་ལས་འཁྲུལ་བར་གསུངས་སོ། །འོན་ཀྱང་དོགས་པ་འདི་ལྟར་སྣང་སྟེ། དང་པོ་ལྟར་ན། འཁྲུ ལ་པ་རང་རྒྱུད་པ་རྟག་པར་དང་། གཞི་འཁོར་བའི་མཐར་ལྷུང་བ་དང་། འཁྲུ ལ་བ་མི་སེལ་བར་དང་། གཞི་གཟུང་འཛིན་ཅན་དུ་ཐལ་བའི་སྐྱོན་བཞིས་གནོད་དོ། །གཉིས་པ་ལྟར་ན། ལྷན་སྐྱེས་ཀྱི་མ་རིག་པ་མ་གྲུབ་པར་དང་། གཞི་མྱང་འདས་ཀྱི་མཐར་ལྟུང་བར་དང་། འཁོར་བ་ལ་ཐོག་མ་འབྱུང་བར་དང་། སངས་རྒྱས་ལའང་འཁྲུལ་པ་འབྱུང་རིགས་པར་ཐལ་བའི་སྐྱོན་བཞིས་གནོད་དོ། །གསུམ་པ་ལྟར་ན། གཞི་རང་བཞིན་ཡེ་ནས་རྣམ་དག་ཡིན་ལ། འཁྲུལ་བ་ནི་གློ་བུར་གྱི་དྲི་མ་ཡིན་པས་གནོད་དོ། །སྐྱོན་དུ་འགྱུར་ཚུལ་དེ་དག་ཀྱང་རྒྱས་པར་ནི་སྒྱུ་འཕྲུལ་ཐུགས་ཐིག་སོགས་དང་རྒྱུད་ཊིཀ་དུ་མ་ལས་གསལ་ལོ། །ཅིའི་ཕྱིར་འཁྲུལ་གཞི་ཞེས་བྱ་བ་དེ་བདེ་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་རྒྱུ་དང་བཅས་པ་ལ་འདོད། སྔ་མ་ལྟར་ན་སངས་རྒྱས་ཀྱི་དགོངས་པ་མི་རྙེད་པར་འགྱུར། ཕྱི་མ་ལྟར་ན་འཁྲུ ལ་བའི་ངོ་བོ་མི་རྙེད་པར་འགྱུར་རོ། །བརྟག་གཞིའི་མཚན་ཉིད་ནི་སྔ་རབས་པ་ལ་ཕལ་ཆེར་ལམ་པའི་བློས་བརྟགས་པས་དང་། རོག་གིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟག་དཔྱད་བྱ་བའི་གཞིར་གྱུར་པས་དེ་སྐད་སྨོས་པར་བཞེད་ཀྱང་། རང་ལུགས་ནི་གནས་ལུགས་ལ་ཡང་དག་པར་མ་གྲུབ་པ་ལས་ལོག་པར་རྟོག་པའི་ཞེན་སྣང་ངོ་གསུངས། དེ་ལ་འདི་ལྟར།


MLP019_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ཆོས་ཆོས་ཅན། ཁྱོད་ཀྱང་ལོག་རྟོག་ཏུ་ཐལ་ཏེ། བརྟག་གཞི་ཡིན་པའི་ཕྱིར་ཞེས་ཟེར་ན་དཔྱད་དགོས་སོ། །འདིར་ཞེན་སྣང་དང་ཞེན་པ་ལ་ཁྱད་པར་འབྱེད་པ་ནི་མི་རིགས་པར་སེམས་ཏེ། དེ་གཉིས་བློ་རྫས་ཐ་དད་ན་ཞེན་འཁྲུལ་སྤངས་ཚེ་སྣང་འཁྲུལ་མི་སྤང་བར་ཐལ་ཞིང་། ལྡོག་པ་ཐ་དད་ན་གཞལ་བྱ་གཅིག་པར་འགལ་ལོ། །གཉིས་སུ་བཟུང་བས་འཁྲུལ་པའི་སྣང་བ་ཡིན་ནམ་མིན། ཡིན་ན་འགྲོ་ལ་ཤེས་རྒྱུད་གཉིས་ཆར་དུ་ཐལ། མིན་ན་ལུང་དང་འགལ་ལོ། །གཞི་འཆི ང་གྲོལ་མེད་པར་བསྟན་པའི་ཕྱིར་རྣམ་གཅོད་དུ་ཀ་ལྷུན་སྐྱོན་ཅན་དགག་ནས་ཡོངས་གཅོད་དུ་ཀ་ལྷུན་སྐྱོན་མེད་སྒྲུབ་པར་མཛད་པ་ན། གོང་མ་ཕལ་ཆེར་ཀ་དག་ལྟར་དང་ལྷ་རྗེ་ཟུར་ཆུང་བ་ལྷུན་གྲུབ་ལྟར་འཐད་ཅེས་གསུངས་ཀྱང་། རང་ལུགས་ཀྱི་འཇོག་མཚམས་ནི་རྗེ་སྒྲོལ་གཡུང་གཉིས་སོགས་ཀྱི་བཞེད་པ་ལྟར་གཞི་འབྲས་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་དང་། དེ་མ་སྤངས་པའི་ཆ་ནས་ལྷུན་གྲུབ་ཏུ་བཏགས་པ་ཙམ་དུ་ཟད་ཀྱི། དོན་དུ་མ་སྤངས་ལ་མི་ལྡན་པར་ལྟ་བ་གོང་མཐུ ན་པ་རྒྱལ་བུ་དམངས་སུ་འཁྱམས་པའི་སྟོང་ཐུན་དང་སྦྱར་བ་མཛད་པ་དེ་ལྟ་ནའང་། མ་སྤངས་ཞེས་པ་དེ་ཡོད་ཆོས་ཤིག་གམ་མེད་ཆོས་ཤིག་ཡིན། དང་པོ་ལྟར་ན་ལྡན་པ་ཉིད་དུ་ཐལ། གཉིས་པ་ལྟར་ན་མ་སྤངས་པའི་དམ་བཅའ་ཉམས་སོ་སྙམ་པའི་དོགས་པ་འདི་འབྱུང་ངོ་། །འདི་དག་གི་སྐབས། རྒྱུ་ལྷན་སྐྱེས་དང་ཀུན་བཏགས་ཀྱི་མ་རིག་པ་གཉིས་གྲུབ་མཐའ་ངན་པས་བཏགས་མ་བཏགས་ལ་འཇོག་པ་དག་དང་མཐུན་ནམ་ཞེས་པ་དང་། སེམས་རང་སྣང་དང་ཡེ་ཤེས་རང་སྣང་གཉིས་ལ་ཁྱད་པར་ཡོད་དམ་མེད། དང་པོ་ལྟར་ན། སེམས་རིག་ཤན་ཕྱེ་དགོས་པའི་རྣམ་བཞག་ཁས་ལེན་ནམ། གཉིས་པ་ལྟར་ན། འཁྲུལ་བའི་སྣང་བ་སོར་བཞག་འདི་ཁོ་ན་དག་པའི་སྣང་བར་ཐལ་བར་དོགས་སོ། །ཡང་ཐུགས་རྗེས་གཟིགས་པའི་ཡུལ་དེ་ཡོད་མེད་དབྱེར་མེད་གསུམ་ལས་གང་ལྟར་ཏུ་གཟིགས། སྔ་མ་ལྟར་ན། ཡེ་ཤེས་གཟུང་འཛིན་ཅན་དུ་འགྱུར་ཞིང་། བར་པ་ལྟར་ན་ཡེ་ཤེས་རྒྱུན་ཆད་པར་འགྱུ ར་ལ། ཕྱི་མ་ལྟར་ན། གང་ལ་གང་གིས་གང་ལྟར་གཟིགས་ཏེ་གཟིགས་པའི་ཐ་སྙད་རང་མི་འཐད་དོ། །གཞན་ཡང་དམིགས་སུ་མེད་


MLP019_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཐུགས་རྗེར་ཅི་འགྱུར་ཡང་དཔྱད་པར་མངོན་ནོ། །རྒྱུད་དོན་འདི་ཉིད་དགྱེས་ཚུལ་དྲུག་གི་སྒོ་ནས་དངོས་དང་བརྒྱུད་ནས་བསྟན་ཅེས་གསུངས་པ་ཧ་ཅང་གུ་དོག་པའི་སྐྱོན་དུ་འགྱུར་བར་དོགས་ཏེ། གཞུང་ཉིད་ནས་སྣ་ཚོགས་མཛད་ཅེས་བཤད་པའི་ཕྱིར། ཐུན་མོང་གི་གླེང་བསླང་འདི ར་བཀའ་སྩལ་པ་དང་གསོལ་བ་མི་འདུག་པས། སྟོན་འཁོར་ཞུས་གནང་མི་རིགས་པའི་སྐྱོན་འབྱུང་མིན་དང་། ལེའུའི་མཚན་གྱི་གཞུང་: འགེགས་༼འགེབ་༽པས་ཁྱབ་པ་གང་ཞིག་ཐུན་མོང་གི་གླེང་བསླང་མཚན་གྱི་ནང་དུ་འདུས་ཚུལ་ཇི་ལྟར་ཞེས་བརྟག་དགོས་སོ།། །།ལེའུ་གསུམ་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་ལ་དཔྱད་པ་དང་། དོན་བསྡུ་བ་ལ་དཔྱད་པའོ། །དང་པོ་ལའང་གཉིས་ཏེ། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ལ་དཔྱད་པ་དང་། ཡོངས་སུ་ཤེས་པར་བྱ་བ་ལྟ་བ་ལ་དཔྱད་པའོ། །དང་པོ་ནི། འདིར་སྔགས་ལུགས་ཀྱི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་བྱ་བ་དེ་ཡིན་དགོས་པ་གང་ཞིག གླེང་བསླང་གི་མཇུག་ཏུ་གླེང་གཞི་འབྱུང་བའི་སྐྱོན་མི་ཞུགས་པའི་འཐད་པ་འགོད་དགོས་ཤིང་། དེའི་ཚེའང་ལེའུ་གཉིས་པར་ལྷན་ཅིག་པས་གསང་བ་བཞིས་ཆོད་པའི་ཆེད་དུ་རྒྱུད་བཤད་པར་ཞུས་པའི་ཚེ་སྟོན་པས་རྒྱུད་འདི་ཉིད་གསུང་བར་ཞལ་གྱིས་བཞེས་པས་ཐུན་མོང་གི་ཐེག་པ་གསུངས་པ་མི་འཐད་པར་སྨྲ་ན་དཔྱད་དོ། །ཕལ་ཆེན་ལས་བཤད་པ་ལྟར་གཞུང་ཚིག་འཇིག་རྟེ ན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་ཅེས་པ་ཉིད་སྤྲུལ་སྐུའི་ཞིང་དང་སྦྱར་ན་ཆོས་ལོངས་ཀྱི་གླེང་གཞི་སྨོས་པས་སྐབས་འཆོལ་བའི་སྐྱོན་དུ་ཐལ་བར་དོགས་མི་དགོས་ཤིང་། སྟོན་པ་ཐུབ་དྲུག་ཆགས་བྲལ་གྱི་རྣམ་པ་ཡིན་མིན་དང་། ཐུབ་པ་གཞན་ལྔ་ལ་བསྟན་པ་དང་དེ་འཛིན་གྱི་འཁོར་དང་མཛད་པ་བཅུ་གཉིས་ཡོད་མེད་བརྟག་གོ ༑འདིར་བསྟན་གྱི་མཛད་པ་བཅུ་གཉིས་པོ་འོག་མ་པའི་འཇོག་ལུགས་གཉིས་གང་རུང་དང་མཐུན་པ་ཞིག་གམ། ཐུན་མིན་གྱི་ལུགས་ཟུར་པ་ཞིག་འཇོག་ཅེས་པ་དང་ཐུན་མོང་པའི་ལུགས་ལྟར་སངས་རྒྱས་པ་ལ་འབྲས་དབང་བསྐུར་དགོས་སམ་མི་དགོས། དང་པོ་ལྟར་ན་


MLP019_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་པས་ཀྱང་དབང་བསྐུར་གྱི་རྣམ་བཞག་ཁས་ལེན་ནམ། གཉིས་པ་ལྟར་ན་འོད་ཟེར་ཆེན་པོའི་དབང་བསྐུར་མི་འཐད་པར་ཐལ་ལོ། །འོན་ཀྱང་མདོ་སྔགས་ཀྱི་དབང་སྐུར་ཚུལ་ལ་ཁྱད་པར་འབྱེད་རིགས་སོ་སྙམ་ན་གོང་མ་ཕལ་ཆེར་གྱི་བཞེད་པ་དང་འགལ་བའི་སྐྱོན་སྤང་དགོས་སོ། །ཡང་མཛད་པ་བཅུ་གཉིས་དུས་གཅིག་གམ་ཐ་དད་བརྟག་སྟེ། གཅིག་ན་ལོ་ཚེས་གཟའ་སྐར་སོགས་ཐ་དད་དུ་གསུངས་པ་དང་མི་མཐུན། ཐ་དད་ན་རྒྱུད་སྡེ་དག་དང་འགལ་བར་མ་ཟད་ཐུ ན་མོང་པའི་མདོ་སྡེ་འགའ་ཞིག་ནས་དེ་བཞིན་གཤེགས་པ་རྡོ་རྗེའི་གདན་ན་ཏིང་ངེ་འཛིན་ལ་བཞུགས་པ་དང་བྱ་རྒོད་ཕུང་རིར་ཆོས་གསུང་བ་རྣམས་དུས་ཅིག་ཆར་བཤད་པ་དང་ཡང་འགལ་ལོ། །ཀླད་ནས་སྟོན་པ་ལས་སྤྲུལ་པར་བཤད་པ་དང་། འདིར་དགའ་ལྡན་ནས་བབས་པར་གསུངས་པ་མི་འགལ་བའི་ཚུལ་དང་། སྐུའི་མཛད་པ་འདི་གཙོ་བོའམ་གཞི་མའམ་ཕལ་ཆེ་བའི་སྒྲ་གང་ལས་བཏགས་པ་དང་། དུས་བཞི་ཀུན་ཏུ་མཁྱེན་ཚུལ་རེ་མོས་སམ་མཉམ་པར་མཁྱེན། སྔ་མ་ལྟར་ན་སེམས་ཅན་གྱི་རྟོག་པ་དང་མཚུངས་པར་ཐལ་ཞིང་ཕྱི་མ་ལྟར་ན་དུས་བཞི་མིན་པར་འགྱུར་རོ། །སྤྱིར་མཁྱེན་ཚུལ་གནས་ལུགས་དུས་ལས་འདས་པ་དང་བློ་དུས་ལྟར་དུ་འཁྲུ ལ་པ་དང་། ཡེ་ཤེས་དུས་ལ་དབང་བསྒྱུར་བ་གང་ལྟར་མཁྱེན་ཞེས་དཔྱད་དོ། །གཞན་ཡང་ལུས་ཀྱི་རྫུ་འཕྲུལ་འདི་དག་མངོན་ཤེས་སུ་འགྲོ་བའི་རྒྱུ་མཚན་ཐུགས་ཀྱི་རྣམ་པར་འཕྲུ ལ་བ་ཡིན་པས་བཞེད་པ་དེའི་ལྟར་ན་མཛད་པ་བཅུ་གཉིས་ཀྱང་དེར་ཐལ་བར་དོགས་ཤིང་། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་ལ། སྟག་དང་སྤྲེའུ་ལྟར་དང་། ཅ་ཅོ་མི་མཛད་ཅིང་མཉམ་པར་མ་བཞག་པ་མེད་པས་ཐུབ་པར་བཤད་པའི་འགལ་སྤོང་དང་། སྐུ་ཞལ་བསམ་གྱིས་མི་ཁྱབ་པ་གཉིས་ལ་ཁྱད་པར་ཅི་ཡོད། སྤྲུལ་པ་ཐུག་མེད་དུ་འདོད་ན་མན་ངག་དང་འགལ་བའི་སྐྱོན་སེལ་རྣམས་རིམ་གྱིས་ཞུའོ། །གསུང་རིག་པས་འདུལ་བའི་སྐབས་འདིར། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་བསྟན་འདིས་བསྟན་འདི་ཕྱིར་སྟོན། །ཞེས་པས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་སོ་སོའི་རྣམ་བཞག་ཇི་ལྟ་བུ་ཞིག་བསྙད་ཀྱང་རུང་མོད་ཧ་ཅང་རྒྱས་པར་བཤད་ན་སྐབས་དོན་ལས་འཆོལ་


MLP019_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བས་རེ་ཞིག་ཉེར་མཁོ་ཙམ་བརྗོད་ན། རྒྱུ་འབྲས་ཀྱི་ཐེག་པའི་ཁྱད་པར་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འཕགས་ཚུལ་བཞི་དང་། མདོ་ཆེན་པོ་ལས། དཀར་པོའི་མཐར་ཐུག་བསོད་ནམས་ཀྱིས། །གསང་ཉིད་སྐད་ཅིག་འབུམ་ཆར་མིན། །ཞེས་དང་། ཡན་ལག་ལྟ་བུའི་དབུ་མ་ཉམས་ཀྱང་འཚོ། །སྙིང་དང་འདྲ་བའི་གསང་ཉིད་མེད་ན་བརླག །ཅེས་སོགས་ཀྱིས་ཁྱད་པར་བསྟན་ལ། གནུབས་ཀྱི་བསམ་གཏན་མིག་སྒྲོན་དུ་ཁྱད་པར་བཅུ་གཉིས་ཀྱིས་དང་། ལྷ་རྗེ་ཟུར་ཆུང་བ་དང་རོག་གིས་ལྟ་བ་གཏན་ལ་འབེབས་ཚུལ། ཕབ་པའི་གྲུབ་མཐའ། ཉམས་སུ་ལེན་ཚུལ། འབྲས་བུ་ཐོབ་དུས། འབྲས་བུ་རང་གི་ངོ་བོ་རྣམས་ལ་དང་། དཔྱལ་ལོ་ཀུན་རྡོར་ནི་གཞི་ལམ་འབྲས་གསུམ་གྱིས་དང་། འགའ་ཞིག་གིས་སྒྲ་དོན་གྱི་དང་། དོན་དམ་དངོས་སྟོང་དང་ཀུན་རྫོབ་འཁྲུལ་པར་འཛིན་མིན་དང་། ཤེས་རབ་ལ་ཁྱད་པར་མེད་ཀྱང་ཐབས་ཀྱི་ངོས་ན་འཇོག་པར་བཞེད་དོ། །ཡང་སྔགས་ཕྱི་ནང་གི་ཁྱད་པར་ལྷ་རྗེ་སྒྲོ་ཕུག་པས་ཐུགས་སྲས་ཀ་བ་བཞིའི་དགོངས་པ་དྲིལ་ཏེ་འགོད་པར་མཛད་པ་ལྟར་ན། ལྟ་བ་དངོས་གྲུབ་དབང་སྤྱོད་འབྲས་ཏེ་ལྔ་རུ་དང་། རྗེ་ཁ་རག་པ་དང་རོག་ནི། རྒྱུད་ཀྱི་དངོས་པོ་བཅུ་ཕྱི་ནང་གི་བསྒྱུར་ཁྱད་དང་། ཟབ་དབང་གསུམ་སྟོན་ནུས་མིན་དང་། རང་བྱུང་གི་ཡེ་ཤེས་སྨྲ་ནུས་མིན་དང་། ལྷ་ཞལ་སྦྱོར་བསྒོམ་ནུས་མིན་དང་། དམ་རྫས་ལྔ་ལ་སྤྱོད་ནུས་མིན་དང་། ལྷ་བདག་ཐ་མི་དད་པར་བལྟས་ནས་འཇུག་ནུས་མིན་དང་། དངོས་གྲུབ་ཕྱི་ནང་ནས་རེ་མིན་དང་། དེའི་དུས་ཉེ་རིང་གི་ཁྱད་པར་ཡོད་ཚུལ་གསུངས་པ་དང་། རྗེ་སྒྲོལ་གཡུང་རྣམ་གཉིས་ཀྱིས་ལྟ་སྤྱོད་ཏིང་ངེ་འཛིན་གསུམ་དབྱེར་མེད་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད་པ་སོགས་ཀྱི་བཞེད་ཚུལ་དེ་དག་རྣམས་ལས་རང་ལུགས་གང་ལྟར་བཟུང་བར་དཔྱད་དོ། །ཅི་གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་དེ་འབྲས་བུ་སྨིན་པ་ཞིག་གམ་མ་སྨིན་པ་ཞིག་ལམ་དུ་བྱེད། དང་པོ་ལྟར་ན་ཐུག་མེད་དུ་འགྱུར་ཏེ། སྨིན་ནས་ཀྱང་ལམ་དུ་བྱེད་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད་མས་


MLP019_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྟེ། ན་ནིང་གི་འབྲས་བུ་ད་གཟོད་ཀྱི་ས་བོན་དུ་འགྱུར་བ་བཞིན་ནོ། །འདོད་ན་གསང་སྔགས་ཉིད་རིང་ལམ་དུ་ཐལ་ལོ། །གཉིས་པ་ལྟར་ན་འབྲས་བུ་ལམ་བྱེད་མིན་པར་འགྱུར་ཏེ༑ མ་སྨིན་པའི་ཕྱིར། འདོད་ན། རང་ཚིག་ཉམས་ལ། གང་མ་སྨིན་པ་ལ་མཐར་ཐུག་གི་འབྲས་བུ་མིན་པས་ཁྱབ་སྟེ་མྱུ་གུ་སྔོན་པོ་བཞིན་ནོ། །གསང་སྔགས་འདི་སྡེ་སྣོད་གང་ཡིན་ལ་དཔྱད་པ་ན། རྒྱ་གར་གྱི་སློབ་དཔོན་བཱི་མ་ལ་དང་བོད་ཀྱི་མཁས་པ་༼ས་༽སྐྱ་ཉི་མ་རྡོ་རྗེ་སོགས་ནི། མངོན་པའི་སྡེ་སྣོད་ལ་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པར་བཞེད། དེ་དང་མཐུན་པར་རྫོགས་ཆེན་དུང་ཡིག་ཅན་ལས་ཀྱང་། སྡེ་སྣོད་རིན་པོ་ཆེ་ལས་མངོན་པ་སྟེ༑ ༑ཞེས་གསུངས་སོ། །ཡང་རྒྱ་གར་གྱི་སློབ་དཔོན་ཤཱནྟི་བ་དང་བོད་ཀྱི་ལྷ་རྗེ་སྣར་སྟོན་སེངྒེ་འོད་སོགས་ནི་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། ཏནྡྲ་སྡེ་བཅོ་བརྒྱད་ལ་མདོ་སྡེ་ཆེན་པོ་བཅོ་བརྒྱད་ཅེས་གསུངས་པ་ལྟར་མདོ་སྡེར་བཞེད། ཡང་རྒྱའི་སློབ་དཔོན་ཨཪྱ་དེ་བ་དང་བོད་ཀྱི་མཁས་པ་རོག་བདེ་གཤེགས་ཆེན་པོ་དང་། ཀུན་མཁྱེན་ཆོས་རྗེ་སོགས་ནི་ཡོན་ཏན་བཀོད་པའི་རྒྱུད་དང་ཀུན་བྱེད་སོགས་ཀྱི་ཁུངས་ལ་བརྟེན་ནས་རིག་འཛིན་གྱི་སྡེ་སྣོད་ཅེས་སྡེ་སྣོད་རྐང་ཐུབ་གཅིག་ཏུ་འཇོག་པར་གསུངས་པ་དེ་དག་ལས་སྤྱི་དང་མཐུན་པའི་འཐད་ཕྱོགས་འགོད་པར་རིགས་སོ། །འདིར་སྟོན་པའི་མཐར་ཐུག་གོ །ཞེས་པ་དང་། གོང་དུ་བླ་ན་མེད་པ་ཞེས་པ་གཉིས་གསང་བའི་སྙིང་པོ་འདི་ཡིན་ནམ་མིན། ཡིན་ན་འོག་ནས་རྒྱུད་དོན་གསུང་མི་དགོས་ཤིང་། མིན་ན་མཐར་ཐུག་དང་བླ་ན་མེད་པར་བཤད་པ་དང་འགལ་ལོ། །གཞན་ཡང་འདིར་བསྟན་ཐེག་རིམ་དགུའི་རྣམ་བཞག་དང་། དེ་དག་རང་གཞུང་ནས་བཤད་པ་གཉིས་འཇོག་མཚམས་ཐུན་མིན་དཔྱད་དགོས་ཤིང་། སྐབས་འདིར་རྒྱུད་ཊིཀ་གཞན་དུ་སྟོང་ཐུན་སྦྱར་ཚུལ་གསུམ་ལས་མ་བྱུང་ཡང་དཔལ་སྨན་ལུང་པ་ཆེན་པོའི་རྒྱུད་འགྲེལ་དུ་དཔེའི་སྟོང་ཐུན་བཞི་ཞེས་གསལ་ལོ། །འདིར་རྒྱུད་ཀྱི་དངོས་པོ་ལ་འཇུག་པའི་གཞུང་མཚམས་ངོས་བཟུང་བ་ལ་བཞེད་ཚུལ་མི་འདྲ་བ་གསུམ་སྟེ་སློབ་དཔོན་སྒེག་པ་ནི་ལེའུ་གསུམ་པའི་སྟོད་ཡན་ཆད་ཀྱིས་སྤྱི་དང་ཁྱད་པར་གྱི་རྒྱུ་རྐྱེན་རྫོགས་ནས། དེ་ནས་དེ་


MLP019_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་མན་ཆད་ལེའུ་ཕྱེད་དང་བཅུ་དགུས་རྒྱུད་དངོས་བསྟན་པར་བཞེད། སློབ་དཔོན་བི་མ་ལས་ནི། ལེའུ་གཉིས་པའི་ཡབ་ཡུམ་གྱི་སླེང་བསླང་བས་རྒྱུ་རྐྱེན་རྫོགས་ནས། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཞེས་པ་མན་ཆད་ཀྱིས་རྒྱུད་དོན་བསྟན་པར་བཞེད། པཎྚི་ཏ་རོང་ཟོམ་ཆེན་པོ་ནི་ལེའུ་དང་པོར་གླེང་གཞི། གཉིས་པར་ཀུན་བཟང་ཡབ་ཡུམ་གྱི་གླེང་བསླང་དང་དེ་མ་རྟོགས་པའི་འགྲོ་བ་ལ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ། གསུམ་པར་དེའི་བྱིན་རླབས་ཐུབ་དྲུག་སྤྲོས་ཏེ་འདུ ལ་བ་བཞིས་འགྲོ་དོན་མཛད་ཚུལ་བསྟན་ནས་ལེའུ་བཞི་པ་མན་ཆད་ཀྱིས་རྒྱུད་ཀྱི་དངོས་པོ་བསྟན་པར་བཞེད་དོ། །ལུགས་དེ་དག་གང་ལྟར་བཤད་ཀྱང་འགལ་བ་མེད་མོད་བརྒྱུད་པའི་བཀའ་སྲོལ་དང་པོ་ཉིད་ཡིན་པས་རེ་ཞིག་སྤར་ཁབ་ལྟར་བཟུང་ངོ་གསུངས། གཉིས་པ་ལ་གསུམ་སྟེ། གང་གཞལ་བྱ་ཆོས་ཅན་ལ་དཔྱད་པ། གང་གིས་འཇལ་བྱེད་གཏན་ཚིགས་ལ་དཔྱད་པ། དེ་ལྟར་གཞལ་བའི་གྲུབ་མཐའ་ལ་དཔྱད་པའོ། །དང་པོ་ནི། སྤྱིར་སྐབས་དང་དགོས་ཆེད་ཀྱི་ཆོས་ཅན་འཇོག་ལུགས་རིགས་གསུམ་དུ་འགྱུར་ཏེ་རྒོལ་བ་གཉིས་རྩོད་ཚེ་ཤེས་ངོར་ཚད་མས་གྲུབ་པའི་དགོས་པ་ལ་བརྟེན་ནས་ཕྱོགས་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་གཅིག་འཇོག་པ་དང་། གདམས་ངག་འབོགས་ཚེ་སློབ་བུའི་རྒྱུད་ཐོག་ཏུ་ཁེལ་བའི་དགོས་པ་ལ་བརྟེན་ནས་བུའི་ཚོགས་བརྒྱད་ཡུལ་བཅས་འཇོག་པ་དང་། གཞུང་འཆད་ཚེ་ཆོས་ཉིད་གཏན་ལ་འབེབས་པའི་དགོས་པ་ལ་བརྟེན་ནས་དངོས་པོ་གཉིས་བསྡུས་ཀྱི་ཆོས་ཀུན་འཇོག་པ་ལས་འདིར་གང་དུ་ངོས་བཟུང་བ་དང་གཞལ་བྱ་དེ་ཀུན་གཞིའམ་ཚོགས་དྲུག་གང་གི་ཡུལ་དུ་ཡོད་པ་དང་། རྟོག་ཤེས་དེ་ཉིད་སོ་སོར་རྟོག་པའི་ཤེས་རབ་ཏུ་གནས་འགྱུར་ཚུལ་ལ་དཔྱད་དགོས་ཤིང་། གཞལ་བྱ་དེའང་མྱང་འདས་སམ་འཁོར་བ་འཇལ། དང་པོ་ལྟར་ན་འདས་པའི་རང་མཚན་ནི་མོས་སྤྱོད་ཀྱི་རིག་ཤེས་ལ་ལྐོག་ཏུ་གྱུར་པའི་ཕྱིར་དེར་མི་རུང་ངོ་། །གཉིས་པ་ལྟར་ན་འཁོར་བའི་རང་མཚན་སྣང་ཙམ་ཉིད་ལའམ་ཞེན་པ་སྒྲོ་བཏགས་ཀྱི་ཤེས་པ་ལ་འཇལ། སྔ་མ་ལྟར་ན་མི་རིགས་ཏེ། སྣང་ཙམ་རིགས་པས་


MLP019_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པར་མི་ནུས་ཤིང་། བཀག་ན་སྐྱོན་དུ་ཐལ་བའི་ཕྱིར། ཕྱི་མ་ལྟར་ནའང་ཤེས་པ་སྐད་ཅིག་གསུམ་གྱི་རང་བཞིན་ཡིན་པ་ལ་འདས་མ་འོངས་གཉིས་འགགས་ཤིང་མ་སྐྱེས་པའི་ཕྱིར་འཇལ་དུ་མི་བཏུབ་ཅིང་། ད་ལྟར་གྱི་ཡིད་རྟོག་བཅས་བསམ་ཤེས་སུ་གནས་འགྱུར་བའི་ཕྱིར་གཞལ་བྱར་མ་གྲུབ་པས་གཞལ་དུ་མི་རུང་ངོ་། །གཞན་དུ་བསམ་ཤེས་རང་གིས་རང་ལ་ནི་གཞལ་དུ་མི་བཏུབ་སྟེ། རལ་གྲིའི་སོ་རང་གིས་རང་གཅོད་མི་ནུས་པ་བཞིན་ནོ། །ཡང་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་རང་ཐད་རང་ཐད་ཀྱི་ཞེན་སྣང་ལ་འཇལ་ལོ་སྙམ་ན། དེའི་ཚེ་ཤེས་རྒྱུད་སྐད་ཅིག་གི་སྟེང་དུ་མངོན་གྱུར་དུས་གཅི ག་ཏུ་ཚོགས་ནས་འཇལ་བ་མིན་པ་གང་ཞིག གཅིག་མངོན་གྱུར་གྱི་ཚེ་གཅིག་བག་ཉལ་དུ་གནས་པར་ཁས་ལེན་དགོས་པ་དེ་ལྟ་ནའང་བསམ་ཤེས་དེ་ཞེན་སྣང་དག་པའི་ཤུལ་དུ་སྐྱེའམ། མ་དག་པར་སྐྱེ། དང་པོ་ལྟར་ན་བསམ་ཤེས་དོན་མེད་དུ་ཐལ་ཞིང་། གཉིས་པ་ལྟར་ན་ཤེས་རྒྱུད་གཉིས་ལྡན་དུ་ཐལ་ལོ། །ཅི་སོ་སོར་རྟོག་པའི་བསམ་ཤེས་དེ་འཁྲུལ་ཤེས་མིན་པར་འདོད་དགོས་ཀྱང་དེ་ལྟར་ན་འབད་མེད་དུ་གྲོལ་བར་ཐལ་བ་དང་། ཀུན་བཏགས་རང་མཚན་པ་དེ་ཉིད་ཡུལ་དུ་བྱེད་པའི་ཕྱིར་དེར་ཐལ་བ་ཉིད་དུ་ངེས་པར་མི་གྱུར་རམ་ཞེས་བྱ་བ་འདི་སྤོང་དགོས་སོ། །ཞེན་སྣང་གྲུབ་ཟིན་པའི་ཕྱིར་གཏན་ཚིགས་ཀྱིས་གཞལ་མི་དགོས་པར་འགྱུར་རོ་ཞེས་པ་ལ་མ་ཁྱབ་པའི་ལན་འདེབས་རྒྱུ་བྱུང་ཡང་། དེ་ལྟར་ན་ཞེན་སྣང་གཏན་ལ་ཕབ་པས་ཆོས་ཉིད་གཏན་ལ་མི་ཕེབས་པར་ཐལ་ཏེ་ཐ་དད་པའི་ཕྱིར་ཞེས་སྨྲ་ན་དཔྱད་དོ། །གཞན་ཡང་ཞེན་སྣང་བསམ་གྱིས་མི་ཁྱབ་པས་གཞལ་གྱིས་མི་ལང་བར་འགྱུར་བ་དང་། འཁོར་འདས་ཀྱི་ཞེན་སྣང་གཉིས་རེ་རེ་ནས་སམ་གཅིག་ཏུ་འཇལ་བ་གང་ཡིན་ཡང་བརྟག་པར་མངོན་ནོ། །འདིའི་སྐབས་འཁོར་བ་ཐོག་མཐའ་ཡོད་མེད་ལ་དཔྱད་པ་ན། གོང་མ་དག་སྤྱི་བཙན་ལ་ཐོག་མཐའ་མེད་ལ་སྒོས་བཙན་དུ་མཐའ་ཡོད་གསུངས་ཀྱང་། དེ་ལྟར་ན་སྤྱི་དེས་སྒོས་ལ་ཁྱབ་བམ་མ་ཁྱབ། དང་པོ་ལྟར་ན་སྒོས་བཙན་ལའང་ཐ་མ་མེད་པར་ཐལ། གཉིས་པ་ལྟར་ན་དགོས་ལ་མ་ཁྱབ་པའི་ཕྱིར་སྤྱི་མིན་པར་འགྱུར་རོ། །གཉིས་པ་ནི། གཞལ་བྱ་དེ་དག་གི་འཇལ་བྱེད་གཏན་ཚིགས་


MLP019_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་མཚོན་པ་ལ་དགོས་པ་མེད་པར་འཇོག་ཏུ་མི་རུང་བ་གང་ཞིག འདིའི་ལུགས་ཀྱི་ཐུན་མོང་དང་ཐུན་མིན་གཉིས་སུ་ངེས་པའི་དང་པོ་ཐུན་མོང་པ་བདེན་པའི་གཏན་ཚིགས་ཏེ། དེ་ལ་མཉམ་པ་བཞི་ལས་ཐུན་མོང་གི་མཉམ་པ་གཉིས་འོག་མ་ཁ་དྲང་བའི་ཆེད་ཙམ་དུའམ་ལམ་འདིའི་རྣལ་འབྱོར་པས་ཚུལ་དེ་དག་གིས་ཀྱང་མཉམ་ཉིད་དུ་བལྟ་དགོས་པའི་གནད་ཀྱིས་བསྟན་པ་ཡིན་ཞེས་པ་དང་། རང་བྱུང་གི་ཡེ་ཤེས་འཁོར་ལོ་ཐ་མ་ནས་བསྟན་པར་འཆད་ཚེ་ལྷག་པའི་མཉམ་པ་ཞེས་འདོད་རུང་མིན་དཔྱད་དོ། །ཐུན་མིན་གྱི་གཏན་ཚིགས་རྟོགས་པ་བཞི་དང་དག་པ་གསུམ་ལས་སྔ་མའི་ནང་ཚན་རྒྱུ་གཅིག་པའི་ཕྱོགས་གཅིག་ནི་ཕར་ཕྱིན་ཐེག་པ་དང་ཐུན་མོང་གི་བདག་མེད་པའི་ལྟ་བ་ལའང་ཡོད་པར་བཤད་པ་དང་། ཕྱི་མ་དག་པའི་གཏན་ཚིགས་ཀྱང་འདིར་བསྟན་དངོས་ལྟར་ཡོད་པར་མ་ངེས་ནའང་དྲི་མེད་འོད་སོགས་སུ་གསུངས་པ་དང་འདྲ་བར་ཐ་མལ་པ་ལྟར་སྣང་བའི་གནས་འདི་མཐའ་གཅིག་ཏུ་མ་དག་པར་གྲུབ་པ་མིན་པ་དང་། ཡུལ་ཅན་ཤེས་པའང་གློ་བུར་པའི་འཁྲུལ་པ་བག་ཆགས་དང་བཅས་པ་ནམ་ཟད་པ་ན་ཡུལ་ཇི་ལྟ་བ་བཞིན་དུ་རྟོགས་ནུས་པའི་ངང་ཚུལ་ཅན་དུ་འགྱུར་བ་སོགས་འགའ་ཞིག་ནི་དེའི་གཞུང་ནས་ཀྱང་མ་བཤད་པ་མིན་པས་འདི་དག་ལའང་ཐུན་མིན་ཁོ་ནར་བསྙད་རུང་ངམ་སྙམ། བྱིན་གྱིས་བརླབས་པ་བསྒྲུབ་བྱར་འགོད་དམ་སྟེ། རྒྱུད་ཀྱི་ཚིག་ཟིན་བཞི་ག་གཏན་ཚིགས་སུ་འདོད་ཕྱིན་ཆད་དེའི་ནང་ཚན་ཁ་ཅིག་བསྒྲུབ་བྱ་དང་ཁ་ཅིག་རྟགས་སུ་བཀོད་མི་རིགས་པར་གསུངས་སོ། །རྒྱུད་གཞུང་གི་ཁོག་ནས་གཏན་ཚིགས་གཞན་ཡང་བསྟན་པ་གང་ཞིག འདིར་ལྟ་བ་གཏན་ལ་དབབ་པའི་དུས་སུ་དེ་དག་མི་དགོས་པ་ཞིག་གམ་སྟེ། འོན་ཀྱང་དེ་ལྟ་ན་ནི་པདྨའི་ལྟ་ཕྲེང་སོགས་སུ་ལྟ་བའི་སྐབས་རྟོགས་པ་བཞིའི་ཙམ་ལས་མ་བྱུང་བས་འདིར་བསྟན་ལྟ་བ་གཏན་འབེབས་ཀྱི་གཏན་ཚིགས་གཞན་དག་སྨོས་མི་རིགས་པར་དོགས་ཤིང་། དེ་བཞི་ཀ་ཡང་གཏན་ཚིགས་རེར་ཁས་ལེན་པ་ལས་འོས་མེད་ཡིན་མིན་དཔྱད་རྒྱུ་ཆེའོ། །གཞན་ཡང་གཏན་ཚིགས་རེ་རེ་བཞིན་གྱི་དོན་ལ་བརྟག་པར་བྱ་བ་ཡོད་ཀྱང་འདིར་མ་སྤྲོས་ཏེ་སོ་སོའི་སྐབས་སུ་འཆད་དོ། །ད་ནི་འདི་བསམ་པར་བྱ་སྟེ།


MLP019_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་བྱ་ཞེན་སྣང་གཅིག་ལ་གོང་གི་གཏན་ཚིགས་ཀྱི་སྒོ་དེ་དག་གིས་དུས་གཅིག་ཏུའམ། རེ་མོས་ཀྱིས་འཇལ། སྔ་མ་ལྟར་ན་ཤེས་རྒྱུད་གཅིག་ལ་རྟོག་པ་མང་དུ་ཐལ། འདོད་མི་ནུས་ཏེ༑ འཕྲུལ་གྱི་མེ་ལོང་སོགས་ཀྱི་ལུང་དང་འགལ་ཞིང་རིགས་པས་ཀྱང་གནོད་པའི་ཕྱིར། ཕྱི་མ་ལྟར་ན། ཟློས་པར་འགྱུར་ཏེ་གཞལ་བྱ་གཅིག་ལ་འཇལ་བྱེད་དེ་དག་གིས་རེ་མོས་སུ་འཇལ་བའི་ཕྱིར་རོ། །གསུམ་པ་ནི། ཟག་བཅས་སུ་ཆོས་ཉིད་རང་མཚན་མཐོང་ངམ་མི་མཐོང་། དང་པོ་ལྟར་ན་ཟག་མེད་དུ་ཐལ་ཏེ་ཚེ་དབང་བཞིན་ནོ། །གཉིས་པ་ལྟར་ན། ལ་ཤན་ལས། སྤྱིར་མིན་རང་གི་མངོན་སུམ་དུ། །རང་རིག་མངོན་སུམ་གསལ་དུས་ན། །རང་སྣང་མཐའ་བྲལ་རྒྱུད་ལས་གྲོལ། །ཞེས་དང་། སྐབས་འགྲེལ་ལས། གསུམ་པ་བདེན་གཉིས་རང་མཚན་དུ། །འོག་མཐོང་གཉིས་མེད་བཟོད་མཐོང་བ། །ཞེས་གསུངས་པ་དང་འགལ། དེ་དང་ཚུལ་མཐུན་པར་མཁས་པ་སྣར་སྟོན་སོགས་ཀྱིས་ཀྱང་བཞེད་དེ། དེ་ལྟ་མིན་ན་མངོན་སུམ་པའི་གཏན་ཚིགས་དོན་མེད་པར་འགྱུར། འོན་ཀྱང་བསྒོམ་པས་བོགས་སུ་འགྲོ་བའི་ཕྱིར་ནུས་པ་རབ་ཏུ་རྟོགས་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེར་མ་ཟད་ཤིན་ཏུ་དབང་རྣོན་ཁ་ཅིག་ཟག་བཅས་ཀྱི་ལམ་ནས་རྟོགས་གྲོལ་དུས་མཉམ་དུ་ཡོད་པར་མངོན་པས་ཀྱང་གསལ་ལོ་ཞེས་བརྟག་གོ །ཡང་འདས་པའི་ཆོས་བརྗོད་མེད་དུ་གཏན་ལ་དབབ་པའི་སྐབས། ཆོས་རྣམས་མིང་དུ་བཏགས་པ་ཙམ། །ཞེས་སོགས་གསུངས་པ་ནི་སྣང་བ་རིས་མེད་དུ་བསྒྲུབ་པའི་གྲུབ་མཐའ་དཔྱིས་ཕྱིན་ཡིན་ཡང་འཆད་འགྱུར་ལས་ཤེས་པས་འདིར་སྤྲོས་མཐའ་སྤངས་སོ། །རྒྱུད་འདི་བསྟན་པ་ཐམས་ཅད་ཀྱི་འབྲས་བུའི་མཐར་ཐུག་ཡིན་པའི་གནད་ཀྱིས་འོག་མའི་ཐེག་པ་རྣམས་འདིའི་ལམ་སྟེགས་སུ་ཁས་ལེན་དགོས་པ་གང་ཞིག འདིའི་ཆེད་དུ་ཞུགས་པ་མིན་པའི་འཇུག་པ་རྣམས་ཀྱིས་ཀྱང་ཐེག་པ་འདིའི་རྣམ་བཞག་འདོད་པས་ཁྱ བ་པར་ཐལ་ལོ། །འདིར་ཐེག་པའི་རྣམ་གྲངས་ལན་ལྔར་བྱུང་བ་མི་ཟློས་པའི་ཤེས་བྱེད་འགོད་དགོས་སོ།། །།


MLP019_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཞི་པ་ལ་བཞི་སྟེ། ཡི་གེ་ཇི་ལྟར་བྱུང་ཚུལ། དེ་ལྟར་བྱུང་བའི་མཐུ། ལམ་པའི་དབང་དུ་སེམས་སྦྱང་བ། ཡི་གེའི་དོན་ལ་དཔྱད་པའོ། །དང་པོ་ནི། སྤྱིར་ཆོས་ཐམས་ཅད་གདོད་ནས་རང་སྣང་རིས་མེད་ཀྱི་ལྷར་སངས་རྒྱས་ཤིང་། དེ་ཡང་མིང་ཚིག་ཡི་གེས་བཏགས་པའི་རྣམ་འཕྲུལ་ཉག་གཅིག་ཏུ་གནས་པ་ཞིག་ན། སྟོན་པའི་སྐུའི་གནས་སོ་སོར་ཨའི་འོད་ཟེར་འཁྱིལ་བ་དེ་དང་དེ་ལས་ཡི་གེ་གཞན་རྣམས་བྱུང་ཚུལ་སྨོས་མི་དགོས་སོ་སྙམ་པ་དང་། སྔོན་བྱུང་གི་ཚེའང་སྟོན་པས་གདུལ་བྱའི་བློ་དང་འཚམས་པར་མིང་ཚིག་ཏུ་སྒྲོ་བཏགས་ནས་ཆོས་བསྟན་པའི་ཕྱིར་རྗོད་བྱེད་ཀྱི་རྒྱུད་སྟོན་པ་ཉིད་དུ་འདོད་དགོས་མིན་དང་། འབྲུ་ལྔར་ཤར་བའི་ཡི་གེ་དེ་རེ་རེ་ནས་བགྲང་དུ་མེད་པའི་ངོས་འཛིན་མི་རིགས་པར་ཐལ་བར་བརྟག་གོ ༑ གཉིས་པ་ནི། སྤྱིར་ས་གཡོ་བ་ལ་དེ་བཞིན་གཤེགས་པའི་བྱི ན་རླབས་ཀྱིས་དང་། བྱང་ཆུབ་སེམས་དཔའི་མཐུ་ལས་དང་། གནོད་སྦྱིན་ལ་སོགས་པའི་གདུག་པས་དང་། ཉ་མོའི་འདྲེ་ལྡོག་གིས་གཡོ་བ་ལས་འདིར་གང་ཡིན་དཔྱད་དོ། །གསུམ་པ་ནི། སྤྱིར་རྒྱུད་སྒྲུབ་ཐབས་དང་འབྲེལ། དེ་གདམས་ངག་དང་འབྲེལ། དེ་ཆོག་ཁྲིགས་དང་འབྲེལ། དེ་བླ་མའི་ཕྱག་བཞེས་དང་འབྲེལ་བ་སྟེ། རྒྱུད་དང་ལག་ལེན་འབྲེལ་བ་བཞི་དང་ལྡན་པའི་གནད་ཀྱིས་འདིར་ཡང་མངོན་རྟོགས་ཀྱི་རིམ་པ་བསྒྲིག་མ་ཤེས་ན་བདུད་རྩི་རོ་ཉམས་ཀྱི་སྐྱོན་དུ་འགྱུར་བས་དེའི་དབང་དུ་བྱས་ནས་གང་ལྟར་དུ་ངོས་བཟུང་བ་དང་། འདི་ལྟར་མ་བཀོད་པའི་འགྲེལ་བཤད་དག་ལ་སྐྱོན་དེ་མི་འཇུག་པའི་རྒྱུ་མཚན་ལ་དཔྱད་དགོས་ཤིང་། ལམ་གྱི་རིམ་པའི་དབང་དུ་རྣལ་འབྱོར་ལྔའི་ནང་ཚན་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ཡིན་པ་གང་ཞིག དེ་ལའང་ཐོས་བསམ་ལ་བརྟེན་ནས་རྒྱུད་དོན་ཤེས་བྱར་གཏན་ལ་དབབ་པ་དང་། སྒོམ་ཤེས་ལ་བརྟེན་ནས་རྒྱུད་དོན་ཉམས་སུ་བླང་བྱར་བསྟན་པ་གཉིས་ལས། ཕྱི་མ་ལྟར་ན་ལེའུ་འདི་དང་ལྔ་པའི་དོན་བསྡེབས་ཏེ་ཡི་གེའི་སྒོ་ནས་སྒྱུ་འཕྲུལ་བསྒྲུབ་དགོས་པ་ལས་དེའི་ལྟར་གྱི་བཀའ་སྲོལ་རང་ལུགས་སུ་མི་འབྱུང་བ་དང་། སྤྲོ་བསྡུས་ཀྱི་ཚད་རྒྱུད་ཉིད་ལས། ཕྱོགས་བཅུ་གང་བར་གསལ་གྱུར་པ། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །ཞེས་པ་དང་། མདོ་


MLP019_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཚོགས་ལམ་གྱི་སྤྲོ་བསྡུ་བློ་ཆུང་ན་དབུགས་ཡུལ་དང་བློ་ཆེ་ན་སྣས་དྲི་ཚོར་ཚུན་ཆད་སྤྲོ་བསྡུ་བྱ་བར་བཤད་པ་གཉིས་ཀྱི་འ གལ་སྤོང་ལ་བརྟག་གོ །སྤྲོ་བསྡུ་ལ་འཕེལ་འགྲིབ་དངོས་སུ་གསལ་བས་དེ་མེད་པ་མི་འཐད་པར་དོགས་ཤིང་། ལམ་རིམ་དུ་བློ་ཆེ་ན་ཨ་དེ་ལ་སེམས་སྦྱངས་ནས་ལྷ་བསྐྱེད་པའམ། བློ་ཆུང་ན་ཨ་ལ་སེམས་སྦྱངས་ཚར་ནས་ཐུགས་ཡེ་ཤེས་ལྔ་མཚོན་པའི་ཡི་གེ་ཧཱུྃ་མཐིང་ནག་སྒོམ་སྟེ་དེ་ལས་སུ་རུང་བར་གོམས་པ་ལ་བསླབ་པར་གསུངས་པ་ལ་དཔག་ན་འདིའི་ལྟར་དུ་བསྒོམ་པ་དག་ནི་བློ་ཆེར་ཁས་ལེན་ནུས་པ་ཞིག་གམ་སྟེ། འོན་ཀྱང་འདིའི་སྐབས་རྣམ་བཤད་འགའ་ཞིག་ཏུ་རྣམ་པ་དེ་ཡང་བློ་ཆེ་ཆུང་གི་དབང་གིས་ཅིག་ཆར་བསྒོམ་པ་དང་ཐུན་དུ་བཅད་ཅིང་རིམ་གྱིས་བསྒོམ་པ་གཉིས་ཞེས་གསུངས་པར་དཔྱད་དོ༑ ༑ཡེ་ཤེས་ཐོབ་པའི་རྒྱུ་ཡི་གེའི་སྣང་བྱེད་ལ་གོམས་པ་འདི་ཡིན་པར་གྲུབ་པ་གང་ཞིག ས་མྱུག་ལྟར་བསྐྱེད་བྱ་སྐྱེད་བྱེད། མེ་ལོང་དང་བྱད་ལྟར་རྣམ་འཇོག་གམ། བྱས་པ་དང་མི་རྟག་ལྟར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་ཡིན་ཞེས་པ་དང་། ཡི་གེ་བཞི་བཅུ་རྩ་གཉིས་སུ་གྲངས་ངེས་པ་གང་ཞིག རྒྱ་བོད་ཀྱི་ཡི་གེ་ཐམས་ཅད་གྲངས་དེར་འདུས་པས་སམ་བསྐྱེད་བྱ་ལྷ་གྲངས་དབང་བཙན་དུ་བྱས་པས་ཡིན་ཞེས་བརྟག་དགོས་སོ། །བཞི་པ་ནི། སེམས་ཀྱི་རང་བཞིན་ཡི་གེའི་རྣམ་པར་གནས་སམ་མི་གནས། དང་པོ་ལྟར་ན་དེ་མིང་ཚིག་ཡི་གེ་ལས་འདས་པའི་ཆོས་ཡིན་པ་ཉམས་ཤིང་། གཉིས་པ་ལྟར་ན་དེ་མཚོན་བྱ་སྐྱེ་མེད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཨ་ཉིད་དེ་མཚོན་བྱེད་ཀྱི་ཡི་གེ་མིན་པར་ཐལ། དེར་མ་ཟད་བཞི་བཅུ་རྩ་གཉིས་སུ་སྣང་བའི་ཕྱག་རྒྱའི་ལྷ་དེ་དང་། ཡི་གེའི་ཕྱག་རྒྱར་སྣང་བའི་ལྷ་བཞི་བཅུ་རྩ་གཉིས་པོ་གཅིག་ཏུ་ཁས་ལེན་མི་རིགས་པར་ཡང་འགྱུར་རོ། །ཁྱབ་བྱའི་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་བསྣན་པས་བཞི་བཅུ་རྩ་ལྔར་འགྱུར་བ་དེ་དག་འགོ་བེར་ཀ་རིས་ནས་མཇུག་ཀྵ་ཡིག་ལ་རྫོགས་པ་གང་ཞིག ཀྵའི་འོག་ན་ཐུབ་པའི་ཡི་གེ་རྣམས་ཡོད་པའི་ཕྱིར་རྫོགས་པར་མི་འགྱུར་བར་དོགས་སོ། །ཡང་འདི་ལྟར་མཚོན་བྱེད་ཡི་གེའི་མགོ་ཡིས་ཡི་གེ་ཐམས་ཅད་ཀྱི་མགོ་འདྲེན་ཅིང་འཇུག་པའི་སྒོར་གྱུར་པས་མ་ཁྱབ་པར་ཐལ། ཡི་གེའི་འགོ་ལ་འདྲེན་


MLP019_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བརྟེན་པ་གཉིས་སུ་དབྱེར་རུང་བ་གང་ཞིག་ཕྱི་མ་ལ་དེའི་མཚན་ཉིད་མ་ཚང་བའི་ཕྱིར། འདོད་ན། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཞེས་པའི་མཚན་ཉིད་སྤྱི་ལ་ཁྱབ་པ་འཇོག་ཏུ་མེད་པར་དོགས་ཤིང་། རྟགས་མ་གྲུབ་ན། བེར་ཀ་རིས་དང་ཐིག་གཉིས་དོན་གཅིག་མིན་པ་ཡི་གེའི་དབྱིབས་བརྗོད་སྐབས་མགོ་ནི་ཨི་གླང་པོའི་སྣ་འདྲ་བ་ཞེས་པས་གསལ་བ་གང་ཞིག དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བེར་ཀ་རིས་ལ་མགོ་ཞེས་བྱ། །ཞེས་པ་དང་། གཟུགས་ཅན་སྙིང་པོས་ཞུས་པའི་མདོ་ལས། ཡི་གེའི་མགོ་ནི་ཐིག་ཡིན་པས། །ཞེས་གསུངས་པ་གཉིས་མི་འགལ་བའི་སྒྲུབ་བྱེད་འགོད་པར་རིགས་སོ། །ཚེག་དབྱིབས་ནི་ཨཿ རྣམ་བཅད་དབང་ཕྱུག་ཆེན་པོའི་མིག་ལྟ་བུར་བཤད་ན་ཚེག་ཡིན་ཚད་རྣམ་བཅད་དུ་མི་སྣང་བར་བརྟག་གོ ། ཡི་གེ་བཞི་བཅུ་རྩ་གཉིས་པོ་མངོན་རྟོགས་ལས་སྡེབ་ཀྱི་དབང་དུ་ལེའུ་ལྔ་པ་ལྟར་ཐབས་གསུམ་ལས་གང་ལྟར་ངོས་བཟུང་ཞིང་། ལྷའི་ས་བོན་བཏུ་བའི་རྒྱུ་མཚན་བཞི་ལས་ཇི་ལྟ་བུའི་དབང་དུ་བྱས་ཞེས་དཔྱད་པར་བྱ་སྟེ། བཞི་གང་ཞེ་ན་། མིང་གི་ཡི་གེ་དང་པོ་ཡིན་པ་དང་། གནས་ལ་བཏུ་བ་དང་། མཚན་ཉིད་མཐུན་པས་དང་། རྣམ་པར་ཐར་པ་མཐུན་པའོ། །ཨ་ཉིད་ས་བོན་གྱི་ཡི་གེ་ཀུན་གྱི་ཐོག་མར་བཞག་པའི་འཐད་པ་འགོད་པ་ན། མཚོན་བྱའམ་མཚོན་བྱེད་དབང་བཙན་དུ་བྱས་ཞེས་བརྟག་པའི་ཚེ་ཕྱི་མ་དང་བསྟུན་སྐབས་ཨ་ཉིད་འདིར་བསྟན་ས་བོན་གྱི་ཡི་གེ་ཀུན་གྱི་སྲོག་ཏུ་ངེས་པར་ཡོད་པས་སམ་སྔོན་བྱུང་སྟོན་པའི་ཐུགས་རྗེ་རང་སྣང་བའི་ཚེ་ཡི་གེ་གཞན་རྣམས་འཕྲོ་བའི་གནས་ནི་ཨའི་འོད་ཟེར་སྐུའི་གནས་སོ་སོར་འཁྱིལ་བ་དེ་དང་དེ་ལས་བྱུང་བས་ཡིན་སྙམ་དུ་དོགས་སོ། །རིགས་ལྔ་ཡབ་རྣམས་ཡི་གེ་ཁ་ཕྱིར་ལོག་ལས་དང་། ཡུམ་རྣམས་མ་ལོག་པ་ལས་བསྐྱེད་པ་ནི་རིམ་བཞིན་ཀུན་རྫོབ་དང་དོན་དམ་གྱི་ཆ་འཛིན་པའི་གནད་ཀྱིས་ཡིན་པར་གསུངས་པ་གང་ཞིག འདིར་བདེན་གཉིས་བཟང་ངན་ཅན་དུ་འཇོག་པ་མི་རིགས་པས་ལོག་མ་ལོག་གི་ཆོས་མཐུན་བརྩི་ལུགས་དང་། སེམས་དཔའ་ཡབ་ཡུམ་སོགས་ལ་ཡི་གེ་ལོག་མ་ལོག་གི་ཁྱད་པར་དང་སྒྱུ་འཕྲུལ་དྲྭ་བའི་མཚན་མི་མངོན་པའི་རྒྱུ་མཚན་ཅི་ལ་ཐུག་ཅིང་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་གཉིས་ལ་སྐུ་


MLP019_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་སྒྲས་བསྟན་པ་གང་ཞིག་རིགས་ཀྱིས་སམ་བྱེད་ལས་ཀྱིས་ཡིན་ཞེས་དཔྱད་དོ༑ ༑སྡེ་ཚན་དང་པོ་དང་། གཉིས་པ་དང་། བཞི་པ་དང་། ཐམས་ཅད་ཀྱི་མཐའ་ཟད་པའི་ཡི་གེ་ལས་བསྐྱེད་པའི་དཀྱིལ་འཁོར་གྱི་མཐར་གནས་སྒོ་བ་བཞི་ལ་སྐུ་གསུང་ཐུགས་འཇིག་བྱེད་དུ་བཤད་པ་ནི་ལེའུ་བཅོ་ལྔ་པ་ནས་དཔོན་ལྷ་རྗེ་ཞེས་གསུངས་པ་བཞིན་གདུལ་བྱའི་མིང་གིས་འདུལ་བྱེད་ལ་བཏགས་པའི་ཕྱོགས་ནས་བསྙད་ནའང་རུང་མོད་རྒྱུད་གཞུང་འདི་ཉིད་ཕྱི་གྲོལ་ལམ་ལྟར་བཀྲལ་བར་མཛད་པ་དག་གིས་ཀྱང་ནང་ལྟར་སྦྱར་ཏེ་བཀོད་པ་དང་། དེའང་ཐ་མལ་ཆགས་སྤྱོད་ཅིག་ལ་འཇོག་རུང་མིན་བརྟག་དགོས་སོ། །ཀུན་བཟང་ཐུབ་དྲུག་དང་བཅས་པའི་ཡི་གེ་བསྟན་པ་ན་གཡུང་ཊཱིཀ་སོགས་སུ་གོ་ཕྱེ་བའི་འཁོར་གྱི་དོན་ཡིན་པས་རྟོག་པ་མི་སྦྱོར་ཞིང་། དག་པ་སྦྱོར་བར་བཤད་ལ་རྒྱུད་འགྲེལ་ཕལ་ཆེར་དུ་དེ་དག་ལའང་རྟོག་པ་སྦྱོར་བར་མཛད་པའི་ཕྱིར་བཞེད་ཚུལ་ཐ་དད་ཀྱི་དགོངས་གཞིར་དཔྱད་ཅིང་། ཐུགས་ཉིས་བརྩེགས་འོང་བ་དང་། བདུད་རྩི་འཁྱིལ་པ་ལ་ཡི་གེ་གཉིས་འབྱུང་བ་དང་། སྒོ་བ་ཀུན་ཡུམ་དང་བཅས་ནས་མི་འོང་བར་རྐྱང་པར་འོང་བ་དང་། བདུད་རྩི་འཁྱིལ་པའི་ཡི་གེ་ཀུན་གྱི་མཇུག་ཏུ་བྱུང་བའི་འཐད་པ་འགོད་པར་རིགས་སོ། །ད་ནི་འདི་དཔྱད་པར་བྱ་སྟེ། འདིར་བསྟན་ཁྱ བ་བྱའི་ཡི་གེ་ཞེ་གཉིས་དང་ཁྱབ་བྱེད་ཀྱི་ཡི་གེ་གསུམ་པོ་རིམ་པ་ལྟར་རྒྱུ་རྐྱེན་བཟླས་པའི་སྔགས་གསུམ་གྱི་ནང་ཚན་རྒྱུ་མ་ནོར་བ་རྩ་བའི་སྔགས་ཡིན་ནམ་མིན། དང་པོ་ལྟར། འཆད་འགྱུར་དུ་ས་བོན་ཧཱུྃ་མུཾ་སོགས་བྱུང་བ་གང་ཞིག ལྷ་རྣམས་ཤེས་རྒྱུད་གཉིས་ཆར་ཅན་དུའམ་དེ་ལྟར་བསྟན་པ་དོན་མེད་དུ་ཐལ། གཉིས་པ་ལྟར་ན། འདིར་ཡང་ལྷ་རྣམས་བསྐྱེད་པའི་ས་བོན་ཞེས་སྨོས་པའི་རྒྱུ་མཚན་ལ་ཞིབ་ཏུ་བརྟག་པར་འཚལ་ལོ།། །།ལེའུ་ལྔ་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལ་དཔྱད་པ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་དཔྱད་པ་དང་། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ལ་དཔྱད་པའོ། །དང་པོ་ནི། སྤྱིར་ལམ་གྱི་མཚན་ཉིད་འཇོག་པ་ན། ལྷ་རྗེ་གླན་གྱིས་


MLP019_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ལམ་ཞེས་གསུངས་པ་ལ། ཇོ་སྲས་དང་སྨན་ལུང་པ་དང་སྨིན་ལོ་ཆེན་པོ་སོགས་ཀྱིས་ལམ་གྱི་མཚན་ཉིད་དེས་ལྟ་བ་ལ་མ་ཁྱབ་པའི་སྐྱོན་བརྗོད་མཛད་ཀྱང་། གང་དག་རྐྱེན་འཇུག་པ་དང་ལམ་སྤྱིའི་མཚན་ཉིད་ཀྱི་འཇུག་པ་ལ་ཁྱད་པར་འབྱེད་རིགས་པའི་ལན་འདེབས་རྒྱུ་བྱུང་བ་དེར་དཔྱད་དགོས་སོ། །ལྟ་བ་དེ་སྒོམ་ཐབས་ལ་ལུས་ཀྱི་འདུག་ཐབས་ཆོས་བདུན་གྱི་ཚུལ་དུ་བཅའ་བའི་དགོས་ཆེད་དང་། སེམས་ཀྱི་བཞག་ཐབས་བློ་ཆུང་གདམས་ངག་དང་བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་སྒོམ་པ་ཡིན་པར་གྲུབ་པ་གང་ཞིག བློ་ཆུང་བ་ལ་ཤེས་རབ་དང་བློ་ཆེ་བ་ལ་གདམས་ངག་གཏན་མི་དགོས་པ་ཞིག་གམ་ཞེས་པ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་བསྒོམ་པ་ལ་རིག་པ་སྤྱི་བླུགས་སུ་དང་། རྟོགས་པའི་རྗེས་སུ་བསྒོམ་པ་གཉིས་ཡོད་པ་མན་ངག་ཨ་ཏིའི་ལུགས་ཀྱི་རྣམ་བཞག་དང་ཐ་དད་ཚུལ་ལ་བརྟག་གོ །གཏན་ལ་དབབ་བྱའི་ལྟ་བ་དངོས་ནི་རྒྱུ་ཤེས་པའི་སྐབས་སུ་རིམ་གྱིས་པའི་བློ་ལ་ལྟོས་ཏེ་བརྗོད་བྱ་སྣང་བ་སྟོང་པ་དབྱེར་མེད་གསུམ་བདེན་པ་གསུམ་དང་སྦྱར་ཏེ་ལྡོག་པ་ཐ་དད་དུ་རིམ་པར་གཏན་ལ་དབབ་པ་ནི་གཞུང་གཅིག་ལའང་། དང་པོ་སྟོང་ལྡོག་དོན་དམ་གྱི་ངོས་ནས་གཏན་ལ་དབབ་ན། སྒྲུབ་བྱེད་རྟགས་ཀྱི་མཚན་གཞིའི་ངོ་བོ་ནི་སྤྱན་འགྲེལ་ལས་གསུངས་པའི་སྐྱེ་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་བཞི་ཡིན་པ་གང་ཞིག རྟགས་དེའི་མཚན་ཉིད་ཕྱོགས་ཆོས་ཁྱབ་པ་བསྒྲུབ་པ་ན། གཞན་སྡེ་གྲངས་ཅན་པ་དག་ན་རེ། སེམས་ཉིད་ཆོས་ཅན། རྟགས་དང་པོའི་ཚུལ་དུ་མ་གྲུབ་སྟེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་དང་། གཞན་སྡེ་དབང་ཕྱུག་པ་དག་ན་རེ། སེམས་ཉིད་ཆོས་ཅན། རྟགས་གཉིས་པའི་ཚུལ་དུ་མ་གྲུབ་སྟེ། བྱེད་པ་པོས་བྱས་པའི་ཕྱིར། ཞེས་དང་། རང་སྡེ་སེམས་ཙམ་པ་དག་ན་རེ། སེམས་ཉིད་ཆོས་ཅན། རྟགས་གསུམ་པའི་ཚུལ་དུ་མ་གྲུབ་སྟེ། སྔར་མེད་གསར་དུ་སྐྱེས་པའི་ཕྱིར། ཞེས་དང་། གཞན་སྡེ་རྟག་པ་བ་དག་ན་རེ། སེམས་ཉིད་ཆོས་ཅན། རྟགས་བཞི་པའི་ཚུལ་དུ་མ་གྲུབ་སྟེ། རྫས་སུ་གྲུབ་ཅིང་སྐད་ཅིག་གཉིས་པ་ཕན་དུ་མི་འགྱུར་ལ་རྟག་པ་གཅིག་པུ་ཡིན་པའི་ཕྱིར། ཞེས་པ་ལ་དཔྱད་དགོས་སོ། །སྤྲོས་བྲལ་དེ་ཉིད་ཐུན་མིན་གྱི་རིགས་པས་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་


MLP019_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཏུ་བསྒྲུབ་པ་ན་གཞན་དག་ན་རེ། ཁྱེད་ཅག་གི་འདོད་པ་དེ་བསྐྱེད་བྱ་སྐྱེད་བྱེད་དམ། རྣམ་འཇོག་གི་རྒྱུ་གང་ཡིན། དང་པོ་ལྟར་ན། སྐྱེད་བྱེད་ཀྱི་རྒྱུར་གྲུབ་པའི་ཕྱིར། དོན་དམ་དངོས་པོར་ཐལ་བས་སྤྲོས་བྲལ་ཉམས་ལ། གཉིས་པ་ལྟར་ན། དོན་དམ་གྱིས་རྣམ་པར་བཞག་པའི་འབྲས་བུ་ཡིན་པའི་ཕྱིར་ཀུན་རྫོབ་དེ་ཉིད་དོན་ལས་མི་བསླུ་ུབའི་འཇུག་ཡུལ་དུ་ཐལ་ལོ་ཞེས་དང་། གཞན་ཡང་། དོན་དམ་སྟོང་ཉིད་དེ་རང་ངོས་ནས་སྟོང་ངམ་མ་སྟོང་། སྔ་མ་ལྟར་ན་རང་གི་བསྒྲུབ་ཆོས་ཀྱིས་དོར་བའི་ཕྱིར་དངོས་པོར་ཐལ་ཞིང་། ཕྱི་མ་ལྟར་ན་སྤྲོས་པ་ཕྱོགས་གཅིག་མ་ཆོད་པའི་ཕྱིར་ཉི་ཚེ་བར་ཐལ་ལོ་ཞེས་པར་བརྟག་གོ །དབྱེ་བ་ནི། ཐུན་མོང་པ་དག་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་སུ་འབྱེད་ཀྱང་འདིར་ནི་རིགས་ཀྱི་སྒོ་ནས་རང་བཞིན་ཡེ་ཤེས་འབྲས་བུ་གསུམ་དུ་ངེས་པ་གང་ཞིག དེ་དག་གི་ཁྱད་པར་རང་བཞིན་དང་འབྲས་བུ་མངོན་དུ་བྱས་མ་བྱས་དང་། འབྲས་བུ་དང་ཡེ་ཤེས་སྤྱི་བྱེ་བྲག་དང་། རང་བཞིན་དང་ཡེ་ཤེས་གཞི་འབྲས་ཀྱི་ཆ་ལས་ཕྱེ་བ་སྔ་རབས་པ་དག་གིས་བཞེད་ཀྱང་གཞི་འབྲས་གཉིས་དམིགས་འདྲེས་པའི་སྐྱོན་དུ་འགྱུར་བར་དོགས་ཤིང་། རང་ལུགས་དབྱིངས་སྤྲོས་བྲལ་དེ་ཉིད་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ནས་ཡེ་ཤེས་དོན་དམ་དང་། དེ་ཉིད་ལ་འབྲས་ཆོས་ལྔ་པོ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་ནི་འབྲས་བུའི་དོན་དམ་ཞེས་བཤད་པ་དེ་ལྟ་ནའང་མཐར་ཐུག་གི་འབྲས་བུ་དང་ཁྱད་པར་འབྱེད་དགོས་སོ། །གཉིས་པ་སྣང་ལྡོག་ཀུན་རྫོབ་ཀྱི་ངོས་ནས་གཏན་ལ་དབབ་ན། རྗེ་ཐག་པ་ནི་སྔར་གྱི་སྐྱེ་མེད་སྒྲུབ་བྱེད་ཀྱི་རིགས་པ་དེ་ཉིད་འགག་མེད་སྒྲུབ་བྱེད་དུའང་རུང་བར་བཞེད་ཀྱང་། རང་ལུགས་ནི༑ རིག་པ་ལ་སྣང་ཙམ་འགག་མེད་དུ་དང་། བདེན་སྟོངས་ཀྱི་སྣང་བ་རིས་མེད་དུ་སྒྲུབ་པར་གསུངས་ཤིང་། དང་པོ་ལ་ནང་གསེས་ཀྱི་སྣང་བ་མ་གྲུབ་ན་འཁྲུ ལ་སྣང་འབྱུང་མི་རིགས་པ་དང་། དོན་དམ་ཤེས་བྱེད་ཀྱང་མེད་པར་ཐལ་བ་དང་། སྣང་ཙམ་པ་འདི་སུས་ཀྱང་དགག་མི་ནུས་པ་དང་། རང་རིག་པ་ཐམས་ཅད་དུ་རྩལ་མ་འགག་པར་རང་སྣང་བའི་གཏན་ཚིགས་བཞིར་གྲུབ་པ་གང་ཞིག དེའི་ཚུལ་བསྒྲུབ་པ་ན་གཞན་སྡེ་ཆད་པར་སྨྲ་བའམ་རང་སྡེ་དབུ་


MLP019_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱུན་ཆད་པ་ཁ་ཅིག་ན་རེ། སེམས་ཉིད་ཆོས་ཅན། རྟགས་དེ་དག་གི་ཚུལ་དུ་མ་གྲུབ་སྟེ། སྣང་བ་བདེན་པ་ལྟ་ཞོག་སྣང་ཙམ་དུ་ཡང་གྲུབ་པ་མེད་པའི་ཕྱིར། ཞེས་དང་། ཀུན་རྫོབ་སྤྱི་མཚན་གྱི་ལྷག་པའི་ཀུན་རྫོབ་ལ་ཁྱབ་བམ་མ་ཁྱབ། དང་པོ་ལྟར་ན་དེའང་འཁྲུལ་སྣང་ལོག་ཤེས་སུ་འགྱུར་ལ། གཉིས་པ་ལྟར་ན། ཀུན་རྫོབ་ལ་རིགས་སྤྱི་ཁེགས་པར་ཐལ། འདོད་ན་ལྷག་པའི་ཀུན་རྫོབ་དངོས་པོ་ལ་མི་གནས་པར་ཐལ་ལོ། །ཞེས་དཔྱད་དོ། །ཡང་ལྷག་ཀུན་འདི་ལྟར་སྣང་བ་ལྷའི་དལ་དུ་འདོད་པ་དེ་སྒྲོ་བཏགས་སམ་ཡོངས་གྲུབ་ཅིག་ཡིན། སྔ་མ་ལྟར་ན་ལྷའི་རྣལ་འབྱོར་བསྒོམ་པ་དོན་མེད་དུ་འགྱུར་ལ། ཕྱི་མ་ལྟར་ན་གསེར་ས་ལེ་སྦྲམ་ལྟར་རྒྱུ་རྐྱེན་{ལ་} གཞན་: མ་༼ལ་༽མ་ལྟོས་པའི་ཕྱིར། ལྷ་སྐྱེད་བྱེད་ཀྱི་ཤེས་པ་ཙམ་ལའང་མ་ལྟོས་པར་ཐལ་ལོ། །མ་ཟད་སྔ་ཕྱི་གཉིས་ཀར་ལུང་དང་མན་ངག་གིས་ཀྱང་གནོད་དོ། །གཞན་ཡང་ལྷག་ཀུན་འདི་དང་གོང་དུ་འབྲས་བུའི་དོན་དམ་གཉིས་ཀྱི་ཁྱད་པར་འབྱེད་ཚུལ་ལ་ལེགས་པར་བརྟག་དགོས་ཤིང་། མ་ཧཱའི་སྤྱི་སྐད་དུ་ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་སྣང་བ་ཞེས་བརྗོད་པར་གསུངས་པ་ལ་དཔག་ན། རྒྱུད་འགྲེལ་དག་ཏུ་རྩལ་སྣང་ཞེས་སྨོས་པ་ལ་ཆོ་འཕྲུལ་ཞེས་བཤད་ཀྱང་རུང་མོད་དེ་ལྟར་སྨོས་པ་ལ་འཆོལ་སྐྱོན་དུ་མི་བལྟ་སྟེ། རྒྱུད་ལུང་མན་ངག་གསུམ་གྱིས་ཟླས་ཕྱེ་བའི་ལུང་ཨ་ནུས་འདོད་པ་དང་འདིར་བསྟན་གྱི་རྩལ་སྣང་གཉིས་མི་འདྲ་བའི་ཁྱད་པར་འབྱེད་རིགས་པའི་དམ་བཅའ་འཐད་པའི་ཕྱིར་སྙམ་མོ༑ ༑དབྱེ་ན་དབུ་མ་པ་དག་ཡང་ལོག་གཉིས་སུ་འབྱེད་ཀྱང་འདིར་ནི་དེའི་ཡང་དག་ཀྱང་ལོག་པ་ཉིད་དུ་བཞག་ཅིང་། ཡང་དག་པ་ནི་ཕུང་ཁམས་སྐྱེ་མཆེད་རྣམས་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པར་འདོད་པ་གང་ཞིག མཚན་བཅས་ཡིག་འབྲུ་སོགས་ཀྱི་གཟུངས་སུ་སྣང་བ་ཞིག་གམ་ཞེས་བརྟག་གོ ། གསུམ་པ་བདེན་པ་དབྱེར་མེད་ཀྱི་ངོས་ནས་གཏན་ལ་དབབ་ན། སྒྲོལ་ཊཱིཀ་པ་མ་ཡིན་པ་དཔེ་ལ་བརྟེན་ནས་དགག་པ་དང་། ཡིན་པ་དཔེ་ལ་བརྟེན་ནས་བསྒྲུབ་པ་གཉིས་ཡིན་པར་གསུངས་ཤིང་ཕྱི་མ་ལ་ནང་གསེས་ཀྱི་གསེར་གཡུ་མཚོ་དང་འཇའ་ཚོན་གྱི་དཔེ་བཞིན་དབྱེ་བས་བསྒྲུབ་པར་བཞེད། རྒྱལ་བ་གཡུང་སོགས་


MLP019_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་ཕལ་ཆེར། བདེན་པ་གཉིས་པོ་དེ་རང་བཞིན་བཟང་ངན་མེད་པ་དང་། ངོ་བོ་དབྱེར་མི་ཕྱེད་པ་དང་། འདུག་ས་ཐ་མི་དད་པ་དང་། དུས་སྔ་ཕྱི་མེད་པའི་རིགས་པ་བཞིས་བསྒྲུབ་པར་མཛད་པ་གང་ཞིག དེའི་ཚུལ་བསྒྲུབ་པ་ན། གཞན་དག་ན་རེ། སེམས་ཉིད་ཆོས་ཅན། རྟགས་དེ་དག་གི་ཚུལ་དུ་མ་གྲུབ་སྟེ། སྣང་སྟོང་གང་རུང་གི་ཕྱོགས་སུ་ཆད་པའམ་དེ་གཉིས་རྫས་སུ་ཐ་དད་པར་གནས་པའི་ཕྱིར་ཞེས་དང་། གནས་ཚུལ་དེ་ལྟར་གྲུབ་པའི་ཕྱིར་རང་བཞིན་གྱི་སྣང་བ་གསུམ་དུ་ཐལ་བ་དང་། སྣང་སྟོང་གཉིས་ངོ་བོ་བདག་གཅིག་པའི་ཕྱིར་སྣང་བ་སྐྱེ་འགག་བྱེད་ཚེ་སྟོང་ཉིད་ཀྱང་དེར་ཐལ་ལོ་ཞེས་པ་ལ་བརྟག་གོ །དབྱེ་ན་སེམས་ཙམ་པས་གཅིག་ལ་གཉིས་མེད་པའི་དང་། དབུ་མ་པས་མཐའ་གཉིས་བཀག་པའི་དབྱེར་མེད་འདོད་ཀྱང་། འདིར་ནི་ངོ་བོ་དབྱེར་མེད་དུ་འདོད་པ་གང་ཞིག དེ་ཐོས་བསམ་གྱིས་གཏན་ལ་དབབ་ཏུ་ཡོད་དམ་མེད། ཡོད་ན་བློའི་སྤྱོད་ཡུལ་དང་བྲལ་བ་ཉམས་ལ། མེད་ན་གཏན་ཚིགས་རྣམས་དོན་མེད་པར་འགྱུར་རོ། །ཡང་གཞི་དེ་ཤེས་བྱ་ཙམ་དུ་རུང་བ་ལུང་རིགས་མན་ངག་གསུམ་གྱིས་གྲུབ་པ་གང་ཞིག ཤེས་བྱ་ལ་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་དམ་མི་ཆོད། ཆོད་ན་གནས་ལུགས་དེ། དངོས་དངོས་མེད་ཀྱི་མཐར་ཐལ་ལ། མ་ཆོད་ན་ཤེས་བྱ་ལ་ཕུང་གསུམ་སྲིད་པར་འགྱུར་རོ། །ད་ནི་འདི་དཔྱད་པར་བྱ་སྟེ་འདིར་བསྟན་བདེན་པ་གསུམ་གྱི་རྣམ་བཞག་དག་རྒྱུའི་ཐེ ག་པའི་དོན་ཀུན་དབྱེར་མེད་ལས་ངོ་བོ་མཚན་ཉིད་རང་བཞིན་གསུམ་གསུམ་གྱིས་སྤགས་ལུགས་དང་། དེ་དག་སྒྲུབ་བྱེད་ཀྱི་ཚད་མའི་རིགས་ངེས་པར་བྱ་བ་གང་ཞིག རིགས་སམ་ལྡོག་པའི་སྒོ་ནས་ཡིན། དང་པོ་ལྟར་ན་རང་བཞིན་གྱི་རིགས་ཀྱང་ཐ་དད་དུ་ཐལ་ཞིང་། ཕྱི་མ་ལྟར་ན་གཏན་ཚིགས་ཀྱི་རིགས་ཞེས་སྨོས་མི་རིགས་པར་འགྱུར་རོ། །སེམས་ཉིད་གཅིག་གི་སྟེང་དུ་གཏན་ཚིགས་ཀྱི་སྒོ་གསུམ་མམ་གཅིག་གིས་བསྒྲུབ། སྔ་མ་ལྟར་ན་ངོ་བོ་ཐ་དད་དུ་ཐལ་ཞིང་། ཕྱི་མ་ལྟར་ན་གསུམ་དུ་བསྟན་པ་དོན་མེད་དོ་ཞེས་བརྗོད་དེ་རིམ་གྱིས་པ་ལ་ལྟོས་ཏེ་བདེན་གསུམ་རིམ་པར་རྒྱུད་ལ་སྐྱེ་མིན་གྱི་དོགས་པའང་དེ་དང་མཚུངས་སོ། །གཏན་ལ་དབབ་བྱ་ལྟ་བའི་དོན་ལེའུ་གསུམ་པར་བདེན་


MLP019_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་སུ་དང་། བཞི་པར་བདེན་པ་བཞིར་དང་། འདིར་བདེན་པ་གསུམ་དུ་གཏན་ལ་ཕབ་པ་རྣམས་མི་ཟློས་པའི་ཤེས་བྱེད་འགོད་དགོས་ཤིང་། བརྗོད་བྱའི་མཐིལ་ལྷག་པ་ཆོས་སྐུ་ཆེན་པོའི་གོ་དོན་ལ་བརྟག་ཚེ་འགྲོ་དྲུག་གིས་བདེན་པ་མཐོང་བ་དང་སྤངས་རྟོགས་མེད་ཀྱང་སངས་རྒྱས་སུ་མི་འགལ་བ་ཞིག་ཁས་ལེན་དགོས་པར་མངོན་ཏེ་ཞིབ་ཏུ་བསྙད་པ་གཅེས་སོ༑ ༑ལྟ་བ་དེའི་རྣམ་གྲངས་རྣམ་པར་ཕྱེ་སྟེ་དམིགས་བཟུང་ན། མིང་གྲངས་ལ་ཉང་ཇོ་མདོ་དང་རྒྱ ལ་བ་གཡུང་གི་བཞེད་པས་ལམ་རིམ་གྱི་ཁུངས་ལ་བརྟེན་ནས་ཤེས་རབ་ཀྱི་ཚོགས་བརྒྱད་དུ་འདོད་པ་དང་། ཐུགས་ཐིག་ལས་གསུངས་པའི་རྗེས་སུ་འབྲངས་ནས་ལམ་རིམ་གྱི་ལུང་དོན་གཞན་དུ་འདྲེན་ཏེ་ཚོགས་དྲུག་གི་ལྟ་བར་བཤད་པ་ལས་རང་ལུགས་གང་ལྟར་བཟུང་ཞིང་། དོན་གྲངས་ལ་ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་དང་། བླང་བྱ་རྒྱུད་དོན་གྱི་ལྟ་གྲངས་དགུ་དགུར་གསུངས་པ་གང་ཞིག གཅིག་གཏན་ལ་ཕབ་པ་ན་ཐམས་ཅད་ཀྱང་དེར་འགྱུར་མིན་དཔྱད་དོ། །གཉིས་པ་ནི། ཕལ་ཆེར་འཆད་གྱུར་དུ་སྤྲོ་ཞིང་། མཆོག་ཐུན་གྱི་དངོས་གྲུབ་གཉིས་རིམ་པ་ལྟར་རྫོགས་རིམ་དང་བསྐྱེད་རིམ་གྱིས་འགྲུབ་པ་རྒྱུད་ཕྱི་མ་སོགས་ལས་བཤད་པ་གང་ཞིག བསྐྱེད་རིམ་གྱིས་མཆོག་སྒྲུབ་དང་རྫོགས་རིམ་གྱིས་ཐུན་སྒྲུབ་འགྲུབ་པའི་སྐབས་ཤིག་མངོན་ཚེ་འགལ་སྤོང་ལ་བརྟག་གོ །ཐུན་སྒྲུབ་ཀྱི་གཙོ་བོ་རིག་འཛིན་གྱི་དངོས་གྲུབ་ཡིན་ཡང་འདིར་དེ་མི་བརྟན་པའི་གནད་དང་། ཐུན་སྒྲུབ་སྒྲུབ་བྱེད་ཀྱི་རིགས་པ་མེད་དུ་མི་རུང་བ་ནི་སྣང་བ་རིས་སུ་མ་ཆད་པའི་གནད་ལ་ཐུག་པ་གང་ཞིག སེམས་ཅན་གྱི་ལས་ཀྱི་མཐུ་དང་རྣལ་འབྱོར་པའི་ནུས་པའི་ཡུལ་བསམ་གྱིས་མི་ཁྱབ་པས་དངོས་གཅིག་ཉིད་ཚད་མེད་སྣ་ཚོགས་པའི་གོ ར་འཁྲུལ་བར་བསྒྲུབ་རུང་བའི་ཕྱིར་འདིར་བསྟན་རྣམས་ཀྱང་བསྒྱུར་གཞི་གཅིག་གི་སྟེང་དུ་བསྒྲུབ་དགོས་པ་དང་གྲངས་ཉུངས་པར་ཐལ་བར་དཔྱད་དགོས་སོ༑ ༑གཞན་ཡང་རྒྱུད་གཞུང་འདི་ཉིད་དབུ་ཞབས་དྲིལ་ནས་གང་ཟག་གཅིག་གིས་ཉམས་སུ་ལེན་ན་ཚུལ་ཇི་ལྟ་བུའི་སྒོ་ནས་དང་། འདིའི་ནང་ནས་ལེའུ་གཅིག་དང་། ཚིགས་སུ་བཅད་པ་གཅིག་དང་། ཚིག་གཅིག་དང་། ཡིག་འབྲུ་གཅིག་ཉམས་སུ་ལེན་ན་བླང་བྱ་གང་ཞིག་


MLP019_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཇི་ལྟར་ཉམས་སུ་ལེན་ཞེས་བརྟག་སྟེ་དེས་ནི་མན་ངག་སྙན་བརྒྱུད་ཀྱི་གནད་དང་ལྡན་པར་འགྱུར་རོ།། །།ལེའུ་དྲུག་པ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་ལ་དཔྱད་པ་དང་། གཞུང་དོན་དཀྱིལ་འཁོར་གསུམ་གྱི་རྣམ་བཞག་ལ་དཔྱད་པའོ། །དང་པོ་ནི། རྒྱུད་དྲུག་གི་འགྲོ་བ་འདི་དག་སྟོན་པའི་འཁོར་ཡིན་མིན་ལ་དཔྱད་པ་ན་དངོས་བརྒྱུད་ཀྱིས་ཕྱེ་བར་མཛད་ཀྱང་དེའང་སྟོན་པ་རང་སྣང་ངམ་གདུལ་བྱ་གཞན་སྣང་གི་ངོས་ནས་ཞེས་བརྟག་དགོས་པ་ལས་མ་འདས་སྙམ་མོ། །གཉིས་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་རང་བཞིན་གྱི་དཀྱིལ་འཁོར་ཞེས་ཀྱང་བསྟན་འདུག་པས་དེ་གཉིས་དོན་གཅིག་གམ་ཞེས་པ་དང་། དེའི་སྐབས་རྫོགས་ཆེན་ཞེས་གསུངས་པའི་གོ་དོན་ནི་སྤྱིར་རྒྱུད་ལུང་མན་ངག་གསུམ་གྱིས་ཟླས་ཕྱེ་བའི་འམ། མ་ཧཱའི་ནང་གསེས་ཀྱི་རྫོགས་ཆེན་ཡིན་ཞེས་སྨྲས་པའི་ཤུགས་ལས་འཐོན་ཡང་དེའི་གྲུབ་མཐའི་ཐེག་པར་འཇོག་རུང་མིན་དཔྱད་པར་ཞུའོ། །ཏིང་དཀྱིལ་བསྒོམ་པར་མ་ལྕོགས་པའི་རིམ་གྱིས་པའི་བསྒོམ་བྱ་ལྷག་པ་ཏིང་དཀྱིལ་ནི་མངོན་རྟོགས་ལས་སྡེབ་ཀྱི་དབང་དུ་བཤད་དགོས་པ་གང་ཞིག དེ་ལའང་ཡོངས་གྲགས་ཞེས་བྱ་བ་རྒྱུད་གཞུང་སྤྱིའི་རྣམ་བཞག་གི་ལག་ལེན་གཙོ་བོར་འཛིན་པ་དང་། བཀའ་མ་ཞེས་བྱ་བ་རང་གི་བླ་མའི་ཕྱག་བཞེས་དང་ཞལ་གདམས་གཙོ་བོར་འཛིན་པ་གཉིས་ལས་འདིར་གང་ལྟར་བཟུང་ཞིང་། དེ་ལྟར་བཟུང་བའི་ལག་ལེན་འགོད་ཚུལ་དང་། བསྒོམ་པའི་དགོས་ཆེད་དང་ལྷག་པའི་སྒྲ་དོན་ཁྱད་འཕགས་སམ་བྱ་བ་མང་བའི་ཚིག་ཡིན་ཞེས་དཔྱད་དོ། །དེ་ལ་རྟེན་གཞལ་ཡས་ཁང་བསྐྱེད་སྐབས་རྩིག་པ་རིན་ཆེན་སྣ་ལྔ་བརྩེགས་མར་དང་སྦྲགས་མར་བྱེད་པའི་ལུགས་གཉིས་དང་། ཕ་གུ་འདོད་སྣམ་གྱི་རྩེ་ནས་དང་རྩིག་པའི་རྩེ་ནས་བསྐོར་བའི་ལུགས་གཉིས་ལས་གང་ལྟར་ངོས་འཛིན་ཅིང་མཆོད་ལྷ་རྣམས་འོད་རིམ་དང་འདི་ཉིད་ཀྱི་ལེའུ་དང་པོ་ནས་ཕྱོགས་བཅུར་འཁྲིགས་པར་གསུ ངས་པ་དང་། འགའ་ཞིག་ཏུ་འདོད་སྣམ་ལ་གནས་པར་བཤད་པ་གཉིས་ནི་རིམ་


MLP019_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རང་བཞིན་གྲུབ་པ་དང་རྣལ་འབྱོར་པ་བསྒོམ་པའི་དབང་གིས་ཡིན་པར་བཞེད་ཀྱང་། སྔ་མ་ལྟར་ན་འདོད་སྣམ་དུ་མཆོད་ལྷ་གནས་མི་རིགས་པའི་སྒྲུབ་བྱེད་འགོད་དགོས་པ་དང་། ཕྱི་མ་ལྟར་ན་རྣལ་འབྱོར་པ་རང་རང་གི་བློས་མཆོད་སྤྲི ན་གང་ལྕོགས་སྤྲོས་ན་སྐྱོན་དུ་ཐལ་བར་དོགས་སོ། །རྒྱན་གྱི་སྐབས། སྤྱིར་རྒྱན་ལ་གསུམ་དུ་གྲགས་པའི་ནང་ནས་འདིར་བདག་པོའི་རྒྱན་གདན་སར་ལྷ་བཞི་བཅུ་རྩ་གཉིས་ཀྱིས་བརྒྱན་པ་ཡིན་པར་གསུངས་པ་གང་ཞིགལྷ་བསྐྱེད་ནས་བརྒྱན་ན་དེ་ཡན་ཆད་དུ་བསྐྱེད་པར་བཤད་པ་མེད་ལ། མ་བསྐྱེད་པར་བརྒྱན་ན་ལེའུ་བདུན་པའི་བསྐྱེད་པར་སྔགས་རྣམས་མི་དགོས་པར་འགྱུར་རོ། །གདན་སེང་གེ་སོགས་ནི་ཡོན་ཏན་སོ་སོ་མཚོན་བྱེད་ཀྱི་རྟགས་སུ་གྲུབ་པ་གང་ཞིག ལྷ་དེ་དང་དེར་ཡོན་ཏན་གྱི་ཁྱད་པར་སྣ་རེ་ལས་མེད་པའི་མཚོན་བྱེད་དུ་སོང་བ་ཡིན་ནམ་ཞེས་བརྟག་སྟེ། སྐུ་མདོག་དང་ཕྱག་མཚན་གྱིས་རང་རང་གི་མཚོན་བྱ་མཚོན་ཚུལ་འདྲེན་པའི་སྐབས་ཀྱི་དོགས་པའང་དེ་ལྟར་རོ། །བརྟེན་པ་ལྷ་བསྐྱེད་པའི་སྐབས་དྲྭ་ཆུང་ལྟར་བདག་སྲས་དང་གཞན་སྲས་སུ་བསྐྱེད་པ་དང་། དྲྭ་བ་འབྲིང་པོ་ལྟར་ཆོ་ག་གསུམ་གྱིས་བསྐྱེད་པ་དང་། དྲྭ་བ་ཆེན་པོ་ལྟར་རྫོགས་ཚུལ་དུ་བསྐྱེད་པ་ལས་འདིར་གང་ལྟར་འཆད་ཅི། ཐུགས་སེམས་བཞིའི་བཞུགས་ཚུལ་བསྟན་པ་ན། སྔ་རབས་པ་ཁ་ཅིག རྔམ་གློག་ལས། སྤྱན་ལྔའི་གློ་འབུར་མཛེས་པ་ལ། །ཕྱག་ན་རྡོ་རྗེ་སྔོ་སྐྱའི་མདོག །ཅེས་པས་གློ་འབུར་ལ་འགོད་པར་མཛད་པ་ལ་ཉང་ཊིཀ་པ་སོགས་གོང་མ་ཕལ་ཆེར། དེ་ལྟར་ན་ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་ཞེས་ལྷ་མེད་པས་སྟོ ང་པར་ལྷག་པར་བཤད་པ་དང་འགལ་བས་མི་རིགས་སོ་གསུངས། འོན་ཀྱང་རྡོ་རྗེ་མེ་ལོང་དང་སྤར་ཁབ་སོགས་ལུང་དང་མན་ངག་གི་ཁུངས་དང་ལྡན་ཞིང་བརྒྱུད་པའི་ཕྱག་བཞེས་སུའང་སྣང་བས་རྩིབས་མ ཆན་ལ་འགོད་པ་ལེགས་མོད། གོང་གི་ལུང་དེའི་ལུང་དོན་གཞན་དུ་འདྲེན་པའམ་རྒྱུད་གཞུང་གི་དགོངས་པ་ཐ་དད་པའི་ཕྱོགས་ལས་བརྩམས་ཏེ་སྨྲ་ན་མ་གཏོགས་སྔར་གྱི་རིགས་པ་དེ་ཙམ་གྱིས་འགོག་བྱེད་དུ་མི་རིགས་པར་དོགས་སོ། །ཡང་མཐོང་བ་ས་སྙིང་གི་རྗེས་སུ་ཐོས་པ་ཕྱག་རྡོར་མི་འོང་བར་ནམ་སྙིང་འོང་བའི་རྒྱུ་མཚན་དང་། འདིར་བསྟན་


MLP019_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་དེ་རང་བཞིན་ཀུན་བཟང་སེམས་ཀྱི་གནས་ལུགས་དང་། སྟོན་པ་ཀུན་བཟང་དེ་མངོན་དུ་བྱས་པའི་ཡེ་ཤེས་དང་། སངས་རྒྱས་ཀུན་བཟང་སྟོང་རྩ་གཉིས་ཀྱི་ཡ་གྱལ་དང་། བྱང་སེམས་ཀུན་བཟང་སེམས་དཔའི་ཡ་གྱལ་དང་། ལོངས་སྐུ་ཀུན་བཟང་སྟེ་ཀུན་ཏུ་བཟང་པོའི་བྱེ་བྲག་ལྔ་ལས་གང་ཡིན་དང་། སེམས་དཔའི་ཕྱག་མཚན་གྱི་སྐབས་ཐུགས་སེམས་དང་པོའི་ཕྱག་མཚན་ཐོག་མར་མི་སྨོས་པར་གསུང་སེམས་མཐའ་མའི་ཕྱག་མཚན་སྨོས་པ་དང་ཕྱག་མཚན་དེ་མ་བསྟན་པའི་རྒྱུ་མཚན་ལ་བརྟག་གོ །ལྷ་རྣམས་ལ་ཞི་ཚུལ་དགུ་དང་ངེས་པར་ལྡན་མིན་གཉིས་སུ་མངོན་ཏེ། ཟུར་པ་ཕལ་ཆེར། ཐབས་ཤེས་གཡུ་ལྗང་ལྟར་འཁྲིལ་བ་ཞེས་བཞེད་པས་དེ་ཐུབ་དྲུག་ལ་མ་ཚང་ཞིང་། རོང་ཟོམ་ཆེན་པོ་ནི། མཉེན་འཁྲིལ་ལྕུགས་ལྡེམ་གཞོན་ཤ་ཆགས་པ་ལྔ་ཡུམ་གྱི་ཚུལ་དང་། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་བཞི་ཡབ་ཀྱི་ཚུལ་དུ་གསུངས་པས་ཡབ་ལ་བཞི་དང་། ཡུམ་ལ་ལྔ་ལས་མ་ཚང་ལ། ལྷ་རྗེ་སྨན་ལུང་པ་ནི་ལྡེམ་པ་ཐུབ་པ་ལ་མ་གཏོགས་གཞན་ལ་མེད་ཅིང་འཁྲིལ་བ་དེ་ལ་མེད་པས་ལྷ་ཐམས་ཅད་ལ་ཚུལ་བརྒྱད་བརྒྱད་ཁྱབ་བྱེད་དུ་ཡོད་པར་བཞེད་དོ། །དེ་དག་གི་ལྟར་ན་ལྷ་རྣམས་ལ་ཚུལ་དགུ་དང་མི་ལྡན་པར་སྣང་ངོ་། །ཀུན་མཁྱེན་ཆོས་རྗེའི་བཞེད་པ་ལྟར་ན་ལྷ་ཐམས་ཅད་ལ་ཚུལ་དགུ་ངེས་པར་ལྡན་པ་ཞིག་སྟེ། རང་ལུགས་ངོས་འཛིན་ལ་དཔྱད་པར་བྱའོ། །རང་བཞིན་འབྲས་བུ་མཐར་ཕྱིན་སྐུའི་དཀྱིལ་འཁོར་གྱི་སྐབས་སྐུ་ལྔའི་ངོ་བོ་སོ་སོ་དང་འདྲ་བར་གདུལ་བྱ་ལ་སྣང་བའི་གོ་དོན་བརྗོད་པ་ན་ལམ་པའི་གང་ཟག་ཅིག་གིས་ཆོས་སྐུ་དང་རྡོ་རྗེ་དང་མངོན་བྱང་ནི་སྐུ་དེ་དང་ཆ་འདྲ་བའི་རྟོགས་པ་ཐོབ་པས་འཁོར་དུ་སོང་བའི་ཕྱོགས་ལས་བརྩམས་ཏེ་གླེང་ཚེ་རྒྱུད་གཅིག་པ་ལས་འཕྲོ་མི་མཐུན་པ་སྣ་ཚོགས་ཤིག་འབྱུང་ངམ་སྙ མ། འདིར་བསྟན་སྐུའི་ཕྲིན་ལས་དེ་ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱི་ཕྲིན་ལས་ལྔ་པོ་གང་རུང་ངམ་ཐམས་ཅད་ཡིན། སྔ་མ་ལྟར་ན། དེའི་རྒྱུ་མཚན་ཅི་ལ་ཐུག་པར་བརྟག་དགོས་པ་མ་ཟད་ལྔ་ཀ་ཐ་དད་པའི་ཕྱིར་ལྷུན་གྲུབ་དོན་མེད་དུ་དང་ལས་བཞི་རིས་སུ་ཆད་པར་ཐལ་ཞིང་། ཕྱི་མ་ལྟར་ན་དེ་ལྟར་བསྟན་དགོས་པ་ལས་བསྟན་པར་མི་མངོན་ནོ། །གལ་ཏེ་ངོ་བོ་


MLP019_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ཕྱིར་སྐྱོན་མེད་པར་སེམས་ན། དེ་ལྟར་ན་ཞི་བས་མི་འདུལ་བ་ལ་དབང་དྲག་མི་དགོས་པར་ཐལ། གཅིག་པའི་ཕྱིར་སྙམ་དུ་དོགས་སོ། །བྱང་སེམས་ཀྱི་ལམ་ནས་འབྲས་བུ་ཐོབ་ཚུལ་དང་དེ་ལྟར་ཐོབ་པ་ལྟར་གྱི་ཐོབ་འབྲས་ཀྱི་ངོ་བོ་སྐུ་གསུམ་བསྟན་པ་དེ་རྒྱུ་ཐེག་གི་འདོད་པའི་རྣམ་བཞག་དང་གཅིག་གམ་ཐ་དད། གཅིག་ན་སྐབས་འདིར་ཐུན་ཐེག་བསྟན་པའི་དགོས་པ་ལ་བརྟག་ཅིང་། ཐ་དད་ན་ཁྱད་པར་འབྱེད་ཚུལ་འགོད་པར་རིགས་ཤིང་། འོག་ཏུ་སྐུའི་བཤད་པ་ལན་གསུམ་དུ་བྱུང་བ་མི་ཟློས་པའི་ཤེས་བྱེད་འགོད་པ་ན། ཆོས་སྐུ་དཔག་མེད་ཅེས་པ་སོགས་ནི་མཚན་ཉིད་ཐེག་པའི་སྐུ་གསུམ་གྱི་སྒོ་ནས་བཞག་པར་གསུངས་པས་ཀྱང་གནོད་དོ། །སྐབས་འདིར་ཡོ་གས་སྟོན་པ་རྣམ་སྣང་དུ་འདོད་པ་དང་མཐུན་པ་ལྟ་བུར་འགྲོ་བའི་རྒྱུ་མཚན་དང་གཞུང་གཞན་ལས་:ལ་༼ལས་༽དང་པོ་བ་སྤྲུལ་སྐུའི་འཁོར་དུ་བཤད་པ་དང་ལངྐའི་མདོར་ལོངས་སྐུའི་འཁོར་དུ་གསུངས་པ་འགལ་བར་སྣང་དང་ཕུན་ཚོགས་ལྔ་ཚང་བ་གླེང་གཞི་ཡིན་མིན་རྣམས་དཔྱད་དོ། །གསང་སྔགས་ཀྱི་འབྲས་བུ་ཐོབ་ཚུལ་གྱི་སྐབས་འདིར་བསྟན་ཐུན་མིན་ཀུན་ཏུ་འོད་དང་ལམ་རིམ་ཆེ་ཆུང་སོགས་སུ་བསྟན་པའི་ཡེ་ཤེས་བླ་མའི་ས་གཉིས་དོན་གཅིག་ཏུ་བཟུང་ཆོག་མིན་དང་། མ་ཧཱའི་མཐར་ཐུག་གི་ས་གསུམ་ལ་ཁྱད་པར་ཡོད་དམ་མེད། ཡོད་ན་གསུམ་ཆར་མཐར་ཐུག་མིན་པར་ཐལ། མེད་ན། མཚོན་ཚུལ། བྱེད་ལས། དགོས་ཆེད། ཡོན་ཏན་རྣམས་ལ་ཁྱད་ཡོད་པར་བཤད་པ་དང་འགལ་ལོ༑ ༑ཞེས་བརྟག ཡང་སྐུའི་བཤད་པ་ལན་གསུམ་དུ་བ་མི་ཟློས་པའི་ཤེས་བྱེད་དང་གཡུང་ཊཱིཀ་པ་མ་ཧཱའི་མཐར་ཐུག་གི་ས་པདྨ་ཅན་དང་འཁོར་ལོ་ཚོགས་ཆེན་གཉིས་ལས་མི་བཞེད་པའི་གནད་དང་། རྒྱུ་འབྲས་ཀྱི་ཐེག་པའི་སྐུ་གསུམ་ལ་ངོ་བོ་མཚན་ཉིད་བྱིན་རླབས་གསུམ་གསུམ་ཁྱད་པར་ཡོད་པར་འགོད་ལུགས་དང་། དེའང་འབྲས་བུ་རང་ལྡོག་ལ་ཁྱད་པར་དེ་དག་མེད་པར་ཆོས་རྗེ་སྨན་ལུང་བཞེད་པའི་རྗེས་སུ་འབྲངས་ཏེ་རང་ལུགས་འཇོག་པ་ཡིན་ཡང་ལམ་རིམ་སོགས་རྒྱ་བོད་ཀྱི་མཁས་གྲུབ་དམ་པས་མཛད་པའི་གཞུང་ཕལ་ཆེ་བར་ཐུན་མཆོག་གི་ཐེག་པའི་འབྲས་བུ་ངོ་བོ་ཉིད་གཅིག་ཅིང་ཁྱད་མེད་པར་སྨྲ་བའི་གང་ཟག་དག་ནི་


MLP019_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱའི་དོན་མ་མཐོང་བའི་མུན་སྤྲུལ་གྱི་བློ་ཅན་ནོ་ཞེས་གསུངས་པ་ལ་ཞིབ་མོའི་རྣམ་བཞག་འགོད་པར་རིགས་སོ། །གཞན་ཡང་འདི་ཡི་སྐབས་སྔགས་ཀྱི་ལམ་མ་བྱུང་བར་འབྲས་བུ་བྱུང་བའི་རྒྱུ་མཚན་དང་། སྐུ་ལྔ་པོ་སྐུ་མཚན་ཉིད་པ་དང་བཏགས་པ་བ་གང་ཡིན་ཡང་དཔྱད་དོ༑ ༑ད་ནི་འདི་དཔྱད་པར་བྱ་སྟེ། རྒྱུད་འདིའི་ལེའུ་དང་པོ་དང་གསུམ་པ་དང་བཞི་པ་དང་དྲུག་པ་རྣམས་སུ་ལེའུའི་བསྡུ་བ་རེ་བྱུང་ལ་གཞན་རྣམས་སུ་མ་བྱུང་བའི་རྒྱུ་མཚན་ཅི་ལ་ཐུག་སྟེ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་འགའ་ཞིག་འོང་བ་དང་འགའ་ཞིག་མི་༼ འོང་༽བ་ཇི་ལྟར་སྙམ་པའང་དེ་དང་མཚུངས་སོ།། །།ལེའུ་བདུན་པ་ལ་གཉིས་ཏེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་ལ་དཔྱད་པ་དང་། རང་བཞིན་གསུང་གི་དཀྱིལ་འཁོར་ལ་དཔྱད་པའོ། །དང་པོ་འཆད་པའི་སྐབས་འདིར་ཞི་བའི་ཕྲིན་ལས་སྒོམ་རིམ་གྱི་སྡེབས་བརྗོད་པར་གསུངས་པའི་འགོད་ལུགས་རགས་པའི་རྣམ་བཞག་ཙམ་གོང་དུ་དཔྱད་ཟིན་ཡང་དེའི་ནང་ཚན་ལ་མི་འདྲ་བའི་ཁྱད་བག་རེ་ཡོད་པ་ཟུར་ཙམ་སྨོས་ན་གྲལ་ཕྱག་དང་ཚུལ་ཕྱག་གི་ཁྱད་པར་སྔ་རབས་པ་ཕལ་ཆེར་དབང་ཐོབ་པ་སྔ་རིམ་མམ་ཡེ་ཤེས་ཀྱིས་རྒན་པ་ལ་གྲལ་ཕྱག་དང་ཡི་དམ་ལྷ་ལ་ཚུལ་ཕྱག་མཛད་པར་བཞེད། འགའ་ཞིག་འདུ་བའི་ཐོག་མར་ལྷ་ལ་གྲལ་ཕྱག་དང་། རྣལ་འབྱོར་པ་རྒན་རིམ་གྱིས་ཚུལ་མཐུན་གྱི་ཕྱག་བྱེད་པར་གསུངས་པ་རང་ལུགས་གང་ལྟར་བཟུང་ཞིང་། ལྷ་ལ་ཕྱག་བྱ་ཚུལ་རྒྱུད་སྦྱང་གི་སྐབས་སུ་དབྱེར་མེད་འདྲེས་པ འི་ཕྱག་མཛད་པ་ལྟར་འདིར་ཡང་རིགས་པ་ལས་ཕྱག་བཞེས་སུ་མི་སྣང་བའི་དགོས་པ་ལ་བརྟག་གོ །མཚན་བཅས་ཀྱི་མཚམས་བཅད་པ་ན། སྤྱིར་བསྟན་མཚོན་ཆ་འཆོལ་བ་མཚོན་ཆ་དམ་ཚིག་སྲུང་བ་འཁོར་ལོ་ཁྲོ་བཅུ་རོལ་པའི་མཚམས་བཞི་ལས་སྐབས་འདིའི་ངོས་འཛིན་ཇི་ལྟར་ཡིན་ཞེས་ཀྱང་དཔྱད་ཅིང་ལས་རིམ་གཞན་རྣམས་གཞུང་གི་སྐབས་སོ་སོ་ནས་ཤེས་སོ། །སྤྱིར་སྔགས་ཀྱི་བྱིན་རླབས་ཀྱིས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་གནད་གསང་ངོ་མཚར་བ་ནི་གྲུབ་པ་བཞི་ལྡན་གྱི་རྒྱུ་


MLP019_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལ་ཐུག་པ་གང་ཞིག་ཤེས་བྱ་གང་ལའང་དེ་ལྟར་མ་གྲུབ་པ་མི་སྲིད་ན་ངག་གཞིར་བཟུང་གི་སྔགས་གཙོ་བོར་འཛིན་པའི་དགོས་པ་དང་། རྒྱུད་འདི་ཉིད་ལས་གསུངས་པའི་རྟེན་བརྟེན་པ་ལས་རིམ་གྱི་སྔགས་གསུམ་པོ་གསང་རིག་གཟུངས་གསུམ་གྱི་ནང་ཚན་གང་ལ་འཇོག་པ་དང་། ངག་ཁོ་ནས་ཀྱང་ཁྱབ་པ་ཉིད་དུ་འདོད་དགོས་མིན་དང་གཞན་དུ་ཕྲེང་པའི་སྔགས་ལ་རྩ་སྔགས་སུ་བཤད་པ་འདིར་ཁས་ལེན་མིན་དང་བསྐྱེད་པ་རྐྱེན་གྱི་སྔགས་དེ་སྒྲུབ་ཐབས་སུ་ཧཱུྃ་སོགས་ས་བོན་དང་བཛྲ་དྷྲྀཀ྄་སོགས་གཉིས་ཆར་ཚོགས་པ་བྱུང་ཡང་། འགྲེལ་པ་ལས་བཛྲ་དྷྲྀཀ྄་སོགས་ཙམ་ལས་མ་བཤད་པས་དེ་གཉིས་ལ་ཇི་ལྟ་བུའི་གནད་ཀྱི་ཁྱད་ཞུགས་ཞེས་པ་དང་། རྟེན་གྱི་དཀྱིལ་འཁོར་བསྡུས་འབྲིང་གསལ་པའི་རྣམ་བཞག་འཇོག་ལུགས་རྣམས་ལ་བརྟག་གོ །གཞན་ཡང་ལེའུ་དྲུག་པའི་སྐབས་བསྟན་སངས་རྒྱས་ཞེ་གཉིས་ལ་མཚུངས་ཆོས་དང་ཁྱད་ཆོས་ཡོད་པ་ངོས་འཛིན་སླ་ཕྱིར་ངག་དོན་དྲིལ་ནས་དཔྱད་པ་སྣང་སྟེ་རྒྱུད་དོན་རྣམ་ངེས་ལས་ཤེས་སོ། །དབང་བསྐུར་གྱི་སྐབས་སྒྲོལ་ཊཱིཀ་པ་དབང་ལྷ་རྣམས་ཀུན་བཟང་ཡབ་ཡུམ་གྱི་རྣམ་པར་དང་ཀུན་མཁྱེན་སྨིན་ལོས་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་པར་བཞེད་པ་གཉིས་མི་འདྲ་བར་གྱུར་ཚུལ་གྱི་དགོངས་པའི་གནད་དང་། དབུ་རྒྱན་གྱི་ལྷས་བརྒྱན་ལུགས་ལ་ཆིག་རྫོགས་མི་བསྐྱོད་པས་གཙོར་བྱས་ཤ་སྟག་དང་ཕྱེད་ཉིལ་རང་རིགས་བདག་པོར་གྱུར་པའི་ཕྱོགས་གཉིས་ལས་འདིར་གང་དུ་བཟུང་བ་དང་། རིགས་དབྱེ་བ་ན་ཉང་ཊིཀ་པ་སོགས་ཤར་དང་ཤར་ལྷོའི་ལྷ་རྣམས་མི་བསྐྱོད་པ་དང་ཞེས་ས་སྙིང་དང་བྱམས་པ་རྡོ་རྗེའི་རིགས་སུ་དང་། འགའ་ཞིག་ཐུབ་པ་དྲུག་ལ་མི་བསྐྱོད་པ་རྐྱང་པས་དབུ་བརྒྱན་པར་དང་ཁ་ཅིག་རྒྱ་སྤྲོས་ཀྱི་སྐབས་སུ་ཡང་ཐུབ་དྲུག་དབུ་རྒྱན་མེད་པར་བཞེད་ཀྱང་། རིམ་པ་ལྟར་སྒྱུ་འཕྲུ ལ་གྱི་དཔེ་རྙིང་སྐོར་དུ་མ་དང་འཆད་འགྱུར་ལེའུ་བརྒྱད་པའི་བསྟན་དོན་དང་འགལ་བ་འདི་སྤོང་རིགས་སོ་ཞེས་ཀླན་ཀའི་སྐབས་འཚོལ་བར་བྱེད་ན་དཔྱད་དགོས་སོ། །སྟོན་པ་ཀུན་བཟང་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་ལ་རིགས་ལྔས་དབང་བསྐུར་མི་དགོས་པར་དོགས་ཏེ་སྐུ་གསུང་ཐུགས་ཀྱི་ལྷས་བྱིན་གྱིས་བརླབས་པར་ཡང་དེ་ལྟར་རོ། །


MLP019_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དྲུག་ནི་གང་འདུལ་གྱི་གཟུགས་སུ་སྣང་བ་དེའི་ཕྱིར་ནོར་སྐྱོང་ཀུ་ཀུ་ལྟ་བུའི་རྟེན་ལའང་དབང་བྱིན་གྱིས་ལྷའི་རྟགས་ཀྱིས་བརྒྱན་ཆོག་པར་ཐལ་བ་དང་། གཞན་ཡང་འོད་རིམ་ལས་དེར་དབང་བྱིན་མི་དགོས་པར་བཤད་པའི་ལུང་དོན་ལ་བརྟག་གོ །བྱིན་རླབས་ཀྱི་སྐབས་རྒྱུད་ཉིད་དང་ཐལ་བ་སོགས་ལས་རིགས་ལྔ་ཀས་བྱིན་གྱིས་རློབ་ཚུལ་བྱུང་ཡང་ལམ་སྒོམ་པའི་དབང་དུ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་དུ་བསྡུ་བར་མཛད་ཅིང་། དེའི་གནད་ཀྱང་ས་ཆུ་གཉིས་དང་མེ་རླུང་གཉིས་དང་སེམས་དང་ནམ་མཁའི་དྭངས་མ་རོ་གཅིག་པ་ཡིན་པར་གསུངས་པ་གང་ཞིག ཡོན་ཕྲིན་གྱི་ལྷའི་བྱིན་རླབས་ཀྱི་སྔགས་དང་གནས་སོ་སོར་རྒྱས་བཏབ་ལུང་བསྟན་པ་དགོས་མེད་དུ་མི་འགྱུར་བའི་ཚུལ་དང་དྭངས་མ་རོ་གཅིག་ཚུལ་ལ་དཔྱད་དོ། །དབང་བྱིན་གྱིས་ལྷ་གཉིས་ཀ་རིགས་ལྔ ར་འདུག་པ་ལ་ཁྱད་ཅི་ཡོད་དང་དབང་བྱིན་གྱི་སྐུའི་ལྷ་གཉིས་ཀ་སྤྱི་བོར་བསྒོམ་པའི་ཕྱིར་གནས་ཐ་མི་དད་པ་ལྟ་བུར་སྣང་བ་དང་དབང་བྱིན་གྱི་ལྷའི་རང་བཞིན་སོ་སོར་མ་གྱུར་ཀྱང་རྣམ་པ་རིམ་བཞི་སྤྲུལ་ལོངས་སུ་སྣང་བ་གང་ཞིག་དེ་གཉིས་ཀྱི་རྣམ་པ་བརྫུན་ཚུལ་མི་འདྲ་བའི་རྒྱུ་མཚན་གང་ལ་ཐུག་སྙམ་ཞིང་གང་དག་བླ་མེད་ཀྱི་ལྷའི་དབུ་རྒྱན་ཡོ་གའི་རིགས་ལྔས་བྱས་པ་དང་། དབུ་རྒྱན་གྱི་ལྷ་ཡབ་ཡུམ་འཁྲིལ་སྦྱོར་ཅན་བྱས་པ་དང་སྔར་ནང་ལུགས་ཀྱི་རིགས་ལྔ་ལ་ཡུམ་མེད་པའི་དབུ་རྒྱན་བྱས་པའང་སྣང་སྟེ། རེ་ཞིག་བརྟག་པར་འོས་པའི་གནས་སོ། །ཐུགས་ཀྱི་ལྷ་དང་ཡེ་ཤེས་སེམས་དཔའ་གནས་རྣམས་ཐ་དད་ཚུལ་དང་། དངོས་གྲུབ་བསྐུལ་བ་ལ་ཚིག་དང་སྔགས་ཀྱིས་བསྐུལ་བ་མི་ཟློས་པའི་ཤེས་བྱེད་འགོད་དགོས་སོ། །འདིའི་སྐབས་བསྟིམ་པ་ནི་ཟུར་པ་སྤྱིའི་བཞེད་སྲོལ་ལ་ས་དམིགས་ལོགས་སུ་མཛད་ཀྱང་། ཆོས་རྗེ་སྨྱོས་སྟོན་སྐུ་མཆེད་ཀྱིས་ཚིག་གིས་བསྐུལ་རྗེས་ཀྱི་སྔགས་ཚན་གསུམ་པོས་རིམ་བཞིན་དམ་ཡེ་དབྱེར་མེད་དུ་བསྲེས་ནས་བརྟན་པ་དང་དབང་དུ་བྱས་ལ། ཕྱག་རྒྱ་བཞིས་ནི་ཤིན་ཏུ་བརྟན་ཅིང་གསལ་བར་བྱས་པ་ཉིད་ཡིན་པས་ས་བཅད་བཞི་པ་ལྔ་པ་གཉིས་ཁོངས་གཅིག་ཏུ་བསྡུས་པར་བཞེད་དོ། །གཉིས་པ་ནི། གསུང་ལྔ་ལ་བཟང་ངན་གྱི་ཁྱད་པར་ཡོད་དམ་མེད། ཡོད་ན་ལྔ་ཀ་རང་བཞིན་འབྲས་བུ་


MLP019_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་གྱི་གསུང་ཡིན་པར་རྒྱུད་དོན་རྣམ་ངེས་ལས་བཤད་པ་མི་འཐད་པར་ཐལ། མེད་ན་དོན་གྱི་གསུང་གསུང་གཞན་ལས་མཆོག་ཏུ་གྱུར་པ་ལ་ངམ་མི་རིགས་པར་ཐལ་ལོ། །འདིར་བརྡའི་གསུང་ཆད་སྐྱོན་དང་སྤྲུལ་སྐུའི་གསུང་ཟློས་སྐྱོན་དུ་སྣང་བར་དོགས་ཤིང་། གསུང་གི་ཡན་ལག་གི་གྲངས་འདྲེན་ཚུལ་མི་འདྲ་བ་དག་ལས་གང་ལྟར་བཟུང་བ་འཐད་པ་དང་བཅས་པ་འགོད་དགོས་སོ།། །།ལེའུ་བརྒྱད་པ་ལ་ལྔ་སྟེ། རང་བཞིན་གྱི་དང་། ཏིང་ངེ་འཛིན་གྱི་དང་། ལྟ་བའི་ཕྱག་རྒྱ་དང་། རྒྱ་སྤྲོས་ཀྱི་ཏིང་ངེ་འཛིན་དང་། དེ་དག་གི་དོན་བསྡུ་བ་ལ་དཔྱད་པའོ། །དང་པོ་ནི༑ དེ་ཡང་མངོན་རྟོགས་ལས་སྡེབ་ཀྱི་དབང་དུ་མཆོད་པ་ལས་ཀྱི་རིམ་པ་ཡིན་ཞིང་དེ་ལ་ནང་གསེས་ཀྱི་སྡེ་ཚན་བཅོ་ལྔ་ལས་ཕྱག་རྒྱ་སྟེ་སྤྱིར་ཕྱག་རྒྱ་ཞེས་པ་དེ་འདའ་བར་དཀའ་བ་དང་བརྡ་སྤྲོད་པ་དང་མཛེས་པར་བྱེད་པ་སྟེ་ཆོས་གསུམ་ལྡན་ཞིག་ན་འདིར་བསྟན་གྱི་དེའི་རྣམ་གྲངས་གང་དང་གང་དུ་ངོས་བཟུང་ཞེས་ཐོག་མར་དཔྱད་དགོས་ཤིང་། དངོས་པོ་བཅུའི་ཡ་གྱལ་གྱི་སྔགས་རྒྱ་གཉིས་ཀའི་གཞི་མཐུན་ཡང་ཡོད་མོད་ཀྱི་གཉིས་སུ་ཕྱེ་བ་ནི་ངག་ཏུ་བརྗོད་པ་དང་ལག་པས་བཅའ་བ་གཙོར་གྱུར་གྱི་ཁྱད་པར་ལས་ཡིན་པ་རོང་ཟོམ་ཆེན་པོའི་བཞེད་པར་གནས་ན་རང་བཞིན་གྱི་ཕྱག་རྒྱ་འདི་སྔགས་དང་ཕྱག་རྒྱས་ཟླས་ཕྱེ་བའི་ཕྱི་:མོའི་༼མའི༽ ཕྱོགས་མིན་པར་ཐལ་བར་དོགས་སོ། །སྒྱུ་འཕྲུལ་དྲ་བ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞིར་བརྒྱུད་པའི་མན་ངག་གིས་འཆད་པ་ལས་འདིའི་སྐབས་གང་ལྟར་འཛིན་ཅིང་། འཁོར་འདས་ཀུན་ལ་རང་བཞིན་གྱི་ཕྱག་རྒྱས་བཏབ་ཚུལ་འདི་ཕྱག་ཆེན་སྲོལ་དང་ཁྱད་ཆེ་བར་རྟོག་གོ །གཉིས་པ་ནི། རིགས་ལྔ་སྤྱིིའི་དམ་རྒྱ་བཅའ་བ་ན་ཡན་ལག་ལྔ་དང་སོར་མོ་རྣམས་རིགས་དེ་དང་དེར་ངེས་པའི་རྒྱུ་མཚན་གང་ལ་ཐུག་ཅིང་སོར་མོ་འདི་ལྟར་བསྣོལ་བའི་རྒྱུ་མཚན་ལྷ་རྣམས་གཞན་རིགས་ལ་འཁྱུད་པར་རིགས་པའི་ཕྱོགས་ནས་བསྙད་རུང་ངམ་སྟེ་འོན་ཀྱང་སོར་མོ་རྣམས་གང་བདེར་བསྣོལ་ཆོག་པར་ཐལ་བའམ་མིན་ན་རྒྱུ་མཚན་གསར་


MLP019_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྟག་དགོས་པ་ལས་མ་འདས་སོ། །སོར་མོ་རྣམས་ལ་ཡིག་འབྲུ་འགོད་ཚུལ་ཡང་ཡེ་ཤེས་རྔམ་གློག་ལས་མཐེ་བོང་གཉིས་ལ་ཨཱཾ་པཱཾ་སྲིན་ལག་གཉིས་ལ་སྭཱ་མཱཾ་འགོད་པར་བཤད། འགྲེལ་ཆུང་ལས་སྨོས་མ་ཐག་པའི་ཡིག་འབྲུ་དེ་དག་མཐེ་བོང་དང་མཐེའུ་ཆུང་འོད་རིམ་དུ་གོང་གི་ལྟར་ལས་གོ་ལྡོག་ཏུ་བཀོད་པ་གང་གི་རྗེས་སུ་འབྲངས་ཤིང་། ལག་གཡས་གཡོན་གྱི་སོར་མོའི་བྲེ་ཁར་ཟླ་ཉིའི་གདན་འགོད་པ་ནི་ལྷ་ཡབ་ཡུམ་ཐབས་ཤེས་གཙོ་ཆེ་ཆུང་གི་གནད་ཀྱིས་ཡིན་པར་སྨྲས་ཀྱང་རུང་མོད། དེ་དང་བསྟུན་ཚེ་ཡབ་ཡུམ་སོ་སོར་ཉི་ཟླ་ཉིས་བརྩེགས་མི་ཆོག་ལྟ་བུར་སོང་བ་ལ་བརྟག་གོ །ལྷ་སོ་སོའི་ཕྱག་རྒྱ་བཅའ་བ་ནི་བདུན་སྦྲགས་སམ་བསྡུ་ན་བཞི་སྦྲགས་སུ་བྱ་བ་ཡིན་པ་གང་ཞིག རང་ཉིད་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀར་པད་ཉི་ཟླ་བ་ལ་གནས་པའི་ཕྱག་མཚན་ཐུགས་སྲོག་སྔགས་ཕྲེང་དང་བཅས་པས་མཚན་པ་ལས་འོད་ཟེར་སྤྲོ་བསྡུ་བྱ་བ་རྣམས་ཕྱག་རྒྱ་བཞིར་འདོད་པ་དང་སྐུ་ཆོས་དམ་ལས་བཞི་དེར་འཇོག་པའི་རྣམ་བཞག་རྒྱུད་གཞུང་འདིའི་བཀའ་སྲོལ་དུ་བྱུང་མིན་དང་། ཕྱག་རྒྱ་བསྒྱུར་བ་དང་དགྲོལ་བ་ནི་བདུན་སྦྲགས་ཀྱི་སྐབས་སུ་གང་དུ་བསྡུ་བ་དང་། ད་ལྟ་རང་ཅག་གི་ཕྱག་ལེན་དུ་ཡུམ་མ་བསྐྱེད་གོང་དུ་ཡབ་ཀྱི་སྙིང་པོ་བརྗོད་པར་མཛད་ཀྱང་ཐབས་ཀྱིས་རྒྱས་གདབ་བྱ་མ་བསྐྱེད་པ་ལ་ཇི་ལྟར་གདབ་སྙམ། དེས་ན་བཅོས་མའི་ཕྱག་རྒྱས་ངེས་པར་འཆིང་མི་དགོས་པའི་ཕྱོགས་ནས་བསྙད་ན་འཆད་བདེར་མ་ཟད་འོག་ཏུ་བསྒུལ་བསྐྱོད་ཐམས་ཅད་ཀུན། ཞེས་པ་འདི་དང་མི་འགལ་བའི་ཤེས་བྱེད་ཀྱང་འགོད་མི་དགོས་སམ། གཞན་ཡང་ཕྱག་མཚན་རྣམ་པ་ཐམས་ཅད་པ་ལ་གྲངས་སུ་ངེས་པ་མི་འགལ་ལམ་ཞེས་བརྟག་སྟེ་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་གྲངས་སུ་མཚོན་པའང་དེ་ལྟར་རོ། །གསུམ་པ་ནི། ཅི་བྱས་ལྷའི་ཕྱག་རྒྱ་ལས་མི་འདའ་བ་ལ་ལུས་བསྒུལ་བསྐྱོད་ཙམ་གྱིས་ཅི་ལྟོ་སྟེ་སྙམ། བཞི་པ་ནི། ཡན་ལག་གི་ལྷ་བཞི་བཅུ་ལ་ཐབས་ཀྱི་ལྷ་དང་། དེ་རྣམས་སོ་སོའི་སྲོག་གོར་རང་འདྲའི་ཡེ་སེམས་བཞི་བཅུ་ལ་ཤེས་རབ་ཀྱི་ལྷ་ཞེས་འཇོག་པའི་རྒྱུ་མཚན་སྤྱིར་ཐབས་དང་ཤེས་རབ་གཉིས་ཀྱིས་ཟླས་ཕྱེ་བའི་དེ་དང་དེར་འཇོག་ན་ཡུམ་རྣམས་ཤེས་རབ་ཀྱི་ལྷར་མཐའ་གཅིག་


MLP019_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ངོས་བཟུང་མི་རིགས་པར་འདོད་དགོས་ཤིང་རགས་ཕྲའི་དབང་དུ་ན་སྣང་བ་རྣམ་འབྱེད་ཀྱི་སྐབས་འདིར་སྐུ་རི་རབ་ཙམ་ལ་བཞུགས་གནས་ཀྱི་རྩའི་སྣོད་ཏིལ་འབྲུ་ཙམ་གྱི་ནང་དུའང་ཤོང་བའི་ཚུལ་ལྟ་བུ་ཞིག་ངེས་པར་སྲོག་ཏུ་བཟུང་དགོས་པའི་དམ་བཅའ་ཉམས་པར་དོགས་སོ༑ ༑ལྷ་རྣམས་གནས་སོ་སོར་འགོད་ཚུལ་ལ་གོང་མ་འགའ་ཞིག་ལྐོག་མར་སྣང་མཐའ་བཀོད་པ་སོགས་ཀྱི་ལུགས་ཤིག་ཀྱང་བཞེད་མོད། རང་ལུགས་ནི་འགྲེལ་ཆུང་པིཎྜཱརྠ་སོགས་ལས་གསུངས་༼པའི་༽རྗེས་སུ་འབྲངས་ཏེ་འཇོག་པར་མཛད་ཅིང་དེ་གཞིར་བྱས་ལའང་རྩ་ལྷ་རྣམ་སྣང་ཡིན་ཚུལ་གྱི་དབང་གིས་བཀོད་པ་ལྟ་བུ་ལ་མཚོན་སྐབས་ལག་གཡོན་གྱི་འདོམ་རྩར་ཀུན་ཏུ་བཟང་པོ་འགོད་པ་གཡུང་ཊིཀ་སོགས་ལས་གསལ་བ་གང་ཞིག་ཁོ་བོ་ནི་དེར་སྒྲུབ་བྱེད་གང་ཡང་མ་མཐོང་ཞིང་རྩ་ལྷ་མི་བསྐྱོད་པར་བཟུང་བའི་སྐབས་ཀྱི་འགོད་ཚུལ་ལ་དཔག་ན་དབུ་ལ་ཀུན་ཏུ་བཟང་པོ་བཀོད་ཅེས་སྦྱར་མི་དགོས་སམ་སྙམ་སྟེ་འོན་ཀྱང་བླུན་ཤེས་ཀྱི་ལྐོག་ཏུ་གྱུར་ཚད་འགོག་པ་ག་ལ་འཚལ་ལོ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་བསླབ་ཚུལ་ལ་ཉང་རོག་རྩགས་ཚ་སོགས་ཐབས་ཤེས་སྐུ་གསུང་ཐུགས་ཀྱི་ལྷ་བཅས་ཏེ་ཉིས་བརྒྱ་གྲངས་ཀྱི་གཞིར་བཟུང་བ་ལ་དབུ་རྒྱན་གྱི་ལྷ་སྟོང་བརྩིས་ནས་ཁྱོན་བསྡོམས་པར་ལྷ་སྟོང་ཉིས་བརྒྱར་བཞེད་ཀྱང་ཡེ་ཤེས་སེམས་དཔའ་རྒྱན་དང་ལྡན་པར་ཐལ་ཞིང་ལྷ་སྟོང་གི་གྲངས་འཇིག་པར་འགྱུར་རོ། །རང་ལུགས་ལྟར་ན་སྤར་ཁབ་དང་འགལ་བར་དོགས་སོ། །ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ན་ཐུབ་དྲུག་ལ་ཡུམ་དངོས་སུ་མེད་པས་རྟགས་ཀྱི་ཡུམ་པདྨ་ལའམ་རིགས་ལྔ་དང་ཀུན་བཟང་དང་དྲུག་གི་ཡུམ་གཡར་ནས་འགོད་ཅེས་དང་། ཡང་ན་གཡོན་ཕྱོགས་སུ་འགོད་དམ་སྟེ་དེ་ཤེས་རབ་མཚོན་བྱེད་ཡིན་པའི་རྒྱུ་མཚན་ལ་བརྟག་གོ ༑དཀྱིལ་འཁོར་སྤྲོས་པའི་སྐབས་སུ་དབང་བསྐུར་བྱིན་རླབས་ཚུལ་བཞིན་དུ་བྱ་བ་རིན་ཆེན་དྲ་བ་ལས་བཤད་ཀྱང་རྣམ་གྲངས་སྤྲོས་པའི་སྐབས་འདིར་དབང་གི་གོང་དུ་བྱིན་རླབས་བྱ་དགོས་པར་ལམ་རིམ་དུ་གསུང་པའི་རྒྱུ་མཚན་ཅི་ལ་ཐུག་ཅིང་དེ་ལྟར་བསྒོམ་པ་འདི་ཐོད་རྒལ་བའམ་ཟག་བཅས་སྐབས་ཀྱི་མཐར་ཆགས་པའི་ཡང་ཡུལ་ཡིན་མིན་དཔྱད་དོ། །ལྔ་པ་


MLP019_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནི༑ བདེར་གཤེགས་ཟུར་ཆུང་བའི་བཞེད་པ་ལྟར་གདུལ་བྱ་བློ་རབ་འབྲིང་ཐ་གསུམ་དང་ཡང་སློབ་པའི་རིམ་པ་ཐོག་ཐ་བར་གསུམ་དུ་ཉམས་སུ་ལེན་ཚུལ་དང་རང་ཚིག་རང་ལ་ལུང་དུ་མི་འགྱུར་བའི་ཕྱིར་སྟོན་པ་ངས་བཤད་ཅེས་པ་འདི་མི་འཐད་དོ་སྙམ་པ་ལ་བརྟག་པར་ཞུའོ།། །།ལེའུ་དགུ་པ་ལ་གཉིས་ཏེ། ལོ་རྒྱུས་དང་། གཞུང་ལ་དཔྱད་པའོ། །དང་པོ་ནི། དགྱེས་པ་ཆེན་པོ་ཞེས་པ་ལ་སྤར་ཁབ་ལས་བཤད་པའི་ཐུན་དགའ། ལོག་དགའ། དགའ་བའི་དགའ་བ༑ བསམ་མི་ཁྱབ་པའི་དགའ་བ་དང་བཞི་ལས་འདིར་གང་དུ་བཟུང་བར་དཔྱད་དོ། །གཉིས་པ་ལ་གསུམ་སྟེ། དཀྱིལ་འཁོར་དང་། དབང་དང་། སྒྲུབ་པ་ལ་དཔྱད་པའོ། །དང་པོ་ནི། བཀོད་པ་དཀྱིལ་འཁོར་ཞེས་པའི་སྒྲ་དོན་ལ་བརྟག་པ་ན་སྒྱུ་འཕྲུལ་རྒྱས་པར་འཇིག་རྟེན་ལས་འདས་པ་དཀྱིལ་དང་འཇིག་རྟེན་འཁོར་རམ། རྡོ་རྗེ་སེམས་དཔའ་དཀྱིལ་དང་། རིགས་བཞི་ལྷ་རྣམས་འཁོར་ཡིན་པར་གསུངས་ཤིང་། རྡོ་རྗེ་ལས་རིམ་ལས་རང་བཞིན་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་སམ། སྙི ང་པོ་ཐམས་ཅད་དུས་དཀྱིལ་ལ། །གང་ཡང་ཡན་ལག་འཁོར་དུ་གསུངས། །ཞེས་སོགས་བཤད། འགྲེལ་ཆུང་ལས། མཎྜ་ཞེས་བྱ་སྙིང་པོའི་དོན། །ལ་ཞེས་པ་ནི་ལེན་པའོ། །ཞེས་གསུངས། ཐུགས་ཐིག་ལས། བདུན་གྱི་གཙོ་སྙིང་གང་གང་ལ། །དེ་ཡི་འཁོར་ལྡན་ངེས་པའི་ཚིག །ཅེས་གསུངས་སོ། །རྣམ་གྲངས་ཀྱང་། ཆོས་དོན་ལས་གསུམ་དང་རྒྱུད་ཕྱི་མ་ལ་ལྔ་རུ་དབྱེ་བར་མཛད། རྒྱས་པ་ལས་བདུན་དང་འགྲེལ་ཆུང་ལས་བཅུ་གཉིས་སུ་བཞེད་དེ་དེ་དག་ལ་དགོངས་གཞིའི་ཁོག་བསྒྲིག་རྒྱུ་ལྟ་བུ་ཞིག་མེད་ན་མི་མཐུན་པར་སྣང་ངོ་། །ཡང་གོང་དུ་གང་ཟག་ཅིག་གིས་རྒྱུད་འདིའི་ལེའུ་གཅིག་ཉམས་སུ་བསྟར་བྱ་གྲུབ་པ་ལྔ་པར་ངོས་འཛིན་མཛད་མོད། འདིར་ཡང་ལམ་རིམ་ཚང་བ་ཞིག་སྟོན་པར་གསལ་བས་དཔྱད་པར་འོས་ཤིང་། གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་བྱ་བ་དེ་ཡང་ལྷ་རྗེ་མདའ་ཏིག་དོན་དམ་པའི་གཟུགས་


MLP019_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་དུ་འབྱུང་བར་དང་། གླན་སྟོན་རྣམ་རྟོག་ཕྲ་རགས་ཀྱིས་ལྷ་ཡབ་ཡུམ་མཚོན་པར་དང་། ཉང་ཊཱིཀ་པ་བཞེད་པ་དེ་གཉིས་ཆར་ཡང་འོག་མིན་ན་བཞུགས་པ་དང་འདི་ལྟར་བསྒོམས་པས་གསལ་བ་གཉིས་འདྲ་བའི་ཕྱིར་གཟུགས་བརྙན་དུ་བཞེད་པ་གང་གི་རྗེས་སུ་འབྲང་། ལྷག་པ་གཟུགས་བརྙན་གྱི་དོན་ནི་ལྷག་ཏིང་གི་སྐབས་སུ་དཔྱད་པ་དང་འདྲ་ཞིང་གང་གི་རྟེན་གྱི་སྒོ་ནས་དབྱེ་ན་ཁོག་གཞུང་ལས་དབང་མཆོད་གནས་སྒྲུབ་མཐུན་ལས་དང་དྲུག་ཏུ་བཤད་པ་དབང་སྒྲུབ་ལས་གནས་བཞིར་འདུ་བ་སྤྱན་འགྲེལ་དུ་མངོན་ལ་དེ་ལས་འདིར་གང་དུ་བཟུང་བ་དང་། སྔོན་དུ་རྡོ་རྗེ་སློབ་དཔོན་གྱིས་བསྙེན་པ་བྱ་བའི་ལས་རིམ་ལ་ཕྲ་མོའི་ཏིང་ངེ་འཛིན་ཞེས་གསུངས་པའི་རྒྱུ་མཚན་དང་དེའང་སློབ་མ་ལ་དབང་བསྐུར་བ་དང་། ཚོགས་སྒྲུབ་ཀྱི་ཆེད་དུ་སྒོམ་ཚུལ་ལ་འདྲ་མིན་རྣམས་བརྟག་གོ །དཀྱིལ་འཁོར་གྱི་ལས་རིམ་དངོས་ཀྱི་སྐབས་ས་གཞི་མཉམ་པ་ཞེས་བརྗོད་པའི་རྒྱུ་མཚན་དང་དཀྱིལ་འཁོར་གྱི་རྣམ་པའི་ཚད་དང་། ལྷག་ཏིང་སྐབས་འདིར་བསྟན་པ་ལ་འཆོལ་སྐྱོན་མི་འབྱུང་བའི་ཤེས་བྱེད་དང་། སྤྱིར་ཐིག་ཅེས་པའི་དོན་དང་། སྐྱ་ཐིག་དང་ལས་ཐིག་གི་ངོས་འཛིན་དང་། རྡུལ་ཚོན་ཁ་དོག་སོ་སོར་ཕྱེ་བའི་དགོས་པ་དང་། དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་འཇོག་ལུགས་རྣམས་ལ་དཔྱད་དོ། །རབ་གནས་ཀྱི་སྐབས་དེའི་ངོ་བོ་དང་སྒྲ་དོན་ལ་བརྟག་པ་གཞིར་བཟུང་ནས་དབྱེ་བ་རྣམ་གྲངས་ཀྱི་ལས་རིམ་ལ་འཇུག་པ་ན་དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཞེས་པ་དེ་རྣམ་པ་ཐམས་ཅད་དམ་གྲངས་ཐམས་ཅད་སྤྱན་འདྲེན་པ་ཡིན། སྔ་མ་ལྟར་ན་ཞི་བའི་སྐབས་སུ་ཁྲོ་བོའང་སྤྱན་འདྲེན་པར་འགྱུར་ལ། ཕྱི་མ་ལྟར་ན་བསྡུས་པ་བཅོ་བརྒྱད་པོའི་སྐབས་སུ་རྒྱས་པ་བརྒྱད་ཅུ་རྩ་གཉིས་པའང་སྤྱན་འདྲེན་པར་འགྱུར་རོ། །མཆོད་པའི་ལས་རིམ་གྱི་ནང་ཚན་ཕྱག་རྒྱ་ནི་གོང་དུ་བཤད་གྲུབ་ཅིང་། འདིར་ཕྱི་ནང་གསང་མཆོད་ཟུར་ཙམ་དང་ལྷག་ཏིང་གི་མཆོད་པ་སྒྲུབ་ཐབས་སུ་གསུངས་པ་དང་མཚུངས་པར་བསྟ ན་ཏོ། །དེའི་ཕྱིར་སྒྲུབ་ཐབས་རྣམས་སུ་བཤད་རྒྱུད་དང་ཡན་ལག་གི་རྒྱུད་ཀྱིས་ཁ་བསྐངས་ནས་བཅུ་གསུམ་མམ་བཅུ་བཞིར་གསུངས་པ་འདིར་ས་བོན་ཙམ་ཡང་མེད་པ་མིན་པར་སེམས་ཤིང་སྔགས་


MLP019_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདོད་ཡོན་ལམ་ཁྱེར་སྒྲ་མཐུན་ཙམ་རྒྱུའི་ཐེག་པས་འདོད་ཕྱོགས་ཁས་ལེན་མིན་ཇི་ལྟར་དང་མཆོད་པ་བཞི་བསྣོལ་གྱི་སྒྲ་དོན་དང་ལྷག་ཏིང་གི་མཆོད་པ། སྤྲུལ་བསྒྱུར་གཉིས་ལས་འདི་སྐབས་གང་དུ་གཟུང་བར་དཔྱད་དོ། །བདུད་རྩི་དང་གསང་བསྣན་གཉིས་ས་ཁོངས་ལོགས་སུ་བགྲངས་འདུག་པས་ངོས་འཛིན་ཐ་དད་ཚུལ་དང་མཆོད་པ་འདི་རྣམས་མཆོད་པ་ཙམ་དུ་མ་ཟད་ཀྱི་དགོས་པ་གཞན་ཡོད་མེད་དང་། ཀུན་བཟང་འདོད་ཡོན་རོལ་མོ་རྣམས་དམིགས་འདྲེས་སུ་འགྱུར་བ་ལྟར་སྣང་བའི་ཚུལ་ལ་བརྟག་གོ །སྦྱིན་སྲེག་གི་སྐབས་མེ་ལྷ་ལ་མེའི་ཞལ་ཞེས་གསུངས་པའི་གནད་དང་། མེ་ལྷ་འཇིག་རྟེན་པ་ཁོ་ནར་ངོས་འཛིན་མཛད་པའི་རྒྱུ་མཚན་ཅི་ལ་ཐུག་སྟེ། མེ་ལྷ་ནི་གོས་དཀར་མོ་ཞེས་པ་ཞིག་ཀྱང་ཡོད་པ་མིན་ནམ། ཞེས་དང་། དེའི་སྒོ་ནས་ལྷག་པའི་ལྷ་རྣམས་ཚིམ་པར་བྱ་ཚུལ་ལ་མེ་ལྷ་འབར་བའི་རྣམ་པར་བྱས་ཤིང་དེར་ལྷ་རྣམས་སྤྱན་དྲངས་ཏེ་མཆོད་པ་དང་འབར་བའི་དབུས་སུ་དམ་ཚིག་༼པ་༽བསྐྱེད་དེ་ཡེ་ཤེས་པ་གཞུག་པ་{དང་} བྱར་ཡོད་མེད་བརྟག་པར་འོས་ཤིང་། ཁྱད་པར་དུ་ཕྲིན་སྒྲུབ་གང་ལ་ཡང་ནང་དོན་རྟོགས་ཀྱི་སེམས་རྣམ་པ་གཉིས་དང་། ཕྱིའི་གྲོགས་ཕྱག་རྒྱ་ཁྱད་པར་ཅན་འཛོམས་པ་མཆོག་ཏུ་བསྔགས་པ་གང་ཞིག ཕྱི་མ་ནི་འཆད་འགྱུར་ལས་ཤེས་པས་སྐབས་འདིར་སྔ་མའི་ངོས་འཛིན་སྤྲོ་བར་འཚལ་ལོ། །དཀྱིལ་འཁོར་དུ་འཇུག་པའི་སྐབས་རྡོ་རྗེ་ལས་རིམ་ལས་ཆོས་བཅོ་བརྒྱད་དུ་གསུངས་པ་རིགས་བསྡུ་ན་བླ་སློབ་འཇུག་པའི་ཆོས་གཉིས་སུ་༼བསྡུ་བ་༽གང་ཞིག་དབང་སྐུར་བ་པོའི་སློབ་དཔོན་ཡིན་ན་ངེས་པར་བདག་འཇུག་ལེན་དགོས་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་སྟོན་པ་ཀུན་བཟང་ཡང་དེར་ཐལ། མ་ཁྱབ་ན། ཀུན་བྱས་སློབ་དཔོན་རིག་པས་འཇུག །ཅེས་པ་དབང་བསྐུར་གྱི་སློབ་དཔོན་ཐམས་ཅད་ལ་དགོངས་པ་མིན་པ་ཞིག་ཁས་ལེན་དགོས་སོ། །ཡང་མཚན་ལྡན་གྱི་རྡོ་རྗེ་སློབ་དཔོན་ཚོགས་ལམ་པ་ཞིག་ཡིན་ན་ངེས་པར་བདག་འཇུག་ལེན་དགོས་པའི་དམ་བཅའ་འཐད་པ་གང་ཞིག སྔགས་པ་མཚན་ལྡན་ནི་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་མོར་ཤེས་པ་ཞིག་ལ་ངོས་འཛིན་བྱ་བ་ཡིན་ན་དེས་དགོངས་པ་དེ་ལས་ལྷག་པའི་བདག་འཇུག་ལེན་རྒྱུ་


MLP019_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར་དེ་བསྐྱེད་ཏིང་ངེ་འཛིན་གྱི་ཡེ་ཤེས་ལ་གནས་པའི་གང་ཟག་མིན་པར་ཐལ་ལོ་ཞེས་བརྟག་གོ །སློབ་མ་འཇུག་ཆོས་ཀྱི་སྐབས་བཞི་པར། མ་འོངས་ཏིང་ངེ་འཛིན་སེམས་ལ་ཞེས་གསུངས་ཀྱང་། སེམས་ཅན་རྣམས་ཡེ་ནས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གྲུབ་པས་དེར་འཇོག་ན་མ་འོངས་པ་ཁོ་ནར་ངོས་འཛིན་མི་རིགས་ཤིང་སྤངས་རྟོགས་མཐར་ཕྱིན་གྱིས་དེར་འཇོག་ན་སྤྱི་བཙན་དུའང་འཁོར་བ་མཐའ་ཅན་དུ་ཐལ་ལོ་སྙམ་དུ་དོགས་སོ། །སྐབས་བཅུ་གཉིས་པ་ལྷ་དབོག་པ་ན་ལས་འབྲེལ་གྲུབ་པ་མོས་པའི་ལྷའམ་དངོས་གྲུབ་ཉེ་བ་བབས་པའི་ལྷའམ། དཀྱིལ་འཁོར་གྱི་གཙོ་བོ་ལྷག་པའི་ལྷ་དབོག་ཅེས་པ་དང་། དཀྱིལ་འཁོར་དུ་ཞུགས་པས་ཐོབ་པའི་ཡོན་ཏན་ནི་སྔོན་བྱུང་མཐར་ལམ་པ་དང་དངོས་སུ་མཉམ་ཟེར་རམ་སྟེ་དཔྱད་དོ། །དེས་ཁྲོ་དཀྱིལ་དང་མཆོག་དཀྱིལ་མཚོན་ཚུལ་མི་འདྲ་བ་ནི་ལས་ཁྲིགས་ཀྱི་མན་ངག་ལས་ཤེས་སོ། །གཉིས་པ་ནི། སྤྱིར་གསང་བ་སྒྱུ་འཕྲུ ལ་པའི་ལུགས་ལས་དཀྱིལ་འཁོར་རྣམ་པ་བཞིར་དབང་ལྔ་བསྐུར་བར་གསུངས་པ་གང་ཞིག དཀྱིལ་འཁོར་སྔ་མ་སྔ་མར་མ་ཞུགས་པར་ཐོག་མར་ནས་ཕྱི་མ་ཕྱི་མར་འཇུག་རུང་ངམ་མི་རུང་། རུང་ན་ལམ་གྱི་དྲོད་རྟགས་སྔ་མ་མ་ཐོབ་པར་ཕྱི་མར་མོས་ཤིང་འཇུག་པ་མི་སྲིད་པ་ལ་དགོངས་ནས་དབང་གི་གལ་པོ་དང་ཁོག་གཞུང་སོགས་ལས་འཇུག་ཚུལ་རིམ་ཅན་དུ་གསུངས་པ་མི་འཐད་པར་ཐལ། མི་རུང་ན་སྐལ་ལྡན་མཆོག་གྱུར་ཁ་ཅིག་དེ་ལྟར་འཇུག་ནུས་པའི་སྲིད་མཐའ་མི་ཁེགས་པར་མ་ཟད་མཉམ་སྦྱོར་དང་སློབ་དཔོན་འཇམ་བཤེས་ཀྱི་འཇམ་དཔལ་སྒྱུ་དྲྭའི་ཁོག་དོན་སོགས་དང་འགལ་ལོ། །གང་དག་གསང་དབང་གི་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་གསེར་དངུལ་ལ་སོགས་པར་བཟོ་བོས་བྱས་པ་ལ་བཞེད་ཀྱང་བེམ་པོས་བདེ་བའི་ཡེ་ཤེས་མཚོན་མི་ནུས་པས་མི་རིགས་པར་གསུངས་ཏེ་བརྟག་པར་འོས་སོ། །: ཚད་༼ མཚན༽་མ་དགོད་པ་ན་དབྱིབས་རྣམ་སོགས་རྣམ་པ་ཐམས་ཅད་པའི་རང་བཞིན་ཅན་དུ་གྲུབ་པའི་ཕྱིར་ལྟ་སྣང་འགལ་ཆོས་ཀྱི་ཚུལ་ཙམ་འགོག་པར་མི་ནུས་ནའང་སྤར་ཁབ་ཏུ་བཤད་པའི་ཡིག་འབྲུ་དང་སྐུ་ཆེ་ཆུང་གི་ཚད་འདིར་བསྟན་ལས་གོ་བཟློག་ཏུ་མངོན་པའི་དགོས་པའམ་རྒྱུ་མཚན་ཅི་ལ་ཐུག་པར་དཔྱད་


MLP019_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །འདིའི་རྣམ་པ་ཐམས་ཅད་པའི་གོ་དོན་ལྟ་བུ་ཞིག་ནི་འདི་ཙམ་དུ་མ་ཟད་བླ་མེད་ཀྱི་བྱ་བའི་འཇུག་སྒོ་གང་ལའང་མེད་དུ་མི་རུང་བའི་སྲོག་ཏུ་གཟུང་བར་གསུང་ངོ་། །གསུམ་པ་ནི། ཕལ་ཆེར་འཆད་འགྱུར་དུ་སྤྲོ་ཞིང་འབྲས་བུ་རིག་འཛིན་འགྲུབ་པའི་དུས་ལ་ཞི་ཁྲོ་གཉིས་མྱུར་བུལ་དུ་གྱུར་པའི་རྒྱུ་མཚན་ཇི་ལྟར་ཞེས་བརྟག་པ་ན་མཁས་པ་སྣར་སྟོན་ཁྲོ་བོ་བར་ཆད་ཉུང་ཞིང་སྤྱོད་པ་རླབས་ཆེ་བས་དུས་མྱུར་བར་བཞེད། གོང་མ་ཕལ་ཆེར་ཞི་བ་འཛབ་འཐོར་ཞིང་བར་ཆད་མང་བས་འགོར་ལ་ཁྲོ་བོ་དེ་ལས་བཟློག་པས་མྱུར་གསུངས། འགའ་ཞིག་གིས་ཅུང་ཟད་དངོས་གྲུབ་ཀྱི་ཕོ་ཉའི་ཁྱད་དུ་བཞེད་པའང་མངོན་ཏེ་གང་གི་རྗེས་སུ་འབྲང་བ་འཐད་སྒྲུབ་དང་བཅས་པ་འགོད་པར་རིགས་སོ། །ད་ནི་འདི་དཔྱད་པར་བྱ་སྟེ་ལམ་མཐར་ཆགས་པའི་དབང་དུ་བྱས་ནས་ཟག་བཅས་ཟག་མེད་ཀྱི་ལམ་དགུ་པོ་འདི་དག་ལ་རྒྱུ་ཐེག་གི་ས་ལམ་དང་གུང་སྦྱོར་དུ་རུང་བར་ཆོས་རྗེ་ཁ་རག་པ་སོགས་ཀྱིས་བཞེད་པ་ལ། ལྷ་རྗེ་ཉང་ན་རེ། དེ་ལྟར་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལམ་བགྲོད་ཚུལ་ཐ་དད་པ་ཙམ་ལས་ཐུན་ཁྱད་ཀྱི་རྣམ་བཞག་འཇོག་ཏུ་མེད་པར་ཐལ་ཞིང་འདིར་སེམས་སྐྱེ་བའི་སྐྱེ་སར་བཤད་པ་དང་ཡང་འགལ་བས་རྡོ་རྗེ་ཐེག་པ་ན་བབ་ཀྱི་སྐྱོན་དུ་འགྱུར་རོ་གསུངས་ཏེ་དཔྱད་དོ། །ཐོད་རྒལ་གྱི་ལམ་གང་ནས་བྱུང་བའི་ས་ལ་བརྟག་པ་ན་དེ་ཀུན་ཚོགས་སྒྲུབ་རྣམ་ལྷུན་རྣམས་ལ་ཆོས་གསུམ་མ་ཚང་བའི་གནད་ཀྱིས་དེར་མི་འཇོག་པ་ལ་ཁ་ཅིག་ན་རེ། ཚོགས་སྒྲུབ་ནས་ཀྱང་དེ་འབྱུང་སྟེ། རྒྱུད་ལས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་པས་ཚོམ་བུ་གཅིག་གསུམ་ལྔ་པ་ནས་རིམ་བཞིན་ཕྱག་ཆེན་དང་ལྷུན་གྲུབ་དང་སངས་རྒྱས་ཀྱི་སར་སྦྱོར་བར་བཤད་པའི་ཕྱིར་དང་དེ་དང་མཐུན་པར་ལམ་ཆུང་ལས་ཀྱང་། ཕྱག་རྒྱ་གཅིག་བརྟན་འཕོ་བ་ཡང་། །ཁྱུང་དང་སེངྒེ་ཇི་བཞིན་ནོ། །སྤྲོས་ཚོགས་སྐབས་ནས་སྨོས་ཅི་དགོས། །ཞེས་གསུངས་སོ་ཟེར་དེ་འགོག་པ་ལ་ལུང་དོན་གཞན་དུ་འདྲེས་པ་ཡིན་ཡང་། སྐབས་དེར་ཚོམ་བུ་གཅིག་སུམ་ལྔ་པ་བ སྒྲུབས་པས་ཐོབ་པའི་ཚེ་དབང་གི་འབྲས་བུ་ལ་བཟང་ངན་ཡོད་པར་ཐལ་བ་དང་། ཚོམ་


MLP019_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དེ་གཉིས་བསྒྲུབས་པའི་རྣམ་སྨིན་ལའང་བློ་རབ་འབྲིང་ཐ་གསུམ་ཡོད་པར་འགྱུར་བས་དེ་ནས་ཀྱང་ཐོད་རྒལ་འབྱུང་བར་ཐལ་བ་འདི་སྤོང་དགོས་སོ། །ནུས་ཐོབ་ཀྱི་མཐོང་ལམ་ཐོབ་པ་དེ་ནས་བཟུང་ལོ་སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་དངོས་སམ་བརྒྱུད་ནས་སངས་རྒྱས་ཀྱི་ས་ཐོབ་པར་གསུངས་པ་གང་ཞིག་སྐལ་པ་རབ་མཆོག་ལྡན་པའི་གང་ཟག་ཁ་ཅིག་ཐེག་པའི་སྒོ་འདི་ལ་བརྟེན་ནས་སྐད་ཅིག་གཅིག་གམ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྐུ་ལྔ་ལྷུན་གྲུབ་ཀྱི་སར་གཤེགས་པར་འདོད་པའི་དམ་བཅའ་ཉམས་པར་དོགས་སོ། །ལམ་མཐར་ཆགས་ཀྱི་ལྷུན་གྲུབ་བམ་ཐོད་རྒལ་གྱི་ཚེ་དབང་བའི་མཉམ་བཞག་གི་དགོངས་པ་སྤྲོས་བྲལ་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་བཟང་ངན་ཐ་མི་དད་པར་འཇོག་པ་གང་ཞིག ཡེ་ཤེས་ལམ་པ་མིན་པའི་ཁྱབ་གྲུབ་དང་འགལ་ལོ་སྙམ། ཐོད་རྒལ་བས་བར་ནས་བོར་བའི་ལམ་དེ་ཐོབ་བམ་མི་ཐོབ། ཐོབ་ན་དབང་ཐོབ་པར་འཇོག་གམ་མི་འཇོག འཇོག་ན་དེ་དབང་བརྒྱུད་དུ་འཇུག་དགོས་པར་ཐལ་ཞིང་། མི་འཇོག་ན་རང་ཚིག་ཉམས་པར་དོགས་ཏེ། གསང་ཤེར་དབང་གི་རིག་མ་དབང་བརྒྱུད་དུ་འཇུག་དགོས་པ་ལྟ་བུར་སྣང་བ་དང་། གསང་བའི་མཚན་དཔེའི་སྐབས་ཡུམ་གྱི་དགའ་བ་ཡབ་ལ་ལྡན་ཆོས་སུ་བགྲང་བའང་དེ་ལྟར་རོ། །གསང་དབང་ལ་ཐབས་དང་ཤེས་རབ་དང་དེ་གཉིས་གཉིས་མེད་ཀྱི་ཚུལ་དུ་བསྐུར་བ་འཇམ་དམར་གྱི་དབང་མཛོད་ལས་གསུངས་པའི་ནང་ཚན་གཉིས་མེད་ཀྱི་གསང་དབང་བྱ་དང་བྱེའུའི་ཚུལ་དུ་བསྐུར་བ་དེ་ཡབ་ཀྱི་ལྕེས་པདྨ་ལས་དངོས་སུ་བླངས་ནས་སམ་རྩ་རླུང་ཐི ག་ལེ་རྣམ་པ་ཐམས་ཅད་པའི་རང་བཞིན་ཅན་དུ་ངེས་པའི་གནད་ཀྱིས་:བཟླག་༼བཟློག་༽ཐབས་ཀྱི་སྦྱོར་བ་ལ་བརྟེན་ཏེ་རྩ་གནས་སུ་རིམ་པར་དྲངས་པ་མགྲིན་པ་ལོངས་སྤྱོད་ནས་ལྗགས་སྟེང་དུ་ཕྱུང་སྟེ་བུའི་ལྕེ་ཐོག་ཏུ་བཞག་ཅེས་དཔྱད། ཟབ་དབང་གསུམ་གྱི་ཕྱག་རྒྱ་མར་ངེས་འབྱེད་ལས་བཤད་པ་ལྟར་ཁམས་དཀར་དམར་གྱི་ཁྱད་འབྱེད་རིགས་སམ་སྟེ་དཀར་ཐབས་ཀྱི་རང་བཞིན་དུ་མ་ངེས་པ་ཞིག་འདོད་དགོས་སམ། གང་དག་ཤེར་དབང་དང་བདེ་ཆེན་གྱི་དབང་གཉིས་པོའི་བདེ་བའི་ཡེ་ཤེས་ལ་བརྟན་མི་བརྟན་གྱི་ཆ་ཙམ་ལས་ཁྱད་པར་མེད་པ་ལྟ་བུར་བཞེད་


MLP019_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་ཤེར་དབང་གི་སྐབས་ནས་མ་ཧཱའི་མཐར་ཐུག་གི་ས་གསུམ་ཐོབ་པ་ཉིད་འཇོག་དགོས་པར་དོགས་སོ། །གཡུང་ཊིཀ་པ་སོགས་གོང་མ་དག་དབང་འདི་རྣམས་དངོས་སུ་ཐོབ་པ་ཡིན་གསུངས་ཀྱང་ཁྱབ་མཐའ་བཅས་ནུས་སམ་སྙམ་སྟེ། འོན་ཀྱང་རྡོ་རྗེའི་གནས་ལ་ཁ་ཚོན་མི་ཆོད་དོ། །འདིས་ནི་དབང་ཕྱི་མ་གསུམ་ལ་བསམ་རྒྱུད་དང་བསྒྲག་ཚིག་དགོས་མིན་ཡང་ཤེས་སོ༑ ༑གཞན་ཡང་དབང་འདི་དག་རང་བཞིན་ཡེ་དཀྱིལ་དང་ཡེ་ཤེས་ཀྱི་ལྷ་མོར་བརྟེན་ནས་སམ་ལྷག་པ་ཏིང་དཀྱིལ་དང་རིག་པའི་ལྷ་མོར་བརྟེན་ནས་སམ་རིག་པ་ཉམས་དཀྱིལ་དང་:རག་༼རིག་༽རྩལ་གྱི་གཟུང་མར་བསྟེན་ནས་སམ། ལྷག་པ་གཟུགས་དཀྱིལ་དང་ལས་རྒྱ་མཚན་ལྡན་ལ་བརྟེན་ནས་བསྐུར་ཞེས་བརྟག ཕན་ནུས་ཟབ་མོའི་དབང་གི་ནུས་པ་འཇོག་ཚུལ་ལམ་རིམ་དབང་བཙན་གྱིས་ཟག་བཅས་ཀྱི་དང་བར་ཆད་མེད་པའི་དང་། ཟག་མེད་ཀྱི་ལམ་དུའམ། དབང་རིམ་དབང་བཙན་གྱིས་ཕན་ནུས་ཟབ་མོར་རིམ་བཞིན་ནུས་པ་ཙམ་དང་ཕལ་ཆེར་དང་དངོས་སུ་འཇོག་ཅེས་དཔྱད་ན་དང་པོ་ལྟར་ན། ཐལ་བའི་ལུང་དོན་སྤང་དགོས་པར་མ་ཟད་དེ་ལྟར་སྨྲ་བ་ནི་དབང་གི་རྣམ་བཞག་ལ་འཁྲུ ལ་བར་གསུངས་འཇིགས་སོ༑ ༑གཉིས་པ་ལྟར་ན་ཕན་དབང་གིས་ཀྱང་དོན་བསྒྲུབ་ཀྱི་ནུས་པ་གཞིའི་སྐབས་ལས་རགས་ཙམ་འཇོག་པ་དང་ནུས་དབང་དངོས་ནི་ཟབ་དབང་ལ་ངོས་འཛིན་རིགས་པར་འགྱུར་རོ༑ ༑དབང་རིམ་འགོད་ཚུལ་ལ་ཕྱོོགས་མི་མཐུན་པ་ནི་གོང་དུ་བཤད་པའི་ཉང་ཊིཀ་པའི་བཞེད་པ་ལ་བརྟེན་ནས་བྱུང་སྟེ། ནུས་དབང་ལྔ་གསང་དབང་གི་བྱེ་བྲག་ཏུ་བྱས་ཏེ་གསང་དབང་ཐོག་མར་སྨོས་དགོས་པས་སོ། །དེ་འཐད་མིན་ནི་སྔར་དང་འདྲའོ། །དབང་བཅོ་བརྒྱད་པོ་དེ་དག་དབང་བཞིར་འདུས་སམ་མ་འདུས། འདུས་ན་ཟོ་ལུང་པ་ཆེན་པོས། སྤྱིིའི་སྡོམ་ལྔར་མཛད་པ་དང་མ་མཐུན་ཞིང་། མ་འདུས་ན་རང་ལུགས་རྒྱུད་ཕྱི་མའི་རྗེས་སུ་འབྲང་བ་དང་འགལ་ལོ། །རང་ལུགས་གཞིར་བཟུང་ལའང་རྒྱུད་དེར་སློབ་དཔོན་གྱི་དབང་ཞེས་གསུངས་པ་དང་མི་འདྲ་བར་ཕན་ནུས་ཀྱི་དབང་རྣམས་གཅིག་ཏུ་བསྡོམས་པ་ལ་བུམ་དབང་ཞེས་བརྗོད་པ་གང་ཞིག མཐའ་རྟེན་བུམ་པའི་ཆུ་དབང་གིས་བྱས་པས་སམ་དེའི་ཡན་ལག་ཏུ་བསྡུ་བས་


MLP019_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་བརྟག དབང་བཞིའི་རྟོགས་པ་འདི་དག་ཐོག་མར་སྐྱེ་བ་ལ་གོ་རིམ་ངེས་པ་དེ་ལྟ་ནའང་། གསང་དབང་གི་ལམ་པ་དང་བུམ་དབང་གི་ལམ་པ་སོགས་འགལ་མིན་དཔྱད་པར་ཞུ་ཞིང་། དབང་ཡིན་ན་སྨིན་བྱེད་ཡིན་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་ལམ་འབྲས་ཀྱི་དབང་ཡང་དེར་ཐལ། མ་ཁྱབ་ན་སྨིན་བྱེད་ཀྱི་དབང་ཞེས་གསུངས་པ་དང་འགལ་ལོ་ཞེས་ཀྱང་སྨྲའོ། །ལར་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་དབང་གི་ཁོག་ནས་འདོན་ཤེས་པ་ཞིག་བྱུང་ཚེ་བླ་མེད་ཀྱི་རྣམ་བཞག་ཆགས་པའི་རྟགས་ཡིན་པར་གསུངས་ཏེ་ངེས་པར་བྱའོ། །གཉིས་པ་ནི། འདིར་དངོས་བསྟན་ལྟར་གྱི་དབང་མ་ཐོབ་པའི་གང་ཟག་ཐམས་ཅད་འབྲས་མེད་བརླ ག་པར་འགྱུར་བས་ཁྱབ་བམ་སྟེ། དེ་ཙམ་ལའང་མི་ལྟོས་པའི་གང་ཟག་ཤིན་ཏུ་དབང་རྣོན་དག་ཀྱང་དེར་འཇོག་དགོས་པས་ཧ་ཅང་ཐལ་ཆེས་པ་མིན་ནམ་སྙམ། དབང་ཐོབ་པའི་སྐྱེས་བུ་དེ་རྒྱལ་བའི་སྲས་དངོས་སུ་ཁས་ལེན་མིན་དང་དུས་དེ་ཕྱིན་ཆད་བདག་དོན་དུ་ངན་འགྲོར་གཏན་མི་སྐྱེ་བས་ཁྱབ་བམ་ཞེས་བརྟག་གོ། །།བདག་གི་རྗེ་བླ་མའི་རྒྱུད་འགྲེལ་དུ་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་བསྡེབས་པར་མ་མཛད་ཀྱང་། སྔོན་གྱི་སློབ་དཔོན་དག་གིས་རྗེས་སུ་འབྲངས་ནས་རེ་ཞིག་བསྡེབས་པའི་དབང་དུ་བགྱིས་ན་འདི་ནས་གཉིས་ཏེ། མཚན་ཉིད་གསུམ་མདོ་ཙམ་ལ་དཔྱད་པ་དང་། རྒྱས་པར་བཤད་པ་ལ་དཔྱད་པའོ། །དང་པོ་ནི། རྒྱུ་རྐྱེན་འབྲས་བུའི་མཚན་ཉིད་གསུམ་པོ་མི་འདྲ་བའི་ཁྱད་པར་བསྒོམ་བྱ་དང་སྒོམ་བྱེད་དང་བསྒོམས་དོན་མངོན་གྱུར་གྱི་ཤེས་བྱེད་དང་འཇུག་པ་དང་འཇུག་དོན་མངོན་གྱུར་གྱིས་སམ་ཞེན་སྣང་གཅོད་བྱེད་ཀྱི་གཙོ་བོ་དང་དེ་ཉིད་ཡང་གསོས་བཏབ་ཅིང་བསྐྱེད་བསྲིང་བ་དང་། དེ་ནུས་པ་མཐུ་ཅན་དུ་གྱུར་པའི་ཆ་ནས་འཇོག་ཅེས་པ་དང་ཆོས་ལོངས་སྤྲུལ་གསུམ་གྱི་རིག་འཛིན་གྱི་ངོས་འཛིན་ལ་བརྟག་དགོས་ཤིང་། འདིར་ལྟ་བ་རྟོགས་པ་ལམ་གྱི་ཐོག་མར་བསྟན་པ་གང་ཞིག་ཤེས་རབ་སྤྱན་འབྱེད་ལས་སྒོམ་པ་སྔོན་དུ་བཤད་པ་དང་འགལ་བར་དོགས་སོ། །


MLP019_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་དང་། རྐྱེན་འཇུག་པའི་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་དཔྱད་པའོ། །མཚན་ཉིད་གསུམ་དེ་གཞིར་བཟུང་ལ་རིམ་ཅིག་ཆར་གཉིས་སུ་བྱེད་ཅིང་། དེའང་ལྷ་རྗེ་མི་ཉག་པའི་བཞེད་པ་ལྟར་སྔོན་དུ་ལྟ་བ་རྟོགས་ཏེ་ཏིང་ངེ་འཛིན་ལ་ཁ་སྤོས་ནས་སྒོམ་པ་རིམ་གྱིས་པ་དང་། མ་སྤོས་པར་སྒོམ་པ་ཅིག་ཆར་བ་ཞེས་སམ། འགའ་ཞིག་གི་ལྟར་སངས་རྒྱས་ཀྱི་སར་བགྲོད་པའི་དུས་སུ་ུདང་སེམས་ལྔ་རྒྱུད་ལ་སྐྱེ་རིམ་གྱིས་རིམ་ཅིག་ཆར་ཞེས་སམ། ལྷ་རྗེ་རོག་དང་གསང་བདག་སྒྲོ་ཕུག་པ་དང་རྗེ་སྒྲོལ་གཡུང་གཉིས་སོགས་ཀྱི་ལྟར་དབྱེར་མེད་ཆིག་ཆོད་དུ་རྟོགས་མ་རྟོགས་ཀྱིས་རིམ་ཅིག་ཆར་འཇོག་པར་དཔྱད་དོ། །དེར་མ་ཟད་མངའ་རིས་པཎ་ཆེན་སོགས་ཀྱི་བཞེད་པས་མཚན་ཉིད་གསུམ་དུས་མཉམ་ཁོ་ནར་རྫོགས་པའི་ཅིག་ཆར་བའང་བཞག་ཆོག་པར་མངོན་ནོ། །རིམ་ཅིག་ཆར་དེ་གཉིས་ཀ་ཡང་ལམ་སྐྱེ་ཚུལ་གྱི་དབང་པོ་ལ་ལྟོས་ནས་འཇོག་པས་དེའི་ཕྱོགས་ཟུར་ཙམ་བརྗོད་ན་སྤྱིར་དབང་པོ་རྣོ་རྟུལ་གཉིས་སུ་ངེས་ཤིང་། རྣོན་པོ་ཡིན་ན་སྦྱང་རྣོ་དང་རང་རྣོ་གང་རུང་ཡིན་པས་ཁྱབ་པ་གང་ཞིག ཕལ་ཆེར་རང་རྣོ་ཁས་ལེན་ཉུང་བས་འདིར་རང་རྣོའི་སྒྲུབ་བྱེད་ལ་དཔྱད་གཞི་འགོད་པར་བྱ་སྟེ། དེའང་སྔོན་བྱུང་ལོ་རྒྱུས་ཀྱི་དབང་དུ་ན། རྒྱུ་ཡང་བདེན་དང་། མཆོག་སྡེ་དང་། ཆོས་སྐྱོང་གསུམ་གྱིས་གདུལ་བྱའི་དབང་པོ་ལ་བསྒྲོ་བ་མཛད་པའི་སྐབས་དོན་ལས་རྒྱུ་ན་རེ། རང་རྣོ་གཙོ་ཆེ་སྟེ་དེར་འཐད་པ་མཐུན་པའི་དཔེ་ཞིག་ཀྱང་ཡོད་དེ་མིན་ན་གནོད་བྱེད་ཅིག་ཀྱང་ཡོད་ཅེས་གསུངས་པའི་རྗེས་སུ་འབྲང་ངོ་། །དེ་ལ་འདི་ལྟར་རང་རྣོ་དེ་རྐྱེན་ལ་རགས་ལས་སམ་མ་ལས། སྔ་མ་ལྟར་ན་དམ་བཅའ་ཉམས་ལ་ཕྱི་མ་ལྟར་ན་འབད་མེད་དུ་གྲོལ་བར་ཐལ་ལོ་ཞེས་དང་། གཞི་ལ་རྣོ་རྟུལ་གྲུབ་ན་གཞི་བཟང་ངན་ཅན་དུ་འགྱུར་རོ་ཞེས་རྒོལ་ན་བརྟག་དགོས་སོ། །གཉིས་པ་ལ། རྒྱུ་ཤེས་པའི་དང་། རྐྱེན་འཇུག་པའི་དང་། མཐར་ཕྱིན་འབྲས་བུའི་མཚན་ཉིད་ལ་དཔྱད་པའོ། །དང་པོ་ནི། ཕལ་ཆེར་གོང་དུ་བཤད་ཟིན་ཅིང་། འདིར་ནི་རྟོག་པ་བཞིའི་ནང་ཚན་རྒྱུ་གཅིག་པ་དེ་འཆིང་གྲོལ་ཀུན་གྱི་གཞིར་གྱུར་ཚུལ་གྱི་གནད་གསང་མཐར་ཐུག་ནི་དབྱིངས་ལ་སྣང་བ་མ་གྲུབ་པའི་


MLP019_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ལ་ཐུག་པས་འདོད་དེ་དབྱིངས་དེ་སྣང་བ་ངོ་བོ་ཉིད་རྒྱུར་ལྷུན་གྲུབ་པའི་དམ་བཅའ་ཉམས་པར་དོགས་སོ། །ཡིག་འབྲུའི་ཚུལ་ལམ་སྣང་བ་ལྷར་སྒྲུབ་པ་ཞེས་པའི་རིས་མེད་ཀྱི་སྣང་བ་དེ། ཐ་མལ་གྱི་འདི་ཁོ་ན་མ་ཉམས་པར་རྩལ་རྫོགས་དག་པ་རབ་འབྱམས་ཀྱི་སྣང་བར་ངོས་འཛིན་ཞེས་བརྟག་སྟེ། སྔ་མ་ལྟར་ན་ཞེན་སྣང་ལྷར་སྒྲུབ་ཅེས་སྨོས་རིགས་པར་ཐལ་ཞིང་། ཕྱི་མ་ལྟར་ན་སྣང་བ་ཐམས་ཅད་ལ་རིས་མེད་ཀྱིས་མ་ཁྱབ་པར་འདོད་དགོས་སོ༑ ༑བྱིན་གྱིས་བརླབས་པ་ཞེས་པའི་གྲུབ་མཐའ་བདེན་པ་དབྱེར་མེད་འདི་ཚུལ་དེ་གཉིས་ཀྱིས་གཏན་ལ་དབབ་པའི་ཤུགས་ལས་འཐོན་པ་ཞིག་གམ་སྟེ། འདི་ལ་གཏན་ཚིགས་ཟུར་པ་མི་དགོས་པར་ཐལ་བར་དོགས་སོ། །མངོན་སུམ་པ་དེ་མངོན་སུམ་བཞི་ལས་གང་དུ་བཟུང་ཞིང་སེམས་རང་ངོར་སྣང་མིན་དང་ཡོད་མེད་ལ་དཔྱད་དོ། །དག་པ་གསུམ་གྱིས་ཡེ་ཤེས་ཀ་དག་ཏུ་གཏན་ལ་ཕབ་ནས་འཁོར་བའི་ངན་ཞེན་བཅད་པར་བཞེད་ཅིང་། ལམ་རིམ་ལས་དེའི་སྟེང་དུ་དག་པ་བཞི་བསྟན་ཏེ་དབྱིངས་ཀ་དག་གཏན་ལ་ཕབ་ནས་འདས་པའི་བཟང་ངན་བཅད་པར་གསུངས་ཏེ་བརྟག་པར་འོས་སོ། །འདི་དང་མི་འདྲ་བའི་ཚུལ་ལ་ཐུན་ཐུ ན་མིན་གྱི་མ་ཡིན་དགག་གི་ངོས་འཛིན་འཇོག་ལུགས་ལ་དཔྱད་དགོས་ཤིང་མཉམ་པ་བཞིའི་གཏན་ཚིགས་ལ་བདེན་གཉིས་ཀྱི་ཚིག་མི་མཐུན་པར་བྱུང་བས་སྒྲ་མཐུན་དོན་སྤགས་སུ་ུཐལ་ལོ་སྙམ་དུ་དོགས་སོ། །གཞན་ཡང་གཏན་ཚིགས་དབང་བཙན་དུ་བྱས་སྐབས་དེར་མི་འགྱུར་བའི་ཆོས་གང་ཡང་མེད་ཚུལ་ལམ་ཆུང་སོགས་ལས་བཤད་པས་གཏན་ཚིགས་བརྗོད་ཀྱིས་མི་ལང་བར་ཐལ་བ་དང་། ལྟ་བ་དང་གྲུབ་མཐའ་ཁྱབ་གང་ཆེར་བརྟག་གོ །གཉིས་པ་ནི། རྒྱུད་དངོས་བཅུའི་ཡ་གྱལ་གྱི་དང་འདིར་བསྟན་གྱི་ཏིང་ངེ་འཛིན་གཉིས་འདྲ་མིན་ལམ་མོས་སྒོམ་དང་ངེས་རྫོགས་གཉིས་ཀྱིས་ཟླས་ཕྱེ་བའི་མོས་སྒོམ་དུ་བཤད་པའི་ཚུལ་འདི་ཉིད་ཐུན་བཞིར་སྒོམ་པའི་སྦྱོར་བས་བསྐྱེད་རིམ་མཐར་ཕྱིན་པའི་རྣམ་བཞག་འདིའི་བཀའ་སྲོལ་ལ་ཁས་ལེན་ནམ་ཞེས་དཔྱད། ཐུན་རེར་སྒྲུབ་ཐབས་ཚང་བར་སྒོམ་པ་ལ་མོས་སྒོམ་གྱིས་ཁྱབ་མིན་དང་། སྤྱིར་མོས་སྒོམ་ལ་བསྐྱེད་རིམ་གྱིས་ཁྱབ་པ་དང་། རྣལ་འབྱོར་གྱི་རིམ་པ་ལྔ་ཀ་


MLP019_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་འདོད་རུང་མིན་བརྟག་གོ །ངེས་རྫོགས་ལ་བསྐྱེད་རྫོགས་ཀྱི་ཆ་གཉིས་དང་། དེ་ལ་སློབ་ཚུལ་ཡང་དང་པོ་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་དང་། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པ་གཉིས་སུ་ངེས་པ་གང་ཞིག ཕྱི་མ་ལྟར་གྱི་ཚོགས་སྒྲུབ་ལ་བར་ཆད་མེད་ལམ་གྱི་སྒྲ་དོན་འཇོག་ཏུ་མེད་པར་དོགས་སོ། །ལམ་སྒྲུབ་སྦྱོར་བའི་བསྙེན་སྒྲུབ་ཡན་ལག་བཞི་བཞིའི་ནང་ཚན་སྒྲུབ་དུས་ཀྱི་བསྙེན་སྒྲུབ་བཞིའི་དང་པོ་བསྙེན་པ་ལའང་སྔོན་དུ་བྱ་བའི་དང་བྱ་བ་ལས་ཀྱི་བསྙེན་པ་གཉིས་ལས། དང་པོའི་ངོས་འཛིན་ནི་གོང་མའི་ཊཱི་ཀ་རྣམས་སུ་ཕྱག་རྒྱ་གཅིག་པ་ལ་བཤད་ཀྱང་། རྒྱ་སྤྲོས་ལ་བརྟན་པ་ཐོབ་མི་དགོས་པར་ཐལ་བ་འདི་སྤོང་དགོས་སོ། །གཉིས་པའི་སྐབས། ཐུན་མོང་བསྲུང་བའི་འཁོར་ལོར་བྱ། ཞེས་པ་དེ་བསྙེན་སྒྲུབ་བཞིའམ་ཚོ མ་བུ་གསུམ་ཀའི་ཞི་ཁྲོ་གཉིས་ཀའི་ཐུན་མོང་ཡིན་ཞེས་དང་གསལ་བ་གསུམ་ལྡན་གྱིས་འཛབ་བཟླར་བཤད་པ་དེ། བཀའ་ཕྱོགས་སྐྱོང་བ་རྗེས་འབྲང་དང་བཅས་པའི་བཞེད་པ་ལྟར་དམ་ཡེ་སོ་སོར་ཕྱེ་ནས་སམ་ལྷ་རྗེ་འགར་དང་རོང་ཟོམ་ཆེན་པོ་སོགས་ཀྱི་ལྟར་དམ་ཡེ་མི་འབྱེད་ནས་སྤྲོ་བསྡུ་མཛད་ཅེས་བརྟག དེ་ལྟར་ནུབ་དང་པོའི་བསྙེན་པ་འཇོག་ཚུལ་འདི་ནི་ལྷ་རྗེ་རོག་སོགས་ཀྱི་བཞེད་པ་དབང་བཙན་དུ་བྱས་ཤིང་། གཞན་དུ་ཤོམ་ཡན་ལག་དང་འབྲེལ་བ་ཙམ་ལ་བསྙེན་སྒྲུབ་ཇི་ཙམ་དང་སྒྲུབ་པ་འཇོག་ཚུལ་ནི་གཞན་དུ་ཤེས་ཤིང་དེ་དག་གི་དུས་སུ་ཚོམ་དཀྱིལ་གཅིག་པ་སྒོམ་སྐབས། ཚོམ་བུའམ་དཀྱིལ་འཁོར་སྒོམ། དང་པོ་ལྟར་ན། ཚོམ་བུའི་གཙོ་བོ་རིགས་ངེས་ཅན་ཡིན་པ་གང་ཞིག སྤར་ཁབ་ལས། གཙོ་བོ་རིགས་དྲུག་པོ་གང་ཡང་རུང་བ་སྟེ་མ་ངེས་སོ། །ཞེས་སོགས་བཤད་པ་དང་འགལ་ལ༑ གཉིས་པ་ལྟར་ན་སྐབས་འཆོལ་པར་འགྱུར་བ་མ་ཟད་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་སྔ་མའི་ཁོངས་ནས་ཕྱི་མའི་ལྷ་རྣམས་བྱུང་ཚུལ་སྨྲས་པ་དང་ཡང་འགལ་ལོ། །ཚོམ་བུ་གཅིག་གསུམ་ལྔ་པ་གསུམ་ལ་བཟང་ངན་གྱི་ཁྱད་པར་ཡོད་དམ་མེད། ཡོད་ན་གསུམ་ཆར་གྱི་གཙོ་བོ་རྡོར་སེམས་སུ་ངོ་བོ་མི་གཅིག་པར་ཐལ་ཞིང་། མེད་ན་རྒྱུ་ཚོམ་བུ་གཅིག་གསུམ་ལྔ་པས་འབྲས་བུ་རིམ་བཞིན་རྒྱ་ལྷུན་སངས་རྒྱས་རྣམས་འགྲུབ་པ་འགལ་ཏེ་རྒྱུའི་


MLP019_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲས་བུ་འགྲོ་ལྡོག་བྱེད་པས་ཁྱབ་པའི་ཕྱིར། ཡང་འབྲས་བུ་ཐོབ་ཚུལ་འདི་དག་ཇི་ལྟར་བཤད་པ་བཞིན་ཐོབ་བམ་མི་ཐོ བ། ཐོབ་ན་ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བར་ཐལ། རྟགས་ཁས། ཁྱབ་པ་ཚད་མས་གྲུབ་པའི་ཕྱིར། མི་ཐོབ་ན་ཐོབ་པར་བཤད་པའི་ལུང་དང་འགལ་ལོ། །སྐ བས་འདི་དག་ཏུ་ལྔ་དང་ལྔ་ཡི་ཞེས་སོགས་དང་། རྡོ་རྗེའི་རིགས་སུ་ཞེས་སོགས་ཀྱིས་ཚོམ་བུའི་བསྟན་དོན་མི་ཟློས་པའི་ཤེས་བྱེད་འགོད་དགོས་ཤིང་། ཚོམ་དཀྱིལ་གྱི་ཁྱད་པར་ལའང་བརྟག་པར་བྱ་སྟེ། འདི་ལྟར་སྔ་རབས་པ་ཕལ་ཆེར་གྱི་བཞེད་པ་ལྟར་མི་གྲངས་ངེས་མེད་ཀྱིས་ལྷ་གྲངས་ངེས་མེད་སྒོམ་པ་དཀྱིལ་འཁོར་དེ་ལས་བཟློག་པ་ཚོམ་བུ་ཞེས་སམ། དམ་པ་ཤཱཀ་རྒྱལ་གྱི་ལྟར་རིགས་ཆུང་གིས་རྒྱས་མ་རྒྱས་གཉིས་ཀ་ཡོད་པ་དཀྱིལ་འཁོར། རང་རང་གི་རིགས་ཆུང་གིས་རྒྱས་པ་ཚོམ་བུ་ཞེས་སམ། ལྷ་རྗེ་སྐྱོའི་ལྟར་གནས་སྐབས་སུ་གཙོ་བོ་ངེས་པ་ཚོམ་བུ། མ་ངེས་པ་དཀྱིལ་འཁོར་ཞེས་སམ་རྗེ་སྒྲོ་ཕུག་པའི་ལྟར་སྒོམ་བྱེད་རྣལ་འབྱོར་པ་དང་། བསྒོམ་བྱ་ལྷའི་ཁྱད་པར་གཉིས་ཀྱི་སྒོ་ནས་སམ་ཡང་ན་རིགས་འགྱུར་ཡང་ཡེ་ཤེས་མི་འགྱུར་བ་ཚོམ་བུ། རིགས་ཡེ་གཉིས་ཀ་འགྱུར་བ་དཀྱིལ་འཁོར་ཞེས་སམ། གཉལ་གྱི་ལྟར་གཙོ་བོ་རིགས་ཆུང་དང་བཅས་པ་རང་རིགས་སུ་ངེས་པ་ཚོམ་བུ། གཙོ་བོ་རིགས་ཆུང་ཡང་སྤྱིའི་རིགས་སུ་ངེས་པ་དཀྱིལ་འཁོར་ཞེས་པས་ཏེ། དེ་དག་ལས་འཐད་ཕྱོགས་འགོད་པར་རིགས་སོ། །གཞན་ཡང་ཚོམ་དཀྱིལ་གཉིས་ཡིན་ཁྱབ་མཉམ་དུ་འདོད་མིན་དཔྱད་དོ། །ཚོགས་སྤྱོད་འདིར་ཟག་ལྡོག་ཡོད་མེད་ལ་བརྟག་ཚེ་སྤྱིར་ཟག་ལྡོག་ཡོད་མེད་ཀྱི་མུ་བཞིར་ཕྱེ་བ་ལས་རྟོགས་ནུས་པ་གཅིག་ཟག་ལྡོག་གཉིས་ཀ་ཡོད་པའི་མུ་ནི་དེ་ཀུན་གཅིག་སྤྲོས་རྣམས་ལ་ངོས་འཛིན་ཡང་ལམ་རིམ་ལས་ལྟ་བའི་སྐབས། ཟབ་པའི་དོན་རྟོགས་མི་ལྡོག་བདེ། ཞེས་པ་དང་འགལ་བར་དོགས་སོ། །མཐོང་ལམ་ཡན་ཆད་དེ་གཉིས་ཀ་མེད་པའི་མུར་འཆད་ཀྱང་རྣམ་སྨིན་ལ་ཁམ་དང་ལུས་ཀྱི་ཟག་པ་ཡོད་པར་འདོད་དགོས་སམ་སྙམ་ཞིང་ཇི་སྲིད་ཉོན་ཡིད་མཉམ་ཡེར་མ་ལོག་པ་དེ་སྲིད་དུ་ལྡོག་བཅས་སུ་ུབཤད་པའི་འགལ་སྤངས་དགོས་སོ། །སྒྲུབ་ཆེན་གྱི་སྐབས་སྦྱོར་སྒྲོལ་གྱི་སྤྱད་ཐབས་ལ་དཔྱད་པ་ན།


MLP019_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡུལ་ལྷ་ཀླུ་རིགས་ངན་མོ་གསུམ་གྱི་ཁྱད་པར་ལོ་གྲངས་དང་རྩ་དང་བྱང་སེམས་དང་སྦྱོར་ཐབས་ཀྱི་སྒོ་ནས་སྒྲོལ་ཡུལ་མཆོག་དང་མཆོག་ཕྲན་གཉིས་ཀྱི་ཁྱད་པར་བྲམ་ཟེ་སྐྱེ་བདུན་པ་དང་། བསྒྲལ་བྱའི་ཞིང་བཅུའམ་མི་དང་ངན་སོང་དང་བསྒྲལ་བྱ་དངོས་དང་ཙ་ར་སོགས་ལ་བཀུག་པའམ་གསོན་པོ་དང་བམ་གྱི་སྒོ་ནས་འབྱེད་པར་བཤད་བརྟག་པར་སེམས་སོ། །སྦྱོར་ཐབས་བསྙེན་སྒྲུབ་བཞིའི་སྒོ་ནས་ཉམས་སུ་བླང་བ་ན་ཉི་ཟླའི་སྙིང་པོ་རྡོ་རྗེའི་ལྕེ་དང་གསང་བའི་རྡོ་རྗེས་བླངས་པ་ལ་དགོས་ཁྱད་ཡོད་མེད་ཇི་ལྟར་དང་སྒྲོལ་བྱེད་ཀྱི་གང་ཟག་ནི་སློབ་དཔོན་དང་ཀིང་གཉིས་ཡིན་པ་གང་ཞིག ཕྱི་མ་ལ་ཐུགས་རྗེའི་འཛིན་ཀིང་དང་། ཁམས་གསུམ་སྒྲོལ་ཀིང་དང་། ཡེ་ཤེས་སྟོབས་ཀིང་དང་གསུམ་དུ་ཡོད་པ་གང་གིས་སྒྲོལ་བ་དཔྱད་དོ༑ ༑སྦྱོར་སྒྲོལ་འདི་དག་རང་རྒྱུད་པར་མི་འགྱུར་བའི་ཤེས་བྱེད་ནི་འཛིན་ཞེན་མེད་སྤྱོད་ཀྱི་གནས་ལ་ཐུག་པ་ཚུལ་འདི་ཙམ་དུ་མ་ཟད་བསྟན་པ་སྤྱི་སྐད་ཀྱི་ཕྱག་རྒྱར་གནས་པ་ཡིན་ནམ་སྟེ། ཞེན་སྣང་རགས་ཕྲའི་དངོས་གཉེན་ནི་རིམ་པར་མཐོང་ལམ་དང་སངས་རྒྱས་ཀྱི་ཡེ་ཤེས་ཡིན་པར་གྲུབ་པས་དེ་དང་དེ་མ་ཐོབ་པར་ལས་འདི་དག་ལ་སྤྱོད་མི་རིགས་པར་དོགས་སོ། །སྤྱིར་སྦྱོར་སྒྲོལ་ལ་རང་བཞིན་གྱི་དང་། དབང་པོ་ཡུལ་དུས་ཀྱི་དང་། ཏིང་ངེ་འཛིན་གྱི་དང་། ཐབས་ཀྱི་དང་། མངོན་ཕྱུང་གི་སྟེ་ཆ་ལྔར་དབྱེ་ཚུལ་ལེ་ལག་སོགས་ལས་བཤད་པ་སོ་སོའི་ངོས་འཛིན་དང་། སྤྱད་བྱའི་ཡོ་བྱད་གཞན་ཡང་ཡོད་པ་རྣམས་ནུས་ལྡན་དངོས་གྲུབ་ཀྱི་བྱེ་བྲག་ཙམ་ལས་ལྷག་པར་རྟེན་དང་སྒྲུབ་ཐབས་སོ་སོར་མི་ཕྱེ་བའི་རྒྱུ་མཚན་ལ་བརྟག་གོ །ཤེས་འཇུག་གི་མཚན་ཉིད་དེ་དག་ལ་ཚོགས་སྦྱོར་གྱི་ལམ་གྱི་རྣམ་བཞག་བྱ་ཚུལ་ནི་ཡོངས་གྲགས་ཀྱི་བཤད་སྒྲོས་ལྟར་བསྐྱེད་རིམ་པའི་ཚོགས་སྒྲུབ་ཀྱི་འདོད་གཟུགས་ཀྱི་རིག་འཛིན་འགྲུབ་པའི་བར་རྣམས་ཚོགས་ལམ་དང་། རྫོགས་རིམ་ལ་ཞུགས་པ་ནས་སྦྱོར་ལམ་དུ་འཇོག་གམ་སྟེ། ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་ཅེས་གྲགས་པ་དང་འགལ་ལོ། །ཡང་གང་ཟག་གཅིག་གིས་ཚོགས་སྒྲུབ་བྱེད་པ་ཡོད་དམ་མེད་ཡོད་ན་རང་ཚིག་ཉམས་ཤིང་། མེད་ན་སྟོང་གཟུགས་ཀྱི་ལྷ་མོ་འབའ་ཞིག་ལ་བརྟེན་


MLP019_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་འགྱུར་བའི་བདེ་བ་བསྒྲུབས་ཏེ། ཟག་མེད་ཀྱི་ལམ་ལ་སྦྱོར་བའི་རྣམ་བཞག་འཇིག་གོ ༑གསུམ་པ་ནི། རིག་འཛིན་བཞིའི་ནང་ཚན་རྣམ་སྨིན་གྱི་ངོ་བོ་དེ་མཚན་ཉིད་སུམ་ལྡན་ཞིག་གམ་སྟེ། འོན་ཀྱང་ལུས་འདི་དང་བྲལ་ནས་ཕྱག་ཆེན་དུ་འགྲོ་སྐབས་ཀྱི་སྐད་ཅིག་མ་ལ་དེའི་ངོ་བོ་འཇོག་པར་བཞེད་པ་དང་འགལ་ལོ། །རྣམ་སྨིན་དེ་ཐོབ་དུས་ནི་རབ་ཚེ་འདིར། འབྲིང་བར་དོར། ཐ་མ་ལན་གྲངས་གཞན་ལ་སྦྱོར་བ་ལམ་རིམ་སོགས་ལས་བཤད་ཀྱང་། དེ་ལྟར་ན་བར་དོ་ལ་འབྱུང་ལུས་རགས་པ་ཡོད་པར་ཐལ། རྟེན་དེ་ལ་རྣམ་སྨིན་ཐོབ་པ་གང་ཞིག་རྣམ་སྨིན་ནི་སྔ་མའི་ལས་རྣམས་ལས་གྲུབ་པའི་ལྷག་ལུས་འདི་དང་མ་བྲལ་བའི་དམ་བཅའ་འཐད་པའི་ཕྱིར་ཟེར་ན་དཔྱད་དགོས་སོ། །དེའི་སྒྲ་བཤད་ཚུལ་རྣམ་སྨིན་གྱི་ལུས་རྒྱས་བཅིངས་པའི་ཆ་ནས་སམ་སེམས་ལྷ་སྐུར་རྣམ་པར་སྨིན་པའི་ཆ་ནས་བརྗོད་ཅེས་པ་གང་ལྟར་བཟུང་ཞིང་། རྣམ་སྨིན་པས་ལུས་རྒྱ་རལ་མ་ཐག་ཁོ་ནར་རྒྱ་ཆེན་འགྲུབ་དགོས་པའི་རྒྱུ་མཚན་དང་འགྲུབ་ལུགས་ལ་བརྟག་གོ །ཚེ་དབང་དེ་ཕྱག་ཆེན་ལ་སྦྱོར་ཚེ་རྡོ་རྗེའི་ལུས་དེ་བོར་རམ་མི་བོར་བོར་ན་ལྷག་བཅས་ཀྱི་ངེས་ཚིག་ཉམས་ལ་མི་བོར་ན་ཕྱག་ཆེན་ཡེ་ཤེས་སྒྱུ་མའི་ཆ་ལུགས་སུ་ཡོད་པའི་ཕྱིར། རྡོ་རྗེའི་ལུས་ཐ་མལ་གྱི་ཆ་ལུགས་དང་མཚུངས་པ་མིན་ནོ་སྙམ། དེ་མཚུངས་སྐབས་འདི་དག་ཏུ་སྤྲུལ་ལུས་འགྱེད་པ་ན་རྩ་བའི་ལུས་འདོར་མིན་གྱི་བརྟག་པ་ཞིག་ཀྱང་དགོས་པར་མངོན་ནོ། །ཕྱག་ཆེན་ལ་སྒོམ་ལམ་ས་དགུའི་དབྱེ་བས་དེ་སྙེད་དང་དགུ་པོ་དེ་ལ་རིགས་ལྔའི་གནས་སྐབས་ཀྱིས་ལྔར་མཛད་པ་ཡོད་ཚུལ་གྱི་ངོས་འཛིན་ཇི་ལྟར་སེམས་ཞིང་ཐར་ལམ་དེ་ཟུར་པ་ཕལ་ཆེར་གྱི་བཞེད་པ་ལྟར་མཉམ་པར་བཞག་འཇོག་ཡོད་པ་ཙམ་གྱིས་སངས་རྒྱས་དང་ཁྱད་པར་དུ་བྱས་སམ་སྟེ་འོན་ཀྱང་མཉམ་པར་བཞག་དུས་སུའང་ཤེས་སྒྲིབ་ཆ་ཕྲ་བ་ཡོད་པས་ཁྱད་ཞུགས་སམ་སྙམ། འདིར་རྡོར་ཏིང་གིས་ཤེས་སྒྲིབ་སྤོ ང་ཚེ་གཉེན་པོས་སྤང་བྱ་སྤོང་ངམ་སྤང་བྱ་དག་པའི་ཤུལ་དུ་གཉེན་པོ་སྐྱེ། དང་པོ་ལྟར་ན་རྡོར་ཏིང་སྐྱེས་ཙམ་ན་ཤེས་སྒྲིབ་ཐ་མ་དེ་ཡོད་དམ་མེད། ཡོད་ན་སྤང་གཉེན་དངོས་འགལ་མིན་པར་ཐལ། འདོད་ན་གཉེན་པོ་དོན་མེད་དུ་ཐལ་ལོ། །ཡང་དེ་དུས་སྤང་བྱ་མེད་པའམ་


MLP019_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་ཕྱི་མ་ལྟར་ནའང་དོན་མེད་པར་འགྱུར་ཏེ་སྤང་བྱ་མེད་པའི་ཕྱིར་མུན་པ་སངས་ཤུལ་གྱི་སྣང་བྱེད་བཞིན་ནོ། །འདིར་སྒོམ་ལམ་བར་ནས་བོར་ཏེ་མཐོང་ལམ་ནས་མི་སློབ་ལམ་དུ་འགྲོ་བའི་ལམ་ཐོད་རྒལ་བ་མི་འདོད་པར་བཤད་ཀྱང་། ཕྱག་ཆེན་དང་ལྷུན་གྲུབ་བོར་ཏེ་ཚེ་དབང་ནས་འཚང་རྒྱ་བ་ཞིག་ཡོད་པར་མི་མངོན་ནམ་སྟེ་དཔྱད་པར་ཞུའོ། །ཡང་བཀའ་སྲོལ་འདི་དག་དང་ཕྱོགས་འདྲ་བ་ཞིག་དུས་འཁོར་ལས་ཀྱང་བྱུང་བས་ཁྱད་འབྱེད་རིགས་སོ།། །།ལེའུ་བཅུ་གསུམ་པ་ལ་གསུམ་སྟེ་མན་ངག་ངོ་བོ་ལ་དང་། དེ་གཞན་ལས་འཕགས་པའི་ཆེ་བ་ལ་དང་། ཡུལ་གང་ལ་གདམས་པའི་སྣོད་ལ་དཔྱད་པའོ། །དང་པོ་ལའང་གསུམ་སྟེ་མཚོན་པར་བྱེད་པའི་སྒོ་དང་། མྱོང་བར་བྱེད་པ འི་ཐབས་དང་། མངོན་དུ་གྱུར་པ་འབྲས་བུ་ལ་དཔྱད་པའོ། །དང་པོ་ནི་འདི་ལ་འཇིག་རྟེན་ལས་འདས་མ་འདས་ཀྱི་ལྟ་བ་གཉིས་ལས། དང་པོའི་སྐབས་:ལ་༼ མ༽རྟོགས་པ་དང་ལོག་པར་རྟོག་པ་ཞེས་གསུངས་པ་སོ་སོའི་ངོས་འཛིན་ལ་དགོངས་པ་མི་མཐུན་ཏེ་སློབ་དཔོན་ཉི་སེང་ནི་མ་རྟོགས་པ་ཕྱལ་པ་རྒྱང་མུར་སྟུག་གསུམ་དང་། ལོག་རྟོག་མུ་སྟེགས་པར་བཞེད། སྒེག་རྡོར་ནི་མ་རྟོགས་ཕྱལ་བ་དང་། ལོག་རྟོག་པ་མུ་སྟེགས་རྟག་ཆད་གཉིས་ལ་བཞེད། བི་མ་ལ་ནི་མ་རྟོགས་པ་ཕྱལ་རྒྱང་གཉིས་དང་། ལོག་རྟོག་པ་མུར་སྟུག་དང་མུ་སྟེགས་གཉིས་ལ་བཞེད་ཅིང་པདྨའི་ལྟ་ཕྲེང་ལས་ཀྱང་དེ་ལྟར་བྱུང་ངོ་། །ཀུན་མཁྱེན་ཆོས་རྗེ་ནི་མ་རྟོགས་པ་སོར་བཞག་གི་ཐེག་པ་དང་། ལོག་རྟོག་པ་མུ་སྟེགས་ཀྱི་ཐེག་པར་བཞེད་དེ་རང་ལུགས་གང་ལྟར་བཟུང་། ཕྱི་རོལ་པ་འདི་དག་སྤྲུལ་པ་བའམ་རང་རྒྱུད་པ་ཡིན། དང་པོ་ལྟར་ན། ཧེ་རུ་ཀ་གལ་པོ་ལས། མུ་སྟེགས་ཐེག་པ་རབ་ངེས་ན། །མི་སྤྱོད་སྤང་ཕྱིར་ཁྱོད་ལ་བཤད། །ཅེས་གསུངས་པ་དང་འགལ་ཞིང་། གཉིས་པ་ལྟར་ན་བདེ་འདུས་གནས་ལུགས་ལས། ཕྱི་རོལ་བྱེད་པ འི་སྡེ་རྣམས་ལ། །དེ་དང་དེར་སྣང་སྟོན་པས་གསུངས། །ཞེས་བྱུང་བ་དང་འགལ་ལོ་སྙམ་དུ་བརྟག་སྟེ་ཐེག་པ་གཞན་ཡང་དེ་ལྟར་རོ། །འདིར་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་འབྱེད་ཚུལ་སོགས་ཀྱི་བཤད་པ་ཡོད་ཀྱང་


MLP019_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤྲོས་སོ། །དེ་ལྟའི་ཕྱི་པ་ལས་བརྒལ་བའི་ནང་པའི་ཐེག་པ་ཐམས་ཅད་ལ་འཇིག་རྟེན་ལས་འདས་ཐེག་གི་སྒྲས་བསྙད་པ་སྣང་ཡང་། སྤྱི་སྐད་དུ་འཇིག་རྟེན་ལས་འདས་པ་ཡིན་ན་ཟག་མེད་དུ་ངོས་འཛིན་རིགས་པར་མངོན་པ་དང་མི་འགལ་ལམ་སྟེ་དཔྱད་དོ། །གཉིས་པ་གཞུང་གཅིག་གི་སྟེང་དུ་སྔ་རབས་པ་རྣམས་ཀྱིས་བསྐྱེད་རྫོགས་ཀྱི་རིམ་པའི་དབང་དུ་བསྟན་པའི་བཤད་ལུགས་གཉིས་སུ་མཛད། འགྲེལ་པ་སྤར་ཁབ་ནས་ཕྱི་བསྐྱེད་རིམ་ནང་རྫོགས་པའི་བསྐྱེད་རིམ་གསང་བ་རྫོགས་པའི་རྫོགས་རིམ་དང་གསུམ་དུ་བཤད། འགྲེལ་ཆུང་པིཎྜཱརྠ་དཀྱིལ་འཁོར་བཅུ་གཉིས་དང་སྦྱར་ཏེ་གསུངས། རྗེ་སྒྲོ་ཕུག་པས་སྒྱུ་འཕྲུལ་ལམ་རིམ་དང་མན་ངག་ལྟ་ཕྲེང་གི་གཞུང་ལ་བརྟེན་ནས་རིམ་པ་ལྟར་གྲོལ་ཐབས་རིམ་གྱིས་པ་དང་ཅིག་ཆར་བ་ལྟར་ཏེ་བཤད་ལུགས་བཞིར་བཞེད་དོ། །རང་ལུགས་ནི་བཞེད་སྲོལ་ཕྱི་མའི་རྗེས་སུ་འབྲངས་ཏེ་འཆད་པར་སྣང་བས་ཐོག་མར་ཐབས་གྲོལ་གྱི་ལམ་གྱི་རྣམ་བཞག་ལ་དཔྱད་པ་མདོ་ཙམ་སྨོས་ན་སོ་སོའི་ངོས་འཛིན་འཇོག་ཚུལ་ཇོ་མདོའི་བཞེད་པ་ལྟར། དབང་དང་བདེ་བ་སྟོན་པ་ཐབས་ལམ། ཤེས་རབ་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་གྲོལ་ལམ་ཞེས་སམ། གོང་མ་ཕལ་ཆེར་གྱི་ལྟར་ཐབས་ཀྱི་མན་ངག་དང་ལྡན་པས་ཉོན་མོངས་པ་ལ་སྤྱད་ཀྱང་མི་འཆིང་ཞིང་གྲོལ་པར་སྟོན་པས་ཐབས་ལམ། ཆོས་ཉིད་ཀྱི་དོན་ལ་ཤེས་རབ་གསུམ་གྱིས་སྦྱོར་བ་ནི་གྲོལ་ལམ་ཞེས་སམ། ཕྱིས་ཀྱི་བླ་མ་ཕལ་ཆེར་གྱི་ལྟར་གཙོ་བོར་ཤེས་རབ་གསུམ་གྱི་སྒོ་ནས་ཤེས་འཇུག་གིས་འཆི ང་བ་ལས་གྲོལ་བས་འབྲས་བུ་འགྲུབ་པར་བྱེད་པ་ནི་གྲོལ་ལམ། གཙོ་བོར་ཐབས་དང་གདམས་ངག་གི་སྒོ་ནས་འཆིང་བ་ལ་བརྟུལ་ཞུགས་ཀྱིས་སྤྱད་པས་འབྲས་བུ་མྱུར་དུ་གྲུབ་པར་བྱེད་པ་ནི་ཐབས་ལམ། ཞེས་བཞག་པ་རྣམས་ཀྱི་འཐད་མིན་གྱི་ཆ་ལ་བརྟག་དགོས་ཤིང་། ཐབས་གྲོལ་གཉིས་པོ་ལམ་རིས་སུ་མ་ཆད་པ་མདོ་འབྲེལ་ཞིག་གམ་སྟེ། གཉིས་ཀས་འབྲས་བུ་ལ་སྦྱོར་ནུས་པའི་ཕྱིར་ཇི་ལྟར་སྙམ། ལམ་དེ་གཉིས་ལས་ཐབས་ལམ་གྱི་སེམས་བསྐྱེད་ཐོག་མ་ནས་སྐྱེ་མི་སྲིད་ཕྱིར་སྔོན་དུ་གྲོལ་ལམ་འགྲོ་དགོས་པ་ཡིན་ཡང་གོང་མ་ཕལ་ཆེར་ཐབས་ལམ་སྔོན་ལ་འཆད་དེ་བརྟག་པར་འོས་


MLP019_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སོ༑ ༑དེ་ལྟ་བུའི་ལམ་དེ་གཏན་ལ་དབབ་པ་ལ་གཉིས་ཏེ་ཤེས་རབ་གྲོལ་ལམ་གྱི་དང་། ཐབས་ལམ་གདམས་ངག་གི་དབང་དུ་བཤད་པ་ལ་དཔྱད་པའོ། །དང་པོ་ལའང་གཉིས་ཏེ། གྲོལ་ལམ་རིམ་གྱིས་པ་ལྟར་དང་། ཅིག་ཆར་བ་ལྟར་དུ་བཤད་པ་ལ་དཔྱད་པའོ། །དང་པོ་ནི། འདི་ལ་ཤེས་འཇུག་འབྲས་བུ་གསུམ་ལས་གཉིས་པའི་སྐབས་རྣལ་འབྱོར་གྱི་རིམ་པ་ལྔར་གསུ ངས་པའི་དང་པོ་དེ་ཏིང་ནི་དབུ་མ་པས་དོན་དམ་སྟོང་ཞིང་སྤྲོས་མཐའ་བརྒྱད་དང་བྲལ་བ་དང་། ཀྲི་ཡས་སེམས་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བ་དང་། ཡོ་གས་ཆོས་དབྱིངས་མཉམ་ཉིད་ལ་སྤྲོས་མཚན་མེད་པ་དང་། མ་ཧཱས་སྣང་བ་གང་ཡང་མ་སྤངས་བའི་སྟོང་ཆེན་དུ་འདོད་དེ༑ འདི་ཉིད་གཞན་ལས་སྤགས་ཚུལ་ལ་དཔྱད་དོ། །སྤྱིར་ལམ་གོང་འོག་ལ་ལམ་པའི་སེམས་བོགས་དབྱུང་བའི་ཆ་ནས་བཟང་ངན་ཡོད་པ་འདོད་དགོས་པ་གང་ཞིག རྒྱུ་ཤེས་པའི་དུས་སུ་དབྱེར་མེད་དུ་རྟོགས་ནས་འདིར་དོན་དམ་རྐྱང་པར་བསྒོམས་པའི་ཕྱིར་ངན་དུ་སོང་བར་གསལ་ལོ་སྙམ་དུ་དོགས་ཤིང་། དེ་དེས་སྲིད་ཞིའི་མཐའ་གཉིས་གང་འགོགས་ཀྱང་བརྟག་གོ ༑ཀུན་ཏིང་སྒོམ་སྐབས་འདིར་ཡང་ལམ་སྔ་མ་དོན་དམ་ལས་ཕྱི་མ་ཀུན་རྫོབ་ཏུ་ཁ་སྤོས་ན་ངན་དུ་སོང་བར་དོགས་ཤིང་སྒྱུ་མའི་ཆོས་དྲུག་ལས་ལོག་རྟོག་དང་རྟེན་འབྲེལ་སྒྱུ་མ་བསྒོམ་མམ་མི་བསྒོམ། བསྒོམས་ན་དེས་གྲོལ་ལམ་མི་གྲོལ། གྲོལ་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཏེ། ལོག་རྟོག་དང་རྟེན་འབྲེལ་བསྒོམས་པའི་ཕྱིར། མི་གྲོལ་ན་སྒོམ་པ་དོན་མེད་དུ་འགྱུར་རོ། །གལ་ཏེ་མི་བསྒོམ་ན་སྒྱུ་མའི་ཆོས་དྲུག་བསྒོམ་པར་གསུངས་པ་དང་འགལ་ལོ། །ཡང་སྔ་མ་དེ་ཏིང་སྒོམ་པའི་སྟེང་དུ་སྙིང་རྗེ་སྒྱུ་མ་སྒོམ་པས་རྒྱུད་གཅིག་ལ་ཏིང་ངེ་འཛིན་གཉིས་ཆར་མཚུངས་པའི་ཕྱིར་དབྱེར་མེད་རྒྱ་གཅིག་དང་ཁྱད་མེད་དུ་འགྱུར་རམ་སྙམ། འདིར་ཕྱག་རྒྱ་སྒྱུ་མ་བསྒོམ་མམ་མི་བསྒོམ། བསྒོམ་ན་ཕྱག་གཅིག་དང་ཁྱད་མེད་དུ་ཐལ། མི་བསྒོམ་ན་སྒྱུ་མའི་ཆོས་དྲུག་བསྒོམ་པར་གསུངས་པ་འགལ་ཞིང་ལྷག་པའི་ཀུན་རྫོབ་འདིའི་འཇུག་ཡུལ་མིན་པར་ཐལ་ལོ། །ཕྱག་རྒྱ་གཅིག་པ་སྒོམ་སྐབས་སུ་ལྷག་པའི་ལྷ་དགུ་བསྒོམ་མ མ་མི་བསྒོམ། བསྒོམ་ན་ཕྱག་རྒྱ་གཅིག་པ་མིན་པར་འགྱུར་ཞིང་མི་བསྒོམ་ན་


MLP019_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིམ་སོགས་ལས་བསྒོམ་པར་བཤད་པ་འགལ་ལོ། །ཡང་ཆོས་གཅིག་གི་དེ་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་རྒྱས་ཤེས་སམ་མི་ཤེས། ཤེས་ན་རྒྱ་གཅིག་གིས་ལྷ་སྐུ་སྣང་སྟོང་དབྱེར་མེད་དུ་ཤེས་པས་ལྷ་གཞན་གྱི་སེམས་༼ཤེས་སམ་༽མི་ཤེས་ཕྱི་མ་ལྟར་ན་གོང་གི་དམ་བཅའ་ཉམས་ལ། དང་པོ་ལྟར་ན་སྤྲོས་བཅས་བསྒོམ་པ་དོན་མེད་དུ་ཐལ་ལོ། །གལ་ཏེ་མི་ཤེས་ན་ཡུམ་དང་ལམ་རིམ་སོགས་ལས་དེ་ལྟར་བཤད་པ་དང་འགལ་ལོ། །རྒྱ་གཅིག་གི་ལྷ་སྐུ་དེ་སྣང་བར་བསྒོམ་མམ་སྣང་ལ་རང་བཞིན་མེད་པར་བསྒོམ། དང་པོ་ལྟར་ན་ཀུན་རྫོབ་དང་ཁྱད་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་ལྷ་སྐུ་བསྒོམ་པའི་ཅིག་ཆར་བ་དང་། ཁྱད་མེད་པར་ཐལ་ལོ། །རྒྱ་སྤྲོས་སྒོམ་སྐབས་ལྷ་ཞེ་གཉིས་བསྒོམ་པ་དཀྱིལ་འཁོར་སྤྲོས་པར་འཇོག་ཀྱང་དེ་ཏིང་ཡང་དེར་ཐལ་ཏེ། དེར་དབང་རབ་སོགས་གཞན་དོན་གྱི་ཕྲིན་ལས་སུ་དེ་ལྟར་བསྒོམ་པའི་ཕྱིར་སྙམ། གལ་ཏེ་དངོས་སུ་བསྒོམ་མི་ནུས་པས་སྤྲོས་བཅས་སུ་ཐལ་སྐྱོན་མེད་པར་སེམས་ན་དེ་ལྟར་ན་ཚོམ་དཀྱིལ་རྣམ་གྲངས་ཕྱག་སྤྲོས་པ་ཐམས་ཅད་འདིར་དངོས་སུ་བསྒོམ་ནུས་དགོས་པར་ཐལ། འདོད་ན་རིག་འཛིན་གསུམ་ལས་སྤྲོས་བཅས་བཟང་བར་འགྱུར་རོ། །ཚོགས་སྒྲུབ་ཀྱི་ངོ་བོ་ནི་རྟོགས་ཚོགས་ཐམས་ཅད་སྣང་སྟོང་གཉིས་མེད་ལྷའི་དཀྱིལ་འཁོར་དུ་དངོས་སུ་གསལ་བ་ལ་བློ་གནས་པར་གསུངས་པ་གང་ཞིག སྤྲོས་བཅས་དང་ཁྱད་མེད་དུ་མི་འགྱུར་བའི་ཚུལ་ལ་བརྟག་དགོས་ཤིང་། དེ་ལ་བར་ཆད་མེད་ལམ་ཞེས་བསྙད་པའི་སྒྲ་དོན་ནི། ལྷ་རྗེ་མདའ་ཏིག་གི་བཞེད་པ་ལྟར་ཟག་བཅས་ནས་ཟག་མེད་དུ་སྦྱོར་བ་ལ་རྟེན་དང་ལམ་གཞན་གྱིས་བར་མ་ཆོད་པའི་ཕྱིར་ཞེས་སམ། གླན་གྱི་ལྟར་ལམ་གཞན་གྱིས་བར་མ་ཆོད་པ་ཕལ་ཆེ་བ་ལ་དགོངས་ཞེས་སམ། རོག་གི་ལྟར་སྤྲོས་པ་མན་ཆད་དམ་ཚིག་ཉམས་པའི་ཉེས་པས་འཁོར་བར་ལྡོག་ཉེན་ཡོད་ལ། འདིར་དེ་མེད་པས་སྤྱི་སྒྲ་བྱེ་བྲག་ལ་ཞུགས་ཏེ་ཚོགས་སྒྲུབ་ལ་བཏགས་ཞེས་བརྗོད་དེ་རང་ལུགས་གང་ལྟར་བཟུང་ངོ་༑ ༑འདི་དག་ལམ་ངེས་རྫོགས་ཀྱི་དབང་དུ་ན་ཉམས་ལྔ་རྫོགས་རྫོགས་སུ་བསྒོམ་པར་གསུངས་པ་དེ་རེ་རེ་ཞིང་ཡང་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་སོགས་དགོས་


MLP019_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དཔྱད་དོ། །བཤད་ཚུལ་འདི་ལ་སྔ་རབས་པ་རྣམས་ཀྱིས་བསྐྱེད་རིམ་ཞེས་གསུངས་པ་དེ་སྤྱིར་རིམ་གཉིས་ཀྱིས་ཟླས་ཕྱེ་བའི་བསྐྱེད་རིམ་མམ། རྫོགས་རིམ་ནང་གསེས་ཀྱི་བསྐྱེད་རིམ་དུ་འཇོག་ཅེས་ཀྱང་བརྟག་གོ །གཉིས་པ་ནི། འདིའི་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྤྱིར་རིལ་པོ་དང་། རྗེས་སུ་གཞིག་པའི་རྣལ་འབྱོར་གཉིས་སུ་བཤད་པའི་ངོས་འཛིན་དང་འདིར་ཡང་ཞི་ལྷག་གཉིས་ཀྱི་རིམ་པ་ལྟར་ཉོན་མོངས་པའི་མགོ་ནོན་པ་དང་རྩ་བ་འབྱིན་པའི་རྣམ་བཞག་འདོད་དགོས་པ་གང་ཞིག་དེ་གཉིས་སྔ་ཕྱི་མེད་པར་ཐོབ་པར་གསུངས་པས་སྤོང་ཚུལ་དེ་ལྟར་འབྱུང་རིགས་སམ་སྙམ་པ་ལ་དཔྱད་དོ། །མན་ངག་ལམ་རིམ་ལས་བཤད་པའི་སྨིག་རྒྱུ་དང་དུ་བ་སོགས་ཀྱི་ཚུལ་དང་སྦྱར་བའི་ཉམས་རིམ་རྣམས་བསྐྱེད་རིམ་པའི་ཉམས་རིམ་གྱི་དཔེར་བཞེད་པ་འདིའི་སྐབས་སུ་དང་པོ་ཡང་མི་འགལ་བ་རྟོག་པའི་དྲ་བ་བསལ་བའི་རྒྱུད་སོགས་ན་གསལ་ལོ། །གཉིས་པ་ལ་སྟེང་སྒོ་འཇུ་འདུལ་གྱི་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལྟར་བཤད་པ་ལ་དཔྱད་པའོ། །འདི་ལ་ཐུན་ཁྱད་གཉིས་ལས་སྔ་མ་ནི་བཤད་རྒྱུད་རྒྱ་མཚོ་ལས་གསུངས་པ་ལྟར་ཏེ་སྤྱི་དང་འདྲ་ལ་ཕྱི་མ་ནི་འཁོར་ལོ་བཞི་སྒོམ་ཐབས་ཀྱི་གནད་གསང་ངོ་མཚར་བའི་གཟེར་བུ་ཅན་འདིའོ། །དེའང་ལུས་ལས་ཡེ་ཤེས་སྐྱེ་བའི་གནད་ལ་བརྟག་པ་གཞིར་བཟུང་སྟེ་དེ་ཤེས་ནས་གནད་དུ་བསྣུན་སྐབས་སྟོང་གཟུགས་སྒྲུབ་ཚུལ་དེ་དུས་འཁོར་ནས་བཤད་པའི་རླུང་བཅུ་དབུ་མར་བཅིངས་པའི་རྟགས་སྣང་དང་རྫོགས་ཆེན་ཐོད་རྒལ་བའི་འཆར་སྣང་དག་དང་མི་འདྲ་བའི་ཁྱད་པར་འབྱེད་རིགས་སོ། །སྟེང་སྒོ་འདིའི་ཡས་བརྟན་དང་མས་བརྟན་གྱི་ངོས་འཛིན་འཇོག་ལུགས་ཇི་ལྟར་སྙམ་ཞིང་། དྭངས་མ་རྩ་འདབ་རྣམས་སུ་ཕར་འཕེལ་བ་ལ་བདེ་སྟོང་གི་ཡེ་ཤེས་སུ་འདོད་པ་དང་། དྭངས་མ་གཡོ་བྱེད་དང་བྲལ་ནས་འོད་གསལ་བར་རླུང་སེམས་ཚུར་ཐིམ་པ་ལ་ཡེ་ཤེས་ཆེན་པོར་འདོད་པ་སྟེ་ཕྱོགས་གཉིས་ལས་གང་ལྟར་བཟུང་བ་དང་འཁོར་ལོ་བཞིའི་མན་ངག་རྣམས་གནས་དེ་དང་དེའི་མན་ངག་ཏུ་འཇོག་པའི་འཐད་པ་དང་འཇུ་འདུལ་དང་ཁམས་ག སུམ་རོལ་པ་ཞེས་པའི་སྒྲ་བཤད་ཚུལ་ལ་བརྟག དོན་འདི་དག་ལ་དགོངས་ནས་ཆོས་རྗེ་སྨྱོས་སྐུ་མཆེད་སོགས་


MLP019_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྫོགས་རིམ་པའི་ལྷ་སྐུ་མཐོང་ཐོབ་གཉིས་སུ་གསུངས་ཏེ་བསྔགས་པར་འོས་པའི་གནས་སོ༑ ༑ གཉིས་པ་ནི། བསྐྱེད་རིམ་དང་རྫོགས་རིམ་སྟེང་སྒོ་ལས་སུ་རུང་བའི་གང་ཟག་ཆགས་ལམ་པས་བསྙེན་པ་དང་ཉེ་བསྙེན་གྱི་བྱ་བ་སྔོན་དུ་རྫོགས་ནས། སྦྱོར་བ་གསུམ་གྱི་སྒོ་ནས་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་ཉམས་སུ་བླང་བར་གསུངས་པ་གང་ཞིག་འདི་ཉིད་ཀྱི་རྒྱུད་ཕྱི་མའི་དགོངས་དོན་ལྟར་བསྙེན་སྒྲུབ་བཞིའི་འཇོག་ཚུལ་གཞན་ཡང་ཡོད་མོད་འདི་བཀའ་སྲོལ་དུ་གྲགས་པ་ལྟར་བཟུང་བར་སེམས་ཤིང་། སྦྱོར་བ་གསུམ་གྱི་གོ་དོན་སྤྱིར་བསླབ་ཚུལ་ལ་བརྟག་དགོས་སོ། །སྟེང་འོག་གི་སྒོའི་ལམ་གཉིས་སོ་སོར་རིས་སུ་ཆད་པ་དང་གང་ཟག་གཉིས་ཀྱི་ལམ་དུ་འཇོག་མིན་ཡང་དཔྱད་དོ། །གསུམ་པ་ནི། འབྲས་བུ་ཐོབ་པའི་ཚེ་གཞི་དུས་ཀྱི་མ་རིག་པ་སྤངས་སམ་མ་སྤངས། དང་པོ་ལྟར་ན་གཞི་ཇི་ལྟ་བ་ཞིག་མངོན་དུ་བྱས་པ་མིན་པར་ཐལ། གཞིའི་དུས་ན་མ་རིག་པ་དང་དབྱེར་མེད་དུ་ཡོད་པའི་ཕྱིར། འདོད་ན་ནི་གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པའི་དམ་བཅའ་ཉམས་སོ། །གཉིས་པ་ལྟར་ན། སེམས་ཅན་དང་ཁྱད་པར་མེད་པར་ཐལ། རྒྱུ་མཚན་དེའི་ཕྱིར། འདོད་ན། ལམ་རྒྱུད་ལ་བརྟེན་པ་དོན་མེད་དུ་ཐལ་ལོ། །ཡང་འབྲས་བུ་དེ་ལམ་གོམས་རྒྱུ་རྐྱེན་ལ་ལྟོས་པས་འདུས་བྱས་སུ་མི་འགྱུར་བའི་ཤེས་བྱེད་དང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པས་མཚན་བཅས་སུ་མི་འགྱུར་བའི་ཤེས་བྱེད་འགོད་དགོས་སོ། །གཉིས་པ་ནི། སྒྲུབ་པ་པོ་གང་ཞིག་རྒྱུད་འདི་ལ་མོས་པ་ཙམ་དུ་ཆེ་བའི་ཡོན་ཏན་དེ་དག་ལྡན་པར་འཇོག་ན་གསང་སྤྱོད་ལ་མོས་པའི་རུ་ཏྲ་ཡང་དེར་ཐལ་ཏེ་བླ་མེད་ཀྱི་ལམ་ལ་མོས་པ་ཙམ་གྱི་དམ་བཅའ་འཐད་པ་རུ་ཏྲ་ལམ་ལས་གོལ་ཚུལ་ན་གསལ་བའི་ཕྱིར་སྙམ་དུ་དོགས་སོ། །རྒྱུད་འདི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་ངེས་པ་གང་ཞིག་ཐུན་ཐེག་གི་འབྲས་བུ་ཐོབ་ཟིན་ནས་ཀྱང་བགྲོད་དགོས་པའི་ཕྱིར་གསང་སྔགས་ཉིད་རིང་ལམ་དུ་ཐལ་ལོ་སྙམ། འབྲས་བུ་ལམ་དུ་བྱེད་པ་ནི་སྔགས་ཀྱི་ཁྱད་ཆོས་སུ་འཇོག་པར་བཤད་ཀྱང་ཐུན་ཐེག་པ་རྣམས་རང་འབྲས་དོན་དུ་གཉེར་བའི་གང་ཟག་མིན་པར་ཐལ་བ་འདི་སྤང་དགོས་སོ། །གསུམ་པ་ནི། དམན་ལམ་ཁོ་ནར་


MLP019_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པའི་གང་ཟག་ལའང་འདིར་བསྟན་གྱི་སློབ་མའི་མཚན་ཉིད་ལྡན་པ་སྲིད་པའི་ཕྱིར་རྒྱུད་འདིའི་སྣོད་དང་ལྡན་པ་ཐལ་ལོ་སྙམ། གོང་དུ་ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །ཞེས་པ་དང་། འདིར། སྣོད་ལྡན་ངང་ཚུལ་བཟང་ལ་སྦྱིན། །ཞེས་པ་གཉིས་མི་ཟློས་པའི་ཤེས་བྱེད་དང་། རྒྱུད་འདི་རང་རྣོའི་ཡུལ་ཡིན་པའི་འཐད་སྒྲུབ་དང་། ལེའུ་ལྔ་པར་ཡོ་བྱད་ལྡན། །ཞེས་དང་། དགུ་ུཔར་ཆོ་ག་ལྔ་ཞེས་སོགས་དང་། བཅུ་གཅིག་པ་དང་། བཅུ་གཉིས་པར། ཡན་ལག་མ་ཉམས་ཞེས་སོགས་དང་། བཅུ་གསུམ་པ་འདིར་ཡང་སྟེ་དེ་རྣམས་སུ་ཚོགས་སྒྲུབ་རེ་བྱུང་བའི་ཟློས་སྐྱོན་སེལ་བྱེད་ཀྱང་འགོད་པར་རིགས་སོ།། །།ལེའུ་བཅུ་བཞི་པ་འཆད་པ་ནི་མངོན་རྟོགས་ལས་བསྡེབས་ཀྱི་དབང་དུ་བསྟོད་པའི་ལས་རིམ་མོ། །དེའང་ཆོས་རྗེ་རོང་ཟོམ་ནི་རྐང་པ་བཞི་པོ་རེ་རེས་སྤྱིའི་སྤྱི་དང་། སྤྱིའི་སྐུ་གསུང་ཐུགས་ལ་བསྟོད་པར་བཞེད། རང་ལུགས་ནི་ཤྭ་ལོ་ཀ་དང་པོ་ལྔ་འབྲས་ཆོས་ཉེར་ལྔ་སོ་སོར་དང་། ཕྱི་མ་གཅིག་གིས་སྤྱིར་བསྟོད་པར་གསུངས་སོ། །སྐབས་དེར་བརྟག་པར་བྱ་བ་འདི་ཡོད་དེ། བསྟོད་ཡུལ་གྱི་ཆོས་རྣམས་གཞི་ལམ་འབྲས་བུ་གང་གི་གནས་སྐབས་སུ་ངེས་པར་ངོས་འཛིན་དགོས་ཤིང་། ཆོས་སྐུའི་སྐུ་གསུང་ཐུགས་གསུམ་པོས་སྐྱེ་མེད་དུ་མཚོན་ཚུལ་གཅིག་པས་ལྡོག་པ་གཅིག་ཏུ་ཐལ་བར་དོགས་ལ། ཡོན་ཏན་ལྔའི་ནང་ཚན་གཞལ་ཡས་ཁང་ལ་ནང་གསེས་ཀྱིས་འབྲས་ཆོས་ཐམས་ཅད་རྫོགས་པའི་རིག་པ་ཉིད་རང་སྣང་བའི་རྟགས་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བ་གཟུགས་སྐུའི་དང་གཟུང་འཛིན་རང་དང་བྲལ་བའི་རང་རིག་ཉིད་རྟེན་དང་བརྟེན་པར་ཅན་པ་སྐུ་ལྔ་ཀུན་གྱི་གཞལ་ཡས་ཁང་གཉིས་སུ་བཤད་པ་གང་ལྟར་བཟུང་བར་དཔྱད་དོ། །ཡང་སྐུ་ལྔ་པོ་རེ་རེ་ལའང་ཡོན་ཏན་ལྔ་ལྔ་ལྡན་ནམ་ཐམས་ཅད་ལ་ཡོན་ཏན་ལྔ་ལས་མེད། དང་པོ་ལྟར་ན་འབྲས་བུའི་ཆོས་ཉེར་ལྔར་མ་ངེས་པར་ཐལ། ཡོན་ཏན་ཉིད་ལའང་ཉེར་ལྔ་འདུག་པའི་ཕྱིར། མ་ཟད་ཆོས་སྐུ་ལ་ཡོན་ཏན་མེད་པར་མི་སྲིད་ཅིང་ཡོད་ན་གཞལ་ཡས་ཁང་དང་རྒྱན་དང་གདན་རྣམས་


MLP019_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་ཕྱིར་གཟུགས་སྐུར་ཐལ་བར་དོགས་སོ། །གཉིས་པ་ལྟར་ན་སྐུ་ལྔའང་ཡོན་ཏན་ལྔ་གྲངས་སྤྲད་པའི་འཐད་པ་མེད་པ་སོགས་ཀྱི་སྐྱོན་དུ་མ་འོང་ངོ་སྙམ། སྐུ་ལྔ་པོ་རེ་རེ་ལའང་ཕྲིན་ལས་ལྔ་ལྔ་ལྡན་ནམ། སྤྱིར་ལྔ་ལས་མེད། སྔ་མ་ལྟར་ན་ཕྲིན་ལས་ཀྱིས་གཞན་དོན་བྱེད་པའི་ཕྱིར་ཆོས་སྐུའང་གཟུགས་སྐུར་ཐལ་བ་སོགས་ཀྱི་དོགས་གནས་གོང་ལྟར་མཚུངས་ཤིང་ཕྱི་མ་ལྟར་ན་སྐུ་རེ་རེ་ལ་རེ་རེ་གྲངས་སྤྲོད་དམ། འོན་ཏེ་ལས་མེད་པའི་སྐུའང་ཡོད་དམ་ཞེས་བརྟག་དགོས་པ་ལས་མ་འདས་པས་མི་འཐད་པར་སེམས་སོ། །འབྲས་བུ་ལྔའི་སྣང་ཚུལ་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་དཔེར་མཚོ་གཅིག་ཏུ་གངས་ལྔ་འཆར་བ་དང་གངས་གཅིག་མཚོ་ལྔར་འཆར་བ་ལྟ་བུ་ཞེས་བསྟན་པའི་གངས་དང་མཚོ་ནི་རིམ་བཞིན་ཉོན་མོངས་པ་ལྔ་དང་། དེའི་དབང་གི་འཁོར་བའི་རྒྱ་མཚོར་གནས་པ་མཚོན་བྱེད་དུ་འདོད་པ་དང་ཁ་ཅིག་གངས་ཆེན་མཚོ་ནི་རྣམ་སྣང་དང་དེ་སོགས་རིགས་ལྔར་འདོད་པ་དང་། ཁ་ཅིག་འབྱུང་བ་ལྔའམ་ཉོན་མོངས་པ་ལྔ་ཡང་རིགས་ལྔའི་ངོ་བོ་ཡིན་པས་དེ་སྐད་དུ་འདོགས་པར་བཞེད་དེ་རེ་ཞིག་བརྟག་པར་འོས་སོ། །འདི་ཡན་ཆད་ནི་རྟོགས་པས་བདག་བསྒྲལ་བ་ཞེས་ཀྱང་བྱ་སྟེ་ཐུགས་རྗེ་ཞི་བའི་ཆོས་རྫོགས་སོ།། །།ད་ནི་ལེའུ་བཅོ་ལྔ་པ་འཆད་པ་ལ་གཉིས་ཏེ་ཁྲོ་དཀྱིལ་མངོན་པར་འདུ་མཛད་ཚུལ་མདོར་བསྟན་པར་དང་། དེའི་རང་བཞིན་རྒྱས་པར་བཤད་པ་ལ་དཔྱད་པའོ། །དང་པོ་ནི། དེའང་ངེས་དོན་གྱི་དབང་དུ་ན་ལེའུ་གཉིས་པ་ལྟར་ལྷན་ཅིག་པའི་འཁོར་རྣམས་འབྲས་དབང་གིས་སྣང་གསུམ་གྱི་བག་ཆགས་སམ་འཕོ་བའི་བག་ཆགས་ཕྲ་མོའི་བདུད་བཅོམ་པ་ན་དེའི་རྟགས་སྣང་ཕྱི་རོལ་དུ་ཁྲོ་བོའི་གླེང་གཞིར་སྣང་བར་བཤད་ཅིང་། ཚུལ་དེས་ནི་འདི་དང་སྤྲུལ་སྐུ་འགྲོ་འདུལ་གླེང་གཞི་གཉིས་ཞར་བྱུང་གི་གླེང་གཞིར་འགྱུར་ཚུལ་ཡང་རྟོགས་ནུས་སོ། །སྤྱིར་ཁྲོ་བོ་ལ་ཤེས་རབ་ཆེན་པོའི་དང་། ཡེ་ཤེས་ཆེན་པོའི་དང་། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་སྟེ་གསུམ་དང་། ཕྱི་མ་ལ་དྲང་སྲོང་ཁྲོས་པའི་དང་། མིའུ་ཐུང་བྱིས་པའི། དཔལ་ཆེན་རྔམ་བརྗིད་


MLP019_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆ་བྱད་ཅན་དང་གསུམ་ལས་འདི་གང་ལྟར་བཟུང་ཞིང་། དེའང་རྒྱུད་ཁ་ཅིག་ལས་གྲགས་པ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་མངགས་གཞུགས་ཀྱི་ཕོ་ཉར་ཁྲོས་པ་ལྟ་བུ་ཞིག་གམ་ཞེས་བརྟག་གོ །འདི་ལྟར་དངོས་པོའི་གནས་ལུགས་ལ་ཞི་ཁྲོ་གཉིས་ཐ་མི་དད་ཅིང་གདུལ་བྱ་འདུལ་ཐབས་ཀྱི་དགོས་ཆེད་དང་མཐུ ན་པར་སོ་སོར་སྣང་བ་གང་ཞིག་ཞི་བས་འདུལ་བའི་གང་ཟག་དེར་ཁྲོ་བོ་དགོས་མེད་ཀྱི་དམ་བཅའ་འཐད་པའི་ཕྱིར་དེ་གཉིས་རེས་མོས་སུ་བསྒོམ་པའི་རྣམ་བཞག་འཇིག་པར་དོགས་སོ། །གཉིས་པ་ལ་གསུམ་སྟེ། འདིར་ཡང་མངོན་རྟོགས་ལས་བསྡེབས་ཀྱི་དབང་དུ་དོན་བཞིས་ཉམས་སུ་བླང་བ་ལས་སྔོན་འགྲོའི་ལས་རིམ་ཞི་བ་དང་མཐུན་ཞིང་དེ་བསྒོམ་པའི་དགོས་ཆེད་ཀྱི་སྐབས་དཔྱད་པར་བྱ་བ་འདི་ཡོད་དེ། གང་གདུལ་བྱའི་ཡུལ། གང་གིས་ཇི་ལྟར་འདུལ་བའི་ཐབས། དེ་ལྟར་བཏུལ་པའི་འབྲས་བུ་ལ་དཔྱད་པའོ། །དང་པོ་ནི། སྤྱིར་རུ་ཏྲ་ལ་མ་ཏྲ་དང་ཁ་ཏྲཾ་ཀ་དང་ཨ་ཀཪྴ་རུ་ཏྲ་གསུམ་དུ་བཤད་པ་སོ་སོའི་ངོས་འཛིན་དང་འདིར་གང་ལྟར་བཟུང་བ་དཔྱད་གཞིར་འཛིན་པ་རུ་ཏྲ་དེ་རང་རྒྱུད་པའམ་སྤྲུལ་པ་ཡིན། དང་པོ་ལྟར་ན་ཡི་དྭགས་སྲིན་པོ་ཆེན་པོ་ཞེས་སུ་གྲགས་པས་འདོད་ཁམས་པར་གྲུབ་པ་གང་ཞིག དེས་གཟུགས་ཁམས་དབང་སྡུད་མི་འཐད་དེ། དེར་བགྲོད་པ་ལ་རྟེན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར། མ་ཟད་དངོས་ཀྱི་གདུལ་བྱར་གྱུར་ནས་སྣང་བྱེད་ཐོབ་པར་བཤད་པའང་མི་རིགས་སོ། །གཉིས་པ་ལྟར་ན། ངན་སོང་གི་སྡུག་བསྔལ་མྱོང་བར་བཤད་པ་སོགས་དང་འགལ་བར་མ་ཟད་སངས་རྒྱས་གང་ཞིག་རུ་ཏྲའི་རྣམ་པར་སྤྲུལ་པ་ལ་དགོས་པ་མེད་པར་ཐལ། དེས་སེམས་ཅན་རྣམས་ལས་ངན་གསོག་ཏུ་འཇུག་པའི་ཕྱིར། ཞེས་སྨྲའོ། །ཡང་རྣམ་སྨིན་ཟད་པ་ཞེས་འདི་རྣམ་སྨིན་སྤྱད་པའམ། གཉེན་པོ་བསྟེན་པས་ཟད། སྔ་མ་ལྟར་ན་ཡང་དག་པའི་ལམ་དགོས་མེད་དུ་ཐལ་ཞིང་། ཕྱི་མ་ལྟར་ན་ངན་སོང་གསུམ་མི་ཁོམ་པའི་གནས་མིན་པར་ཐལ་ལོ། །གཉིས་པ་ནི། རུ་ཏྲ་དེ་སྔོན་གྱི་འབྲེལ་སྟོབས་ཀྱིས་འདུ ལ་བའི་དུས་ལ་བབས་པ་ན་དན་ཕག་རྩལ་ཆེན་རྫོགས་པའི་སྐྱེས་བུར་གྱུར་ཚུལ་བཤད་པ་ལ་འདི་ལྟར་དོགས་ཏེ། གསང་ཐེག་འདི་ཉེ་ལམ་མིན་པར་ཐལ། ཐར་པ་


MLP019_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོར་རྒྱུ་མཐུན་གྱི་འབྲས་བུ་སྨིན་པར་གྱུར་གྱི་བར་དེ་སྲིད་དུ་ཅིག་ཤོས་པ་ཐར་ལམ་ལས་ལྷག་པར་མ་བགྲོད་པའི་ཕྱིར་སྙམ། བཏུལ་ཚུལ་རྒྱས་བཤད་འདི་ནས་བརྩམས་ཏེ་གཞུང་ཐོར་བུའི་ཁོག་བསྒྲིགས་ནས་ཏིང་ངེ་འཛིན་གྱི་ལས་རིམ་དངོས་ཉིད་ངག་དོན་གསུམ་གྱིས་སྟོན་པ་ལ་དཔྱད་བྱའི་གནས་སུ་སྣང་བ་དག་ནི་སོ་སོའི་སྐབས་ནས་སྤྲོས། སྤྱིར་དེ་ཀུན་རྒྱུ་ཏིང་གསུམ་དང་རྣལ་འབྱོར་རིམ་ལྔའི་ནང་ཚན་དང་པོ་གསུམ་པོའི་རྣམ་བཞག་ཕྱོགས་གཅིག་མིན་བརྟག་པ་དགོས་ཤིང་རྒྱུ་ཏིང་གི་སྐབས་ཀྱི་རྒྱུའི་ཧེ་རུ་ཀའི་སྐུ་མདོག་ནི་ལྷ་རྗེ་སྒྲོལ་སྟག་པ་སོགས་ཀྱིས་སྔོན་པོར་བཞེད་ཀྱང་། རྟ་སྟོན་སྨུག་ནག་ཏུ་བཞེད་པའི་ཕྱོགས་ལྟར་བཟུང་བར་གསུངས། འོན་ཀྱང་རྡོ་རྗེ་མཐིང་གར་འདུག་པས་འདི་གཉིས་ཁ་དོག་མི་འདྲ་བའི་གནད་ལ་དཔྱད་དགོས་སོ། །དེ་རྒྱུའི་ཧེ་རུ་ཀ་དེའང་སྤར་ཁབ་ཀྱི་ལུགས་ལྟར་འོག་གཞི་དང་གཞལ་ཡས་ཁང་བསྐྱེད་པའི་ནང་དུ འམ་དམ་པ་རྒྱན་ལྟར་རྒྱུ་ཏིང་ཧཱུྃ་ལས་བསྐྱེད་ཅིང་། ཁྲོ་མོ་དབང་ཕྱུག་མར་སྦྱོར་སྐབས་མཁའ་གསང་བྱིན་རླབས་དང་སྦྱོར་བའི་བརྡས་བསྐུལ་བ་སོགས་མཛད་མིན་ལ་བརྟག་གོ །བྱང་སེམས་ལས་སྤྲུལ་པ་སྤྲོ་ཚུལ་ནི་རྟོགས་སླ་ཞིང་། སྲས་དཀྱིལ་བསྐྱེད་པ་ན། གཙོ་བོ་རིགས་ལྔའི་དཀྱིལ་འཁོར་བསྐྱེད་སྐབས་ཕོ་རྒྱུད་རྣམས་སྒྲོལ་ཚེ་རུ་ཏྲ་དངོས་སུ་མ་བསྒྲལ་བར་ཐལ། འདིར་བཤད་པ་ནི་སྤྲུལ་པ་བར་མིན་ཞིང་། གཞན་དུའང་དེ་དངོས་སུ་བསྒྲལ་བར་མ་བཤད་པའི་ཕྱིར་དང་། རུ་ཏྲ་དེ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་ཀ་མ་ཡིན་པ་གང་ཞིག རྩ་བརྒྱད་པོ་གང་རུང་གཅིག་ཀྱང་མ་ཡིན་པའི་ཕྱིར། ཞེས་དང་། གལ་ཏེ་རུ་ཏྲ་གཅིག་སྒྲོལ་བའི་དབང་དུ་བྱས་ནའང་ཐམས་ཅད་མ་བསྒྲལ་བར་ཐལ། ཕྱི་རབས་སྒྲུབ་པོའི་བློ་ངོར་ཐོ་འཚ མས་བྱེད་པོ་དག་གི་སྲིད་མཐའ་མི་ཁེགས་པའི་ཕྱིར་སྙམ་དུ་དོགས་སོ། །དེ་ནས་མོ་རྒྱུད་རྣམས་དང་སྦྱོར་བ་མཛད་ཚུལ་བྱུང་བ་ལ་འདི་བརྟག་པར་བྱ་སྟེ་ཧེ་རུ་ཀ་རེ་རེ་ལ་དབང་མོ་བརྒྱད་དང་ལྔ་ལྔས་འཁྲིལ་ཚེ་རེ་མོས་སམ་དུས་གཅིག་ཏུ་རོལ་ཞིང་། དབང་མོའི་མགོ་བརྙན་ཕྲ་མེན་ནམ་ཁྲོ་མོའམ་རང་རྒྱུད་མའི་ཚུལ་ཅན་གང་དུ་བཟུང་ལ། དཔལ་ཆེན་པོས་མ་མོ་བརྒྱད་མ་གཏོགས་མོ་རྒྱུད་ཐམས་ཅད་སྦྱོར་བས་མ་བཏུལ་བར་ཐལ་བ་དང་། སྒྲུབ་ཐབས་


MLP019_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་དབང་མོའི་ཚབ་ཏུ་རིགས་ཀྱི་ཡུམ་ལྔ་འབྱུང་བའི་རྒྱུ་མཚན་ལ་བརྟག་གོ །ངོ་མཚར་ཚོགས་དཀྱིལ་བསྐྱེད་སྐབས་རྒྱུད་དང་དམ་པ་རྒྱན་ལྟར་ཡབ་ཡུམ་སྦྱོར་མཚམ་ནས་སྤྲོ་བར་འདོད་དམ་སྟེ། རོག་གི་མངོན་རྟོགས་སུ་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཟེགས་མ་ལས་ཧ་ཧེ་ཕཊ་ཏུ་འགྱུར་པ་སོ་སོའི་གདན་ཁར་བཀོད་ནས་བསྐྱེད་སྔགས་ཀྱིས་སྐུར་བསྐྱེད་པར་མཛད་དོ། །དབང་མོ་ཉེར་བརྒྱད་ལ་སྲས་མོ་ཉི་ཤུ་ལས་མ་བྱུང་བའི་མང་ཉུང་མི་འཚམས་པར་མི་འགྱུར་བའི་ཤེས་བྱེད་དང་། ཁྲོ་མོ་དེ་དག་གཙོ་བོ་ཁོ་ན་ལས་མ་གདོན་པས་བདག་སྲས་མིན་པར་ཐལ་བ་འདི་སྤང་དགོས་པ་ལ་དཔྱད་དོ། །གསུམ་པ་ནི། སྔོན་བྱུང་དབང་བཙན་དུ་བྱས་པའི་དབང་བསྐུར་སྐབས་ཕོ་རྒྱུད་རྣམས་ལ་དབང་མ་བསྐུར་བར་ཐལ། དབང་རྟགས་མ་བཤད་པའི་ཕྱིར་སྙམ་ཞིང་ལམ་ཉམས་ལེན་གྱི་སྐབས་རྩ་ལྷ་ཁྲོ་བོ་ལ་ཡན་ལག་གི་ལྷ་ཞི་བ་བསྒོམ་ཆོག་མིན་དང་། གཏེར་ཕྱོགས་འགའ་ཞིག་ཏུ་ཡེ་སེམས་དུད་འགྲོའི་ཚུལ་ཅན་ཡང་མངོན་ཏེ་རྒྱུ་མཚན་ལ་བརྟག་གོ །ལམ་ཞུགས་རྣལ་འབྱོར་པ་ལ་བཀའ་ཉན་དེ་དག་གིས་མཐོང་ལུགས་དང་ཁུར་ལུགས་ཀྱི་ཚུལ་ཡང་སྤྲོ་བར་ཞུའོ། །དེ་དག་ནི་བདག་སྲས་ཀྱི་ཆོ་ག་ཞེས་སུ་གྲགས་པ་དེ་ཡིན་ཏེ་འབྲས་བུའི་སངས་རྒྱས་ལམ་དུ་གང་བྱེད་གཞིར་གནས་གདོད་མའི་སངས་རྒྱས་ཀྱི་གདུང་རི གས་ལས་བསྐྱེད་དགོས་པའི་ཚུལ་ལོ། །དྲི་བཅས་གནས་ལུགས་ཀྱི་གཞི་དེ་འབྲས་བུ་ལམ་བྱེད་ཀྱི་གདུང་སྲས་སུ་བཟུང་བས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པའི་རྒྱུ་མཚན་ལ་ལྟོས་ཏེ་གཞན་སྲས་ཀྱི་ཆོ་གར་གྲགས་པ་དེ་ནི་ལེའུ་བཅུ་དྲུག་པས་སྟོན་ཏེ་འདི་ལ་རང་ལུགས་ཀྱི་ཊཱིཀ་དག་ཏུ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་སོགས་ལས་རིམ་གྱི་སྔགས་དང་གཉིས་སུ་འཆད་པའི་ས་ཁོངས་དང་པོ་གཞན་སྲས་ཀྱི་ཆོ་གའི་སྒོམ་རིམ་དང་སྦྱར་ཚེ་ངག་དོན་བརྒྱད་དུ་བཤད་པ་དེ་དག་གི་སྐབས་བརྟག་པར་བྱ་བ་འདི་སྣང་སྟེ་དམ་པ་རྒྱན་ལྟར་མཁའ་གསང་མ་རློབ་པའི་གོང་དེར་རམ་དྲ་ཆུང་དང་འོད་རིམ་ལྟར་ལྷ་ཚོགས་ཐམས་ཅད་བཀོད་གྲུབ་ནས་དབང་བསྐུར་དང་བྱིན་རླབས་བྱ་ཞིང་དབང་མོ་རྣམས་བསྐྱེད་ཚུལ་རོག་སོགས་ཀྱི་བཞེད་པ་ལྟར་བྷྱོ་ཉེར་བརྒྱད་


MLP019_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་སམ། རྟ་སྟོན་དང་རྩི་ལུགས་པ་སོགས་ཀྱི་ལྟར་རྡོ་རྗེ་མེ་ལོང་ནས་འབྱུང་བའི་བསྐྱེད་སྔགས་ཀྱིས་སམ། གཉོས་ནང་པ་དང་སྒྲོལ་གཡུང་སོགས་ཀྱི་ལྟར་གཙོ་བོའི་ཐུགས་ཀ་ནས་བྷྱོ་ཉེར་བརྒྱད་རང་རང་གི་གནས་སུ་སྤྲོས་ཏེ་བསྐྱེད་སྔགས་ཀྱི་ལྷར་བསྒོམས་པ་གང་ལྟར་བཟུང་། དེ་ནས་ཏིང་ངེ་འཛིན་རིམ་པ་དངོས་ལ་གསུམ་དུ་བྱས་པའི་ཐ་མ་ལེའུ་འདིའི་གཞུང་དོན་གྱི་ས་ཁོངས་གཉིས་པ་ལ་བརྟག་པར་སྤྲོ་ན་ལས་རིམ་གྱི་སྔགས་འདི་དག་ཡོངས་གྲགས་ཀྱི་སྐད་ཆེན་བཞི་དང་དེར་ཡང་མ་འདུས་པའི་སྐད་རིགས་གང་ཡིན་དང་། མངོན་རྟོགས་སྦྱར་བའི་དང་། དྲངས་པའི་དང་། བསྒྱུར་བའི་སྒྲ་ལས་གང་དུ་ངོས་འཛིན་ནམ། ཞེས་སྨྲ་སྟེ་སྔགས་ཐམས་ཅད་ལ་བསྒྲེའོ། །བཟླས་སྔགས་ལ་བརྩོན་པ་ན་སྐྱོན་བཅུ་སྤངས་ཏེ་བཟླ་ཚུལ་གསུམ་གྱིས་བཟླ་བར་ལམ་རིམ་སོགས་ལས་བསྟན་པ་གང་ཞིག་སྔ་མ་བཤད་ཟིན་ཅིང་ཕྱི་ནང་གསང་གསུམ་དང་ཁྲོ་བོ་གསུམ་གྱི་བཟླ་ལུགས་ཀྱི་ངོས་འཛིན་དང་སྔགས་དོན་མ་ཤེས་པར་དང་། སྒྲར་འགྱུར་ནས་ {འགྱུར་ནས་}བཟླས་པ་ལ་དངོས་གྲུབ་འབྱུང་མིན་རྣམས་བརྟག་གོ །དེ་ལྟ་བུའི་ཚུལ་ནི་དངོས་གྲུབ་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་སྒྲུབ་པའི་གཙོ་བོར་བསྔགས་པས་ཤིན་ཏུ་གཅེས་སོ། །སྤྱིར་གསང་རིག་གཟུངས་གསུམ་གྱི་སྔགས་ཀྱི་རྣམ་བཞག་འཇོག་ཚུལ་ནི། རིག་སྔགས་ཐབས་ཀྱི་ངོ་བོ་ལ། །གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་སོགས་རྒྱུད་གཞུང་འགར་གྲགས་པ་གཞན་ཡང་ཡོད་མོད་འདིར་ནི་གསང་བདག་ཞལ་ལུང་ནས་བཤད་པ་ལྟར་བཟུང་ན་ལེགས་སོ།། །།རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་གསལ་གདབ་པ་ལ་དཔྱད་པའོ། །དང་པོ་ནི། དེའི་སྐབས་ནང་སྒོ་ལ་རྟ་བབས་མི་བྱེད་པར་འདོད་དམ་སྟེ་གོང་མ་དག་གི་བཞེད་པ་དང་རྡོ་རྗེ་མེ་ལོང་གི་ལུང་དོན་དང་འག ལ་བ་འདི་སྤང་དགོས་སོ༑ ༑ཕྱི་ནང་གི་རྩིག་པ་གཉིས་པོ་སྔ་རབས་པ་དག་གི་ལྟར་རིན་ཆེན་དང་ཐོད་པ་ལས་སམ། རྟ་སྟོན་སོགས་ཀྱི་ལྟར་ཐོད་རྩིག་རིམ་པ་ལྔ་དང་གསུམ་ལས་གྲུབ་པར་འདོད་ཅིང་རྡོ་རྗེར་


MLP019_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་དེ་གཉིས་ལས་གཞན་ཐོད་སྐམ་རྩིག་པ་ཞེས་པ་ཞིག་ཀྱང་བཤད་པས། སྒོ་གསུམ་སྦྲགས་སུ་འགྱུར་བར་དོགས་སོ། །གདན་བསྐྱེད་སྐབས་དྲེགས་པ་ཅན་ཕོ་མོ་རྣམས་གདུག་པའི་གཅན་གཟན་གྱི་ཚོགས་ཀྱི་བཟུང་ཚུལ་འབྱུང་བ་དེ་སྤར་ཁབ་དང་ཉི་སེང་མ་དང་དཀོན་ཅོག་འགྲེལ་གྱི་ལུང་གང་ལྟར་བཟུང་ཞིང་། སྔར་མོ་སྦྱོར་བས་བཏུལ་ནས་རང་གནས་སུ་བཏང་བར་བཤད་ལ་འདིར་གདན་དུ་བྱས་པ་གཉིས་མི་འགལ་སྒྲུབ་བྱེད་འགོད་དགོས་པར་མངོན་ནོ། །གདན་འདི་དག་སྨོན་ལམ་གུས་པ་དང་ཐུགས་རྗེ་མཐུན་འཇུག་གི་གདན་གཉིས་ཀར་མི་འགལ་བ་བཞེད་ཀྱང་འགྲེལ་བ་མངོན་རྟོགས་ལས་ལྷ་ཆེན་པོ་རྣམས་ཀྱི་ཞོན་པ་འཕྲོག་པའོ་ཞེས་པས་ཅུང་ཟད་གནོད་པ་དང་བཅས་པ་ཞིག་གམ་སྙམ། གཉིས་པ་ནི། རྒྱན་ཆས་ཀྱི་སྐབས་སྒྱུ་འཕྲུ ལ་གྱི་ལུགས་གཞིར་བཟུང་ལའང་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་དུར་ཁྲོད་ཀྱི་ཆས་བརྒྱད་པོ་རྟོག་པ་ལྷ་རྒྱུད་ལས་གསུངས་པ་ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། ཞེས་སོགས་ལྟར་དང་། གཡུང་ཊཱིཀ་ན་གསལ་བ་ལྟར་ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་གཡང་གཞི་ཞེས་སོགས་མི་འདྲ་བའི་ཕྱོགས་གཉིས་སུ་གྲགས་ཏེ། གང་ལྟར་བཟུང་ངོ་། །དེ་བཞིན་དུ་དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་དཔལ་གྱི་ཆས་བཅུའང་། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །ཞེས་སོགས་དང་། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཞེས་སོགས་ལུང་གཉིས་དང་གསལ་བའི་རྒྱན་ལའང་། སྙན་གོང་གཡས་གཡོན་ཉི་ཟླས་བརྒྱན་པ་དང་། ཉི་ཟླའི་ཕྲེང་བས་སེ་རལ་ཁར་བྱས་པ་ཞེས་མི་མཐུན་པར་སྨྲ་སྟེ་སྔར་ལྟར་དཔྱད་དོ། །ཕྱག་མཚན་གྱི་ངོས་འཛིན་བརྗོད་པ་ན༑ སྒྱུ་འཕྲུལ་རྡོ་རྗེ་དང་བླ་མ་དང་བཀའ་མཆིམས་ཕུ་མའི་ཕྱག་བཞེས་སུ་གྲགས་པ་སོགས་ལ་མི་འདྲ་བའི་ཁྱད་བག་རེ་སྣང་བ་ནི་གདུལ་བྱའི་མོས་དབང་ལ་ལྟོས་ཕྱོགས་ནས་བསྙད་མོད་འོན་ཀྱང་གཅིག་ཏུ་མ་ངེས་པའི་ཕྱིར་ཉམས་སུ་བླང་མི་བཏུབ་པའི་སྐྱོན་དུ་ཐལ་བ་འདི་སྤོང་བར་རིགས་སོ། །འཁོར་གྱི་བཀོད་པ་གནས་ཡུལ་གྱི་མ་མོ་ཞེས་པའི་གནས་དང་ཡུལ་གྱི་སྒྲ་བཤད་ཚུལ་ལ་བརྟག་པ་གཞིར་བཟུང་བ་ན་ཕྱི་ལྟར་གྱི་ཡུལ་བརྒྱད་ལ༼ས༽་དགར་


MLP019_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུར་ཁྲོད་བརྒྱད་མ་གྲུབ་པས་དེ་དང་དེའི་མ་མོ་རྣམས་གནས་གཅིག་ཏུ་འགྱུར་བའི་སྐྱོན་དུ་ཐལ་བར་གྲག་གོ། །།ལེའུ་བཅོ་བརྒྱད་པའི་སྐབས་བརྟག་པར་བྱ་བ་འདི་སྣང་སྟེ་ཞི་ཁྲོ་གཉིས་ཀའི་ཐུན་མོང་གི་དབང་དུ་མཆོད་པའི་ལས་རིམ་བཅུ་བཞིར་བཤད་པའི་ནང་ཚན་སྦྱོར་སྒྲོལ་གཉིས་པོ་སྔར་བསྟན་པ་དང་མི་ཟློས་པའི་ཤེས་བྱེད་ཇི་ལྟར་སྙམ་ཞིང་ཁྱད་པར་ཁྲོ་བོའི་སྐབས་སུ་སྔར་གྱི་སྟེང་དུ་རཀྟ་བསྣན་ཏེ་བཅོ་ལྔ་དང་ད མ་བཅའ་བཅུ་དྲུག་སྟེ་བཅུ་དྲུག་ཏུ་འདོད་པ་དང་དེ་དག་ལས་ཀྱང་གཞན་ཞིག་ལེགས་ལྡན་གྱི་རྒྱུད་ཀྱི་ལེའུ་ལྔ་པར་ཁྲག་འཐུང་ང་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པའི་སྐབས་ལས་འབྱུང་མོད་ཀྱི་འདིར་ནི་ཞི་བ་ལྟར་བཅུ་བཞི་ལས་དགུ་པའི་གནས་སུ་རཀྟ་ཚར་གསུམ་སྦྲེང་ཚལ་གྱི་བསམ་རྒྱུད་ལ་དཔྱད་དོ། །འབྱུང་བ་ལྟར་བཟུང་བར་གསུངས། དེའི་སྐབས་སྒྲུབ་ཐབས་སུ་ཧེ་རུ་ཀའི་གནས་བཅུ་དང་། ཞེས་པའི་གནས་བཅུའི་ངོས་འཛིན་སྤྲོ་བར་རིགས་སོ། །མཆོད་པ་ཐམས་ཅད་ངེས་པར་དགོས་སམ་མི་དགོས། དགོས་ན་གླུ་ཡེ་ཤེས་ཙམ་གྱིས་ཆོག་པར་དམ་པ་རྒྱན་གྱི་རྩ་བར་བཤད་པ་དང་འགལ་ལ་མི་དགོས་ན་དེ་ལྟར་བསྟན་པ་དོན་མེད་དུ་ཐལ་ལོ།། །།དམ་ཚིག་གི་ཆེ་བ་དང་། རྣམ་གྲངས་མདོར་བསྟན་པ་དང་། མཉམ་པའི་དམ་ཚིག་སྐྱོན་ཡོན་དང་བཅས་པ་དང་། དམ་ཚིག་ཉམས་པའི་སྐྱོན་དང་། དམ་ཚིག་གི་རང་བཞིན་དང་། དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་པ་དང་། དེ་མ་ཉམས་པའི་ཡོན་ཏན་ལ་དཔྱད་པའོ། །དང་པོ་ནི། དེ་ལ་དཀའ་བའི་གནས་སུ་སྣང་བ་ནི་འདུས་པ་དང་རྣམ་པར་དག་པ་ཞེས་གནས་གྱུར་པའོ། །དེའང་སྤྱིར་སྡོམ་པ་ཀུན་རིགས་བསྡུ་ན་སོར་བྱང་སྔགས་གསུམ་དུ་འདུ་ཚུལ་རྔམ་གློག་སོགས་སུ བཤད་པ་གང་ཞིག དེ་གསུམ་རྣམ་པ་འགལ་ལ་ངོ་བོ་ཚང་བ་དང་གནས་གྱུར་པའི་ཕྱིར་སོར་བྱང་གཉིས་ཀྱང་སྔགས་


MLP019_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་དུ་འདུ་ཞིང་རྣམ་པར་དག་པའོ། །རྣམ་པ་ཇི་ལྟར་འགལ་ན་ཇི་སྲིད་དུས་ཀྱི་དང་། གང་གི་རྗེས་སུ་བསླབ་པའི་དང་། དངོས་གཞི་གཙོ་བོའི་དབང་དུ་བྱས་པའི་དང་། ཆེད་དུ་བྱ་བའི་ཁྱད་པར་གྱིས་སོ། །ཞེས་དཔྱད་གཞི་ཙམ་མོ། །ཁྱད་པར་སྐབས་དེ་དག་ཏུ་གནད་གསང་རྨད་དུ་བྱུང་བའི་གཟེར་བུར་གྱུར་པ་ནི་འདི་ཡིན་༼པར་༽ སེམས་ཏེ། ད་ལྟ་རགས་པའི་སེམས་ཀྱིས་མ་དག་པའི་སྣང་ཞེན་བཀག་ནས་དག་པ་ལྟར་སྣང་ཡང་དེ་འདྲའི་དག་མ་དག་གཉིས་ལ་གློ་བུར་བའི་སེམས་ཀྱི་སྣང་བ་ཡིན་མིན་ཁྱད་མེད་ཅིང་། དག་པར་སྣང་བ་དེ་མ་དག་པའི་དངོས་པོའི་གནས་ཚུལ་དུ་སྒྲུབ་མི་ནུས་པས་ཉི་ཚེ་བར་ཟད་དེ་འདིའི་ཐད་ཀྱི་དགོ ངས་རྒྱན་དུ་སོ་བྱང་གཉིས་ལ་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆར་ཡོད་པ་ཞེས་གསུངས་པའི་རྒྱུ་མཚན་ཡང་དེར་ཐུག་གོ །དེ་ལྟའི་སྣང་ཞེན་ཉིད་ཕྱི་རྒྱུད་སྡེ་གསུམ་མན་ཆད་དུ་གསལ་བར་མ་བསྟན་པའི་ཡེ་ཤེས་ལམ་བྱེད་ཀྱི་གནད་ཐུན་མིན་ཞིག་ཡོད་པ་དེའི་སྟེང་ནས་གཞལ་ན་ནི་གསེར་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་ལྟར་སྤངས་ལེན་མེད་པར་དེ་འདྲ་བའི་ལས་སྣང་དང་བཅོས་མའི་ཏིང་ངེ་འཛིན་གྱི་སྣང་བ་ཐམས་ཅད་ཡེ་ཤེས་རང་སྣང་གི་འཁོར་ལོ་འབའ་ཞིག་ཏུ་མཉམ་པར་བལྟའོ། །དེའི་ཕྱིར་སོ་ཐར་གྱི་གཞན་གནོད་གཞི་བཅས་ལས་ལྡོག་པ་དང་། བྱང་སྡོམ་གྱི་གཞན་ཕན་ལ་ཞུགས་པའི་ལྡོག་ཆ་གཉིས་པོ་དེ་སྔགས་སྡོམ་གྱི་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པ་ནི་ཐབས་མཁས་ཀྱི་ནང་དུ་ཚང་ཞིང་། རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་ཀྱི་སྡོམ་རྫས་སུ་གནས་འགྱུར་བ་ཡིན་ནོ། །ཞེས་པ་འདི་འབྱུང་ངོ་། །དེ་སྐབས་འཕྲོས་ཀྱི་རྒོལ་བ་ནི། སུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། དེའི་རྒྱུད་ཀྱི་བྱང་སྡོམ་དང་སྔགས་སྡོམ་དུ་ཐལ། དེ་དང་དེར་གནས་གྱུར་པའི་ཕྱིར། །ཞེས་སྨྲའོ། །ཡང་སྔགས་སྡོམ་དེ་དང་པོར་བླ་མ་ལས་ཐོབ་པ་མེད་དུ་མི་རུང་ཞིང་དེ་ལ་ཐོབ་པའི་དུས་མཚམས་ཤེས་ནས་ཐོབ་བློ་སྐྱེ་བ་གལ་ཆེ་བར་གསུངས་ནས་དེའི་མཐར་སྐྱེ་བར་བཤད་པས་དུས་མཚམས་བརྟག་པར་སྤྲོ་ན། རྡོ་རྗེ་ལས་རིམ་ལས་ནི་དཀྱིལ་འཁོར་དུ་འཇུག་པའི་སྐབས་སྐུ་གསུང་ཐུགས་ཀྱི་དམ་ཚིག་


MLP019_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་ཉིད་སྡོམ་བཟུང་དུ་བཞེད། སྔོན་གྱི་སྒྱུ་འཕྲུལ་མཁན་པོ་རྣམས་ནི་དབང་གི་སྔ་རོལ་དུ༑ དང་པོ་ཐུན་མོང་གི་སྡོམ་བཟུང་དང་། དེ་ནས་ཁྱད་པར་སྡོམ་བཟུང་ལན་གསུམ་རེ་བརྗོད་པའི་མཐའ་ལ་སྐྱེ་བར་བཞེད་དེ་གང་ལྟར་བཟུང་། དེའང་སྡོམ་བཟུང་གི་དུས་སུ་སྔགས་སྡོམ་ཐོབ་ཀྱང་སྔགས་སྡོམ་མཐའ་དག་དེར་བཟུང་བ་མིན་པ་ཞིག་གམ། སྔགས་སྡོམ་ལ་རིས་མི་འདྲ་བ་མང་པོ་མེད་པར་གཅིག་ཏུ་ཟད་པས་དེ་ཁས་བླང་གིས་བཟུང་བའི་མཐར་ཐོབ་ཀྱང་དེའི་འོག་ཏུ་དབང་རྣམས་བསྐུར་བས་སྡོམ་རྒྱུན་གོང་འཕེལ་དུ་འགྲོ་བ་ཞིག་སྟེ་སྔར་ལྟར་དཔྱད་དོ༑ ༑སྤྱིར་དམ་སྡོམ་གཉིས་ལ་ཁྱད་འབྱེད་རིགས་པའི་དམ་བཅའ་འཐད་པ་གང་ཞིག ངོ་བོའམ་ལྡོག་པའི་སྒོ་ནས་འབྱེད། དང་པོ་ལྟར་ན་ངོ་བོ་གཅིག་པར་བཤད་པ་དང་འགལ་ཞིང་། གཉིས་པ་ལྟར་ན་དམ་སྡོམ་གཉིས་ནམ་དུ་ཡང་ཁྱབ་མཉམ་མིན་པར་ཐལ་ལོ། །དེ་གཉིས་ཀྱི་མཚན་ཉིད་འཇོག་ལུགས་ཀྱང་རྟོགས་ནུས་སོ། །དེ་ལ་གཉིས་པ་ནི་སྐབས་དོན་དམ་ཚིག་གི་རྣམ་གྲངས་ནི་སྤྱིར་མཐའ་ཡས་ཀྱང་བསྡུ་ན་རྩ་བ་དང་ཡན་ལག་གཉིས་སུ་འདུ་ལ་དེའང་རྒྱུད་གཞུང་འདི་ཉིད་ལས་གྲགས་པ་ལྟར་ན་རྩ་བའི་དམ་ཚིག་ལྔ་དང་ཡན་ལག་གི་དམ་ཚིག་བཅུའོ། །དང་པོའི་སྐབས། བླ་མེད་བྱང་ཆུབ་ཀྱི་སེམས་སྐྱེད་མི་སྤོང་བའི་ཚུལ་ལ་ཐེག་ཆེན་ཐུན་མོང་གི་གཞུང་དུ་གྲགས་པའི་སེམས་བསྐྱེད་དང་། རྣམ་གཞག་དང་ཐ་དད་ལུང་དང་ཅིར་སྣང་ལྷའི་འཁོར་ལོར་བསྒོམ་ན་བླ་མེད་དོན་ཀུན་གྱི་སེམས་གཉིས་ཀ་དེར་འདུ་བར་བཤད་པའི་རྒྱུ་མཚན་དཔྱད་དོ། །བླ་མ་བཀུར་ཞེས་པའི་བླ་མ་ལ་གསང་སྔགས་སྟོན་པ་ལས་གཞན་ཡང་ཡོད་པ་འགལ་མིན་དང་། འདིར་བསྟན་བླ་མའི་དབྱེ་བ་གསལ་བཀྲ་ལས་བཤད་པ་དང་མཐུན་མིན་བརྟག་གོ །སྔགས་རྒྱ་རྒྱུན་མི་གཅོད་པ་ནི་བླ་མེད་བསྒྲུབ་བྱར་བྱས་པའི་སྒྲུབ་བྱེད་དུ་དཀོན་ཅོག་འགྲེལ་ལས་གསུངས་ཤིང་དེར་མ་བརྩོན་ན་བཅས་འགལ་གྱི་ལྟུང་བ་སྐྱེད་པ་ཡིན་པ་གང་ཞིག་དེ་སྐྱེ་མཚམས་ལ་དཔྱད་དོ། །འདིར་བསྟན་མཆེད་ལ་བྱམས་པ་དེར་གསལ་བཀྲ་ལས་བཤད་པ་ལྟར་བཟུང་ངམ་སྟེ་ལེའུ་བཅུ་གསུམ་པར་ཕར་ཕྱིན་ཐེག་པ་ལ་ཡང་དག་ཉིད་མ་རྟོགས་པ་ཞེས་གསུངས་པ་དང་ཅུང་ཟད་མ་མཐུན་ནོ། །ཞར་བྱུང་ཚུལ་


MLP019_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅི་ཙམ་གྱིས་རྩ་ལྟུང་དུ་འགྱུར་ཚུལ་ལའང་བརྟག་གོ །གསང་བ་མི་སྨྲ་བ་ལ་སྤྱི་གསང་བཞི་དང་། བར་གསང་བཞི་དང་། གསང་བར་འོས་པ་དང་གཉེར་གཏད་པ་གཉིས་ཏེ་བཅུའོ། །དེ་ལྟར་རྩ་བའི་དམ་ཚིག་གི་རྣམ་གྲངས་དེ་དག་བསྲུང་བ་དང་སྒྲུབ་པའི་དམ་ཚིག་ཏུ་དང་རྡོ་རྗེ་གསུམ་གྱི་དམ་ཚིག་ཏུ་བསྡུ་ན་གང་དུ་བསྡུའམ། ཡང་ཡན་ལག་ཏུ་གྱུར་པའི་དམ་ཚིག་གི་སྐབས་ལོག་པའི་དུག་ལྔ་མི་སྤོང་བར་བཤད་པ་འདི་གསང་བའམ་བསྒྲག་པ་ཡིན། དྲང་དོན་ནམ་ངེས་དོན་ཡིན། མི་སྤོང་བའི་རྒྱུ་མཚན་གང་ལ་ཐུག་མ་སྤངས་པ་ལ་དགོས་ཆེད་ཅི་ཡོད་ཅེས་དང་། དེ་ལམ་དུ་བྱེད་ཚུལ་ཉོན་མོངས་དྲག་པོ་སྐམ་གྱིས་སྐྱེས་པའི་རང་ལྡོག་དེའམ། གཏན་ཚིགས་ཀྱིས་གཞིག་པས་རང་བཞིན་མ་གྲུབ་པ་དེའམ་གཉེན་པོར་གྱུར་པ་དེའམ། འགགས་པའི་རྗེས་ཐོག་གི་ཤེས་པ་དེ་ལམ་དུ་བྱེད་དེ་གང་ལྟར་ཡང་རིམ་པར་བརྗོད་པའི་སྐྱོན་འདི་དག་ནི་སོ་ན་གནས་སོ། །གང་ཞེ་ན་མཚམས་མེད་བྱེད་པོར་དེའི་ལས་ཀྱིས་མི་གོས་པ་དང་། རྒྱུའི་ཐེག་པ་བ་དང་ཁྱད་མེད་པ་དང་། ཉོན་མོངས་ལམ་བྱེད་ཀྱི་རང་ཚིག་ཉམས་པ་དང་སྤང་གཉེན་ཐ་དད་དུ་ཐལ་བ་འདིའོ། །གྲུབ་པ་བཞི་ལྡན་གྱི་དམ་རྫས་ལྔ་མི་དོར་བའི་རྒྱུ་མཚན་བཞི་དང་བཅས་པ་འགོད་པར་རིགས་སོ། །ས་ཁོངས་གསུམ་པ་རྟོགས་སླ་བས་མ་སྤྲོས་ཤིང་། བཞི་པའི་སྐབས་བརྟག་པར་བྱ་བ་འདི་ཡོད་དེ་དམ་ཚིག་ཉམས་པ་ཀུན་སླར་གསོར་རུང་ངམ་སྟེ། ཐུགས་ཀྱི་དམ་ཚིག་ཉམས་ན་དངོས་སུ་བསྐང་བའི་ཐབས་མེད་པར་བཤད་པ་དང་འགལ་ལོ། །ལྔ་པ་ནི། སྤྱིར་སེམས་ལ་རྡོ་རྗེར་འཇོག་པའི་རྒྱུ་མཚན་ལྔ་ལས་འདིར་གང་ལྟར་བཟུང་། དྲུག་པ་ནི། འདི་ལ་དོན་དང་རྣམ་གྲངས་སྤྲོས་པ་གཉིས་ལས་སྔ་མ་ནི་རྒྱས་པ་ལས་བཤད་པ་ལྟར་དགུ་བཅུ་རྩ་བདུན་དུ་ངེས་སོ། །ཕྱི་མ་ནི། སྒྱུ་འཕྲུལ་ཕྲ་རྒྱས་སུ་བཤད་པ་ལྟར་གྱི་རྩི་ཚུལ་ལ་བརྟེན་ནས་སུམ་བརྒྱ་དང་དྲུག་ཅུ ར་དབྱེ་སྟེ་རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་ལས་གཞན་དུ་ངེས་པ་མེད་པར་ཤེས་པར་བྱའོ། །དེ་ལ་མཚན་ཉིད་སོ་སོའི་དབྱེ་བའི་རྣམ་གྲངས་གཞན་པ་ཡིན་མིན་གྱི་བརྟག་པ་འདི་འབྱུང་ངོ་། །བདུན་པ་ནི། འདིར་འཕགས་པས་བྱིན་གྱིས་བརླབས་པ་ཐུན་མིན་གྱི་ཡོན་ཏན་དུ་འཇོག་ཀྱང་དེ་ལྟར་ན་


MLP019_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་དང་བྱང་སེམས་རྣམས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རྣམ་བཞག་འཇིག་པར་ཐལ་ལོ་ཞེས་སྨྲ་སྟེ་འཇིག་རྟེན་པས་གཙོ་གྱུར་ཚངས་དབང་སོགས་ཀྱིས་བཀུར་གནས་མིན་པར་ཐལ་བའང་དེ་ལྟར་རོ། །ཉམས་པ་གསོ་ཚེ་དགེ་བའི་བཤེས་གཉེན་ལ་བརྟེན་དགོས་མིན་ཡང་བརྟག་པར་བྱའོ།། །།ལེའུ་ཉི་ཤུ་པ་ལ་ལྔ་སྟེ། རྫས་ཧོམ་ལུག་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་དང་། ལྷག་མའི་ལས་དང་། བྲོ་གར་གླུ་ཚིག་གི་ཡོན་ཏན་དང་། ལས་བཞིའི་གནས་གཟུངས་ཐུན་མོང་དུ་བསྟན་པ་དང་། དོན་སྟོངས་ཀྱི་སེམས་བསྟེེན་པ་ལ་དཔྱད་པའོ། །དང་པོ་ནི། འདིར་མངོན་རྟོགས་ལས་བསྡེབས་ཀྱི་དབང་དུ་རྫས་ཀྱི་རིམ་པ་སྟེ་དེ་ལ་ལྔ་ལས། གཞུང་གི་དངོས་བསྟན་གྱི་བབ་དང་བསྟུན་ནས་དཔྱད་པའི་སྒོ་ཅུང་ཟད་བཏོན་ན་ཚོགས་འཁོ ར་སྐབས་ཞི་ཁྲོ་གཉིས་ཀྱི་ཆོ་གའི་ཁྱད་པར་ལ་བརྟག་པ་གཞིར་བཟུང་ནས། ཁྲོ་བོའི་དབང་དུ་ཁྱད་པར་མཆོད་པ་ན་ཚོགས་ཕུད་ཆ་བཞིར་སྤྲོས་པའི་དང་པོས་མཆོད་ཅིང་བར་པས་བཤགས་ནས། ཐ་མ་བཏབ་ཅིང་ཕྲིན་ལས་བྱ་བ་ལ་ལུགས་གཉིས་ལས་གདུལ་བྱ་རྒྱས་པར་བྱེད་པ་ལ་ངག་དོན་བཅུ་གསུམ་གྱིས་སྟོན་པའི་སྐབས་འདི་དཔྱད་པར་བྱ་སྟེ། སྤྱིར་སྒྲུབ་པ་དང་ཕྲིན་ལས་གཉིས་ལ་ཁྱད་པར་འབྱེད་ལུགས་ཇི་ལྟར་སྙམ་ཞིང་ཕྱི་མའི་སྐབས་རྒྱུད་གཞུང་ཉིད་ཀྱི་དངོས་བསྟན་དུ་ལས་བཞིའི་གོ་རིམ་བཟློག་སྟེ་བྱུང་བའི་རྒྱུ་མཚན་དང་། བསྒྲུབ་བྱ་གང་ཡིན་གྱི་དམིགས་རྟེན་དངོས་དགོས་མིན་ལ་དཔྱད་དོ། །དཀྱིལ་འཁོར་བསྐྱེད་དུས་ཀྱི་ཡ་མ་བཾ་ཨེ་བཞི་པོ་ལས་དེ་དང་དེའི་ཡི་གེ ར་འཇོག་པ་ན། དབྱིབས་སམ་སྒྲ་དོན་གང་གིས་བཞག་ཅིང་ལས་འདི་རྣམས་གཞན་དོན་ཁོ་ནར་ངེས་སམ་སྟེ། ཐོག་མར་བདག་ཉིད་ཀྱི་རྟོགས་གོམས་བསྒྲལ་བར་བཤད་པ་སོགས་ཀྱི་རྣམ་བཞག་སྤོང་དགོས་པར་ཐལ་ལོ། །ཕུར་གདབ་ཀྱི་སྐབས་རིགས་སོ་སོའི་ཕུར་བུའི་རྒྱུ་དང་དབྱིབས་དང་ཁ་དོག་དང་གྲངས་དང་ལྷར་བསྐྱེད་ཚུལ་རྣམས་ངེས་པར་བྱས་ནས་གདབ་ཚུལ་དཀྱུས་དང་མི་འདྲ་བ་ལའང་བརྟག་གོ །འདིར་བསྟན་ལུག་རྒྱུད་ཀྱི་དང་


MLP019_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་འབྱུང་བའི་བྲོ་གར་གླུ་ཚིག་གི་ཡོན་ཏན་གཉིས་པོ་ཁྱད་འབྱེད་རིགས་པའི་འཐད་པ་འགོད་དགོས་པར་མངོན་ཞིང་། ཚོགས་ལ་རོལ་པ་ན་རྒྱུད་ལུང་མན་ངག་གི་རོལ་ཚུལ་ལ་དཔྱད་དོ། །གཉིས་པ་ནི། འདིར་ཞི་བའི་ལྷག་ཆོག་བྱེད་ཚུལ་ཕྱག་རྒྱ་བཞི་པའི་བསམ་གཏན་ལས་བཤད་པ་དང་མཐུན་ལ་ཁྲོ་བོའི་ལྷག་ཆོག་ལ་དཀྱིལ་འཁོར་བཤམས་པ་དང་མཆོད་པ་དངོས་གཉིས་ཀྱི་དང་པོ་ནི་སྒྱུ་འཕྲུ ལ་མཁན་པོ་ཕལ་ཆེར་དཀྱིལ་འཁོར་གྱི་ཤར་ལྷོར་དྲིའི་མཎྜལ་བཤམས་པར་བཞེད། ཧེ་རུ་ཀ་གལ་པོར་ལྷག་མའི་དཀྱིལ་འཁོར་བྱང་ཤར་མཚམས། ཞིང་ལྤགས་རཀྟས་ཟླ་གམ་ཨེ། །ཞེས་འབྱུང་སྟེ་གང་ལྟར་བཟུང་ངམ ། གཉིས་པ་ནི། འདི་ཉིད་ལས། དབང་ཕྱུག་མ་ལ་བྱིན་ཏེ་ལས་བཅོལ་བ་ཙམ་ལས་མ་གསུངས་ཀྱང་། སློབ་དཔོན་རྣམས་ཀྱིས་རྒྱུད་གཞན་ནས་ཁ་བསྐ ངས་ཏེ་རྒྱས་པར་མཛད། དེ་ལའང་བཞེད་པ་མི་མཐུན་ཏེ༑ ཁ་ཅིག་ཕུད་ལྷག་གིས་ཡས་མར་གྱི་གནས་བདུན་མཆོད་གསུངས། ཕལ་ཆེར་གལ་པོར་འདོད་པའི་རྒྱལ་པོ་ལྕགས་ཀྱུས་དགུག །རྟ་མགྲིན་གྱིས་དབང་བསྡུ་བར་བྱ། །ཧེ་རུ་ཀ་ཡིས་ཟིལ་གྱིས་མནན། །ཞེས་བཤད་པ་ལྟར་མཛད་དེ་གོང་ལྟར་བརྟག་གོ །ཞར་བྱུང་ཡས་མར་གྱི་གནས་བདུན་གྱི་ངོས་འཛིན་དང་ལྷག་མའི་སྒྲ་བཤད་ཚུལ་དང་ཚོགས་འཁོར་གྱི་ཡོན་ཏན་རྣམས་ཀྱང་སྤྲོ་བར་ཞུའོ། །གསུམ་པ་ནི། འདིར་ཁྲག་འཐུང་གཞན་རྣམས་ལ་བྲོ་བྱུང་ནས་སྒོ་མ་ལ་མི་འབྱུང་བའི་རྒྱུ་མཚན་ཅི་ལ་ཐུག་ཅིང་། དེའི་སྐབས་མཛོད་ལྡན་ཆེན་མོ་ཞེས་སོགས་ཀྱི་ངེས་ཚིག་འཇོག་ཚུལ་ལ་མི་འདྲ་བའི་ཁྱད་འགའ་ཞིག་སྣང་ཡང་མང་བས་འཇིགས་ནས་འདིར་མ་བཀོད་པས་སྤྲོ་ན་རོང་ཊཱིཀ་སོགས་ནས་གསལ་ལོ། །ཕྲ་མེན་ལ་དོན་རྟགས་དཔེ་གསུམ་ལས་དོན་དབྱིངས་ཡེ་གཉིས་མེད་ལ་ངོས་འཛིན་མཛད་པ་ན་ལྷ་ཐམས་ཅད་ཀྱང་དོན་གྱི་ཕྲ་མེན་ཤ་སྟག་ཏུ་ཁས་ལེན་དགོས་པ་ཞིག་འབྱུང་སྟེ་རེ་ཞིག་བརྟག་པར་འོས་པའི་གནས་སོ། །གཞན་ཡང་དབང་མོ་རྣམས་ལ་སླས་དང་བྱི་མོ་བྲན་མོ་གསུམ་གྱི་མིང་ནས་བསྙད་རིགས་པའི་འཐད་ཕྱོགས་ཀྱང་འགོད་དགོས་པར་མངོན་ནོ། །བཞི་པ་ནི། ཕྱི་གནས་དང་། ནང་ཏིང་ངེ་འཛིན་བཞི་ལ་སྦྱར་ཞིང་། གསང་བའི་སྐབས་སུ་གཟུང་མ་ལ་ངོས་བཟུང་སྟེ། དེ་


MLP019_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིགས་སོ་སོའི་མཚན་ཉིད་བརྟག་ཐབས་སོགས་ཀྱི་མན་ངག་འགའ་ཞིག་ནི་སྒྱུ་འཕྲུ ལ་རྡོ་རྗེ་ལས་གསལ་ཞིང་འདིར་དགོས་པ་ལ་ལྟོས་ཏེ་ཞིབ་ཏུ་མ་སྤྲོས་སོ། །ལྔ་པ་ནི། གོང་དུ་བཤད་ཟིན་ཏོ།། །།ལེའུ་ཉེར་གཅིག་པ་ནི་མངོན་རྟོགས་ལས་བསྡེབས་ཀྱི་དབང་དུ་ཁྲོ་བོའི་བསྟོད་རིམ་སྟེ༑ འདི་ལ་ཁ་ཅིག་སྐུ་གསུང་ཐུགས་ནང་གི་ཡོན་ཏན་གྱི་བྱེ་བྲག་མེད་དེ་སྤྱིར་བསྟོད་དོ། །གཡུང་འགའ་ཞིག་རང་བཞིན་དང་ཡོན་ཏན་དང་། མཛད་པ་སྟེ་གསུམ་གསུམ་དང་ལྡན་པར་བཞེད་དེ་གང་ལྟར་བཟུང་། །ཡི་གེ་ༀ་དང་ཧཱུྃ་གཉིས་སྐུ་ལྔ་ཡེ་ཤེས་ལྔར་མཚན་པ་འདྲ་བ་ལ་ཞི་ཁྲོའི་གླུའི་མགོ་འདྲེན་དུ་ཁྱད་འབྱེད་རིགས་པའི་རྒྱུ་མཚན་ཅི་ལ་ཐུག་ཅིང་རྟེན་བརྟེན་པ་སྤྱིར་བསྟོད་པ་འདི་ཡུམ་གྱི་ཡོན་ཏན་གྱི་ཆ་ལ་བསྟོད་པ་ཞིག་གམ། འབྱུང་བ་ཆེན་པོ་བཞི་ཉིད་རིགས་བཞི་ཧེ་རུ་ཀའི་རང་བཞིན་དང་མཛད་པ་དང་། བྱིན་རླབས་ཡིན་པར་སྟོན་ཞེས་སྨྲའོ། །བསྟོད་པ་ཡོན་ཏན་འདི་དག་གཙོ་འཁོར་ཀུན་ལ་མངའ་བར་འཇོག་སྟེ་རུ་ཏྲས་དཀྱིལ་འཁོར་གྱི་གཙོ་བོར་བྱས་པ་ལྟ་བུ་ཞིག་ཀྱང་ཁས་ལེན་རུང་བར་ཐལ་ལོ། །འོན་ཏེ་དགོས་པ་ལ་ལྟོས་པས་དེ་ཙམ་དུའང་མི་འགྱུར་ན་བསྟོད་ཡོན་ཡང་གཙོ་འཁོར་ཀུན་ལ་མེད་པར་གྲུབ་བོ༑ ༑དེ་ཡན་ཆད་ཀྱིས་རྒྱུད་དོན་དངོས་བསྟན་ཟིན་ཅིང་། དགོས་འབྲེལ་ནི་ཀུན་གྱི་ཁྱབ་བྱེད་ཡིན་པའི་ཕྱིར་བརྒྱུད་པའི་བཀའ་སྲོལ་ལས་ཤུགས་བསྟན་དུ་མཛད་དོ། །འོན་ཏེ་འཆད་པ་པོ་སྤྲོས་པ་ལ་དགའ་བས་བསྙད་ཀྱང་ཉེས་སྐྱོན་དུ་མི་འགྱུར་བས་དཔྱད་སྒོ་ཟུར་ཙམ་སྨོས་ན་སྤྱིར་ནི་དགོས་སོགས་ཆོས་བཞི་བསྟན་པ་གདུལ་བྱ་གཞུང་དེ་ལ་དང་པོར་འཇུག་པའི་ཆེད་ཡིན་པས་གཞུང་གི་སྔོན་དུ་བཤད་པར་བྱ་བ་ཡིན་ཡང་འདིར་རྒྱུད་དངོས་རྫོགས་པའི་མཐར་སྨོས་པའི་རྒྱུ་མཚན་ཅི་ལ་ཐུག་གམ། ཞེའོ།། །།ལེའུ་ཉེར་གཉིས་པ་ལ་གསུམ་སྟེ། གདམས་པ་དང་། གཏད་པ་དང་། མཛད་པ་


MLP019_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དུ་བཞུགས་ཚུལ་ལ་དཔྱད་པའོ། །དང་པོ་ནི། རྒྱུད་དབུ་ཞབས་ཀྱི་བརྗོད་བྱའི་མཐིལ་ནི། སྣང་བ་བཞི་ལས་གཞན་དུ་མ་གྲུབ་པས། དེ་ཉིད་འགྲོ་བའི་ཕན་བདེའི་གཞིར་མི་ནུབ་པར་བརྟན་པར་ཟུང་ཞེས་པའི་ཚུལ་ལ་འདི་ལྟར་དོགས་ཏེ། སྣང་བ་བཞིའི་གྲངས་དང་གོ་རིམ་དེ་ལྟར་ངེས་པའི་རྒྱུ་མཚན་དང་། བཞི་པོ་གཅིག་གམ་ཐ་དད་ལ་བརྟག་པ་གཞིར་བཟུང་ནས་གཞི་རང་བཞིན་གྱི་སྣང་བ་དེ། སྤར་ཁབ་ལྟར་རང་རིག་པ་ཐམས་ཅད་རྩལ་མ་འགགས་པར་སྣང་བ་ཞིག་ལ་འཇོག་པ་ན། རྩལ་མ་འགགས་པའི་ཕྱིར་དེའི་སྟེང་ན་སྣང་བ་གཞན་གསུམ་ཡང་སྣང་བར་ཁས་ལེན་དགོས་པ་ལས་མ་འདས་པས་དེ་གསུམ་དགོས་མེད་ཐལ་ལོ་སྙམ་ཞིང་རང་སྣང་དེ་གཞིའི་སྣང་བ་ཡིན་པས་མ་རྟོགས་པའི་དུས་ནའང་སྣང་བར་འདོད་དམ་སྟེ་སེམས་ཅན་རང་གྲོལ་དུ་ཐལ་བ་སེམས་སོ། །ལོག་རྟོག་འཁྲུ ལ་བའི་སྣང་བ་འདི་ཆོས་ཉིད་ལས་གཞན་དུ་མ་གྱུར་པ་ཞིག་ན། དེའང་རང་རྒྱུད་དུ་བཞག་རིགས་པར་དོགས་ཤིང་། བསྟན་པ་བློ་དང་འཚམས་པ་ཞིག་གདུལ་བྱ་ལམ་སྣང་དུ་འཇོག་རུང་བར་བྱས་པའི་རིགས་ཁྱད་དབྱེ་བ་ལས་གསལ་བ་གང་ཞིག ལམ་ཉམས་སུ་བླངས་པ་དོན་མེད་དུ་མི་འགྱུར་བ་རྒྱུ་མཚན་དུ་བྱས་པ་ན་མུ་སྟེགས་རྟག་ཆད་པ་ཡིན་ཡང་སྔགས་ཀྱི་འབྲས་བུ་མཐར་ཐུག་ཐོབ་པར་ཐལ་བ་འདི་འབྱུང་ངོ་། །རྟོག་པའི་རིག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བ་ཞིག་འབྲས་བུ་བདེ་གཤེགས་ཀྱི་སྣང་བར་བཞག་ཏུ་རུང་བ་ལུང་གིས་གྲུབ་པ་ན་མཐར་ལམ་པའང་དེར་ཐལ་བ་ཀུན་ཁྱབ་ཚད་མའི་རྒྱབ་སྐྱོར་དང་བཅས་པ་འདི་སྤང་དགོས་སོ༑ ༑གཉིས་པ་ནི། སྟོན་པའི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཕྱིར་སྡུད་པ་པོ་དང་། མི་ནུབ་པར་བྱ་བའི་ཕྱིར་གང་ཟག་ཆོས་མིག་ཅན་ལ་གཏད་པ་དངོས་སུ་བསྟན་ནས་ཞོར་ལ་ཕྱོགས་བཅུར་འཕེལ་ཞིང་བྱིན་ཆེ་བར་བྱ་བའི་ཕྱིར་མ་མོ་དང་མཁའ་འགྲོ་ལ་གཏད་པ་སྒྱུ་འཕྲུལ་རྒྱས་པས་ཁ་བསྐང་བའི་ཚུལ་ལ་བརྟག་ཕྱོགས་ཀྱི་ཟུར་ཙམ་འགོད་ན། འདིར་བསྟན་གསང་བདག་ཉིད་སྡུད་པ་པོ་གསང་བའི་བདག་པོར་འདོད་དམ་སྟེ་གཞན་དུ་གནོད་སྦྱིན་གསང་བའི་བདག་པོ་དང་། ལམ་རྒྱུད་ལྔ་འཕགས་པར་སྣང་བས་གསང་བའི་བདག་པོ་དང་། ཐུགས་


MLP019_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལེའུ་སྣང་བས་གསང་བའི་བདག་པོ་ཞེས་པའི་རྣམ་གཞག་ཅིག་ཀྱང་མངོན་ནོ། །སྒྲོ་དང་སྐུར་པ་ཞི་བ་ཡི། །ཞེས་སོགས་འབྱུང་བ་འདི་ག་རྒྱུད་ཀྱིའམ་གཏད་བྱའི་གང་ཟག་གི་ཡོན་ཏན་གང་ཡིན་བརྟག་ཅིང་ཕྱག་རྒྱའི་དོན་འདའ་བར་དཀའ་བ་དང་། མིང་ཚིག་ཡི་གེའི་ཚོགས་ལ་བདེ་གཤེགས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་པའི་རྒྱ་རྟགས་སུ་བཤད་པ་གང་ལྟར་བཟུང་བའི་ཚུལ་བརྗོད་པར་བྱའོ། །དེ་དག་ནི་སྔོན་བྱུང་དབང་བཙན་དུ་བྱས་པ་དང་བསྟུན་པ་ཙམ་དུ་ཟད་དེ་རྗེས་འཇུག་ལའང་སྦྱར་བར་འོས་པས་དེའི་ཚུལ་འགོད་རིགས་སོ། །གསུམ་པ་ནི། དེ་ཡང་རྒྱུད་དང་མདོ་སྡེ་ཁ་ཅིག་གི་ཚུལ་ལས་ནི། ཆོས་བཤད་པ་རྫོགས་ནས་འཁོར་རྣམས་རྗེས་སུ་ཡི་རང་ཞིང་མངོན་པ ར་བསྟོད་པ་ཙམ་དུ་གསུངས་ཏེ། དེ་ནས་སྤྱོད་ལམ་གཞན་གྱིས་བཞུགས་པར་མངོན། རྒྱུད་ལ་ལ་ལས་ནི་བཤད་པ་རྫོགས་ནས་དཀྱིལ་འཁོར་བསྡུས་ཏེ་མི་སྣང་བར་གསུངས་སོ། །འདིར་ནི་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ནས་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་པར་གསུངས་ཏེ། ཇི་སྲིད་གདུལ་བྱ་གཞན་སྣང་གི་ཁམས་སུའང་ཚུལ་དེ་ལྟ་བུ་ལ་མི་འདའ་བའི་ཆོས་ཉིད་དུ་གྲུབ་ཀྱི་བར་དེ་སྲིད་དུ་སྙིང་པོའི་བསྟ ན་པ་རྒྱ་མཚོའི་བྱིན་རླབས་ཀྱིས་ད ངོས་བརྒྱུད་གང་རུང་ནས་དོན་མཛད་ཚུལ་ལ་རྒྱ་གར་དུ་སློབ་དཔོན་སེང་གེ་བཟང་པོ་དང་། བོད་ན་ཞང་ཤེས་རབ་བླ་མ་སོགས་ནི་རྟེན་ཅན་གྱིས་དོན་བྱེད་པར་བཞེད། རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་དང་བོད་དུ་རོང་ཟོམ་ཆོས་བཟང་སོགས་ནི་རྟེན་མེད་ཀྱིས་དོན་བྱེད་པར་བཞེད། རྒྱ་གར་དུ་སློབ་དཔོན་ཤྲཱི་སེང་ཧ་དང་བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་སོགས་ནི་ངོ་བོ་ཉིད་ཀྱིས་དོན་བྱེད་པར་བཞེད་དེ། ཆོས་རྗེ་སྨྱོས་སྟོན་སྐུ་མཆེད་ཐུགས་སྲས་དང་བཅས་པའི་བཞེད་པ་གཞིར་བཟུང་ལ་འཐད་མིན་གྱི་ཆ་རྣམས་བརྟག་པར་འོས་སོ། ། གསུམ་པ་ནི། འཕགས་པ་རྟོག་པའི་རྒྱལ་པོ་ཞེས་སོགས་སྨོས་ཏེ། དེའང་སྤར་ཁབ་ལས་ནི། ངོ་བོ་ཉིད་དང་། འཁྲུལ་བ་དང་། ལོག་པ་དང་། རྣམ་པ་དང་། ཡང་དག་པའི་རྟོག་པ་ལ་སོགས་པ་འདི་དག་ནི་ཡང་དག་པ་ལ་ངེས་པར་བྱེད་པའི་ཕྱིར་ཡང་དག་པའི་རྟོག་


MLP019_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེའི་ཕྱིར་རྒྱལ་པོ་ཞེས་བྱའོ་ཞེས་བཤད། ཟུར་བྱམས་པ་སེངྒེ་ནི་སྒྱུ་དྲྭ་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་སུ་བཞེད་དོ། །སྤྱིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་རྒྱ་གར་ན་ལེའུ་འབུམ་ཕྲག་གཅིག་བཞུགས་པར་གྲགས་ཤིང་། དེའི་བཅུད་དམ་ཉིང་ཁུར་གྱུར་པའི་རྒྱུད་འདི་ལ་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་སྨོས་པ་ནི་ཆེ་བའི་ངོས་ནས་བཏགས་ཏེ་ངོ་བོ་ནི་གཉིས་མེད་ཀྱི་རྒྱུད་དུ་བཞག་པར་བྱའོ། །གླེགས་བམ་ཀྱི་མཐར་རྒྱ་གར་གྱི་མཁན་པོ་ཞེས་སོགས་འབྱུང་བ་ནི་འགྱུར་བྱང་སྟེ། སྤྱིར་རྩ་རྒྱུད་འདི་ལ་བོད་དུ་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ་དང་། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་ཏེ་འགྱུར་ལྔ་བྱུང་བར་གྲགས་པ་ལས་འདི་ནི་བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་དེ་ཡིན་ཏེ་ཀུན་མཁྱེན་ཆོས་རྗེའི་དགོངས་པའོ། །རྒྱལ་བ་གཡུང་གིས་མངའ་བདག་རལ་པ་ཅན་གྱི་དུས་སུ་རྨས་འགྱུར་ཞེས་བཞེད་དོ། །དེ་ལྟར་མཚོན་བྱ་རང་བཞིན་གྱི་རྒྱུད་བློ་མཐའ་གང་གིས་ཀྱང་མ་རེག་པའི་དོན་འདི་ཆོས་ཉིད་རང་མཚན་གྱི་དབང་དུ་ན་མངོན་རྟོགས་ཀྱི་བརྗོད་རིམ་གང་ལྟར་འགོད་ཀྱང་མཐར་འཛིན་གྱི་བློ་མི་འདོར་བའི་ཕྱིར་བརྒལ་བརྟག་གི་ངལ་བ་དོན་མེད་ནའང་། ཐོག་མར་དོན་སྤྱི་ཙམ་བློ་ལ་བཀོད་དེ་དད་པས་དྲངས་པའི་ངེས་ཤེས་བསྐྱེད་པས་བརྒྱུད་ནས་བརྗོད་བྱ་ཟབ་མོའི་དོན་རྣམས་རིམ་གྱིས་རྟོགས་པ་གདོན་མི་ཟ་བར་གྲུབ་པ་རྒྱུ་མཚན་དུ་བྱས་ནས་བླ་མེད་ཀྱི་ཐེག་པའི་རྣམ་བཞག་ཞིབ་ལམ་དུ་འདྲེན་མི་རུང་བ་ལྟ་བུར་རློམ་པའི་བློ་ལྡན་དག་གི་ཤེས་ངོར་མཚར་ཆོས་སུ་སྤྲོ་བར་ཟད་ཀྱི་དཔྱད་པའི་སྒོ་མཐའ་དག་རྫོགས་པའི་དཔྱིས་འབྱིན་པ་ལ་ནི་ཐམས་ཅད་མཁྱེན་པའང་ཚིག་གིས་དབུལ་བར་འགྱུར་ན་འདི་ཙམ་ལ་ཡིད་རྟོན་པར་ཡང་མི་བྱའོ། །སླར་སྨྲས་པ། བརྒྱད་ལྡན་ཡན་ལག་མ་ཉམས་སྙིང་པོའི་བཅུད། །རིམ་བརྒྱུད་འོད་ཀྱི་ཤིང་རྟ་ལ་ཞུགས་ཏེ། །གསང་འཛིན་བེའུའི་སྦུབས་རྒྱ ར་འཁྱིལ་བའི་གཟུགས། །རྡོ་རྗེ་རྩེ་མོའི་སྲོག་ཏུ་བརྟན་པ་ལས། །འདི་ན་ལྷན་སྐྱེས་མོས་ཁམས་ཁྱེའུ་ཆུང་གིས། །བརྒལ་བརྟགས་འཁོར་ལོར་རྩེན་པར་བོས་པའི་ཚེ། །ཀུན་རིག་སྐྱེས་བུ་གཞོན་ནུ་རོལ་པའི་གར། །གསང་


MLP019_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་སྙིང་གི་ཐིག་ལེར་མངའ་གསོལ་ཏོ། །དེ་ཕྱིར་སྒྲིབ་བྲལ་རྡོ་རྗེའི་ཕོ་ཉ་ཡིས། །ཕྱག་རྒྱའི་དབྱིངས་སུ་ཆོས་ཀུན་བསྡོམས་གྱུར་ཀྱང་། །རགས་པའི་ཀུན་རྟོག་འགྱུ་བས་གཉུག་མའི་ལྷའི། །གཟི་ཉམས་སྐལ་བ་ངན་འདི་བདག་གིས་ཉེས། །ཀྱེ་མ་འདོད་ལྷའི་གྲོང་ནས་མ་གཡོས་ཤིང་། །རྒོལ་བར་གྲགས་པའི་ལྟོ་བར་མ་འགྱིངས་པར། །ཐར་སྲོག་འཕྲོག་ལ་བརྩོན་པའི་མདའ་ལྔའི་དཔུང་། །ཁོ་བོའི་སྙིང་གི་ཁང་བུར་ཡིབས་ཏེ་འདུག །དེ་ཚེ་བརྩེ་བའི་གར་གྱི་མདུང་ཁྱིམ་ཅན། །ཐབས་མཁས་འཇུག་པས་བོད་བུམ་གཟུགས་བརྫུས་ཏེ། །རྒོལ་བའི་ཟླ་བོར་འབྱོན་ལ་མངོན་ཕྱོགས་ཀྱང་། །རྡུལ་མངས་འཁོར་ལོའི་གཟེགས་མས་འཚུབ་ཀྱིས་དོགས། །དེ་ལྟའི་མོད་ལ་སྲོད་ཀྱི་ཕྲ་མེན་མས། །ཉི་གཞོན་དྲན་པའི་སྐྱེས་བུ་མྱོས་བཅུག་སྟེ། །བོད་སྐྱོང་བརྟན་མའི་ཡལ་གམ་ཉམས་དོགས་པའི། །མཐར་འཛིན་རི་དྭགས་གཟུགས་ཅན་དེང་འདིར་ངོམ། །དེང་ནས་ཆོས་ཀུན་ཐིག་ལེར་མ་བཟླུམ་བར། །ཐོས་བསམ་པདྨོའི་གར་ལས་མྱུར་འོངས་པའི། །སྙི ང་པོའི་ཟིལ་མངར་འཛུམ་ལ་རྩེན་སླད་དུ། །རྩོམ་ཐོབ་རྣམ་དཀར་སྲིད་འདི་དམིགས་བཟུང་ངོ་། །ནམ་ཞིག་བརྟན་གཡོའི་སྒྲ་ཀུན་མི་ཤིགས་པའི། །བདེ་སྟོང་སྔགས་ཀྱི་ཐིག་ལེར་ཡོངས་བསྡོམས་ཤིང་། །སྙིང་ག་རིན་ཆེན་གསང་བའི་འཁོར་ལོའི་སྦུབས། །ཀུན་མཉམ་རྡོ་རྗེ་རྣོན་པོར་བྱང་ཆུབ་ཤོག །ཅེས་དཔལ་གསང་བའི་༼སྙིང་པོའི་༽རྒྱུད་འགྲེལ་གསེར་གྱི་ལྡེ་མ ིག་གིས་ཟབ་མོའི་སྒོ་བ རྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་ཆ་ཞེས་བྱ་འདི་ནི་སྔོན་དུས་རང་ལོ་བཅུ་གསུམ་པའི་ཐོག་རྣམ་འདྲེན་རྗེ་བཙུན་དམ་པ་ཤཱི་ལ་མ་ཎིའི་ཞལ་སྔ་ནས་ཚུལ་འདི་ནོད་པའི་སྐལ་བཟང་དུ་གྱུར་ཅིང་ཕྱིས་རང་ལོ་བཅུ་དགུ་པའི་དུས་ཁོ་བོ་ཅག་གི་འདྲེན་པ་རྒྱུད་སྡེའི་གནས་ལ་སྦྱངས་པས་མཁས་པའི་གོ་འཕང་བསྙེས་ཤིང་། འཁོར་ལོའི་ལྷ་ལ་བསྙེན་པ་ལས་སུ་རུང་བ་རིམ་གཉིས་ཀྱི་རྟོགས་པའི་དྲོད་ཐོབ་པའི་རྣལ་འབྱོར་པ་ཆེན་པོ་འཇམ་དཔལ་བདེ་བའི་ཉི་མས་སྒྱུ་འཕྲུ ལ་ཐུགས་ཀྱི་ཐེག་པ་བཅུ་ཕྲག་ཟུང་གི་བཤད་པའི་དགའ་སྟོན་གྱི་བཀའ་དྲིན་ཐོབ་པ་ན། བླ་མ་དམ་པ་དཀོན་མཆོག་དཔལ་ལྡན་དང་རྡོ་རྗེའི་མཆེད་བློ་གྲོས་དཔལ་འབྱོར་སོགས་ཀྱིས་ཡི་གེའི་གྲོགས་


MLP019_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཛད་པས་མཚམས་སྦྱར་ཏེ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་དྷརྨ་བཛྲ་སོགས་ཀྱི་ཞབས་རྡུལ་སྤྱི་བོར་རེག་པའི་བཀའི་འབངས་བརྡ་སྨྱོས་ཀྱི་བཙུན་གཟུགས་ངག་དབང་ཆོས་ཀྱི་གྲགས་པ་ཞེས་འབོད་པས་མདོ་སྨད་སའི་ཐིག་ལེ་ཐུབ་བསྟན་བཤད་སྒྲུབ་ཡིད་བཞིན་མཆོག་གླིང་གི་ཆོས་གྲྭ་ཆེན་པོར་མེ་ཕོ་སྟག་གི་ལོའི་རྒྱལ་ཟླའི་ཡར་ཚེས་བཟང་པོའི་སྔ་ཆར་རྫོགས་པར་བགྱིས་པའི་ཡིག་རིས་སོར་རྩེས་འཕྲུལ་བ་པོ་ནི་ཉེར་གནས་བློ་གྲོས་ཐོགས་མེད་ཀྱིས་མཛད་པ་སྟེ། འདིས་ཀྱང་བློ་གསར་རྣམས་རྟོག་གེའི་གཡང་སར་མི་འཕྱན་པའི་རྒྱུར་གྱུར་ཅིག། །།


previousདཔལ་གསང་བའི་སྙིང་པོའི་རྒྱུད་འགྲེལ་གསེར་གྱི་ལྡེ་མིག་གི་ཟབ་མོའི་སྒོ་བརྒྱ་འབྱེད་པའི་དཀའ་བའི་གནད་ལ་བརྒལ་བརྟག་གི་རིམ་པ་སྤྲོས་པ་འོད་ཀྱི་མཚོན་ཆ། གཅུང་ངག་དབང་ཆོས་གྲགས། no next